Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་ཆོ་ག་མཁན་ཆེན་ཞི་བ་འཚོས་མཛད་པ་ལས་ཉུང་ངུར་བསྡུས་པ་དྲི་མེད་ལམ་འཇུག །ཡོན་ཏན་རྒྱ་མཚོ།
   
   


 
previousམཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་ཆོ་ག་མཁན་ཆེན་ཞི་བ་འཚོས་མཛད་པ་ལས་ཉུང་ངུར་བསྡུས་པ་དྲི་མེད་ལམ་འཇུག །ཡོན་ཏན་རྒྱ་མཚོ།next

མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་ཆོ་ག་མཁན་ཆེན་ཞི་བ་འཚོས་མཛད་པ་ལས་ཉུང་ངུར་བསྡུས་པ་དྲི་མེད་ལམ་འཇུག །ཡོན་ཏན་རྒྱ་མཚོ།

མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་ཆོ་ག་མཁན་ཆེན་ཞི་བ་འཚོས་མཛད་པ་ལས་ཉུང་ངུར་བསྡུས་པ་དྲི་མེད་ལམ་འཇུག་ཅེས་བྱ་བ་བཞུགས་སོ། །བླ་མ་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ཚོགས་གཉིས་མཐར་ཕྱིན་རྒྱལ་བའི་གཙུག་ཏོར་ལས། །གྲོལ་བ་བཞི་ལྡན་ཕྱག་རྒྱར་ཤར་བའི་ལྷ། །རྒྱུད་དང་རྒྱུད་ཀྱི་སྦྱོར་བ་སྟོན་མཛད་པ། །ཞི་འཚོ་བརྒྱུད་པར་བཅས་ལ་གུས་ཕྱག་འཚལ། །རིང་བསྲེལ་སྙིང་པོ་ཅན་གྱི་གདུང་། །བདེན་པར་གསུངས་པས་རབ་བསྔགས་པ། །རྣམ་དག་ཆོ་གས་བསྒྲུབ་པའི་ཚུལ། །བསྡུས་ཏེ་བྱ་བའི་རིམ་པ་འཆད། །གང་དག་སཱཙྪ་འབུམ་ཕྲག་ལ་སོགས་པ་གྲངས་མང་དུ་འདེབས་པའི་ཚེ། མཆོད་རྟེན་བརྒྱ་རྩ་གདབ་པའི་ཆོ་ག་རྒྱས་འབྲིང་ཚར་མང་དུ་མི་ལྕོགས་པས་ཟོར་ཡངས་སུ་བྱ་བ་འདོད་ན། ཆོ་ག་ལ་མི་གཏོགས་པའི་སྦྱོར་བ་བཤམ་གྱི་རིམ་པ་རྒྱས་འབྲིང་གི་ཕྱག་ལེན་ལྟར་བྱས་ནས། དངོས་གཞིའི་ཆོ་ག་ལ་གསུམ། ཚོགས་ཞིང་ཉེ་བར་སྒྲུབ་པ། ཡན་ལག་བཅུས་ཚོགས་བསགས་ཤིང་གཟུངས་བཟླ་བ། བསགས་སྦྱོང་སོགས་ཀྱིས་མཇུག་བསྡུ་བའོ། །དང་པོ་ལ་གཉིས། སྦྱོར་བ་དང་། དངོས་སོ། །དང་པོ་ལ་ལྔ། བཞུགས་གསོལ་བདག་མདུན་མཆོད་རྫས་བསྒྲུབ། །རིག་པ་ཆེན་མོས་བྱིན་བརླབ་བོ། །དང་པོ་ནི། མཆོད་རྟེན་རྣམས་དཀྱིལ་འཁོར་གྱི་དབུས་སུ་བཞག་པའི་ཚེ། ༀ་སུ་པྲ་ཏིཥྛ་ཏུ་བེ་སྭཱ་ཧཱ། བདག་གཞན་དོན་གཉིས་ཕུན་ཚོགས་སྤྱོད་གྱུར་ཅིག །ༀ་བཛྲ་པདྨ་ས་མ་ཡེ་སྭཱ་ཧཱ། རྡོ་རྗེ་པདྨའི་གདན་ལ་བཞུགས་སུ་གསོལ། །ནམ་མཁའ་ས་གཞི་རྒྱ་མཚོའི་མཇིང་ཐམས་ཅད། །མཆོད་རྟེན་རྣམ་པ་མང་པོས་གང་བར་གྱུར། །གཉིས་པ་བདག་སྒྲུབ་པ་ནི། བདག་ཉིད་རྡོ་རྗེ་འཛིན་པའི་སྐུར་གསལ་བའི། །སྙིང་གར་ཟླ་སྟེང་རྡོ་རྗེ་རྩེ་ལྔ་ལས། །ཡེ་ཤེས་འོད་ཟེར་སངས་རྒྱས་དཀྱིལ་འཁོར་འཕྲོས། །ལུས་ཀྱི་ནང་གང་བ་སྤུའི་བུ་ག་ནས། །ནམ་མཁའི་མཐར་ཁྱབ་འགྲོ་ཁམས་བྱིན་གྱིས་བརླབས། །དོན་མཛད་སླར་འདུས་སྐུ་ཡི་ནང་ཐིམ་གྱུར། །གསུམ་པ་མདུན་རྟེན་སྒྲུབ་པ་ནི། དཀྱིལ་འཁོར་སྟེང་དུ་ཡི་གེ་རཾ་དམར་པོ། །ཧཱུྃ་རྂ་སྭཱ་ཧཱ། དེ་ལས་མེ་འབར་གནས་ཀྱི་རྟོག་པ་སྦྱངས། །ཡེ་ཤེས་རིན་ཆེན་ལྔ་ལྡན་དཀྱིལ་འཁོར་གྱུར། །པད་སྟེང་ལིང་ཚེ་རྣམས་སུ་ཨ་དཀར་པོ། །ༀ་ཨ་ཙནྡྲ་མཎྜལ་ཧཱུྃ་ཕཊ། ཨ་ཡིག་ཡོངས་གྱུར་ཟླ་གདན་རེ་རེར་འགྱུར། །ༀ་བཛྲ་དྷཱ་ཏུ་ཨ་དྷི་ཏིཥྛ་ཧཱུྃ། རིན་ཆེན་གཞལ་ཡས་ཆོས་ཀྱི་དབྱིངས་མཉམ་ནང་། །དག་གསལ་ཡེ་ཤེས་ལྔ་ལས་གྲུབ་པ་ཡི། །མཆོད་རྟེན་རྣམས་ཀྱི་བུམ་པའི་དབུས་ཉིད་དུ། ། དྲི་མེད་སྙིང་པོ་གསེར་གྱི་མདོག་ཅན་དང་། །ཕྱོགས་བཞི་དབུས་ལྔར་དེ་བཞིན་གཤེགས་པ་ལྔ། །ས་བོན་ལྔ་གསལ་ཡེ་ཤེས་འོད་ལྔ་འཕྲོས། །བདེ་གཤེགས་སྐུ་ཡི་སྤྲིན་གྱིས་ནམ་མཁར་ཁྱབ། །འཇིག་རྟེན་ཁམས་ཀུན་དག་པའི་ཞིང་དུ་བསྒྱུར། །འགྲོ་དོན་མཛད་ནས་སླར་འདུས་ཐུགས་ཀར་ཞུགས། །ཕྲིན་ལས་སྒྲིབ་དག་རྡོ་རྗེ་གསུམ་དུ་གྱུར། །བཞི་པ་མཆོད་རྫས་བསྒྲུབ་པ་ནི། ༀ་སརྦ་པཱུ་ཛ་པུཥྤེ་སྭཱ་ཧཱ། ཀུན་བཟང་མཆོད་སྤྲིན་རྒྱ་ཆེན་ཟད་མེད་པས། །མཆོད་རྟེན་རེ་རེ་བཞིན་དུ་མཆོད་པར་གྱུར། །སྤོས་ཆུའི་སྟེང་དུ་ཨ་ལས་ཟླ་དཀྱིལ་ལས། །འོད་འཕྲོས་སྤོས་ཆུ་ཡེ་ཤེས་བདུད་རྩིར་གྱུར། །མཆོད་ཡོན་གྱི་ཕྱག་རྒྱ་བྱས་ལ། ༀ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། འཕགས་པ་ཐམས་ཅད་མཉེས་པར་རྒྱུར་གྱུར་ཅིག །ཕྱག་རྒྱ་རྒྱ་མཚོའི་སྤྲིན་ཕུང་དབུ་གཙུག་ནས། །བཀྲམ་སྟེ་ཡེ་ཤེས་སྐུ་ཡི་ནང་དུ་འདུས། །ཕུན་སུམ་ཚོགས་པའི་དབང་རྣམས་བསྐུར་བར་གྱུར། །ལྔ་པ་རིག་པ་ཆེན་མོས་བྱིན་གྱིས་བརླབ་པ་ནི། ༀ་ཏྲཻ་ཡ་དྷྭེ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ། ཛྭ་ལ་དྷརྨཱ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསཾ་ཤོ་དྷ་ཡ། པཱ་པཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ་ཨུཥྞཱི་ཥ་བི་མ་ལེ་བི་ཤུདྡྷེ་སྭཱ་ཧཱ། འཇིག་རྟེན་ཁམས་ཀུན་མཆོད་རྟེན་རང་བཞིན་གྱུར། །ༀ་ཏྲཻ་ཡ་དྷྭེ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ། ཛྭ་ལ་དྷརྨཱ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསཾ་ཤ་ོདྷ་ཡ། པཱ་པཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ་ཨུཥྞཱི་ཥ་བི་མ་ལེ་བི་ཤུདྡྷེ་མ་ཧཱ་བི་ར་ཛེ་ར་གམྦྷཱི་ར་སི་དྷརྨཱ་དྷཱ་ཏུ་གརྦྷེ། བི་བི་སཱ་ར་ཨ་ཨ་ལཾ་སྭཱ་ཧཱ། ས་གཞི་ཐམས་ཅད་མཆོད་རྟེན་རང་བཞིན་གྱུར། །ༀ་ཏྲཻ་ཡ་དྷྭེ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ། ཛྭ་ལ་དྷརྨཱ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསཾ་ཤོདྷ་ཡ། པཱ་པཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ། བི་མ་ལ་ཨུཥྞཱི་ཥ་བི་ཤུདྡྷེ། མ་ཧཱ་བི་ར་ཛེ་ར་གམྦྷི་ར་སི། དྷརྨ་དྷཱ་ཏུ་བི་བི་སཱ་ར་ཨ་མཱ་མ་ཀཱི་སྭཱ་ཧཱ། ཆུ་མཚོ་ཀུན་ཀྱང་མཆོད་རྟེན་རང་བཞིན་གྱུར། །ༀ་ཏྲཻ་ཡ་དྷྭེ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ། ཛྭ་ལ་དྷརྨཱ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསཾ་ཤོ་དྷ་ཡ། པཱ་པཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ། བི་མ་ལ་ཨུཥྞཱི་ཥ་བི་ཤུདྡྷེ། མ་ཧཱ་བི་ར་ཛེ་ར་གམྦྷཱི་ར་སི། དྷརྨ་དྷཱ་ཏུ་བི་བི་སཱ་ར་ཨ་ཨ་ཨེ་ཁྂ་ཡ་སྭཱ་ཧཱ། ནམ་མཁའི་ཁམས་ཀུན་མཆོད་རྟེན་རང་བཞིན་གྱུར། །ༀ་རཏྣ་ཙེ་ཏྱ་པཉྩ་ཡེ་བི་བི་སཱ་ར་སྭཱ་ཧཱ། ལན་གསུམ། རིན་ཆེན་སྣ་ལྔ་ལས་གྲུབ་མཆོད་པའི་རྟེན། །ཚད་དཔག་མེད་པས་འཇིག་རྟེན་གང་གྱུར་ཅིག །ཅེས་པ་རྣམས་བརྗོད་ཅིང་དོན་ཡིད་ལ་བྱའོ། །སྦྱོར་བ་འདི་རྣམས་ནི་ཤེས་པས་གྲུབ་པ་ལས་གསུངས་པ་སྟེ་ད་ལྟ་གཞུང་ཉིད་ཚད་མར་བྱེད་པས་ཕན་ཡོན་ལ་བསམས་ནས་བཀོད་པ་ཡིན་ཅིང་། མཁན་པོའི་ཆོག་གཞུང་དུ་མི་གཏོགས་པས་འདི་ཡན་ཆད་མ་བྱས་ཀྱང་ཆད་པའི་སྐྱོན་མེད་དོ། །གཉིས་པ་ཚོགས་རྟེན་སྒྲུབ་པའི་ཐོག་མར་ཕྱོགས་བཅུའི་འཕགས་པ་རྣམས་མངོན་སུམ་ལྟ་བུར་དམིགས་ནས་ཕྱག་འཚལ་བའི་གཟུངས་བཅས་ཕྱག་ལན་གསུམ་བྱས་ཏེ་འཁོད། ཆོག་དངོས་ལ། སེམས་བསྐྱེད་གནས་ཡོ་བྱིན་གྱིས་བརླབ། །སྤྱན་འདྲེན་ཕྱག་མཆོད་བཞུགས་གསོལ་ཁྲུས། །ཞེས་རྣམ་གྲངས་བདུན་ཡོད་པ་ལ། དང་པོ་ནི། ཆོས་ཐམས་ཅད་དམིགས་སུ་མེད་པའི་སྟོང་པ་ཉིད་དོ། །ཞེས་བརྗོད་ལ་མཉམ་པར་བཞག །འཕགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་བསམ་གྱིས་མི་ཁྱབ་པའི་གོ་འཕང་བརྙེས་ལ། སེམས་ཅན་རྣམས་ཀྱིས་དེ་བཞིན་ཉིད་མ་རྟོགས་པས་མཐའ་མེད་པའི་འཁོར་བར་སྡུག་བསྔལ་ཤ་སྟག་གིས་ཉེན་པའི་འགྲོ་བ་དེ་དག་བདག་གི་ཕ་མར་མ་གྱུར་པ་འགའ་ཡང་མེད་ཅིང་། བདག་གིས་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་འགྲོ་བ་བསྒྲལ་བར་དམ་བཅས་པས་དེ་རྣམས་ཡལ་བར་འདོར་བ་ནི་མི་རིགས་པས། འདི་དག་སྡུག་བསྔལ་ལས་འདོན། བདེ་བ་ལ་འགོད་པར་བྱའོ་སྙམ་དུ་བྱམས་པ་དང་སྙིང་རྗེ་དྲག་ཏུ་བསྒོམ། འོན་ཀྱང་ད་ལྟ་བདག་ལྟ་བུས་འགྲོ་བའི་དོན་རླབས་པོ་ཆེ་སྒྲུབ་པར་མི་ནུས་པས་གཙུག་ཏོར་དྲི་མ་མེད་པའི་གཟུངས་ཀྱི་ཆོ་ག་ལ་བརྟེན་ཏེ་འཕགས་པ་རྣམས་ཀྱི་མཐུ་དང་བྱིན་གྱི་བརླབས་ཀྱིས་འགྲོ་བ་རྣམས་ལ་ཕན་པ་བསྒྲུབ་པར་བྱས་ལ། བདག་ཉིད་དབང་ཐོབ་ནས་གཞན་དྲིང་མི་འཇོག་པར་ཐབས་མཁས་པའི་སྒོ་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བླ་ན་མེད་པར་བསྒྲུབ་པར་བྱའོ་སྙམ་དུ་བསམ་ལ། སངས་རྒྱས་ཆོས་ཚོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་བརྗོད་ལ་ཚད་མེད་བཞིའི་ཏིང་འཛིན་བསྒོམ། གཉིས་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་བལྟ་བའི་གཟུངས་ཀྱི་མདོ་ལས་བྱུང་བའི་ཆོ་ག་བཞིན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་གནས་འདིར། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། འཕགས་པ་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་དང་མཆོད་པའི་ཚོགས་སྦྱར་བ་འདི་རྣམས། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་དང་ལྡན་པར་གྱུར་ཏེ། ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ས་གཞི་ལ། བཀོད་པ་ཐམས་ཅད་ལས་འཕགས་པ་དེ་བཞིན་གཤེགས་པའི་བཀོད་པ་ལ་བརྟེན་པའི་རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོར་གྱུར་པའི་དབུས་སུ་པདྨའི་གདན། རིན་པོ་ཆེ་སེང་གེའི་ཁྲིའི་སྟེང་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་མཆོད་རྟེན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པའི་བདག་ཉིད་གྲངས་མེད་པ་ཞིག་རོམ་མེར་དཀྲིགས་པར་གྱུར་པའི་མཐའ་འཁོར་བའི་གཞལ་མེད་ཁང་ཆེན་པོའི་ནང་དུ་འཕགས་པ་རྣམས་གདན་འཛོམ་པའི་གདན་ཁྲི་སོ་སོའི་སྨོན་ལམ་ཁྱད་པར་ཅན་གྱི་མངའ་ཐང་དང་འཚམས་པར་གྲུབ་པ་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཕྱི་ནང་ཀུན་ཏུའང་ཆ་རིགས་དང་འཚམས་པར་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང་། ན་བཟའ་དང་། རྒྱན་དང་། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ། ཕུང་པོ་གསུམ་པའི་མདོ་དང་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་བཀང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་ཐམས་ཅད་གདན་འཛོམ་ནས། དེ་བཞིན་དུ་བྱིན་གྱིས་རླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་ལན་གསུམ་གྱིས་གནས་དང་མཆོད་པའི་ཡོ་བྱད་བྱིན་བརླབ། ཡང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་གྱིས་ཐུན་མོང་དུ་བྱིན་གྱིས་བརླབ་བོ། །གསུམ་པ་ནི། པུས་མོ་བཙུགས། མེ་ཏོག་བླང་། ཐལ་མོ་སྦྱར་ཏེ། འདུན་པ་རྩེ་གཅིག་པས། བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་། བྱིན་རླབས་བསམ་གྱིས་མི་ཁྱབ་པ་མངའ་ཞིང་། འགྲོ་བའི་དོན་དུ་སྨོན་ལམ་ཁྱད་པར་ཅན་མཛད་པ་ལས་གླེང་སྟེ། བདག་སོགས་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་སུ་གསོལ་ནས་སྤྱན་འདྲེན་ཅིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབས་པར་ཅི་གནང་། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་རང་རྒྱལ་དང་། འཕགས་པ་ཉན་ཐོས་ཆེན་པོའི་སྐུ་གདུང་རིང་བསྲེལ་དང་། སྐུ་གདུང་གི་མཆོད་རྟེན་དང་། ཆོས་ཀྱི་སྐུའི་མཆོད་རྟེན་གཟུགས་ཀྱི་ཚུལ་དུ་རྣམ་པར་བཞག་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་དང་། བསྲུང་བ་མེད་པ་གསུམ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། མི་འཇིགས་པ་བཞི་དང་། སྟོབས་བཅུ་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་དང་། ཐུགས་རྗེ་ཆེན་པོ་དང་། ཡེ་ཤེས་ལ་སོགས་པ་ཡོན་ཏན་བསགས་པའི་མཆོད་རྟེན་དང་། ཆོས་ཀྱི་དབྱིངས་དང་། རིག་སྔགས་དང་། གསང་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། འཕགས་པའི་བྱིན་གྱིས་བརླབས་པ་ལུམྦིའི་ཚལ་དུ་སྐུ་བལྟམས་པའི་མཆོད་རྟེན་ལ་སོགས་ཏེ། ཕྱོགས་བཅུ་ཐམས་ཅད་ན་མཆོད་རྟེན་ཁྱད་པར་ཅན་འཁོར་དང་བཅས་པ་ཇི་སྙེད་བཞུགས་པ་ཐམས་ཅད། ཆོས་ཀྱི་དབྱིངས་དང་རིགས་ཐམས་ཅད་ན་བཞུགས་པའི་འཕགས་པ་ཐམས་ཅད་མཉེས་པར་བགྱི་བ་དང་། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་སྤེལ་བའི་སླད་དུ། དེང་དཀོན་མཆོག་གསུམ་དང་མཆོད་རྟེན་ཁྱད་པར་ཅན་འཁོར་དང་བཅས་པ་སྤྱན་དྲངས་པའི་གནས་སུ་བྱིན་གྱིས་བརླབས་པ་འདིར། མཆོད་པར་འོས་པའི་བདེ་བ་སྦྱར་བ་ཐམས་ཅད་ཀྱིས་བསྟབས་ཤིང་སྤྱན་འདྲེན་གྱིས། མཐུ་སྟོབས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་རྣམས་ཀྱིས་རྣམ་པར་འཕྲུལ་པ་མཛད་དེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་ཚུལ་གྱིས་གཤེགས་ཤིང་བཞེས་པར་གསོལ་ལོ། །ཞེས་དང་། མཆོད་རྟེན་མཆོད་གནས་དཔལ་ལྡན་པ། །སྐུ་གདུང་ཆོས་སྐུ་ཆོས་དབྱིངས་དང་། །རིག་སྔགས་གསང་སྔགས་སྙིང་པོ་དང་། །ཕྱག་རྒྱ་བྱིན་རླབས་གཤེགས་སུ་གསོལ། །གཤེགས་འབྱོན་སྐྱེ་འབྲི་མེད་པའི་སྐུ། །ཇི་ལྟར་སྨོན་བཞིན་ཡོད་པ་དག །དཀྱིལ་འཁོར་འཆར་བའི་ཚུལ་བཞིན་དུ། །འཇིག་རྟེན་བསྐྱབ་ཕྱིར་གཤེགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །མཆོད་རྟེན་ཁྱད་པར་འཁོར་གཏོགས་པ། །འོག་མིན་གནས་དང་ལྷ་ཚོགས་དང་། །བསམ་གཏན་བཞི་དང་འདོད་ཁམས་དྲུག །སྡེ་བརྒྱད་ཚོགས་དང་འབྱུང་པོ་ཀུན། །དམ་ཚིག་ཅན་དང་ཐུགས་དམ་ཅན། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་གཟའ་དང་རྒྱུ་སྐར་དང་། །དཀོན་མཆོག་མཐོང་ཐོས་སྐྱབས་བརྟེན་པ། །ཕྱག་བགྱི་ཐལ་མོ་སྦྱར་འོས་ཤིང་། །མགོས་གཏུགས་མཆོད་དང་ཀུན་སྦྱིན་དང་། །རབ་ཏུ་སྦྱིན་འོས་ཀུན་གཤེགས་ཤིག །ཅེས་རོལ་མོའི་སྒྲ་དང་སྤོས་དུད་བཅས་སྤྱན་དྲངས་པས། འཕགས་པའི་ཚོགས་ཕྱོགས་བཅུ་ནས་གཤེགས་ཏེ་འཁོར་དང་བཅས་པ་གདན་ལ་བཞུགས་པར་གྱུར་པར་མོས། བཞི་པ་བསུ་ཕྱག་ནི། དགེ་འདུན་རྣམས་འགྲེངས་ནས་ཕྱག་ལན་བདུན་འཚལ་ཏེ། ཡེ་ཤེས་ཚོགས་ཀྱིས་བསྐྱེད་པའི་སྐུ། །མིང་དང་གཟུགས་ལས་རྣམ་པར་གྲོལ། །རྟོག་དང་སྤྲོས་ལས་རབ་འདས་ཀྱང་། །བསྙེལ་བ་མི་མངའི་རང་བཞིན་ཅན། །དངོས་དང་དངོས་མེད་མཐའ་ལས་དབེན། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །ཡེ་ཤེས་རྣམས་ཀྱི་གནས་གྱུར་པ། །རྣམ་དག་སྐུ་ལ་ཕྱག་འཚལ་ལོ། །བསོད་ནམས་ཚོགས་ཀྱིས་བསྐྱེད་པའི་སྐུ། །དབང་ཕྱུག་ཆེན་པོའི་གནས་མཆོག་ན། །ཆོས་ལ་མངའ་མཛད་ལོངས་སྤྱོད་པ། །བྱང་ཆུབ་སེམས་དཔའ་ཡོངས་ཀྱི་མགོན། །གཙང་མའི་གནས་ནས་མ་གཡོས་པ། །གདུལ་བྱའི་བསམ་པ་ཇི་བཞིན་དུ། །འཇིག་རྟེན་ཁམས་ནི་མཐའ་ཡས་པར། །སྤྲུལ་མང་འགྱེད་ལ་ཕྱག་འཚལ་བསྟོད། །སྐད་ཅིག་ཐང་ཅིག་ཡུད་ཙམ་ལ། །དགའ་ལྡན་མཆོག་ནས་བབས་པ་དང་། །འཇིག་རྟེན་སྒྱུ་རྩལ་ཕུལ་བྱུང་ཞིང་། །བདུད་བཅོམ་བྱང་ཆུབ་འཚང་རྒྱ་སྟེ། །འཁོར་ལོ་བསྐོར་ནས་འདས་པའི་བར། །ཆོ་འཕྲུལ་ཅིག་ཆར་སོ་སོར་སྟོན། །ཆོ་འཕྲུལ་ངོ་མཚར་རྨད་བྱུང་བ། །ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །སྟོན་པ་མཆོག་བཞུགས་གཞལ་མེད་ཁང་། །དབྱིབས་ལེགས་རྣམ་པར་ཕྱེ་བས་མཛེས། །ཁ་དོག་སྣ་ཚོགས་སྤེལ་ལེགས་སུ། །རིན་ཆེན་འབར་བ་མང་པོས་བརྒྱན། །ཡིད་འོང་ཉམས་དགའ་ལྷ་ཡི་གནས། །རྒྱན་བཀོད་དཀྱིལ་ན་མཛེས་པ་ལ། །འཕགས་པ་མཆོད་པའི་རྟེན་བགྱིས་ཏེ། །སྟོན་པ་འཁོར་དང་བཅས་པ་བསྟོད། །ལྔ་པ་བསུ་བའི་མཆོད་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནི་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ་མ་ཧཱ་བཛྲེ་མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་བཟླ་ཞིང་། མཆོད་པ་དྲི་མེད་ཡོངས་དག་པ། །རྣམ་མང་རྒྱ་ཆེ་ཐམས་ཅད་དང་། །སོ་སོའི་མངའ་ཐང་རྒྱ་ཆེན་དུ། །འོས་པའི་བདེ་བར་སྦྱར་བ་འབུལ། །ཞེས་པས་མཆོད་པ་བཟང་ཞིང་རྒྱ་ཆེ་བར་དམིགས་ཏེ་འབུལ་ལོ། །དྲུག་པ་བཞུགས་སུ་གསོལ་བ་ནི། སྐུ་གདུང་ཆོས་སྐུ་བྱང་ཆུབ་ཕྱོགས། །མ་འདྲེས་བསྲུང་མེད་བསྙེལ་མི་མངའ། །མི་འཇིགས་སྟོབས་དང་སངས་རྒྱས་ཆོས། །རྡོ་རྗེ་ཡེ་ཤེས་ཚོགས་བསགས་པ། །ཆོས་དབྱིངས་རིག་སྔགས་གསང་སྔགས་དང་། །སྙིང་པོ་ཕྱག་རྒྱའི་བྱིན་རླབས་ཀྱིས། །མཆོད་རྟེན་ཁྱད་པར་ཇི་སྙེད་དང་། །དཔལ་ལྡན་བསོད་ནམས་ཞིང་མཆོག་ཀུན། །ཆོས་དོན་དག་པའི་དཀྱིལ་འཁོར་འདིར། །རིན་ཆེན་སྟེགས་དང་ཁྲི་འཕང་དང་། །གཙང་དྭངས་ལྷ་རྫས་པདྨ་ལ། །མི་གནས་ཚུལ་གྱིས་གདན་ལ་བཞུགས། །བཛྲ་ཨཱ་ས་ན་ཏིཥྛནྟུ། བདུན་པ་ཁྲུས་གསོལ་བ་ནི། ཕྱོགས་བཞིའི་བུམ་པ་དང་ཆུ་བོ་རྣམ་ལྔས་སྐུ་ཁྲུས་ཕུལ་ལ། ཇི་ལྟར་མེ་ལོང་གཟུགས་བརྙན་སྣང་གྱུར་ཀྱང་། །ཆོས་དབྱིངས་དག་པའི་སྐུ་ལ་བསྐྱོད་པ་མེད། །རིན་ཆེན་ལྔ་ལས་གྲུབ་པའི་མཆོད་རྟེན་དང་། །སའམ་ཆུ་ུའམ་འོན་ཏེ་བར་སྣང་ལ། །སེམས་ཅན་དོན་དུ་རིན་ཆེན་སྐུར་བསྟན་པ། །མཆོད་རྟེན་དམིགས་པར་བཅས་ཏེ་སྐུ་ཁྲུས་གསོལ། །ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག །ཕྱོགས་བཞིར་བཞུགས་པའི་རིགས་མཆོག་རྣམ་པ་བཞིའི། །ཆོས་ཀྱི་སྐུ་ལ་ཡེ་ཤེས་ཁྲུས་གསོལ་བས། །ཁམས་གསུམ་འཁོར་བའི་ཉོན་མོངས་སྐྱོན་བྲལ་ནས། །ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །སྐུ་མཆོག་རྣམ་དག་ལྟ་བས་མི་ངོམས་ལ། །ངོ་མཚར་སྐྱོན་བྲལ་མཁའ་དབྱིངས་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་དྲི་མ་མི་མངའ་ཡང་། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་འོ་མ་འདག་ཆལ་ཆུས། །གུས་པའི་ཡིད་ཀྱིས་སྐུ་ཁྲུས་འདི་གསོལ་བས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། །ཉེས་པའི་སྐྱོན་བྲལ་འགྲོ་བའི་ཡིད་འོང་བ། །དམ་པའི་སྐུ་མཆོག་བདག་གིས་ཐོབ་པར་ཤོག །ཅེས་སྨོན་ལམ་རེ་རེའི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་བཏགས་ཏེ་བཀྲུའོ། །དེ་ནས་རས་ཁ་ཚར་མ་ཉམས་པས་ཕྱི་ཞིང་། བདེ་གཤེགས་སྐུ་གཟུགས་དཔེ་དང་མཚན་མངའ་ཡང་། འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་དུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་ངང་དུ་བདག་ཅག་འགྱུར་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་ཕྱིའོ། །གཉིས་པ་ཡན་ལག་བཅུའི་ཚོགས་བསགས་ཤིང་གཟུངས་བཟླ་བ་ལ་བཅུ་གཅིག །ཕྱག་འཚལ་མཆོད་བཤགས་ཡི་རང་བསྐུལ། །གསོལ་འདེབས་སྐྱབས་སེམས་བསྔོ་བ་དང་། །འདོད་གསོལ་གཟུངས་སྔགས་བཟླ་བའོ། །དེ་ལ་དང་པོ་ཕྱག་འཚལ་བ་ནི། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དེ་དག་གིས་ལེགས་པར་གསུངས་པ། ལེགས་པར་བསྒྲུབས་པ། ལེགས་པར་ཐུགས་སུ་ཆུད་པ། དམ་པའི་ཆོས་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །སྟོན་པ་བཅོམ་ལྡན་འདས་དེ་དག་གི་ཐུགས་ཀྱི་སྲས་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། སྟོན་པ་བདེ་བར་གཤེགས་པ་དེ་དག་གི་གསུང་གི་སྲས་འཕགས་པ་རང་རྒྱལ་དང་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཏེ། ཚོགས་ཀྱི་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་མཆོད་རྟེན་རིང་བསྲེལ་དང་སྐུ་གདུང་དང་བཅས་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །འཕགས་པ་དམ་པའི་ཆོས་སྐྱོང་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་དུ་བཞུགས་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །སྐུ་གདུང་ཕྲ་མོར་བསིལ་བའི་རིང་བསྲེལ་སྣོད། །རྒྱུ་དང་འབྲས་བུར་བཅས་པའི་ཆོས་ཀྱི་ཚུལ། །སེམས་ཅན་རྣམས་ཀྱིས་མཆོད་པར་བྱ་བའི་རྟེན། །ཆོས་སྐུའི་རྟེན་དུ་བཞུགས་ལ་ཕྱག་འཚལ་བསྟོད། །རང་བཞིན་རྣམ་དག་ཆོས་དབྱིངས་དེ་བཞིན་ཉིད། །སྤྲོས་པའི་དྲི་མས་མ་གོས་དཀར་བ་ལ། །རིན་ཆེན་སྤྲས་པས་མཚན་མཆོག་རྫོགས་པའི་སྐུ། །འགྲོ་དོན་ལེགས་པར་མཛད་ལ་ཕྱག་འཚལ་བསྟོད། །དེ་བཞིན་སྐུ་གདུང་དབྱིབས་བཅས་ཆོས་སྐུ་དག །གང་གིས་མཐོང་ཐོས་དྲན་ནམ་རེག་ཀྱང་རུང་། །མཐོ་རིས་དཔལ་དང་ཐར་མཆོག་བདེ་ཐོབ་པ། །ཡོན་ཏན་སྣ་ཚོགས་མངའ་ལ་ཕྱག་འཚལ་བསྟོད། །སྐུ་བལྟམས་རབ་བྱུང་བྱང་ཆུབ་བདུད་ཚོགས་བཏུལ། །ཆོས་འཁོར་དབྱིན་ཟླུམ་ཆོ་འཕྲུལ་ལྷ་ལས་བབས། །བྱིན་རླབས་མྱང་འདས་རིང་བསྲེལ་བཞི་བཞུགས་སོགས། །བདེ་གཤེགས་མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུར་བཅས་སྐུར་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་སོགས་བརྗོད་ལ་ཕྱག་བྱའོ། །གཉིས་པ་ལ་གསུམ། མཆོད་པ། བསྟོད་པ། ཆོས་སྐྱོང་མཆོད་པའོ། །དང་པོ་ལ་མཆོད་ཡུལ་བཟུང་བ་ནི། མཆོད་སྤྲིན་འབྱུང་བའི་གཟུངས་ལན་གསུམ་བརྗོད་ལ། ཕྱོགས་བཅུའི་སངས་རྒྱས་རྣམས་དང་དམ་པའི་ཆོས། །འཕགས་པའི་དགེ་འདུན་ཆོས་སྐྱོང་སྲུང་མའི་ཚོགས། །ཚད་མེད་བཞི་དངོས་རིན་ཆེན་བཞི་ལས་གྲུབ། །རིགས་བཞིའི་མཆོད་རྟེན་རྣམས་ལ་མཆོད་པ་འབུལ། །ལྷོ་ཕྱོགས་འཛམ་གླིང་རིན་ཆེན་ལ་སོགས་ན། །བཞུགས་པའི་ཕྱོགས་བཞིའི་མཆོད་རྟེན་རྣམ་བཞི་སོགས། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་དང་། །རྒྱལ་བའི་མ་འདྲེས་ཡོན་ཏན་ཀུན་བསགས་པའི། །ཆོས་ཀྱི་སྐུ་ཡི་མཆོད་རྟེན་ཁྱད་པར་ཅན། །ཕྱོགས་བཅུ་ཀུན་ན་བཞུགས་ལ་མཆོད་པ་འབུལ། །དད་བརྩོན་ཤུགས་ཀྱིས་ལུས་ངག་སེམས་བཏུད་དེ། །བརྩོན་འགྲུས་དྲག་པོས་རིན་ཆེན་སྣ་ལྔ་དང་། །འབྱུང་བ་ལྔ་ལས་གྲུབ་པའི་མཆོད་རྟེན་དང་། །སྐུ་གདུང་རིང་བསྲེལ་རྣམས་ལ་མཆོད་པ་འབུལ། །རྡོ་རིང་ཐེམ་སྐས་ཆུ་སྲིན་རྒྱལ་མཚན་དང་། །གདུགས་དང་བ་དན་དར་གྱི་ཅོད་པན་དང་། །པདྨ་ཉི་ཟླ་སིལ་སྙན་ལྷ་རྫས་ཀྱིས། །ཚངས་པའི་དབྱངས་ལྡན་དམིགས་པ་དག་པར་མཆོད། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་མཐུས་བསྒྱུར་བ། །ཡོན་ཆབ་བདུག་པ་མར་མེ་དྲི་ཆབ་དང་། །མེ་ཏོག་དམ་པ་བཤོས་གཙང་མཉེས་པའི་མཆོག །མཆོད་ཡོན་རྣམ་ལྔའི་ཚོགས་ཀྱིས་མཉེས་པར་བགྱི། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །འཇིག་རྟེན་འདས་དང་འཇིག་རྟེན་གྲུབ་པའི་རྫས། །ཀུན་བཟང་རྣམ་དག་མཆོད་པའི་སྤྲིན་ཕུང་གིས། །ནམ་མཁའ་གང་བར་དམིགས་ཏེ་མཆོད་པར་བགྱི། །སྲིད་གསུམ་འཁོར་བའི་འདམ་ལས་དྲངས་པ་དང་། །འགྲོ་དོན་མཛད་པའི་ཐུགས་དམ་བསྐང་སླད་དུ། །ཡེ་ཤེས་ཉི་མ ས་མཚན་མའི་སྐྱོན་སྤངས་ཏེ། །བྱམས་པའི་ཐུགས་རྗེས་མཆོད་པ་བཞེས་སུ་གསོལ། །མཆོད་ཡོན་འབུལ་བ་ནི་ཕྱོགས་བཞིའི་བཟེད་ཞལ་དུ་མཆོད་ཡོན་སྦྲེངས་ལ། སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྫོགས། །བླ་ན་མེད་དང་ཡིད་ལས་གྲུབ། །རང་བཞིན་སྤྲུལ་དང་གཟུགས་བརྙན་སོགས། །ངོ་མཚར་དཔལ་ཡོན་བསམ་མི་ཁྱབ། །ཐུགས་རྗེ་བྱིན་རླབས་རྨད་པོ་ཆེ། །མཆོད་པའི་རྟེན་གྱུར་གང་བཞུགས་ལ། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱུན་བཤམས་ནས། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་ཆད་དེ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བྱེ་བྲག་ཏུ་འབུལ་བ་ནི། བདེ་གཤེགས་རྣམས་ཀྱིས་ལོངས་སྤྱོད་ཀྱི། །ཀུན་བཟང་མཆོད་པས་རོལ་མཛད་ཀྱང་། །འགྲོ་བའི་མུན་པ་བསལ་སླད་དུ། །བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །བླ་མེད་མཆོད་པ་རྣམ་ལྔ་འདི། །འགྲོ་བའི་དོན་དུ་འབུལ་ལགས་ན། །མཆོད་པའི་སྤྲིན་གྱིས་ཁྱབ་གྱུར་ནས། །བསོད་ནམས་གཏེར་ཆེན་ཐོབ་པར་ཤོག །ཅེས་པས་ཉེར་སྤྱོད་ལྔ་འབུལ། བདེ་གཤེགས་སྐུ་མཆོག་མཚན་དང་དཔེ་བྱད་ལྡན། །བྱང་ཆུབ་མཆོག་གི་རྒྱན་གྱིས་མཛེས་ལགས་ཀྱང་། །རིན་ཆེན་དོ་ཤལ་སེ་མོ་དོ་ལ་སོགས། །རྒྱན་གྱི་ཁྱད་པར་བརྒྱ་ཕྲག་མང་པོ་དང་། །དྲི་ཞིམ་ན་བཟའ་སྣ་ཚོགས་དབུལ་བར་བགྱི། །ཞེས་རྒྱན་དང་ན་བཟའ་འབུལ། ཐེག་མཆོག་བླ་བྲེ་གདུགས་དང་བ་དན་སྒྲེང་། །བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་དར་འཕན་དང་། །གར་དང་རོལ་མོ་མཆོད་པའི་སྒྲ་དབྱངས་ཀྱིས། རྒྱལ་བའི་དཀྱིལ་འཁོར་མཛེས་པར་བརྒྱན་པར་ཤོག །ཅེས་རོལ་མོའི་ཁྱད་པར་དུ་མས་མཆོད། དེ་ནས་ཞལ་ཟས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་བརླབས་ལ། རྒྱལ་བའི་སྐུ་ལ་བཀྲེས་སྐྱེམས་མི་མངའ་ཡང་། །བདག་ཅག་བསོད་ནམས་ཞིང་དུ་འགྱུར་སླད་དུ། །བཤོས་དང་ཞལ་ཟས་སྦྱར་བ་འདི་འབུལ་བས། །དུས་ཀུན་དགེ་བའི་ལོ་ཏོག་འཕེལ་རྒྱས་ནས། །བདེ་བ་ཅན་དུ་པདྨ་ལས་སྐྱེས་ཏེ། །ཏིང་འཛིན་ཆོས་དང་ཟས་ལ་སྤྱོད་པར་ཤོག །ཅེས་འབུལ། བདེ་གཤེགས་མགོན་པོ་དཔག་བསམ་འཁོར་དང་བཅས། །བསོད་ནམས་ཡེ་ཤེས་སྐུ་ལྔ་མཐར་ཕྱིན་པ། །ཆོས་ཀྱི་ལོངས་སྤྱོད་བཀུར་སྟིའི་ཚུལ་ཙམ་དུ། །འབྲུ་ལྔ་སྤོས་ལྔ་སྨན་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་བཅས་རྒྱལ་བས་རབ་བསྔགས་པ། །བདག་གཞན་དོན་གྱི་སྙིང་པོ་འདི་ཕུལ་བས། །འགྲོ་ལ་ཕན་ཕྱིར་ཚུལ་ཁྲིམས་མཆོག་ལྡན་ཏེ། །རིན་ཆེན་གཏེར་ལྟར་ཀུན་ལ་ཕན་འདོགས་ཤོག །ཅེས་ལྔ་ཕྲག་ལྔ་འབུལ། དེ་ནས་རྟེན་འབྲེལ་སྙིང་པོས་བྱིན་གྱིས་བརླབས་པའི་ཡུངས་ཀར་འཐོར་ཞིང་། བདེ་གཤེགས་ཀུན་བཟང་མངོན་པར་སངས་རྒྱས་ཏེ། །རྡོ་རྗེ་གདན་ལ་མངོན་པར་བཞུགས་པ་ན། །དཔལ་ལྡན་རྡོ་རྗེ་འཛིན་གྱི་གུས་བཅས་པས། །སྔགས་གྲུབ་རྒྱལ་པོ་ཡུངས་ཀར་ཕུལ་བ་ལྟར། །དེང་འདིར་སྟོན་པས་བདུད་བཞི་ཚར་བཅད་ནས། །སྐྱེ་རྒ་ན་འཆི་འཁོར་བའི་སྡུག་བསྔལ་ལས། །བདག་དང་མཐའ་ཡས་འགྲོ་བ་ཀུན་བསྒྲལ་ནས། །རྡོ་རྗེ་གདན་ལ་མངོན་པར་འཚང་རྒྱ་ཤོག །བཀྲ་ཤིས་ཀྱི་རྫས་ཕུལ་ལ། བདེ་གཤེགས་ཀུན་བཟང་མཐོང་བས་བཀྲ་ཤིས་ལྟར། །རྒྱལ་བ་འཁོར་བཅས་དེང་འདིར་བཀྲ་ཤིས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱལ་སྲས་ཏིང་འཛིན་ཚོགས་རྣམས་འཕེལ་དར་ཞིང་། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། །ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང་། །བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེ་ནས། །བསྐལ་པའི་མཐར་ཐུག་བར་དུ་བཞུགས་སུ་གསོལ། །ཞེས་མངའ་དབུལ། དེ་ནས་སྤྱན་དབྱེ་བའི་སྨོན་ལམ་གསོལ་བ་ནི། ཕྱོགས་བཅུ་དུས་གསུམ་གྱི་འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་ཅག་གིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་གཟུགས་བརྙན་བཞེངས་སུ་གསོལ་ཏེ། མཆོད་པར་འོས་པའི་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་བས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ། དེ་དང་དེ་དག་ཕུལ་བ་ལས་ཐོབ་པའི་ཡོན་ཏན་ཁྱད་པར་ཅན་ཐམས་ཅད་མ་ལུས་པ་ཐོབ་པར་གྱུར་ཅིག །རྟེན་འདི་ཡང་འཇིག་རྟེན་ཇི་སྲིད་ཀྱི་བར་དུ་མཆོད་པའི་རྟེན་དུ་བཞུགས་ནས་ཕྱོགས་དུས་ཐམས་ཅད་དུ་བཀྲ་ཤིས་ཤིང་བྱིན་ཆེ་བར་གྱུར་ཅིག །རྒྱལ་བའི་རིང་བསྲེལ་མཆོད་འོས་བླ་མེད་རྣམས། །སྤྱན་དྲངས་ཕྱག་བགྱིས་བསྟོད་དང་བཀུར་བའི་མཐུས། །སྔོན་བསགས་ལས་ཀྱི་སྒྲིབ་པ་ཀུན་བྱང་ནས། །འགྲོ་དྲུག་ཚོགས་རྫོགས་མངོན་པར་འཚང་རྒྱ་ཤོག །ཅེས་བརྗོད་ལ་མེ་ཏོག་འཐོར་རོ། །གཉིས་པ་ནི། རང་བྱུང་འདྲེན་པ་དཔའ་བོ་ལྷ་ཡི་ལྷ། །བཅོམ་ལྡན་ཤཱཀ་ཐུབ་སྐུ་གདུང་རིང་བསྲེལ་སྣོད། །འཇིག་རྟེན་གསུམ་གྱི་མཆོད་གནས་མཆོག་བཞུགས་པ། །ཆོས་བཟང་རྣམ་སྣང་རྣམ་པ་ཐམས་ཅད་ཞལ། །གཟུགས་ཀྱི་ཁྱད་པར་ལྟ་བས་མི་ངོམས་ཁྱོད། །ཡེ་ཤེས་ཚོགས་རྫོགས་ཆོས་ཀྱི་སྐུ་ལགས་ཏེ། །རྣམ་རྟོག་བྲལ་བས་ཡོན་ཏན་ཀུན་གྱི་གཞི། །བྱང་ཆུབ་ཕྱོགས་ཆོས་ཤེས་བཅུ་སྟོབས་བཅུ་སོགས། །འདི་འདྲའི་དམ་ཆོས་ངོ་མཚར་རྨད་རྣམས་ཀྱིས། །ཐབས་མཁས་ཐུགས་རྗེས་མཆོད་རྟེན་ཚུལ་དུ་སྤྲུལ། །ནམ་མཁའི་ཁམས་ལ་ཚོན་བཀྱེ་ཇི་བཞིན་དུ། །ཡོན་ཏན་ཁྱད་པར་ཁ་དོག་དབྱིབས་སུ་བསྒྱུར། །དཔལ་གནས་རིན་ཆེན་འབྱུང་གནས་ཆེན་པོ་བ། །དུས་གསུམ་རྒྱལ་བའི་མཆོད་རྟེན་སྐུ་གདུང་ཚུལ། །དཔལ་འབྱུང་ཀ་ནིཥྐ་དང་རབ་བྱུང་ཚུལ། །བསོད་ནམས་ཕུང་པོས་ཡུལ་ཁམས་བྱིན་ཆགས་ཤིང་། །སངས་རྒྱས་སྤྲུལ་པ་ཕྲིན་ལས་རྫོགས་པར་མཛོད། །ས་བཅུའི་རྒྱལ་ཚབ་བྱམས་པའི་གཙུག་གི་རྒྱན། །དཀོན་མཆོག་གསུམ་གྱི་བདག་ཉིད་ཆེན་པོ་ལ། །རི་ལུང་ནགས་ཚལ་ཆུ་ཀླུང་མཁར་གནས་པའི། །ལྷ་ཚོགས་དད་པས་གནམ་ས་ཀུན་ནས་དཀྲིགས །སྡོམ་བརྩོན་རྒྱལ་སྲས་འཁོར་བཞི་ཁྱིམ་བདག་དང་། །དབུས་མཐའི་རྒྱལ་ཁམས་མི་ཚོགས་ཀུན་འདུས་ནས། །མེ་ཏོག་ཕྲེང་བ་སྤེལ་ལེགས་མཛེས་པ་དང་། །ཙནྡན་དྲི་བཤོས་མར་མེ་རོལ་མོར་བཅས། །བཀྲ་ཤིས་གླུ་དབྱངས་བསྟོད་པའི་རྣམ་པ་དང་། །གདུགས་དང་རྒྱལ་མཚན་བ་དན་ལྷབ་ལྷུབ་བརྒྱན། །ལུས་ངག་ཡིད་གསུམ་དད་པས་བསྟོད་པར་བགྱི། །གསུམ་པ་གཏོར་འབུལ་ལ། ཟླུམ་གཏོར་གསུམ་བཤམ་ལ། ༀ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། ༀ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ༀ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་བསྐྱེད་པར་གྱུར། ཨཱ་ཀཱ་རོ་སོགས་གསུམ་བརྗོད་པས་བྱིན་བརླབ། ༀ་དྷྲྀཥྚ་རཱཥྚཱ་ཡ་སྭཱ་ཧཱ། ༀ་བཻརཱུ་ཌྷ་ཀཱ་ཡ་སྭཱ་ཧཱ། ༀ་བི་རཱུ་པཱཀྵཱ་ཡ་སྭཱ་ཧཱ། ༀ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ་རྣམས་ཀྱི་མཐར། ཨ་ཀཱ་རོ་བཏགས་པས་ཕུལ་ལ། ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་སྤྱན་སྔར་ཞལ་བཞེས་ལྟར། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོངས། །མཆོད་རྟེན་གཙུག་ལག་ཁང་རྣམས་དང་། །སྐྱེ་རྒུ་མ་ལུས་བདེ་བར་བསྲུང་། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །ཞེས་སོགས་བརྗོད། ཕྱོགས་སྐྱོང་བཅུ་ལ། ༀ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ཀྱིས་ཕུལ་ལ། དབང་པོ་མེ་ལྷ་གཤིན་རྗེ་དང་། །བདེན་བྲལ་ཆུ་བདག་རླུང་གི་ལྷ། །གནོད་སྦྱིན་དབང་ལྡན་ཚངས་པ་ཆེ། །ས་བདག་འཁོར་དང་བཅས་ལ་བསྟོད། །རྒྱལ་བའི་སྤྱན་སྔར་སོགས་འདོད་གསོལ་གོང་ལྟར་བརྗོད། འཁོར་དུ་གཏོགས་པའི་འབྱུང་པོ་རྣམས་ལ། དེ་ཝ་ནཱ་ག་ཡཀྵ་སོགས་ཀྱི་མཐར། ཨ་ཀཱ་རོ་བཏགས་ལ་གཏོར་མ་བསྔོ། འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ། །མི་དང་མི་མིན་འབྱུང་པོའི་ཚོགས། །སའམ་བར་སྣང་གནས་བཅས་པའི། །བྱང་སེམས་ལྡན་པ་ཐམས་ཅད་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །སོགས་ཤློ་ཀ་གཅིག་བརྗོད་དོ། །ཚར་གྲངས་མང་པོའི་སྐབས་སྔ་མ་རྣམས་སུ་ཚིགས་བཅད་ཁོ་ནས་མཆོད་བསྟོད་ཕྲིན་བཅོལ་བྱ། གཏོར་འབུལ་འདི་རྣམས་རྗེས་མ་ཁོ་ནར་ཚར་གཅིག་གིས་ཆོག་གོ། །གསུམ་པ་སྡིག་བཤགས་ནི། ཁམས་གསུམ་འགྲོ་ལྔ་སྐྱེ་གནས་བཞི། །འཁོར་བའི་རྒྱུད་དུ་གཏོགས་ཀུན་དང་། །རིགས་མཐུན་སྐྱེས་པ་བདག་ཅག་གིས། །དུས་གསུམ་དབང་གིས་སྒོ་གསུམ་ནས། །ལས་དང་ཉོན་མོངས་སྐྱེ་བའི་རྒྱུ། །མཚམས་མེད་ལྔ་དང་ཉེ་བ་ལྔ། །མི་དགེ་བཅུ་དང་ལོག་པ་བཞི། །སྒྲིབ་པ་རྣམས་དང་ཀུན་སྦྱོར་དང་། །དེ་ཡི་རྒྱུ་དང་འབྲས་བུ་དང་། །ཡུན་རིང་འཁོར་ཞིང་མི་ཁོམས་བརྒྱད། །མཐོ་རིས་ཐར་པའི་ལམ་འགོག་ཅིང་། །བདག་དང་གཞན་ལ་ཡོངས་གདུང་བའི། །ཁ་ན་མ་ཐོ་ཅི་བགྱིས་པ། །ཆོས་དབྱིངས་ཕྱོགས་བཅུ་དུས་གསུམ་དང་། །རིགས་རྣམས་ཀུན་ལ་རབ་བཞུགས་པའི། །རྒྱལ་བ་སྲས་དང་བཅས་རྣམས་ལ། །མ་ལུས་བཤགས་ཤིང་སྡོམ་པར་བགྱི། །བཞི་པ་རྗེས་སུ་ཡི་རང་བ་ནི། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་དང་། །རང་རྒྱལ་ཉན་ཐོས་ཐམས་ཅད་དང་། །འགྲོ་ཀུན་བསོད་ནམས་ཡེ་ཤེས་ཀྱི། །རྒྱུ་དང་འབྲས་བུ་ཐམས་ཅད་དང་། །སེམས་བསྐྱེད་ལམ་ཞུགས་མཆོག་ཐོབ་པ། །དེ་དག་ཀུན་ལ་ཡི་རང་ཞིང་། །བསམ་དང་སྦྱོར་བ་དག་པ་ཡིས། །འགྲོ་བ་ཀུན་ལ་བདེ་སླད་དུ། །འཁོར་གསུམ་དག་པའི་ཚུལ་གྱིས་བསྒྲུབ། །ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུའི་འཇིག་རྟེན་སྣང་མཛད་པ། །བདེ་གཤེགས་སངས་རྒྱས་བཅོམ་ལྡན་འདས། །བྱང་ཆུབ་རིམ་པར་སངས་རྒྱས་ཏེ། །བསྐུལ་བའི་དོན་ལ་བཞེད་རྣམས་ལ། །ཚངས་པ་འདྲ་བར་ཚུལ་བསྒྱུར་ཏེ། །རིམ་གྲོ་གུས་པ་མཆོག་བསྐྱེད་ཅིང་། །ཐལ་མོ་སྦྱར་བས་རབ་བཏུད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ནི། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། །བདེ་གཤེགས་བདུད་བཞི་ངེས་བཅོམ་ཞིང་། །འགྲོ་དོན་སངས་རྒྱས་མཛད་པ་མཛད། །མྱ་ངན་འདའ་སྟོན་བཞེད་རྣམས་ལ། །ཐལ་མོ་སྦྱར་བ་རབ་བཏུད་དེ། །འགྲོ་བ་ཀུན་ལ་ཕན་པའི་ཕྱིར། །ཆོས་དབྱིངས་བརྟན་པའི་ལུགས་བཞིན་དུ། །མྱ་ངན་མི་འདའ་གཡུང་དྲུང་སྐུ། །སྟུག་པོ་བཀོད་པའི་བདག་ཉིད་རྣམས། །བསྐལ་པའི་མཐར་ཡང་བཞུགས་པར་གསོལ། །བདུན་པ་སྐྱབས་སུ་འགྲོ་བ་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ལན་གསུམ། བརྒྱད་པ་སེམས་བསྐྱེད་རྗེས་འབྲེལ་དང་བཅས་པ་ནི། རྫོགས་སངས་རྒྱས་དང་རྒྱལ་བའི་སྲས། །དཔང་གྱུར་སྤྱན་གྱུར་ཚད་མར་གྱུར། །འགྲོ་དོན་མཛད་པར་དབང་གྱུར་བ། །བྱང་ཆུབ་བློ་མངའ་དགོངས་སུ་གསོལ། །ཇི་ལྟར་སྔོན་གྱི་རྒྱལ་བ་དང་། །རྒྱལ་སྲས་དཔའ་བོ་དེ་དག་གིས། །འགྲོ་ལ་ཕན་དང་བདེ་སླད་དུ། །བྱང་ཆུབ་སྙིང་པོར་བཞུགས་བཞུགས་སུ། །དངོས་པོ་ཀུན་དང་བྲལ་བ་དང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །བདག་མེད་ཆོས་ཀྱི་བདག་ཉིད་ཀྱིས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་ཉིད་རང་བཞིན་ཐུགས་བསྐྱེད་ལྟར། །བདག་དང་རིགས་མཐུན་གཞན་གྱིས་ཀྱང་། །བླ་མེད་བྱང་ཆུབ་སེམས་བསྐྱེད་བགྱི། །ཞེས་ལན་གསུམ་དང་། དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །འཕགས་པ་ཀུན་གྱི་ཐུགས་རྗེ་དང་། །ཆོས་ཉིད་དག་པའི་མཐུ་དང་ནི། །བསམ་དང་སྦྱོར་བ་དག་པ་ཡིས། །ཁམས་གསུམ་རྒྱུད་ལྔ་གནས་བཞི་ན། །གཟུགས་ཅན་གཟུགས་ཅན་མ་ཡིན་དང་། །འདུ་ཤེས་མེད་དང་ཡོད་མིན་དང་། །སེམས་ཅན་རིགས་རྣམས་ཇི་སྙེད་པས། །སོ་སོའི་སྐྱེ་བོར་གཏོགས་པའི་ས། །སྡུག་བསྔལ་ཐམས་ཅད་མྱུར་སྤངས་ཏེ། །འཕགས་ལམ་བདེ་བ་མྱ་ངན་འདས། །ངེས་པར་ལེགས་པ་རྟོགས་གྱུར་ཅིག །འཕགས་ལམ་བརྙེས་པ་ཐམས་ཅད་ཀྱིས། །གོང་མའི་ཡོན་ཏན་མཆོག་ཐོབ་ཅིང་། །བླ་མེད་རྫོགས་པའི་བྱང་ཆུབ་ཀྱི། །བདེ་བ་དག་ལ་གཞོལ་གྱུར་ཅིག །ཅེས་ཤིས་པ་བརྗོད། ཕྱོགས་བཅུ་དུས་གསུམ་གཤེགས་པ་ཡི། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །བསོད་ནམས་དང་ནི་ཡེ་ཤེས་ཚོགས། །སེམས་ཅན་ཀུན་ལ་བསྟབས་མཁྱེན་ལྟར། །བདག་དང་སེམས་ཅན་ཀུན་གྱིས་ཀྱང་། །རང་གི་བསོད་ནམས་མ་ལུས་པ། །རྫོགས་སངས་རྒྱས་བདེ་མ་ཐོབ་པར། །སེམས་ཅན་རྣམས་དང་འཕགས་ཚོགས་ལ། །དེ་དག་རབ་ཏུ་བསྟབ་པར་བགྱི། །ཞེས་བསོད་ནམས་གཞན་ལ་བསྟབ་བོ། །དགུ་པ་བསྔོ་བ་ནི། བླ་མའི་བླ་མ་དཀོན་མཆོག་དང་། །མཆོད་རྟེན་ཁྱད་པར་འཁོར་བཅས་ལ། །འདིས་མཚོན་དགེ་བ་ཅི་བསགས་པ། །དེས་ནི་སེམས་ཅན་ཐམས་ཅད་དང་། །འཕགས་པའི་སྐྱེ་བོའི་ཚོགས་ཀུན་གྱིས། །ཡེ་ཤེས་པ་ཡི་ལམ་གྱི་མཆོག །འཇུག་དང་གནས་དང་འཕར་བ་དང་། །སྤྱོད་པ་ཉིད་ཀྱི་ཡུལ་རྣམས་ནི། །གོ་རིམ་བཞིན་དུ་རབ་རྟོགས་ཏེ། །སྐུ་གསུམ་མཁྱེན་བཞིའི་ཚོགས་རྫོགས་ཤིང་། །བླ་མེད་སངས་རྒྱས་འགྲུབ་པར་སྨོན། །བཅུ་པ་སྐབས་དོན་ལ་གནང་བ་ཞུ་བ་ནི། འཕགས་པའི་ཚོགས་ཐམས་ཅད་དགོངས་སུ་གསོལ་ལོ། །བདག་ཅག་རྣམས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་རྗེས་སུ་འཇུག་ཅིང་སློབ་སྟེ། སྲིད་པའི་མཚོ་ལས་འགྲོ་བ་རྣམས་བླ་ན་མེད་པའི་བདེ་བ་ལ་འགོད་པར་དམ་བཅས་ནས་དེང་འདིར་མཆོད་པའི་ཚོགས་མཆོག་གིས་བརྒྱན་པའི་ཕོ་བྲང་གི་དཀྱིལ་འཁོར་བཤམས་ཏེ། འཕགས་པ་རྣམས་གདན་འཛོམ་པར་སྤྱན་དྲངས་ནས། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་བལྟ་བ་ཞེས་བྱ་བའི་གཟུངས་བཀླག་ཅིང་། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཆོད་རྟེན་བརྒྱ་རྩ་བརྒྱད་ཚུལ་བཞིན་དུ་བཏབ་ཅིང་མཆོད། ཐེག་པ་ཆེན་པོའི་མདོ་སྡེ་དང་གཟུངས་ཟབ་ཅིང་རྒྱ་ཆེ་བ་བཀླག་ཅིང་མཆོད་དེ་གདན་འཛོམ་པ་ཆེན་པོའི་གླིང་གཞིར་གསོལ་ནས་བདག་ཅག་དཔོན་སློབ་ཡོན་མཆོད་ལ་སོགས་ཏེ་འགྲོ་བ་མང་པོའི་མགོན་སྐྱབས་དང་དཔུང་གཉེན་དུ་གསོལ་ཞིང་མཆིས་ན། འཕགས་པ་རྣམས་ཀྱི་སྨོན་ལམ་ཁྱད་པར་ཅན་དང་། ཐུགས་དམ་བཟང་པོའི་དབང་དུ་མཛད་ནས་སེམས་ཅན་སྐྱབས་སུ་གསོལ་བ་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ་བདག་ཅག་རྣམས་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་དང་གཟུངས་ཟབ་ཅིང་རྒྱ་ཆེ་བ་རྣམས་བཀླགས་ཤིང་། དེ་བཞིན་གཤེགས་པའི་ཆོས་སྐུའི་མཆོད་རྟེན་བགྱི་བའི་ཆོ་ག་གཟུགས་བརྙན་ཙམ་ཞིག་བགྱིས་པ་འདིར་གླེང་གཞིར་མཛད་ནས། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གདན་འཛོམ་པ་ཆེན་པོ་མཛད་དེ། མཆོད་པ་བཞེས་ཤིང་། ཇི་ལྟར་སྔོན་ཆོ་ག་གང་། ཚུལ་གང་གིས་བྱིན་གྱིས་བརླབས་ཏེ་མཛད་པ་བཞིན་དུ། དེང་ཡང་ཆོ་ག་ཡོངས་སུ་རྫོགས་པར་མཛད་དེ་བྱིན་གྱིས་བརླབ་ཅིང་ཆོས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་སོགས་ཏེ་ཐབས་མཁས་པའི་སྒོ་སྣ་ཚོགས་ནས། འཕགས་པ་ཐམས་ཅད་ཀྱི་རྣམ་པར་ཐར་པའི་སྒོ་ཡོངས་སུ་རྫོགས་པར་འགྱུར་བ་དང་། བདག་སོགས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་གནོད་པ་ཐམས་ཅད་རྒྱུ་དང་བཅས་པ་བྱང་ཞིང་ཞི་བ་དང་། ཕན་པ་དང་བདེ་བ་བླ་ན་མེད་པ་འཕྲལ་དུ་ཐོབ་པར་འགྱུར་བར་བྱིན་གྱིས་བརླབ་ཅིང་། ཇི་ལྟར་འཚལ་བ་ཡིད་བཞིན་དུ་འགྲུབ་པའི་དངོས་གྲུབ་དམ་པ་སྩལ་བར་ཅི་གནང་། སྔོན་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་རྗེས་སུ་ཐུགས་བརྩེ་བས། བཅོམ་ལྡན་འདས་ཉིད་ཀྱིས་དཔལ་གྱི་མགུར་ནས་ཕན་ཡོན་ཇི་ལྟར་གསུངས་པ་དེ་ཐམས་ཅད་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་ཅིང་མངོན་དུ་འགྱུར་བར་བྱིན་གྱིས་བརླབས་པར་ཅི་གནང་། གཟུངས་འདི་ཉིད་ཕྱག་མཚན་དུ་བཞེས་པ་སོགས་ཏེ་འཕགས་པ་ཆོས་སྐྱོང་བ་ཐམས་ཅད་ཀྱིས་ཀྱང་སྟོན་པས་བཀའ་གཏད་ཅིང་སོ་སོ་ནས་ཞལ་གྱིས་བཞེས་པ་ལྟར་ཇི་སྐད་གསུངས་པའི་ཕན་ཡོན་ཐམས་ཅད་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབ་པར་ཅི་གནང་། ཅི་ནས་ཀྱང་དཀོན་མཆོག་གསུམ་གྱི་སྐུ་མི་ངས་པ་དང་། བསྟན་པ་འཛིན་པ་དང་བདག་ཅག་རྣམས་ཀྱི་ངག་མི་སུན། འཇིག་རྟེན་གྱིས་སྨད་པར་མི་འགྱུར་བའི་ཚུལ་དུ་ཕན་ཡོན་མངོན་དུ་བསྟན་པར་ཅི་གནང་། ཞེས་བརྗོད་པས། ཇི་ལྟར་གསོལ་བ་བཞིན་འཕགས་པ་རྣམས་ཀྱིས་ཕྲིན་ལས་མཛད་ཅིང་འགྲོ་དོན་དུ་འགྱུར་པར་བདེན་པ་བདར་ཞིང་ཡིད་ཀྱིས་བསྔོ་བ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་བརླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་སྐུ་གསུང་ཐུགས་ཀྱི་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་དམ་ངེས་པའི་བདེན་པས། རིག་སྔགས་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཚུལ་བཞིན་དུ་ཆོས་ཀྱི་སྐུའི་མཆོད་རྟེན་བཏབ་སྟེ། མཆོད་སྤྲིན་རྒྱ་མཚོས་བརྒྱན་ཅིང་ཕོ་བྲང་གི་དཀྱིལ་འཁོར་བཤམས་པ་འདིར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དང་། ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པ་ཆེན་པོར་མཛད་དེ་མཆོད་པ་བཞེས་ཤིང་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་དང་། ཆོས་ཀྱི་སྐུའི་མཆོད་རྟེན་རྣམས་ཚུལ་བཞིན་དུ་བྱིན་གྱིས་བརླབས་པར་མཛད་དེ། མདོ་སྡེ་དང་གཟུངས་ཟབ་ཅིང་རྒྱ་ཆེ་བ་རྣམས་སོ་སོའི་ཆོ་ག་ཡོངས་སུ་རྫོགས་པར་བསྐངས་ཏེ། བདག་སོགས་འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་མཛད་པར་གྱུར་ཅིག །ཆོས་སྐུའི་མཆོད་རྟེན་ལ་ཡིད་བཞིན་ནོར་བུ་རིན་པོ་ཆེ་རིག་པའི་རྒྱལ་པོའི་ཡིག་འབྲུ་གསེར་གྱི་མདོག་ཅན་ཕྲེང་བར་གནས་པ་དང་། འཕགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་ཐམས་ཅད་དུ་ཁྱབ་ཅིང་འཕགས་པ་རྣམས་ཀྱི་སྐུ་ལ་བབས་པས་ནི་སྒྲིབ་པ་གཉིས་ལས་གྲོལ་ཞིང་རྣམ་པར་ཐར་པ་གོང་ནས་གོང་དུ་འཕེལ་ཏེ་འགྲོ་དོན་སྤྱོད་པའི་མཐུ་དཔག་མེད་ཐོབ་ཅིང་། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བསྐུལ་བར་གྱུར་ཅིག །འགྲོ་བ་ལྔའི་སེམས་ཅན་གྱི་ལུས་ལ་ཕོག་པས་སོ་སོའི་སྡུག་བསྔལ་དང་སྒྲིབ་པ་ཐམས་ཅད་བྲལ་ཞིང་བདེ་བ་དང་ལྡན་པར་གྱུར་ལ། འོད་ཟེར་གྱི་ཕུང་པོའི་ནང་ནས་འཕགས་པ་གདན་འཛོམ་པ་མཐོང་ནས་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ངན་འགྲོ་ལས་ཐར་ཏེ་འཕགས་པའི་ལམ་ལ་འཇུག་པར་གྱུར་ཅིག །བདག་ཅག་རྣམས་ལ་ཁྱབ་པས་འགྲོ་དོན་དཔག་མེད་སྒྲུབ་ནུས་པའི་མཐུ་ཐོབ་སྟེ་དེ་བཞིན་གཤེགས་པ་དག་དང་སྐུ་གསུང་ཐུགས་མཚུངས་པར་གྱུར་ཅིག །ཡང་འོད་ཟེར་དེ་དག་གཅིག་ཏུ་འདུས་ནས་བུམ་པའི་གཟུངས་ཆབ་ལ་ཁྱབ་སྟེ་རེག་པ་ཙམ་གྱིས་གནོད་པ་དང་། བཀྲ་མི་ཤིས་པ་དང་། མི་བདེ་བ་ཐམས་ཅད་ཞི་བར་བྱེད་པ། དཔལ་དང་བདེ་ལེགས་སྐྱེད་པར་བྱེད་པའི་བདུད་རྩིའི་དག་བྱེད་དུ་གྱུར་ཅིག །བསྒྲུབ་བྱའི་ལུས་དང་འཁོར་དང་ཡོ་བྱད་ཐམས་ཅད་ལ་ཁྱབ་སྟེ། ནད་དང་གནོད་པ་ཐམས་ཅད་བསལ་ཞིང་ཞི་ནས་ལུས་སེམས་སྐྱོན་ཐམས་ཅད་དང་བྲལ་ཏེ་རྡོ་རྗེ་ལྟ་བུར་མཁྲེགས་ཤིང་བརྟན་པ་དང་ཆོས་ཀྱི་སྣོད་དུ་གྱུར་ཅིག །གཞན་ཡང་ཆོས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་སོགས་པ་ཐབས་མཁས་པའི་སྒོ་སྣ་ཚོགས་པས་འཕགས་པ་ཐམས་ཅད་འགྲོ་བ་མ་ལུས་པའི་དོན་རྫོགས་པར་མཛད་པར་གྱུར་ཅིག །བདག་ཅག་རྣམས་ཀྱིས་སེམས་ཀྱིས་དམིགས་པ་འགའ་བསྐྱེད་པ་དང་། གཟུངས་ཀྱི་ཚིག་འབྲུ་འགའ་བརྗོད་པ་ཡང་འཕགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་སྣ་ཚོགས་དང་། ཚིག་འབྲུ་མཐའ་ཡས་པ་རྟོགས་ཤིང་རྣམ་པར་དག་པ་བྱིན་གྱིས་བརླབ་པར་གྱུར་ཅིག །ལན་གསུམ་མམ་བསྡུ་ན་གཅིག་བརྗོད། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་བརླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་རྣམས་ཀྱི་ཐུགས་དམ་ངེས་པའི་བདེན་པས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་བརྗོད་དོ། །བཅུ་གཅིག་པ་གཟུངས་བཟླ་བ་ནི། འཕགས་པ་རྣམས་ཀྱིས་གནང་ཞིང་ཕྲིན་ལས་མཛད་དེ་ཇི་ལྟར་བསྔོས་པ་བཞིན་མངོན་དུ་གྱུར་པར་མོས་ལ། དྲི་མེད་ཀྱི་གཟུངས་མདོ་བཀླགས་ཤིང་། གཟུངས་རིང་ཐུང་བརྒྱ་རྩ་བརྒྱད་རེ་བཟླ། མཐར་གཟུངས་བཟླ་བཞིན་དུ་བུམ་ཆུས་རང་གཞན་ཁྲུས་བྱ་ཞིང་ཁོང་དུ་བཏུང་། གཟུངས་ཆབ་ཕྱོགས་ཀུན་ཏུ་འཐོར་ཞིང་། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །ཞེས་སོགས་བརྗོད་དོ། །གསུམ་པ་མཇུག་བསྡུ་བ་ལ་བརྒྱད། བསགས་སྦྱོང་སྨོན་ལམ་བསྐོར་མཆོད་དང་། །བཟོད་གསོལ་གཤེགས་བསྔོ་བཀྲ་ཤིས་སོ། །དང་པོ་སླར་ཡང་བསགས་སྦྱོང་བྱ་བ་ནི། ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དམ་པའི་ཆོས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་། རང་རྒྱལ་བའི་དགེ་འདུན་དང་བཅས་པ་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །ཕྱོགས་བཅུ་ན་མཆོད་རྟེན་སྐུ་གདུང་དང་རིང་བསྲེལ་དང་བཅས་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་དམ་པའི་ཆོས་སྐྱོང་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་དུ་བཞུགས་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་དྲི་ཆབ། བདུག་སྤོས་དང་མེ་ཏོག །ཞལ་ཟས་དང་མར་མེ། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་པ་འདི་དག་དང་། ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་རྫས་དང་། མིའི་ཡོ་བྱད་ཕུན་སུམ་ཚོགས་པ་ཅི་མཆིས་པ་ཐམས་ཅད་དང་། གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་མཐའ་ཀླས་པའི་ཆོས་ཀྱི་དབྱིངས་སུ་གཏོགས་པ་ཐམས་ཅད་རྒྱས་པར་བཀང་སྟེ་དབུལ་ཞིང་མཆོད་དོ། །བདག་ཅག་གིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས། བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སྐྱེ་བོའི་དགེ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མེ་གང་དག་མྱ་ངན་འདའ་བའི་ཚུལ་བསྟན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བར་འཚལ་ལོ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་དང་། སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །སོགས་ཤློ་ཀ་རེ་རེ་བརྗོད་དོ། །གཉིས་པ་ནི། དེ་ལྟར་ཆོས་ཀྱི་སྐུའི་མཆོད་རྟེན་ཚུལ་བཞིན་བྱས་ཏེ་བསགས་སྦྱངས་བགྱིས་པ་ལ་སོགས་པ་དགེ་བ་རླབས་པོ་ཆེའི་སྟོབས་ཀྱིས། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་པར་མཛད་པའི་དགོངས་པ་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཕོ་བྲང་གི་དཀྱིལ་འཁོར་ཐམས་ཅད་དུ་བཟང་པོ་སྤྱོད་པའི་མཆོད་པའི་སྤྲིན་རྒྱས་པས་ཀླུབས་པར་གྱུར་ཅིག །དམ་པའི་ཆོས་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་འཇིག་རྟེན་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་དང་རང་རྒྱལ་དང་ཉན་ཐོས་ཐམས་ཅད་སོ་སོའི་རྣམ་པར་ཐར་པ་མཐར་ཕྱིན་ནས་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །དམ་པའི་ཆོས་སྐྱོང་བ་ཐམས་ཅད་ཀྱང་ཐུགས་དམ་རླབས་པོ་ཆེ་ཡོངས་སུ་རྫོགས་ཤིང་མཐུ་སྟོབས་གཟི་བྱིན་རབ་ཏུ་འཕེལ་བ་དང་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བརྙེས་པར་གྱུར་ཅིག །བདག་ཅག་འཁོར་དང་བཅས་པ་ལ་ཕན་འདོགས་པའི་ལྷ་མགོན་ཐམས་ཅད་ལུས་སེམས་ལ་ཉེས་པའི་སྐྱོན་དང་བྲལ་ནས་དཔལ་དང་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱང་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་། སྡུག་བསྔལ་གནོད་པ་ཐམས་ཅད་ཞི། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །དགེ་བ་འདིས་མཚོན་ཏེ་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་དགེ་བའི་རྩ་བ་ཅི་མཆིས་པའི་སྟོབས་དང་། དཀོན་མཆོག་གསུམ་གྱིས་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཐེག་པ་ཆེན་པོའི་མདོ་སྡེ་དང་གཟུངས་ཟབ་ཅིང་རྒྱ་ཆེ་བ་རྣམས་མཆོད་དེ་བཀླགས་ནས། ཆོས་ཀྱི་སྐུའི་མཆོད་རྟེན་ཚུལ་བཞིན་བགྱིས་པའི་བསོད་ནམས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྟོབས་ཀྱིས་མདོ་སྡེ་དང་གཟུངས་ལས་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་དང་སྦྱིན་པའི་བདག་པོས་འཕྲལ་དུ་ཐོབ་ཅིང་ཡོངས་སུ་རྫོགས་ནས་མངོན་དུ་གྱུར་ཅིག །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མ་མཆིས་པའི་འཁོར་བ་ནས་ལས་དང་ཉོན་མོངས་པ་དང་རྣམ་པར་སྨིན་པའི་སྒྲིབ་པ་ལ་སོགས་པས། ངན་སོང་གསུམ་དང་མི་ཁོམས་པ་རྣམས་སུ་སྐྱེ་བར་འགྱུར་པའམ། བྱང་ཆུབ་ཀྱི་སེམས་དང་དགེ་བའི་ཕྱོགས་ལས་ཉམས་པ་ལ་སོགས་པ་སྡིག་པའི་ལས་ཅི་མཆིས་པ་ཐམས་ཅད་མ་ལུས་པར་བསལ་ཏེ་གཏན་ནས་ཞི་ཞིང་བྱང་བར་གྱུར་ཅིག །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་དང་། ཚེ་ཐུང་བ་དང་། གནོད་པ་དང་། མི་དགེ་བ་དང་། བཀྲ་མི་ཤིས་པ་དང་། ངན་པ་དང་། སྡིག་ཏོར་བགྲང་བ་ཐམས་ཅད་ཞི་ཞིང་གཏན་དུ་མི་འབྱུང་བར་གྱུར་ཅིག །གདོན་བགེགས་ཀྱི་གནོད་པ་ལས་གྲོལ་ཞིང་དེ་དག་བྱམས་པའི་སེམས་དང་ལྡན་ནས་ཕྱིན་ཆད་སུ་ལའང་གནོད་སེམས་མི་འབྱུང་བར་གྱུར་ཅིག །ཚེ་རིང་ཞིང་ནད་མ་མཆིས་པ་དང་། །འབྱོར་པ་ཕུན་སུམ་ཚོགས་ལ་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཐམས་ཅད་དང་ལྡན་པར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་ཡང་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ལུས་དང་ལོངས་སྤྱོད་འཁོར་གྲོགས་བཤེས་གཉེན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ཐེག་པ་ཆེན་པོའི་ཆོས་དང་རྟག་ཏུ་འཕྲད་ཅིང་ཐོས་བསམ་སྒོམ་པའི་སྒོ་ནས་དོན་མངོན་སུམ་དུ་བགྱིད་པར་གྱུར་ཅིག །དམ་པའི་ཆོས་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་དམ་པ་རྣམས་དང་རྒྱུན་དུ་འགྲོགས་ཤིང་མཉེས་པར་བྱེད་པ་དང་། ཡོ་བྱད་ལ་མ་ཆགས་ཤིང་ཐབས་ལ་མཁས་པ་དང་ཤེས་རབ་ཀྱི་མཐུ་ཐོགས་པ་མེད་པ་དང་ལྡན་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཐམས་ཅད་བདེ་བླག་ཏུ་ཉམས་འོག་ཏུ་ཆུད་པར་གྱུར་ཅིག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་གཡུང་དྲུང་གི་སྐུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཆེན་པོ་མྱུར་དུ་ཐོབ་ནས་སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ལས་སྒྲོལ་ཞིང་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་འགོད་པར་གྱུར་ཅིག །གསུམ་པ་བསྐོར་བ་བྱ་བའི་ཐོག་མར། ན་མཿན་བ་ན་བ་ཏཱི་ནཱཾ། ཏ་ཐཱ་ག་ཏ་གཾ་གཱ་ནཾ་དི། བཱ་ལུ་ཀཱ་ནཾ། ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྲཱ་ཎཱཾ། ༀ་བོ་བོ་རི། ཙ་རི་ཎི་ཙ་རི། མོ་རི་གོ་རི་ཙ་ལ་བཱ་རི་སྭཱ་ཧཱ། ཞེས་དང་། ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་བི་ཛ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་གཉིས་ལན་བདུན་ནམ་གསུམ་བརྗོད། དེ་ནས་དྲི་མེད་ཀྱི་གཟུངས་རིང་ཐུང་གཉིས་ཀའམ་མི་ཤེས་ན་སྙིང་པོ་གཟུངས་ཐུང་བཟླ་བཞིན་དུ་བསྐོར་བ་བརྒྱ་རྩ་བརྒྱད་བྱའོ། །མཐར་ནུས་ཤིང་སྤྲོ་ན་མཆོད་རྟེན་བསྐོར་བའི་ཚིགས་བཅད་དང་གསལ་རྒྱལ་གྱི་ཚིགས་སུ་བཅད་པ་དག་བཀླག་དགོས་ཀྱང་ཚར་གྲངས་ལྟ་བུ་ལྕོགས་དཀའ་བས། མཁས་པ་གང་དག་རབ་ཏུ་སེམས་དང་ཞིང་། །སངས་རྒྱས་མཆོད་རྟེན་དག་ལ་གོམ་འདོར་ན། །འཛམ་བུ་ཚུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་དང་། ཡེ་དྷརྨཱ་ཙམ་བརྗོད་དོ། །བཞི་པ་ནི། མཆོད་པ་དྲི་མེད་ཡོངས་དག་པ། །རྣམ་མང་རྒྱ་ཆེ་ཐམས་ཅད་དང་། །སོ་སོའི་མངའ་ཐང་རྒྱ་ཆེན་དུ། །འོས་པའི་བདེ་བར་སྦྱར་བ་འབུལ། །ཞེས་པས་མཆོད་ཅིང་རོལ་མོ་བྱའོ། །ལྔ་པ་ནི། འཕགས་པ་གདན་འཛོམ་པ་ཆེན་པོ་དགོངས་སུ་གསོལ། དེང་འདིར་འཕགས་པ་རྣམས་སྤྱན་དྲངས་ཏེ་བདག་སོགས་འགྲོ་བ་རྣམས་ཀྱི་དོན་མཛད་པར་གསོལ་བའི་སྐབས་འདིར། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་འགལ་འཁྲུལ་ནོངས་པར་གྱུར་པ་ཅི་མཆིས་པ་ཐམས་ཅད་མཐོལ་བཤགས་བཟོད་པར་གསོལ་ན་ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ནས་འཕྲལ་དང་ཡུན་དུ་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་པར་ཅི་གནང་། དྲུག་པ་ནི། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་བརྗོད་པའམ། ཡང་ན་རིང་བསྲེལ་སྙིང་པོ་ཅན་གྱི་རྟེན་ལ་དམིགས་ཏེ་བརྟན་བཞུགས་སྤྱི་མཐུན་བྱས་ཀྱང་རུང་ངོ་། །བདུན་པ་ནི། འཕགས་པའི་སྐུ་གདུང་རིན་ཆེན་རིང་བསྲེལ་སྣོད། །རྙིང་བཅོས་བྱི་དོར་བགྱིས་ཤིང་མཆོད་པ་དང་། །གསར་བརྩིགས་མཆོད་ཅིང་ཁྲུས་ཆབ་གསོལ་བ་དང་། །བསྟོད་དང་བསྐོར་དང་གུས་པ་བགྱིས་པ་དང་། །སྨོན་ལམ་ཟབ་མོ་སེམས་ཡིད་དང་བཏབ་པའི། །བྱིན་རླབས་ཡོན་ཏན་ཁྱད་པར་ཆེན་པོའི་མཐུས། །བདག་ཅག་ཡོན་བདག་འཁོར་དང་བཅས་པ་དང་། །དད་མོས་གྲོགས་བྱེད་རྗེས་སུ་ཡི་རང་རྣམས། །སྨོན་ལམ་མཐུ་སྟོབས་ཁྱད་པར་ཆེན་པོ་ཡིས། །དང་བའི་ཡིད་ཀྱིས་མཆོད་རྟེན་འདིར་བརྩིགས་པས། །དེང་ནས་བདག་ཅག་སྡིག་སྒྲིབ་བྱང་གྱུར་ཏེ། །བླ་མེད་བྱང་ཆུབ་བདག་ཅག་མྱུར་ཐོབ་ཤོག །བརྒྱད་པ་ནི། ཕུན་སུམ་ཚོགས་པ་མངའ་བ་སོགས་སམ། སྟོན་མཆོག་དམ་པ་སོགས་སམ། ཆེ་བའི་ཆེ་མཆོག་སོགས་ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གང་རུང་བརྗོད་ལ། རོལ་མོ་བསྒྲག་ཅིང་མེ་ཏོག་གི་ཆར་དབབ་པར་བྱའོ། །སཙྪ་ཁྲི་འབུམ་ལ་སོགས་འདེབས་པའི་ཚེ། །ཆོ་ག་མེད་ན་ཕན་ཡོན་བྱིན་རླབས་ཆུང་། །རྒྱས་འབྲིང་ལན་གྲངས་མང་པོ་ལྕོགས་དཀའ་ཞིང་། །བསྡུས་པ་འགའ་ཡང་རང་བཟོར་སྦྱར་བར་མཐོང་། །དེས་ན་ཆོ་ག་ཚར་མང་བཏང་བ་ལ། །ཕན་པའི་སེམས་ཀྱིས་གཞུང་དང་མཆོད་འབུལ་གྱི། །སྙིང་པོར་བསྡུས་ཀྱང་བྱིས་བློས་ནོངས་པ་ཀུན། །མཆོག་གསུམ་སྤྱན་སྔར་བཤགས་སོ་ཚངས་པ་སྩོལ། །རྒྱལ་བས་ཆེ་ཐང་བསྔགགས་པའི་ཆོས་ཚུལ་འདི། །འཛམ་གླིང་ཀུན་ཏུ་རྒྱས་པས་ལུས་ཅན་ཀུན། །གནས་སྐབས་མཐར་ཐུག་དགེ་ལེགས་དཔལ་གྱིས་འབྱོར། །མི་གནས་བྱང་ཆུབ་ཆེན་པོ་མངོན་བྱེད་ཤོག །ཅེས་པ་འདིའང་གདན་ས་ཆེན་པོ་དཔལ་སྤུངས་སུ་ལོ་བསྟར་སཱཙྪ་མང་པོ་རྒྱུན་སྒྲུབ་ཀྱི་སྲོལ་དབོན་སྤྲུལ་རིན་པོ་ཆེ་ནས་བཙུགས་པ་སོགས་ལ་ཤིན་ཏུ་ཉེར་མཁོར་གྱུར་པ་དང་། དད་འབྱོར་ལྡན་པ་གཉེར་མགོན་འགྲུབ་ནས་དྲི་མེད་ཁང་བརྩེགས་མཆོད་རྟེན་རིང་བསྲེལ་འབུམ་ཕྲག་གི་སྙིང་པོ་ཅན་གསར་བཞེངས་སྐབས་སྔ་ཕྱིར་དོན་གཉེར་ཆེན་པོས་བསྐུལ་ངོར། མང་ཐོས་ཀྱི་དགེ་སྦྱོང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་ཀྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ།། །།


previousམཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་ཆོ་ག་མཁན་ཆེན་ཞི་བ་འཚོས་མཛད་པ་ལས་ཉུང་ངུར་བསྡུས་པ་དྲི་མེད་ལམ་འཇུག །ཡོན་ཏན་རྒྱ་མཚོ།next