cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་པ་པ།

གླེགས་བམ། ང༽

བཤད་སྒྲུབ་ཆོས་ཀྱི་ཉི་མ། ཀརྨ་པ་རང་བྱུང་རྡོ་རྗེ། བློ་གྲོས་མཐའ་ཡས། དཔལ་ཆེན་འདུས་པ། མདོ་སྔགས་བསྟན་འཛིན་བཟང་པོ། པདྨ་མདོ་སྔགས་བསྟན་འཛིན། ངག་དབང་ལེགས་གྲུབ། རིག་འཛིན་འཇིགས་མེད་གླིང་པ། ལེགས་བཤད། མི་ཕམ་འཇམ་དབྱངས་རྣམ་རྒྱལ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

འཕགས་པ་དྲི་མེད་རྣམ་གཉིས་ཀྱི་སྙིང་པོ་གྱུར་པའི་ཁང་བུ་བརྩེགས་པའི་མཆོད་རྟེན་བཞེངས་པ་ལ་ཉེར་མཁོའི་ཡན་ལག་དགོས་པ་ཀུན་ཚང་། བཤད་སྒྲུབ་ཆོས་ཀྱི་ཉི་མ།

འཕགས་པ་དྲི་མེད་རྣམ་གཉིས་ཀྱི་སྙིང་པོ་གྱུར་པའི་ཁང་བུ་བརྩེགས་པའི་མཆོད་རྟེན་བཞེངས་པ་ལ་ཉེར་མཁོའི་ཡན་ལག་དགོས་པ་ཀུན་ཚང་བཞུགས་སོ། །

རབ་འབྱམས་ཞིང་གི་རྒྱལ་བ་ཐམས་ཅད་ལས། །ཐུགས་བསྐྱེད་རྨད་བྱུང་ཟས་གཙང་སྲས་པོ་དང་། །གངས་ལྗོངས་བསྟན་པའི་ཉིན་བྱེད་སྤེལ་མཛད་པ། །ཞི་མཚོ་བརྒྱུད་པ་བཅས་ལ་གུས་ཕྱག་འཚལ། །སྲས་བཅས་རྒྱལ་བ་ཀུན་ལས་ཆེས་ལྷག་པའི། །སྙིགས་མའི་དུས་འདིར་ཐུགས་བསྐྱེད་གོ་བསྒོས་ནས། །ལྔ་བདོའི་འགྲོ་ལ་དམ་ཆོས་སྣང་མཛད་པའི། །དྲིན་ཆེན་མཚུངས་མེད་བླ་མར་ཕྱག་བགྱིའོ། །བདེར་གཤེགས་རྣམས་ཀྱིས་འགྲོ་ལ་རྗེས་བརྩེ་བས། །ལྷ་མིའི་མཆོད་འོས་ཚོགས་བསགས་ཞིང་བཞགས་པའི། །རིང་བསྲེལ་སྙིང་པོའི་མཆོད་རྟེན་ཇི་སྙེད་པ། །ཕྱོགས་བཅུའི་ཞིང་ན་བཞུགས་ལ་ཕྱག་འཚལ་ལོ། །གང་ཞིག་མཐོང་དང་མཚན་ཐོས་ཙམ་གྱིས་ཀྱང་། །ངན་འགྲོ་ལས་ལྡོག་མཐོ་རིས་རྟེན་ཐོབ་ནས། །མི་གནས་ཞི་བར་སྦྱོར་བྱེད་དྲང་སྲོང་ཆེ། །བདེན་པར་གསུང་དེས་ཡང་ཡང་བསྔགས་པར་མཛད། །དེ་ཕྱིར་སྲིད་པའི་སྐྱོན་དང་ངེས་ལེགས་ཀྱིས། །ལེགས་ཚོགས་ཡོན་ཏན་ཇི་བཞིན་ཡོངས་ཤེས་ནས། །སྲིད་ལས་ངལ་གསོ་དོན་གཉིས་མཆོག་འདོད་པའི། །སྐལ་བཟང་དེ་དག་དགྱེས་པའི་ལམ་འདི་སྤྲོ། །དེ་ལ་འདིར་གང་ཟག་མངོན་མཐོ་དང་ངེས་ལེགས་དོན་དུ་གཉེར་ཞིང་ལས་འབྲས་ལ་ཡིད་ཆེས་པ་དག་གིས་ནི་རྒྱལ་བའི་ཐུགས་ཀྱི་མཆོད་རྟེན་རིན་པོ་ཆེ་འདི་ཉིད་དང་དུ་བླང་བར་རིགས་ཏེ། དཔུང་བཟང་གི་ཞུས་པ་ལས། གཙང་ཞིང་དབེན་པ་ས་ཡི་ཕྱོགས་སུ་ནི། འཇིམ་པའམ་ནི་བྱེ་མ་ལས་བྱས་པའི། བདེར་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། སྡིག་པ་སྦྱངས་པའི་ཕྱིར་ནི་རྟག་ཏུ་གདབས། ཞེས་གསུངས་པ་བཞིན་ལག་ཏུ་བླང་བར་བྱ་བ་སྟེ། སྤྱིར་དྲི་མེད་རྣམ་གཉིས་ནི་མཆོད་རྟེན་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ཡིན་པས་ཐམས་ཅད་ལ་མེད་དུ་མི་རུང་བའི་ཡན་ལག་ཡིན་ཀྱང་། དེང་སང་ཐམས་ཅད་ཀྱིས་བཞེངས་སླ་བ་དང་ནང་ཡངས་པའི་ལག་ལེན་སྟབས་བདེ་བས་དྲི་མེད་ཁང་བརྩེགས་ཞེས། མིང་འདོགས་པར་བྱེད་པ་ལ་ཉེ་བར་མཁོ་བའི་ཡན་ལག་མདོར་བསྡུས་ཡིག་ཚན་གཅིག་ཏུ་འདུས་པར་བྲི་ན། ༈ གང་དུ་བཞེངས་པའི་གནས་ཀྱི་ཁྱད་པར་བཤད་པ། གང་གིས་བཞེངས་པའི་སྦྱིན་བདག་གི་མཚན་ཉིད། དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དང་བསྙེན་པའི་ཡན་ལག་བཤད་པ། ཇི་ལྟར་བཞེངས་པའི་ཚུལ་རྒྱས་པར་བཤད་པ་དེ་ལྟར་བཞེངས་པའི་མཐར་ཕྱིན་པའི་ཡན་ལག་བཤད་པ་སྟེ་ལྔའོ། །དང་པོ་ནི། སྤྱིར་རྒྱ་བོད་ཀྱི་གཙུག་ལག་ལས་བཤད་པའི་བཟང་ཞིང་ས་དཔྱད་དགེ་བ་ཡུལ་གྱི་དགེ་བཅུ་ཚང་བ་སོགས་ཕུན་སུམ་ཚོགས་པའི་གནས་སམ། མིན་ཀྱང་གསང་བ་སྤྱི་རྒྱུད་ལས། མཐོ་དམན་སྙོམ་ཤིང་གཙང་ལ་སྣུམ། ཟུག་རྡུའི་ཉེས་པ་རྣམ་པར་སྤང་། ཤར་དང་བྱང་དུ་གཞོལ་བ་ཡི། ས་གཞི་ལས་རྣམས་ཀུན་ལ་ཤིས། ཞེས་པ་བཞིན་ནམ། འདིར་ནི་གཙོ་བོར་བྱ་བ་མོད་རང་གི་དགོངས་པ། ལམ་གྱི་སུམ་མདོའམ་བཞི་མདོ་སྐྱེ་བོ་མང་པོ་ཕན་ཚུན་འགྲོ་བའི་གནས་ཞེས་གསུངས་པའི་མཐོང་ཐོས་གྲིབ་མས་ཕོག་པ་དང་ཐ་ན་རླུང་ཕྱོགས་ཀྱིས་ཕོག་པའང་ངན་སོང་ལས་གྲོལ་བར་གསུངས་པས་ན། ལམ་སྲང་སུམ་མདོ་དང་བཞི་མདོ་སོགས་མི་མང་འདུ་བ་དང་འགྲོ་བའི་གནས་སུ་གཙོ་ཆེ་བར་བྱས་ཏེ། འོན་ཀྱང་དགོན་གནས་དང་གྲོང་ཁྱེར་སོགས་ཀྱི་ཤར་དང་ལྷོ་དང་གཉའ་བར་སོགས་སྤྱིའི་ས་དཔྱད་ལས་ཀྱང་མི་རུང་བར་གསུང་པས་སྤང་དགོས་ཏེ། རྗེས་སོར་སྟབས་ལེགས་ཉེས་ཀྱིས་རྩོད་པ་དང་བསྐུར་འདེབས་མཆོད་རྟེན་ཆུད་ཟ་བ་སོགས་འབྱུང་བས་སྤང་བར་བྱ་བ་དང་། གཞན་ཡང་ཐམས་ཅད་ཀྱིས་ཕྱག་དར་དོར་བའི་གནས་དང་། དྲིང་མི་གཙང་བའི་ཕྱོགས་སོགས་ནི་མི་རུང་བ་དང་། རྒྱུ་མཚན་མེད་པར་དང་འདོད་ཀྱིས་དབེན་པ་སྐྱེ་བོའི་རྒྱུ་འཁྲུལ་མེད་པ་རྣམས་ནི་སྤང་བར་བྱ་བའོ། ༈ །གཉིས་པ་གང་གིས་བཞེངས་པའི་སྦྱིན་བདག་གི་མཚན་ཉིད་ལ། སྤང་བྱའི་མཚན་ཉིད་ཅན་ནི། འཕགས་པའི་ཞལ་སློབ་ཚ་རོང་པ་བསོད་ནམས་འོད་ཟེར་གྱིས་ཞལ་སྔ་ནས། སྡིག་ལ་མི་འཛེམས་དད་འདུན་ཆུང་། ཚེ་འདིའི་ལོ་འདོད་འགྲན་འདོད་བློ། ངང་ཐུང་ཐེག་ཆུང་འགྱོད་སེམས་ཅན། ཕན་ཡོན་དག་ལ་ཐེ་ཚོམ་དང་། ལྷ་དང་བཟོ་བོར་སྨོད་པའོ། །ཞེས་གསུངས་པས། གཙོ་ཆེན་ཚེ་འདིའི་འགྲན་སེམས་ལོ་འདོད་ཙམ་ལས་ཕྱི་མའི་འབྲས་བུ་མི་སེམས་ཤིང་། ལོངས་སྤྱོད་མ་སོང་ན་དགའ་མགྱོགས་པར་ཟིན་ན་དགའ། མི་སྔོན་དུ་ལེགས་པ་འོང་དགོངས་ཤིང་མཆོད་རྫས་སོགས་ཅི་ལོ་ལོ་བྱེད་ཅིང་མ་གུས་པ་དག་ནི་སྤང་བར་བྱ་བ་སྟེ། དེ་འདྲའི་རིགས་ལ་མཁན་པོ་དེས་ཐོག་མར་ཉིད་ནས་ཀུན་སློང་དང་ཕན་ཡོན་སོགས་ཞིབ་རྒྱས་རེ་གསུངས་ནས་བློ་འཆོས་ཐུབ་པ་རེ་མ་མཛད་ན། ཆེ་ཚུགས་བཟུང་པས་ནི་རང་གཞན་གཉིས་ཀ་འོ་བརྒྱལ་ལས་མི་འོང་བས་ཆེ་འགྱིང་མི་མཛད་པར་དམ་པའི་ཆོས་བཞིན་བཤད་པ་ལ་ངོ་ཚ་དོན་མི་འདུག་པས་དང་པོ་ནས་ཀུན་སློང་དང་ཕན་ཡོན་རྒྱས་པ་རེ་བཤད་ན། ཐམས་ཅད་ཡིད་སྤྲོ་ཞིང་བྱ་བ་མྱུར་དུ་འགྲུབ་ཅིང་། ཆོས་ཆོས་སུ་འགྲོ་ངེས་རེ་འོང་བ་ཁོ་བོའི་མྱོང་གྲུབ་ཡིན་པས་དེ་འདྲའི་བཀའ་དྲིན་ཞུའོ། །ཡོན་བདག་མཆོག་གི་མཚན་ཉིད་ནི། །དད་འདུན་བརྩོན་འགྲུས་སྙིང་རྗེ་ལྡན། །དགེ་ལ་མངོན་སྤྲོ་གཏོང་ཕོད་ལྡན། །བརྟན་ཞིང་ངང་རིང་གཡོ་སྒྱུ་མེད། །ལྷ་དང་བཟོ་བོར་གུས་པའོ། །ཞེས་གསུངས་པས། སྦྱིན་བདག་འབྱོར་པ་ཆེར་མེད་ཀྱང་གཏོང་ཕོད་ཆེ་ཞིང་སེར་སྣ་མེད་པ། ཚེ་འདིའི་ཕྱོགས་སུ་མ་སོང་བ། མཁན་པོའི་ཅི་གསུང་གི་བཀའ་སྒྲུབ་ཅིང་ངལ་དུབ་ལ་མི་ལྟོས་པ་ནི་ཡོན་བདག་གི་མཚན་ཉིད་ལགས་པས་བླང་བར་བྱ་བའོ། །མདོར་ན་ཡོན་བདག་མཆོག་དམན་གང་ཡིན་ཀྱང་མཁན་པོས། ཕན་ཡོན་སོགས་རྒྱུ་མཚན་རྒྱས་པར་གསུང་ཞིང་རྟེན་གྱི་བྱ་བ་རྣམས་འབྱོར་ནས་མ་ལྕོག་ན་མ་གཏོགས་བརྙས་བཅོས་མེད་པར་རྒྱལ་བ་སྲས་བཅས་ཐུགས་མི་ཁྲེལ་བ་དང་། དམ་པའི་ཆོས་ལ་བརྟེན་ནས་ངན་སོང་གི་རྒྱུར་མ་སོང་བ་གལ་ཆེའོ། ༈ །གསུམ་པ་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དང་བསྙེན་པའི་ཆོ་ག་བཤད་པ་ནི། རབ་དགེ་སློང་རྡོ་རྗེ་འཛིན་པ། འབྲིང་དགེ་ཚུལ། ཐ་མ་དགེ་བསྙེན་གྱི་སྡོམ་པ་ལ་གནས་པ་ཞིག་དགོས། དེ་ལྟར་མིན་པ་སྔགས་ཀྱི་ཆོ་ག་དང་ས་ཆོག །རབ་གནས་དཀྱིལ་འཁོར་གྱིི་བྱ་བ་བྱེད་ཆོག་པ་རྒྱུད་སྡེ་རྣམས་ནས་མ་གསུངས་པས། དེ་བས་ན་ཐུན་མོང་གི་སྡོམ་པས་རྒྱུད་བསྡམ་ཞིང་ཁྱད་པར་ཀྱི་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ། བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པ། ལས་འབྲས་ལ་ཡིད་ཆེས་པ། འཁོར་བ་ལས་ངེས་པར་འབྱུང་བས་ཚེ་འདིའི་མདུན་མ་ཉུང་བ། ཆོག་ཤེས་དང་ལྡན་པ། གཞན་ཕན་གྱི་བྱ་བ་སྒྲུབ་པ། ཐུགས་དང་རྒྱུད་བཟང་བ་ཆོ་གའི་ཕྱག་ལེན་ལ་མཁས་པ་དེ་ལྟ་བུ་ཞིག་དགོས། གཞན་ཡང་སྡོམ་དང་དམ་ཚིག་གི་མིང་ཙམ་ཡང་མི་ཤེས་པ། ལས་འབྲས་རིང་དུ་དོར་བ། རང་མགུའི་འགྱིང་ཆེ་བ། སྙིང་རྗེའི་དཔྱང་ཐག་ཆད་པ། གཞན་ཕན་ཡིད་ལ་མེད་པ། རྟག་ཏུ་ཚེ་འདིའི་ཕྱོགས་སུ་སོང་བས་བྱ་བ་མང་བ། རྙེད་བཀུར་སྙན་གྲགས་ནི་སྙིང་ལ་ཟུག་པ། དཀྱིལ་འཁོར་དང་ཆོ་གའི་ཕྱག་ལེན་མི་ཤེས་ཀྱང་ཤེས་བརྫུའི་སྟོང་ཟོབ་ཅན། ཆོག་ཤེས་མེད་པ། རྟག་ཏུ་རྒྱུད་རྩུབ་པ་དགའ་མགུ་སླ་བ་དེ་ལ་ནི་སློབ་དཔོན་གྱི་མཚན་ཉིད་དབེན་པ་ཡིན། མདོར་ན་གསང་སྔགས་ཀྱི་སློབ་དཔོན་དེ་ལ་ནི། འཁོར་བ་ཞེན་ལོག་གི་ངེས་འབྱུང་། གཞན་ཕན་དོན་གཉེར་གྱི་སེམས་བསྐྱེད། སྣང་སྲིད་རྣམ་དག་གི་ལྟ་བ། དཀྱིལ་འཁོར་དང་ཆོ་གའི་ཕྱག་ལེན་ལ་མཁས་པ་དེ་བཞི་ཡོད་དགོས་པ་ཡིན། དེ་ལྟ་བུ་དེས་ཐོག་མར་བསྙེན་པ་བྱ་དགོས་པས། དང་པོ་འོད་ཟེར་དྲི་མེད་ཀྱི་བསྙེན་པའི་ཟིན་ཐོ་མདོར་བསྡུས་ནི། འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་གང་ེ་མཎྜལ་ཁྲུ་གང་བ་ལ་བ་ལྕི་བྱུག །དྲི་བཟང་གི་ཆག་ཆག་གདབ། ཐུབ་པའི་སྐུ་སོགས་རྟེན་གྱི་སྤྱན་སྔར། ཁྱད་པར་གྱི་མཆོད་པ། མཆོད་ཡོན། དྲི་ཆབ། མེ་ཏོག སྤོས། ཞལ་ཟས། ཁུར་བ་སྣ་ཚོགས། ཤིང་ཏོག །སྲན་དཀར་གྱི་ཆན། འོ་མའི་ཐུག་པ་སོགས་གཡས་སྐོར་དུ་བཤམས། དེ་ལ་ཕྱོགས་པའི་སྟན་གྱི་འོག་༼ཏུ་འབྲུའ༽ི་རྡོ་རྗེ་རྒྱ་གྲམ་དང་ཀུ་ཤ་དཀྲམ། དཀར་གསུམ་གྱི་ཟས་དང་ལྤགས་རིགས་མིན་པའི་གོས་སྟན་དང་། གྲོགས་བཟང་པོ་འདུ་ཟག་གིས། ས་ཕྱོགས་དབེན་པ་ཡིད་དང་མཐུན་པའི་གནས་སུ། ཆོ་འཕྲུལ་ཟླ་བ་སོགས་ཀྱི་ཡར་ཚེས་གཟའ་སྐར་བཟང་པོར། གནས་ཁང་ཕྱི་དོར་བྱས་ཏབྱ། སང་དབུ་བཙུག་ན་དོ་ནུབ་ལྟ་བུར། ཆ་གསུམ་བསྔོ། གནས་ཁང་མཆོད་རྫས་རྣམས་གུ་གུལ་གྱི་བདུག་བགེགས་བསྐྲད། མཚམས་ཐོ་བཀོད། ནང་བར་ཐོ་རང་ལང་ཏེ་གཤང་ཅི་བསལ། གྲུབ་ན་གསོ་སྦྱོང་བླང་། འོག་ཏུ་དགོས་པའི་ཉེར་མཁོ་རྣམས་ཆོ་ག་ལྟར་འདུ་བྱ། ཁྲུས་བྱ་བ་བགེགས་བསལ་སོགས་བཀླག་གྲུབ་གཞུང་ལྟར་བྱ། དཀོན་མཆོག་རྗེས་དྲན་སྐྱབས་སེམས་ནས་ཆོ་ག་གཞུང་རྣམས་ཚིག་རྗེས་དོན་དྲན་བཞིན་པས་ཕྱག་རྒྱ་བཅས་ལེགས་པར་བྱ། བཟླས་པའི་སྐབས་རང་ལྷར་གསལ་བ་དང་། མདུན་རྟེན་ལྷར་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རྩ་བའི་སྔགས་དང་སྙིང་པོའི་བསྐོར་བ་ལ། མངོན་སུམ་ལྟར་བལྟ་སྟེ་ཟློས་པ་པོ་རུ་སྦལ་གྱི་ཡན་ལག་བསྐུམ་པ་དང་། ལྕེའི་ཆུ་བཏུང་བ་ལྟར་དབུག་རྒྱུ་བ་དང་། དབང་པོའི་གྲོང་ནང་དུ་བསྡུས་ཀྱང་མིག་ཕྱིར་བལྟ་བའི་ཚུལ་གྱིས་མིག་ཟིམ་པ་བྱས་གདོང་ཅུང་བསྟོད་དེ། སྒྲ་སྔགས་ཀྱི་ཕྲེང་བ། སེམས་ཟླ་བའི་དཀྱིལ་འཁོར། གཞི་སངས་རྒྱས་ཀྱི་སྐུ་རྣམས་རིམ་པ་འདིས་ཅིག་ཆར་དུ་དམིགས་ཤིང་། ཡིད་བཟླས་ལམ་ཤུབ་བུའི་བཟླས་པ་བྱའོ། །བར་སྐབས་སུ་རླུང་བག་ཡངས་སུ་བྱ་ཞིང་དབུགས་འབྱུང་བ་ན་གསང་སྔགས་མི་འགྱུར་བའི་གཞི། རང་གིས་བསྒོམ་པའི་ལྷ་ལ་བལྟས་ནས། ཡང་སྔར་བཞིན་མདུན་གྱི་སྐུ་ལ་སོགས་པ་གསུམ་ལ་དམིགས་ཤིང་དབུགས་འབྱུང་བའི་མཐའ་ཡིད་བར་དུ་སྲོག་རྩོལ་བསྡོམ་ལ་བཟླས་བརྗོད་བྱའོ། །དེ་ལྟར་བཟླ་བའི་ཚེ་ཁྲོ་བ་དང་དགའ་བ་སོགས་རྣམ་རྟོག་དང་། གཏམ་མི་སྨྲ། ལྷ་གཞན་མི་སྒོམ། ཡན་ལག་འགྱུར་བ་མེད་པར་བཟླའོ། །ངལ་ན་སྒྲ་སོགས་རིམ་པར་བསྡུས་ནས་ཐ་མལ་གྱི་ངང་ལ་ལྡང་ངོ་། །གལ་ཏེ་བཟླས་པ་བྱེད་འཕྲོ་ལ་གཉིད་དང་གླལ་བ་སྒྲིད་པ་གློ་ལུད་པ་འོག་རླུང་། གཤང་གཅི་བྱུང་བ། མི་ཚིག་གི་བར་ཆོད་པ། ནོར་ནས་སྔགས་གཞན་བཟླ་བ་སོགས་བྱས་ན། མོད་ལ་ཕྲེང་བ་བཞག་ལ་བཅག་པ་སོགས་བྱས་ཁྲུས་དང་ཉེ་རེག་བཟླས་པའི་མགོ་ནས་བརྩམ་པར་བྱ་ཡི། སྔར་གྱི་དེ་གྲངས་སུ་མི་བརྩམ། དེ་ལྟར་སྤང་བླང་ཐེམ་བའི་བསྙེན་པ་གྲངས་བརྩིས་པས་ཉིན་མཚན་ཐུན་བཞིའི་རྣལ་འབྱོར་གྱིས། རབ་གཟུངས་རིང་བཞི་ཁྲི། གཟུངས་ཐུང་བཞི་འབུམ། མིན་ཀྱང་གཟུངས་རིང་ཁྲི་དང་། གཟུངས་ཐུང་ཆིག་འབུམ་གཏོང་བ་ལས་རུང་ཙམ་མོ། །ཐུན་བསྡུ་བ་ན་ཕྲེང་བ་ཕུལ་བ་སོགས་དང་ཕྱོགས་མཚམས་བཀྲོལ་བ་རྣམས་གཞུང་ལྟར་རོ། །ཐུན་མཚམས་སུ་འཛག་པ་སྲུང་བའི་སྲུང་སྐུད་བརྟེན་པ་ནི། བུ་མོ་གཙང་མས་བཀལ་བའི་སྐུད་པ་དམར་པོ་གུར་གུམ་གྱིས་བཙོས་པ་ལ་མདུད་པ་བདུན་བཏབ། ༀ་ཧ་ར་ཧ་ར་བནྷ་ནི་ཤུ་ཀྲ་དྷ་ར་ཎཱི་སིངྷ་རྠ་སྭཱ་ཧཱ། ཞེས་སྟོང་བཟླས་ཏེ། སྲོད་ཀྱི་དུས་རྐེད་ལ་བཅིང་ན་འཛག་པ་བསྲུང་ངོ་། །བླ་གོས་བསང་ལ། ༀ་རཀྵ་རཀྵ་མ་ན། སརྦ་བུདྷ་ཨ་དྷིཥྠ་ན་ཨརྻ་རྩི་བ་ར་སྭཱ་ཧཱ། ཞེས་ལན་གསུམ་གྱི་བསང་གཏོར་བྱས་ལ་རྡུལ་དང་དྲི་མས་མ་གོས་པར་བགོ ཉལ་བ་དང་ཁྲུས་དུས་མ་གཏོགས་པ་མཐིང་གོས་ཡང་གྱོན་པ་དང་། ཤེར་སྙིང་སོགས་གླེགས་བམ་བཀླག་པ་དང་། སངས་རྒྱས་ཆོས་དགེ་འདུན་གཏོང་བ་ཚུལ་ཁྲིམས་ལྟ་སྟེ་རྗེས་དྲན་དྲུག་སྒོམ་པ་དང་། མཎྜལ་ཕུལ་བ། སཱཙྪ་གདབ་པ་རྣམས་ཉམས་སུ་ལེན་པ་དྲུག སྤང་བྱ་ནི། ཏིལ་དང་། ཚ་རྗེན་པར་བཟའ་བ། སྲན་མའི་རིགས་ཟས་གང་ཡང་རུང་ཅུང་སེང་བྱས་པ་སྟེ་ཆང་བུ་བྱས་པ་དང་། ཤ་ཆང་སྒོག་རིགས། ལ་ཕུག །སྔོ་ངད། གཞན་གྱི་ཟས་ལྷག སྐོམ་ལྷག་འབག་པ་དང་། རང་གི་ཁ་འཕྲོ་སེང་བ་དང་། ཁམ་ཕྱེད་དུ་བཅད་པ། ཟས་འདྲེས་པའི་ལག་པས་གདོང་ལ་རེག་པ། ཟས་ཟོས་པའི་ལྷག་རོལ་ལྷུང་བཟེད་དུ་དོར་བ་དང་། སྐྱི་ཆགས་པའི་ཞྭ་གོས་ལྷམ་ལ་ལོངས་སྤྱོད་པ། ཕྱི་རོལ་དུ་འབུད་པ་དང་། ལྤགས་རིགས་ཀྱི་སྟན་གོས་ལ་ལོངས་སྤྱོད་པ། ཕྲེང་ལུང་ཡང་རས་སྐུད་དང་སྟོང་སྐུད་ལས་རྒྱུན་བུས་མི་བྱ་བ། ཁྲུས་བྱེད་པ་དང་ཉལ་བའི་དུས་མ་གཏོགས་བླ་གོས་མཐིང་གོས་བཞག་པ་སོགས་སྤང་བར་བྱའོ། །མདོར་ན་ཁྲུས་དང་གཙང་སྦྲ་དཀར་སྤྱད་དགོངས་བཅད་སོགས་ཤིན་ཏུ་གཙོ་ཆེ། རྗེས་སུ་མཚམས་གྲོལ་བའི་ཚེ་དཀྱིལ་འཁོར་ལ་མཆོད་པ་གྱ་ནོམ་པ་ཕུལ། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་བ་མང་དུ་བཟླས་པས་ལྷག་ཆད་ཁ་བསྐང་། ཤེར་སྙིང་སོགས་མདོ་དང་བཟང་སྤྱོད་སོགས་སྨོན་ལམ་རྒྱ་ཆེན་དང་བཀྲ་ཤིས་དགའ་སྟོན་བཅས་པའི་གཟའ་སྐར་བཟང་པོའི་སྔ་གྲོ་ལ་མཚམས་ཐོའི་ལྷ་ལ་གཏང་རག་བྱས་ཏེ་གཤེགས་སུ་གསོལ་ནས་མཚམས་གྲོལ་བའོ། ༈ །གཙུག་གཏོར་དྲི་མེད་བསྙེན་ཚུལ་མདོ་བསྡུས་ནི། དེའི་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་གང་ཟག་གིས། དབེན་ཞིང་ཡིད་དུ་འོང་བའི་གནས་སུ། ཡར་ངོའི་གཟའ་སྐར་བཟང་བའི་ཚེས་ལ་གནས་ཁང་བྱི་དོར་བྱས་ཏེ། མདུན་གྱི་རྟེགས་མཛེས་པར་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་བཀོད་པ་དང་། རང་མདུན་རྡོར་དྲིལ་བསང་ཆུ་འཐོར་ཡབ་རྣམས་དང་། རང་གི་གཡོན་ནས་བརྩམ་ཏེ་ཆུ་གཉིས་ཉེར་སྤྱོད་སོགས་མཆོད་པ་བཟང་བར་བཤམས་གཞི་བགེགས་ལ་གཏོར་མ་བཏང་ཏེ་མཚམས་བཅད་ཅིང་ཐོ་འཛུག །ཆུ་གཙང་དྲི་བཟང་དང་སྦྱར་བས་སྤྱན་མ་སོགས་ལྷ་མོ་བཞིའི་བདག་ལ་ཁྲུས་མཛད་པར་མོས་ལ། གཟུངས་ཐུང་བཟླ་བཞིན་ཁྲུས་བྱ། དེ་ཉིད་དམ་ཚིག་རྟེན་འབྲེལ་སྙིང་པོའི་བྱིན་གྱིས་བརླབས་པའི་གོས་གསར་པ་གྱོན་པར་བསམ། ༀ་ཨ་མོ་གྷ་པ་རི་ཤུདྷེ་ཤོ་དྷ་ཡ་ས་མ་དེ་ནི་དྷ་རི་དྷ་རི་ཤུདྷེ་ཤོ་དྷ་ཡ་མ་ཧཱ་པདྨ་སྭཱ་ཧཱ། ཞེས་པ་བྱུང་ལ་བཟླས་པས་གནས་ཁང་ལ་ཆག་ཆག་གདབ་པར་བསམ། ཟས་གོས་ཡོ་བྱད་རྣམས་ལ་གཏོར་བས་ཉེས་པ་ཀུན་སེལ་བར་བསམ། ༀ་ཤྲི་མ་ཧཱ་ཀ་རུ་ཎ་པདྨ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ་བཛྲ་ཨ་དྷིཥྛ་ན་བྷུ་རུ་བྷ་ནཾ་དྷི་རི་སྭཱ་ཧཱ། ཅེས་བཟླས་ཤིང་། དྲི་བཟང་གིས་ཆུས་གཏོར་དེ་དབྱུག་པ་བྱས་པར་བསམ་མོ། །དཀོན་མཆོག་རྗེས་དྲན། སྐྱབས་སེམས་མཆོད་པ་བྱིན་རླབས་ནས་ཚིག་རྗེས་དོན་དྲན་དལ་བུས་གཏོང་། བཟླས་པའི་ཚེ་ལྷ་སོ་སོའི་ཐུགས་ཀར་ཟླ་བ་ལ་རང་རང་གི་ས་བོན་སྔགས་ཀྱི་བསྐོར་བར་གྱུར་པ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་། སངས་རྒྱས་བྱང་སེམས་ཐམས་ཅད་འོད་ཟེར་གྱི་རྣམ་པ་བྱོན་ཅིང་། འཇིག་རྟེན་སྣོད་བཅུད་ཀྱི་བདུད་རྩི་ཐམས་ཅད་ཀྱང་བསྡུས་ཏེ་ལྷ་རྣམས་ལ་སོ་སོར་ཐིམ་པར་གྱུར། ཞེས་དམིགས་པ་གསལ་ཡང་ཡང་བཏབ་སྟེ་གཟུངས་རིང་༼ཐུང་བཟླ་བ༽ནི་ཐུན་མོང་བའོ། །ཐུན་མིན་ནི། བསོད་ནམས་འཕེལ་བར་འདོད་པས་སྤྱི་བོའི་སྟེང་དུ་རིན་པོ་ཆེའི་གདུག་དཀར་པོར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ་ནས་བཟླའོ། །སྡིག་པ་བཅོམ་པར་འདོད་པས། རང་གི་མཛོད་སྦུའི་ནང་དུ་ནོ ར་བུ་རིན་པོ་ཆེ་ལ་སྔགས་ཕྲེང་བཀོད་དེ་བཟླའོ། ཉོན་མོངས་པ་འཇོམ་པར་འདོད་པས། རང་གི་སྣ་རྩེར་དཔལ་གྱི་བེའུའི་རི་མོ་སྔོན་པོ་བཀོད་དེ་བཟླའོ། ཡིད་རྣམ་པར་དག་ཅིང་དྲི་མ་དང་བྲལ་བར་འདོད་ན། སྤྱི་བོར་ཟླ་བའི་སྟེང་དུ་བུམ་པ་བདུད་རྩིའི་གང་བ་ལས་ཆུ་རྒྱུན་བྱུང་བས་ལུས་ཚིམ་པར་བསམ་སྟེ་བཟླའོ། །སྒོ་གསུམ་ཕ་རོལ་དུ་ཕྱིན་པ་དྲུག་གི་གང་བར་འདོད་ན། ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་བདག་གི་འདོམ་གང་ཙམ་ན་བཞུགས་པར་དམིགས་ཏེ་གསོལ་བ་འདེབས་པའི་ཚུལ་དུ་བཟླའོ། །དེ་ལྟར་ཚུལ་གང་ལ་དེ་དག་ཀུན་ལ་བོ་དི་ཙིཏྟའི་ཕྲེང་བ་བླང་སྟེ། གཡེང་བ་དང་། རྨུག་པ། གཏམ་གྱི་བར་ཆོད་པ། ཧ་ཅང་མྱུར་བ། ཧ་ཅང་དལ་བ། མི་གསལ་བ། འདྲེས་པ། འཁྲུག་པ། ལྷག་པ། ཆད་པ། ང་རོ་ངན་པ་སྟེ་སྐྱོན་བཅུ་གཅིག་དང་བྲལ་བར་བཟླའོ། །བཟླས་པའི་ཕྲེང་བ་མ་རྫོགས་ཀྱི་བར་ལ། ཆུ་དང་བཤང་བ། ཟས་ཟ་བ། འཆག་པ། ཉལ་བ། འགྲེང་པ། ཚིག་གི་བར་ཆོད་པ་སོགས་སྤངས་ཏེ། སྒོ་གསུམ་གུས་པས་དགའ་བ་དང་། དྭངས་པའི་ཚུལ་གྱིས་གསལ་ཞིང་ཕྱེད་པ་སྙན་པའི་གདངས་ཀྱིས་རྩེ་གཅིག་ཏུ་བཟླའོ། །དེ་ལྟར་ཐུན་བཞི་སོགས་ཀྱི་རིམ་པས། གཟུངས་རིང་བཞི་ཁྲི་དང་། །གཟུངས་ཐུང་བཞི་འབུམ་བཟླ་བའམ། གཟུངས་རིང་ཆིག་ཁྲི་དང་། གཟུངས་ཐུང་ཆིག་འབུམ་ནི་མ་བྱས་ཐབས་མེད་དོ། །རྗེས་སུ་བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་དམིགས་ཏེ། མཆོད་བསྟོད་རྒྱས་བསྡུས་ཅི་རིགས་བྱ། སྒོས་ཀྱི་ཆོས་སྐྱོང་དང་། ཆ་གསུམ་གཞི་བདག་གཏོར་མ་བསྔོ། ཡིག་བརྒྱ་ལན་གསུམ་གྱི་བཟོད་པ་གསོལ། ཡེ་ཤེས་པ་གཤེགས་དམ་ཚིག་པ་བསྡུས། རང་ཐུབ་པར་གསལ་བའི་གནས་གསུམ་ༀ་ཨཱཿཧཱུྃ་གིས་བསྲུང་ལ་བསྔོ་བ་བྱ་བ་སྟེ་ཐོག་མཐའ་ཀུན་དུ་ཁྲུས་དང་གཙང་སྦྲ་གལ་ཆེ་བ་ཡིན་ནོ། །དེ་ལྟར་བསྙེན་པ་གྲུབ་པ་ན། གཏང་རག་གི་མཆོད་པ་བཟང་བར་ཕུལ། རྡོར་སེམས་ཡིག་བརྒྱ་མང་དུ་བཟླས་པས་ལྷག་ཆད་ཁ་བསྐང་། ཤེར་སྙིང་སོགས་གླེགས་བམ་བཀླག །བཀྲ་ཤིས་པའི་དགའ་སྟོན་བྱ། མཚམས་ཐོའི་ལྷ་ལ་གཏང་རག་གི་མཆོད་པ་ཕུལ་ཏེ་ཐོ་ལེན། བཟང་སྤྱོད་སོགས་སྨོན་ལམ་དང་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་བསྙིལ་བས་དགེ་ལེགས་སུ་བྱའོ། ༈ །བཞི་པ་ཇི་ལྟར་བཞེངས་པའི་ཚུལ་བཤད་པ་ལ། སྤྱིར་ཉེར་མཁོའི་ཡན་ལག་བཤད་པ་དང་། དྲི་མེད་རྣམ་གཉིས་ཀྱི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ། ས་ཡི་ཆོ་ག་བཤད་པ། ཁང་བུ་བརྩེགས་པའི་མཆོད་རྟེན་གྱི་ཐིག་བཤད་པ། སྦྱོང་ཁྲུས་རབ་གནས་སོགས་སྤྱིའི་ཉེར་མཁོ་བཤད་པ། བུམ་གཏེར་སོགས་སྒྲུབ་པའི་ཆོ་ག་བཤད་པ་དང་བཞིའོ། །དང་པོ་ས་ཆོག་ལ། ས་བསླང་བ་དང་། སྦྱང་བ་གཉིས། བསླང་བ་ལ་སྣང་བ་མི་དང་མི་སྣང་བ་མི་མིན་ལ་བསླང་བ་གཉིས། དང་པོ་ནི་ཡུལ་དེའི་བདག་པོ་ལ་ཚིག་གིས་སམ། རིན་གྱིས་བསྲུ་བ་སྟེ་འདི་མི་དགོས་ཀྱང་བྱས་ན་ཕུན་སུམ་ཚོགས་པའོ། །གཉིས་པ་མི་སྣང་བ་ལ་བསླང་བ་ནི། དྲི་མེད་རྣམ་གཉིས་ཀྱི་བསྙེན་པ་སྔོན་དུ་སོང་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པས། ཐོག་མར་གཟའ་སྐར་ཤིས་པའི་ཉིན་ལོ་ཆེན་ཆོ་ག་བཀླག་གྲུབ་ལྟར། ནང་སྔ་བར་གསོ་སྦྱོང་བླང་། གང་དུ་བྱ་བའི་གནས་དེར་གཞི་བགེགས་ལ་གཏོར་མ་བཟང་བར་བཤམས་ཏེ་འབུམ་ཚིག་རྒྱས་བསྡུས་ཅི་འགྲུབ་ཀྱིས་ཕུལ་ཏེ། བདེན་ཚིག་བརྗོད་པ། ཀུན་དགའ་སྙིང་པོའི་གསུང་། ས་ལ་རྒྱུ་བའི་ལྷ་ཀླུ་དང་། གང་ཡང་ས་ལ་བརྟེན་པ་རྣམས། སེམས་ཅན་རྣམས་ལ་དགེ་དོན་དུ། བྱམས་པའི་སེམས་ཀྱིས་གནང་བར་མཛོད། ཞེས་ལན་གསུམ་བརྗོད་ལ་བསླང་། གཞན་དག་གིས་དེའི་ཟླ་ལ། མདོ་ཀློག་པ། ཆུ་གཏོར ། ཞི་བརྔན་བསང་གསུར། འཁོར་འདས་མཆོད་པ། གསེར་སྐྱེམས། འཁྲུག་བཅོས་སོགས་གང་འགྲུབ་བྱ། ཤིན་ཏུ་ཞན་ཀྱང་། བསང་སྡེ་བརྒྱད་གསེར་སྐྱེམས་ཅི་མང་། ཆ་གསུམ་ཅི་མང་མ་བྱས་ཐབས་མེད་དོ། །རྡོ་རྗེ་སློབ་དཔོན་གྱིས་འོད་ཟེར་དྲི་མེད་ཀྱི་ས་ཆོག་དབུ་ནས་བཟུང་། ས་བསྐོ་བའི་བར་གསུངས། གཉིས་པ་ས་སྦྱང་བ་ལ། ལས་དང་བྱ་བས་སྦྱང་བ་དང་། སྔགས་ཏིང་ངེ་འཛིན་གྱིས་སྦྱང་བ་གཉིས་ཏེ། དང་པོ་ལྟོ་འཕྱེ་བརྟག་པའི་རིམ་པ་སྟེ། ལྟོ་འཕྱེ་བརྟག་པ་གསར་རྙིང་ཡིག་རིས་འདྲ་མིན་ལྔ་ཙམ་མཐོང་ཡང་། འདོན་ཆ་དང་། བཅས་པ་ཚང་བ་ལ་འབྲི་གུང་ཆོས་གྲགས་པས་མཛད་པ་སྟབས་བདེ་བས་འདི་ལྟར། གང་དུ་བྱ་བའི་ས་ཕྱོགས་ཏེ། །སྐྱང་ནུར་མེ་ལོང་ངོས་ལྟར་བྱ། །དེ་སྟེང་ཤར་ནུབ་ཚངས་ཐིག་གདབས། །དབུས་ཚད་བཟུང་ལ་ཤར་ནུབ་ཏུ། །འཚམས་པའི་མཚན་མ་རེ་རེ་བྱ། །མཚན་མ་གཉིས་ཀྱི་སྟེང་ནས་རིམ། །ལྷོ་བྱང་བྱ་རོག་རྗེས་སུ་བྲི། །རྒྱ་གྲམ་སྟེང་དུ་ལྷོ་བྱང་གི། །ཚངས་ཐིག་གཉིས་སུ་བཏབ་པའི་ངོས། །ལྷོ་བྱང་སྔར་ཚད་མཚན་མ་གདབས། །མཚན་མ་བཞི་སྟེང་ནས་རིམ་བཞིན། །མེ་སྲིན་རླུང་དབང་པོ་སོ་རྒྱུ། །བྱ་རྗེས་བྱས་ཏེ་ཟུར་ཐིག་གདབས། །ས་ཕྱོགས་ཡང་དོག་གོ་སྐབས་དང་། །བསྟུན་པའི་རྒྱ་ཚད་ཤར་ནུབ་ཀྱི། །ཚངས་ཐིག་སྟེང་དུ་མཚན་མ་བྱ། །ཚད་དོ་ཚངས་སྟེང་ནས་བཟུང་ལ། །ཟུར་ཐིག་སྟེང་དུ་མཚན་མ་བྲི། །དེ་དག་སྦྲེལ་བས་དངོས་གཞིའི་ཐིག །གཞུང་དུ་ཀླུ་ཡི་རྒྱལ་པོ་ཡི། །ལུས་ཚད་མཐོ་བཅུ་གསུང་པའི་དོན། །ཆ་ཆེན་གྲངས་ཡིན་མཐོ་དངོས་མིན། །དེ་ཕྱིར་ཚངས་ལས་གཡས་གཡོན་དུ། །སྙོམ་པའི་མཚན་མ་ལྔ་ལྔ་བྱ། །སོ་སོར་ཐིག་བཏབ་ངོས་རེ་རེར། །ཆ་ཆེན་བཅུ་འབྱུང་སླར་ཆ་ཆེན། །རེ་རེའང་ཆ་ཕྲན་དགུ་དགུར་དབྱེ། །དེས་ནི་རེ་མིག་ཀུན་བསྡོམ་པར། །བརྒྱད་སྟོང་བརྒྱ་ཕྲག་གཅིག་འབྱུང་ངོ་། །ཕྱི་ཡི་ངོས་རེར་རེ་མིག་ནི། །དགུ་བཅུ་དགུ་བཅུ་འབྱུང་བ་ཡིས། །ཞག་གྲངས་སུམ་བརྒྱ་དྲུག་ཅུའོ། །དེ་ཡང་རགས་པའི་གནས་ལུགས་ལ། །དགུན་གསུམ་མགོ་ཤར་ཁ་ལྷོར་བལྟ། །དཔྱིད་གསུམ་མགོ་ལྷོ་ཁ་ནུབ་བལྟ། །དབྱར་གསུམ་མགོ་ནུབ་ཁ་བྱང་བལྟ། །སྟོན་གསུམ་མགོ་བྱང་ཁ་ཤར་བལྟ། །ལ་ལར་དགུན་གསུམ་མགོ་བོ་ལྷོ། །དཔྱིད་གསུམ་མགོ་ནུབ་དབྱར་གསུམ་ལ། །མགོ་བྱང་སྟོན་གསུམ་མགོ་ཤར་ཞེས། །འབྱུང་ངོ་གཞན་ཡང་དཔྱིད་ར་སོགས། །ངོས་འཛིན་དུས་ཀྱི་འཁོར་ལོ་དང་། །རྒྱ་ནག་གསར་རྙིང་ལ་སོགས་པ། །ཐ་དད་ལུགས་མང་ངལ་བའི་རྒྱུ། །སློབ་དཔོན་གསང་སྔགས་སྔ་འགྱུར་བ། །ཡིན་ན་ཧོར་ཟླ་བཅུ་གཉིས་པ། །དཔྱིད་ར་སྟག་ཡིན་སློབ་དཔོན་ཏེ། །གསང་སྔགས་ཕྱི་འགྱུར་ལ་མོས་ན། །དཔྱིད་ར་དབོ་ཉ་ཟླ་ཁྱིམ་བཟུང་། །ལུགས་གཞན་ཆུ་ལ་ཆར་བཞིན་ཏེ། །བལྟ་ཕྱོགས་རང་ལུགས་རྣམ་དག་ནི། །དཔྱིད་གསུམ་མགོ་ནུབ་ཁ་བྱང་བསྟན། །དབྱར་གསུམ་མགོ་བྱང་ཁ་ཤར་བལྟ། །སྟོན་གསུམ་མགོ་ཤར་ཁ་ལྷོར་བསྟན། །དགུན་གསུམ་མགོ་ལྷོ་ཁ་ནུབ་བསྟན། །དེ་ཡང་དཔྱིད་དུས་མགོ་ནུབ་བསྟན། །མཇུག་མ་ཤར་ཕྱོགས་ཀུན་ལ་འགྲེ། །ཐ་ཆུང་བཞི་ཡི་གནམ་སྟོང་དང་། །ར་བ་བཞི་ཡི་ཚེས་གཅིག་ལ། །ཟུར་ཐིག་གཡས་གཡོན་ཆ་ཕྲན་སྟེང་། །འབྲིང་བཞིའི་བཅོ་ལྔ་བཅུ་དྲུག་ལ། །ཚངས་ཐིག་བཞིའི་གཡས་གཡོན་གྱི། །ཆ་ཕྲན་སྟེང་གནས་རིམ་བཞིན་དུ། །ཉིན་ཞག་རེ་ལ་རེ་མིག་རེ། །སྤྱོད་ཅིང་གཡས་སུ་འཁོར་བར་བྱ། །དེ་ལྟར་གནས་པའི་ལུས་ཚད་དང་། །དངོས་གྲུབ་ས་གནད་མི་ཤེས་པར། །གང་བྱུང་ཆོ་འོལ་བགྱིས་པ་ནི། །འདི་ནི་ཤིན་ཏུ་གཉན་པ་སྟེ། །མཐོང་དང་རེག་བསམ་ཁ་རླངས་སོང་། །དུག་ལྔ་ལྡན་ཞིང་ཀླུ་ས་བདག །ཀུན་གྱི་རྒྱལ་པོ་ལྷ་དང་གཉན། །གཟའ་དང་སྡེ་བརྒྱད་ཡོངས་ཀྱི་བསྐོར། །འདི་ཡི་མགོ་རྒྱབ་མཇུག་མ་དང་། །ལག་པ་གདོང་དང་འཕོངས་སོང་ལ། །དམག་སྣ་གཏད་ན་དམག་དཔོན་གསོད། །དཀྱིལ་འཁོར་བྲིས་ན་སློབ་དཔོན་གུམ། །བག་ལ་བྱས་ན་མོ་རང་འཆི། །ཟོར་སྣ་གཏད་ན་སྔགས་པ་ཉམས། །དུར་ས་བཏབ་ན་རྩིས་མཁན་འཆི། །སྟོན་མོ་བྱས་ན་རིམས་ནད་འབྱུང་། །ལྟད་མོ་བྱས་ན་ཀུན་ལ་ངན། །ནད་པའི་སྔས་གཏད་ཚེ་སྲོག་འཕྲོག །ཁང་གསར་བྱས་ན་དུར་སར་འགྱུར། །འདི་ལ་ལས་གང་བགྱིས་པ་ན། །བྱེད་མི་ནད་ཀྱིས་ཐེབས་པར་བཤད། །ཆོས་ཁྲི་བརྩིགས་ན་ཆོས་འཆད་ཉམས། །གཏར་དང་མེ་བཙའ་བྱས་པ་ན། །བཅོས་ལོག་ཚེ་སྲོག་བཀུམ་པར་འགྱུར། །དེ་ཕྱིར་འདི་ལ་གཟབ་པར་གཅེས། །ད་ནི་ལུས་དང་འཁོར་ལུགས་དང་། །ཁམས་ལྔ་ལྡན་པའི་གནས་རྟོགས་ཕྱིར། །ཟླ་བ་གང་ཡིན་ཕྱོགས་ངོས་གཟུང་། །དེ་ཡི་ཚེས་གྲངས་གང་བབས་པའི། །རེ་མིག་དེ་ནས་མཇུག་མའི་རྩེ། །གར་གནས་བར་དུ་ལུས་ཀྱི་དབུས། །ཡིན་ཕྱིར་ལུས་ཀྱི་ཚངས་ཐིག་གདབས། །དེ་ཡིས་མདུན་ནམ་རྒྱབ་དག་རྒྱུ། །ཆ་ཕྲན་དགུ་དགུ་གཞལ་བ་ན། །ལུས་ཀྱི་དབུས་ཚད་ཆ་ཕྲན་དེ། །སྔ་དྲོ་མདུན་དང་ཕྱི་དྲོ་རྒྱབ། །དགུ་རེ་བགྲང་བའི་ཐོག་མ་ཡིན། །ཆ་ཆེན་གཉིས་རེ་ལུས་མདུན་དང་། །རྒྱབ་ཐིག་ཡིན་པས་ཐལ་གྱིས་བཏབ། །ཚེས་གྲངས་གར་བབ་རེ་མིག་སྟེང་། །སྦྲུལ་མགོ་དབུས་མ་གནས་པ་སྟེ། །མཇུག་རྩེའང་དེའི་ཐད་རེ་མིག་གཏད། །གདེངས་ཀ་ལ་ནི་ཆ་ཆེན་གཅིག །དེ་བཞིན་ཞ་ལ་གཅིག་དང་ནི། །དེ་ནས་སྙིང་ཁར་ཆ་ཆེན་གཅིག །སྙིང་ནས་ལྟེ་བར་ཆ་ཆེན་གཅིག །ལྟེ་བ་ནས་ནི་གསང་གནས་བར། །ཆ་ཆེན་གཅིག་སྟེ་ཁྱོན་བསྡོམ་པར། །ཆ་ཆེན་ལྔ་ཡིན་ཆ་ཕྲན་ནི། །ཞེ་ལྔ་འབྱུང་བ་ལུས་སྲོད་ཚད། །གསང་བ་ནས་ནི་སྦྲུལ་མཇུག་ཐོན། །མཇུག་རྩེའི་བར་དུ་ཆ་ཆེན་ལྔ། །དེ་ནས་ཚངས་ཟུར་རྒྱ་གྲམ་ནི། །གསང་གནས་སྦྲུལ་མཇུག་མཚམས་དག་ཏུ། །འབྱུང་གི་དུས་ཀུན་འཕོ་འགྱུར་མེད། །གཞོག་གཡོན་འོག་བཅུག་གཡས་པ་སྟེ། །ལག་གཡོན་རྣ་བ་གཡོན་པར་གཏད། །ལག་གཡས་ཟུར་གཡས་སྟེང་དུ་བཞག །འོད་འབར་ཡིད་བཞིན་ནོར་བུ་ཐོག །ཁ་དོག་པདྨའི་རྩ་བ་འདྲ། །རྒྱན་སོགས་འོག་གི་ངག་འདོན་ནས། །ཇི་ལྟར་འབྱུང་ལྟར་རྡུལ་མཚོན་གྱིས། །ལེགས་བྲིས་དངོས་གྲུབ་ས་མིག་གི །ལུས་དབུས་ཐིག་གི་སྟེང་ནས་འོག །ཆ་ཕྲན་ཉེར་བདུན་གཞལ་བ་དོར། །དེ་ནས་འོག་ཏུ་ཆ་ཕྲན་ནི། །བཅོ་བརྒྱད་གཞལ་བའི་བར་དབུས་ནས། །མདུན་དུ་ཆ་ཕྲན་དགུ་བརྩིས་པའི། །བར་ནི་ས་མིག་ཡིན་པར་བཤད། །ཡང་ན་སྟེང་ནས་ཆ་ཕྲན་ནི། །ཉེར་བདུན་དོར་བ་ནས་ཐུར་དུ། །ཆ་ཕྲན་དགུ་དང་དེ་ཐད་ཀྱི། །རྒྱབ་ནས་ཆ་ཕྲན་ཕྱེད་བཅུ་བཞི། །དོར་ནས་མདུན་དུ་ཆ་ཕྲན་ཕྱེད་ལྔ་བརྩིས་པའི་བར་དེ་དག །དངོས་གྲུབ་ས་ཡི་མིག་ཏུ་བཤད། །དེ་ལྟར་ས་མིག་ལུགས་གཉིས་ལས། །ཕྱི་མ་འཐད་པར་ཁོ་བོའི་སེམས། །རྒྱུ་མཚན་ཅན་གྱི་འོག་ཡིན་ནོ། །དེ་ལྟར་ལེགས་པར་གྲུབ་ཟིན་ནས། །དེ་མདུན་དཀར་གསུམ་མངར་གསུམ་གྱིས། །སྔགས་པའི་གཏོར་མ་དར་སྣས་བརྒྱན། །ཆུ་གཉིས་ཉེར་སྤྱོད་བཅས་པ་བཤམས། །སློབ་དཔོན་གདོང་ནི་ས་བདག་ལ། །ཕྱོགས་པའི་ཆོ་ག་འདི་ལྟར་བྱ། །སྐྱབས་སེམས་ཚངས་གནས་སྔོན་བཏང་ལ། །ༀ་བཛྲ་ཡཀྵ་ས་བསངས། ༀ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས། མདུན་དུ་སའི་སྒྲ་གཅན་ལྟོ་འཕྱེ་ཆེན་པོ་ཁ་དོག་པདྨའི་རྩ་བ་ལྟར་དཀར་ཞིང་འོད་འཕྲོ་བ་ལུས་སྟོད་ལྷའི་རྣམ་པ་ལ་རིན་པོ་ཆེ་སྣ་ཚོགས་པའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། སེ་མོ་དོ། སྐ་རག །དོ་ཤལ་ཕྱག་གདུབ་ལ་སོགས་རྣམ་པ་དུ་མས་རྒྱན་གྱི་མཛེས་པ། མགོ་བོ་ཁ་དོག་སྣ་ཚོགས་པའི་སྦྲུལ་མགོ་དགུའི་གདེངས་ཀ་གཡོ་ཞིང་། ཕུད་ཕུད་ཀྱི་སྒྲ་འབྱིན་པ། གཞོག་གཡས་སྟེང་། གཡོན་འོག་འོག་ཏུ་བཅུག་པ། ཕྱག་གཡས་རྣ་བ་གཡོན་པར་གཏད་ཅིང་། གཡོན་དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་འོད་སྟོང་རབ་ཏུ་འབྱིན་པ་ཐོག་སྟེ་དཀུར་བརྟེན་པ། སྐུ་སྨད་ལྟོ་འགྲོ་ལྗང་ཀུ་རབ་ཏུ་བརྗིད་པའི་རྣམ་པ་ཅན། དེའི་སྤྱི་བོར་མཐའ་ཡས་དཀར་པོ། མགྲིན་པར་འཇོག་པོ་དམར་པོ། རྣ་བར་པདྨ་དཀར་པོ། སྙིང་ཁ་ནོར་རྒྱས་སྔོན་པོ། དཔུང་པར་པདྨ་ཆེན་པོ་སེར་པོ། ལྟེ་བར་དུང་སྐྱོང་སེར་སྐྱ། གསང་གནས་སུ་སྟོབས་རྒྱུ་ལྗང་གུ། མཇུག་མར་རིག་ལྡན་མཐིང་ག་རྣམས་རྒྱན་དང་བཅས་པ་ལུས་སྟོད་ལྷའི་རྣམ་པ་ལ། སྨད་སྦྲུལ་དུ་འཁྱིལ་བ་སྦྲུལ་མགོའི་གདེངས་ཀ་བདུན་བདུན་གཡོ་ཞིང་། ལག་ཏུ་འོད་འབར་བའི་ནོར་བུ་སྣ་ཚོགས་ཐོག་པ་རྣམས་སུ་གྱུར། རང་གི་ཐུགས་ཀའི་ས་བོན་གྱིས་འོད་ཀྱིས་ལྟོ་འཕྱེ་ཆེན་པོ་ཀླུ་བརྒྱད་དང་བཅས་པ་བསྒོམ་པ་དང་འདྲ་བ་སྐད་ཅིག་གིས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཐལ་མོ་སྦྱར་བ་ལས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ལ། བྷུ་མི་པ་ཏི་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ས་མ་ཡ་རཀྵནྟུ་ཧཱུྃ་ཧོཿཧཱུྃ། ཞེས་ལན་གསུམ་གྱིས་དམ་ལ་བཞག་གོ །ༀ་མ་ཧཱ་བྷུ་མི་པ་ཏི་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན་དུ། ཤབྡ་བར་སྦྱར་བས་མཆོད། གཏོར་མར་འོ་མ་བྲན་ལ་སྔགས་དྲུག་གིས་བྱིན་གྱིས་བརླབས་ནས། རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་རྒྱས། ༀ་བྷུ་མི་པ་ཏི་ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་ཨི་མཾ་བ་ལིདྟ་གྷྲིཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷུ་ཛ་ཐ་བི་བ་ཐ་བི་ཤྭ་བ་སུ་ཀ་མ་གུ་ཎ་པཱུ་ཛ་པྲ་ཏིཙྪ་སྭཱ་ཧཱ། ཞེས་ཉེར་གཅིག་དང་། མཆོད་སྦྱིན་གཏོར་མ་འདི་བསྣོལ་ལ་ནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། ཅེས་པའི་བར་བརྗོད། རྡོར་དྲིལ་འཛིན་པས། ཨེ་མ་ཧོ། རྒྱ་མཚོའི་གོས་ལྡན་ནོར་འཛིན་དབང་པོ་རྣམ་པ་ཀུན་ཏུ་བདེར་སྐྱོང་བའི། ས་ཡི་བདག་པོ་ལྟོ་བའི་འགྲོས་ལྡན་སྣ་ཚོགས་རིན་ཆེན་རྒྱན་མང་འཛིན། ཀླུ་ཡི་རྒྱལ་པོ་ཆེན་པོ་བརྒྱད་ཀྱང་ཁྱོད་ཀྱི་ལུས་ཀྱི་ཆ་ལ་བརྟེན། ས་ཡི་སྒྲ་གཅན་ལུས་སྟོད་ལྷ་དབང་དུག་ཅན་གདེངས་ཀ་སྤྲིན་ལྟར་གཡོ། སྐུ་སྨད་བུམ་སྣ་ཅན་གྱི་རྣམ་པ་སྟོབས་ལྡན་ཁྱོད་ལ་བདག་འདུད་ཀྱི། མཐའ་དག་སྐྱེ་འགྲོ་ལོངས་སྤྱོད་དག་ཀྱང་འཛིན་པའི་གཞི་མར་རབ་བརྟེན་གྱིས། སློབ་དཔོན་བདག་ཉིད་འགྲོ་ལ་སྨན་ཕྱིར་དངོས་གྲུབ་ས་ཡི་དགའ་སྟོན་སྩོལ། ཅེས་བསྟོད་ཅིང་གསོལ་བས། ས་བདག་གི་རྒྱལ་པོས། རིག་པ་འཛིན་པ་ཁྱོད་དངོས་གྲུབ་ཀྱི་ས་ཅི་དགའ་བར་ལོངས་སྤྱོད་པར་གྱིས་ཤིག །ཅེས་གནང་བ་བྱིན་པར་བསམ། དེ་ནས་དངོས་གྲུབ་བླང་བ་ལ། སློབ་དཔོན་བགེག་མཐར་བྱེད་པ་ནི། ང་རྒྱལ་ལྡན་པའི་ཏོག་རྩེ་ག །རྡོ་རྗེས་མཚན་པ་ལག་གཡོན་འོག །གཡས་པས་སྟེང་དུ་བཟུང་ནས་ནི། །སློབ་དཔོན་གདོང་ལ་ལྟོ་འཕྱེའི་མགོ །རྒྱས་ནི་མཇུག་ལ་ལ་ཕྱོགས་ཏེ། །དམིགས་ནས་ཁམ་བཞི་བྲུབ་པའི་ས། །ཕྱི་རོལ་མེ་ཡི་མཚམས་སུ་དོར། །འབྱོར་ཁམ་ལྔ་པ་དངོས་གྲུབ་ས། །ཡིན་ཕྱིར་སྣོད་དུ་བཅང་བར་བྱ། །དེ་ལ་ཁམ་ལྔ་ལྡན་པ་ཡི། །ས་ཞེས་བརྗོད་ཀྱི་གོ་བར་བྱོས། །དེ་ལྟར་ཁམ་ལྔའི་ས་དེ་ནང་། །ཤིང་དང་སྒྲ་དང་གྲོགས་མཁར་དང་། །སེན་མོ་ཐལ་བ་སོགས་བྱུང་ན། །མི་ལ་གནོད་པ་སྣ་ཚོགས་འབྱུང་། །རྡོ་ཡི་རླུང་འབྱུང་ཕུབ་མ་དང་། །མགལ་དུམ་གྱིས་ནི་རིམས་བསྐྱེད་ལ། །རུས་པ་ཟུག་གཟེར་སོགས་འབྱུང་ངན། །དེ་སོགས་སྐྱོན་དང་མི་ལྡན་པར། །ས་ནི་འཇམ་ལ་སྣུམ་ན་བཟང་། །ཁ་དོག་དཀར་སེར་དམར་ནག་དང་། །ཁྲ་བོས་རིམ་བཞིན་ཞི་རྒྱས་དབང་། །དྲག་དང་སྣ་ཚོགས་ལས་གྲུབ་སོགས། །དེ་ལྟར་གནད་དང་མི་ལྡན་པར། །ཆ་དགུའི་ས་ལས་གཞན་དག་ཏུ། །བརྐོས་ན་ཕ་མ་བུ་དང་སྤུན། །ཆུང་མ་བུ་མོ་མཛའ་གཤེས་འཆི། །རྒྱབ་ཏུ་བསྐོས་ན་རང་འཆི་ཞིང་། །ཡང་ན་རང་ཉིད་གནས་ནས་འབྱུང་། །མཇུག་མར་བསྐོས་ན་རྟ་གླང་དང་། །མ་ཧེ་བ་གླང་ལ་སོགས་པ། །རྐང་བཞི་པ་རྣམས་བཀླག་པ་དང་། །རང་ཉིད་སྟོབས་ཀྱང་ཉམས་པར་འགྱུར། །དེ་ནས་ཁམ་ལྔའི་ཤུལ་དེ་རུ། །བུམ་གཏེར་ལག་ལེན་ལྟར་བཅོས་པ། །ལེགས་པར་བཅུག་པ་ས་ཡི་དགབ། །ས་བདག་ལ་མཆོད་བསྟོད་བྱས་ནས། །བཟོད་པ་གསོལ་ལ་དེ་འཁོར་བཅས། །གཞི་དེར་དགྱེས་བཞིན་ཐིམ་པར་བསམ། མཆོད་བསྟོད་ནི། ༀ་མ་ཧཱ་བྷུ་མི་པ་ཏི་ན་ག་རཱ་ཛ་སོགས་ༀརྒྷཾ་ནས་ཤབྡའི་བར་གོང་བཞིན་མཆོད་ལ། བསྟོད་པ་ནི། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། ས་འོག་མུན་པའི་ཚོགས་རྣམས་འཇོམས་མཛད་ཅིང་། བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། བཟོད་གསོལ་ནི། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། མདུན་གྱི་སའི་སྒྲ་གཅན་ཆེན་པོ་ལྟོ་འཕྱེ་ཀླུ་བརྒྱད་དང་བཅས་པ་དགྱེས་བཞིན་གཞི་དེ་ཉིད་དུ་ཐིམ་པར་བསམ། ཤིས་བརྗོད་དང་བསྔོ་སྨོན་རྒྱས་པར་བྱ། །གཟུགས་དང་ཐིམ་སོགས་མི་མངོན་དབྱི། །མཆོད་གཏོར་མེ་མཚམས་ཕྱོགས་སུ་དོར། །དེ་ཤུལ་ལྷ་ཁང་མཆོད་རྟེན་དང་། །ཁང་བཟང་དཀྱིལ་འཁོར་ལ་སོགས་པ། །གང་ཡིན་བྱ་བའི་གནས་སུ་གསུངས། །ཁམ་ལྔ་ལྡན་པའི་ས་དེ་ཉིད། །བཀྲ་ཤིས་ས་གཞན་དང་བསྲེས་ནས། །གང་དུ་གཏོར་ཀྱང་ཉེས་ཀུན་ཞི། །བཀྲ་ཤིས་བདེ་ལེགས་འབྱུང་བར་གསུངས། །ཞེས་པ་ནི་ལས་དང་བྱ་བའི་སྦྱང་བའོ། །གཞན་ལས་ས་རྐོ་བའི་མི་ནི་རིགས་དེ་ལ་སྐྱོན་མ་ཆགས་ཞིང་། དབང་པོ་ཚང་བ། མིང་བཀྲ་ལེགས་པ་ཞིག་གིས་ལས་སྔགས་བཟླ་བཞིན་བརྐོ་བ་དང་། དུས་ཐོ་རང་ས་བརྐོ་དགོས་ཀྱང་མ་འགྲིགས་ན་སྔ་དྲོའི་ཆ་ལ་བརྐོ་ཐུབ་དགོས་ཞེས་ཀྱང་གསུངས་སོ། གཉིས་པ་སྔགས་དང་ཏིང་ངེ་འཛིན་གྱིས་སྦྱང་བ་ནི། མཆོད་རྟེན་སོགས་ཀྱི་རང་རང་གི་རྒྱ་ཁྱོན་གྱི་ས་རོ་རྣམས་བསལ་དགོས་པ་ལ། རྒྱ་ཆེན་པོ་བརྐོ་མ་ཐུབ་པའམ། སའི་སྐྱོན་བསལ་གྱིས་མི་ལང་བའམ་ཟུག་རྔུ་དང་གཅོང་རོང་མང་བར་གྱུར་ན། གདན་བཞི་དང་། སྣང་བྱེད་ཟླ་བར་གསུངས་པ་ལྟར། རང་ཉིད་ལྷའི་ང་རྒྱལ་ལ་གནས་པའི་ལག་པ་གཡས་པ་ས་ལ་བཞག་སྟེ། ༀ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། བརྒྱ་རྩ་དང་། ༀ་བྷུ་ཁཾ་སྭཱ་ཧཱ། ཞེས་ཡང་ཡང་བརྗོད་པས་ས་ནམ་མཁའི་རང་བཞིན་དུ་བསམ་པས་སྦྱང་བར་བྱ་བ་དང་། འོད་ཟེར་དྲི་མེད་ཀྱི་ལས་སྔགས་བཟླ་བཞིན་ཁྲུ་དོ་ཙམ་བརྐོ་ལ་སྐྱོན་རྣམས་བསལ་བ་ནི་མཆོད་རྟེན་གྱི་གཞིའི་ས་བསླང་སྦྱང་གི་རིམ་པའོ། ཞར་བྱུང་དུ་མཆོད་རྟེན་གྱི་ཕ་གུ་དང་། རྩིགས་པ་སོགས་ཀྱི་རྒྱུ་ས་དང་། རྡོ་དང་ཤིང་རྣམས་བསླང་ཆོག་མདོར་བསྡུས་ནི། ས་གང་ནས་ལེན་པའི་གཞིར་ཕྱིར་ལ་ཁ་ཤར་རམ་བྱང་དུ་ཕྱོགས་པས་ལྷའི་ང་རྒྱལ་དང་ལྡན་པས། གཏོར་མ་ཆ་གསུམ་དང་། ཆབ་གཏོར། ས་བདག་ལྷ་ཀླུ་ལ་དཀར་གཏོར་བཅས་བཤམས་ལ། བསང་སྦྱང་བྱིན་གྱིས་བརླབས་ཏེ། ༀ་བྷུ་མི་པ་ཏི་ས་པ་རི་ཝ་ར་ཨ་ཀཪྵ་ཡ་ཛ། ས་མགྲོན་བཀུག །ༀ་བྷུ་མི་པ་ཏི་ས་པཱ་རི་ཝ་ར་ན་མ་སརྦ་ཏ་ཐ་ག་ཏ་བྷྱོ་བྷི་ཤྭ་སོགས་གསུམ་གྱིས་ཕུལ། ༀ་ཨརྒྷཾ་སྭཱ་ཧཱ། སོགས་ཀྱིས་མཆོད། གང་དག་འདིར་གནས་ལྷ་དང་ཀླུ། གནོད་སྦྱིན་སྲིན་པོ་འམ་ནི་གཞན། དེ་དག་རྣམས་ལ་ས་འདི་ནི། བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། ལན་གསུམ་གྱིས་འདོད་དོན་གསོལ། རིག་པ་འཛིན་པ་ཁྱོད་ཅི་བདེ་བར་ལོངས་སྤྱོད་ཅིག་ཅེས་གནང་བ་བྱིན་པར་བསམ། བྷུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪཿ ས་གཤེགས་སུ་གསོལ། རྩིག་པའི་ཆེད་དུ་རྡོ་བླང་བ་ན། ཤར་དང་བྱང་དང་བྱང་ཤར་དང་སྟེང་ཕྱོགས་ཀྱི་རྡོ་མཁྲེགས་ཤིང་ཁ་དོག་བཟང་བ་བླང་བྱ་དང་། མཆོད་རྟེན་གྱི་ཉེ་འཁོར་དུར་ཁྲོད། ལམ་གྱི་བཞི་མདོ་དང་། སྲོག་ཆགས་མང་བ་སོགས་སྤང་བྱ་སྟེ། གཏོར་མ་ཆ་གསུམ་དང་དཀར་གཏོར་སོགས་བསང་སྦྱང་ནས་ཤབྡའི་བར་སྔར་བཞིན། བདག་གི་སེམས་ཅན་དོན་གྱི་ཕྱིར། རིང་བསྲེལ་མཆོད་རྟེན་བཞེངས་པ་ཡི། རྒྱུ་རུ་རྡོ་ཡི་རིགས་རྣམས་ནི། དགྱེས་པའི་ཡིད་ཀྱིས་གནང་བར་མཛོད། ལན་གསུམ་གྱི་གནང་བ་ཞུ། རིག་པ་འཛིན་པ་སོགས་གོང་བཞིན་བསམ། བྷུ་མི་པ་ཏིས་་གཤེགས་ལ་སྔགས་བཟླ་བཞིན་པས་རྡོ་ལེན་པར་བྱ། ཤིང་གཅོད་པའི་ཆོ་ག་ནི། སློབ་དཔོན་ལྷའི་ང་རྒྱལ་དང་ལྡན་པས། ཆ་གསུམ་དཀར་གཏོར་སོགས་བསང་སྦྱང་ནས་ཤབྡའི་བར་སྔར་བཞིན། རྒྱལ་བའི་མཆོད་རྟེན་རྒྱུ་རུ་ནི། །དེ་རིང་ཤིང་གཅོད་བདག་སྤྲོ་བས། །རང་རང་གནས་མལ་ལ་གནོད་ན། །ཤིང་གཞན་ལ་ནི་གནས་མཛོད་དེ། །ཕན་པའི་སེམས་ཀྱིས་བཟོད་བཞེས་ལ། །དགའ་བའི་ཡིད་ཀྱིས་གནང་བར་མཛོད། །ལན་གསུམ་གྱིས་གནང་བ་ཞུ། རིག་པ་འཛིན་པ། སོགས་ཀྱིས་གནང་བ་བྱིན་པར་བསམ། བྷུ་མི་པ་ཏིས་གཤེགས། འདི་ནགས་ཚལ་གྱི་དྲུང་མིན་ཀྱང་གནས་མལ་ནས་དམིགས་པའི་ཁྱད་པར་གྱི་གནང་བ་ཞུས་ཀྱང་མི་རུང་པ་མེད་དོ་སྙམས། གནང་བ་འདི་དག་ཞུས་པས་གནས་གཞིའི། བདག་པོ་ལ་འཕྲོག་པ་དང་རྐུ་བ་ལྟ་བུའི་ཉེས་འགལ་རིགས་མི་འབྱུང་ཞིང་། མཐུན་རྐྱེན་ཆོས་བཞིན་སྒྲུབ་པའི་དགོས་པ་ཡོད་པ་ཡིན་ཅིང་། སྲོག་ཤིང་གཅོད་པའི་ཚེ་ནའང་ཤིང་གི་ཆོ་ག་འདི་ལྟར་བྱས་པས་འཐུས་རྩམ་ཡིན་ནོ། །དེ་ནས་སྔར་གྱི་ས་རོ་རྣམས་དབྱུང་ནས། མིང་བཀྲ་ལེགས་པའི་ས་སོགས་དྲི་བཟང་ཆུས་སྦྲུས་པའི་སས་དགང་། ལས་སྔགས་བཟླས་པའི་སྤོས་ཆུས་གདབ་ཅིང་འཐས་པར་བཅག །ངོས་བསྙོམ་ན ས་བྱང་ཤར་ནས་བ་བྱུང་གིས་ཁྱབ་པར་བྱུག །དབུས་སུ་ཁུང་བུ་བསྐོས་ལ་ལས་སྔགས་བཟླ་ཞིང་འབྲུ་སྨན་རིནཔོ་ཆེའི་གཏེར་གཞུག་པ་ནས་བཟླས་པའི་མཇུག་ཕྲེང་བ་གཙོ་བོའི་མདུན་ཕུལ་བའི་བར་བྱ། ལས་སྔགས་གཉིས་ཀྱིས་ཕུར་བུ་བསང་གཏོར་བྱས་ཏེ། ༀ་ཏྲཾ་བནྡྷ། བརྒྱ་རྩ་བཟླས་ཏེ། ཕྱོགས་མཚམས་རྣམས་སུ་ལྟང་སྟབས་དང་བཅས་སྔགས་བརྗོད་དེ་ཕུར་བུ་རྣམས་གདབས་། རྩིག་པའི་རྨིང་མ་གྲུབ་པའམ། ཆུད་ཟོས་འགྲོ་བར་དོགས་ན་དེ་ཉིད་འདེབས་ཚུལ་བྱས་ཏེ་ཕྱིས་རང་རང་ཕྱོགས་མ་ནོར་བར་གཞུག་པའོ། །བཟོད་གསོལ་སོགས་མཇུག་ཆོག །བཀྲ་ཤིས་རྒྱས་པ་བཟང་སྤྱོད་སྨོན་ལམ་བཅས་བྱ་བ་ནི་སའི་ཆོ་ག་སོགས་མདོར་བསྡུས་པའོ། །གལ་ཏེ་དེ་ལྟར་ས་ཆོག་ཟིན་པ་དང་། འབྱོར་པས་ལྕོག་ན་འོག་གཞི་ཁྲུ་གང་ཡར་བཅད་དེ་སོར་ཉེར་བཞི་ཀླུ་བདུད་ཀྱི་གནས་སུ་དབུས་དང་ཕྱོགས་བཞིའམ། དབུས་དང་བྱང་ཤར་གང་རུང་དུ་བསྟན་པ་སྤྱི་དང་ཡུལ་དགོན་སྤྱིའི་རིམ་གྲོའི་སྤྱི་བྱེར་ལ་འཚེ་བའི་འགོང་པོ་དམ་སྲི་སྤྱི་ལ་དམིགས་པས། རྡོ་རྗེ་སློབ་དཔོན་ནུས་པ་དང་ལྡན་པས་ཆོ་ག་གང་རུང་གིས་མཐའ་འདྲེ་འགོང་པོ་ཨར་གཏད་སྲི་མནན་སོགས་ཚུལ་བཞིན་བསྒྲུབ་ན་ཡུལ་ཁམས་དམག་འཁྲུག་ནད་མུག་སོགས་མི་འབྱུང་བའི་ཕན་ཡོན་ཡོད་པར་གསུང་པས་གྲུབ་ན་མཆོག་ཏུ་དགེ་བའི་ཡན་ལག་གོ །གང་ལྟར་ཡང་འོག་གཞིར་མཚོན་འཁྲུག་མནན་པའི་རྟེན་འབྲེལ་ལྟ་བུར་རལ་གྲི་མདའ་མདུང་མེ་སྒྱོགས་སོགས་དངོས་སམ། གྲི་ཆུང་ཁྲབ་བྱང་མདའ་མདུང་སོགས་རི་མོ་བྲིས་པའང་རྩེ་ཕྱིར་བསྟན་དུ་མནན་སྲོལ་མཆིས། དེའི་སྟེང་ཁྲུ་གང་སོར་བཞིའི་འཚམས་སའི་ལྷ་མོའི་གནས་སུ། ས་སྣ་ཆུ་སྣ། རིན་ཆེན་ཕྱེ་མ། འབྲུ་སྣ་བཅས་བཀྲམ་པ་ལ། ཀླུ་འབུམ་དགུ་ཡོད་ན་ཕྱོགས་མ་འཁྲུལ་བ་རྩིག་པའི་ལོག་དང་དབུས། གཅིག་ལས་མེད་ན་དབུས་སུ་བཞག་པའིམདུན་དུ། ས་ལྷ་བརྟན་མའི་བུམ་པ། ཉེས་སེལ་གྱི་བུམ་པ་སོགས་གཞུག །འཇུག་མཁན་ཁྱེའུ་མགོ་གཙང་དང་། འོག་རྡོ་ལ་འདབ་བརྒྱད། ལོག་སྐྱོར་ལ་རྟགས་བརྒྱད། སྟེང་ཁེབ་ལ་རིགས་ལྔའི་ཕྱག་མཚན་སོགས་བྲིས་པས་དགབ། འདི་རྣམས་མ་སའི་ནང་དུ་སྦ། འོག་གཞི་མནན་པ་དང་བཅས་པ་རྡོ་རྗེ་རྒྱ་གྲམ་སོགས་མི་རུལ་ཆ་ལག་ཚག་དམ་པོར་བྱ། ཤུག་གུ་འབུམ་ཐུབ། ཕོ་རོག་སྟོང་ཐུབ། ངང་པ་ཁྲི་ཐུབ་ཞེས། ཤུག་ཤུན་སོལ་བ་གྲོ་ག་རྣམས་ཀྱིས་ལྕི་བ་ཤིང་རླན་གྱིས་མི་འབིགས་པར་བྱའོ། །བུམ་གཏེར་སོགས་སྒྲུབ་ཟིན་ཡོད་ན་སྦ། མེད་ཀྱང་མཆོད་རྟེན་གྱི་ཕྱི་བཞེངས་ཟིན་པ་དང་སྦས་ཀྱང་ཁྱད་མེད་དོ། །མདོར་ན་ཆོ་ག་རྒྱས་བསྡུས་ཅི་ཡིན་ཀྱང་ཚུལ་བཞིན་བསྒྲུབ་པ་ནི་ངེས་པར་དགོས་པས་དེ་དག་ནི་འོག་ཏུ་གསལ་བར་བྱའོ། ༈ །གཉིས་པ་ཁང་བུ་བརྩེགས་པའི་མཆོད་རྟེན་གྱི་ཐིག་བཤད་པ་ནི། ངོར་ཆེ་ན་རྡོ་རྗེ་འཆང་གི་དངོས་སློབ་གུང་རུ་ཤེས་རབ་བཟང་པོའི་མཛད་པ་ལྟར་ལ། ཞལ་ཤེས་ཅུང་ཟད་དང་བཅས་པ་བྲི་ན། དེ་ཡང་མཆོད་རྟེན་ཆེ་ཆུང་ཇི་ལྟར་བྱ་བའི་རྒྱ་ཁྱོན་གྲུ་བཞིར་བྱས་ལ། ཕྱོགས་རེར་ཆ་ལྔ་རེ་བྱས་པ་ཆ་ཆེན་དང་། དེ་རེ་རེའང་བཞི་བཞི་བྱས་པ་ཆ་ཕྲན་ཏེ། ཕྱོགས་རེར་ཆ་ཆེན་ལྔ། ཆ་ཕྲན་ཉི་ཤུ་བྱ་བའོ། དང་པོ་གདན་ཁྲི་རྒྱར་ཆ་ཕྲན་ཉི་ཤུ། དཔང་ཆ་ཕྲན་གསུམ། དེ་སྟེང་ཁྲི་ཆུང་བརྒྱར་བཅོ་བརྒྱད། དཔང་གཅིག །དེ་སྟེང་ཁང་ཆེན་རྒྱར་བཅུ་དྲུག་དཔང་བརྒྱད། དེ་སྟེང་པད་ཆུང་འོག་ཏུ་གསལ་བ་ལྟར་བྱ། པད་བརྡར་རམ་ས་སྐྱོར་ནི་ཆ་ཕྲན་ཕྱེད་པའམ། ཅུ་དེ་ཕྲ་ན་འང་ཆོག་གོ །དེ་སྟེང་ཁང་བརྩེགས་ཏེ། དེ་ནི་འོག་གི་པད་བརྡར་གྱི་མཐའ་ནས་མཐར་གཞལ་ཏེ་དབུས་ཀྱི་ཚད་བླང་ཏེ་དབུས་ཀྱིརྟགས་སྟེང་ནས་གཡས་གཡོན་ཆ་ཕྲན་ཕྱེད་བཞི་རེའི་མཚམས་སུ་རྟགས་བྱས་ནས། ཕྱོགས་བཞིར་དེ་ལྟར་བྱས་པས། ཤར་གྱི་གཡས་གཡོན་གྱི་རྟགས་གཉིས་ཀྱི་སྟེང་ནས་ཐག་པ་ནུབ་ཀྱི་རྟགས་གཉིས་ཀྱི་སྟེང་དུ་བཟུང་། དེ་བཞིན་ལྷོ་བྱང་ལའང་རྟགས་སྟེང་ཐག་པ་བཟུང་བས་དབུས་སུ་གྲུ་བཞི་ཞིག་འོང་བ་དེ་ཁང་བརྩེགས་ཀྱི་ཚད་ཡོ་འཆུག་མེད་པ་ཡིན། དེ་ལྟར་མ་བྱས་པའི་དབུས་སུ་གྲུ་བཞི་བྱས་ན་མི་ཡོ་བར་མི་འོང་། དེའི་པད་ཆུང་ཆ་ཕྲན་བཞི་ཆ། ཤིང་གཅིག་ལ་སྤོ་ལུ་གབ་ཚང་རང་བྱུང་དང་། པད་ཆེན་ཆ་ཕྲན་གཅིག་ཡིན་ཀྱང་འདི་ལ་ཆ་ཕྲན་ཕྱེད་དཔག་སྟེ། དུང་ཕྲེང་གཉིས་ཆ་ཕྲན་བཞི་ཆ་རེ། སྤེན་པད་ཆ་ཕྲན་གཅིག་མ་བྱས་ན་མི་མཛེས་ཤིང་བྱ་ཐབས་བྲལ་བ་ཞིག་འོང་བས་དེ་ལྟར་དང་། ཕྱམ་སྣེ་སྤོ་ལུའི་དཔང་ཆ་ཕྲན་བཞི་ཆ། སྤོ་སྐེ་ཆ་ཕྲན་ཕྱེད་པ། པད་བརྡར་ཆ་ཕྲན་བཞི་ཆ་བྱའོ། །ཁང་བརྩེགས་ཀྱི་སྤེན་པད་ལ་ཆ་ཕྱེད་དང་སྤོ་ལུ་འདི་ཐིག་གཞུང་ལས་ལྷག་པོ་ཡིན་ཀྱང་མ་བྱས་ཐབས་མེད་དོ། །དེ་ལྟར་ཤིང་གི་འགྲོ་ལུགས་འདི་ནི་མཆོད་རྟེན་གྱི་ཁང་ཆེན་ཁྲུ་བཅུ་པ་མན་ཆད་ལ་འདི་ལྟར་བྱས་ན་ལེགས་ཤིང་། དེ་ལས་མཆོད་རྟེན་ཆེན་པོ་ཁང་ཆེན་ཁྲུ་བཅུ་གཅིག་གཉིས་གསུམ་རྣམས་ལ་འདི་ལྟར་ཏེ། ཁང་ཆེན་སྟེང་གི་པད་ཆུང་ནི་དཔང་ཆ་ཕྲན་ཕྱེད་པ་སྟེ། སྤོ་ལུ་ཆ་ཕྲན་ཕྱེད་པ་རྙེད་དཀའ་བས། སྤོ་ལུ་ཧ་ཅང་མི་ཕྲ་བ་གྲུ་བཞི་ལ་དེ་སྟེ་ཤིང་གྲུ་བཞི་ནར་མོ་རིང་འཕེན་གྱི་པད་ཆུང་གི་ཆ་ཚད་བཞིན་ཁ་བཀང་བར་བྱ། ཟུར་དུ་འབུར་ཆའང་པད་ཆུང་གི་ཚད་སྤོ་ལི་ལས་མི་རིང་བར་བྱ་སྟེ། ཚད་པད་ཆུང་གཅིག་ཏུ་བསྡུ་བའི་ཕྱིར་རོ། །དེ་སྟེང་པད་ཆེན་ནི་དཔང་ཆ་ཕྲན་ཕྱེད་བཞི་དང་། པད་ཆུང་ལས་ཟུར་དུ་ལོག་རེ་རེ་ཆ་ཕྲན་ཕྱེད་རེ་འབུར་བ་སྟེ། ཤིང་འདི་འདྲ་མི་འབྱོར་བས། དུང་ཕྲེང་གཉིས་དང་། སྤོ་ལུ་གོང་མ་རྣམས་ཧ་ཅང་མི་ཕྲ་བ་འབྲིང་པོར་བྱས་ཏེ། དེ་དག་གི་ཚད་ལས་ཆད་པ་ལ། པད་ཆུང་སྟེང་དུང་ཕྲེང་འོག་ཏུ་སྤོ་ལུ་གཅིག་བསྣན་ཏེ། ཟུར་དུ་འབུར་ཆའང་པད་ཆེན་གྱི་ཚད་བྱ། འདི་ནས་ཡང་ཐོག་ཐིག་ཁང་ཡོད་པར་བྱས་ན་ཤིན་ཏུ་བཟང་། དེ་སྟེང་དུང་ཕྲེང་སྤེན་པད། དུང་ཕྲེང་གོང་མ། སྤོ་ལུ་བཅས་ཏེ། དེ་ནི་ཁང་ཆེན་ཁྲུ་བཅུ་གཅིག །གཉིས་གསུམ་ཙམ་གྱི་ཤིང་གི་འགྲོ་ལུགས་དང་། ཁང་བརྩེགས་རྒྱར་བཅུ་བདུན། དཔང་ཕྱེད། དེ་སྟེང་པད་ཆེན་རྒྱར་བརྒྱད། དཔང་ཕྱེད་བཞི། དེ་སྟེང་ཁང་བརྩེགས་རྒྱར་བདུན། དཔང་བཞི་ཆ་ཕྲི་བའི་ཆ་ཕྲན་གསུམ། དེ་སྟེང་པད་ཆུང་རྒྱར་ཕྱེད་བརྒྱད། དཔང་བཞི་ཆ། དེ་སྟེང་པད་ཆེན་རྒྱར་བརྒྱད་དཔང་གཅིག་སྟེང་། རྒྱ་དང་དཔང་མཉམ་པ་ལ། སངས་རྒྱས་ཡོན་ཏན་རྫོགས་པ་ཡི། མི་མཉམ་མེད་པ་གྲུ་བཞིའོ། །ཞེས་གསུངས། དེའི་མི་གསལ་བའི་ཞལ་ཤེས་ནི། རྨིང་གི་བང་རིམ་གཉིས་མི་བརྩིགས་པར། མཆོད་རྟེན་ཆེ་ཆུང་ཇི་ལྟར་བྱ་བའི་ཁང་ཆེན་ཚད་ཀྱི་རྨིང་གཞི་གྲུ་བཞི་མ་ཡོ་བར་བརྩིགས་ལ་བང་རིམ་གཉིས་དང་ཁང་ཆེན་བཅས་ཀྱི་ཚད་ལེགས་པར་བརྩིགས་ཤིང་། མ་ས་གོང་འོག་གི་མཐོ་དམན་ལེགས་པར་དཔྱད་ལ། བང་རིམ་ས་འོག་ཏུ་མ་འཛུལ་བ་བྱའོ། །ཁང་ཆེན་སྟེང་གི་པད་ཆུང་ནི། སྤོ་ལུའམ་སྙུག་མཆི་བྱ་བ་ཡིན་པས་དཔང་ཆ་ཕྲན་ཕྱེད་དང་། ཟུར་དང་འབུར་ཆའང་དེ་བཞིན་དང་། དེ་སྟེང་པད་ཆེན་ནི་སྤེན་པད་དེ་གོང་འོག་དུང་ཕྲེང་གཉིས་ཆ་ཕྲན་ཕྱེད་རེ་དང་། སྤེན་པད་ཆ་ཕྲན་གཉིས། ཕྱམ་སྣེ་སྤོ་ལུའི་དཔང་ཆ་ཕྲན་ཕྱེད། སྤོ་སྐེ་ཆ་ཕྲན་གཅིག་ཟུར་དུ་འབུར་དགོས་ཏེ། རྨིང་གི་བང་རིམ་སོགས་ལ་ཆུ་འཇིགས་སྐྱོབ་ཕྱིར་རོ། །པད་ཆེན་གྱི་ཤིང་འདི་དག་ཚད་འདི་ལྟར་ལས་ཕྲ་བ་ན་དེ་དག་ལས་ཆད་པ་སྤེན་པད་ལ་དཔག་པར་ཤེས་པར་བྱ་ཞིང་ཚད་འདི་བཞིན་བྱུང་ན་ཤིན་ཏུ་མཛེས་པས་ལེགས། ནང་དུ་གདུང་མ་རྒྱ་གྲམ་དང་ཀ་བ་བཞི་འཛུག་ཤིང་མཐའ་ཐུབ་བྱ། ཀ་བ་ལ་ཝ་བསྐོས་ནས་སྤང་ལེབ་སྤྲད་ན་ནང་གི་བང་སྒྲོམ་དགོས་པའང་ཆུང་ངུའི་རིགས་ལ་སྟབས་བདེ་འོང་། མཆོད་རྟེན་ཆེན་པོ་ལ་ནི་བང་སྒྲོམ་དགོས་པ་ཡིན། སྟག་མགོའི་སྤོ་ལུའི་གབ་རྐེ་བཏོད་ལུགས་ཕྱིར་འབུར་ཆ་ཇི་ལྟར་ཡིན་པ་དེ་འདྲ་བ་ཕྱེད་གཉིས་དང་། སྤོ་ལུའི་དཔང་གི་མཐོ་དམན་ཕྱེད་གཏོང་སྟེ་གཡས་གཡོན་བསག་གཅོད་བྱས་ན་སྤོ་ལུ་ཀུན་དང་རིང་ཐུང་མེད་པར་འགྲིགས་པར་འོང་། གོང་འོག་སྟག་མགོའི་སྤོ་རྐེ་ཐམས་ཅད་བཏོད་ལུགས་འདི་ལྟར་བྱ། དུང་ཕྲེང་གཉིས་དང་སྤོ་ལུ་གོང་མ་རྣམས་ཆ་ཕྲན་ཕྱེད་རེའི་ཚད་འདི་ལ་མཆོད་རྟེན་ཆེ་འབྲིང་ཆུང་རྣམས་ལ་མཛེས་པར་གདའ་ན་ཡང་། མཆོད་རྟེན་ཆེ་བའི་རིགས་ལ་དེ་འདྲའི་ཤིང་མི་རྙེད་པས་ཤིང་གི་འགྲོ་ལུགས་ནི་སྔར་ལྟར་གྱིས་འཐུས། དེ་ལས་ཁང་ཆེན་ཁྲུ་བཅུ་བཞི་ལྔ་དྲུག་རྣམས་ནི། པད་ཆུང་སྔར་ལྟར་ལ། དུང་ཕྲེང་གཉིས་དང་སྤོ་ལི་གོང་མ་རྣམས་ཀྱི་ཚད་ལ་ཕྲི་ན། དུང་ཕྲེང་འོག་གི་སྤོ་ལི་སྔར་ལྟར་དང་། དུང་ཕྲེང་གོང་མའི་ཐོག་ཏུ་སྤོ་ལི་གཉིས་བརྩེགས་བྱ་བ་སྟེ། སྤོ་རྫུན་འོག་མ། ཕྱམ་སྣེ་སྤོ་ལི་ཐོག་མ་བྱེད། སྤོ་ལི་གཉིས་ཀྱི་བར་དུ་ཤིང་གྲུ་བཞི་ནར་མོ་ཇི་ལྟར་རིག་པ་གཏོང་། སྤོ་ལུ་གཉིས་ཀྱི་ཕྱིར་འབུར་ཆ་ཆ་ཕྲན་ཕྱེད་རེ་ལས་ཅུང་ལྟག་གཏོང་། དུང་ཕྲེང་གཉིས་དང་སྤོ་ལི་བཅས་ཀྱི་ཚད་ཤིང་དེ་དག་གིས་ཁ་མ་ཁོང་བ་སྤེན་པད་ལ་དཔག་པར་བྱ། སྤེན་པད་ལས་ཚུར་ནི་ནམ་ཡང་ཕྲི་བར་མི་བྱ། མདོར་ན་པད་ཆེན་གྱི་ཚད་ཆ་ཕྲན་ཕྱེད་བཞི་སྟེ། འོག་གི་སྤོ་ལི་དུང་ཕྲེང་སྤེན་པད། དུང་ཕྲེང་གོང་མ། སྤོ་ལི། སྤོ་ཁེབ། སྤོ་ལི་ཐོག་མ་རྣམས་ལ་ཡོད་པར་བྱ། པད་བརྡར་རམ་ས་སྦྱོར་ནི་ཐིག་གཞུང་ཆ་ཚད་དུ་མེད་དེ། ཁང་བརྩེགས་ཀྱི་རྨིང་ཕྱམ་གྱི་སྟེང་དུ་ཡོད་པའི་ཕྱིར་རོ། །ཁང་བརྩེགས་འགྲོ་ལུགས་ནི་སྔར་གྱི་དེས་འཐུས། མཆོད་རྟེན་ཧ་ཅང་ཆེས་པས་སྔར་ལྟར་གྱིས་མ་ཉན་ན་འོག་མ་ལྟར་རིག་པས་དཔྱད་པར་བྱའོ། །དེ་ལྟར་ཐིག་གཞུང་ཆ་ཚད་དཔང་པོར་བྱ་བ་ལས། འཕྲི་བསྣན་མི་བྱ་ཞིང་གོང་འོག་ཤིང་ཚད་བགོ་ལུགས་ལེགས་པོ་བྱས་ན་ཤིན་ཏུ་མཛེས་ཤིང་དང་བ་འདྲེན་པ་ཞིག་འོང་བ་ལག་བླང་ཡིན། རང་བཟོ་བྱས་ན་དེང་དུས་ཀྱི་ཁང་བརྩེགས་རྣམས་ཏེ། ཕལ་ཆེ་རྐེ་རིང་རིང་། ལ་ལ་མགོ་ཐུ་ཐུ། ལ་ལ་ལེབ་ལེབ་གྱུར་པ་འདི་དག་གོ །ནམ་ཡང་ཚད་འདི་ལ་རང་བཟོ་མ་བྱེད་དང་ལེགས་པོ་འོང་ངེས་ལགས། ༈ གསུམ་པ་སྤྱིའི་ཉེར་མཁོ་སྦྱང་ཁྲུས་རབ་གནས་ནི། འཇམ་དབྱངས་མཁྱེན་བརྩེའི་གསུངས་ལྟར་ཏེ། བདག་བསྐྱེད་ཀྱི་བཟླས་པ་བཅས་སྔོན་དུ་འགྲོ་བས། ལས་བུམ་དུ་སྐད་ཅིག་གིས་བདུད་རྩི་འཁྱིལ་བ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅི་ནུས་བཟླས་མཐར། ལྷ་འོད་དུ་ཞུ་བ་ལས་བུམ་ཆུ་ནུས་པ་དང་ལྡན་པར་གྱུར། བར་བསམ། སྦྱོང་ཁྲུས་དགོས་པ་རྣམས་དང་། སྦྱང་ཆས་སོགས་དགོས་པའི་ཡོ་བྱད་རྣམས་བཤམས། གཏོར་མ་བྱིན་གྱིས་བརླབ་སྟེ། གཏོར་མ་གསུམ་རེ་རེ་ནས་རྟེན་ལ་བསྐོར་ཏེ། ༀ་སརྦ་བིགྷྣན་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆང་བུས་བསྐོར་ཞིང་། སུམྦྷ་གསུམ་གྱིས་ཕྱེད་མ། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅ཧཾ། རང་ཉིད་སྐད་གཅིག་གིས་རྡོ་རྗེ་ཧཱུྃ་མཛད་ཁྲོ་བོའི་རྒྱལ་པོ་འཇིགས་སུ་རུང་བའི་སྐུར་གྱུར་པའི་དཔྲལ་བར་ༀ། མགྲིན་པར་ཨཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁྲོ་བོའི་སྤྲིན་རབ་འབྱམས་དཔག་ཏུ་མེད་པ་བཛྲ་སཱ་མཱ་ཛཿ ས་སྤྱན་དྲང་། ༀ་བཛྲ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། བགེགས་རྣམས་མ་ལུས་འཇོམས་མཛད་པ། དངོས་གྲུབ་མ་ལུས་སྩོལ་བའི་ལྷ། བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། ཅེས་བསྟོད་ནས། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་༴ རིགས་སྔགས་དང་༴ གཟུངས་སྔགས་དང་༴ སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་རབ་ཏུ་གནས་པའི་ཆོ་ག་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ༀ་སུམྦྷ་སོགས་བརྗོད་ཅིང་། ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག །རོལ་མོའི་ཚམ་རྔམས་དང་བཅས་པའི་ཕྱི་རོལ་དུ་བསྐྲད་པ་ནི་དྲག་པོས་སྦྱང་བའོ། །གཉིས་པ་ཁྲུས་ཀྱི་བྱ་བ་ནི་ཐོག་མར་དཀྱིལ་འཁོར་སོགས་དང་རྟེན་རིང་བསྲེལ་ཅན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང་། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྲས་དང་སློབ་མར་བཅས་པ་རྣམས་ལ་བདག་ཅག་གིས་ཡོ་བྱད་དང་ལྡན་པའི་སྒོ་ནས་སྐུ་ཁྲུས་དམ་པ་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བར་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲིས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཇི་ལྟར་བལྟམས་པ། སོགས་ཀྱི་མཐར། ༀ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དང་། ཁྲུས་རས་ཀྱིས་ཕྱི་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ༀ་ཧཱུྃ་ཏྲཾ་ཧྲིཿཨཱཿ ཀཱ་ཡ་བི་ཤོ་ན་ཡེ་སྭཱ་ཧཱ། ཁྲུས་ཆུ་དེ་ཉིད་སླར་ཡང་བུམ་པར་བླུགས་ལ། རྟེན་གསར་པ་རྣམས་ཀྱི་དངོས་སམ་གཟུགས་བརྙན་ལ་ཁྲུས་གསོལ་ཞིང་། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། ཐུགས་རྗེའི་ཆུ་ནི་བླ་ན་མེད། བྱིན་བརླབས་ཡེ་ཤེས་ཆུ་ཡིས་ནི། ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། ༀ་སརྦ་ཏ་ཐཱ་ག་ཏ་སོགས། འདི་ནི་སྦྱིན་པའི་རང་བཞིན་ཆུ། སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། ༀ་སརྦ་ཏ་ཐཱ་ག་ཏ། སོགས་དང་། དེ་བཞིན་དུ། སྦྱིན་པའི་གནས་སུ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་དང་སེར་སྣའི་གནས་སུ། ཁྲིམས་འཆལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང་། ཤེས་འཆལ། རྣམས་སྦྱར་ལ་སོ་སོའི་མཐར་སྔགས་དང་བཅས་པས་ཁྲུས་གསོལ། དེ་དག་སྐུ་ལ། སོགས་ཀྱིས་སྐུ་ཕྱི་བྱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། ༀ་བཛྲ་ཝསྟྲ་ཡ་པྲ་ཏིཙྪ་སྭཱ་ཧཱ། ན་བཟའ་ཕུལ་སྤྲོ་ན་ཤིས་བརྗོད་ཀྱང་བྱ། འདི་དག་ནི་སྦྱང་ཁྲུས་བྱ་བ་སྟེ། འབྲུ་སྣ་དང་ཆས་ཀ་སོགས་ལ་སྦྱང་ཁྲུས་དུས་བདེན་སྟོབས་སྐབས། དྲི་མ་སྦྱོང་བ་ལ་བར་དུ་གཅོད་པ་ཞེས་དང་སྐུ་ཕྱི་ན་བཟའ་ཕུལ་བ་རྣམས་དོར་བ་ཁྱད་པར་རོ། །རབ་གནས་ནི། ཨ་མྲྀ་ཏས་བསང་། ཤུནྱ་ཏས་སྦྱངས། །སྟོང་པའི་ངང་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ༀ་ལས་འཁོར་ལོ་དཀར་པོ་ༀ་གྱི་མཚན་པ། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ་དབང་ལྷས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། ཕྱག་བྱར་འོས་པ། སོགས་ཀྱིས་བསྟོད། རྡོ་རྗེ་རྩེ་ལྔའི་རྒྱས་སྤྱན་དབྱེ་ཚུལ་དང་བཅས། ཀུན་མཁྱེན་ཡེ་ཤེས་སྤྱན་ནི་སྐྱོན་བྲལ་ཡང་། གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ༀ་ཙ ཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད། སླར་ཡང་མཆོད་ཅིང་བསྟོད་ལ། བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་ལས་རྟེན་རང་གི་རྣམ་པར་གྱུར། འདིར་ནི་རྟེན་དང་སོགས་ཀྱི་མཐར། སུ་པྲ་ཏི ཥྛ་དང་། ཡེ་དྷརྨ་མང་དུ་བཟླས་པས་མེ་ཏོག་འཐོར། མེ་ཏོག་དམ་པས་མཆོད། ཕྱག་བྱར་འོས་པ་ས་བསྟོད། ཞལ་ནས་གསུང་པའི་ཤིས་བརྗོད་རྒྱས་པར་བྱའོ། །སྦྱོང་ཁྲུས་དང་རབ་གནས་ཐོག་མཐའ་ཐམས་ཅད་ལ་གར་དགོས་ཀྱང་འདིས་བྱའོ། ༈ །བཞི་པ་བུམ་གཏེར་སོགས་སྒྲུབ་པའི་ཆོ་ག་ལ། བུམ་པ་དང་བང་མཛོད་ཀྱི་ཆས་སྤྱིར་སྒྲུབ་པ། སའི་ལྷ་མོའི་བུམ་པ་སྒྲུབ་པ། ཀླུ་བུམ་སྒྲུབ་པ། ཉེས་སེལ་བུམ་པ་སྒྲུབ་པ། གནོད་སྦྱིན་འཁོར་ལོའི་རབ་གནས་དང་འཁོར་ལོ་སྒྲུབ་པ། གཟུངས་གཞུག་སྒྲུབ་པ། རབ་གནས་མེ་ཏོག་སྒྲུབ་པ་དང་བརྒྱད་ལས། དང་པོ་བང་མཛོད་བུམ་པའི་ཆས་སྤྱིར་སྒྲུབ་པ་ལྕང་སྐྱའི་གསུང་བཞིན་བྲི་བ་ནི། སྟེགས་ཀྱི་སྟེང་བུམ་གཏེར་དང་གཡས་གཡོན་དུ་བང་མཛོད་ཀྱི་རྫས་བཀྲུ་བར་འོས་པ་རྣམས་བཀྲུ་མི་འོས་པ་རྣམས་བསང་བདུག་བྱས་ལ་བསྒྲིགས། མདུན་ངོས་ཆུ་གཉིས་ཉེར་སྤྱོད་སོགས་བཤམས་སྦྱོང་ཁྲུས་ཆས་དང་གུལ་ཡུང་རོལ་ཆས་སོགས་འདུ་བྱས་ཏེ། ཐམས་ཅད་ལ་སྦྱོང་ཁྲུས་བྱས་རྗེས། ལས་སྔགས་དང་བསང་ཆུས་བསང་། གཏེར་བུམ་དང་བང་མཛོད་ཀྱི་རྫས་རྣམས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པ་བཅུད་བཟང་པོས་གང་ཞིང་ཅི་འདོད་འབྱུང་བའི་གཏེར་ཆེན་པོའི་བུམ་པར་གྱུར། བུམ་རྫས་ཉེར་ལྔ་བྱིན་བརླབས། སྨན་ལྔ་ལ་ༀ་པཉྩ་བེ་ཥ་ཛྱཻ་ཨཱཿཧཱུྃཿ རིན་ཆེན་ལྔ་ལས། ༀ་པཉྩ་རརྣ་ཨཱཿཧཱུྃ། དྲི་ལྔ་ལ། ༀ་པཉྩ་གནྡྷེ་ཨཱཿཧཱུྃ། འབྲུ་ལྔ་ལ། ༀ་པཉྩ་བེ་ག་ཨཱཿཧཱུྃ། སྙིང་པོ་ལྔ་ལ། ༀ་པཉྩ་གརྦྷ་ཨཱཿཧཱུྃ། ཅེས་པ་རྣམས་ཅི་རིགས་བཟླ། བང་མཛོད་ཀྱི་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེའི་བརྒྱན་པ་ཡོངས་སུ་གྱུར་པ་ལས་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་དང་ལྡན་པའི་ལྷ་རྫས་ཕུན་སུམ་ཚོགས་པ། རྟེན་ལ་མཆོད་པ་དང་། སྦྱིན་པའི་བདག་པོ་དང་བདག་སོགས་སེམས་ཅན་ཐམས་ཅད་ལ་འདོད་དགུའི་ཡོ་བྱད་ཟད་མི་ཤེས་པ་རྒྱུན་མི་ཆད་དུ་འབྱུང་བའི་གཏེར་ཆེན་པོར་གྱུར། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བྱས་ལ། ༀ་སརྦ་བིད་པཱུ་ར། སོགས་དང་། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས། བདག་གི་བསམ་པའི་སྟོབས་དང་ནི། སོགས་ཀྱི་བདེན་སྟོབས་བརྗོད། རྟེན་འབྲེལ་སྙིང་པོ་ཅི་འགྲུབ་བཟླས་ཏེ། ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ་པར་བྱའོ། ༈ །གཉིས་པ་སའི་ལྷ་མོ་བརྟན་མའི་བུམ་པ་སྒྲུབ་པ་ནི། ལྷ་གཅིག་ཇོ་བོས་ས་དཔྱད་ལས་གསུང་པ་བཞིན་བསྟན་འཛིན་རྡོ་རྗེས་མཛད་པ་ལྟར་ནི། གཟའ་སྐར་བཟང་པོའི་འཕྲོད་སྦྱོར་ལ། གཙང་སྦྲ་དང་ལྡན་པས། རིན་པོ་ཆེའམ་རྫས་གསར་པ་སོགས་ཀྱི་བུམ་པ་ཡུལ་གྱི་བྲེ་ཚད་ལ་གས་ཆགས་མེད་པ་དཀར་འདུལ་ལེགས་པར་བྱུག་པ་ལ། ལྟོ་བའི་ཟོམ་ལ་བཀྲ་ཤིས་རྟགས་བརྒྱད་བྲིས་པ་གཙང་མའི་ནང་དུ། འབྲུ་སྣ་ལྔ། སྙིང་པོ་ལྔ། རིན་ཆེན་ལྔ། སྨན་ལྔ། དྲི་ལྔ། གཞན་ཡང་ཤིང་ཏོག་གི་རིགས་དང་། མངར་གསུམ། བཟང་དྲུག །ཙནྡན་དཀར་དམར། ཨ་ཀ་རུ། ཤིང་མངར། དུར་ཝ། ཀུ་ཤ །ལི་ཁྲི། སིནྡུ་ར། གངས་ཐིག བིལྦ། གི་ཝཾ། ཨ་བར་སྐྱུར་གསུམ། ཀླུ་སྨན་གང་འབྱོར། དར་སྣ། དགོན་གནས་བྱིན་ཅན་གྱི་ས་སྣ་ཚོགས། རྒྱལ་པོ་དང་ཕྱུག་པོའི་ཟས་ནོར། རྟེན་བྱིན་རླབས་ཅན་གྱི་ས་རྡོ། དྲི་བཟང་པོ་དང་ཞིང་ས་བཟང་པོའི་ས་སྣ། རིན་པོ་ཆེའི་རིགས་གང་སྙེད། ཟས་སྐོམ་བཟང་པོ་གཙང་མའི་རིགས་གང་འབྱོར་ཀྱིས་བུམ་པའི་སུམ་ཉིས་ཙམ་བཀང་ལ་ཤུག་པའི་རྩེ་མོ་མ་ནོར་བའི་བྱང་བུ་ལ་དྲི་བཟང་བྱུག་ནས་གསེར་གྱི་བྲིས་པའི་སའི་ལྷ་མོ་དང་། མཐིང་ཤོག་ལ་གསེར་གྱི་ལྷ་མོའི་གཟུངས་སྔགས། ཙི་རི་ཙི་རི། སོགས་དང་འདོད་གསོལ་པའི་ལྷ་མོ་སོགས་འོག་ནས་གསལ་བ་བཞིན་བྲིས་ལ། གཉིས་ཀ་ལ་སྦྱོང་ཁྲུས་རབ་གནས་ཚད་ལྡན་བྱས་ནས། གཟུངས་ཀྱིས་ལྷ་མོའི་སྐུ་ལ་ཡིག་མགོ་ནས་དྲིལ་དར་སེར་པོའི་ལེགས་པར་བཏུམ་ནས་བུམ་པའིདབུས་སུ་ཞལ་རང་ལ་བསྟན་ནས་བཅུག །དེ་ཉིད་གཞི་བཟང་པོ་མེ་ཏོག་བཀྲམ་པའི་དབུས་སུ་མཎྜལ་གྱི་སྟེང་དུ་དར་སྣ་ལྔས་མགྲིན་པར་དཀྲིས་ནས་བཞུགས་པའི་སྟེང་དུ་གཟུངས་ཐག་བཞག །དེའི་མདུན་དུ་གཏོར་མ་གཅིག་ལ་ཁ་ཟས་བཟང་པོས་བསྐོར་བ་དང་། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རྣམས་ཕྱོགས་མཚམས་སུ་བཤམས། དེ་ནས་རང་ཉིད་བདག་བསྐྱེད་གང་བདེའི་སྒོམ་བཟླས་བྱས་ནས། མདུན་གྱི་བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷ་དང་མིའི་རིན་པོ་ཆེ་དང་འབྲུ་བཅུད་ཟས་ནོར་དཔག་ཏུ་མེད་པ་འདོད་ཡོན་སྣ་ཚོགས་ཀྱི་ཡོངས་སུ་གང་བར་བསྐྱེད་ལ། སྔགས་དྲུག་དང་ཕྱག་དྲུག་གིས། འདོད་དགུ་ཕུན་སུམ་ཚོགས་པ་འབྱུང་བའི་མཛད་མེད་ཀྱི་གཏེར་ཆེན་པོར་བྱིན་གྱིས་བརླབས་པར་གྱུར། དེ་ལྟ་བུའི་བུམ་པའི་དབུས་སུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བཾ་ལས་སའི་ལྷ་མོ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་ཞི་བའི་ཆ་བྱད་ཅན་ཞལ་འཛུམ་བག་དང་ལྡན་ཞིང་། ཕྱག་གཉིས་ཀྱི་རིན་པོ་ཆེའི་བུམ་པ་ཐུགས་ཀར་འཛིན་པ་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟས་ཀླུབ་པ། དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿ་དམར་པོ་དང་། སྙིང་གར་ཧཱུྃ་སྔོན་པོ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ས་འོག་ནས་སའི་ལྷ་མོ་ༀ་བཛྲ་ས་མཱ་ཛཿ རྡོར་དྲིལ་འཛིན་པས། ༀ་ཚུར་སྤྱོན་ཚུར་སྤྱོན་ས་ཡིས་ནི། ལྷ་མོ་ཆེན་མོ་འཇིག་རྟེན་ཡུམ། རིན་ཆེན་ཀུན་གྱི་རབ་གང་མ། བཟང་པོའི་རྒྱན་གྱིས་རྣམ་བརྒྱན་མ། དོ་ཤལ་རྐང་གདུབ་སྒྲ་ལྡན་མ། རྡོ་རྗེ་སེམས་དཔའ་རབ་མཆོད་མ། མཆོད་ཡོན་འདི་ནི་བཞེས་ནས་ཀྱང་། དགེ་ཞིང་ལས་རྣམས་ལེགས་གྲུབ་མཛོད། ཧི་ཧི་ཧཱི་ཧཱི་ཧཱུྃ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་སྤྱན་དྲངས་ནས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་བཅས་ༀ་བཛྲ་ས་མཱ་ཛ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་རྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ༀ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། མཆོད་པ་རྣམས། ༀ་བཛྲ་ཡཀྵ་དང་། ཛྭ་ལ་ན་སོགས། ༀ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ༀ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དངས་ཤིང་ཐོག་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་བྱིན་གྱིས་བརླབས་ནས། ༀ་པྲི་ཐི་དེ་ཝི་མགོར་སྦྱར་བས། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། གཏོར་མར་ཆབ་བྲན་ལ། བསང་སྦྱང་། ༀ་ཨཱཿ་ཧཱུྃ་གིས་བྱིན་གྱིས་བརླབས་ནས། མཚན་སྔགས་ལ། ཨ་ཀ་རོ། བཏགས་པ་ལན་གསུམ་གྱིས་ཕུལ། རྡོར་དྲིལ་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་ཉིད་བདུད་སྡེ་སོགས། །མི་མཐུན་ཕྱོགས་ལས་རྒྱལ་བ་དང་། །ས་ཕྱོགས་འདི་ཉིད་གནང་བར་མཛོད། །རྣལ་འབྱོར་བདག་ཅག་ཡོན་མཆོད་ལ། །ཚེ་རིང་ནད་མེད་དབང་ཕྱུག་དང་། །དཔལ་དང་གྲགས་པ་བསྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་རྒྱས་ལ་སོགས་ལས་རྣམས་ཀྱིས། །དངོས་གྲུབ་ཐམས་ཅད་རྩལ་དུ་གསོལ། །འདོད་དོན་མ་ལུས་འགྲུབ་པར་མཛོད། །ཞེས་ལན་གསུམ་བརྗོད་པས། རིག་པ་འཛིན་པ་ཁྱོད་ཀྱིས་ཅི་འདོད་པའི་ལས་རྣམས་འགྲུབ་པར་གྱུར་ཅིག་ཅེས་གནང་བ་བྱིན་པར་བསམ་མོ། །དེ་ནས་བུམ་པའི་གཟུངས་ཐག་བཟུང་ནས། ལྷ་མོའི་གཟུངས་ལ་བསྙེན་པ་འབུམ་སོགས་བྱ། དེའི་ཚེ་དམིགས་པ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། བུམ་ནང་གི་ལྷ་མོའི་ཐུགས་ཀའི་སྔགས་ཕྲེང་ལ་ཕོག་པས་རྒྱུད་བསྐུལ་བས་སྐུ་དང་ཕྱག་གི་གཏེར་བུམ་སོགས་ལས་འདོད་དགུའི་ལོངས་སྤྱོད་ཆར་ལྟར་དབབ། བུམ་པའི་ནང་དང་ཁང་ཁྱིམ་ཡུལ་ཕྱོགས་ཐམས་ཅད་འདོད་ཡོན་སྣ་ཚོགས་ཀྱིས་གང་བ་ལྷ་ཀླུ་གཞི་བདག་ལ་སོགས་པའི་སྐྱེ་འགྲོ་ཐམས་ཅད་ཀྱིས་འཛད་མེད་དུ་ལོངས་སྤྱོད་ནས་ཚིམ་པས་འདོད་ཡོན་ཐམས་ཅད་ཐོག་མེད་དུ་བསྒྲུབ་པར་བསམ་ལ། གཟུངས་ནི། ཏདྱ་ཐཱ། ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཀུ་རུ་ཀུ་རུ། དོ་ཙུ་དོ་ཙུ། བྷནྡྷ་བནྡྷ། བཱ་ཤ་བཱ་ཤ་སྭཱ་ཧཱ། ཞེས་བཟླ། འདིའི་ཕན་ཡོན་ནི། གཟུངས་ལས། བདག་གིས་གསང་སྔགས་འདིས་ལྷ་དང་མི་ལ་ཕན་པར་ནུས་ཏེ། བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར། ཟས་ནོར་དང་། གཏེར་དང་། བདུད་རྩི་དང་། ཚེ་རིང་བ་དང་། ནད་ཐམས་ཅད་སོས་པ་དང་། དགྲ་དང་། ཕྱིར་རྒོལ་བའི་ལན་ཐེབས་སོ། །ཅེས་པའི་ལྷ་མོ་ཉིད་ཀྱིས་གསུངས་སོ། བཟླས་པ་རྫོགས་ནས་གོང་ལྟར་མཆོད་ཅིང་བསྟོད། སའི་ལྷ་མོས་བདག་དང་སྦྱིན་བདག་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་རྩོལ་ཞིང་། ཡུལ་ཕྱོགས་འདིར་བཀྲ་ཤིས་པ་དང་། དགེ་ལེགས་དཔལ་འབྱོར་གྱི་དངོས་གྲུབ་རྒྱུན་མི་ཆད་པར་འབྱུང་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ་བ་བཏབ་ལ། ཡི་གེ་བརྒྱ་པ་དང་། མ་འབྱོར་པ་དང་། སོགས་ཀྱིས་ནོངས་པ་བཤགས། བུམ་པ་ལ་བརྟེན་བཞུགས་དང་རབ་གནས་བཀྲ་ཤིས་སོགས་བྱས་ནས་རིན་པོ་ཆེ་དང་འབྲུ་སོགས་ཀྱིས་བུམ་པ་ལེགས་པར་བཀང་ལ་འཇིམ་པ་གཙང་མས་ཁ་བཅད་དེ་རས་བཟང་པོའི་ན་བཟའ་དང་མགུལ་ཆིངས་སོགས་བྱས་ལ་དེ་ཉིད་ཞལ་ནང་དུ་བསྟན་ནས་ཁང་པ་སོགས་གང་དུ་སྦས་ཀྱང་ཡུལ་ཕྱོགས་དེར་དཔལ་འབྱོར་ཕུན་སུམ་ཚོགས་པ་འབྱུང་བར་གསུངས་སོ། ༈ །གསུམ་པ་ཀླུ་བུམ་སྒྲུབ་པ་ནི། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་གསུང་ལྟར་ན། ཡུལ་གྱི་བྲེ་གང་ཚད་ལས་མི་ཆུང་བའི། ལྕགས་དང་ར་གན་ཞ་ཉེ་མ་འདྲེས་པའི་རིན་པོ་ཆེའི་བུམ་པའམ། རྫ་ལ་སོགས་བུམ་པ་གཙང་མའི་ནང་དུ། ལྕགས་ར་གན་ཞ་ཉེ་མ་གཏོགས་པའི་རིན་པོ་ཆེ་སྣ་ཚོགས། ཀེ་ཚེ་ཤང་ཚེ་བྲ་བོ་སྲན་མ་རྣམས་མ་གཏོགས་པའི་འབྲུ་བཅུད། ཁྱུང་སྡེར་ཚ་བ་གསུམ་དུག་རིགས་མ་གཏོགས་པའི་སྨན་སྣ་དང་། དྲི་བཟང་པོ་དང་། ནོར་སྣ་དང་། ཤ་ཆང་མ་འདྲེས་པའི་ཟས་སྣ་གོས་སྣ་ལ་སོགས་པ་བཅུག་ལ་བཤམས། འཇིམ་པའི་ཁ་བཅད་ལ་དཀར་ཞལ་གྱི་བྱུག །མགྲིན་པ་ཡན་རས་དཀར་གཙང་མས་དཀྲི། དེ་ཡང་འབྱོར་ན་ཕྱོགས་མཚམས་བརྒྱད་དབུས་དང་དགུར་རེ་རེ། དེ་མ་འབྱོར་ན་ཕྱོགས་བཞི་དང་དབུས་སུ་གཅིག་གམ། མ་འབྱོར་ན་དབུས་སུ་གཅིག་གིས་ཀྱང་རུང་ཞིང་། བདག་གི་རྣལ་འབྱོར་སེང་གེ་སྒྲ་དང་ཐོད་ཕྲེང་རིགས་ལྔའི་བདག་བསྐྱེད་གང་རུང་བསྒོམ་ལ་བཟླས་པ་བྱས་ཏེ། བུམ་གཏེར་བཤམས་པ་ནི། གཞི་གཙང་མ་ལ་ཚོན་དཀར་པོས་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་བཞག ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཚར་དགུའམ། མ་འབྱོར་ན་གཅིག་དང་། གཏོར་མ་དགུ་བཤམས། བུམ་པ་ཡཀྵས་བསང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། རིན་པོ་ཆེ་དང་འབྲུ་བཅུད་ཟས་ནོར་སྣ་ཚོགས་ཀྱིས་ཡོངས་སུ་གང་བར་བསྐྱེད། སྔགས་དྲུག་ཕྱག་དྲུག་བརྗོད། དེ་ལྟ་བུའི་བུམ་པ་སྟོད་ཀྱི་ཆར་པདྨ་འདབ་བརྒྱད་ཀྱི་ལྟེ་བ་དང་། འདབ་མ་རྣམས་ལ་ནཾ་དགུ་ལས་དབུས་སུ་ནོར་རྒྱས། ཤར་དུ་སྟོབས་ཀྱི་རྒྱུ། ལྷོར་དུང་སྐྱོངས། ནུབ་ཏུ་མཐའ་ཡས། བྱང་དུ་ཝ་རུ་ཎ། ཤར་ལྷོར་འཇོག་པོ། ལྷོ་ནུབ་ཏུ་རིགས་ལྡན། ནུབ་བྱང་དུ་པདྨ། བྱང་ཤར་དུ་པདྨ་ཆེན་པོ་སྟེ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་སྟོད་ལྷའི་ལུས་ཅན་ཕྱག་གཉིས་ཀས་རིན་པོ་ཆེ་གཏེར་གྱི་བུམ་པ་ཐུགས་ཀར་འཛིན་པ། ཁ་དོགས་དག་པའི་ཤེལ་ལྟར་དྭངས་ཤིང་ཡུལ་གྱི་དབང་པོ་སྣ་ཚོགས་སུ་སྣང་བ་སྤྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་བཅས་པའི་སྦྲུལ་མགོའི་གདེང་ཀ་བདུན་བདུན་དང་ལྡན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཡོན་ཕྱོགས་ན་རང་དང་འདྲ་བའི་ཆུང་མས་བསྟེན་པ་དང་བཅས་པར་གྱུར། དེ་རྣམས་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་ཀར་ཧཱུྃ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱ་མཚོ་ཆེན་པོའི་ཀློང་ནས་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་སྤྱན་དྲངས། ༀ་ཨེ་ཧྱེ་ཧི་ནཱ་ག་ཨ་དྷི་པ་ཏི་ས་པཱ་རི་ཝཱ་ར་ས་མ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ཡང་ཡང་བརྗོད་པས་སྤྱན་དྲངས་ལ། གཉིས་སུ་མེད་པར་བསྟིམ་ནས། ༀ་བཛྲ་ཡཀྵ་ཧཱུྃ། ༀ་བཛྲ་ཛྭ་ལ་ཨ་ན་ལ། སོགས། ༀ་སྭཱ་བྷ་བ་སོགས། སྟོང་པའི་ངང་ལས་ཨཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོག་པ་མེད་པ་ནམ་མཁའི་ཁམས་གང་བར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ནས་ཤབྡའི་བར་གྱིས་མཆོད་པ་རྣམས་བྱིན་གྱིས་བརླབས་ལ། ༀ་ཕུཿན་ག་རཱ་ཛ་བ་སུ་ཀེ་ཕུ། ནཱ་ག་ར་ཛ་ཀརྐོ་ཊཱ་ཡ། ན་ག་ར་ཛ་ཤཾ་ཁ་པ་ལ་ཡ། ནཱ་ག་ར་ཛ་ཨ་ནནྟྲ་ཡ། ནཱ་ག་རཱ་ཛ་ཝ་རུ་ཎ་ཡ། ནཱ་ག་ར་ཛ་ཏ ཀྵ་ཀ་ཡ། ན་ག་ར་ཛ་ཀུ་ལི་ཀ་ཡ། ནཱ་ག་རཱ་ཛ་པདྨ་ཡ། ནཱ་ག་རཱ་ཛ་མ་ཧཱ་པདྨ་ཡ་ཕུཿ ཨརྒྷཾ། པདྱཾ། པུཥྦེ། དྷུ་པེ། ཨ་ལོ་ཀེ །གནྡྷེ། ནཻ་ཝིདྱེ། ཤབྡ་པྲ་རིཙྪ་སྭཱ་ཧཱ། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། ས་འོག་མུན་པའི་ཚོགས་རྣམས་འཇོམ་མཛད་ཅིང་། བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། ཅེས་བསྟོད་གཏོར་མ་བསྔོ་བ་ནི། ༀ་ཕུཿན་ག་རཱ་ཛ་བ་སུ་ཀེ། ཀརྐོ་ཊ་ཡ། ཤཾ་ཁ་པཱ་ལ་ཡ། ཨ་ནནྟན་ཡ། ཝ་རུ་ཎ་ཡ། ཏཀྵ་ཀཱ་ཡ། ཀུ་ལི་ཀ་ཡ། པདྨ་ཡ། མ་ཧཱ་པདྨ་ཡ་ཕུཿ ༀ་ཨ་ཀ་རོ། སོགས་གསུམ་གྱིས་ཕུལ། ཀླུའི་རྒྱལ་པོ་འཁོར་བཅས་རྣམས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་སོགས་ཕྲིན་ལས་བཅོལ། བཟླས་པ་ནི། ༀ་ཕུཿནཱ་ག་ར་ཛ་བ་སུ་ཀ་ཕུཿ སྭཱ་ཧཱ། ༀ་ཕུཿནཱ་ག་ར་ཛ་ཀོརྐ་ཊ་ཡ་ཕུཿསྭཱ་ཧཱ། ༀ་ཕུཿ་ནཱ་ག་ར་ཛ་ཤཾ་ཁ་པཱ་ལ་ཡ་ཕུཿསྭཱ་ཧཱ། ༀ་ཕུཿནཱ་ག་རཱ་ཛ་ཨ་ནནྟ་ཡ་ཕུཿསྭཱ་ཧཱ། ༀ་ཕུཿནཱ་ག་ར་ཛ་ཝ་རུ་ཎ་ཡ་ཕུཿསྭཱ་ཧཱ། ༀ་ཕུཿནཱ་གཱ་རཱ་ཛ་ཏཀྵ་ཀ་ཡ་ཕུཿསྭཱ་ཧཱ། ༀ་ཕུཿནཱ་ག་རཱ་ཛ་ཀུ་ལི་ཀ་ཡ་ཕུཿསྭཱ་ཧཱ། ༀ་ཕུཿནཱ་ག་རཱ་ཛ་པདྨ་ཡ་ཕུཿསྭཱ་ཧཱ། ༀ་ཕུཿནཱ་གཱ་རཱ་ཛ། མ་ཧཱ་པདྨ་ཡ་ཕུཿསྭཱ་ཧཱ། ཞེས་རེ་རེ་ལ་མང་ཉུང་སྐབས་དང་བསྟུན་ལ་ཅི་རིགས་རེ་བཟླས་ནས་ཟངས་གཞོང་ལྟ་བུའི་སྣོད་གཙང་མར་རིལ་བུ་ཅི་མང་དང་། ཀླུ་སྨན། དཀར་གསུམ་མངར་གསུམ་འོ་ཆབ་དང་བཅས་པའི་གཏོར་མ་ལ་ཆབ་བྲན། ཡཀྵས་བསང་། ཛྭ་ལ་དང་། སྭཱ་བྷཱ་བས་སྦྱངས། ༀ་ཨ་ཀ་རོ་སོགས། གསུམ་གྱིས་བརླབས། ཀླུ་དགའ་བར་བྱེད་པའི་ཕྱག་རྒྱུ། ལག་གཡོན་ཁུ་ཚུར་བཅིང་བའི་མཐེ་བོང་དང་མཐེའུ་ཆུང་སྒྲེངས། གཡས་ཀྱི་སོར་མོ་རྣམས་སྦྲུལ་མགོའི་གདེང་ཀ་ལྟར་བསྒྲེང་བ་གཡོན་གྱི་མཐེ་བོའི་སྟེང་དུ་གདུགས་ཕུབ་པ་ལྟར་སྦྱར་ལ་བསྐོར་ཞིང་། ༀ་ཧི་ལི་ནི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུཿསྭཱ་ཧཱ། ༀ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཏིཥྛ་ཛྲ྄ུཾ་ཕྲུཾ་ཕུཿཧཱུྃ་སྭཱ་ཧཱ། ཞེས་ཐུན་མོང་དུ་ཀླུའི་གཏོར་མ་བརྒྱ་རྩ་ལ་སོགས་པ་ཕུལ་ན། ཀླུའི་རྒྱལ་པོ་འཁོར་དང་བཅས་པས་བདག་དང་སྦྱིན་བདག་གི་ཡུལ་ཕྱོགས་འདིར་དངོས་གྲུབ་རྒྱུན་མི་ཆད་པར་འབྱུང་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་གསོལ་བ་བཏབ། མ་རྙེད་ཡོངས་སུ། སོགས་ཀྱིས་མཐར་ཡིག་བརྒྱས་ནོངས་པ་བཤགས། ༀ་འདིར་ནི་རྟེན་དང་སོགས་དང་། སུ་པྲ་ཏིཥྛ་དང་། ཡེ་དྷར་གྱིས་བརྟན་པར་བྱ། དེ་ནས་སྦ་བ་ན་ཇོ་སྒྲོམ་སོགས་དང་སྨན་དང་དྲི་བཟང་སོགས་དང་བཅས་ལེགས་པར་བཞག་ལ་བཀྲ་ཤིས་བརྗོད། སྟེང་ལེགས་པར་རྡོ་སོགས་ཀྱིས་བཀབ། བདགབསྐྱེད་ཀྱིས་མཇུག་བསྡུ། ཞག་བདུན་སོགས་དུས་གསུམ་དུ་བུམ་པའི་སྟེང་མཆོད་པ་དང་གཏོར་མ་ཕུལ། དེར་དཀོན་མཆོག་གི་རྟེན་ལ་སོགས་པ་བཞེངས། དེ་ལྟར་བྱས་པས་འབྱོར་པ་དང་། ལོ་ལེགས་པ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བ་རྟེན་འབྲེལ་ཡིན་ནོ། །རྟེན་བཞེངས་མ་ཡིན་པའི་གཏེར་བུམ་འཛུག་ནའང་། ཁང་བཟང་ངམ་ཀླུ་གནས་པའི་སར་བཅུག་ན། ཡུལ་དེར་དཔལ་འབྱོར་འཕེལ་བར་འགྱུར་བས་འདི་བཞིན་ཤེས་པར་བྱའོ། །སྐབས་འདིར་ཀླུའི་སྤང་སྐོང་སྤྲིན་ཆེན་མདོ་སོགས་སྒྲོགས་པ་དང་། ཀླུ་སྨན་ཡང་དེ་དག་གི་ནང་བཞིན་སྦྱར། གཞན་ཡང་ཉེས་སེལ་གསེར་གྱི་མདོ་ཐིག །བཀྲ་ཤིས་བརྩེགས་པ་སོགས་འདོན་པར་བྱ་ཞིང་། བུམ་གཏེར་ལག་ལེན་སྐབས་ཤིས་པ་གསུམ་ཚང་དགོས། དུས་ཤིས་པ་གཟའ་སྐར་སྦྱོར་བ་ཀླུའི་ཐེབ་དང་ལྡན་པ། གང་ཟག་ཤིས་པ་ལག་ལེན་ཤིས་ཤིང་སེམས་བསྐྱེད་བསླབ་སྡོམ་དང་ལྡན་པ། ཀུན་སྤྱོད་ཤིས་པ་དེ་སྐབས་ཤ་ཆང་སྒོག་བཙོང་ལ་སོགས་སྤང་བ། དཀར་གསུམ་མངར་གསུམ་ལ་བརྟེན་ནས་རྫས་ཕྱི་ནང་གི་དངོས་པོ་ཐམས་ཅད་གཙང་སྦྲ་དང་ལྡན་ཞིང་། གོང་དུ་བཤད་པའི་སྨན་དང་། འབྲུ་སྣ་ལ་སོགས་པའི་རྫས་རྣམས་ལ་སྤང་བླང་མ་ནོར་བ་གལ་ཆེ་བས་འཁྲུལ་མེད་དུ་ཤེས་དགོས། སྤྱིར་བུམ་གཏེར་ཐམས་ཅད་གཙང་སྦྲ་གལ་ཆེ་ཡང་ཁྱད་པར་ཀླུ་བུམ་འདི་གཙང་སྦྲ་ཤིན་ཏུ་གལ་ཆེར་བས་ལག་ལེན་ཞིབ་ཆ་རེ་མ་མཛད་ན་ཕན་པ་ལས་གནོད་པའི་རྒྱུར་འགྱུར་བས་ལག་ལེན་ཞིབས་ཆ་མཛད་གལ་ཆེའོ། །བཞི་པ་ཉེས་སེལ་བུམ་སྒྲུབ་ནི། ས་དགྲ་དང་། ས་ཉེས་སོགས་བཅོས་ཤིང་སའི་དཔལ་བསྐྱེད་པ་ལ་སོགས་པ་ལ་མཆོག་ཏུ་བསྔགས་པའི་ཀློང་གསལ་སྙིང་པོའི་གསུང་ལ་ངེས་དོན་དབང་པོའི་བསྒྲིགས་པ་ལྟར་ནི། རིན་པོ་ཆ ེའམ་རྫ་ཡི་བུམ་པ་བྲེ་གང་ཤོང་བ་ལས་མི་ཆུང་པར་བུམ་རྫས་ཉེར་ལྔ་དང་། རིན་ཆེན་འབྲུ་སྨན་དར་ཟབ་ས་སྣ་ཆུ་སྣ་བྱིན་ཅན་སོགས་ཀྱིས་ཕྱུར་བུར་གཏམ་པའི་དབུས་སུ་སྲོག་ཤིང་ཤུག་པ་རྩ་རྩེ་མ་ལོག་པ་འོག་ནས་འབྱུང་བའི་གཟུངས་སྔགས་དང་དབྱངས་གསལ་རྟེན་སྙིང་བླ་མ་དང་མཆོག་གསུམ་ལྷ་བདག་དང་སྦྱིན་པའི་བདག་པོའི་ཕྱི་ནང་གི་ཉེས་པ་ཐམས་ཅད་ཞི་ཞིང་སྣོད་བཅུད་ཀྱི་དཔལ་ཕུན་སུམ་ཚོགས་པ་བསྐྱེད་པའི་གཏེར་ཆེན་པོའི་བུམ་པ་བཟང་པོར་གྱུར་ཅིག །ཅེས་འདོད་གསོལ་དང་། ཆེ་བའི་ཆེ་མཆོག་སོགས་བཀྲ་ཤིས་བཅས་བྲིས་པའི་ཤོག་དྲིལ་ལ་དྲི་བཟང་བྱུག་སྟེ་དཀྲིས་ལ་ན་བཟའ་གསོལ། དེ་དང་ལྷན་དུ་ཆུ་ནང་གི་ལྡེའུ་གཙང་མ་ལེབ་མོ་ལ་རྣམ་བཅུ་དབང་ལྡན་ཆུང་ངུ་བྲིས་པ་གསེར་གྱི་བྱུག་ལ་ལག་ཚག་དམ་པ་དང་། འཛོམ་ན་སཱཙྪ་བྱིན་ཅན་བཞུགས། ཕྱི་རོལ་དཀར་རྩི་བྱུག་ཅིང་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོས་མཛེས་པར་བྱ། ཁ་ཆོད་སོགས་སྤྱི་ལྟར་བརྒྱབ། སྟེགས་བུའི་དབུས་སུ་མེ་ཏོག་སིལ་མ་དཀྲམ་པར་མཆོད་པ་དང་བཅས་ཏེ་བཤམས། སྦྱོངས་ཁྲུས་མདོར་བསྡུས་བྱ། བུམ་པ་ལས་སྔགས་ཀྱིས་བསང་། སྭཱ་བྷཱ་ཝ ས་སྦྱངས། སྟོང་པའི་ངང་ལས་བུམ་པ་གཞལ་ཡས་ཁང་། །མཚན་ཉིད་རྫོགས་པའི་དབུས་སུ་པད་ཟླའི་སྟེང་། །ངར་འཛིན་གན་རྐྱལ་འགྱེལ་བའི་སྙིང་ཁ་རུ། །ཧ་ལས་བྱུང་བའི་དུས་ཀྱི་འཁོར་ལོ་ནི། །ཞལ་བཞི་ཁ་དོགས་ལྡན་པའི་ཕྱོགས་སུ་གཟིགས། །རྩ་བའི་ཕྱག་གཉིས་རྡོ་རྗེ་ཆོས་འབྱུང་བསྣོལ། །འཁོར་ལོ་རིན་ཆེན་པདྨ་རྒྱ་གྲམ་གཡས། །ས་ཆུ་མེ་རླུང་གཡོན་གྱི་ཕྱག་ན་འཛིན། །དྲང་སྲོང་ཁྲོས་པའི་ཚུལ་གྱིས་གཡས་བརྐྱངས་བཞེངས། །དགྱེས་མཛེས་སྔོན་མོ་རྡོ་རྗེ་དྲིལ་བུས་འཁྱུད། །དར་དང་རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས། །རལ་གསེབ་ཀུན་བཟང་ཡབ་ཡུམ་གཉིས་སུ་མེད། །དེ་ལྟར་གསལ་བའི་གནས་གསུམ་འོད་ཟེར་གྱིས། །རང་བཞིན་དབྱིངས་ནས་སྤྱན་འདྲེན་གཉིས་མེད་གྱུར། །ཐུགས་ཀར་དགའ་བ་འཁྱིལ་པའི་དབུས་སུ། ཧ྄ཀྵ྄མ྄ལ྄ཝ྄ར྄ཡྂ་྅྅྅གི་མཐར་དབྱངས་གསལ་རྟེན་སྙིང་ཉེས་སེལ་གྱི་གཟུངས་ཀྱིས་བསྐོར་བ་ལས་འོད་ཟེར་ཁ་དོགས་ལྔ་ལྡན་འཕྲོས་པས་རིགས་ལྔ་སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྗེ་ནུས་པ་འབྱུང་བའི་བཅུད་ཐམས་ཅད་བསྡུས་ནས་བུམ་རྫས་གཟུངས་སྔགས་བཅས་ལ་ཐིམ་པས་སྣོད་བཅུད་ཐམས་ཅད་བཀྲ་ཤིས་བྱིན་ཆགས། སྣུམ་འོད་དང་ལྡན་ཞིང་གཟི་བྱིན་འབར་བར་གྱུར། དབྱངས་གསལ་རྟེན་འབྲེལ་སྙིང་པོ་ཚར་བདུན་རེ་རྣམ་བཅུའི་སྔགས་རྣམས་གང་འགྲུབ་དང་། ཉེས་སེལ་གཟུངས། ༀ་སརྦ་ཏི་ཐཱི་ནཀྵ་གྲ་ཧ་མང་གོ་བྷྱ་ཡེ་སྭཱ་ཧཱ། ༀ་ཨ་ཀ་ནི་ནི་ཀ་ཨ་བྷི་ལ་མཎྜལ་མ་ལེ་སྭཱ་ཧཱ། བོད་ཁམས་བདེ་བྱེད་བུམ་པའི་སྙིང་པོ། ན་མ་སྟྲཻ་ཡ་དྷི་ཀཱ་ན་མ་སརྦ་ཏ་ཐ་ག་ཏ་ཧྲི་དཱ་ཡ་གརྦྷེ་ཛྭ་ལ་ཛྭ་ལ་དྷརྨ་དྷ་རུ་གརྦྷེ། སཾ་བྷ་ར་མ་མ་ཨ་ཡུཿ སཾ་ཤོ་དྷ་ཡ་མ་མ་སརྦ་པ་པཾ་སརྦ་ཏ་ཐཱ་ག་ཏ་ས་མནྟཥྞི་ཥ་བི་མ་ལེ་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨཾ་བཾ་སཾ་ཛཾ་སྭཱ་ཧཱ། རྣམས་གང་འགྲུབ་རྩེ་གཅིག་ཏུ་བཟླས་ཤིང་། མཐར་མཆོད་བསྟོད་སྤྱི་ཁྱབ་མདོར་བསྡུས་དང་། ནོངས་བཤགས་མཐར། ལྷར་འོད་དུ་ཞུ་བ་ལས་གཟུངས་དང་རྫས་ལ་ཐིམ་པས་ཕྱི་ནང་གི་ཉེས་པ་ཐམས་ཅད་ཞི་ཞིང་སྣོད་བཅུད་ཀྱི་དཔལ་ཕུན་སུམ་ཚོགས་པ་བསྐྱེད་པའི་གཏེར་ཆེན་པོའི་བུམ་པ་བཟང་པོར་གྱུར་ཅིག །ཅེས་བརྟན་བཞུགས་དང་ཤིས་བརྗོད་རྒྱས་པར་བྱ། དེ་ནས་ས་དགྲ་྄ཡོད་ཕྱོགས་སོགས་གང་དུ་སྦས་པའི་སར་ལག་ཚག་དམ་པར་གཞུག །གྲུབ་ན་ཆོ་ག་ཚར་གཅིག་བསྐྱར། མ་གྲུབ་ཀྱང་བརྟན་བཞུགས་སྨོན་ལམ་བཀྲ་ཤིས་བརྗོད་པ་སོགས་བྱས་པས་ཀྱང་གྲུབ་བོ། ༈ །ལྔ་པ་ཛམ་གཏེར་བུམ་སྒྲུབ་ནི། ཀློང་གསལ་གསུང་བཞིན་ནི། བུམ་པ་རིན་པོ་ཆེ་དང་རྫ་བུམ་གང་འབྱོར་ལོག་ལ་རྟགས་བརྒྱད་སོགས་རི་མོ་བྲིས་པའི་ནང་དུ་རྒྱ་བོད་ཀྱི་ཞིང་ས་བཟང་པོའི་ས་སྣ། ཆུ་སྣ། འབྲུ་སྣ། ཕྱུག་པོ་གཡང་ཅན་གྱི་ནོར་སྣ། ཟས་སྣ། རྟ་ཕྱུག་གི་སྤུ་སྣ་ཚོགས་སོགས་ཕྱུག་རྒྱུན་མ་ཆད་པའི་རྫས་ཅི་མང་། དངོས་གྲུབ་གྱི་རྫས་སྣ་ཚོགས། སྨན་སྣ་སོགས་བུམ་རྫས་རྣམས་ལ་གྲིབ་ཅན་དང་མི་གཙང་བ་མེད་པར་ཕྱི་ནང་ཀུན་ལ་ལག་ལེན་ཐེབ་པར་བྱས་ལ། གཙོ་བོ་ཨ་རུ་ར་གསེར་མདོག་གཅིག་ལ་དར་དམར་ལོག་ལ། ཛམ་སེར་གཟུངས། ༀ་ཛམྦྷ་ལ་ཛ་ལེན་ཏྲཱ་ཡེ་སྭཱ་ཧཱ། ཞེས་གསེར་གྱི་བྲིས་ལ་དྲིལ། དེ་ཕྱིར་ནོར་རྒྱུན་མའི་གཟུངས། ༀ་བ་སུ་དྷ་རི་ནི་སྭཱ་ཧཱ། ཞེས་དར་དཀར་ལ་བྲིས་པས་དྲིལ་ཏེ་བཅུག་པའམ། མིན་ཀྱང་གཟུངས་གཉིས་ཕྲེང་གཅིག་བྱས་ཏེ་སྲོག་ཤིང་ལ་དྲིལ་ཏེ་ན་བཟའ་སེར་པོ་གསོལ་ནས་གཞུག་གོ །གཟུངས་ཀྱི་མཇུག་ཏུ་འདོད་གསོལ། ཨ་ཡུ་ཛྙཱ་ན། པུཎྡྱཻ་སིདྡྷི་ཧཱུྃཿ དྷ་ན་མེ་དྷི་སྭཱ་ཧཱ། ཞེས་ཀྱང་བྲིས། རྫས་དང་བཅའ་བཀོད་རྣམས་གྲུབ་ནས། རྩ་བའི་དཀྱིལ་འཁོར་གྱི་འགྲམ་མམ་མདུན་དུ་བུམ་པ་རྣམས་བཤམས། བུམ་པའི་མདུན་ཟངས་གཞོང་ལྟ་བུའི་ནང་ཛཾ་གཏོར་དང་། མཐར་མཆོད་པ་ཅི་འབྱོར་བཤམས། སྒྲུབ་པ་པོ་ཤ་ཆང་སོགས་ཀྱི་དྲི་མ་མེད་པ་གཙང་སྦྲ་ལ་གནས་པས་བདག་བསྐྱེད་བསྙེན་བསྟོད་བཅས་ཚར་ནས། བུམ་གཏེར་ལ་བསང་ཆུ་བྲན་ཞིང་། ༀ་སྭཱ་བྷཱ་ཝ་སོགས། སྟོང་པའི་ངང་ལས་དགོས་འདོད་དཔལ་གྱི་གསང་གཏེར་ཆེན་པོ་བུམ་པ་ཆེན་པོ་མཛེས་ཤིང་ཡིད་དུ་འོང་བ་བལྟ་ན་སྡུག་པའི་ནང་དུ་སྣང་སྲིད་རབ་འབྱམས་ཀྱི་འདོད་དགུའི་དཔལ་དང་གཟི་བརྗིད་སྟོབས་དང་མངའ་ཐང་ལས་གྲུབ་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་ཅིང་ཚངས་ཤིང་ཡིད་དུ་འོང་བའི་ཚང་ཆེན་གྱི་བསྐལ་བ་འབུམ་ཕྲག་དུ་མར་བརྡལ་བའི་དུས་སུ་ཡང་ཟད་མི་ཤེས་པའི་ཡོན་ཏན་གྱི་དཔལ་ཐམས་ཅད་ཡོངས་སུ་རྫོགས་པའི་རང་བཞིན་དུ་གྱུར། ༀ་ཨཱཿཧཱུྃ། ཞེས་པ་དང་། ཁྱད་པར་སྔགས་དྲུག་ཕྱག་དྲུག་བདུན་ནམ་གསུམ་བརྗོད། ན་མོ་བདག་གི་བསམ་པའི་སྟོབས༴ སོགས་བརྗོད། མདུན་དུ་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་སུ་པཾ་ལས་པད་ཟླའི་སྟེང་དུ་ཛཾ་སེར་པོ་ལས། ཛཾ་བྷ་ལ་སེར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་བཱི་ཛ་པཱུ་ར་དང་། གཡོན་རིན་པོ་ཆེ་སྐྱུག་པའི་ནེའུ་ལེ་འཛིན་པ། དར་དང་རིན་པོ་ཆེ་ཨུཏྤལ་ཡི་ཕྲེང་བ་འཛིན་པ། ཞབས་རོལ་པའི་སྟོབས་ཀྱིས་དུང་དང་བུམ་པ་རིན་པོ་ཆེའི་གཏེར་གནོན་པར་གྱུར། སྤྱན་འདྲེན་པ་ནི། ཧཱུྃ། རྒྱལ་བ་རྣམས་ཀྱི་ཕྲིན་ལས་ཀྱིས། །འགྲོ་བའི་དབུལ་བ་སེལ་མཛད་པའི། །གཞན་དོན་སེམས་བསྐྱེད་ཛཾ་བྷ་ལ། །འགྲོ་བའི་དོན་དུ་གནས་འདིར་བྱོན། ཛཾ་བྷ་ལ་བཛྲ་ས་མ་ཡ་ཛ་ཛཿ བཞུགས་གསོལ་ཕྱག་མཆོད་ནི། ཧཱུྃ །རྒྱལ་བས་བསྔགས་པའི་བསོད་ནམས་སྟོབས་ཀྱི་ནོར། །སེམས་བསྐྱེད་དད་པའི་རྟེན་ལ་བཞུགས་སུ་གསོལ། །རྒྱལ་བའི་རྣམ་འཕྲུལ་གནོད་སྦྱིན་ཡོན་ཏན་ལ། །ངེས་འབྱུང་དད་པའི་ཕྱག་གི་མཆོད་པ་ཆེ། །ༀ་བཛྲ་ཨརྒྷཾ་ནས། པུ་ཛ་ཧོ། ཧཱུྃ། མི་བཟད་གཏེར་ལ་མངའ་མཛད་ཅིང་། །འདོད་པའི་དངོས་གྲུབ་སྩོལ་མཛད་པའི། །གནོད་སྦྱིན་ཡོངས་ཀྱི་དེད་དཔོན་མཆོག །ཛམ་བྷ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཟླས་པ་ནི། གཙོ་བོའི་ཐུགས་ཀའི་འོད་ཟེར་ཤིན་ཏུ་རྣོན་པོས་ཛམ་ཡིག་སྔགས་ཕྲེང་དང་བཅས་པ་བསྐུལ་བས་སྲིད་པའི་ལསྤྱོངས་ོད་ཆར་དུ་བབས་པས་ཡུལ་ལྗོངས་དང་གནས་ཁང་གང་བར་བསམ་མོ། །ༀ་ཛམྦྷ་ལ་ཛ་ལེནྟྲ་ཡེ་ཨ་ཡུཛྙཱ་ན་པུཎྡྱེ་སིདྡྷི་ཧཱུྃཿ དྷ་ན་མེ་དྷི་སྭཱ་ཧཱ། ཞེས་ཅི་ནུས་བཟླས། མཐར་ཆུ་སྦྱིན་ཆབ་གཏོར་ལྟར་གཏོང་གསུང་པས། མདུན་དུ་རིན་ཆེན་གདན་སྟེང་དུ། །ཛམ་ལས་རིན་ཆེན་འབར་བ་ལ། །ནོར་ལྷ་སེར་པོ་འཛུམ་བག་ཅན། །ཞལ་གཅིག་ཕྱག་གཉིས་ཞི་བའི་སྐུ། །སེམས་དཔའི་དཀྱིལ་ཀྲུང་ལྕང་ལོ་འཁྱིལ། །ཕྱག་གཡས་མཆོད་སྦྱིན་ཕྱག་རྒྱ་མཛད། །གཡོན་པའི་ནེའུ་ལེའི་རྐྱལ་པ་བསྣམ། །ཁ་ནས་རིན་ཆེན་འཛག་འཛིན་བསྒོམ། །ༀ་ཛམྦྷ་ལ་ཨཱ་ཡུ་སིདྡྷི་ཧཱུྃ། དྷ་ན་མེ་དྷི་ཧྲཱི། ཀྱེ་ཧོ། གསང་བའི་གནོད་སྦྱིན་ནོར་གྱི་བདག གཏེར་བདག་ཛམ་ལྷ་དགོངས་སུ་གསོལ། བདག་གི་མཆོད་ཡོན་ཆུ་སྦྱིན་བཞེས། ཚེ་དང་ལོངས་སྤྱོད་དངོས་གྲུབ་སྩོལ། བཛྲ་ཨརྒྷཾ། སོགས་ཀྱིས་མཆོད། མི་ཟད་གཏེར། སོགས་ཀྱིས་བསྟོད། མ་རྙེད་ཡོངས་སུ། སོགས་ཀྱིས་བཤགས། བུམ་པའི་ལྷ་འོད་དུ་ཞུ་བ་ལས་རྫས་དང་གཟུངས་ལ་ཐིམ་པས་སྲིད་པའི་དཔལ་འབྱོར་ལོངས་སྤྱོད་ཆར་ལྟར་འབེབས་པའི་གཏེར་ཆེན་པོའི་བུམ་པ་བཟང་པོར་གྱུར། བསྟན་བཞུགས་དང་ཤིས་བརྗོད་རྒྱས་པར་བྱའོ། ༈ །དྲུག་པ་གནོད་སྦྱིན་འཁོར་ལོའིརབ་གནས་དང་སྒྲུབ་པ་ནི། རབ་ཏུ་མ་གནས་པ་ལ་བསྒྲུབ་པ་དང་། མ་བསྒྲུབ་པར་རབ་གནས་བྱས་པ་ཙམ་གྱིས་རྟེན་གྱི་ནང་དུ་གཞུག་མི་རུང་བར་གསུངས་པས། རབ་གནས་ཞབས་དྲུང་པད་ཕྲིན་པས་གསུངས་ལྟར་ན། གནོད་སྦྱིན་འཁོར་ལོ་བྲིས་པའམ་སྤར་ལ་བཏབ་པ་སོགས་སྐབས་ཐོབ་ཚོན་གྱི་བཀྲ་བར་བྱས་ལ། གུར་གུམ་དང་གྷི་ཝཾ་སོགས་ཀྱིས་བྱུག་སྟེ། རྡོ་རྗེ་སློབ་དཔོན་བྱང་དུ་བལྟ་བའི་མདུན་དུ་ཟངས་གཞོངས་སོགས་སྣོད་གཙང་མའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་བཀྲམ་པའི་དབུས་སུ་འཁོར་ལོ་གཉིས་ཁ་བྱེ་བས་ཞལ་རང་ལ་ཕྱོགས་པར་བཤམས་པའི་མདུན་དུ་སྦྱང་ཆས་རྣམས་དང་། ཡུང་ཐུན་འཐོར་ནས། མཆོད་ཡོན་སྔོན་འགྲོའི་མཆོད་པ་བཤམས། ཕ་རྒྱུད་དང་འབུལ་བའམ། བླ་མེད་ཀྱི་ལྷ་གང་རུང་གི་བདག་བསྐྱེད་ཀྱི་རྣལ་འབྱོར་ཚུལ་བཞིན་བསྒོམ་པ་སྔོན་དུ་སོང་བས་དཀྱིལ་འཁོར་བསྡུ། གཙོ་བོའི་ང་རྒྱལ་གྱི་སྦྱང་བ་གསུམ་དང་། བུམ་པའི་ཆུས་ཚིག་བཅད་ཅི་རིགས་ཀྱིས་ཁྲུས་གསོལ། འཁོར་ལོ་བསང་སྦྱང་མི་དམིགས་ཏེ། སྟོང་པའི་ངང་ལས་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་ཧྲིཿདང་པདྨ་ལས་འོད་དཔག་མེད་སྐུ་མདོག་དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན་དར་གྱི་སྟོད་གཡོག་དང་ཤམ་ཐབས་ཅན་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་རྡོ་རྗེའི་དཀྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ༀ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་དང་རང་བཞིན་གྱི་གནས་ནས་སངས་རྒྱས་ཐམས་ཅད་འོད་དཔག་མེད་ཀྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་པ་ཡེ་ཤེས་པ་བསྟིམ་པས། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་ནས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམ་པ། སོགས་སྔགས་དང་བཅས་པས། དབང་བསྐུར་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རང་འདྲའི་རིགས་བདག་གིས་དབུར་བརྒྱན་པར་གྱུར། མཆོད་པ་རྣམས། ཨ་མྲྀ་ཏས་བསང་། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་རྣམས་དྭངས་ཤིང་ཐོག་པ་མེད་པ་ཟག་པ་མེད་པ་བདེ་བ་ཁྱད་པར་ཅན་སྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། བཛྲ་སྥ་ར་ཎ་ཁཾ། ༀ་ཨ་མི་ཏ་བྷ་ཝ་ཧྲཱི། ཨརྒྷཾ་སོགས། སོ་སོར་སྦྱར་བས་མཆོད། གནྡྷེ་ར་ཎི་ས་རོལ་མོ་ཕུལ། རྡོར་དྲིལ་འཛིན་པས། འདོད་ཆགས་རྡོ་རྗེ་ཆོས་ཀྱི་སྐུ། ཀུན་རྟོགས་ཡེ་ཤེས་ངོ་བོ་ཉིད། ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཅན། ཕྱག་འཚལ་སྣང་བ་མཐའ་ཡས་ལ། ཞེས་པས་བསྟོད། འོད་དཔག་མེད་ཞུ་བ་ལས་བྱུང་བའི་འཁོར་ལོ་གྱུར། བར་བསམ་ལ། འཁོར་ལོ་ལ་བཀོད་པའི་སྔགས་རྣམས་བརྒྱ་རྩ་རེ་དང་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པས་བརྟན་པར་བྱ། མེ་ཏོག་འཐོར་ཞིང་། སུ་པྲ་ཏིཥྛ་མང་དུ་བརྗོད། བདག་དང་སྦྱིན་པའི་བདག་པོའི་དཔལ་འབྱོར་ལོངས་སྤྱོད་མངའ་ཐང་ཐམས་ཅད་རྒྱས་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཤིས་པ་བརྗོད་པར་བྱའོ། །དེ་ལྟར་འཁོར་ལོ་བསྒྲུབ་པར་རབ་གནས་ཙམ་གྱིས་མི་འཐུས་པར་གསུངས་པས། ཀུན་མཁྱེན་ལྔ་པའི་གསུང་བཞིན་སྒྲུབ་ཆོག་མདོར་བསྡུས་ནི། རབ་གནས་ཟིན་པའི་འཁོར་ལོ་མར་དང་སྦྲང་རྩི་ཀ་ར་བསྲེས་པ་གུར་གུམ་དང་དྲི་བཟང་པོ་སྦྱར་བས་པད་འདབ་རྣམས་ཀྱིས་མཚམས་སུ་བརླན་ཏེ་ཕོ་འཁོར་སྟེང་དང་མོ་འཁོར་འོག་ཏུ་བྱས་ཏེ་འགྲིགས་པར་སྦྱར་བ་དང་དར་རམ་རས་སྐུད་སེར་པོས་འཁོར་ལོ་མི་མངོན་པར་དཀྲི། སྐུད་པའི་ལྷག་མ་ཕོ་འཁོར་སྟེང་དུ་མདུད་ཅོག་ཁུག་བྱས་པ་ལ་གཟུང་། ཆོག་པར་བྱའོ། །སྒྲུབ་ཚུལ་དངོས་ནི། སྒྲུབ་པ་པོ་དགེ་སློང་གཙང་མ་དབང་ཐོབ་པ་གྲངས་ཅི་རིགས་པས། གནས་དབེན་པར་ཕྱག་དར་བྱས་ལ་སྒྲུབ་པ་པོ་རྣམས་ཁ་འཇིག་རྟེན་པའི་བྱང་དུ་བསྟན་པའི་མདུན་ཁྲུ་དོ་པའི་མཎྜལ་གྲུ་བཞི་པའི་ཕྱི་རོལ་སོར་བརྒྱད་པའི་ཆ་ལ་གྲུ་བཞིར་བཅད་ལ་རེ་ཁ་དཀར་པོ་ཉིས་རིམ་གྱིས་བཅད་པའི་ཕྱི་ནང་ཐམས་ཅད་ཚོན་སེར་པོས་བཀང་བའམ། ཡང་ན་སྟེགས་བུ་དར་སེར་པོའི་བཀབ་པའི་སྟེང་ཟངས་གཞོང་འབྲུ་དང་རིན་པོ་ཆེ་གོས་དར་སྨན་སྣ་ཚོགས་ཀྱིས་བཀང་བའི་དབུས་སུ། དར་སེར་པོའི་སྟེང་འཁོར་ལོ་འཇིག་རྟེན་པའི་ལྷོར་བལྟས་ཏེ་བཞག །འཁོར་ལོ་མང་དུ་ཡོད་ན་བརྩེགས་མར་བཞག་པའི་སྟེང་གི་མདུད་ཅོག་ལ་གཟུང་ཐག་གདགས། སྟེང་དུ་དར་སེར་པོའི་གུར་ཕུབ་པའམ་དགབ། སྤྲོ་ན་ཕྱོགས་མཚམས་ཐམས་ཅད་དུ་དར་སེར་པོའི་རྒྱལ་མཚན་འཛུག་མཐར་ཆུ་གཉིས་ཉེར་སྤྱོད་ལྔ་གཡས་སྐོར་དུ་བཤམས། ཤ་ཆང་མ་འདྲེས་པའི་དཀར་གསུམ་མངར་གསུམ་སོགས་ཁ་ཟས་ཤིང་ཐོག །འབྲུ་སྨན་ཇ་སོགས་བཟའ་བཏུང་མང་པོས་བརྒྱན་པའི་དཀར་གཏོར་གཅིག་བཤམས། རང་གི་མདུན་རྡོར་དྲིལ་མེ་ཏོག་སོགས་ཀྱང་འདུ་བྱ། ཁྲུས་དང་གཙང་སྦྲ་རྡོར་སྐྱིལ་དཀར་སོགས་ཀྱི་སྤྱོད་ལམ་དང་བཅས་ཏེ་ལྤགས་རིགས་མིན་པའི་སྟན་ལ་འདུག་ནས། ཆོ་ག་དངོས་ནི། འཁོར་ལོ་རྣམས་ལས་སྔགས་ཀྱིས་བསང་། སྭཱ་བྷ་ཝ་ས་སྦྱངས། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་བྲེ་མེ་རི་དང་བཅས་པའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་ཕྱོགས་མཚམས་རྣམས་སུ། བཾ་དང་ཛཾ་ཡོངས་སུ་གྱུར་པ་ལས། གནོད་སྦྱིན་ཡབ་ཡུམ་རྣམས་ཀྱི་སྐུ་ཡོངས་སུ་རྫོགས་པར་གྱུར་པའི་གཙོ་འཁོར་ཐམས་ཅད་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ཐམས་ཅད་བི་ཛ་པཱུ་ར་དང་། ཡབ་རྣམས་ཀྱི་གཡོན་པས་ནེའུ་ལེ་དང་། ཡུམ་རྣམས་ཀྱི་གཡོན་པས་འབྲས་ཀྱི་སྙེ་མ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱི་ས་བརྒྱན་པ། ཞབས་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའི་ཞབས་འོག་ནས་པདྨའི་གདོང་གིས་གཏེར་མནན་པ། ལྷ་མོ་རྣམས་བུད་མེད་སྒྱུ་མའི་ང་རྒྱལ་གྱིས་འགྱིང་བར་གྱུར་པའི་གཙོ་འཁོར་ཐམས་ཅད་ཀྱིས་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱིས་གནས་ནས་སྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དབང་ལྷ་དང་བཅས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར་རིན་འབྱུང་གིས་དབུ་རྒྱན་པར་གྱུར། མཆོད་པ་རྣམས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝ་ས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། སོགས་ནས། རོལ་མོ་རྣམས་དྭངས་ཤིང་ཐོག་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། སོགས་ཀྱིས་བྱིན་གྱིས་བརླབས། ༀ་བ་སུ་དྷ་ར་ཎི་ས་པ་རི་ཝ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ནོར་གྱི་དབང་ཕྱུག་སོགས་ཀྱིས་བསྟོད། བཟླས་པ་བྱ་བ་ནི། གཟུངས་ཐག་བཟུང་སྟེ། ལྷ་རྣམས་ཀྱི་ཐུགས་ཀར་ཟླ་གདན་ལ་བཾ་ཡིག་དང་ཛཾ་ཡིག་གི་མཐར་རང་རང་གི་སྔགས་ཕྲེང་གི་བསྐོར་བ་ལས་འོད་ཟེར་འཕྲོས་སྲིད་ཞིའི་དཔལ་འབྱོར་ཐམས་ཅད་སྤྱན་དྲངས་ཏེ་འོད་དུ་ཞུ་ནས་སྦྱིན་བདག་དང་འཁོར་ལོ་ལ་ཐིམས་ཏེ་དབུལ་ཕོངས་ཞི་ཞིང་དཔལ་འབྱོར་ཕུན་སུམ་ཚོགས་པར་གྱུར། ༀ་བ་སུ་དྷ་རི་སྭཱ་ཧཱ། ༀ་ཙནྟྲ་ཀནྡྱེ་སྭཱ་ཧཱ། ༀ་ད་ན་ད་ཡེ༴ ༀ་བ་སུ་དཱ་ན་ཡེ༴ ༀ་ཨདྱ་ཡེ༴ ༀ་སུ་བྷ་དྲ་ཡེ༴ ༀ་གུབྟ་ཡེ༴ ༀ་དཻ་བྱཻ་སྭཱ་ཧཱ། ༀ་སྭ་ར་སྭ་ཏྱཻ་སྭཱ་ཧཱ། ༀ་ཛམ་བྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱ། ༀ་མ་ཎི་བྷ་དྲ་ཡ༴ ༀ་པྲ རྣ་བྷ་དྲ་ཡ༴ ༀ་དྷ་ན་དཱ་ཡ༴ ༀ་བེ་ཤྲ་མ་ཎ་ཡ༴ ༀ་ཀ་ལི་མ་ལི་ནི། ༀ་ཙི་པི་ཀུ ཎྜ་་ལི༴ ༀ་མུ་ཁེནྟྲ་ཡ༴ ༀ་ཙ་རཻནྟྲ་ཡ་སྭཱ་ཧཱ། རེ་རེ་ནས་ཅི་འགྲུབ་དང་། རྗེས་ཡིག་བརྒྱས་ཁ་བསྐོང་ངོ་། །གཏོར་མ་འབུལ་བ་ནི། གཏོར་མ། ༀ་ཨ་མྲྀ་ཏ་དང་། སྭ་བྷཱ་ཝས་སྦྱངས་བྱས་ཏེ། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོག་པ་མེད་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། གསུམ་གྱིས་བརླབས། གནོད་སྦྱིན་ཡབ་ཡུམ་གྱི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ། ༀ་བ་སུ་དྷ་རི་ཎི་ས་པཱ་རི་ཝ་ར་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་མམ་བདུན་གྱིས་འབུལ། མཆོད་བསྟོད་བྱ། འཕགས་མ་ནོར་རྒྱུན་མ་ཡབ་ཡུམ་གཙོ་འཁོར་རྣམས་སྒྲུབ་གཞི་འདི་ལ་བརྟེན་པར་བཞུགས་ནས་རྟེན་ལ་མཆོད་པ་དང་། སྦྱིན་བདག་དང་བདག་སོགས་སེམས་ཅན་ཐམས་ཅད་ལ་དཔལ་འབྱོར་རྒྱ་ཆེན་པོ་རྒྱུན་མི་འཆད་དུ་འབྱུང་བར་མཛད་དུ་གསོལ། ཞེས་པས་འདོད་དོན་གསོལ། ཡེ་ཤེས་པ་འོད་དུ་ཞུ་ནས་འཁོར་ལོའི་རྣམ་པར་གྱུར་པར་བསམ། ཡེ་དྷར་གྱིས་རབ་ཏུ་གནས་པར་བྱ་ཞིང་། འདིར་ནི་རྟེན་དང་སོགས་དང་། སུ་པྲ་ཏིཥྛས་བརྟན་པར་བྱས་ཏེ། བཀྲ་ཤིས་རྒྱས་པར་བརྗོད་པར་བྱའོ། །བདུན་པ་གཟུངས་སྒྲུབ་ནི། བློ་གྲོས་མཐའ་ཡས་ཀྱིས་གསུང་ལྟར་ཏེ། མཆོད་རྟེན་དུ་འབུལ་རྒྱུའི་གཟུངས་རྣམས་ཐམས་ཅད་དང་། སཱཙྪའི་གཟུངས་དང་བུམ་གཏེར་སོགས་ཐམས་ཅད་ལ་མ་བསྒྲིལ་བར་སྦྱོང་ཁྲུས་རབ་གནས་བྱས་ཏེ་བསྒྲིལ་ཟིན་པ་དང་ན་བཟའ་སེར་པོ་གསོལ་ཏེ་དཀྱིལ་འཁོར་དུ་བཤམས། རྩ་བའི་བདག་བསྐྱེད་བཟླས་པ་བསྡུ་ལྡང་གྲུབ་པ་ན། སྦྱོང་ཁྲུས་བྱ། མདུན་གྱི་མཆོད་པ་རྣམས་བསང་སྦྱངས་བྱིན་རླབས་སྤྱི་ལྟར་བྱ། དེ་ནས་གཟུངས་གཞུག་རྣམས་བསང་སྦྱང་། སྟོང་པའི་ངང་ལས་སེང་གེས་བཏེགས་པའི་ཁྲི་པདྨ་ཉི་ཟླའི་སྟེང་དུ་བདེ་གཤེགས་རིགས་ཀྱི་སྙིང་པོ་ཉེ་སྙིང་གསང་སྔགས་རིགས་སྔགས་ཐམས་ཅད་ཀྱི་སྔགས་ཕྲེང་དཀར་པོ། གླང་པོས་བཏེགས་པའི་ཁྲི་པདྨ་ཉི་ཟླའི་སྟེང་དུ་རྡོ་རྗེ་རིགས་ཀྱི་སྙིང་པོ་ཉེ་སྙིང་གསང་སྔགས་རིགས་སྔགས་གཟུངས་སྔགས་ཐམས་ཅད་ཀྱི་སྔགས་ཕྲེང་སྔོན་པོ། རྟ་མཆོག་གིས་བཏེགས་པའི་ཁྲི་པདྨ་ཉི་ཟླའི་སྟེང་དུ་རིན་ཆེན་རིགས་ཀྱི་སྙིང་པོ་ཉེ་སྙིང་གསང་སྔགས་རིགས་སྔགས་ཐམས་ཅད་ཀྱི་སྙིང་པོ་སྔགས་ཕྲེང་སེར་པོ། རྨ་བྱས་བཏེགས་པའི་ཁྲི་པདྨ་ཉི་ཟླའི་སྟེང་དུ་པདྨ་རིགས་ཀྱི་སྙིང་པོ་ཉེ་སྙིང་གསང་སྔགས་རིགས་སྔགས་གཟུངས་སྔགས་ཐམས་ཅད་སྔགས་ཕྲེང་དམར་པོ། མཁའ་ལྡིང་གིས་བཏེགས་པའི་ཁྲི་པདྨ་ཉི་ཟླའི་སྟེང་དུ་ལས་ཀྱི་རིགས་ཀྱི་སྙིང་པོ་ཉེ་སྙིང་གསང་སྔགས་རིགས་སྔགས་གཟུངས་སྔགས་ཐམས་ཅད་སྔགས་ཕྲེང་ལྗང་གུ། ཐམས་ཅད་ཀྱང་རང་མདོག་གི་འོད་ཟེར་འབར་ཞིང་རང་སྒྲ་སྒྲོགས་བཞིན་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། མཁའ་ཁྱབ་ཏུ་བཞུགས་པའི་མཆོག་གསུམ་རྩ་གསུམ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་དག་གི་གནས་གསུམ་ལས་གསང་བ་གསུམ་གྱི་བྱིན་བརླབས་དང་། ཁྱད་པར་གསུང་དབྱངས་ཡན་ལག་དྲུག་ཅུའི་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་བཅུད་ཐམས་ཅད་སོ་སོའི་སྙིང་པོ་ཉེ་སྙིང་སྔགས་ཕྲེང་ཁ་དོགས་སྣ་ཚོགས་པའི་ཚུལ་ནམ་མཁའ་གང་བ་ཙམ་དུ་བྱོན་ནས་དམ་ཚིག་པའི་ཡིག་འབྲུ་རྣམས་ལ་ཐིམ་པས་གཟི་བརྗིད་འོད་དུ་འབར་བར་གྱུར། ཞེས་བརྗོད་ནས། ནང་གཞུག་གང་ཡོད་ཀྱི་སྔགས་རྣམས་ཇི་ལྟར་རིགས་པ་དང་། དབྱངས་གསལ། རྟེན་སྙིང་། སུ་པྲ་ཏིཥྛ། ༀ་ཧཱུྃ་ཧྲཱིཿབྷུ་ཁཾ་བཛྲི་བྷ་ཝ་དྲི་དྷ་ཏིཥྛ་བྦྷུ་ཁཾ་སྭཱ་ཧཱ། རིག་པ་ཕུག་རོན། ན་མཿས་མནྟ་བྷུདྡྷ་ནཾ། ཨ་ཙིནྡྱ་བྷུ་ཏ་རཱུ་པི་ཎི། ༀ་ཏ་རེ་སྭཱ་ཧཱ། དང་ཨ་ཡུ་ཥེ། ཚེ་བསྙེན། ཚེ་གཟུངས་རྣམས་བཟླ། མཐར་མེ་ཏོག་དམ་པ།སོགས་ཤྭ་ལོ་ཀ་གསུམ་དང་། མཆོད་སྤྲིན་གཟུངས་ཀྱིས་མཆོད། དེ་དག་བསྔགས་པ་དང་བསྟོད་པར་འོས་པས་བསྟོད། འདིར་ནི་རྟེན་དང་། ཕྱོགས་བཅུ་ན། སོགས་ཀྱིས་རྟེན་བཞུགས་དང་། ཕུན་སུམ་ཚོགས་པ། སོགས་ཀྱིས་བཀྲ་ཤིས་རྒྱས་པ་བརྗོད་པས་གྲུབ་པ་ཡིན་ནོ། ༈ །བརྒྱད་པ་རབ་གནས་མེ་ཏོག་སྒྲུབ་པ་ནི། སྨིན་གླིང་གཏེར་ཆེན་གསུང་ལྟར་ལ། རིན་པོ་ཆེའི་གཞོང་པ་མེ་ཏོག་གིས་བཀང་བའི་དབུས་སུ་མཉྫའི་སྟེང་དུ་གཟུངས་བུམ་དྲིའི་ཆུས་བཀང་བའི་ཁར་གསེར་དངུལ་ལྟ་བུའི་མེ་ལོང་ལ་ཙནྡན་དཀར་པོ། གུར་གུམ་གི་ཝཾ་རྣམས་འོ་མ་དང་སྦྱར་ནས་རྟེན་སྙིང་ཚར་བདུན་བྲིས་༼ༀ་སྟེང་དང་སྭཱ་ཧཱ། འོག་ཏུ་ཡོད་པར་བྱས་ནས་ཡིག་ཕྲེང་ལྟར་བྲི་བ་ཡིན། ཚར་གཅིག་བྲི་ཀྱང་མདོར་བསྡུས་ཆོག །མཆན།༽པ་དང་། མདུན་དུ་དྲི་ཆུའི་དུང་ཞལ་ཡང་བཞག །ཐོག་མར་ཡི་དམ་གང་རུང་གི་བདག་བསྐྱེད་སྔོན་དུ་འགྲོ་བས། སྦྱོང་ཁྲུས་བྱས་ཏེ། གཟུངས་བུམ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་རྫོགས་པའི་སྟེང་དུ་ཟླ་བ་ལ་གནས་པའི་རྟེན་འབྲེལ་སྙིང་པོའི་སྔགས་ཕྲེང་འོད་ཟེར་གྱི་ཕུང་པོ་འབར་བས་འཁོར་བཅས་ཀྱི་བདུད་རྩི་ཐམས་ཅད་བསྡུས་ནས་འོད་དུ་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་འདྲེས་པར་བསམ་ཤིང་། སུ་པྲ་ཏིཥྛ་དང་། རྟེན་སྙིང་འབུམ་ཕྲག་ལྔའམ། ཁྲི་ཕྲག་ཙམ་རེས་བྱིན་གྱིས་བརླབ། མཐར་དུང་ཞལ་གྱི་ཆུས་མེ་ལོང་གི་ཡིག་གེ་རྣམས་གཟུངས་བུམ་དུ་སྦྱང་། དེ་ནས་བུམ་ཆུས་མེ་ཏོག་ལ་ཁྱད་པར་བྲིས་ཏེ། མེ་ཏོག་རྣམས་རེ་རེ་ནས་རྟེན་འབྲེལ་སྙིང་པོའི་ཡིག་འབྲུ་གསེར་འོད་འབར་བ་རེའི་རང་བཞིན་གྱུར་པར་བསམ། ཤིས་བརྗོད་རྒྱས་པར་བྱའོ། །རབ་གནས་མེ་ཏོག་འདི་ནི་རྟེན་བཞུགས་བཀྲ་ཤིས་ཀྱི་སྐབས་འཐོར་རྒྱུ་དང་། སཱཙྪའི་ནང་དུ་གཟུངས་གཞུག་རྒྱུ་ཡིན་ཅིང་། དྲི་མེད་རྣམ་གཉིས་ཀྱི་ཕན་ཡོན་ནི་གཟུངས་འདི་ལ་དགོངས་པ་ཡིན་པ་ལས། གཞན་སཱཙྪ་གཟུང་གཞུག་མེད་པ་རྣམས་ལ་རབ་གནས་མེ་ཏོག་འདི་ཕུལ་ན་གཟུངས་ཀྱིས་དོད་ཆོག་པ་ལྷ་གཅིག་ཇོ་བོའི་ཕྱག་བཞེས་ལས་ཤེས་པས། སྦྱིན་བདག་རྣམས་ཀྱིས་སཱཙྪའི་གཟུངས་གཞུག་ཏུ་ཡིན་ཟེར་ནས། འབྲུ་ཞལ་ཕུ་རུ་ཁྱེར་འོང་དུས་བླ་མ་རྣམས་ནས་ཁུང་མེད་ཀྱི་སྔགས་ཉོབ་མང་པོ་ལས་རྟེན་སྙིང་ཚར་ཆ་ཤས་རེ་གསུངས་ན་བཀའ་དྲིན་ཆེའོ། །དེ་ལྟར་ཇི་སྐད་བཤད་པ་ཐམས་ཅད་ལས། ས་ལྷའི་བུམ་པ། ཀླུ་བུམ། ཉེས་སེལ་རྣམས་ནི་འོག་གི་མ་སའི་ནང་དུ་རྡོ་སྒྲོམ་སོགས་ལག་ཚག་དམ་པོར་སྦ་བ་དང་། དེ་སྟེང་དབུས་དྲང་ཐད་དཀྱིལ་འཁོར་གྱི་འོག་ཏུ་རྡོ་ཅིག་བང་སྒྲོམ་གང་བདེ་བྱས་པའི་ནང་དུ་གནོད་སྦྱིན་ནོར་ལྷའི་ཕོ་བྲང་མཚོན་བྱེད་ཕྱོགས་བཞི་དབུས་ལྔར་ནོར་བུམ་འམ་དེ་མིན་གང་འཛོམ་བྱ། ཁྱད་པར་དབུས་སྟེགས་ཀྱི་སྟེང་གནོད་སྦྱིན་འཁོར་ལོ་མ་གྲུབ་པ་རབ་གནས་ཙམ་གྱི་མི་འཐུས་པས་ཚུལ་བཞིན་སྒྲུབ་པ་སྐུད་པ་སེར་པོ་དང་ན་བཟའ་སེར་པོས་དཀྲིས་པ། གཞུག་སྣོད་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་དམ། ཕོར་བ་ལྟ་བུ་ཚོན་དམར་སེར་གྱི་བྱུག་པའི་ནང་དུ་ཞུན་མར་དང་སྦྲང་རྩི་བསྲེས་པའི་དང་མ་སུམ་གཉིས་ཙམ་བླུག །དེ་སྟེང་འཁོར་ལོ་དབུ་ཞབས་མ་ལོག་པར་ལེབ་མོར་ཕོ་སྟེང་མོ་འོག་གཙོ་བོའི་དབུ་ནུབ་བསྟན་དུ་བཞག་གོ །འདི་བཞག་ལུགས་མང་པོ་ཡོད་ཀྱང་འདིའི་འཐུས། དེ་ཡི་སྟེང་མར་དང་སྦྲང་རྩིས་ཁ་བཀང་ནས། དར་དམར་སེར་གྱིས་དྲིལ་ཏེ། སྐུད་པ་སེར་པོས་དཀྲིས་ལ་བཞག་གོ །དེའི་དབུས་སུ་མདོ་རྒྱུད་ནས་བྱུང་བའི་བཀྲ་ཤིས་སྐོར་དང་། གཡས་སུ་ཆོས་སྐྱོང་སྲུང་མའི་སྔགས། གཡོན་དུ་དཔལ་མགོན་བདུན་ཅུ། རྒྱབ་ཏུ་གནོད་སྦྱིན་ནོར་ལྷ་ཕྱོགས་སྐྱོངས་རྒྱལ་ཆེན། གཟའ་རྒྱུ་སྐར་ལྷ་ཀླུ་ས་བདག་མཐུ་བོ་ཆེ་རྣམས་ཀྱི་སྔགས་དང་། འདོད་གསོལ་གྱི་ཤོག་དྲིལ་རྣམས་བཞག །ཕྱོགས་མཚམས་ཐམས་ཅད་དུ་བྲ་སྲན་སོགས་འབྲུ་ནག་མ་ཡིན་པའི་འབྲུ་སྣ་ཚོགས། ཤ་མ་གཏོགས་ཇ་མར་ཚ་སོགས་དང་། རིན་པོ་ཆེའི་རིགས། དུག་རིགས་མེད་པའི་སྨན་སྣ། མེ་ཏོག་སྣ་ཚོགས་མགོ་སྣམ་དང་འཕྲུག་སོགས་འབུ་ཆགས་པའི་རིགས་ཆེར་མེད་པ། དར་རས་གོས་ཆེན་གང་ཡོད། འབྲུ་སྣ་སོགས་རས་སེར་པོའི་ཁུག་མར་བླུག །རས་སེར་མེད་ན། དཀར་པོ་གུར་གུམ་དང་ཡུང་བ་སིནྡྷུ་ར་ལྟ་བུས་ཁ་དོགས་སེར་པོ་བྱེད་པ་མ་གཏོགས། རྒྱས་པའི་ལས་ཡིན་པས་སྣོད་དཀར་པོ་སྔོ་ནག་ལྗང་སོགས་སུ་བླུག་སྲོལ་མེད། འབྲུ་རྣམས་རྡོ་རྡུལ་སོགས་ལྷད་མེད་དང་། བཀྲུ་བར་འོས་པ་རྣམས་བཀྲུས་ཏེ་སྐམ་བཅོལ། མི་འོས་པ་རྣམས་བསང་བདུག་བྱ་བ་སོགས་གཙང་སྦྲ་གལ་ཆེ། དེ་ལྟར་གནོད་སྦྱིན་བང་མཛོད་དུ་འབུལ་འོས་ཐམས་ཅད་ལ། སྦྱོང་ཁྲུས་དང་སྒྲུབ་པ་སྔར་བཤད་པ་བཞིན་བྱ། འབྲུ་སོགས་ཀྱི་བང་སྒྲོམ་མ་ཁེང་ན་ཤུག་ཕྱེ་སོགས། བཟང་ཤིང་གི་ཕྱེ་མས་ལེགས་པར་བཀང་བར་བྱའོ། །དེ་ལྟར་ནོར་བུམ་སོགས་བུམ་གཏེར་སྐོར་ཧ་ཅང་མང་ཞིང་གཙོ་བོར་བྱ་བ་ནི། རྒྱལ་བས་གསུང་བའི་དམ་ཆོས་རིན་པོ་ཆེ་གཡས་ཆུང་སུ་བཞག་ནས། འཇིག་རྟེན་པའི་ཆོས་སྐྱོང་ནོར་ལྷའི་རྟེན་གཏོར་གལ་ཆེན་བྱ་བ་ནི་བླུན་པོ་མཁས་འདོད་ཅན་གྱི་རྣམ་ཐར་ཡིན་པས་ཆོས་སྤྱན་ལྡན་པ་རྣམས་ཀྱིས་དབྱེ་བསལ་ཤེས་པར་བྱ་དགོས་ཀྱང་། སྙིགས་མའི་དུས་འདིར་སའི་བཅུད་ཉམས་སྐྱེ་འགྲོའི་གཡང་ཉམས་སྣོད་བཅུད་རྒུད་པས་གདུང་བའི་གནས་སྐབས་འདིར། དམ་པ་གོང་མའི་གསུང་བཞིན་རང་རང་གི་སྐབ་ཐོས་སུ་བསྒྲུབ་ཏེ་ཕུལ་ན་སྣོད་བཅུད་ཀྱི་རྒུད་པ་ལ་ཕན་ཡང་སྲིད་སྙམས་ཏེ་མདོར་བསྡུས་ཏེ་བྲིས་པ་ཡིན་ཅིང་རྒྱས་པ་རང་ཕྱོགས་ཀྱི་ཡིག་ཆ་ལས་ཤེས་པར་བྱ་ཞིང་། མདོར་ན་ས་བུམ་ཀླུ་བུམ་ཉེས་སེལ་བུམ་པ་ནོར་བུམ་གནོད་སྦྱིན་འཁོར་ལོ་སོགས་ནི་མ་བྱས་ཀྱང་ཆད་པའི་སྐྱོན་མེད་ཅིང་ཡན་ལག་འདི་དག་ཧ་ཅང་རྒྱས་ན་ལོ་མས་འབྲས་བུ་སྒྲིབ་པའི་དཔེ་བཞིན་ཡིན་པས་སྐབས་སུ་གང་དགོས་ཞིབ་དཔྱད་ལེགས་པ་མཛད་ནས། དངོས་གཞི་དྲི་མེད་རྣམ་གཉིས་ཀྱི་མཆོད་པ་ཉེར་སྤྱོད་སོགས་གལ་ཆུང་དུ་མི་མཛད་པ་ཐུགས་ལ་འདོགས་པར་ཞུ་ཞུ། ༈ གཉིས་པ་དྲི་མེད་རྣམ་གཉིས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ། ཐུན་མོང་གི་ཡན་ལག་དང་། སོ་སོའི་རིམ་པའོ། །དང་པོ་ལ་ཆར་པ་གཅོད་པ། སཙྪ་གདབ་པའི་རིམ་པ། ས་སྒྲུབ་དཀྱིལ་འཁོར་དང་མཆོད་པའི་དབྱེ་བསྡུ། ཆོ་ག་རྒྱས་བསྡུས་ཀྱི་གཏོང་ཚུལ་ཏེ་བཞིའོ། །དང་པོ་ཆར་གཅོད་ནི། གནུབ་ཀྱི་གོང་ཁུག་སྲོ་མ་ཅན་གྱི་ཤོག་དྲིལ་གྱི་ནང་ཚན་ལྟར་ན། རང་ཉིད་སྐད་ཅིག་གི་བྱ་ཁྱུང་དམར་པོ། སྒྲོ་གཤོག་མཆུ་དང་བཅས་པ་ཐམས་ཅད་མེ་འབར་བས་ཁ་ཆར་གཏོང་བའི་ཀླུ་སྦྲུལ་གྱི་རྣམ་པ་གསལ་བ་ཚིག་ཅིང་ཉམ་ཐག་ཏུ་གྱུར། མེ་དེ་ཡང་སྟོང་གསུམ་གང་བར་བསྐྱེད་ལ། ༀ་ནཱ་ག་རཱ་ཙ་ཆར་ཆོད། ནུ་གཱ་རཱ་ཙ་ཆར་ཆོད། སྤྲིན་ནག་གཏོར་གཏོར། རྫས་ལ་རྩམ་པ་སྙིང་བ་དང་། ཚ་བསྲེས་ཏེ་མེར་བསྲེག་གོ། །དྲག་རྫས་ནི། དེ་སྟེང་། སྦལ་པ་དང་། སྦྲུལ་ཤ །གླ་རྩི་བཅས་བསྲེ། ཐོ་རང་བྱ་ཁ་ཏའི་སྐད་མ་གྲགས་གོང་བཟླས་པའི་རྫས་མེ་ཐལ་འཇམ་པོ་ལ་བསྲེགས་ཤིང་དུད་པ་བཏང་། ནམ་མཁའ་ལ་ཕུ་རྒྱགས། རང་གི་མགོ་སྟེང་དང་ཁ་ཆར་གར་བབས་ས་རུ་བསྐྱེད་རིམ་གསལ་སྔགས་ཕུ་འདེབས་སོ། །དང་པོ་ཁ་ཆར་གཅོད་པའི་ཚེ། བསང་དང་གསེར་སྐྱེམས་བྱ་ཞིང་བདེན་པ་བརྗོད། དེས་མ་ཆོད་ན་ཞི་རྫས་ལ་སྔགས་བཏབ་ཅིང་མེར་བསྲེགས། དེས་མ་ཆོད་ན་དྲག་རྫས་ལ་བྱ། དེས་མ་ཆོད་ན་གནམ་འཁོར་ས་འཁོར་སོགས་གསུང་ཀྱང་མ་བྲིས་སོ། །དེ་དག་གི་སྐབས་ཐམས་ཅད་དུ་རང་ཉིད་ཁྱུང་གི་བསྐྱེད་རིམ་མ་ཆགས་པར་བསྒོམ། སྤྱིར་སྔགས་པ་ཁྱུང་གི་བསྙེན་ཚད་རྟག་ཐོན་དགོས་གསུང་པས། ཅི་ཡང་མ་ཡིན་པས་སྔགས་ཆ་ཤས་རེ་བཏོན་ནས་མ་ཆོད་པ་ན་གདམ་ངག་ལ་ལོག་ལྟ་སྐྱེ་བར་འདུག་སྟེ། ཐམས་ཅད་རང་ཕྱོགས་ནས་ལན་པ་ཡིན་པ་ཤེས་པར་གྱིས། རྗེས་བསང་དང་གསེར་སྐྱེམ་ཀླུ་གཏོར་སོགས་ལ་འབད་པ་གལ་ཆེའོ། །འདི་ནི་ཁོ་བོའི་སྔ་ཕྱི་ལན་མང་པོར་མཆོད་རྟེན་བཞེངས་པ་དང་སཱཙྪ་གདབས་པའི་ཚེ་ཆར་ཆུ་འདིས་ཤིན་ཏུ་གནོད་པ་དང་། སཱཙྪ་མང་པོ་འོ་བརྒྱལ་ལ་གཏུག་པ་སོགས་ཅི་བྱ་གཏོལ་མེད་དེ་བྱུང་བས་འདི་བྲིས་པ་ཡིན་ཏེ། གཞན་ལོ་ཐོག་སོགས་ལ་མི་གནོད་བའི་དུས་ཡིན་ན་མ་གཏོགས། གཞན་གནོད་ཀྱི་རྒྱུར་འགྱུར་ན་ནི་ནམ་ཡང་མི་བྱའོ། ༈ །གཉིས་པ་སཱཙྪ་གདབས་པའི་རིམ་པ་ནི། རྡོ་རྗེ་སློབ་དཔོན་བསྙེན་པ་སོགས་སྔོན་དུ་སོང་བའི་གང་ཟག་གིས། དང་པོ་སཱཙྪའི་རྒྱུ་ས་གང་ནས་ལེན་པའི་གཞིར་དཀར་གཏོར་དང་གསེར་སྐྱེམ་བཤམས། འོག་གི་ཉེར་མཁོ་རྣམས་འདུ་བྱས་ལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། སྐྱབས་སེམས་ནི། སངས་རྒྱས་ཆོས་དང་སོགས་སེམས་ཅན་ཐམས་ཅད་སོགས་ཚད་མེད་བཞི་བསྒོམ་ཞིང་། རང་ཉིད་རྡོ་རྗེ་འཛིན་པའི་སྐུར་གསལ་བའི་ཐུགས་ཀའི་འོད་ཀྱིས་གནས་དང་གཞིའི་བདག་པོ་འཁོར་དང་བཅས་པ་སྤྱན་དྲངས་གཏོར་མ་ཕུལ་བས་དགྱེས་པར་གྱུར། ༀ་སྭ་བྷཱ་ཝ་སོགས་འབུལ་ཚིག་རྒྱས་བསྡུས་ཅི་འགྲུབ་དང་། གང་དག་འདིར་གནས་ལྷ་དང་ཀླུ། གནོད་སྦྱིན་སྲིན་པོའམ་གཞན་དག་ལ། མཆོད་རྟེན་དོན་དུ་ས་ཕྱོགས་འདི། བདག་ཞུ་ཁྱེད་ཀྱིས་རྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། རིག་པ་འཛིན་པ་ཁྱོད་ཀྱི་ལས་ཅི་བདེ་བར་བྱོས་ཤིག་ཅེས་གནང་བ་བྱིན་པར་བསམ་མོ། །དེ་ནས་ཚོན་སྐུད་ལྔ་བསྒྲིལ་གྱི་སྐུད་པས་ས་ཅི་ཙམ་དགོས་པའི་རྒྱ་ཁྱོན་གྱི་མཐར་གྲུ་བཞིར་བཅད་ལ། ༀ་བཛྲ་སཱུ་ཏྲ་ཧཱུྃ་ཕཊ། ལན་གསུམ། ས་ལ་གནས་པའི་གདོན་བགེགས་བསམ་སྦྱོར་ངན་པ་མཆོད་རྟེན་དང་དགེ་བའི་ལས་ལ་བར་དུ་གཅོད་པ་ཐམས་ཅད་རྡོ་རྗེའི་དྲྭ་བས་མཚམས་བཅད་གཞི་དེ་ཉིད་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་དུ་གྱུར། དེ་ནས་སེང་ལྡིང་གི་ཕུར་བུ་སོར་བརྒྱད་པ་ལྔ་དབུས་དང་ཐིག་གི་གྲྭ་བཞིར་གདབས། གཅིག་ལས་མ་འབྱོར་ན་འདེབས་ཚུལ་བྱས་ལ་མཐར་དབུས་སུ་་གདབས་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚན་ཧཱུྃ་ཕཊ། ལན་བདུན་བརྗོད་ལ། ས་ཅི་ཙམ་བླང་དགོས་པ་བླང་ལ། བླང་ཟིན་གྱི་བར་དུ་ཐིག་སྐུད་དང་ཕུར་བུ་མི་བསྡུའོ། །དེ་ནས་ཏིལ་དང་ཡུངས་དཀར་ལ། ༀ་ཨ་མྲྀ་ཏེ་ཧཱ་ན་ཧ་ན་ཧཱུྃ་ཕཊ། ལན་བདུན་བཟླས་ལ་འཐོར་བས། བགེགས་ཐམས་ཅད་ཚར་གཅད་དེ། སའི་ཕྱོགས་དེ་བཞིན་གཤེགས་པའི་བཞུགས་གནས་དཔག་ཏུ་མེད་པར་གྱུར། ཅེས་དང་། ན་མཿ སྟྲཻ་ཡ་སོགས་གཟུངས་ཐུང་ཡང་བརྗོད་ལ་བྱིན་གྱིས་བརླབས་སོ། །ༀ་བཛྲ་ཁ་ན་ཁ་ན་ཧཱུྃ་ཕཊ། ཞེས་བཟླ་ཞིང་ས་རྐོ། ས་གཞི་རིན་ཆེན་སྣ་ལྔ་བརྐོས་པ་ཡི། དེ་བཞིན་གཤེགས་སྐུ་རྣམ་དག་རྒྱུར་གྱུར་ཅིག །ཅེས་བརྗོད་ལ་ཡིད་ཀྱིས་ཀྱང་དམིགས་གཞན་ལའང་འགྲེའོ། །དེ་ནས་ཅི་ཙམ་བླང་དགོས་པ་བླང་ལ་བླང་ཟིན་པ་དང་། རྡོ་རྗེ་སློབ་དཔོན་གྱིས་དཀར་གཏོར་དང་གསེར་སྐྱེམས་འབུལ་ཚིག་རྒྱས་བསྡུས་གང་རུང་གིས་ཕུལ་ལ། ༀ་སུམྦྷ་ནི་སུམྦྷ་ཧཱུྃ། སོགས་ནས། བིདྱ་རཱ་ཛ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཧཱུྃ་བཞི་པས་སྔགས་ཀྱིས་ཕུར་བུ་བཏོན་ཏེ། ༀ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨཪྠ་ས་དྷ་ནི་སྭཱ་ཧཱ། ཞེས་སངས་རྒྱས་སྤྱན་གྱིས་སྔགས་བཟླས་ཏེ་འོ་མ་བུ་གར་བླུག །ཕུན་སུམ་ཚོགས་པ་དང་ཆེ་བའི་མཆོག་སོགས་ཞལ་ནས་གསུང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ལ་དགེ་ལེགས་སུ་བྱའོ། །དེ་ནས་སྔར་གྱི་ས་གཙང་མ་བླང་བ་གནས་གཙང་མར་སྤུངས་ལ་བྱིན་གྱིས་བརླབ་པར་བྱ་སྟེ། སྤྱིར་དང་པོ་ཨ་ཀོ་ཊའི་སྔགས་ཀྱིས་བརྡུང་། ཨ་མྲྀ་ཏའི་སྔགས་ཀྱིས་འཇིམ་པ་སྦྲུ། པྲ་མརྡའི་སྔགས་ཀྱིས་བརྫིས་ལ་སླར་རྣམ་སྣང་གཟུངས་རིང་གིས་བྱིན་གྱིས་བརླབས་པར་གསུང་ཀྱང་། སཱཙྪ་ཁྲི་འབུམ་སོགས་སྟབས་གཅིག་ཏུ་མང་པོ་འདེབས་པའི་ཚེ་འཇུག་པ་མི་བདེ་བས་འདི་ལྟར་བྱ་བ་ལག་ལེན་ཡིན་ཏེ། ས་གཙང་མ་རྣམས་གནས་གཅིག་ཏུ་སྤུང་བའི་མདུན་རྡོ་རྗེ་སློབ་དཔོན་གྱིས་བདག་བསྐྱེད་རྒྱས་པར་བྱ་བའམ་མི་ནུས་ན། སངས་རྒྱས་ཆོས་དང་། སོགས་ལན་གསུམ། རང་ཉིད་སྐད་ཅིག་གིས་ཐུབ་པའི་དབང་པོའི་སྐུར་གྱུར། ཏདྱ་ཐ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཅི་ནུས་བཟླས་ནས། རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བཅས་ཐོ་བས་བརྡུང་ཚུལ་བྱས་ལ། ༀ་བཛྲ་མུརྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ལན་བདུན་བརྗོད། ཉོན་མོངས་བག་ཆགས་བྱང་ཞིང་འཇོམ་གྱུར་ཅིག །ཆུ་གཙང་དྲི་ཞིམ་སྤོས་དང་སྦྱར་བ་ལ་རྡོ་རྗེའི་ཕྱག་རྒྱ་གཏུག་སྟེ། སྤོས་ཆུའི་སྟེང་དུ་ཨ་ལས་ཟླ་དཀྱིལ་ལས། འོད་འཕྲོས་སྤོས་ཆུ་བདུད་རྩིའི་རང་བཞིན་གྱུར། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ལན་བདུན་གྱིས་བྱིན་གྱིས་བརླབ་པས། འཇིམ་པ་བརྫི་ཚུལ་བྱས་ལ། ༀ་བཛྲ་པྲ་མརྡ་ནཱ་ཡ་ཧཱུྃ་ཕཊ། ཅེས་དང་རྟེན་སྙིང་བཟླས་ལ། འཇིམ་པ་དེ་བཞིན་གཤེགས་པའི་སྐུར་གྱུར་ཅིག །དེ་ནས་འཇིམ་པ་བྱིན་གྱིས་བརླབ་པ་ནི། ༀ་ཤུདྡྷེ་ན་དུ་ཤོ་དྷ་ཡ་སྭཱ་ཧཱ། པད་ཟླར་འཇིམ་པ་རིན་ཆེན་ཕུང་པོར་གྱུར། །རང་གི་ཐུགས་ཀའི་འོད་ཟེར་འོག་མིན་དུ། །འཕྲོས་པས་རྣམ་པར་སྣང་མཛད་ཐུགས་རྒྱུད་བསྐུལ། །དེ་ལས་འཕྲོས་འགྲོ་རྒྱུད་ཉོན་མོངས་སྦྱངས། །སླར་འདུས་འཇིམ་པའི་ཕུང་པོ་ལ་ཐིམ་པས། །བདེ་གཤེགས་ཀུན་གྱི་ཡེ་ཤེས་རང་བཞིན་གྱུར། །ལག་གཡོན་པའི་མཐེའུ་ཆུང་མཐེ་བོའི་མནན་ཏེ་སོར་མོ་གསུམ་ནས་རེ་ཙམ་ཁ་ཕྱེ་སྟེ་བཞག་པ་གྱེན་བསྟན་དང་། ལག་གཡས་ཀྱང་དེ་བཞིན་བྱས་ལ་ཁ་སྦུབ་པའི་བར་དུ་འཇིམ་པ་བཞག་སྟེ། ན་མོ་བྷ་ག་བ་ཏེ་བཻ་རོ་ཙ་ན་པྲ་བྷ་ར་ཛ་ཡ། ཏ་ཐ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྷ་ཡ། ཏདྱ་ཐཱ། ༀ་སུ་ཀྵྨེ་སུ་ཀྵྨེ་ས་མེ་ས་མ་ཡེ། ཤནྟེ་དནྟེ། ཨ་ས་མ་ར་བེ། ཨ་ན་ལམྦྷེ། ཏ་རམྦྷེ། ཡ་ཤོ་ཝ་ཏི། མ་ཧཱ་ཏེ་ཛཿནི་ར་ཀུ་ལེ། ནིརྦཱ་ཎེ། སརྦ་བུདྷ་ཨ་དྷིཥྛ་ན་ཨ་དྷིཥྛ་ཏེ་སྭཱ་ཧཱ། ཞེས་ཉེར་གཅིག་དང་། ༀ་རཏྣ་ཙི་ཏི་པཾ་ཙེ་ཡེ་བི་བི་ས་ར་སྭཱ་ཧཱ། ཅི་ནུས་བཟླས་ཏེ་བྱིན་གྱིས་བརླབས་ལ། འཇིམ་པའི་གོང་བུ་ལས་འོད་འཕྲོས་འགྲོ་དོན་བྱས། སླར་འདུས་རིན་ཆེན་སྣ་ལྔའི་གོང་བུར་གྱུར། ཅེས་བརྗོད་ཅིང་བསམ་མོ། །དེ་དག་ནི་བྱིན་གྱིས་བརླབ་པའི་རིམ་པ་སྟེ། འཇིམ་པ་མ་བརྫིས་པར་སའི་ཕུང་པོ་གཅིག་ལ་དེ་དང་དེའི་ཚུལ་དང་མོས་པ་བྱས་པས་འཐུས་ཏེ། དེ་ལྟར་མ་ཡིན་པར་སཱཙྪ་ཁྲི་འབུམ་གྱིས་སྐམ་པོ་བརྡུང་བ་ལ་དོན་མེད་ཅིང་། འཇིམ་པ་ཐམས་ཅད་སྟབས་གཅིག་ཏུ་བརྫིས་པའང་སྐམ་དུ་འགྲོ་བ་དང་། བྱིན་བརླབ་ལན་གྲངས་མང་དུ་བྱས་ནའང་། ཉིན་རེ་བྱིན་རླབས་གྲངས་མང་པོ་དགོས་པས་མི་ལྕོག་པ་སོགས་ལག་ལེན་མི་བདེ་བས་སའི་ཕུང་པོ་བྱིན་གྱིས་བརླབ་ནའང་འགལ་བ་མེད་པ་ཡིན་ནོ། །དངོས་གཞི་སཱཙྪ་འདེབས་པའི་ཚུལ་ནི། སཱཙྪ་འདེབས་པ་པོ་རྣམས་རབ་ཏུ་བྱུང་བ་མིན་ཅིང་ཁྱིམ་པ་ཡིན་ན་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་བླང་ཤིང་། གང་དུ་སྤར་བའི་གནས་དེར་གཟུངས་མདོ་འདོན་པ་པོ་དང་བཅས་པ་ཚོགས་ཤིང་ཁྲུས་དང་གཙང་སྦྲ་དང་ལྡན་པས་སངས་རྒྱས་ཆོས་དང་། སོགས་སྐྱབས་སེམས་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཤིང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་ལས་ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་འཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། ཞེས་ས་གཞི་བྱིན་རླབས་དང་། མ་ལུས་སེམས་ཅན། སོགས་ཀྱིས་སྤྱན་འདྲེན་དང་། བཅོམ་ལྡན་འདིར་ནི། སོགས་ཀྱིས་བཞུགས་སུ་གསོལ། ཇི་ལྟར་བལྟམས་པས། ལྷ་ཁྲུས་དང་། ཇི་སྙེད་སུ་དག༴ སོགས་ཡན་ལག་བདུན་པ་ཡོངས་རྫོགས་བྱའོ། །རྒྱས་པར་ནི་བརྒྱད་སྟོང་སོགས་ཤེར་ཕྱིན་གྱི་མདོ། གསེར་འོད་དམ་པ། འདུས་པ་རིན་པོ་ཆེའི་ཏོག །འཕགས་པ་གཙུག་ན་རིན་པོ་ཆེའི་ཞུས་པ། དྲི་མེད་རྣམ་གཉིས་ཀྱིས་གཟུངས་མདོ་རྣམས་རྒྱུན་མི་ཆད་དུ་ཀློག་མཁན་ཟུར་པ་འཇོག་པ་དང་། སྙིང་པོའི་གཟུངས་རིང་ཐུང་གིས་འཛབ་རྒྱུན་པ་འཇོག་པར་གསུངས་ཤིང་། ཅིས་ཀྱང་མ་འཇོམ་ནའང་གཟུངས་མདོ་གཉིས་དང་ཤེར་སྙིང་འདོན་པ་པོ་མེད་པའི་ཐབས་མེད་དོ། །དེ་ནས་སཙྪ་འདེབས་པའི་ཚེ། འཇིམ་པ་བརྫི་བའི་སྔགས་ནི། ༀ་བཛྲ་པྲ་མརྡ་ན་ཡ་ཧཱུྃ་ཕཊ། འཇིམ་པ་དེ་བཞིན་གཤེགས་པའི་སྐུར་གྱུར་ཅིག །ཅེས་བརྗོད། བརྡུང་བའི་ཚེ། ༀ་བཛྲ་མུདྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཉོན་མོངས་བག་ཆགས་བྱང་ཞིང་འཇོམ་གྱུར་ཅིག །འཇིམ་པ་བཅད་ལ། ན་མཿས་མནྟ་བུདྷ་ནཾ། ༀ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། འཆི་མེད་རྡོ་རྗེའི་སྲོག་ཟུང་ཐོབ་པར་ཤོག །འབི་འབི་བྱས་ལ། ༀ་བཛྲོ་བྷ་བཱ་ཡ་སྭཱ་ཧཱ། འོད་ཟེར་འཇིག་རྟེན་ཀུན་ཁྱབ་འགྲོ་དོན་བྱས། སླར་འདུས་འབི་འབི་ཤེལ་སྒོང་ལྟར་དག་པ། ཡེ་ཤེས་རྡོ་རྗེ་འབྱུང་བའི་རང་བཞིན་གྱུར། བསྐོས་ཕོར་རམ་འབི་འབི་ལ་སྣུམ་བྱུག་ལ། ༀ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཐབས་ཤེས་ཟུང་འཇུག་ཡེ་ཤེས་རྡུལ་བྲལ་གྱུར། བསྐོས་ཕོར་དུ་བཅུག་ལ། ༀ་བཛྲ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་དང་། ༀ་དྷརྨ་དྷ་དུ་གརྦྷེ་སྭཱ་ཧཱ། ཆོས་དབྱིངས་རྟག་པའི་སྙིང་པོ་རྙེད་པར་གྱུར། ལེགས་པར་བརྡུང་ལ། ༀ་བཛྲ་མུདྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། སངས་རྒྱས་ཀུན་གྱིས་ཕྱག་རྒྱས་བཏབ་པར་གྱུར། དེ་ཡང་སྭཙྪ་བརྒྱ་རྩ་ཙམ་ལ་ངེས་པར་གཟུངས་རིང་ཐུང་གཉིས་ཀ་དགོས་ཤིང་། ཁྲི་འབུམ་ལ་འགྲུབ་དཀའ་བས་གཟུངས་ཐུང་གིས་ཆོག་པར་གསུངས་པས། གཟུངས་མ་བསྒྲིལ་བར་སྦྱོང་ཁྲུས་རབ་གནས་དང་བསྒྲིལ་ཟིན་པ་དང་སླར་ཡང་སྦྱོང་ཁྲུས་རབ་གནས་བསྡུས་པ་བྱས་པས་གཟུངས་མགོ་མཇུག་མ་ལོག་པར་གཞུག་ལ། ༀ་བཛྲ་གརྦྷེ་སྭཱ་ཧཱ། ༀ་སརྦ་བིདྱ་སྭཱ་ཧཱ། དབྱིངས་ཡེ་གཉིས་མེད་ཆོས་སྐུའི་མཆོད་རྟེན་ནི། འབྱམས་ཀླས་ཡེ་ཤེས་སྙིང་པོ་ཁོང་ཆུད་གྱུར། ཕྱིར་དབྱུང་ལ། ༀ་དྷརྨ་ར་ཏེ་སྭཱ་ཧཱ། ཆོས་ཀྱི་སྐུ་ལས་གཟུགས་སྐུ་གྲངས་མེད་བྱོན། འགྲོ་དོན་འཁོར་བ་ཇི་སྲིད་མཛད་པར་གྱུར། མདུན་དུ་མེ་ཏོག་གི་གདན་ལ་བཞུགས་སུ་གསོལ་ཏེ། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། སྟོང་པའི་ངང་དུ་བརྟན་པར་བཞུགས་སུ་གསོལ། མེ་ཏོག་འཐོར་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དིབྟེ་ཛྭ་ལ་ཛྭ་ལ་དྷརྨ་དྷ་དུ་གརྦྷེ་སྭཱ་ཧཱ། དང་ༀ་ཡེ་དྷརྨ་སོགས་བརྗོད། སྲས་བཅས་རྒྱལ་བ་ཐམས་ཅད་རྟེན་འདི་དང་། དབྱེར་མེད་རོ་གཅིག་བརྟན་པར་བཞུགས་སུ་གསོལ། ཞེས་རབ་ཏུ་གནས་པར་བྱ་ཞིང་དགོང་མོ་འཇོག་པའི་ཚེ་བཟང་སྤྱོད་སྨོན་ལམ་དང་ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་རྒྱས་པར་བྱའོ། །དེ་ལྟར་ཉིན་དུ་འགོར་གྱི་རིང་ལ་ནང་སྔ་སྐྱབས་སེམས་ནས་དགོང་མོ་བསྔོ་སྨོན་བཀྲ་ཤིས་བར་སྔར་ལྟར་རོ། །དེ་ནས་སྐམ་ཐག་ཆོད་པ་དང་ཁ་དོགས་ལྔའི་ཚོན་གྱིས་ན་བཟའ་གསོལ། མ་འབྱོར་ན་ཐམས་ཅད་ལ་སྐུ་དཀར་གསོལ་ལ། ༀ་དྷརྨ་དྷ་ཏུ་སྭ་བྷཱ་བ་བི་ཤུདྷེ་དྷརྨ་ཏེ་སྭཱ་ཧཱ། ཆོས་དབྱིངས་རང་བཞིན་དྲི་མ་མེད་པ་ཡིས། རྣམ་པར་དག་པའི་དོན་དང་ལྡན་གྱུར་ཅིག ཚོན་སྣ་ལྔའི་མདོག་གྱི་རས་དུམ་གང་འབྱོར་སཱཙྪའི་དབུ་ལ་སྦྱར་ཏེ། ༀ་པྲ་མ་ཎ་ཡེ་སྭཱ་ཧཱ། རིན་ཆེན་བརྒྱན་བཀོད་སྣ་ཚོགས་གསོལ་བ་ཡིས། ཡོན་ཏན་ཀུན་རྫོགས་འགྲོ་དོན་མཛད་གྱུར་ཅིག །ཅེས་བརྗོད་ཅིང་དོན་ཡིད་ལ་བསམ་མོ། །དེ་ནས་ས་སྒྲུབ་སྐབས་སུ་སཱཙྪ་རྣམས་དཀྱིལ་འཁོར་དུ་གཞུགས་པའི་ཚེ། ༀ་སུ་པྲ་ཏིཥྛ་ཏུ་བེ་སྭཱ་ཧཱ། བདག་གཞན་དོན་གཉིས་ཕུན་ཚོགས་སྤྱོད་གྱུར་ཅིག །ༀ་བཛྲ་པདྨ་ས་མ་ཡེ་སྭཱ་ཧཱ། རྡོ་རྗེ་པདྨཱའི་གདན་ལ་བཞུགས་སུ་གསོལ། ཅེས་བརྗོད་བཞིན་བཞུགས་སུ་གསོལ། བཞུགས་ཟིན་པ་དང་། ནམ་མཁའ་ས་གཞི་རྒྱ་མཚོའི་འཇིང་ཐམས་ཅད། མཆོད་རྟེན་རྣམ་པ་མང་པོས་གང་བར་གྱུར། ཅེས་བརྗོད་ཅིང་དོན་བསམ་མོ། །དེ་ནས་ས་སྒྲུབ་ཀྱི་ཆོ་ག་རྒྱས་འབྲིང་བསྡུས་པ་གང་རུང་ལ་འཇུག་ཅིང་ཆོ་ག་ཟིན་ཏེ་སཱཙྪ་རྣམས་དཀྱིལ་འཁོར་ནས་གཞན་དུ་གཤེགས་པའི་ཚེ། ༀ་སྭཱ་བྷཱ་ཝ་བི་ཤུདྷེ་ཨ་ཧ་ར་ཨ་ཧ་ར་ཨཱ་གཙྪ། དྷརྨ་དྷ་ཏུ་གརྦྷེ་སྭཱ་ཧཱ། ཆོས་ཉིད་རང་བཞིན་རྣམ་པར་དག་པའི་ངང་། མཁའ་ཁྱབ་འགྲོ་བའི་དོན་ལ་གཤེགས་པར་བསམ། ཉེས་པ་ལ་བཟོད་གསོལ་ནི། ༀ་ཨཱ་ཀཱ་ཤ་དྷ་རུ་གརྦྷེ་སྭཱ་ཧཱ། འགོམ་ཡུག་ཆག་གྲུམ་ཉེས་ཀུན་བཟོད་པར་གསོལ། འགྲོ་རྣམས་དྲི་མེད་རྒྱལ་བའི་སྐུ་ཐོབ་ཤོག །ཞེས་བརྗོད་བཞིན་སཱཙྪ་རྣམས་དཀྱིལ་འཁོར་ལས་གཤེགས་ཏེ། སླར་མཆོད་རྟེན་དུ་བཞུགས་སུ་གསོལ་བའི་ཚེ་སྔར་སཱཙྪ་དཀྱིལ་འཁོར་དུ་བཞུགས་སུ་གསོལ་བའི་སྔགས་དམིགས་པས་བཞུགས་སུ་གསོལ། བར་རྣམས་བྱེ་མ་ལ་དམ་རྩི་མེད་པས་ཉིལ་ན་སྐྱོན་ཆེ། སཱཙྪ་གདབ་པའི་ས་ཉིད་རྡོ་ཡེ་མེད་པས་ཤིན་ཏུ་ལེགས་བྱེ་མ་སྐམ་པོས་སག་པ་སོགས་ཀྱི་སཱཙྪ་རྣམས་དབུ་ཞབས་མ་ལོག་པར་ལག་ཚག་དམ་པོར་བྱ་བ་ནི་སཱཙྪ་གདབ་པ་སོགས་ཀྱི་ཐོག་མཐའི་བྱ་བའོ། ༈ །གསུམ་པ་ས་སྒྲུབ་དཀྱིལ་འཁོར་དང་མཆོད་པའི་དབྱེ་བསྡུ་ནི། མཁན་ཆེན་ཆོ་ག་གཞུང་དུ་རྒྱས་བསྡུས་ཀྱི་ཁྱད་པར་མི་བཞུགས་ཀྱང་། དྲི་མེད་འགྲེལ་པ་ལྷན་སྐྱེས་རོལ་བའི་མཛད་པ་བཞིན་རྒྱས་བསྡུས་གཉིས་གསུངས་པ་ལྟར་ན། དཀྱིལ་འཁོར་གང་དུ་བྱ་བའི་གཞིར་རྡོ་རྗེ་སློབ་དཔོན་གྱིས་དཀར་གཏོར་གསེར་སྐྱེམས་ཕུལ། ཐིག་དང་ཕུར་བུ་གདབས་པ་ཏིལ་ཡུངས་བྲབ་པ་གཟུངས་ཐུང་བརྗོད་པའི་བར་གོང་གི་སཱཙྪའི་ལག་ལེན་སྐབས་ལྟར་བྱས་ཏེ། དཀྱིལ་འཁོར་གྱི་སྟེང་གྲུ་བཞི་པ་ཁོད་སྙོམ་པ་ངོས་བཞིར་སེང་གེ་བརྒྱད་བྲིས་འབུར་གང་རུང་གི་བཏེགས་པའི་རྒྱ་ཚད་སཱཙྪ་བརྒྱ་བརྒྱད་ཤོང་བའི་ཚད་ལ་བ་བྱུང་དང་དྲི་བཟང་ཙནྡན་གུར་གུམ་སོགས་ཀྱིས་ཆག་ཆག་བཏབ་པ་སྟེ། ས་སྒྲུབ་ཀྱི་དཀྱིལ་འཁོར་དངོས་ནི་རྒྱ་ཁྱོན་སཱཙྪ་བརྒྱ་བརྒྱད་ཀྱི་ཚད་ལ། གཞལ་ཡས་ཁང་རྟ་བབས་མེད་བའི་སྒོ་སྐྱོང་གི་ཕྱི་རོལ་དུ་ཁྲུས་བརྫིང་དང་པདྨ་འོད་ཟེར་གྱི་འཁོར་ཡུག་དང་བཅས་པའི་ཐིག་ཚོན་སྤྱི་ལྟར་ལ། དཀྱིལ་འཁོར་གཞན་གྱི་ལྷ་གནས་ཀྱི་མལ་དུ་སཱཙྪ་ཅི་ཤོང་གི་རེ་མིག་འདབ་བརྒྱད་ཅན་དང་། དེ་ཕྱིར་འཁྱམས་རིམ་པ་གཉིས་སུ་ཕྱེ་བ་ལ་འཕགས་པ་རྣམས་གདན་འཛོམ་པའི་གནས་སྟེ། ནང་མ་ལ་དེ་བཞིན་གཤེགས་པ་རྣམས་བཞུགས་གདན་སེང་གེའི་ཁྲི་དག་གིས་བསྐོར་བ། ཕྱི་མ་ལ་ཡང་ནང་ཕྱོགས་སུ་བྱང་ཆུབ་སེམས་དཔའ་རྣམས་བཞུགས་གདན་པད་ཟླ་དག་གིས་བསྐོར་བ། དེ་ཕྱིར་འཕགས་པ་རང་རྒྱལ་དང་ཉན་ཐོས་ཆེན་པོ་བཞུགས་པའི་གདན་པདྨ་དག་གིས་བཀང་བར་བྱས་པའི་རས་བྲིས་བཤམས། དེ་ཡང་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་ཤིང་རུ་བཞི་ལ་སྟེགས་སཱཙྪ་དཔང་ལས་ཅུང་མཐོ་བ་དགེ་འདུན་གྱི་གྲངས་དང་མཉམ་པ་ལས་གཅིག་ལྷག་པ་བྱས་ལ། སྟེགས་འོག་མ་ལས་སྒྲུབ་དཀྱིལ་འཁོར་རས་བྲིས་བཤམས། དེ་སྟེང་ཤོག་གུ་རམ་རས་ལ་སཱཙྪའི་རྒྱ་ཁྱོན་ལ་གཞལ་བའི་ངོས་རེར་རེ་མིག་བཅུ་བཅུ་གདབས། ཚངས་ཐིག་གཡས་གཡོན་རེ་མིག་རེ་རེ་སྟེ་བརྒྱ་བརྒྱད་དང་། རེ་མིག་རེ་ལ་པདྨ་འདབས་བརྒྱད་རེ་སྤར་བཏབ་སྟེ་ཚོན་གྱིས་མཛེས་པར་བྱས་པ་དགེ་འདུན་གྲངས་མཉམ་བྱ། དཀྱིལ་འཁོར་གྱི་དབུས་འཕྲུལ་སྟེགས་ལ་ལུག ས་མ་སོགས་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་བཞུགས་སུ་གསོལ། སཱཙྪ་བཞག་པའི་ཚེ་དབུས་ནས་ཤར་ལྷོ་ནུབ་བྱང་རིམ་བཞིན་གཡས་སྐོར་དུ་དགོད། དཔོན་སློབ་ཀུན་གྱིས་སཱཙྪ་གདན་ལ་བཞག་པ་དང་ཆོ་ག་ཟིན་ཏེ་གཤེགས་པའི་ཚེ་རང་རང་གི་སྔགས་གསུང་བཞིན་བཞག་པ་དང་གཤེགས་པར་བྱ། དེ་ཡང་སྟེགས་དགུ་བྱས་ན་གཅིག་ལ་དཀྱིལ་འཁོར་ཆེ་བ་དང་། སྟེགས་བརྒྱད་ལ་དགེ་འདུན་བརྒྱད་འདི་ཙམ་སཱཙྪ་བླང་བཞག་ཀྱང་སྟབས་བདེ་འོང་བ་ཡིན་། ལྡིང་ཁྲིའི་ཁར་རིམ་བཞིན་བ་དན་དམར་པོ་བརྒྱ་བརྒྱད་ལ་ངོས་རེར་ཉེར་བདུན་རེ་དང་རྒྱལ་མཚན་བཞི། འཕན་བཞི། སྟེང་དུ་བླ་བྲེའམ་གདུགས། དབུས་སུ་ཐིག་ལེ་སྔོན་པོ་ལ་གཙུག་ཏོར་དྲི་མེད་ཀྱི་གཟུངས་རིང་གསེར་གྱིས་བྲིས་པ་འོད་ལྔའི་མུ་ཁྱུད་ཅན། ངོས་བཞིར་མཆོད་རྟེན་ཕྱོགས་མདོག་གི་བུམ་སྒོར་གཟུངས་ཐུང་དང་། གདུགས་ལ་གཟུངས་རིང་བྲིས་པའི་ཐང་ཀ་རྣམས་བཤམས་པ་ནི་དཀྱིལ་འཁོར་བཤམས་བཀོད་དང་། མཆོད་པ་ནི་དཀྱིལ་འཁོར་གྱི་དྲུང་དུ་བཞག་ན་སཱཙྪ་བླང་བཞག་སྟབས་མི་བདེ་བས། བར་ཕྱེས་ཏེ་གནས་ཁང་གི་ཕྱོགས་བཞིར་སྟེགས་ཀྱི་སྟེང་དུ་དབུས་སུ་ཙཱ་རུའི་གཟའ་བ་ཟླུམ་གཏོར་ཆེ་ལེགས་དཀར་མངར་ཤིང་ཐོག་སོགས་ཟས་སྣས་བརྒྱན་པ་དང་། བཀྲ་ཤིས་རྫས་རྟགས་འབུར་མ་རི་མོར་བྲིས་པ། འབྲུ་ལྔ་སྤོས་ལྔ་སོགས་ལྔ་ཚན་ལྔའི་རྫས་དང་མེ་ཏོག་མར་མེ་ཞལ་ཟས་གཙོ་བོར་གྱུར་པའི་སཱཙྪ་བརྒྱ་བརྒྱད་ལ་ཉེར་སྤྱོད་རེ་རེ་བཞིན་བརྒྱ་བརྒྱད་གྱིས་མཆོད་པའི་ཁྱད་པར་དང་། ཕྱོགས་བཞིར་བུམ་པ་བཞི་ཉེར་ལྔས་གཏམ་པའི་ཁར་སྣོད་ཀྱི་ནང་དུ་བྱེ་མ་བརྔོས་ནས་དུག་ཕྱུང་བྱས་པ་ཡུངས་དཀར་དང་བསྲེས་པ་བཞག དཀྱིལ་འཁོར་གྱི་གྲྭ་བཞིར་ཙནྡན་ཨ་དཀར་ཤུག་པ་སི་ལ་སོགས་དྲི་བཟང་གི་དུད་པ་རྒྱུན་མི་ཆད་པ་དང་། སྒོ་བཞིར་མཆོད་ཡོན་གྱི་སྣོད་བཞི་བཞག་པའི་ནང་དུ། རྫས་བདུན་དང་འོ་མ་བླུག མཆོད་ཡོན་སྦྲེང་བའི་བྱ་མ་བུམ་ཆུ་གཙང་གིས་བཀང་བ། ཁྲུས་སྣོད་མེ་ལོང་སྐུ་ཕྱི་ན་བཟའ་རྒྱལ་ཆེན་ཕྱོགས་སྐྱོངས་རྣམ་ལ་ཟླུམ་གཏོང་གསུམ་འབྲས་ཆན་སོགས་ཀྱིས་བརྒྱན་པ་བཅས་བཤམས། སློབ་དཔོན་མདུན་དུ་དུང་ཞལ་ལམ་ཁྲུས་བུམ། ཡུངས་དཀར་འཐོར་ནས་རྡོ་དྲིལ་བཞག །ཡང་རོལ་མོའི་བྱེ་བྲག་སོགས་འདུ་བྱ་བ་ནི་རྒྱས་པའོ། །བསྡུས་པ་ནི། དཀྱིལ་འཁོར་གྱི་ཐིག་དང་ཕུར་བུ་གདབས་པ། གཟུངས་དང་མཆོད་རྟེན་བྲིས་པའི་ཐང་ཀ་རྣམས་མི་དགོས་དཀྱིལ་འཁོར་ཡང་སྒོ་སོགས་མེད་པའི་པདྨའི་གདན་སྣམ་བུ་དང་བཅས་པས་ཆོག །མཆོད་པ་ཡང་སྟབས་གང་བདེ་ཕྱོགས་གཅིག་ཏུ་བཤམས་པ་དང་། ཙཱ་རུའི་བཟའ་བ་བུམ་པ་བྱེ་སྣོད་བྱ་མ་བུམ་སྤོས་ཕོར་རྣམས་རེ་རེའི་ཆོག མཆོད་པ་རྣམས་ཅི་འབྱོར་བ་བཤམས་པ་རུང་ཙམ་ཡིན་ནོ། །མཆོད་རྫས་གཞན་རྣམས་བརྫེ་བར་མ་ནུས་ཀྱང་ཁ་གསོ་ཙམ་རེ་དང་ཆུ་གཙང་ནི་མི་འབྱོར་ཐབས་མེད་པའི་ཚར་རེ་བཞིན་གཤེགས་བཤམས་བྱའོ། །སཱཙྪ་རྣམས་དཀྱིལ་འཁོར་དུ་བཞག་རན་པའི་ཚེ་ན་ནི་སྐུ་དཀར་སོགས་ན་བཟའ་དང་རས་སྣ་ལྔའི་དབུ་གདུགས་རེའང་དབང་ལག་གྲོ་ཕྱེ་གང་རུང་གིས་སྦྱར་ཏེ་སྐམ་ཟིན་པ་དགོས་པ་དང་། གཟུངས་རིང་ཅན་གྱི་སཱཙྪ་གཙུག་ཏོར་དྲི་མེད་ཀྱི་བརྒྱ་བརྒྱད་ཁ་དོག་དཀར་པོ་དང་། འོད་དྲིའི་གོ་དགུ་ཁ་དོགས་སེར་པོ་བྱ་བ་སོགས་སྔོན་འགྲོའི་སྟ་གོན་ལེགས་པར་བྱ་བའོ། །བཞི་པ་ཆོ་ག་རྒྱས་བསྡུས་ཀྱི་གཏོང་ཚུལ་ལ་རྒྱས་འབྲིང་བསྡུས་གསུམ་ལ། ཐམས་ཅད་ཀྱི་ཐོག་མར། སཱཙྪ་རྣམས་དཀྱིལ་འཁོར་དུ་བཞག་པའི་སྔགས་གསུངས་བཞིན་བཞག་སྟེ་བཞག་ཟིན་པ་དང་། དགེ་འདུན་རྣམས་ཁྲུས་བྱ། ཆོས་གོས་བགོ། །གྲུབ་ན་གསོ་སྦྱོང་བླང་། ཁྱིམ་པ་ཡིན་ན་བསྙེན་གནས་ཀྱི་ཁྲིམ་བསྲུང་། གང་ལྟར་ཡང་ཤ་ཆང་སྒོང་བཙོང་མིན་པའི་དཀར་གསུམ་ལ་ལོངས་སྤྱོད། ཉོན་མོངས་པ་དང་གཉིད་ལེ་ལོ་གནོད་འཚེའི་བསམ་སྦྱོར་ཐོག་མཐའ་ཐམས་ཅད་དུ་སྤང་། མཆོག་གསུམ་དང་མཆོད་རྟེན་ཕན་ཡོན་ལ་ཡིད་ཆེས་ཤིང་དད་གུས་དང་སེམས་ཅན་ལ་བྱམས་སྙིང་རྗེ་བསྐྱེད་པ་ནི་དུས་ཀུན་གཅེས་པའོ། །གཟུངས་མདོ་འདོན་པ་དང་སྔགས་བཟླ་བ་པོར་གཉིས་ཟུར་དུ་བྱུང་ན་ལེགས། གཉིས་མིན་ཀྱང་མདོ་འདོན་པ་པོ་མེད་པའི་ཐབས་མེད་དོ། །དེ་ནི་རྒྱས་བསྡུས་ཐམས་ཅད་ཀྱི་ཐུན་མོང་གི་ཀུན་སྤྱོད་ལགས། ཆོ་ག་རྒྱས་པ་མཁན་ཆེན་ཞི་འཚོའི་ཆོ་ག་སྟེ། དགེ་འདུན་གྲྭལ་ཕྱག་དང་ཚུལ་ཕྱག་སྔོན་དུ་འགྲོ་བས་གདན་ལ་འཁོད། རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་དང་སྙིང་པོ་དང་ཁྲུས་བདུན་གྱི་རིག་པ་ཅི་འགྲུབ་བཟླས་པས་བུམ་ཆུ་བྱིན་གྱིས་བརླབ་སྟེ། འདུས་པ་རྣམས་ལ་འཐོར་འཐུང་བྱས་ལ་ཕན་ཡོན་བརྗོད། ཚིག་བཅད་གཅིག་པ། རྗེས་དྲན་ཐུབ་བསྟོད་གང་རུང་། བདག་དང་འགྲོ་སོགས་སྐྱབས་འགྲོ་བཅས་བྱ། ཆོ་ག་ཆུང་བ་དྲི་མེད་ལམ་འཇུག་གིས་དབུ་ནས། སུ་པྲ་ཏིཥྛ་ནས། ཚེ་དཔག་མེད་པའི་འཇིག་རྟེན་གང་གྱུར་ཅིག ཅེས་པའི་བར་བརྗོད་ཅིང་སྔགས་རྣམས་གསུམ་གསུམ་བཟླ། གང་གིས་རྟེན་ཅིང་། གང་ཞིག་རྐྱེན་ལས། སོགས་བརྗོད། ཆོ་ག་གཞུང་ལས། ཆོས་ཐམས་ཅད་ནས་འགོད་པར་བྱ་བར་དང་། ཚད་མེད་བཞི་སྒོམ། བདག་ནི་དུས་ངན་པ། སོགས་ཀྱི་སེམས་བསྐྱེད་ལ། ས་གཞི་རྟེན་མཆོད་བྱིན་རླབས་དང་། བདེན་སྟོབས་བརྗོད་པ་གསུམ་གསུམ། མར་མེ་དང་བདུགས་སྤོས་མཆོད། པུས་བཙུག་ཐལ་སྦྱར་མེ་ཏོག་བླང་ལ། བཅོམ་ལྡན་སོགས། བྱིན་གྱིས་བརླབས་པ་ཅི་གནང་། བར་མཆོད་འབུམ་ནས། དེ་བཞིན་གཤེགས་པ་སོགས་ནས་བཞེས་པར་གསོལ་བར་ཆོག་གཞུང་ལས། གནོད་སྦྱིན་གྱི་སྡེ་དཔོན་སོགས་ནས་ཅི་ག ནང་བར་མཆོད་འབུམ་ནས། ལྷའི་འཇིག་རྟེན་ནས་དེ་ལྟ་བུར་གཤེགས་པར་གསོལ། བར་སྟོལ། བར་མཚམས་རྣམས་སུ་རོལ་མོ་དཀྲོལ་མེ་ཏོག་འཐོར། ཆོག་གཞུང་ལས། ཕོ་བྲང་གི་དཀྱིལ་འཁོར་ནས་བཞུགས་པར་གྱུར། བར་ཕྱག་འཚལ་བཞིན་མཆོད་འབུམ་ནས། ཡེ་ཤེས་ཚོགས་ཀྱི་སོགས་ནས། འཁོར་དང་བཅས་ལ་བསྟོད། བར་གདན་ལ་འཁོད། ཨརྒྷཾ་འབུལ་བའི་ཚེ་ཕྱོགས་བཞིའི་མཆོད་ཡོན་སྦྲེང་། ཁྲུས་ཀྱི་སྐབས་ཕྱོགས་བཞིའི་བུམ་པས་སོ་སོར་ཁྲུས་གསོལ། སྐུ་ཕྱི་ན་བཟའ་ཕུལ་བ་རྣམས་བྱས་ཏེ། ཨ་དི་ར་ན་སྭཱ་ཧཱ། བར་མཆོད་སྤྲིན་གཟུངས་གསུམ། རྣམ་ལྔ་ཕུལ། ཡུངས་དཀར་འབུལ་བའི་སྐབས་ཡུངས་དཀར་འཐོར། རོལ་མོ་བྱ། སྨོན་ལམ་འཇུག །མྱུར་ཐོབ་ཤོག །བར་བརྗོད། འགྲེང་སྟེ་ཕྱག་འཚལ་བའི་གཟུངས་གསུམ་སྔོན་དུ་འགྲོ་བས་ཕྱག་འཚལ་བཞིན། ཆོག་གཞུང་ལས། བཅོམ་ལྡན་འདས་མི་འཁྲུགས་པ་སོགས་ནས་ཆོས་དཀོན་མཆོག་ལ་ཕྱག་འཚལ་བ་ཡན་དང་། མཆོད་འབུམ་ལས། ཤེས་རབ་མཆོག་གི་སོགས། ཕྱག་འཚལ་བསྟོད། བར་ཆོག་གཞུང་ལས། སངས་རྒྱས་བཅོམ་ལྡན་འདས་སོགས་སྐྱབས་སུ་མཆིའོ། །བར་བརྗོད། གདན་ལ་འཁོད། འཕགས་པའི་ཚོགས་སོགས་ནས། འབུལ་ལོ། །བར་བརྗོད། མཆོད་སྤྲིན་གཟུངས་དང་རོལ་མོ་བྱ། མཆོད་འབུམ་ལས། ཡེ་ཤེས་ཚོགས་རྫོགས་སོགས་ཨརྒྷཾ་འབུལ་བའི་བྱ་མ་བུམ་སྤོས་ཀྱིས་བདུག་ལས་ཐལ་སྦྱར་དཔྲལ་བར་བཟུང་ལ་ཕྱོགས་བཞིའི་མཆོད་ཡོན་སྣོད་དུ་གཡས་སྐོར་དུ་སྦྲེང་། རྒྱལ་ཆེན་སོགས་མཆོད་བསྟོད་ནི། ཨམྲྀ་ཏས་བསང་། སྭཱ་བྷ་ཝ་ས་སྦྱངས། ཆ་གསུམ་ལྟར་ཐུན་མོངས་དུ་བྱིན་གྱི་བརླབས། རྒྱལ་ཆེན་བཞིའི་སྔགས་ལ། ཨ་ཀ་རོ། སྦྱར་བ་གསུམ་གྱིས་ཕུལ། ཤར་ཕྱོགས་ན་ནི་སོགས་ཀྱི་བསྟོད་པ་དང་ཕྲིན་ལས་བཅོལ། ཨིནྟྲ་ཡ་སོགས་ཀྱིས་ཕྱོགས་སྐྱོང་དང་། དེ་བ་ན་ག་སོགས་ཀྱིས་སྡེ་བརྒྱད་ལ་འབུལ་ཞིང་། མཆོད་བསྟོད་དང་རོལ་མོ་བྱ། གཏོར་མ་གཤེགས། སྡིག་བཤགས་ནས་འགྲུབ་པར་སྨོན་བར་ཡོངས་རྫོགས། ཆོག་གཞུང་ནས། འཕགས་པའི་ཚོགས་ནས་དེ་བཞིན་གྱུར་ཅིག བར་བརྗོད་ལ་ལན་གསུམ་གསུང་པ་རྣམས། དེ་ནས་གཟུངས་མདོ་དབུ་ནས་རེ་རེ་བཞིན་ཚར་རེ་བཀླག་ཟིན་པ་དང་། འཕགས་པ་རྣམས་ནས། དམིགས་ཤིང་བསམ་པར་གཟུངས་རིང་ཐུང་བརྒྱ་རྩ་རེ་བཟླ། གཟུངས་ཆབ་བཙལ། ཕྱོགས་བཅུ་དུས་གསུམ་སོགས་ནས། འགོད་པར་གྱུར་ཅིག་བར་བརྗོད། དྲི་མེད་འོད་ཟེར་དང་རིན་ཆེན་རྒྱལ་མཚན་གྱི་བསྐོར་བའི་གཟུངས་བདུན་བདུན་བརྗོད། གཞན་གཟུངས་རིང་ཐུང་གཉིས་བརྗོད་བཞིན་བསྐོར་བ་བརྒྱ་རྩ་བརྒྱད་བསྐོར། གདན་ལ་འཁོད་དེ། མཆོད་རྟེན་བསྐོར་བའི་ཕན་ཡོན། གསལ་རྒྱལ་གྱི་ཚིག་བཅད། སྤྱན་རས་གཟིགས་མདོ་ལས་གསུངས་པ་རྣམས་གང་རུང་བཀླག། འཕགས་པའི་ཚོགས་དང་མཆོད་སྤྲིན་གཟུངས་ཀྱིས་མཆོད། འཕགས་པ་གདན་འཛོམ་པ་སོགས་ཀྱིས་བཟོད་པར་གསོལ། གཤེགས་གསོལ་བྱ་བའམ་བསྟན་བཞུགས་བྱ། བཟང་སྤྱོད་དང་༴ ཕུན་སུམ་ཚོགས་པ༴ སོགས་བཀྲ་ཤིས་རྒྱས་པར་བྱ། སཱཙྪ་དཀྱིལ་འཁོར་ལས་གཤེགས་པའི་སྔགས་བརྗོད་བཞིན་གཤེགས་པ་ནི་ཆོ་ག་རྒྱས་པའོ། །འབྲིང་པོ་ནི་ལོ་ཆེན་དྷརྨ། ཤྲིའི་བཀླག་གྲུབ་ནག་འགྲོས་དང་། བསྡུས་པ་ནི་བློ་གྲོས་མཐའ་ཡས་ཀྱི་གསུང་དྲི་མེད་ལམ་འཇུག་ལྟར་ནག་འགྲོས་མ་ལྟར་ལགས་སོ། །དེ་ཡང་རྒྱལ་ཆེན་སོགས་ཀྱི་གཏོར་མ་ནང་ནུབ་གང་ཡིན་ཀྱང་རེ་རེ་ལས་མི་དག་ཤིང་བསྟོད་པ་བཏོན་པས་རུང་ཞིང་། ཆོ་ག་ཆུང་བའི་དབུའི་འབྱུང་ལྔ་མཆོད་རྟེན་བྱིན་རླབས་མདོ་སྡེ་ཤེས་གྲུབ་ལྟར་གསུངས་པ་ཕན་ཡོན་ཆེ་བས་ཆོ་ག་གསུམ་གྱི་དབུར་སྦྱར་བ་དང་། ཆོ་ག་ཐམས་ཅད་ཀྱི་དབུར་རྗེན་དྲན་དང་ཚིག་བཅད་གཅིག་བཞི་ཐུབ་བསྟོད་རེས་མོས་དང་། མཇུག་ཏུ་བཟང་སྤྱོད་སོགས་སྨོན་ལམ་རྣམ་གསུམ་རེས་མོས་དང་། ཉིན་རེ་རྒྱས་པ་གཅིག་དང་བསྡུས་པ་ཅི་འགྲོ་དང་། ཡང་ན་འབྲིང་པོ་གཅིག་དང་བསྡུས་པ་ཅི་འགྲོ་དང་། རྒྱས་འབྲིང་གཉིས་རེ་རེ་དང་བསྡུས་པ་ཅི་འགྲོ་སྐབས་དང་བསྟུན་པ་དང་། མཆོད་པའང་འབྱོར་ལྡན་གྱིས་རྒྱ་མི་ཆུང་བ་དང་། འབྱོར་མེད་ལ་དེ་ལུགས་བྱ་དགོས་ཏེ་མ་འབྱོར་བ་ལ་ཉེས་པ་མེད་གསུངས་པས་སྐབས་ཕྱེད་པར་བྱ་ཞིང་། མདོར་ན་བརྙས་བཅོས་སུ་མ་སོང་བ་བྱ། དེར་འདུས་པའི་དགེ་འདུན་ཐམས་ཅད་ཀྱིས་ཀྱང་སེམས་ཉོན་མོངས་པའི་རྗེས་སུ་འབྲང་སྟེ་ཁ་ཡེངས་མིག་ཡེངས་བཅས་མ་ཡིན་པར་སྙིགས་དུས་ཀྱི་རྒྱུད་པ་འདི་ལ་ཐུགས་བསམ་རེ་བ་ཞིག་ནས་བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་དང་བཅས་པའི་བཀའ་དྲིན་མཛད་པར་ཐུགས་རྗེ་ཤིན་ཏུ་ཆེའོ། འོད་ཟེར་དྲི་མེད་ཀྱིས་སྒྲུབ་པ་ནི་མི་རེའི་སཱཙྪ་གོ་དགུ་རེ་ཁྱད་པར་དང་། ཆོ་ག་འབྲིང་བསྡུས་གཉིས་གང་ཡིན་ཀྱང་ཚིག་ཕྲད་བསྒྱུར་བ་ཙམ་ལས་ཁྱད་ཡོད་པ་མ་ཡིན་ནོ། ༈ །གཉིས་པ་སོ་སོའི་རིམ་པ་ལ། དྲི་མེད་རྣམ་གཉིས་ཏེ། དང་པོ་གཙུག་ཏོར་དྲི་མེད་ལ། དཀྱིལ་འཁོར་ཐིག་ཚོན་གྱི་རྣམ་བཞག དཀྱིལ་འཁོར་དང་མཆོད་པའི་བཤམས་བཀོད། དངོས་གཞིའི་ཆོ་ག་གཏོང་ཚུལ་ལོ། །དང་པོ་ནི་དཀྱིལ་འཁོར་རྒྱན་དང་མཆོད་པའི་བཤམས་བཀོད་རྒྱས་པ་ཡིན་ན་ཐིག་གདན་རྒྱ་ཁྱོན་ཁྲུ་གསུམ་འབྲིང་ཁྲུ་དོ། བསྡུས་པ་ཁྲུ་གང་མིན་ན་མཆོད་པ་མི་ཤོང་། དེའི་དབུས་རྒྱས་པ་ལ་དཀྱིལ་འཁོར་ཆེ་ཆུང་མཐོ་འཁོར། འབྲིང་ལ་འཛུབ་འཁོར། བསྡུས་པ་མཁྱུད་འཁོར་ཚད་དུ་བྱ་བ་ལ་རས་བྲིས་སམ་ཤིང་ཡིན་ན་ཞལ་བ་ལེགས་པོ་དང་། རྡོ་ཡིན་ན་ཕྱི་བརྡར་ལེགས་པར་བྱས་པའི་དབུས་སུ་ཐིག་ཆེན་བརྒྱད་སྤྱི་ལྟར་བཏབ་པའི་དབུས་ནས་ཆ་ཆེན་བཅུ་གཉིས་བྱས་པས་ཆ་གསུམ་ལྷ་གནས། བཞི་པ་འཁྱམས། ལྔ་པ་དབུས་དོར་མཐའ་གཉིས་བཏབ་རྩིག་འདོད་ཕ་གསུམ། དྲུག་པ་ཕྱེད་གདབས་ཕྱི་ཕྱེད་བཏབ་པ་དྲྭ་ཕྱེད་ཤར་འདབ་གསུམ་བདུན་བརྒྱད་དགུ་གསུམ་རྟ་བབ་བཅུ་གཅིག བཅུ་པ་པདྨ་ཆོས་འཁོར་གདུགས་གསུམ། བཅུ་གཅིག་པ་ཆ་ཕྲན་གསུམ་གདབ་པ་གཉིས་པདྨ་གཅིག་རྡོ་རྭ། བཅུ་གཉིས་པ་འོད་ཕྲེང་ངོ་། །ཕྱི་རོལ་དུ་མཆོད་སྣམ་ཟླུམ་བསྐོར་བའང་འཇོག་དབུས་ཀྱི་ལིང་ཚེ་ནི། ཆ་ཆེན་གསུམ་པའི་ཕྱི་ཐིག་ནང་ནས་ཆ་ཕྲན་གཅིག་པའི་མུ་ཁྱུད་ཟླུམ་སྐོར་བྱ། ཚངས་ཐིག་གཡས་གཡོན་ཆ་ཆེན་རེའི་ཟུར་དུ་ཆ་ཕྲན་རེའི་ཐིག་བཏབ་པ་ཆ་ཆེན་གཉིས་ལྷ་གནས་རེ་མིག་དང་། ཆ་ཕྲན་མལ་དུ་རྡོ་རྗེའི་གདུང་གི་རི་མོ་བྲིས་པ་ཡིན། ཁྱམས་ཕྱེད་དུ་བགོས་པས་ཉིས་རིམ་དང་། གཞན་སྤྱི་དང་མཐུན། རྟ་བབས་བཅུ་གཅིག་ནི། མདའ་ཐིག་ཕྱིར་ཆ་ཆེན་བཞི། ཚང་ཐིག་གཡས་གཡོན་ཆ་ཆེན་གཉིས་གཉིས་སུ་བྱ། མདའ་ཕྱིར་ཆ་ཆེན་བཞི་རེའང་ཆ་ཕྲན་བཞི་བཞི་བྱས་པས་བཅུ་དྲུག་སྟེ། གདུགས་ཆ་ཕྲན་གཅིག་འཁོར་ལོ་གཉིས་པདྨ་རི་དྭགས་གཅིག་སྟེ་ཤུལ་བཅུ་གཉིས་ལུས། རྟ་བབ་རེ་ལ་ཆ་ཕྲན་རེ་བྱས་པས་བཅུ་གཅིག །གཅིག་ལྷག་པ་མུན་པ་དང་མུན་རྣམ་གཉིས་ལ་ཕྱེད་རེ་བསྣན་པས་ཚང་པའོ། །ཚང་ཐིག་གཡས་གཡོན་ཆ་ཆེན་གཉིས་དང་པོ་ཕྱེད་གདབ་ཕྱི་ཕྱེད་དང་གཉིས་པ་ཆ་བཞིར་བགོས་པས་རེ་རེ་བཞིན། སྣམ་བུ་དང་པོ་གསེར་སྣམ་ཕྱོགས་རེར་བརྒྱད། གཉིས་པ་ཤར་བུ། གསུམ་པ་རིན་ཆེན། བཞི་པ་རྨིག་པ་རྣམས་མཉམ་པར་དགུ་རེ། ལྔ་པ་མུན་པ། བདུན་དྲུག་པ་ཝ་རནྚ། བརྒྱད་པ་དང་བདུན་པ་མུན་སྣམ་དྲུག མུན་པ་མུན་རྣམ་གཉིས་ཀྱི་མཐར་ཆ་ཕྲན་གཅིག་པའི་ཀ་ཐུང་བྲི། བརྒྱད་པ་ཤར་བུ། དགུ་པ་རིན་ཆེན། བཅུ་པ་རྨིག་པ་རྣམས་བདུན། བཅུ་གཅིག་པ་མདའ་ཡབ་ལྔ་ཡིན་ནོ། །ཀྱོག་པོའམ་གུ་ཎ་དྷ་ར་ནི། སྣམ་བུ་དང་པོ་ཕྱེད་དང་དྲུག གཉིས་པ་གསུམ་པ་དྲུག་དྲུག །བཞི་པ་བཞི། ལྔ་པ་ལ་ནི་ཕྱེད་དང་བཞི། དྲུག་པ་གསུམ་ནས་བཅད་པར་བྱ། དེ་ནས་བདུན་པའི་ཚངས་རྩེར་རེག་ལ། དེ་རྣམས་ནང་དུ་ཕྱེད་རེའི་རི་མོའོ། །གུ་ཎ་དྷ་ན་མ་བྱས་ཏེ་གླང་རྒྱབ་བྱ་ན། སྣམ་བུ་གཉིས་པའི་ཕྱི་ཐིག་དང་། ཚངས་ལས་གཉིས་ཕྱིར་འཛོམ་པ་ནས། ཆ་ཕྲན་གཉིས་ཀྱིས་གཡས་གཡོན་བསྐོར། སྣམ་བུ་ལྔ་པའི་ཕྱི་ཐིག་དང་། ཚངས་ཐིག་འཛོམ་པ་ནས་བཟུང་སྟེང། ཆ་ཕྲན་གཉིས་ཀྱི་དབུས་མ་བསྐོར། དེ་རྣམས་ཕྱི་རུ་ཆ་ཕྲན་རེ་བསྐོར་བའོ། །སྣ་ཚོགས་རྡོ་རྗེའི་རྭ་ནི། སྣམ་བུ་ལྔ་པའི་ཕྱི་ཐིག་དང་། ཚངས་ཐིག་འཛོམ་པའི་གཡས་གཡོན་དུ། ཆ་ཕྲན་གཉིས་ཀྱི་སྟེང་བཟུང་ནས། ཀ་རྒྱན་རྩེ་ནས་བསྐོར་བར་བྱ། དེ་ནས་ཕྲེད་གསུམ་ཕྱི་རུ་གཅིག་ཕྱིན་ཏེ་སྔ་མའི་ཚད་དུ་བསྐོར་བར་བྱ་བ་ཡིན་ནོ། །ཚོན་གྱི་ཁྱད་པར་ནི། དབུས་དཀར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། རེ་མིག་ལྔའང་དེ་བཞིན། མཚམས་རྣམས་ཚོན་མ་ཟློས་པ་དང་། རྡོ་རྗེས་གདུང་གི་མིག་མང་རིས་བྲི་གདན་སྔོ་སྐྱ། འཁྱམས་ནང་མ་ལྗང་། ཕྱི་མ་ཕྱོགས་མདོག །རྩིག་པ་ནང་ནས་དཀར་ལྗང་དམར་སེར་སྔོ། གཞན་སྤྱི་མཐུན། རྟ་བབ་ནི། གསེར་སྣམ་༡དང་རིན་ཆེན་༣གོང་འོག་༤གཉིས་སྟེ་གསུམ་ནི་སེར་པོ། ཤར་བུ་གཉིས་༢༨དང་མདའ་༡༡ཡབ་གསུམ་ནི་སྔོན་པོ། རྨིག་པ་གཉིས་དང་ཝ་རནྚ་ནི་མཛེས་ཚོན། མུན་པ་མུན་རྣམ་གཉིས་སྔོན་པོ་ཟུར་གྱི་ཀ་ཐུང་གཉིས་དམར་པོ། དེ་དག་ལ་རི་མོ་འབྲི་ན། གསེར་སྣམ་རིན་ཆེན་གཉིས་ལ་ཕ་གུ་འདྲ་བའི་རིན་པོ་ཆེའི་ཕྲ་ཚོམ། ཤར་བུ་གཉིས་ལ་མཆུ་མེད་པའི་སྤྱི་བླུག་མགོ་མཇུག་མཐུར་དུ་བཟློག་པ་ལྟ་བུ། རྨིག་པ་གཉིས་ལ་པདྨ་ཀྱོག་པོ་རྟ་མིག་གི་དབྱིབས་ཅན། མུན་པ་གཉིས་ལ་རི་མོ་མི་དགོས་ཤིང་། མཐའི་ཀ་ཐུང་ལི་ཁྲིས་བྱ། ཝ་རནྚ་ལ་འབོལ་རིས་ཏེ་གོས་རྙིང་ཁ་ཐིའི་རི་མོ་དང་ཕྱོགས་འདྲ། མདའ་ཡབ་པདྨ་ཕྱེད་པའི་དབྱིབས་ཅན། རྟ་བབ་ཀྱི་ཀ་བ་དང་། ཀྱོག་པོའི་ནང་དང་སྣ་ཚོགས་རྡོ་རྗེའི་རྭ་རྣམས་ཕྱོགས་མདོག །ཀྱོག་པོའི་ནང་དུ་དར་གྱི་བླ་རེ་ལས་དར་འཕན་ནམ། ནོར་བུའི་ཕྲེང་བ་དཔྱང་བ་བྲི། མདའ་ཡབ་སྟེང་དུ་གདུགས་དང་རྒྱལ་མཚན་བ་དན་འཕན་རྣམས་དང་། སྒོའི་གཡས་གཡོན་ལ་ཁྲུས་རྫིང་དང་དཔག་བསམ་གྱི་ཤིང་རྣམས་བྲི། ལྷ་གནས་རྣམས་སུ། དབུས་ཀྱི་རེ་མིག་ལ་སྐུའམ་ཕྱག་མཚན་འཁོར་ལོ་ཐིག་ལེ་དཀར་པོ་གང་རུང་། མདུན་དུ་སྦས་ཡུམ་ཐིག་ལེ་དཀར་པོ། གཡས་སུ་ཐིག་ལེ་དམར་པོ། གཡོན་དུ་དཀར་པོ། ཤར་གྱི་རེ་མིག་ལ་སྐུའམ་ཕྱག་མཚན་རྡོ་རྗེའི་ཐིག་ལེ་སྔོན་པོ། ལྷོར་སྐུའམ་རིན་པོ་ཆེ་ཐིག་ལེ་སེར་པོ། ནུབ་ཏུ་སྐུའམ་པདྨ། ཐིག་ལེ་དམར་པོ། བྱང་དུ་སྐུའམ། རྒྱ་གྲམ། ཐིག་ལེ་ལྗང་གུ། མཚམས་ཀྱི་ལིང་ཚེ་བཞིར། ཤར་ལྷོར་ཐིག་ལེ་དཀར་པོ། ལྷོ་ནུབ་སྔོན་པོ། ནུབ་བྱང་དམར་པོ། བྱང་ཤར་ལྗང་གུ། གྲུ་ཆད་ཀྱི་ཤར་ལྷོར་ཐིག་ལེ་དཀར་པོ། ལྷོ་ནུབ་སེར་པོ། ནུབ་བྱང་དམར་པོ། བྱང་ཤར་ལྗང་གུ། ཤར་ཕྱོགས་སྣམ་བུར་ཐིག་ལེ་དཀར་པོ་གཉིས། ལྷོ་ཕྱོགས་སེར་པོ་གཉིས། ནུབ་ཕྱོགས་དམར་པོ་གཉིས། བྱང་ཕྱོགས་ལྗང་གུ་གཉིས། ཤར་སྒོར་ཐིག་ལེ་དཀར་པོ། ལྷོ་སྒོར་སེར་པོ། ནུབ་སྒོར་དམར་པོ། བྱང་སྒོར་ལྗང་གུ་རྣམས་ལྷ་མཚན་ནོ། །གཞན་རྣམས་སྤྱི་མཐུན་དང་། དཀྱིལ་འཁོར་པྲ་རྩི་བཏང་བ་སོགས་ལེགས་པར་བྱ་དགོས་སོ། །གཉིས་པ་དཀྱིལ་འཁོར་གྱི་རྒྱན་དང་མཆོད་པའི་བཤམས་བཀོད་ནི། དཀྱིལ་འཁོར་གྱི་རྒྱ་ཁྱོན་དང་མཐུན་པའི་སྒབ་དཀྲིས་དམར་པོ། སྟེང་དུ་བླ་རེ་སྔོན་པོ། ཞལ་ཁེབ་དཀྱིལ་འཁོར་ཐིག་ཚོན་དང་མཉམ་པའི་རས་དཀར་གྲུ་བཞི། བཤམས་བཀོད་རྒྱས་པ་བྱེད་ན། གདུགས་རྒྱལ་མཚན་བ་དན། དར་དཔྱང་ངམ་འཕན་རྣམས་རེ་རེ་བཞིན་སོ་གཉིས་རེ། འབྲིང་པོ་ལ་དེ་རྣམས་བཅུ་དྲུག་རེ། བསྡུས་པ་ལ་བཞི་རེ་སྟེ། དེ་རྣམས་གོས་དར་ལས་བཟོས་པ་དང་། རྫའི་འཛུག་གདན་རང་རང་དང་གྲངས་མཉམ། ཏིང་ཕོར་ལི་ཟངས་སོགས་སམ་རྫ་ལས་བྱས་པ་རྒྱས་པ་ལ་ལྔ། འབྲིང་པོ་ལ་སོ་གཅིག །བསྡུས་པ་ལ་བཅོ་ལྔ། །སྤོས་འཛིན་རྫ་ལས་བཟོས་པ། རྒྱས་པ་ལ་ཉེར་དྲུག །འབྲིང་པོ་ལ་བཅུ་བཞི། བསྡུས་པ་ལ་དྲུག །མར་མེ་ཞལ་ཟས་དེ་མཚུངས་སྟེ། དེ་ཡང་མཆོད་ཡོན་ནི། ལན་ཚའི་སྟེང་རྫས་བདུན་གྱིས་བཀང་དགོས་ཏེ། ཙམ་པ་ཀ་དང་བ་ལུའི་མེ་ཏོག་ལྟ་བུ་དཀར་པོ། ཏིལ་དཀར། ནས་དཀར། འབྲས་ཡོས། ཀུ་ཤ །དྲི་བཟང། འོ་མ་མ་རུལ་བའི་ཆུར་བ་རྣམས་ཡིན་ནོ། །ཞབས་བསིལ་ལ་ལན་ཚའི་སྟེང་། ཤུན་པ་ལྔ་དང་འདགས་རྫས་རིགས་ཏེ། བལ་བུ། ལྗང་དཀར། ཁམ་བུ། འོམ་བུ་རྣམས་ཀྱི་བར་ཤུན་དང་ཙནྡ་དཀར་པོའི་འཚབ་རུབ་མཛད། འདགས་རྫས། སྲན་དཀར་ཉེ་ཤིང། འབྲས་སྤུ་བཅད་པའི་ཤུན་པའི་ཕྱེ་མ་རྣམས་བླུགས་པ་ཡིན། མེ་ཏོག་འབྱོར་ན་གོས་ཆེན་སོགས་ལས་བཟོས་པ་དང་། ཙམ་པ་ཀའི་མེ་ཏོག་མ་འབྱོར་ན་འབྲུ་དཀར་བླུག །མེ་ཏོག་གོས་ཆེན་ལས་ཟོས་པ་དང་ཙམ་པ་ཀ་ཡོད་ན་འཛུག་གདན་མེ་ཏོག་གྲངས་མཉམ་བཅའ་བ་ལས་ཏིང་ཕོར་གྲངས་བཅད་མི་དགོས། བདུག་སྤོས་སྤོས་རིང་སྤོས་རྟ་ལ་བཙུག་པ། མར་མེ་ཟང་རག་གམ་རྫ་སྐོང་དུ་བླུག །དྲི་ཆབ་ལན་ཚའི་སྟེང་།གུར་གུམ། ག་བུར། ལི་ཤི། ཛཱ་ཏི། ཙནྡན་དཀར་པོ་སྟེ་དྲི་ལྔའི་ཕྱེ་མས་བཀང་། ཞལ་ཟས་མར་ཟན་ལྟ་བུ་ལས་བཞེངས་པ་ཡིན་ནོ། །བཤམས་ཚུལ་ནི། དཀྱིལ་འཁོར་གྱི་མཐར་དྲི་དང་སྣུམ་བསྲེས་པས་བྱུག་ལ་ལེགས་པར་བཤམས། ལོག་རྣམས་སྒབ་དཀྲིས་ཀྱི་བསྐོར། སྟེང་དུ་བླ་བྲེ་སྔོན་པོ་ཕུབ། མཐར་བྱང་ཤར་ནས་བརྩམ་ཏེ། མཚམས་འཛིན་མེ་ཏོག ཆུ་གཉིས་སོགས་ཉེར་སྤྱོད་རྣམས་ཕྱོགས་མཚམས་སུ་བཀོད། དེའི་ཕྱིར་རྒྱས་པ་ལ་ཤར་དུ་ལྷག་གཅིག་དང་བཅས་རྣམས་ལྔ་ཙམ་དྲུག །དེ་བཞིན་ཕྱོགས་གསུམ་དུ་ཆ་དྲུག་རེ། འབྲིང་པོ་ལ་ནང་དུ་སྤྱི་མཆོད་དང་ཤར་དུ་ལྷག་གཅིག་འདྲ་བ་ལ། ཕྱོགས་རེར་རྣམ་ལྔ་ཆ་གསུམ་རེ། བསྡུས་པ་ལ་སྤྱི་མཆོད་ལྷག་པ་གཉིས་འདྲ་བ་ལ། ཕྱོགས་རེར་རྣམ་ལྔ་ཆ་རེ་ཡིན་ནོ། །གདུགས་རྒྱལ་མཚན་བ་དན་འཕན་རྣམས་ནི་རྒྱས་པ་ལ་ལོག་རེར་རེ་རེ་བཞིན་བརྒྱད་རེ། འབྲིང་པོ་བཞི་རེ། བསྡུས་པ་རེ་རེ་ཡིན་ཅིང་། འཇུག་གདན་ཀྱང་སེར་པོ། བརྒྱ་དང་ཉེར་བརྒྱད། རེ་བཞི། བཅུ་དྲུག་རྣམས་སོ། །དེ་དག་གི་བར་མཚམས་རྣམས་སུ་སཱཙྪ་ཅི་ཤོང་བཞུགས་སུ་གསོལ་བ་ཡིན་ནོ། ༈ །གསུམ་པ་དངོས་གཞིའི་ཆོ་ག་གཏོང་ཚུལ་ལ། ས་ཐིག་ཆོག་དང་། དངོས་གཞིའི་ཆོ་ག་གཉིས་ལས། དང་པོ་ནི། སྔར་དཀྱིལ་འཁོར་མ་བྲིས་པའི་གོང་ཡིན་ན་ཕུན་སུམ་ཚོགས་པ་དང་། བྲིས་ཟིན་ནའང་ཆོ་ག་ཡན་ལག་ཚང་བའི་ཕྱིར་གསུང་བར་འདོད་ན། རྡོ་རྗེ་སློབ་དཔོན་གྱི་མདུན་མཆོད་པ་དང་ཐིག་སྐུད་སོགས་ཉེར་མཁོ་འདུ་བྱས་ལ། ཐམས་ཅད་ཀྱི་ཁྲུས་བྱས། ཆོས་གོས། གསོ་སྦྱོང་བླང་ལ་སྐྱབས་སེམས་ནས་བདག་བསྐྱེད་ཀྱི་བསྙེན་མཇུག་བར་བཏང་། ཐིག་སྐུད་བྱིན་རླབས། ཐིག་གདབས། ཚོན་བྱིན་རླབས་རྣམས་བྱ། ཚོན་ལྷག་གི་ཡེ་ཤེས་པ་གཤེགས་པར་བཏང་། དངོས་སྟ་ཐ་དད་བྱེད་ན་འོག་གི་ནོངས་བཤགས་སོགས་མཇུག་ཆོག་རྣམས་བྱ། དངོས་སྟ་སྦྲེལ་ན་བདག་སྐྱེད་སྔར་གྱི་དེས་ཆོག །མཆོད་པ་བཤམས་བཀོད་ཚུལ་བཞིན་དང་། འོག་ཏུ་དགོས་པའི་ཉེར་མཁོ་རྣམས་འདུ་བྱས་ཏེ། དཀྱིལ་འཁོར་བསང་སྦྱང་ནས་རིམ་བཞིན་མཆོད་པའི་ཕྱག་རྒྱ་རྣམས་དང་། བསྟོད་པའི་རིགས་ལྔའི་རྒྱ་ཕྲལ་ཏེ་བྱ་བ་སོགས་ཞལ་རྒྱུན་བཞིན། གཞི་བདག་གཏོར་མའི་མཇུག་པར་བཏང་། སྤོས་ཀྱིས་བདུག །སེར་སྦྲེང་རོལ་མོ་བཅས་བསྐོར་བ་གསུམ་གསུམ་བྱ། ཕྱོགས་རྣམས་སུ་རྨི་ངན་འཇིགས་དང་། སོགས་དང་། གཞན་ཡང་མདོ་རྒྱུད་རྣམས་ལས་བྱུང་བའི་བཀྲ་ཤིས་མང་དུ་བརྗོད། མཇུག་ཏུ་ཤར་སྒོ་ནས། བདེར་གཤེགས་རྡོ་རྗེ། སོགས་ཀྱི་དངོས་གྲུབ་གསོལ་བ་ལན་གསུམ་འདི་སྐབས་ནང་གིས་མཆོད་པ་རྣམས་བརྗེ་བའམ་ཁ་གསོ་བྱ། བརྗེ་སྙམས་ན། ད་ནང་རང་བཞིན་གྱི་མཆོད་པ་དང་། རྫས་ལྡན་ཁྱད་པར་བ་འཇོག་རུང་རྣམས་སླར་གཞུག་པ་ཡིན། དཀྱིལ་འཁོར་གྱི་ཞལ་ཁེབ་གསོལ། དེ་ནས་མཆོད་པ་བྱིན་རླབས་ནས་རིམ་བཞིན་ལ། བླ་མ་དང་། སོགས་ཀྱི་འདོད་གསོལ་ལན་གསུམ། རྟེན་བཞུགས་འགོར། ཕྱུགས་བཅུ་ན༴ སོགས་ཀྱི་རྟེན་བཞུགས་ལན་གསུམ་བྱ། བདག་དང་འགྲོ་བ༴ ནས་བསྡུ་རིམ་བསྔོ་བ་བཟང་སྤྱོད་སྨོན་ལམ། བཀྲ་ཤིས་བཅས་རྒྱས་པར་བྱས་ཏེ་དཀྱིལ་འཁོར་གྱི་སྒོ་ལེགས་པར་ཁ་ཆོད་བྱ་ཞིང་བྱི་བ་སོགས་མི་འཛུལ་བའི་ཞལ་བ་སོགས་ལག་ཚག་དམ་པར་དགོས་པ་ཡིན་ནོ། ༈ །གཉིས་པ་འོད་ཟེར་དྲི་མེད་ལ། དཀྱིལ་འཁོར་ཐིག་ཚོན་གྱི་རྣམ་བཞག སྲོག་ཤིང་གཟུངས་འབུལ་སོགས་ལག་ལེན། དཀྱིལ་འཁོར་རྒྱན་དང་མཆོད་པའི་བཤམས་བཀོད། དངོས་གཞིའི་ཆོ་ག་གཏོང་ཚུལ་དང་བཞིའོ། །དང་པོ་ནི། དཀྱིལ་འཁོར་གྱི་གཞི་རྡོའམ་ཤིང་ངམ་ར་ས་སོགས་ཅི་ཡིན་ཀྱང་སྐྱང་ནུལ་བྱས་ལ། མཆོད་པའི་བཤམས་བཀོད་རྒྱས་འབྲིང་བསྡུས་པའི་དབང་གི་ཆེ་ཆུང་གི་ཚད་སྔར་ལྟར་གྱི་དབུས་སུ་ཐིག་ཆེན་བརྒྱད་སྤྱི་ལྟར་ཆ་ཆེན་བཅུ་གཉིས་སོགས་གོང་བཞིན་ལ་སྒོ་གཅིག་ནུབ་ཏུ་བསྟན་པ། མདའ་ཡབ་ཀྱི་སྟེང་བདུགས་དང་རྒྱལ་མཚན་བ་དན་འཕན་དང་། ཕྱི་རོལ་པད་རྡོར་འོད་ཕྲེང་རྣམས་སྔར་ལྟར། ལྷ་གནས་ཀྱི་ཤར་ངོས་ནས་ནུབ་ཏུ་ཕྱོགས་པའི་དབུས་སུ་གདན་སེར་པོ་གྲུ་བཞི་ལ་གནས་པའི་པད་ཟླར་འཁོར་ལོ་དཀར་པོ་རྩིབ་བརྒྱད་པ་འོད་ཕྲེང་དང་བཅས་པ་གཡས་སུ་གདན་ཟླུམ་པོ་གཉིས་སུ་པད་ཟླར། སྒྲིབ་སེལ་ནོར་བུ། ཕྱག་རྡོར་རྡོ་རྗེ་སྔོན་པོ། གཡོན་དུ་གདན་ཟླུམ་པོའི་སྟེང་པད་ཟླར་སྤྱན་རས་གཟིགས་པདྨ་སྟེ་འདས་པའི་ལྷ་རྣམས་དབུ་ཤར་བསྟན་ཞལ་ནུབ་ཏུ་ཕྱོགས་པའོ། །ནུབ་ནས་ཤར་དུ་ཕྱོགས་པར་གདན་ཟླུམ་པོ་གསུམ་གྱི་སྟེང་། ཕྱག་རྡོར་མདུན་དུ་ཁྱབ་འཇུག་གི་དུང་ནག་པོ། འཁོར་ལོའི་ཐད་དུ་དྲག་པོའི་རྩེ་གསུམ། པདྨའི་ཐད་དུ་ཚོགས་བདག་གི་གཡུང་དྲུང་གྲུ་བཞི་གཡས་སྐོར་ཏེ། འཇིག་རྟེན་པའི་མཚན་མ་གསུམ་པོ་མགོ་ནུབ་ཏུ་བསྟན་པའོ། །ལྷ་འཇིག་རྟེན་འདས་མ་འདས་གཉིས་ཀྱི་བར་དུ་སྲོག་ཤིང་གི་རྩེ་བཞུགས་པ་སྟོང་བར་བྱས་པ་ཡིན་ནོ། །ཕྱོགས་ཚོན་ནི། དབུས་དཀར། ཤར་དམར། ལྷོ་སེར། ནུབ་ལྗང་། བྱང་ནག རྩིག་པ་ནང་ནས་དཀར་དམར་སེར་ལྗང་ནག་པོའོ། །རྟ་བབ་ནི་སྔར་དང་འདྲ། གཞན་རྣམས་ནི་སྤྱི་དང་མཐུན། དཀྱིལ་འཁོར་ལ་པྲ་རྩི་སོགས་བཏང་ལ་ལེགས་པར་བྱའོ། ༈ །གཉིས་པ་སྲོག་ཤིང་གཟུངས་འབུལ་སོགས་ཀྱི་ལག་ལེན་ནི། སྲོག་ཤིང་རྒྱུ་ནི་རབ་ཙནྡན་དཀར་དམར་དང་ཨ་ཀ་རུ་ལྟ་བུ་དང་། ཐ་མའང་ཤུག་པ་སོགས་འབྲས་བུ་ཅན་གྱི་ཤིང་ཁོང་རུལ་དང་གས་ཆག་འབུ་ཟོས་སོགས་ཀྱི་སྐྱོན་མེད་པ་དགོས་ཏེ། གནས་རི་བཟང་པོར་སྐྱེས་པ་བྱུང་ན་ལེགས་ཤིང་དེར་གནས་པའི་མིའམ་ཡུལ་གྱི་བདག་པོར་དངོས་སུ་བསླང་བ་དང་། མི་མིན་ལ་མཆོད་གཏོར་ཕུལ་ནས་གནང་བ་ཞུས་ཏེ་ཡར་ངོ་གཟའ་སྐར་འཕྲོད་སྦྱོར་ཤིས་པའི་ཉིན་མོར་གཅོད་མཁན་རིགས་རྒྱུད་ལ་སྐྱོན་མ་ཞུགས་པས། ཤར་ཕྱོགས་མི་ནོར་བའི་མཚན་མས་བཏབ་ཏེ་སྐམ་བཅུག་པ་ལས། རློན་པ་ནི་དང་པོ་ལེགས་ལེགས་འདྲ་བ་ཞིག་ཡིན་ཀྱང་ཕྱིས་སྐམས་སོང་དུས་ཡོ་འཁྱོག་གས་པ་སོགས་སྐྱོན་མང་པོ་འབྱུང་བས། སྲོག་ཤིང་ནི་སྔར་ནས་ཚག་བྱས་ཏེ་སྐམ་ངེས་པ་དགོས། དེ་ནས་ཤིང་མཁན་གསོ་སྦྱོང་ལ་གནས་པས། དབྱིབས་གྲུ་བཞི་རྩ་རྩེའི་རྣམ་པ་ཕྲ་སྦོམ་ཅན་དང་མཆོད་རྟེན་ཆེ་ཆུང་ལ་གཞིག་པའི་རིང་ཐུང་དེ་ལྟར་བྱ། སྲོག་ཤིང་གི་རྩེ་མོར་རྣམ་རྒྱལ་མཆོད་རྟེན་དང་རྩ་བར་རྡོ་རྗེ་ཕྱེད་པ་བྲི་བསྐོ་གང་རུང་བྱེད་སྲོལ་སྣང་བ་མེད་ཀྱང་ཆད་པའི་སྐྱོན་མེད་པའོ། །བརྐོ་བར་བྱ་ན། རྣམ་རྒྱལ་གྱི་མཆོད་རྟེན་གྱི་ཚད་མེད་བཞིའི་འོག་རྨང་དགེ་ཡན་ཆད་ལས་སེང་ཁྲི་མི་དགོས། རྨང་དགེ་ནས་ཉི་ཟླ་ནོར་བུའི་བར་ལེགས་པར་བརྐོ། ཉི་ཟླའི་ངོ་ཤར་ཕྱོགས་ལ་འཕྲོད་པར་བྱ། རྩ་བ་རྡོ་རྗེ་ཕྱེད་པ་ནི་སྲོག་ཤིང་གི་གྲུ་བཞིའི་ཟུར་ལ་རྡོ་རྗེའི་རྭ་བྱས་ནས་ལས་སླ་བྱ་བ་མཆིས་ཀྱང་། ངེས་པར་རྡོ་རྗེའི་རྭ་གྲུ་བཞིའི་ངོས་ལ་འཕྲོད་པར་བྱ་དགོས། དེ་ལ་རྩེ་མོའི་མཆོད་རྟེན་འོག་ཏུ་ཁུང་བུ་གཅིག །སྭཱ་ཡིག་བྲིས་པའི་ཐད་ལྟ་བུ་ཡིན་ན་ལྟེ་བའི་ཐད་ཙམ་དུ་ལོག་བཞི་ལ་ཁུང་བུ་བཞི། འདི་སྲོག་ཤིང་ཕྲ་ན་ཁུང་བུ་ཐོད་ཐུག་ནས་སྲོག་ཤིང་གི་རྒྱུན་ཆད་པར་འགྱུར་བས། ཤར་ནུབ་གཉིས་ལས་ལྷོ་བྱང་གཉིས་མཐོ་དམན་གཏོང་ནས་བརྐོ་དགོས། རྩ་བར་གཟུངས་ཁུང་གཅིག་བརྐོ། བརྐོ་བའི་ཚེ་རིང་ཐུང་ཟབ་ཁྱད་བཅས་གཟུངས་ཀྱི་ཤོག་དྲིལ་ལ་གཞལ་བ་ལས། རང་གར་མི་བརྐོ། བརྐོ་ཟིན་པ་དང་གཟུངས་ཁུང་རྣམ ས་ཀྱི་སྒོའང་སྲོག་ཤིང་གི་རྒྱུའི་ཤིང་དེ་ཉིད་ཀྱིས་ཁ་ལེགས་པར་སྤྲོད་པར་བྱ། གཟུངས་སྒྲུབ་ཚུལ་བཞིན་ཟིན་ཏེ་ཕུལ་བའི་ཚེ་ལྷའི་ང་རྒྱལ་ལ་གནས་པས་སྨྲ་བ་བཅད་དེ། ༀ་མནྡྲ་དྷ་ཏུ་གརྦྷ་ཡ་སྭཱ་ཧཱ། རྟེན་སྙིང་རིག་པ་ཕུག་རོན། སྡིག་པ་ཅི་ཡང་༴ བཟོད་པ་དཀའ་ཐུབ་སོགས་གསོ་སྦྱོང་དང་བཀྲ་ཤིས་བཟླ་བཞིན་ཕུལ་དགོས་ཏེ། གཟུངས་ཁུང་རྣམས་སུ་དྲི་བཟང་བྱུག་ཏེ། ཕུལ་ཚུལ་ནི་རྩེ་མོའི་གཟུངས་ཁུང་དུ་འོད་ཟེར་དྲི་མེད་ཀྱི་གཟུངས་མདོ་རིལ་པོ་གསེར་གྱིས་བྲིས་པ་བྱུང་ན་རབ་དང་། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་རིང་རྣམས་ཕུལ། སྨད་ཆའི་གཟུངས་ཁུང་བཞི་རུ། སྲོག་ཤིང་གཟུངས་གོ་དགུ་དང་སྒྲིབ་སེལ་གཟུངས་གོ་དགུ་རྣམས་ངོས་གསུམ་ཉེར་ལྔ་རེ་དང་ངོས་གཅིག་ཉེར་བཞི་ཕུལ། རྩ་བའི་གཟུངས་ཁུང་ངུ་འོད་ཟེར་དྲི་མེད་ཀྱི་སྙིང་པོ་དང་རྟེན་སྙིང་རྣམས་ཕུལ། བསྐོར་བའི་གཟུངས་གོ་དགུ་དང་མཆོད་པའི་གཟུངས་རྣམས་ནི་འཕང་ལོ་ཞེས་པ་ཤིང་གི་ཟླུམ་སྐོར་གོང་བུ་ཞིག་ལ་དཀྲིས་ནས་དར་གྱི་ན་བཟའ་གསོལ་ཏེ་སྲོག་ཤིང་གི་རྭ་རྩེའི་འོག་ཏུ་གཞུག་པ་སྟེ་འདི་ལ་འཕང་ལོ་ཟེར་ཞེས་འཇམ་དབྱངས་མཁྱེན་བརྩེའི་གསུངས་ཤིང་། གཞན་ཟེར་ལུགས་སྣ་ཚོགས་འདུག་ཀྱང་འདི་ལྟར་བྱའོ། །འཕང་ལོ་ཆེ་ཆུང་དཀྱིལ་འཁོར་གྱི་དབུས་སྟོང་པ་ཚད་གཞལ་དགོས་ལྷ་རྣམས་མ་འགེབ་པར་བྱའོ། །དེ་ལྟར་ཙནྡན་ཨ་དཀར་དྲི་བཟང་ཤུག་ཕྱེ་སོགས་ཀྱིས་བར་མཚམས་མེད་པར་བཀང་ལ་ཁ་གཅོད་པའི་ཚེ། ༀ་དྷ་ཏུ་གརྦྷ་ཡ་སྭཱ་ཧཱ། ཞེས་བརྗོད་དེ་ཁ་གཅོད་འགེབ་པར་བྱའོ། །སྲོག་ཤིང་ཕྲ་བས་གཟུངས་ཁུང་བརྐོ་མི་ཉན་པའི་རིགས་ལ། དེ་དང་དེའི་ཐད་དུ་གཟུངས་ཤོག་དྲིལ་བྱས་ཏེ་བཅིང་བ་ཡིན། གཟུངས་འདི་དག་རྩེ་མོའི་གཟུངས་མདོ་རྣམ་རྒྱལ་གཟུངས་རྣམས་ནི་གླེགས་བམ་སོར་བཞི་པ་བྱ། སྲོག་ཤིང་གཟུངས། ༀ་སརྦ་ཏ་ཐཱ་ག་ཏ་བི་པུ་ལ་ཡཥྚི། ཞེས་པ་དང་། སྒྲིབ་སེལ་གཟུངས། ༀ་བྷ་ག་ཝ་ཏེ་ན་བ་ན་བ༴ ཞེས་ཚན་གཉིས་དང་། འཕང་ལོའི་གཟུངས་ལ། བརྐོར་བའི་གཟུངས། ན་མ་ན་བ་ན་བ་དང་། མཆོད་པའི་གཟུངས་སམ་སྲོག་ཤིང་བརྟན་པའི་སྔགས་ༀ་བི་པུ་ལ་བི་མ་ལེ༴ ཞེས་པ་གཉིས་ཏེ། གཟུངས་གོང་འོག་འདི་བཞི་ངེས་པར་གོ་དགུ་རེ་ཕུལ་དགོས་ལ། སྲོག་ཤིང་རྩ་བར་འོད་དྲིའི་སྙིང་པོ་དང་རྟེན་སྙིང་གཉིས་གོ་དགུ་འབུལ་དགོས་པ་མདོ་ལས་མ་བཤད་པས་ཆ་གང་འོས་ཕུལ་བས་ཆོག །གཟུངས་འདི་རྣམས་མཐུད་པའི་ཚེ་དབང་ལག་གམ་གྲོ་ཕྱེ་ལྟ་བུ་གཙང་མས་སྦྱར། དེའང་སྔ་ཕྱིའི་ཡིག་འབྲུ་གཉིས་མ་འགྲིགས་པ་དང་། བར་དུ་ཞལ་བྱང་དང་ཐིག་གི་ཆོད་པ། མཚམས་ཕྱེ་བ་གཅིག་གིས་གཅིག་མནན་པ་སོགས་མི་རུང་བས་མཐུད་ལུགས་ཞིབ་མོ་བྱས་ཏེ་དྲིལ་ཚག་དམ་དུ་བཏང་ལ་ན་བཟའ་གསོལ་ཏེ་དབུ་ཞབས་མི་ནོར་བའི་མཚན་མ་བཅས་བྱ་དགོས་ལ། བསྒྲིལ་ཚུལ་རང་ལུགས་རྡོར་སྨིན་རྗེས་འབྲང་བཅས་ཀྱི་གཟུངས་གཞུགས་ཐམས་ཅད་སྔགས་ངོ་ནང་བསྟན་དུ་དབུ་ནས་དྲིལ་བའི་ཕྱག་བཞེས་ཡིན་ཅིང་། བཀའ་རྒྱུད་རྗེས་འབྲང་བཅས་ཀྱིས་སྔགས་ངོ་ནང་བསྟན་གྱིས་མཇུག་ནས་དྲིལ་བའི་ཕྱག་བཞེས་ཏེ་སྔགས་ངོ་ནང་བསྟན་ཡིན་པ་མཚུངས། སྲོག་ཤིག་གཟུངས་འདི་ཤིང་བུ་གཅིག་ལ་གོང་འོག་གཉིས་བྱས་ནས་དྲིལ་ན་སྦོམ་ཕྲ་ལེགས་པ་ཡིན། རྩེ་མོའི་གཟུངས་མདོ་གླེགས་བམ་སོར་བཞི་ནི་ལེབ་མོར་སྲོག་ཤིང་ནང་དུ་མི་ཤོང་བས་མ་འཁྲུལ་བར་བརྩེགས་ཏེ་མཇུག་ནས་དྲིལ་ཏེ་ན་བཟའ་བཅས་ཕུལ་བར་བྱ། དྲིལ་ཀྱང་མི་ཤོང་ན་གཟུངས་དང་བྱིན་རྟེན་རྣམས་ཟངས་དང་རྫའི་གའུ་ལྟ་བུར་བཅུག་ནས་སྲོག་ཤིང་ལ་བཅང་ནའང་རུང་བ་ཡིན། དེ་ལྟར་ནང་གི་གཟུངས་གཞུག་ཁ་ཆོད་བཅད་ཟིན་པ་ན། ལེགས་པར་ཕྱི་བརྡར་བྱས་ཏེ་སྲིབ་སོགས་མི་མངོན་པར་བྱ། གང་ལྟར་ཡང་གས་ཆགས་ཤིང་སྲིབ་སོགས་མེད་པ་དེ་འདྲ་བྱུང་ན་སྨན་འདམ་གྱིས་བསྲུབ་སད་བདར་ལེགས་པོར་བྱ། ངོས་ཤིན་ཏུ་འཇམ་པོ་ལ་ཙནྡན་ནམ་མཚལ་དྲི་བཟང་སོགས་ཡི་གེ་བྲི་བའི་ཁ་དོགས་དང་མི་ཟློས་པ་ལ་ལན་ལྔ་དྲུག་བྱུག་རེ་རེ་བཞིན་སྲིན་བལ་ལྟ་བུ་འཇམ་པོས་ཨུར་ནན་འཐེན་བར་བྱས་པས་བཀྲ་རྩི་བཏང་བ་ལྟ་བུའི་འཇམ་ཤ་འོད་ཆགས་པ་བྱུང་བའི་ཚེ། འབྲི་རྫས་རབ་གསེར་དངུལ། འབྲིང་མཚལ། ཐ་མ་རྒྱ་སྣག་གིས་ལན་ཝར་རམ། དབུ་ཅན་གྱིས་ཆད་ལྷག་མེད་པར་བྲི་བར་བྱ་སྟེ། ཡིག་མཁན་གསོ་སྦྱོང་ལ་གནས་པས་ཁྲུས་བྱས་ཏེ་བྲི་རྒྱུའི་ཡི་གེ་ནི། སྤྱིར་སྐུ་གཟུགས་དང་མཆོད་རྟེན་ལྟ་བུ་ལ་མཚོན་ན། སྤྱི་བོ་དང་བྲེའི་ཐད་དུ། ༀ་མགྲིན་པ་དང་བྲེ་མགུལ། ཨཱཿ སྙིང་ཁ་བུམ་དབུས། ཧཱུྃ་ལྟེ་བ་བུམ་སྨད། སྭཱ །གསང་གནས་བུམ་གདན་། ཧཱ །སྲོག་ཤིང་གི་རྩེར་རྣམ་རྒྱལ་མཆོད་རྟེན་ཡོད་ན། དེའི་འོག་གི་མདུན་ངོས་དང་མེད་ན་རྩེར། ༀ །དེའི་འོག་ཏུ་ཧཱུྃ་གཡས་སུ། ཏྲཾ་རྒྱབ་ཏུ་ཧྲཱི་གཡོན་དུ་ཨཱཿ བྲེའི་ཐད་དུ་རིག་པ་ཆེན་པོའི་སྔགས། ༀ་སརྦ བིདྱ སྭཱ ཧཱཿ བུམ་དབུས་སམ་སྙིང་ཁར། ༀ བཛྲཨཱཡུཥེ སྭཱ ཧཱ། ༀ སུ པྲཏིཥྛ བཛྲ ཡེསྭཱ ཧཱ། སྲོག་ཤིང་གི་རྩེར་རྣམ་རྒྱལ་མཆོད་རྟེན་གྱི་བུམ་ལྡིར་རམ། མ་ཤོང་ན་འོག་ཏུ། ༀ བྷྲུྂ སྭཱ ཧཱ། བྲེ་མགུལ་ལམ་མགྲིན་པ། ཨའི་འོག་ཏུ་དབྱངས་དང་གསལ་བྱེད། ཨཨཱ། ཨི ཨཱི། ཨུཨཱུ། རི རཱི། ལྀལཱྀ། ཨེ ཨཻ། ཨོཨ། ཨཾཨཿ ཀ ཁགགྷ ང ། ཙ ཚ ཛཛྷཉ། ཊ ཋ ཌ དྷ ཎ། ཏཐ དདྷན། པཕབབྷ མ། ཡ ར ལཝ ཤ ཥ ས ཧཀྵཿ བུམ་དབུས་སམ་སྙིང་ཁའི་ཧཱུྃ་དང་ཨ ཡུ ཥེའི་གཟུངས་ཀྱི་འོག་ཏུ་ཤར་དུ་གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་ཐུང་ནི། ༀ བྷྲཱུྂ སྭཱ ཧཱ། ༀ ཨམྲྀཏ ཨཡུརྡ དེསཱཧཱ། ༀ ཨཱཿཧཱུྃཏྲྂཧྲིཿ ཨཾ ཨཱཿ རཀྵ རཀྵ། མཱཾསརྦ སཏྭཱ ཤྩ སྭཱ ཧཱ། ལྷོར་གཙུག་གཏོར་དྲི་མེད་ཀྱི་གཟུངས་ཐུང་ནི། ༀ ནམསྟྲཻཡདྷིཀཱནཱི སརྦཏཐ ག ཏཧྲཱིདཡ གརྦྷེ ཛྭལཛྭ ལདྷརྨཱ དྷ ཏུ། གརྦྷེསཾབྷཱརམ མཨཱཡུཿ སཾཤྭདྷཡ སཾཤྭདྷ ཡ མམ སརྦ པཔཾསརྦ ཏ ཐཱག ཏ ས མནྟོཥྞིཥབི མ ལེབིཤུདྡྷེཧཱུྃཧཱུྃཧཱུྃཧཱུྃཨྃབྃ སྂཛཾསྭཱཧཱ། ནུབ་ཏུ་གསང་བ་རིང་བསྲེལ་གྱི་གཟུངས་ཐུང་ནི། ༀ སརྦཏཐཱ ག ཏཱོ ཥྞི ཥདྷཏུམུདྲྭཎིསརྦཏཐཱགཏདྷརྨདྷཏུབིབྷཱུཥིཏཱདྷིཥྛཏེཧུརུཧུརུཧཱུྃཧཱུྃསྭཱཧཱ། བྱང་དུ་བྱང་ཆུབ་རྒྱན་འབུམ་གྱི་གཟུངས་ཐུང་ནི། ༀསརྦཏཐཱགཏབྱབལོཀིཏེསྭཱཧཱ། ཛཡཛྭཡསྭཱཧཱ། ༀ་ཧུརུཧུརུཛཡམུཁེསྭཱཧཱ། ༀབཛྲཨཱཡུཥེསྭཱཧཱ། དེ་བཞི་ཀའི་གཤམ་དུ་འདི་དག་བྲི་སྟེ། ༀཡེདྷརྨཱཧེཏུཔྲབྷཝཱཧེཏུནྟེཥནྟཐཱགཏོཧྱབདཏྡྷཏེཥནྩཡོནིརོདྷཨེཝཾབདིམཧཱཤྲམཎཿསྭཱཧཱ། འདི་བོད་སྐད་དུ་བསྒྱུར་ན་ནི། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། རྒྱུ་དེ་དེ་བཞིན་གཤེགས་པས་གསུངས། དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོའི་འདི་སྐད་གསུངས། ཞེས་ཀྱང་བྲི། །རྒྱས་པར་སངས་རྒྱས་རབ་བདུན་གསོ་སྦྱོང་རྒྱ་བོད་སྐད་གང་རུང་ངམ། བསྡུ་ན་རྣམ་གཟིགས་གསོ་སྦྱོང་། ཀྵཱནྟིཿཔརམིཏཧཔསྟིཏིཀྵཱནིརྦཎཾཔརམབདནྟིབུདྡྷཿནཧིཔྲཔྲཛཏཿཔརོཔཏཱབིཤྲམནོབྷབཏིཔརཱནཱིཧིཋམཱནཿ ཅེས་བོད་སྐད་དུ། བཟོད་པ་དཀའ་ཐུབ་བཟོད་པ་དམ་པ་ནི། མྱ་ངན་འདས་པ་མཆོག །ཅེས་སངས་རྒྱས་གསུངས། རབ་ཏུ་བྱུང་ནས་གཞན་ལ་གནོད་པ་དང་། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཅེས་པ་རྣམས་བྲིའོ། །སྲོག་ཤིང་རྩ་བར། ༀ སུ པྲ ཏིཥྛབཛྲཡེ སྭཱཧཱ། ཞེས་པ་རྣམས་ཡིག་རིགས་གསུམ་གང་རུང་གིས་ཆད་ལྷག་བྲིས་བསུབ་མེད་པར་བྲི། རྒྱས་པར་བྱས་ན་ཕྱོགས་མ་ནོར་བར་རང་རང་གི་གཟུངས་རིང་རྣམས་བྲིས་ན་ཁྱད་པར་དུ་འཕགས་པ་ཡིན་ཅིང་སྲོག་ཤིང་རྩ་བར་བྲི་བར་བྱ་བ་ཡིན་ནོ། །དེ་ལྟར་མི་ཤོང་བའི་མཆོད་རྟེན་ཤིན་ཏུ་ཆུང་ངུ་ལ། རྩེར་རྣམ་རྒྱལ་སྙིང་པོ། ༀ བྷཱུྂསྭཱཧཱ། ༀ ཨམྲྀ ཏཱཨ ཡུ ཏཱ ཏིསྭཱ ཧཱ། དབུས་སུ། ༀསརྦ བིདྱ སྭཱ ཧཱ། རྩ་བར་ༀ སུ པྲ ཏིཥྛ བཛྲཡེསྭཱ ཧཱ། ཞེས་སྲོག་ཤིང་ལ་ཡི་གེ་ཕྲ་མོས་བྲི། གོང་གསལ་སྲོག་ཤིང་གི་གཟུངས་རྣམས་མང་པོ་མ་ཤོང་ཀྱང་རེ་རེ་མ་ཕུལ་ཐབས་མེད། གཟུངས་ཆེན་སྡེ་ལྔའི་ཉེ་སྙིང་ཙམ་ཕུལ་ཏེ་ཞབས་བསྡམས་ཀྱང་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ནི་ཡིན་ནོ། །དེ་ལྟར་སྲོག་ཤིང་ཚད་ལྡན་ཡི་གེ་བཅས་བྲིས་ཟིན་པ་དང་། གཟུངས་འཇུག །ཇི་སྙེད་ཡོད་པ་རྣམས་ཕྱི་ནས་བཅིང་བ་ཡིན་ཏེ། སྤྱིར་མཆོད་རྟེན་ལ་གཟུངས་ཆེན་སྡེ་ལྔ་དང་འོད་ཟེར་དྲི་མེད་ཀྱི་གཟུངས་རྣམས་ལ་བསྔགས་པ་ལས། མདོ་རྒྱུད་གཞན་གྱི་གཟུངས་སོགས་མེད་ཀྱང་ཆད་པའི་སྐྱོན་མེད་མོད། སྔར་གྱི་དམ་པ་རྣམས་ཀྱི་ཕྱག་བཞེས་བཞིན་ཕུལ་ན། རྩེ་མོ་ནས་མས་རིམ་པ་རྒྱུད། དང་པོ་བླ་མ་བརྒྱུད་པའི་མཚན་སྔགས་དང་། དེ་ནས་བླ་མེད་རྣལ་འབྱོར་སྤྱོད་བྱ་རྒྱུད་རྣམས་རིམ་བཞིན། དེང་སང་གཟུངས་སྤར་རྣམས་ཀྱི་ཀ་ཐོ་ཞལ་བྱང་བཞིན་ཕུལ། གཟུངས་ཆེན་སྡེ་ལྔ་ནི་སྲོག་ཤིང་དབུས་ཧཱུྃ་ཡིག་བྲིས་པའི་ཐད་ཙམ་དང་། བཏགས་གྲོལ་རིགས་ནི་ༀ་ཡིག་བྲིས་པའི་འོག་སྐོར་དང་། ཁྱད་པར་ལྷ་གཅིག་ཇོ་བོའི་གྲོང་ཁྱེར་སྒྲོལ་འཁོར་ནི་རྟེན་དང་ས་ཕྱོགས་གང་ན་ཡོད་ཀྱང་གྲོང་ཁྱེར་དེའི་སེམས་ཅན་གྱི་ངན་འགྲོའི་སྒོ་ཁེག་པར་གསུངས་པས་རེ་རེ་མ་ཕུལ་ཐབས་མེད་དང་། ཆོས་སྐྱོང་ནོར་ལྷ་སོགས་ནི་བང་མཛོད་ནང་དུ་གཞུག་གོ། །བསྟན་འགྲོར་སྨན་པའི་འདོད་གསོལ་དང་དབྱངས་གསལ་རྟེན་སྙིང་རིག་པ་ཕུག་རོན་རྣམས་ནི་སྟོད་སྨད་ཐམས་ཅད་དང་། རྡོར་སེམས་ནི་རིགས་རྣམས་ཀུན་བདག་ལགས་པས་གོང་འོག་ཐམས་ཅད་དུ་ཕུལ་སྲོལ་དང་། ཞལ་ཐང་ལྟ་བུ་ཤོང་ན་སྲོག་ཤིང་ངོས་དང་དཀྱིལ་འཁོར་ངོས་སོགས་སུ་དགྲམ། མ་ཤོང་ན་གོང་ཤིང་དང་བསྒྲིལ་ཤིང་མེད་པར་བྱས་ནས་གཡོན་ནས་དྲིལ་ཏེ་སྲོག་ཤིང་ལ་བཅིང་། གླེགས་བམ་སོགས་ནི་མདུན་ངོས་སུ་སྒམ་སོགས་ཀྱི་ནང་དུ་དབུ་ལྡེབ་ཡར་བཏགས་ཏེ་ན་བཟའ་སེར་པོ་གསོལ། དྲི་བཟང་སྨན་སྤོས་སོགས་ཀྱིས་སབས་ཏེ་དབུ་ཕྱིར་བསྟན་དུ་བཞུགས་སུ་གསོལ། གཞན་གཟུངས་ཕུལ་ཚུལ་གྱི་ལག་ལེན་ཞིབ་ཆ་གཟུངས་འབུལ་རྒྱས་པ་དག་ལས་ཤེས་པར་བྱ་དགོས་ཀྱིས། འདིར་སྨོས་ཀྱིས་མིང་ལང་ངོ། མཆོད་རྟེན་ལ་ལྷག་པར་བསྔགས་པ་ནི་རིང་བསྲེལ་རྣམ་པ་བཞི་སྟེ། ཆོས་སྐུའི་རིང་བསྲེལ་གཟུངས་སྡེ་ལྔ་སྟེ་ད་ལྟ་གང་ནའང་སྤར་ཡོད་པས་ཆ་བརྒྱ་ཡན་ཆད་གང་ཐོན་དང་། ཡུང་འབྲུ་ལྟ་བུ་ནི་དེ་བཞིན་གཤེགས་པའི་རིང་བསྲེལ་དེ་དང་རྗེས་མཐུན་ཚད་ལྡན་མཁས་གྲུབ་རྩོད་མེད་ཀྱི་རིང་བསྲེལ་དང་། བྱང་ཆུབ་ཤིང་སོགས་སངས་རྒྱས་དང་འབྲེལ་བའི་རིང་བསྲེལ་ནི་སྲོག་ཤིང་གི་རྩེ་མོ་དང་། སྐུ་བལ་ནི། སངས་རྒྱས་ཀྱི་དབུ་སྐྲ་ན་བཟའ་ཉན་རང་བྱང་སེམས་འཕགས་པའི་སར་བཞུགས་པའི་དབུ་སྐྲ་ན་བཟའ་རྣམས་སྐུ་སྟོད་ལས་བྱུང་བ་སྟོད་དང་། སྨད་ཆ་དང་འབྲེལ་བ་སྨད། ཞབས་ལྷམ་ནི་མི་འཇུག སྐུ་གདུང་ནི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པའི་སར་བཞུགས་པའི་དབུ་གླད་གདུང་རུས་སོགས་ཏེ། འདི་ཡང་དབང་རྟུལ་འདོད་ཞེན་ཅན་གྱིས་རྗེས་འབྲང་ལ་ཡིད་བརྟན་བྱས་ནས། གང་ཟག་གང་རུང་གི་རུས་ཀླད་གོས་སོགས་བཅུག་པས་ནི་མཆོད་ཡུལ་དུ་མི་འགྱུར་བ་མ་ཟད་དུར་ཁྲོད་དུ་འགྱུར་བ་དང་། གང་ཟག་དེ་ཉིད་ལའང་གནོད་པ་འོད་སྲུང་རྫོགས་བྱེད་ཀྱི་གཏམ་རྒྱུད་ལྟར་ལགས་པས། འཕགས་ལམ་གྱི་ཡེ་ཤེས་བརྙེས་ངེས་པའམ། ལུང་ཟིན་སྐྱེས་ཆེན་རྩོད་བྲལ་མ་གཏོགས། གང་ཟག་ཕལ་པའི་གདུང་སོགས་བླུན་དད་ཀྱིས་རྟེན་གྱི་ནང་དུ་གཞུག་པར་མི་བྱའོ། །དེ་ལྟར་གཟུངས་དང་བྱིན་རྟེན་རྣམས་སྲོག་ཤིང་ལ་བཅིང་ཟིན་པ་དང་ན་བཟའ་སེར་པོས་ཐོག་མཐའ་ཐམས་ཅད་དཀྲིས་ཤིང་རས་སྐུད་ལྟ་བུའི་དམ་དུ་བཅིང། སྦྱོང་ཁྲུས་རབ་གནས་ཚུལ་བཞིན་བྱས་ལ། དཀྱིལ་འཁོར་གྱི་ནང་དུ་འོང་བའི་ཚད་ཙམ་མ་གཏོགས་རྩེ་མོ་རྣམས་གྲོ་ག་སོགས་ཀྱིས་གཡོག་པ་དང་སྲོ་ཐག་གམ་དྲིས་མའི་ཐག་པ་སོགས་ཀྱིས་དམ་དུ་བཅིང་དགོས་པ་ཡིན་མ་གཏོགས། གཟུངས་དང་བྱིན་རྟེན་རྣམས་ཆུད་ཟོས་འགྱུར་བས་ལག་ཚག་དམ་པོར་བྱའོ། །གསུམ་པ་དཀྱིལ་འཁོར་གྱི་རྒྱན་དང་མཆོད་པའི་བཤམས་བཀོད་ནི། དཀྱིལ་འཁོར་གྱི་རྒྱ་ཁྱོན་ལ་གཞལ་བའི་སྒབ་དཀྲིས་དམར་པོ། ཞལ་ཁེབ་རྒྱལ་མཚན་བརྒྱད་ཀྱི་ཏོག་རྨ་བྱའི་མདོངས་སམ་རི་མོ་བྲིས་པའི་རྨ་བྱ་ལས་བྱས་པ། དཀར་པོ། དམར་སེར། ནག་པོ། དུད་ཁ། དམར་པོ། ཁྲ་བོ། སེར་པོ། ལྗང་སེར་ཏེ་བརྒྱད་པོ་ཁ་དོགས་རེ་རེ་བ་དང་། དེ་དག་ལ་བཀྲ་ཤིས་རྫས་བརྒྱད་དངོས་སམ་རི་མོ་བྲིས་པ་མགུལ་དུ་བཏགས་པ། སྲོག་ཤིང་གི་ཕྱོགས་བཞིར་རས་སྐུད་བརྐྱང་པ་ལ་གདུགས། རྒྱལ་མཚན། འཕན། བ་དན། མེ་ཏོག་གི་ཆུན་པོ་རྣམས་ཆུང་ངུ་བཞི་བཞི་དཔྱད་རྒྱུ་དང་། གཞན་ཡང་མཆོད་པ་རྒྱས་བསྡུས་ཁྱད་ཀྱི་མང་ཉུང་མེད་པ་དགོས་རྒྱུ་ནི། དུང་ཆོས་དགུ། སྤོས་ཕོར་གསུམ། བུམ་པ་གཉིས་བཟེད་ཞལ་བཞི། ཤིང་ཟླ་གམ་ལ་ཚོགས་བདག་སྐུ། རིན་པོ་ཆེའི་ཀོང་བུ། རྒྱལ་མཚན་བརྒྱད་ལ་འཛུག་གདན་བརྒྱད། མཆོད་ཡོན་གྱི་སྟེགས་ཤིང་གྲུ་བཞི་ནར་མོ་བཞི་རྣམས་ལ་རྒྱས་བསྡུས་མེད་པས་མང་ཉུང་འགྲོ་རྒྱུ་མེད་པ་ཡིན། ཚོགས་བདག་སྐུ་ནི་གླང་གདོང་སྔོན་པོ། དགྲ་སྟྭ་དང་ལ་ཕུག་འཛིན་པ་ལྷའི་ཆ་བྱད་ཅན་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡིན། བཤམས་བཀོད་རྒྱས་བསྡུས་ཀྱི་ཁྱད་པར་དགོས་པ་ནི། རྒྱས་པ་ལ་ཏིང་ཕོར་ཉེར་གསུམ་རྫ་སྡེར་སོ་གཅིག །སྤོས་འཛིན་བཅུ་གཅིག །རྐོང་བུ་བཅུ་གཅིག །ཞལ་ཟས་བཅུ་གཅིག་དང་། འབྲིང་ལ། ཏིང་ཕོར་བཅུ་བདུན། རྫ་སྡེར་ཉེར་གསུམ། སྤོས་འཛིན་དགུ། མར་མེ་ཞལ་ཟས་དེ་མཚུངས་བསྡུས་པ་ཏིང་ཕོར་ལྔ། རྫ་སྡེར་བདུན། སྤོས་འཛིན་མར་མེ། ཞལ་ཟས་རྣམས་ལྔ་རེ། མཆོད་རྫས་ཀྱི་ཁྱད་པར་ནི། ཏིལ་ནག །སྲན་མ། མ་ཤ །འབྲས། རྒུན་འབྲུམ། སྟར་ག་སོགས་ཤིང་ཐོག་སྣ་ཚོགས། མར་ཐུད་སོགས་ཁུར་བ་སྣ་ཚོགས། ཆུར་བ་སོགས་དཀར་གསུམ། སྲན་མ་མ་ཤ་རྙེད་ན་སྲན་དཀར་གྱིས་ཆོག །གཞན་གཙུག་དྲིའི་སྐབས་དང་འདྲའོ། །བཤམས་ཚུལ་ནི། སྟབས་འགྲིགས་ན་ཉི་མ་བྱང་བགྲོད་ཀྱི་ས་ག་ཟླ་བའི་ཚེས་བརྒྱད་དང་བཅུ་བཞི་བཅོ་ལྔའམ། དེ་ལྟར་མིན་ཀྱང་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཚེས་བརྒྱད་དང་བཅུ་བཞི་བཅོ་ལྔ་དང་། དེ་ཡང་མ་འགྲིགས་ན་གཟའ་སྐར་བཟང་པོའི་ཚེས་ལ། བང་སྒྲོམ་ངོས་སྒབ་དཀྲིས་ལེགས་པར་གསོལ། དཀྱིལ་གྱི་འཁོར་མཐར་སྤོས་དང་མར་སྲེས་པ་བྱུག་པ་བང་སྒྲོམ་དབུས་སུ་བཞག །ཞལ་ཁེབ་བཀབ། དེ་སྟེང་དཀྱིལ་འཁོར་གྱི་ལྟེ་བར་འཕང་ལོ་བཞག་པའི་སྟེང་སྲོག་ཤིང་ཡ་ཡོ་མེད་པར་བཙུག སྲོང་ཤིང་འཛུག་པའི་ཚེ། ༀ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། སེམས་ཅན་ཤེས་བཅུ་ལྡན་གྱུར་ཅིག །བསྟན་པ་ཡུན་རིང་གནས་གྱུར་ཅིག །ཅེས་དང་། ཕུན་སུམ་ཚོགས་པ༴ དང་ཆེ་བའི་ཆེ་མཆོག༴ དང་སྟོན་མཆོག་དམ་པ༴ སོགས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་བཞིན་པས་བཙུག །ཞལ་ཁེབ་ཆོ་ག་ཟིན་དུས་བར་སྲོག་ཤིང་ལ་བཅིང་། སྲོག་ཤིང་ལྗི་ན་དཀྱིལ་འཁོར་གྱིས་ཐེག་དཀའ་བས། སྔ་སོར་ནས་ལྗིད་ཐེག་པའི་ཐབས་བྱ། དེ་ཡང་དཀྱིལ་འཁོར་གྱི་གྲ་བཞིར་དུང་ཞལ་བཞིར་ཚྭ་དང་། དྲི་ལྔའི་ཕྱེ་མས་བཀང་བ། ཤར་གྱི་སྒྲོམ་བུར་ཙནྡན་ཨ་ཀར་སོགས་ཀྱིས་བཀང་བའི་སྤོས་ཕོར་གསུམ། ལྷོར་དུང་ཞལ་གོང་སྨོས་ལྟ་བུ་དང་། ཏིང་ཕོར་གཉིས་སུ་མེ་ཏོག་དཀར་པོ་དང་འབྲས་ཀྱི་བཀང་སྟེ་བཞག །ནུབ་ཏུ་རྫ་བུམ་ཚོན་རྩི་ཅན་གྱི་ནང་དུ་ཏིལ་ནག་དང་ལ་ཤ་འབྲས་རྣམས་དང་ཟས་དཀར་གསུམ་གྱིས་བཀང་བའི་བུམ་པ། རྫ་སྡེར་དུ་སྟར་སྒ་སོགས་ཤིང་ཏོག་སྣ་ཚོགས་དང་། བྱང་དུ་རྫ་སྡེར་དུ་སྣུམ་ཟན་གྱི་གཏོར་མ་དཀར་ཟླུམ་ལ་མར་ཐུད་སོགས་ཁུར་བ་སྣ་ཚོགས་ཀྱིས་བརྒྱན་པ་དང་། དྲི་ལྔས་བཀང་བའི་རྫ་བུམ་ཁ་རྒྱན་མགུལ་ཆིང་ཅན། རྫ་སྡེར་ལྟ་བུར་སྤོས་དང་མེ་ཏོག་རྣམས་བཤམས། གོང་གི་ཏིལ་ནག་མ་ཤ་སོགས་བཙོས་པའི་ཐུག་པ་གསུངས་ཀྱང་རྒྱུན་འཇོག་ལ་རུལ་འགྲོ་བས་རྫས་རྣམས་སྐམ་པོ་བླུག་ནས་མར་ཁུས་བཀང་སྟེ་བཞག་ན་ལེགས་སོ། །ནུབ་བྱང་གི་གྲར་དྲིའི་དུང་ཆོས་ཀྱི་རྒྱབ་ཏུ་ཚོགས་བདག་གི་སྐུའི་དབུ་སྟེང་རིན་པོ་ཆེའི་ཀོང་བུ་མར་མེ་བཅས་གཟེར་བཏབ་ནས་མི་འགུལ་བར་བཞག །དེའི་ཕྱིར་རྒྱས་པ་ལ་ཕྱོགས་རེར་མཆོད་པ་ཚར་རེ་དང་ནུབ་ཏུ་ལྷག་གསུམ་གསུངས་པ། མཆོད་ཡོན་དྲི་ཆབ་མེ་ཏོག་སྤོས་ཞལ་ཟས་རྣམས་སྔར་ལྟར། རྫ་སྡེར་བཞི་རུ། ཁུར་བ་སྣ་ཚོགས། ཤིང་ཏོག་སྣ་ཚོགས། སྲན་དཀར་གྱི་ཆན། འོ་ཐུག་གམ་ཆུར་བར་མར་མེ་རྣམས་ཕྱོག་རེར་ཆ་ཚང་རེ་རེ་དང་། ནུབ་ཏུ་ལྷག་གསུམ་བཤམས་པ་ནི་རྒྱས་པ་དང་། འབྲིང་པོ་ནི། ཕྱོག་རེར་མཆོད་པ་ཆ་རེར་དང་། ནུབ་ཏུ་ལྷག་གཅིག །བསྡུས་པ་ནི། ལྷོ་ནུབ་ནས་བརྩམས་ཏེ་མཆོད་ཡོན་ནས་མར་མེ་བར་མཆོད་པ་ཆ་གཅིག་སྐོར་བཤམས་བྱ་བ་ཡིན། དེའི་ཕྱི་རོལ་དུ་ཕྱོགས་བཞིར་མཆོད་སྟེགས་ཆུང་ངུ་བཞིའི་སྟེང་དུ་མཆོད་ཡོན་གྱི་དུང་ཆོས་དང་བཟེད་ཞལ་ལན་ཚྭས་བཀང་བ་ལ་མཆོད་ཡོན་གྱི་རྫས་བཏབ་པ་བཅས་བཞག མཆོད་ཡོན་ནས་མཆོད་ཡོན་གྱི་བར་མཚམས་རྣམས་སུ་སྤོས་མར་མེ་ཞལ་ཟས་རྣམས་ཚར་རེ། དེའི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་རྒྱལ་མཚན། ཤར་དཀར། ཤར་ལྷོ་དམར་སེར། ལྷོར་ནག་པོ། ལྷོ་ནུབ་དུད་ཁ། ནུབ་དམར། ནུབ་བྱང་ཁྲ་བོ། བྱང་སེར་པོ། བྱང་ཤར་ལྗང་སེར་རྣམས་བཤམས། སྲོག་ཤིང་ལ་ཟུར་བཞིར་རས་སྐུད་བསྒྲིལ་མ་བརྐྱང་བ་ལ་གདུགས་རྒྱལ་མཚན་བ་དན་འཕན་མེ་ཏོག་གི་ཆུན་པོ་རྣམ་དཔྱད་ཞིང་མཆོད་པའི་ཚོགས་ཀྱིས་ཀུན་ནས་ཡིད་འཕྲོག་པར་བྱའོ། ༈ །བཞི་པ་དངོས་གཞིའི་ཆོ་ག་གཏོང་ཚུལ་ལ། ལྷ་སྟ་གོན་དང་ཐིག་ཆོག །སྲོག་ཤིང་འཇུག་ཆོག་སྟེ་གསུམ་ལས། དང་པོ་ནི། མཎྜལ་གྱི་སྟེང་དུ་དྲིའི་ཐིག་ལེ་འདས་པ་བཞི་ལ་གྲུ་བཞི་དང་། འཇིག་རྟེན་པ་གསུམ་ལ་ཟླུམ་པོར་རེ་བྱས་ལ་རེ་རེ་བཞིན་མེ་ཏོག་གི་ཚོམ་བུ་འགོད། མཐར་ལྷོ་ནུབ་ནས་བརྩམས་ཏེ་མཆོད་ཡོན་སོགས་ཁུར་བ་སྣ་ཚོགས་དང་བཅས་པ་དགོས་ཆོས་ཀྱི་མཆོད་པ་བཤམས། སློབ་དཔོན་གྱི་མདུན་དུའང་མཆོད་པ་ཚང་བར་བཤམས། འོག་ཏུ་དགོས་པའི་ཉེར་མཁོ་རྣམས་འདུ་བྱས་ལ། ནང་བར་གསོ་སྦྱོང་བླང་ལ་ཆོས་གོས་བགོ །རྗེས་དྲན་ཐུབ་བསྟོད་ནས་བཀླག་གྲུབ་ཀྱི་བསྙེན་པའི་སྐབས་ལྟར་ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱ་བྱ་བ་ནས་རས་ཀྱི་ཟེའུ་ཁ་པར་བརྗོད། དེ་ནས་བདག་གི་རྣལ་འབྱོར་སྒྲིབ་སེལ་བདག་བསྐྱེད་ལས། བདག་གི་བརྒལ་དཀའི་སོགས་ནས། བསྙེན་མཇུག བཟོད་པར་གསོལ། བར་བརྗོད་ནས་འོག་གི་ན་མ་སབྟའི་སྔགས་བདུན་བདུན་བརྗོད་པ་ནས་མཆོད་པའི་ཤབྡའི་འཕྲོར་མཆོད་སྤྲིན་གཟུངས་གསུམ་བརྗོད། འདི་ཉིན་འདི་ཙམ་ལས་མཆོད་པ་གྲངས་བསོག་མི་དགོས། གཏོར་བསྔོས་སྔགས་རེ་རེའི་འཇུག་ཏུ་ནམ་མཁའ་མཛོད་སྔགས་རྒྱ་ལ་ཁཱ་ཧི་བཏགས་པ་ཕུལ་ཏེ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་དྲིལ་དལ་བརྡུང་དང་རོལ་མོ། །བསྟོད་པའི་སྐབས་ལྷ་རང་རང་གི་རྒྱ་བྱ་ཞིང་། མཆོག་གསུམ་ལ་རིགས་ལྔའི་སྤྱི་ཕྱག་ཡིན། བསྡུ་རིམ་མཇུག །རྣམ་སྨིན་གྱི་ལུས་ལ་ཐིམ་པར་གྱུར། བར་བརྗོད་མཐར་སྔར་གྱི་བདག་བསྐྱེད་བསྡུ་རིམ་མཇུག ཧུ་ལུ་ཧུ་ལུ་སོགས་ལ་ཤིས་བརྗོད་བསྔོ་སྨོན་བཅས་མཐར་ཆགས་སུ་བྱ་བའོ། །གཉིས་པ་ཐིག་ཆོག་ནི། དཀྱིལ་འཁོར་སྔར་ནས་བྲིས་ཟིན་ན་མ་བྱས་ཀྱང་ཆོག་མོད། ཆོ་ག་ཡན་ལག་ཚང་བ་བྱ་བར་སྤྲོ་ན། ཐིག་སྟེགས་ལེགས་པར་བཤམས། མཆོད་པ་དང་ཐིག་སྐུད་དྲི་བཟང་བ་བྱུང་སོགས་ཉེར་མཁོ་རྣམས་འདུ་བྱ། སྔ་བར་གསོ་སྦྱོང་བླང་། ཐོག་མར་ཆོས་གོས་བགོས་ལ་རྗེས་དྲན་དང་ཐུབ་བསྟོད་སོགས་དང་། ཁྲུས་ནས་ཕྲེང་བ་ཕུལ་བའི་བར་བསྙེན་པ་ལྟར་བྱས་ལ། ཐིག་སྐུད་ལ་ལས་སྔགས་གཉིས་བཟླས་པས་བསང་གཏོར་བྱ། ལས་སྔགས་གཉིས་དང་བྷཱུཾ་བཟླས་བས་བསྒྲིལ། ལས་སྔགས་བརྒྱ་བཟླས་ཏེ་མེ་ཏོག་སོགས་བཞིས་མཆོད་པ་ནས་ཡིག་ཆུང་ལྟར་བྱས་ཏེ། ཐིག་གདབས་སྔགས་གཙུག་ཏོར་དྲི་མེད་ཀྱི་ཐིག་གདབས་སྔགས་བརྗོད། ཚོན་བྱིན་རླབས་ཇི་བཞིན་བྱས་ཏེ། བདག་མདུན་ར་དྲྭ་ཕྱོགས་བཅིང་རྣམས་བཀྲོལ་ཏེ་བཀྲ་ཤིས་བསྔོ་སྨོན་བྱ་བ་ནི་ཐིག་ཆོག་གོ །གསུམ་པ་སྲོག་ཤིང་འཛུག་ཆོག་དངོས་གཞིའི་ཆོ་ག་གཏོང་ཚུལ་ནི། ནང་བར་ཁྲུས་བྱས་གསོ་སྦྱོང་བླང་། དཀྱིལ་འཁོར་དང་སྲོག་ཤིང་མཆོད་པའི་བཤམས་བཀོད་རྒྱས་འབྲིང་བསྡུས་པ་གང་ཡིན་ཀྱང་མ་འཁྲུལ་བར་ལེགས་པར་བྱ། མཆོད་རྟེན་གྱི་ཕྱི་ནས་མཆོད་པ་སྤྱི་དང་ཁྱད་པར་གྱི་མཆོད་ཡོན་ནས་ཁུར་བ་སོགས་གྱ་ནོམ་པ་བཤམས། སློབ་དཔོན་གྱི་མདུན་དུ་མདུན་མཆོད་བཅས་ཉེ་བར་དགོས་པ་རྣམས་ལེགས་པར་འདུ་བྱས་ཏེ། ཁྲུས་བྱས་ཆོས་གོས་བགོས་ཏེ་རྗེས་དྲན་ཐུབ་བསྟོད་སོགས་ནས་རས་ཀྱི་ཟེ་རུ་ཁ་བར་བསྙེན་པ་ལྟར། བདག་གི་བརྒལ་དཀའི་སྲིད་མཚོ་ནས། བླ་བྲེ་ལ་སོགས་བརྒྱན་པར་གྱུར། བར་སྒྲིལ་སེལ་ལྟར། དེ་ནས་ལྷ་སྟ་གོན་ལ་ལྷ་སོ་སོའི་སྔགས་ཚར་རེ་བཟླས་པས་བསྐྱེད་དེ་མཆོད་པའི་བར་བྱས་ཏེ། མཆོད་པ་གཙོ་བོ་ལ་ཚར་གསུམ། འདས་པ་གསུམ་ལ་གཉིས་རེ། འཇིག་རྟེ་པ་ལ་རེ་རེ་གསུངས། བྱིན་རླབས་ནས་ཤབྡ་དང་མཆོད་སྤྲིན་གཟུངས་བཅས་རོལ་མོ་དེ་ཡན་གྲངས་བསོག་པའོ་ལྷའི་གཙོ་བོའི་སྐབས་རས་ཡུག་ཁ་དོགས་སྣ་ཚོགས་པ་གཙོ་བོ་ལ་ཡུག་གསུམ། འདས་པ་གསུམ་ལ་གཉིས་རེ། འཇིག་རྟེན་པ་གསུམ་ལ་རེ་རེ་འབུལ་ཚུལ་བྱ་བ་ཡིན། ལན་གསུམ་བརྗོད། བཟླས་པ་གཞུང་བཞིན་ལ། བཛྲ་དྷྲྀག བར་ལྷ་སྟ་གོན་བཞིན། རང་རང་གི་རྒྱ་བཅའ་བཞིན་སྲོག་ཤིང་འཛུག་ཆོག་གི །ཛི་ན་ཛིག སོགས་སྔགས་གསུམ་གསུམ་བཟླས། བསྟོད་པ། མགོན་པོ་ཐུགས་རྗེ། སོགས་ནས། ན་མ་སྟུ་ཏེ་བར་ལྷ་སྟ་གོན་བཞིན་བྱ། མཆོག་གསུམ་ལ་སྤྱི་ཕྱག་ལྷ་རང་རང་རང་རྒྱ་ཡིན། སྲས་བཅས་སངས་རྒྱས་ནས་རྟོགས་པར་ཤོག བར་གསུམ། དགེ་འདུན་ཐམས་ཅད་ཀྱིས་གཟུངས་མདོ་ཚར་རེ་དང་ཤེར་སྙིང་སོགས་བཀླག དེ་ནས་མཆོད་རྟེན་གྱི་ཕྱོགས་བཞིའི་སྟེགས་བུར། མཆོད་པ་རྒྱས་པ་དང་། ཐེབ་གསུམ་དུ། དང་པོར་དཀར་གཏོར་གཅིག གཉིས་པར་གསུམ། གསུམ་པར་བཞི་རྣམས་འབྲས་ཆན་དཀར་གསུམ་གྱིས་བརྒྱན་པ་བཤམས། ༀ་བི་པུ་ལའི་སྐབས་ཕྱོགས་རང་རང་དུ་བསང་དང་སྤོས་བཏུལ། དགེ་འདུན་རྣམས་ཀྱི་ཕྱག་ཏུ་སྤོས་རིང་ཕུལ། ཕྱོགས་རེར་ཟིན་པ་དང་ཕྱོགས་རེར་མཆོད་པ་ཕུལ་བ་སོགས་བྱ། དགེ་འདུན་རྣམས་ཆོས་གོས་སྣམ་སྦྱར་ཞྭ་དང་སེར་སྦྲེང་བཅས་ཕེབ་ཏེ་ཤར་ཕྱོགས་ནས་རྟེན་ལ་ཕྱོགས་པར་བཞེངས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ། སོགས་ཕྱག་འཚལ་བཞིན་བརྗོད། མཆོད་པ་བྱིན་རླབས་ཟུར་བཀོལ་བྱ། མཆོད་པ་གཏོར་བསྔོས་བཅས་བྱས་ཏེ་ཕྱག་འཚལ་བསྟོད་སྐབས་རོལ་མོ། སྔགས་བཟླས་ཏེ། སྟོན་པ་བཅོམ་ལྡན་འདས་སྐབས་ལག་ཏུ་མེ་ཏོག་སྤོས་རིང་། པུས་བཙུགས་ཐལ་སྦྱར་བྱ། ཅི་གནང་བར། ལན་གསུམ། ལོང་སྐབས་ཡོད་ན་ཕྱོགས་རེ་རེ་བཞིན་ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་རྒྱས་པ་དང་། བཟང་སྤྱོད་བཅས་བྱ། དེ་སྐབས་མཆོད་པ་གཤེགས་བཤམས་བྱ་བ་ཡིན། ཕྱོགས་གཞན་གསུམ་ལའང་དེ་བཞིན། མཇུག་ཏུ་ཤར་ཕྱོགས་སུ། རྨི་ངན་འཇིགས་དང་ཕུན་སུམ་ཚོགས་པ། བཟང་སྤྱོད་བཅས་བྱ་བའོ། །དེ་ནས་མཆོད་པ་རྣམས་ཁ་གསོ་བའམ། བརྗེས་ཏེ་རྒྱུན་འཇོག་བཤམས་པ་གང་རུང་བྱས་ཏེ། ཟུར་བཀོལ་ལྟར་བྱིན་གྱི་བརླབས་དང་མཆོད་ནས། བླ་མ་དང་འཕགས་པ་སོགས་ལན་གསུམ། ཡིག་བརྒྱ་བདུན། བཟོད་གསོལ་བསྔོ་བ་རྣམས་དང་། ཕྱོགས་བཅུ་ན། སོགས་བརྟན་བཞུགས་ལན་གསུམ། ཇི་སྲིད་ས་ཆུ། འདིར་ནི་རྟེན་དང་། སོགས་གསུམ་གསུམ། བསྡུ་རིམ། ཕྱོགས་བཀྲོལ་གོ་བགོ་ལུས་བསྲུང་རྣམས་དང་། བཀྲ་ཤིས་རྒྱས་པ་རྨི་ངན་འཇིགས་དང་། ཕུན་སུམ་ཚོགས་པ་སོགས་དང་། ཤེར་སྙིང་། བཟང་སྤྱོད་བཅས་སོ། །དཀྱིལ་འཁོར་གྱི་ཞལ་བཀབ། བང་སྒྲོམ་གྱི་སྒོ་སོགས་ཞལ་བ་ལེགས་པར་བྱས་ཏེ་བྱི་བ་སོགས་མི་འཛུལ་བར་བྱ་བ་ནི་དངོས་གཞིའི་སྲོག་ཤིང་འཛུག་ཆོག་གོ །དེ་ལྟ་བུའི་འདོན་འགྲིགས་རྣམས་ནི། ཆོག་གཞུང་དུ་ཡིག་ཆུང་དང་བཅས་པས་གསལ་བས་དེ་ཙམ་ལས་ཡང་བསྐྱར་དགོས་པ་མིན་ནོ། །སྲོག་ཤིང་དང་ཁ་ཆོད་ཀྱི་བར་མཚམས་རྣམས་སུ་བྱེ་སྤྱིན་ལྟ་བུའི་ཞལ་པ་ལེགས་པར་བྱས་ཏེ་རྡུལ་མི་འགྲོ་བ་དགོས། སཱཙྪ་རང་རང་གི་དཀྱིལ་འཁོར་དུ་ཤོང་དགོས་ཀྱང་ཐམས་ཅད་བཞག་སྟབས་མི་བདེ་བས་ཁ་ཆོད་ཀྱི་སྟེང་གཙུག་ཏོར་དྲི་མེད་ཀྱི་སཱཙྪ་རྣམས་འོག་མ་དང་། འོད་དྲིའི་སཱཙྪ་རྣམས་སྟེང་མར་བྱས་ཏེ་བར་རྣམས་བྱེ་མ་སོགས་ཀྱིས་ས་ག་ཏེ་མགོ་མཇུག་མ་ལོག་པར་བཞུགས་སུ་གསོལ་བ་ཡིན་ནོ། །དེ་ལྟ་བུའི་འདོན་ཚུལ་ཏེ་དྲི་མེད་རྣམས་གཉིས་ཀྱི་དངོས་སྟ་ཐམས་ཅད་ཞག་གསུམ་ལ་འགྲོ་བར་བྱ་བ་དེ་ཡིན། དེ་ཡང་ཐིག་ཆོག་གཉིས་མི་འདོན་པར། དང་པོའི་ཉིན་གཙུག་ཏོར་དྲི་མེད་ཀྱི་དངོས་གཞི་ཕྱིར་ཉིན་འོད་དྲིའི་དངོས་གཞིའི་ཆོ་ག་གཏོང་བ་སྟེ་ཉིན་གསུམ་གྱིས་འགྲོ་ཚུལ་གཅིག །ཡང་དང་པོའི་ཉིན་གཙུག་དྲིའི་ཐིག་ཆོག་དང་འོད་དྲིའི་ལྷ་སྟ་གོན་གཉིས། ཡང་འོད་དྲིའི་སྲོག་ཤིང་འཇུག་ཆོག་སྟེ་འདི་དཀྱིལ་འཁོར་ཆོ་གའི་ཡན་ལག་ཚང་བ་ལ་བདེ་བར་འདུག་གོ །དེའང་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་བརྩེགས་མར་བྱ་བ་འདི་ལྷ་རྣམ་རྒྱལ་བའི་སྐུ་རིང་གི་ཕྱག་ལེན་བརྒྱུད་མར་བྱུང་བ་ལས་མདོ་རྒྱུད་ཀྱིས་དགོངས་པས་གཉིས་པོ་མེད་ན་ཆད་པའི་སྐྱོན་སོགས་ཡོད་པ་མིན་ཅིང་། གཉིས་པོ་གྲུབ་ན་ཕན་ཡོན་ཤིན་ཏུ་ཆེ་བ་ལས། འབྱོར་བས་མི་ལྕོགས་པ་སོགས་ལ་ནི་དཀྱིལ་འཁོར་རེ་རེ་ཕུལ་ཏེ་མཆོད་རྟེན་བྱས་ནའང་རང་རང་གི་གཞུང་ནས་བཤད་པའི་ཕན་ཡོན་ཐོབ་པས་ན་ཇི་བཞིན་འབྱོར་བ་དང་བསྟུན་པའི་དབྱེ་བསལ་ཤེས་པར་བྱའོ། ༈ །དེ་ལྟར་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་གྱི་ཉེར་མཁོ་སྔ་ཚགས་སུ་དགོས་པའི་རིགས་རྣམས་ཕྱོགས་གཅིག་ཏུ་བྲིས་ན། ཀླུ་བུམ་སོགས་རྒྱས་པ། རྫས་སོགས་ཀྱི་བུམ་གཏེར་བཅུ་དྲུག །འབྲིང་དུ་བཅུ། བསྡུས་པར་བཞི་དགོས། དེ་དག་རང་རང་སྐབས་སུ་བཤད་པའི་རྫས་ཆ་ཚང་། དེ་ཡང་ཀླུ་བུམ་དགུ་ལྔ་གཅིག་དང་། ནོར་བུམ་ལྔ། གསུམ་གཅིག་དང་། གཞན་རྣམས་རེ་རེ། གནོད་སྦྱིན་འཁོར་ལོ། དེ་གཞུག་སྣོད་དཀར་ཡོལ་ལམ། ཟ་མ་ཏོག་གའུ་སོགས་དང་། འབྲུ་སྣ། རིན་ཆེན་ལྔ་སོགས་ཀྱི་རྫས་རྣམས་དང་སེང་ལྡིང་ཕུར་བུ་སོར་བརྒྱད་པ་འོ་དྲིའི་ས་ཆོག་ལ་བརྒྱད། སཱཙྪའི་ས་ཆོག་ལ་ལྔ། སེང་ལྡིང་མ་རྙེད་ན་ཤུགས་པ་ཚེར་མ་ཅན་གྱིས་ཀྱང་རུང་། བ་བྱུང་ལྔ་། དྲི་བཟང་། མཆོད་ཡོན་ཞབས་བསིལ། དྲི་ཆབ་རྣམས་ཀྱི་རྫས། ཤིང་ཏོག་སྣ་ཚོགས་ཏིལ་ནག་སྲན་མ་མ་ཤའམ་སྲན་དཀར། སྲོག་ཤིང་ཤར་རྟགས་ལྡན་པ། དེ་དཀྲི་བྱེད་རས་སེར་པོ་ཡུག །དཀྱིལ་འཁོར་གཉིས། སྒ་བ་དཀྲིས་རས་དཀར་པོ་འདོམ་བརྒྱད་སོགས་ཆེ་ཆུང་ལ་དཔྱད་པ། ཞལ་ཁེབ་གཉིས། གཙུག་ཏོར་དྲི་མེད་ཀྱི་བླ་བྲེ་སྔོན་པོ། སཱཙྪ་སྟོང་ལ་དབུ་གདུགས་རས་ཁ་བཅུ། ཁྲི་ལ་བརྒྱ། འབུམ་ལ་རས་ཁ་སྟོང་སྲོག་ཤིང་ག ཟུགས་དང་། སཱ་གཟུངས། གཟུངས་ཆེན་སྡེ་ལྔ། གསེར་གྱི་བྲིས་པ་ལྟ་བུའི་འོད་དྲིའི་གཟུངས་མདོ་ཚང་མ་བཏགས་གྲོལ་རིགས་ཇི་སྙེད། ཁྱད་པར་ལྷ་གཅིག་ཇོ་བོའི་གྲོང་ཁྱེར་སྒྲོལ་འཁོར་དང་། ཆོས་དབང་གིས་སྲོག་ཤིང་བརྟན་པའི་ཙཀྲ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ། སྐུ་གདུང་གི་རིང་བསྲེལ། སྐུ་བལ་གྱི་རིང་བསྲེལ་སོགས་བྱིན་རྟེན་རྣམས་དང་། གོས་དར་ལས་བཟོས་པ། གཙུག་དྲིའི་མཆོད་པ་རྒྱས་པ་ལས་གདུགས་རྒྱལ་མཚན་བ་དམ་འཕན་རྣམས་རེ་རེ་ནས་སོ་གཉིས་རེ་སྟེ་ཁྱོན་བརྒྱ་དང་ཉེར་བརྒྱད། འབྲིང་བཅུ་དྲུག་རེ་སྟེ་ཁྱོན་རེ་བཞི། བསྡུས་པ་བཞི་རེ་བཅུ་དྲུག །འོད་དྲི་ལ་ཁ་དོགས་ཐ་དད་པའི་རྒྱལ་མཚན་བརྒྱད། རྨ་བྱའི་མདོངས་བརྒྱད། སྲོག་ཤིང་ལ་རས་སྐུད་བསྒྲིལ་མ། རྒྱལ་མཚན་གདུགས་བ་དན་མེ་ཏོག་གི་ཆུན་པོ་རྣམས་བཞི་རེ། བཀྲ་ཤིས་རྫས་བརྒྱད། ཚོགས་བདག་གི་སྐུ། རིན་པོ་ཆེའི་ཀོང་བུ། མཆོད་ཡོན་གྱི་སྟེགས་བཞི། ས་སྒྲུབ་ལ་བ་དན་དམར་པོ་བརྒྱ་བརྒྱད། རྒྱལ་མཚན་བཞི་འཕན་བཞི། བླ་བྲེའམ་གདུགས། དཀྱིལ་འཁོར་དང་སཱཙྪའི་གདན་མི་གྲངས་རྣམས་དང་། མཆོད་རྟེན་བཞི། གཟུངས་གསེར་གྱིས་བྲིས་པ་སོགས་སོ། །རྫའི་སྣོད་སོགས་བཅའ་བ་ལ། རྒྱས་བསྡུས་ཀྱི་ཁྱད་པར་མེད་པ། དུང་ཆོས་དགུ། སྤོས་ཕོར་གསུམ། བུམ་པ་གཉིས། བཟེད་ཞལ་བཞི་རྣམས་དང་། དཀྱིལ་འཁོར་གཉིས་ཀ་རྒྱས་པ་ལ། ཏིང་ཕོར་དོན་བརྒྱད། རྫ་སྡེར་སོ་གཅིག །སྤོས་འཛིན་སོ་བདུན། ཞལ་ཟས་མར་མེ་དེ་མཚུངས། རྒྱལ་མཚན་སོགས་ཀྱི་འཛུག་གདན་བརྒྱ་དང་སོ་དྲུག །འབྲིང་པོ་ལ། ཏིང་ཕོར་ཞེ་བརྒྱད། རྫ་སྡེར་ཉེར་གསུམ། སྤོས་འཛིན་ཉེར་གསུམ། མར་མེ་ཞལ་ཟས་དེ་མཚུངས། འཛུག་གདན་བདུན་ཅུ་དོན་གཉིས་སོ། །བསྡུས་པ་ལ། ཏིང་ཕོར་ཉི་ཤུ། རྫ་སྡེར་བདུན། སྤོས་འཛིན་མར་མེ་ཞལ་ཟས་རྣམས་བཅུ་གཅིག་རེ། འཛུག་གདན་ཉེར་བཞི། མེ་ཏོག་གོས་དར་ལས་བཟོས་པ་སོགས་ཡོད་ན་འཛུག་གདན་གྲངས་མཉམ་ལ་ཏིང་ཕོར་དེ་གྲངས་མི་དགོས། མཆོད་རྟེན་སྟེང་འོག་གི་ཕྱོགས་བཞིར་རླུང་དྲིལ་བཞིའམ་བརྒྱད། དེ་དག་ནི་ཉེར་མཁོའི་ཡན་ལག་རྣམས་ཕྱོགས་གཅིག་བྲིས་པའོ། ༈ །རྩ་བའི་ས་བཅད་ལྔ་པ་མཐར་ཕྱིན་པའི་ཡན་ལག་བཤད་པ་ལ། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་འཛུག་པའི་ཆོ་ག་བཤད་པ། དགེ་ཚོགས་བྱང་ཆུབ་ཏུ་བསྔོ་བའི་མཐུན་འགྱུར་བཤད་པ། སྐལ་བཟང་ཡིད་ལ་དད་པ་བསྐྱེད་པའི་མཆོད་རྟེན་གྱི་ཞལ་བྱང་བཀོད་པ་དང་། གསུམ་ལས། དང་པོ་ནི། ཁང་བརྩེགས་བཞེངས་ཟིན་པ་དང་། སྟེང་དུ་ཆོས་འཁོར་ཉི་ཟླའམ། ཏོག་གམ། རྒྱལ་མཚན་འཛུག་པར་གསུངས་ཏེ། དེའི་ནང་གཞུག་གདུགས་དཀར་འཁོར་ལོ་དང་། རྒྱལ་མཚན་རྩེ་མོ་སོགས་རང་རང་གི་ཆོ་གས་གཞུག་པར་གསུང་པ་ལ། གཞན་རྣམས་བྱ་དཀའ་ཞིང་འདིར་རྒྱལ་མཚན་རྩེ་མོ་ཙམ་ཕུལ་ཏེ་ཆོ་ག་གཏོང་བ་ལ་འཇམ་དབྱངས་མཁྱེན་བརྩེའི་གསུངས་བཞིན་ཏེ། རྒྱལ་མཚན་རྩེ་མོའི་གཟུངས་དག་པར་བྲིས་ཏེ་གུར་གུམ་དང་བྱིན་རྟེན་བྱུག་པ་དང་། གཞན་ཡང་གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་དང་། བི་མ་ལེ་ཨུཥྞི་ཥའམ་ཤེས་གྲུབ་ཀྱིགཟུངས་དང་གདུགས་དཀར་སྙིང་པོ་སོགས་རྒྱལ་མཚན་གྱི་རྩེ་མོར་ཕུལ་ན་ཕན་ཡོན་ཆེ་བར་མདོ་རྒྱུད་རྣམས་ལས་གསུངས་པ་ཅི་རིགས་པ་རྣམས་ལ་སྦྱོངས་ཁྲུས་རབ་གནས་བྱས་ཏེ་འབྲུ་སྨན་རིན་པོ་ཆེའི་རིགས་དང་བཅས་ཕུལ་ཏེ། དེའི་མདུན་དུ་མཆོད་གཏོར་བཤམས། ཆོ་ག་གང་རུང་གིས་བདག་བསྐྱེད་བསྙེན་པ་བཅས་གྲུབ་པ་དང་། མདུན་རྟེན་ལ་སྦྱོངས་ཁྲུས་སྔོན་དུ་འགྲོ་བས་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་ལས་ལྷ་མོ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སྐུ་མདོག་ནག་མོ་ཞལ་གསུམ་ཕྱག་བཞི་མ། རྩ་ཞལ་མཐིང་ནག །གཡས་ཞལ་དམར་པོ། གཡོན་ཞལ་ལྗང་གུ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་གཉིས་ན་རལ་གྲི་དང་ཞགས་པ། གཡོན་གཉིས་ན་ཁ་ཏྲཾ་ག་དང་འཁོར་ལོ་འཛིན་པ། དབུ་སྐྲ་སེར་པ་གྱེན་དུ་བརྫིས་པ། ཐོད་པའི་ཕྲེང་བས་བརྒྱན་ཞིང་། སྟག་གི་ལྤགས་པའི་ཤམ་ཐབས་དང་། ན་བཟའ་སེར་པོའི་ཤ་འགག་ཅན། ལྟོ་བ་འཕྱང་བ་ཞབས་གཡོན་བརྐྱང་གིས་བཞུགས་པ། འོད་ཟེར་དང་ལྡན་པ། དེའི་སྟེང་གི་ཆ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཐའ་སྐོར་ཀུན་ཏུ་འཇིག་རྟེན་ཆོས་སྐྱོང་བའི་ཚོགས་ཀྱིས་བསྐོར་བ། དེ་རྣམས་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃཿ བདག་དང་རྟེན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་འཕགས་མ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཆོས་སྐྱོང་བའི་འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྂ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་རྩལ་དུ་གསོལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། མཆོད་པ་རྣམས། ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོག་པ་མེད་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་གསུམ་གྱིས་བརླབ། མཆོད་ཕྲེང་རྒྱས་པའམ། ༀ་སརྦ་ཏ་ཐཱ་ག་ཏ་བྷ་ག་ཝཱ་ཏེ་དྷྭ་ཛཱ་ཨ་གྲ་ཀེ་ཡཱུ་ར་ས་པཱ་རི་ཝ་ར་ཨརྒྷཾ། སོགས་རེ་རེ་བཞིན་མཆོད། སྤྱི་བསྟོད་རྒྱས་པའམ། བསྟོད་པར་འོས་པ། སོགས་ཀྱི་བསྟོད་གཏོར་མ། ༀ་ཨཱཿཧཱུྃ་གིས་བརླབས། ༀ་སརྦ་ཏ་ཐཱ་ག་ཏ་བྷཱ་ག་ཝ་ཏེ་དྷྭ་ཛཱ་ཨ་གྲ་ཀེ་ཡཱུ་ར་ས་པ་རི་ཝཱ་ར་ༀ་ཨ་ཀ་རོ༴ སོགས་ཀྱིས་ཕུལ། མཆོད་ཅིང་བསྟོད། བཅོམ་ལྡན་འདས་མ་འཁོར་བཅས་རྣམས། མཆོད་སྦྱིན་གཏོར་མ༴ སོགས་ཀྱིས་ཕྲིན་ལས་བཅོལ། ཐུགས་རྒྱུད་བསྐུལ་བར་དམིགས་ཏེ་གཟུངས་ཚར་གྲངས་ཅི་ནུས་སུ་ཀློག་པ་ནི། ཏདྱ་ཐ། ༀ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། ཛ་ཡ་པྲཱ་ཧི་ནི། ཤང་ཀ་རི་ཤང་ཀ་རི། པྲ་བྷང་ཀ་རི། བདག་དང་སེམས་ཅན་ཐམས་ཅད་ཀྱི་སརྦ་ཤ་ཏྲུཾ་ཛཾ་བྷ་ཡ་ཛཾ་བྷ་ཡ། སྟྭཾ་བྷ་ཡ་སྟྭཾ་བྷ་ཡ། མོ་ཧ་ཡ་མོ་ཧ་ཡ། བྷ་ག་བ་ཏི། ཛ་ཡ་བྷ་ཧི་ནི། མ་ཐཱ་མ་ཐཱ། པྲ་མ་ཐཱ་པྲ་མ་ཐཱ། གྲ་ས་གྲ་ས། ཧ་ས་ཧ་ས། ཧཱུྃ་ཧཱུྃ་ལ་ཧཱུྃ་ལ་ཧཱུྃ། ལམ་བོ་དྷ་རི། ཏྲེ་ནི་ཏྲེ། ཙ་ཏུ་ར་བྷ་ག་ཏྲེ། ཙ་ཏུར་དཾ་ཥ྄དྷྲེ། ཙ་ཏུར་བྷུ་ཛེ། ཨ་པི་མུ་ས་ལ། ཙཀྲ་ཏྲི་ཤུ་ལ་བཛྲ་ཀ་པ་ཛ་དྷཱི་རི། བདག་གནོད་པ་ཐམས་ཅད་ལས་སྲུང་ཤིག་སྲུང་ཤིག །བྷ་ག་ཝ་ཏི། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། ཧཱུྃ་ཧཱུྃ་ཕཊ་ཕཊ། བྷཉྫ་བྷཉྫ། ས་ར་སྱེ་ནྱཾ། བི་དྷ་ན་ས་ཡ། སརྦ་ཤ་ཏྲཱུཾ་ན་ཤ་ཡ། དྷྭ་ཛ་ཨ་གྲ་ཀེ་ཡཱུ་རེ། ཏི་ཊ་ཏི་ཊ་ཏི་ཊ། བི་ཊ་བི་ཊ། ཨུ་ལ་ཀ་མི་ཁི་ཨུ་ལ་ཀ་དྷཱ་ར་ཎི། ཏྲེ་ལོ་ཀྱ་མ་ཐཱ་ནཱི། བི་དྷཱ་ན་ས་ཡ་ས་ར་སེ་ནྱ་ན། བདག་གནོད་པ་ཐམས་ཅད་ལས་སྲུང་ཤིག་སྲུང་ཤིག །ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། ཀཾ་པ་ཀཾ་པ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མུཉྫ་མུཉྫ། ཨ་ཊ་ཊ་ཧཱ་ས་མ་བི་དྷྭ་ན་ས་ཡ། ས་ར་སེ་ནྱ་ན། བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག །ཏྲཱ་པ་ཡ་ཏྲཱ་པ་ཡ། བྷྲ་མ་ཡ་བྷྲ་མ་ཡ། བུདྡྷྲ་པ་དྱེ་ན། དྷརྨ་ས་དྱེ་ན། སཾ་ག་པ་ཏྱེ་ན། ས་དྱེ་པཱ་ཏེ་ནཾ། ས་དྱེ་མ་བྷདྡྷ་པ་ཏྱེེ་མ་ཏི་ཀྲ་མ། དྷརྨ་པ་ཏྱེ་མ་ཏི་པྲ་མ། སཾ་ག་ས་ཏྱེ་མ་ཏི་ཀྲ་མ། ས་ཏྱེ་བ་ཏི་ནཱཾ། ས་ཏྱེ་མ་ཏི་ཀྲ་མ་ལཾ་བྷོ་དྷ་རི་ལཾ་བྷོ་དྷ་རི། ཀུ་ཊ་ཀུ་ཊ། ཀུཊྚ་ཀུཊྚ་ཀུཊྚ། ཀུད་ཊ་པ་ཡ་ཀུད་ཊ་པ་ཡ། ཏུད་དྲ་མ་ནཱ་ཡ། བིཥྞ་མ་ཎཱ་ཡ། ཙནྜ་སུརྻ་བཱ་མཱ་ན་ཏྲཻ་ལོ་ཀྱ་ཨ་དྷི་པ་ཏི་མ་ནཱ་ཡ་སརྦ་དེ་བ་ཨ་དྷི་བ་མཱ་ན་ཡ། སརྦ་ཡཀྵ་རཀྵ་ས་ག་ན་དྷརྦ། ཀུཾ་བྷན་ཊེ། མ་ཧོ་ར་གཱ་དྷི་པི་ཏི་མཱ་ནཱ་ཡ། བིད་དྷཱ་ན་པ་ཡ་ས་ར་ས་ནཱཾ། རང་ག་རང་ག །རཾ་ག་པ་ཡ་རཾ་གཱ་པ་ལ། ཛཱ་ལ་ཛཱ་ལ། པུཥྤ་མཱ་ལི་ནི། རུན་དྷ་རུན་དྷ། རི་ཏི་རི་ཏི་། ཙི་ཏི་ཙི་ཏི། དྷི་ཏི་དྷི་ཏི། བྷྲི་ཀུ་ཊི། མུ་ཁེ་ས་ར་སེ་ན། ཀོ་ལོད་པཱ་དྷ་ནི་ཀ་རི། ཧ་ལ་ཧ་ལ། ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ། ཧེ་ཧེ། རི་ཎི་རི་ཎི། རི་ཎི་མ་ཏི། ཛཾ་བྷ་དྷྭ་ཛེ། སརྦ་བུདྷ། ཨཱ་བ་ལོ་ཀི་ཏེ། བདག་འཇིགས་པ་ཐམས་ཅད་ལས་སྲུང་ཤིག་སྲུང་ཤིག །སརྦ་ཏ་ཐཱ་ཏ་ཨཱ་བ་ལོ་ཀི་ཏེ་སྭཱ་ཧཱ། གུ་ཎ་ར་ཛ་པྲ་བྷཱ་སོ་ཏ་མེ་སྭཱ་ཧཱ། སཱུར་ཡ་ཨརྐ་བི་མ་ལེ་སྭཱ་ཧཱ། ཙནྡྲ་ཨརྐ་བི་མ་ལེ་སྭཱ་ཧཱ། སརྦ་གྲ་ཧ་ནཀྵ་ཏྲ་དྷེ་མཱི་ཀ་རེ་ཎེ་སྭཱ་ཧཱ། བདག་འཇིགས་པ་དང་གནོད་པ་དང་ནད་འགོ་བ་དང་། འཁྲུག་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། ཞེས་དང་། ༀ་ཧཱུྃ་སྭཱ་ཧཱ། ཞེས་སྙིང་པོ་བརྒྱ་རྩ་སོགས་བཟླས་མཐར། ཇི་སྙེད་སུ་དག །སོགས་ཡན་ལག་བདུན་པ་དང་། འདོད་དོན་གསོལ་གདབ་ཇི་ལྟར་རིག་པ་བྱ། མེ་ཏོག་བཅས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་འཕགས་མ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཆོས་སྐྱོང་འཇིག་རྟེན་སྐྱོང་བ་ཚོགས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གིས་འཕགས་མ་རྒྱལ་མཚན་རྩེ་མོའི་དཔུང་བརྒྱན་གྱི་གཟུངས་སྔགས་རིན་པོ་ཆེ་ཡི་གེར་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ་སོགས་མི་མཐུན་པའི་ཕྱོགས་མཐའ་དག་སྲུང་བ་དང་། ཞི་བ་དང་། ཕྱིར་བཟློག་པ་དང་། ཕན་བདེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་དངོས་གྲུབ་སྩོལ་བ་ཅི་གནང་། སྔོན་ལྷའི་དབང་པོ་ལ་དཔལ་གྱི་མགུལ་ནས་འདི་སྐད་དུ། ལྷའི་རྒྱལ་པོ་རྒྱལ་མཚན་གྱི་རྩེ་མོའི་དཔུང་བརྒྱན་ཅེས་བྱ་བ་གཞན་གྱིས་མི་ཐུབ་པའི་གཟུངས་འདིས་ཁྱོད་གཡུལ་སྤྲོད་པའམ། འཐབ་པའམ། རྩོད་པའམ། འགྱེད་པའམ་གང་དུ་འགྲོ་ཡང་དུང་སྟེ། མི་འཇིགས་ཤིང་ཐམས་ཅད་དུ་རྒྱལ་བར་འགྱུར་རོ། །རྒྱལ་མཚན་གྱི་རྩེ་མོའི་མགུལ་དུ་བཏགས་ན་མིའི་རྒྱལ་པོ་དང་། སྐྱེས་བུ་དཔའ་བོ་ཐམས་ཅད་ལ་སྲུང་བར་བྱེད་དོ། །བུད་མེད་ཀྱི་གཟུགས་ལྟ་བུར་བསྒྱུར་ན་མདུན་དུ་འདུག་སྟེ། མི་འཇིགས་པ་སྦྱིན་ཅིང་སྲུང་བར་བྱེད་དོ། །དཔལ་སྐྱེད་པ་བྱེད། ཕ་རོལ་གྱི་སྡེ་དཔའ་བཀང་བར་བྱེད་དོ། །བཀྲ་ཤིས་པ་དང་གཙང་བ་དང་། གྲགས་པ་དང་། དཔལ་དང་ཕུན་སུམ་ཚོགས་པ་ཀུན་དུ་གནས་པར་བྱེད་དོ། །ཞེས་བཀའ་སྩལ་བའི་ཕན་ཡོན་ཐམས་ཅད་བདག་དང་སྦྱིན་པའི་བདག་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་འཕྲལ་དུ་འགྲུབ་པར་ཅི་གནང་། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་ཇི་ལྟར་བཀའ་སྩལ་བ་བཞིན་བདེན་པ་མངོན་སུམ་དུ་བསྟན་པ་ཅི་གནང་། ཞེས་ལན་གསུམ་གསོལ་བ་གདབ་ཅིང་མེ་ཏོག་འཐོར། དེ་དེ་བཞིན་དུ་ཞལ་གྱིས་བཞེས་པར་བསམ། གཏང་རག་མཆོད་བསྟོད་བྱ། མ་འབྱོར་པ་དང་། སོགས་ཀྱི་མཐར་ཡི་གེ་བརྒྱ་པ་ལན་གསུམ་གྱི་ནོངས་པ་བཤགས། འདིར་ནི་རྟེན་དང་། སོགས་ཀྱིས་མཐར། སུ་པྲ་ཏིཥྛ་དང་། ཡེ་དྷར་སོགས་བརྗོད་ཅིང་མེ་ཏོག་གི་ཆར་ཕབ་པས། ནམ་མཁའ་གང་བའི་ཚོགས་ཞིང་རྣམས་རྟེན་དང་དབྱེར་མེད་དུ་ཐིམ་པས་བྱིན་གྱིས་རླབས་ཤིང་། སླར་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་ཁྱབ་ཏུ་སད་པས་བཀྲ་ཤིས་པའ་ིཚིགས་སུ་བཅད་པ་དུ་མས་ཀྱང་མངའ་གསོལ་བར་གྱུར། ཆེ་བའི་ཆེ་མཆོག་སོགས༴ བཀྲ་ཤིས་ཇི་ལྟར་རིག་པ་བརྗོད་པས་གྲུབ་པ་ཡིན་ནོ། ༈ །གཉིས་པ་དགེ་ཚོགས་བྱང་ཆུབ་ཏུ་བསྔོ་བའི་མཐུན་འགྱུར་བཤད་པ་ནི། དེ་ལྟར་རྟེན་གྱི་བྱ་བ་རྣམ་ལག་ལེན་རྩིང་སྤྱོད་ཞིག་མ་ཡིན་པ་ཤིན་ཏུ་ཞིབ་པ་ཞིག་ཟིན་པ་ན། དེ་མ་ཐག་པ་ནས་རབ་ཏུ་གནས་དགོས་པ་སྟེ། གང་དུ་སྐུ་གཟུགས་མ་རྫོགས་པའི། །བྱིན་མ་བརླབ་པ་རིག་གནས་ན། །དེ་ལ་བཀྲ་མི་ཤིས་པ་འབྱུང་། །དེ་སྲིད་དེ་ལ་མཆོད་མི་འོས། །ཞེས་དང་། ཆོ་གའང་། དམན་པས་མི་བྱ་སྟེ། རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདི་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །ཞེས་དང་། སློབ་དཔོན་ཡང་། རབ་གནས་དང་ནང་གཞུག་གི་མཁན་པོ་ནི་དེའི་བྱ་བ་ལ་མཁས་ཤིང་ཟོལ་ཟོག་ཆུང་བ་བསྟན་པ་གཅེས་པར་འཛིན་པའི་དགེ་བའི་བཤེས་གཉེན་ཞིག་གིས་རབ་གནས་དང་གཟུངས་གཞུག་གསུང་རབ་ནས་བཤད་པ་མ་འཁྲུལ་བར་བྱས་ན་ཕན་ཡོན་དང་བྱིན་རླབས་འབྱུང་གི་དེ་ལས་གཞན་དུ་བྱིན་རླབས་འབྱུང་བ་ལྟ་ཅི། བསྟན་པ་དང་སེམས་ཅན་ལ་གནོད་ཅིང་ཡུལ་ཕྱོགས་བཀྲ་མི་ཤིས་པ་སོགས་ཉེས་པ་ཆེན་པོ་བསྐྱེད་པ་དང་། ཡོ་བྱད་རྣམས་ཆུད་ཟོས་པར་འགྱུར་བ་ཡིན་པས་སློབ་དཔོན་མཚན་ཉིད་དང་ལྡན་པས་ལག་ལེན་ཞིབ་ཏུ་མཛད་དགོས་པ་སྟེ། གཟའ་སྐར་བཟང་བའི་ཉིན་མོ་མདོ་ལུགས་ཀྱི་རབ་གནས་དགེ་སློང་ལྔ་ཚོགས་ཡན་གྱི་བཀྲ་ཤིས་པའི་གསོ་སྦྱོང་དང་། སོ་ཐར་མདོ་ཚང་བར་བཀླག །དེ་རྗེས་གནས་བརྟན་ཆོ་ག་རྒྱས་བསྡུས་གང་རུང་བྱ་བ་དང་། ཉིན་གཉིས་པར་ཐེག་ཆེན་བྱང་ཆུབ་སེམས་དཔའི་ལུགས་ཀྱིས་རབ་གནས་མཚན་དོན་དམ་སེམས་བསྐྱེད་ཆོ་ག་རྒྱས་བསྡུས་དང་། མཆོད་ཆོག་བྱས་ན་མཆོག་ཏུ་ལེགས། དེ་རྗེས་ཉེ་སྲས་སོགས་ཀྱི་མཆོད་ཆོག་དང་། ཉིན་གསུམ་པར་གསང་སྔགས་རྡོ་རྗེ་ཐེག་པའི་རབ་གནས་དཀྱིལ་འཁོར་གང་རུང་དང་འགྲེལ་པ་བྱ་བ་སྟེ། དེ་དག་གི་བར་ཞག་གི་མ་ཆོད་ཀྱང་སྔ་དྲོ་གསོ་སྦྱོང་དང་གནས་ཆོག །ཕྱི་དྲོ་སེམས་བསྐྱེད་ཆོ་ག་དང་ཉེ་སྲས་མཆོད་ཆོག་ཙམ་བྱས་ཏེ། སྔགས་ཀྱི་རབ་གནས་ཉིན་གྲངས་ཇི་ལྟར་འོས་པ་འབྱོར་པ་དང་ལོངས་སྐབས་བ སྟུན་ནས་རྒྱས་བསྡུས་གང་འགྲུབ་བྱས་ཏེ། ཉིན་ཐ་མའི་ཡོན་བདག་གི་བསྒོ་བའི་མགོར་དེར་འཚོགས་སྐྱེ་བོ་ཐམས་ཅད་འདུས་ཏེ་གྲལ་ལ་འཁོད། ཙ་རུའི་བཟའ་བ་འགྲིམ་སྟེ་གསོལ་བའི་སྐབས་རྡོ་རྗེ་སློབ་དཔོན་གྱིས་སྤྱིའི་ཆོས་ཀྱི་རྣམ་བཞག་སྐབས་ཐོབ་དང་། བྱེ་བྲག་དྲི་མེད་རྣམ་གཉིས་སོགས་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བཞེངས་པ་དང་མཐོང་ཐོས་དྲན་རེག་གྲོལ་བའི་ཕན་ཡོན་རྒྱས་པ་གཟུངས་ཆེན་སྡེ་ལྔ་དང་འོད་ཟེར་དྲི་མེད་ཀྱི་མདོ་དང་། མཆོད་རྟེན་བསྐོར་བའི་ཕན་ཡོན། གསལ་རྒྱལ་གྱི་ཞུས་པའི་མདོ། སྤྱན་རས་གཟིགས་མདོ་སོགས་ལས་ཞིབ་རྒྱས་སམ་མིན་ཀྱང་འོག་ནས་བཤད་པའི་མཆོད་རྟེན་གྱི་ཞལ་བྱང་ཙམ་ཡིན་ཀྱང་ཚིག་སྡེབ་སྦྱོར་ལྷུར་མི་ལེན་པ་གྲོང་པ་ཕོ་མོ་ལ་གོ་བརྡ་འཕྲོད་ངེས་ཀྱི་གསུང་གསལ་པོ་རེ་མཛད་པ་ཁྱད་པར་འཕགས་ཏེ། དྲི་མ་མེད་པའི་འོད་ལས། ཡུལ་གྱི་སྐད་ཀྱིས་ཆོས་གོ་ན། །བསྟན་བཅོས་སྐད་ཀྱིས་ཅི་ཞིག་བྱ། །ཞེས་གསུང་པ་ལྟར་དེར་འདུས་པའི་སྐྱེ་བོ་ཐམས་ཅད་དད་པ་དང་དང་བ་ལྷག་གེ་བ་བྱས་ཏེ་ཡོན་བདག་བགོ་བ་དང་བཀྲ་ཤིས་མཇུག་བསྔོ་བ་ལ་སླེབ་པ་ན། ཐམས་ཅད་ཀྱིས་གཅོམ་བསྐྱུང་སྟེ་གུས་པར་ཉན་པ་ན། སློབ་དཔོན་གྱི་ཐོག་མར་སེམས་བསྐྱེད་གལ་ཆེ་ཚུལ་དང་། མཇུག་ཟིན་པ་བསྔོ་བ་རྟ་ཁ་སྲབ་དང་ཤིང་རྟའི་ཁ་ལོ་བ་ལྟ་བུ་ཡིན་ཚུལ་གྱི་གལ་ཆེ་ཚུལ་བཤད། དེ་ལྟ་བུའི་བསྔོ་བ་ལ་དམིགས་མེད་ཀྱི་བསྔོ་བ་དང་དམིགས་བཅས་གཉིས་ཡོད། དམིགས་བཅས་ནི་ཁོང་ཁྲོ་སོགས་ཀྱིས་འཛད་ལ། དམིགས་མེད་ཀྱིས་རྩིས་ཟིན་ན་དགེ་ཚོགས་བར་མ་དོར་ཆུད་མི་ཟ་བ་ཡིན། དམིགས་མེད་མཚན་ཉིད་པ་ནི་འཕགས་ལམ་གྱི་ཡེ་ཤེས་བརྙེས་པའི་སྐབས་མ་གཏོགས་འོང་བ་མིན། འོ་ཅག་རྣམས་ཀྱི་ནུས་ཚོད་ཀྱི་དམིགས་མེད་བསྔོ་བ་ལ་གཉིས་ཡོད་ཏེ་སངས་རྒྱས་ཀྱི་རྗེས་མཐུན་དུ་སློབ་བའི་དམིགས་མེད་བསྔོ་བ་ནི་དུས་གསུམ་གཤེགས་པའི་རྒྱལ་བ་སོགས་དང་། སེམས་དཔའ་རྣམ་གྱི་རྗེས་མཐུན་དུ་སློབ་པའི་དམིགས་མེད་བསྔོ་བ་ནི་འཇམ་དཔལ་དཔའ་བོ་སོགས་ཡིན་ཚུལ་རྒྱས་པར་གསུང་། དེ་འདྲ་བའི་དོན་མ་ཤེས་ན་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར་བསྔོ་སྙམས་པ་བྱས་ན། འཇིག་རྟེན་གྱི་དཔལ་འབྱོར་མངའ་ཐང་ཞར་ལས་འབྱུང་ཚུལ་རྒྱས་པར་གསུངས་ཏེ་མཐུན་འགྱུར་ལ་འཇུག །དེ་ལྟར་མིན་པ་ད་ལྟའི་དུས་ཀྱི་བླ་མ་རྣམས་ཡོན་བསྔོ་བ་ལ་སླེབ་པ་ན་བྲེལ་ཚུབ་ཚུབ་ལ་ལ་འགྲོ་ཆས་བྱེད། ལ་ལས་མཆོད་ཆ་ཡི་གེ་ཉར་ཚག་བྱས་ཏེ་ལང་མ་རག་པ་བྱེད་པར་འདུག་སྟེ། སྟོན་པ་མཆོག་གིས་དགེ་འདུན་པས་ཡོན་བསྔོ་བ་ལེགས་པར་གསུང་པ་ལས་ཉབ་ཉོབ་མང་པོ་གྲངས་བ སོགས་པར་མ་གསུང་། རང་དོན་ཇ་དང་བཟའ་བཏུང་གི་ཚེ་ན་ནི་དལ་དལ། ཡོན་བདག་གི་གནད་གལ་པོ་ཆེ་ཡོན་བསྔོ་བ་ལ་ཐུག་པ་ན་བྲེལ་ལིང་ལིང་འདི་འོང་སམ་ཅི། སྙིགས་དུས་ཀྱི་འབྱོར་དམན་ཡོན་བདག་རྣམས་སྙིང་རེ་མི་རྗེའམ་བླ་མ་རྣམས། དེ་བས་ན་ལན་མང་དུ་གོ་བརྡའ་སྤྲད་ནས། འདི་སྐབས་མཐུན་འགྱུར་མཁན་ཆེན་ཞི་བ་མཚོའི་ཆོ་ག་ལས་བཏུས་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དྲང་སྲོང་སྨོན་ལམ་བདེན་ཚིག་ལ་དབང་བ་རྣམས་དང་ཚངས་པ་དང་དབང་པོ་སོགས་ལྷའི་དགེ་སྙེན་དཀར་ཕྱོགས་སྐྱོང་བའི་ཚོགས་ཐམས་ཅད་བདག་དང་སྦྱིན་པའི་བདག་པོའི་གཙོར་བྱས་འདིར་འདུས་ཤིང་འཚོགས་པ་རྣམས་ལ་གཟིགས་ཤིང་དགོངས་སུ་གསོལ། དེང་འདིར་ཆོས་སྐུའི་མཆོད་རྟེན་ཚུལ་བཞིན་བགྱིས་ཏེ་མཆོད་པ་ལ་སོགས་པའི་དགེ་བ་འདིས་མཚོན་དུས་གསུམ་དུ་བསགས་པའི་དགེ་ཚོགས་ཐམས་ཅད་ཀྱིས་སྟོབས་ཀྱིས། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་རང་བཞིན་གྱི་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་པར་མཛད་པའི་དགོངས་པ་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཕོ་བྲང་གི་དཀྱིལ་འཁོར་ཐམས་ཅད་དུ་བཟང་པོ་སྤྱོད་པའི་མཆོད་པའི་སྤྲིན་རྒྱས་པས་ཀླུབ་པར་གྱུར་ཅིག །དམ་པའི་ཆོས་རྣམ་པ་ཐམས་ཅད་ཀྱིས་སྒོ་ནས་འཇིག་རྟེན་ཐམས་ཅད་དུ་དར་ཞིང་རྒྱས་ལ་འགྲོ་བ་རྣམས་ཀྱི་རྒྱུད་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་དང་རང་རྒྱལ་དང་ཉན་ཐོས་ཐམས་ཅད་སོ་སོའི་རྣམ་པར་ཐར་པ་མཐར་ཕྱིན་ནས་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །དམ་པའི་ཆོས་སྐྱོང་བ་ཐམས་ཅད་ཀྱང་ཐུགས་དམ་རླབ་པོ་ཆེ་ཡོངས་སུ་རྫོགས་ཤིང་མཐུ་སྟོབས་གཟི་བྱིན་རབ་ཏུ་འཕེལ་བ་དང་ཆོས་ཀྱི་མངའ་བདག་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བརྙེས་པར་གྱུར་ཅིག །བདག་ཅག་འཁོར་དང་བཅས་པ་ལ་འགོ་ཞིང་ཕན་འདོགས་པའི་ལྷ་མགོན་ཐམས་ཅད་ལུས་སེམས་ཉེས་པའི་སྐྱོན་དང་བྲལ་ནས་དཔལ་དང་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །མུ་མེད་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱང་སྒྲིབ་གཉིས་བྱང་སྡུག་བསྔལ་གནོད་པ་ཐམས་ཅད་ཞི། བྱང་ཆུབ་ཀྱི་ཕྱོགས་ཀྱི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །དགེ་བ་འདིས་མཚོན་དེ་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་དགེ་བའི་རྩ་བ་ཅི་མཆིས་པའི་སྟོབས་དང་དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་དང་། ཐེག་པ་ཆེན་པོའི་མདོ་སྡེ་དང་གཟུངས་ཟབ་ཅིང་རྒྱ་ཆེ་བ་རྣམས་མཆོད་དེ་བཀླག་ནས་ཆོས་ཀྱི་སྐུ་མཆོད་རྟེན་ཚུལ་བཞིན་བགྱིས་པའི་བསོད་ནམས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྟོབས་ཀྱིས་མདོ་སྡེ་དང་གཟུངས་ལས་ཕན་ཡོན་ཇི་ལྟར་བཀའ་རྩལ་བ་ཐམས་ཅད་བདག་དང་སྦྱིན་པའི་བདག་པོས་འཕྲལ་དུ་ཐོབ་ཅིང་ཡོངས་སུ་རྫོགས་ནས་མངོན་དུ་གྱུར་ཅིག །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མ་མཆིས་པའི་འཁོར་བ་ན་ལས་དང་ཉོན་མོངས་དང་རྣམ་པར་སྨིན་པའི་སྒྲིབ་པ་ལ་སོགས་པས། ངན་སོང་གསུམ་དང་མི་ཁོམ་པ་རྣམས་སུ་སྐྱེ་བར་འགྱུར་བའམ། བྱང་ཆུབ་ཀྱི་སེམས་དགེ་བའི་ཕྱོགས་ལས་ཉམས་པ་ལ་སོགས་པ་སྡིག་པའི་ལས་སྣ་ཚོགས་རང་གི་བགྱིས་པའམ། བགྱིད་དུ་བཙལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་མ་ལུས་པ་བསལ་ཏེ་གཏན་ནས་ཞི་ཞིང་བྱང་བར་གྱུར་ཅིག །སྔོན་གྱིས་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་དང་ཚེ་ཐུང་བ་དང་། གནོད་པ་དང་། མི་དགེ་བ་དང་། བཀྲ་མི་ཤིས་པ་དང་། ངན་པ་དང་། སྡིག་པ་ཐམས་ཅད་ཞི་ཞིང་གཏན་དུ་མི་འབྱུང་བར་གྱུར་ཅིག །གདོན་འགེགས་རྣམས་གནོད་འཚེའི་བསམ་པ་ལས་གྲོལ་ཞིང་དེ་དག་བྱམས་པའི་སེམས་དང་ལྡན་ནས་ཕྱིན་ཆད་སུ་ལའང་གནོད་སེམས་མི་འབྱུང་བར་གྱུར་ཅིག །འཕྲལ་དུ་ཚེ་རིང་ནད་མ་མཆིས་པ་དང་། འབྱོར་པ་ཕུན་སུམ་ཚོགས་ལ་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ལ་སོགས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཐམས་ཅད་དང་ལྡན་པར་གྱུར་ཅིག །ཚེ་རབ་ཐམས་ཅད་དུ་ཡང་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ལུས་དང་ལོངས་སྤྱོད་འཁོར་གྲོགས་བཤེས་གཉེན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ཐེག་པ་ཆེན་པོའི་ཆོས་དང་རྟག་ཏུ་འཕྲད་ཅིང་ཐོས་བསམ་བསྒོམ་པའི་དོན་མངོན་སུམ་དུ་བགྱིད་པར་གྱུར་ཅིག །དམ་པའི་ཆོས་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་དམ་པ་རྣམས་དང་རྒྱུན་དུ་འགྲོགས་ཤིང་མཉེས་པར་བྱས་པ་དང་། ཡོ་བྱད་ལ་མ་ཆགས་ཤིང་ཐབས་ལ་མཁས་པ་དང་། ཤེས་རབ་ཀྱི་མཐུ་ཐོགས་པ་མེད་པ་དང་ལྡན་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབ་པོ་ཆེ་ཐམས་ཅད་བདེ་བླག་ཏུ་ཉམས་འོག་ཏུ་ཆུད་པར་གྱུར་ཅིག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་གཡུང་དྲུང་གི་སྐུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཆེན་པོ་མྱུར་དུ་ཐོབ་ནས་སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ལས་སྒྲོལ་ཞིང་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་འཁོད་པར་གྱུར་ཅིག །ཞེས་བསྔོ་སྨོན་གྱི་མཐུན་འགྱུར་ཐམས་ཅད་ཀྱིས་བཟང་པོ་སྤྱོད་པའི་སྨོན་ལམ་ལན་གསུམ་སོགས་དང་གཞན་ཡང་སྨོན་ལམ་གྱི་ཚོགས་མཐའ་རྒྱས་སུ་གདབ་པར་བྱས་ཏེ་ཚོགས་གྲོལ། གསུམ་པ་སྐལ་བཟང་ཡིད་ལ་དད་པ་སྐྱེད་པའི་མཆོད་རྟེན་གྱི་ཞལ་བྱང་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་སོ། །བྱིན་གྱིས་རླབས་པར་མཛད་དུ་གསོལ། སྤང་རྟོགས་མཆོག་བརྙེས་སྟོན་པ་བདེ་བར་གཤེགས། །ཞི་གྱུར་ཆགས་བྲལ་ལམ་བཟང་དམ་པའི་ཆོས། །རིག་གྲོལ་སྐལ་ལྡན་འཕགས་པའི་དགེ་འདུན་ཏེ། །བསླུ་མེད་མཆོག་གསུམ་ཤིས་པའི་དགེ་ལེགས་རྩོལ། །དད་བརྩོན་ཤུགས་ཀྱིས་ལུས་ངག་སེམས་བརྒྱུད་དེ། །བརྩོན་འགྲུས་དྲག་པོས་རིན་ཆེན་སྣ་ལྔ་དང་། །འབྱུང་བ་ལྔ་ལས་གྲུབ་པའི་མཆོད་རྟེན་དང་། །སྐུ་གདུང་རིང་བསྲེལ་རྣམས་ལ་ཕྱག་འཚལ་ལོ། །སྲས་བཅས་རྒྱལ་བས་ཡང་སྤངས་སྙིགས་དུས་འགྲོ། །ཐབས་མཁས་སྙིང་རྗེའི་ཐུགས་ཀྱིས་ཡོངས་བཟུང་ནས། །དྲི་མེད་ཞི་བ་དམ་པའི་ལམ་འགོད་པའི། །རིང་བསྲེལ་སྙིང་པོའི་མཆོད་རྟེན་ཕན་ཡོན་སྤྲོས། །དེ་ལ་འདིར་གྲོལ་བ་བཞི་ལྡན་གྱི་བདག་ཉིད། དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་ཞལ་བྱང་ལས། མཆོད་རྟེན་བཞེངས་པའི་ཕན་ཡོན། ཕྱག་མཆོད་བསྐོར་བའི་ཕན་ཡོན། མཐོང་ཐོས་དྲན་རེག་གྲོལ་བའི་ཕན་ཡོན་ནོ། །རྟེན་འདི་ཉིད་ཀྱི་རིང་བསྲེལ་རྣམ་བཞིའི་ཞལ་བྱང་བསྔོ་སྨོན་གྱི་མཇུག་བསྡུ་བ་དང་ལྔའོ། །དང་པོ་མཆོད་རྟེན་བཞེངས་པའི་ཕན་ཡོན་ནི། འོད་ཟེར་དྲི་མ་མེད་པའི་མདོ་ལས། བྲམ་ཟེ་ཆེན་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་ཕ་མ་གང་ལ་ལ་ཚེ་ཐུང་བའམ་ནད་མང་བ་ཞིག་ཡོད་ན་དེས་མཆོད་རྟེན་རྙིང་པ་བཅོས་སམ། གསར་དུ་བཙིགས་ཀྱང་རུང་སྟེ། གསང་སྔགས་འདི་བྲིས་ལ་ནང་དུ་བཞུགས་ནས་དཀྱིལ་འཁོར་བྱི་དོར་བྱས་ཏེ་མཆོད་ནས་ཡོན་ཏན་ནི་ཚེ་ཟད་པ་ལས་ཚེ་སླར་ནུར་ཞིང་རིང་བ་དང་། ནད་ཀྱི་བཏབ་སྟེ་སྡུག་བསྔལ་བའང་ནད་དོ་ཅོག་ལས་ཐར་པ་དང་ནམ་དུ་ཡང་ངན་འགྲོ་དང་། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་མི་འགྱུར། དེ་དག་སྒྲ་རྣ་ལམ་དུའང་གྲགས་པར་མི་འགྱུར་ན་དེར་སྐྱེ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་དང་། མཆོད་རྟེན་ཆེ་ཆུང་ཅི་ཙམ་ནུས་པ་བདུན་ཅུ་རྩ་བདུན་གདབ་པར་བྱ་ཞིང་། དེ་རེ་རེའི་ནང་དུ་གསང་སྔགས་བཅུག་སྟེ་སེམས་རྩེ་གཅིག་ཏུ་མཆོད་པ་བྱེད་ན། ཚེ་ཟད་པ་ལས་ཚེ་སླར་ནུར་ཞིང་རིང་བ་དང་། སྔོན་གྱི་ལས་ཀྱི་སྒྲིབ་པ་ཚེ་རབས་གྲངས་མེད་པའི་སྡིག་པ་བྱང་ནས་ནམ་དུའང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དགས་ཀྱི་སྐྱེ་གནས་ཐམས་ཅད་དུ་སྐྱེ་བར་མི་འགྱུར་རོ། །གང་དུ་སྐྱེ་བའི་གནས་ཐམས་ཅད་དུའང་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་འགྱུར་རོ། །ཡིད་ལ་བསམ་པ་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་འབུམ་ཕྲག་བདུན་ཅུ་རྩ་བདུན་རྙེད་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །ནད་དང་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཞེས་དང་གང་ལ་ལ་ཞིག་གིས་མཆོད་རྟེན་བདག་ཉིད་ཀྱིས་སམ་གཞན་ལ་བྱེད་དུ་བཅུག་གམ། མཆོད་རྟེན་རྙིང་པ་བཅོས་སམ་ལེགས་བྱས་ཀྱང་། ས་འཇིམ་དང་། སོང་གམ། རྡོ་བ་ལས་བྱས་ཀྱང་རུང་སྟེ་དང་པོ་གསང་སྔགས་ཀྱི་སྙིང་པོ་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། དེའི་འོག་ཏུ་མཆོད་རྟེན་སེན་མོ་གང་ཙམ་གྱི་ཚད་དུ་བྱས་སམ། དཔག་ཚད་བྱེད་ནའང་རུང་སྟེ་གསང་སྔགས་ཀྱི་མཐུས་དང་སེམས་རྩེ་གཅིག་ཏུ་བྱས་པ་རི་སྟོབས་ཀྱིས་མཆོད་རྟེན་དེ་ལ་སྤོས་ཀྱི་ངད་ལྡང་བར་འགྱུར། ཙནྡན་ག་བུར་གླ་རྩི་དང་། གུར་གུམ་ལ་སོགས་པའི་དྲི་བྲོའོ། །ལྷ་ཡི་སྤོས་དྲི་ཞིམ་པོའི་ངད་ལྡང་བར་འགྱུར་རོ། །བདག་དང་གཞན་མཆོད་རྟེན་གྱི་ལས་བྱས་པ་དང་། བཟླས་བརྗོད་བྱེད་པ་དེ་བསམ་པ་ཡིད་བཞིན་དུ་འགྲུབ་པར་འགྱུར། དགེ་བའི་རྩ་བ་རྒྱ་ཆེན་པོ་གསོགས་པར་འགྱུར། ཡོན་ཏན་ལེགས་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །ཚེ་ཐུང་བའི་ལས་ཞིག་ཡོད་ནའང་ཚེ་རིང་བར་འགྱུར་རོ། །ནམ་འ ཆི་བའི་དུས་བྱེད་པ་ན་སངས་རྒྱས་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་ཞལ་མཐོང་ཞིང་། དེ་བཞིན་གཤེགས་པ་དེ་དག་གིས་རྗེས་སུ་དགོངས་ཏེ། སྐྱེ་གནས་ཕྱི་མ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་ཞིང་མངོན་སུམ་དུ་ལུང་སྟོན་པར་འགྱུར། དེར་ཡང་ཚེ་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཐུབ་པར་འགྱུར་ཏེ། སྔོན་གནས་རྗེས་དྲན་དང་། ལྷ་ཡི་མིག་དང་། རྣ་བ་རྣམ་པར་དག་པ་ཐོབ་ཅིང་། ཕ་རོལ་གྱི་སེམས་ཤེས་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་དང་། ལུས་ལ་ཙནྡན་གྱི་དྲི་འབྱུང་ཞིང་ཁ་ནས་ཨུཏྤལའི་བསུང་ལྡང་བར་འགྱུར། བླ་ན་མེད་པ་བྱང་ཆུབ་ཀྱི་ལམ་ཐོབ་ནས་ཕྱིར་མི་ལྡོག་པའི་སའང་ཐོབ་པར་འགྱུར་རོ་ཞེས་དང་། གཙུག་ཏོར་དྲི་མ་མེད་པའི་མདོ་ལས། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པའི་སྙིང་པོ་འདི་ལ་གུས་པར་བྱས་ཏེ། མཆོད་རྟེན་གྱི་ལས་བྱས་ན། ཚེ་ཟད་པའང་ཚེ་སླར་ནུར་ཏེ་ཚེ་རིང་པོར་སྐྱོང་བར་བྱེད་དོ། །གལ་ཏེ་འཆི་འཕོས་ནའང་སྦྲུལ་གྱི་ལྤགས་པ་བརྗེས་པ་བཞིན་ལུས་བོར་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །འཆི་བའི་སྡུག་བསྔལ་མྱོང་བར་མི་འགྱུར་རོ། །ཕྱིན་ཆད་ནམ་ཡང་འཆི་བའི་ཚོར་བ་མྱོང་བར་མི་འགྱུར། ཕྱིན་ཆད་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དང་། ངན་འགྲོར་འགྲོ་ཞིང་སྐྱེ་བར་མི་འགྱུར། ཕྱིན་ཆད་སེམས་ཅན་དམྱལ་བའི་སྒྲ་རྣ་ལམ་དུ་གྲགས་པར་མི་འགྱུར་ན། འབྲས་བུ་རྣམ་པར་སྨིན་པ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །ཞེས་སོ། །གཉིས་པ་ཕྱག་མཆོད་བསྐོར་བའི་ཕན་ཡོན་ནི། འོད་ཟེར་དྲི་མེད་ལས་གང་ལ་ལ་ཞིག་གིས་མཆོད་རྟེན་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ། ཐལ་མོ་སྦྱར་རམ། མེ་ཏོག་ཕུལ་ལམ། བྱུག་པ་དང་། བདུག་སྤོས་ཕུལ་ལམ། དྲིལ་བུ་དང་། བ་དན་དང་། གདུགས་འགའ་ཞིག་ཕུལ་ན་སམ། དེ་བཞིན་གཤེགས་པ། དགུ་ཁྲི་དགུ་སྟོང་གི་མཆོད་རྟེན་ལ་ཕུལ་བའི་བསོད་ནམས་དང་མཉམ་པ་ཡིན་ནོ། །དགེ་བའི་རྩ་བ་ཡོངས་སུ་རྫོགས་པའི་དཔལ་དང་མཐུ་སྟོབས་རྒྱ་ཆེན་པོའི་ཐོབ་པར་འགྱུར་རོ། །ཞེས་དང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། མཆོད་རྟེན་དེ་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ། མཆོད་པ་ཕུལ་ཡང་རུང་སྟེ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བླ་ན་མེད་པ་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པ་ཡང་འགྱུར་རོ། །སྔོན་གྱི་སྒྲིབ་པ་རྣམས་ཀྱང་བྱང་བར་འགྱུར་རོ་ཞེས་དང་། མཆོད་རྟེན་བསྐོར་བའི་ཕན་ཡོན་ལས། མཆོད་རྟེན་བསྐོར་བ་བྱས་པས་ན། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམ་གྱིས་ནི་བརྒྱན་པ་དང་། །གསེར་བའི་སྐུ་མདོག་ཐོབ་པར་འགྱུར། ཞེས་སོགས་མཐའ་ཡས་སོ། །གསུམ་པ་མཐོང་ཐོས་དྲན་རེག་གྲོལ་བའི་ཕན་ཡོན་ནི། འོད་ཟེར་དྲི་མེད་ལས། ཐ་ན་བྱ་དང་རི་དྭགས་ལ་སོགས་ཏེ་གང་དག་ལ་མཆོད་རྟེན་དེའི་གྲིབ་མ་ཕོག་པ་དེ་དག་ཀྱང་ནམ་ཡང་དུད་འགྲོ་ལ་སོགས་པའི་ངན་སོང་གི་གནས་སུ་སྐྱེ་བར་མི་འགྱུར། མཚམས་མེད་པ་ལྔའི་སྡིག་པ་དང་ལྡན་པའང་། མཆོད་རྟེན་དེ་ལ་རེག་གམ། དེའི་གྲིབ་མ་ཕོག་ཀྱང་བླ་ན་མེད་པ་རྫོཔགས་འི་བྱང་ཆུབ་ཐོབ་ཅིང་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་ཞིང་། ཡང་གང་ཞིག་གི་མཆོད་རྟེན་འདི་ལྟ་བུ་རྨི་ལམ་དུ་རྨིས་སམ། རྒྱང་ནས་མཐོང་ངམ་དྲིལ་བུའི་སྒྲ་ཐོས་སམ། མཆོད་རྟེན་བཞེངས་པ་རྣ་བར་ཐོས་པ་དེ་དག་ཀྱང་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་སྟེ། རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྲུང་བ་དང་། རྗེས་སུ་དགོངས་པར་མཛད་དོ། །རྫོགས་པའི་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་རོ། །ཞེས་དང་། གང་གཞན་ལ་ལ་ཞིག་གིས་མཆོད་རྟེན་དེ་མཐོང་ངམ། མཆོད་རྟེན་དེའི་དྲིལ་བུའི་སྒྲ་ཐོས་ནའང་། ལས་ཀྱི་སྒྲིབ་པ་དང་སྡིག་པ་ཐམས་ཅད་བྱང་བར་འགྱུར་ཏེ། མཚམས་མེད་པ་ལྔ་བྱས་པའང་འཆི་བའི་དུས་བྱས་པའི་འོག་ཏུ་བདེ་བ་ཅན་དུ་སྐྱེའོ། །གང་ཞིག་གིས་མཆོད་རྟེན་དེའི་མིང་ཐོས་པའང་འཆི་བའི་དུས་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར། ཐ་ན་བྱ་དང་རི་དྭགས་ལ་སོགས་པ་སེམས་ཅན་གང་གིས་མཐོང་བ་དེའང་ཚེ་འཕོས་ནས་དུད་འགྲོའི་སྐྱེ་གནས་སྤངས་ཏེ་བསོད་ནམས་དང་ལྡན་པའི་ལུས་ཐོབ་པར་འགྱུར་རོ། །ཞེས་དང་། གསང་སྔགས་ཡི་གེར་བྲིས་ལ་ལམ་གྱི་གཞི་མདོའམ་སུམ་མདོ་སྐྱེ་བོ་མང་པོ་ཕན་ཚུན་འགྲོ་བའི་གནས་སུ་མཆོད་རྟེན་བྱས་ལ་དེའི་ནང་དུ་བཅུག་ན། འགྲོ་བ་ཐམས་ཅད་དང་། བྱ་དང་སྦྲང་མ་དང་། ཐ་ན་གྲོག་སྦུར་ཡན་ཆད་ཀྱི་ས་མཐོང་བ་དང་ཐོས་པ་དང་། རེག་པ་དང་། དེ་ལ་ཕོག་པའི་ས་དང་རྡུལ་དང་རླུང་དང་གྲིབ་མས་ཕོག་ནའང་བྱོལ་སོང་དང་། ཡི་དྭགས་དང་། ངན་སོང་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་སྡིག་པ་ཐམས་ཅད་དང་བྲལ་ཞིང་འཆི་བའི་དུས་བྱས་ནས་བདེ་འགྲོ་མཐོ་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཡོངས་སུ་བྱང་ནས། ཚེ་རབས་རྗེས་སུ་དྲན་པ་ཐོབ་པར་འགྱུར་ཞིང་། ཕྱིར་མི་ལྡོག་པའི་ཆོས་ཅན་དུ་འགྱུར་རོ་ཞེས་དང་། གཙུག་ཏོར་དྲི་མེད་ལས། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཐམས་ཅད་དང་། གཞན་ཡང་སྲོག་ཆགས་ཀྱི་རིགས་སྣ་ཚོགས་དེར་འོང་བ་དེ་དག་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །ཐ་ན་གྲིབ་མས་ཕོག་པའང་ཡོངས་སུ་གྲོལ་བར་འགྱུར་ན། བཀུར་ཏི་མང་དུ་བྱེད་པ་རྣམས་ནི་ཅི་སྨོས་ཏེ། འདིའི་ཕན་ཡོན་དང་ཡོན་ཏན་ནི་བརྗོད་པར་མི་ནུས་སོ། །ཞེས་གསུངས་སོ། །བཞི་པ་མཆོད་རྟེན་འདི་ཉིད་ཀྱི་རིང་བསྲེལ་རྣམ་བཞིའི་ཞལ་བྱང་ནི། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་སྐུ་གདུང་གི་རིང་བསྲེལ་སྐུ་བལ་གྱི་རིང་བསྲེལ་ཆོས་སྐུའི་རིང་བསྲེལ་སོགས་ཇི་སྙེད་ཡོད་པ་རྣམ་གདུལ་བྱ་དད་པ་སྐྱེད་པའི་ཕྱིར་སོ་སོར་འདི། ནོར་དང་ལོངས་སྤྱོད་ཀྱི་དངོས་པོ་ཕུལ་བ་ནི་མི་བྲི་སྟེ་འཇིག་པའི་རྒྱུར་འགྱུར་པའ་ིཕྱིར་རོ། །དེ་ལྟར་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ནི་མཆོག་གསུམ་ཞིང་ལ་ཚོགས་བསགས་པ་ལས་བྱུང་བ་ན། འདི་སྣང་གི་བདེ་བ་ཕྲན་བུ་རེས་རྒྱག་པའི་ཆེ་བཙན་འབྱོར་ལྡན་གཞོན་ནུ་རྣམས་ཀྱང་སྔོན་བསོད་ནམས་བསགས་པས་འདིར་བདེ་སྐྱིད་ཅུང་ཟད་རེ་བྱུང་བ་ཡིན་ལ། ཚེ་འདིར་མི་ཚེ་སྟོང་ཟད་ལ་བཏང་ན་སྔོན་བསགས་བསོད་ནམས་འདིར་ཟད་ནས་ཕྱིས་ཡང་སྲིད་ཉེ་བར་ལེན་དུས་ཅི་ལྟར་བྱ། ཚེ་འདིར་དབུལ་ཞིང་ཕོངས་པ་རྣམ་སྔོན་བསོད་ནམས་ཞན་བས་དེ་འདྲར་གྱུར་པ་ཡིན་ན། ད་རེས་བསོད་ནམས་ཅུང་ཟད་ཀྱང་མ་བསགས་ན་དེ་ལས་སྡུག་ཞིག་ལས་འགྲོ་ས་མེད་ངེས་པ་ཡིན་པས། དེ་ཕྱིར་མཆོག་དམན་ཐམས་ཅད་ནས་བསོད་ནམས་བསགས་པ་ལ་འབད་པས་མི་ལུས་བླང་བ་དོན་ཡོད་ཞིག་མཛད་པ་བཀའ་དྲིན་ཞུ་ཞུ། ལྔ་པ་བསྔོ་སྨོན་གྱི་མཇུག་བསྡུ་བ་ནི། སྨྲས་པ། དེ་ལྟར་འཕྲལ་ཡུན་དགེ་ལེགས་གཞིར་གྱུར་ཅིང་། །ཡོན་ཏན་ཀུན་འབྱུང་ཉེས་ཀུན་སེལ་བའི་གཉེན། །ཡིད་བཞིན་ནོར་མཆོག་འདི་ངོ་ཤེས་ཀྱིས་ལ། །སྐལ་བཟང་གྲོགས་རྣམས་དགའ་བས་འདིར་འཇུག་མཛོད། །གྲངས་མེད་བསྐལ་བར་ཚོགས་གཉིས་ཡོངས་རྫོགས་ནས། །བདུད་བརྟུལ་བྱང་ཆུབ་སྙིང་པོར་མངོན་བཞུགས་པའི། །འགྲོ་བའི་བླ་མ་དེས་ཀྱང་ཕྱག་བགྱིད་ན། །རྨོངས་པ་བདག་ཅག་འདི་ལ་ཅིའི་མི་གུས། །དང་བའི་སེམས་ཀྱིས་མེ་ཏོག་གཅིག་ཕུལ་དང་། །གོམ་པ་གཅིག་དོར་བསོད་ནམས་ཇི་སྲིད་དུ། །རྣམ་མཁྱེན་བར་དུ་འཛད་མེད་ཅེས་གསུང་ན། །སྐལ་བཟང་རྣམས་ཀྱིས་ཕྱག་མཆོད་བསྐོར་བར་རིགས། །གསེར་སོགས་རིན་ཐང་ཆེ་དགུའི་དངོས་པོ་རྣམས། །སྙིགས་དུས་འབྱོར་པས་དམན་པས་རྙེད་དཀའ་ཡང་། །ས་དང་རྡོ་ལ་ཕོངས་པ་མེད་པའི་ཕྱིར། །ཐར་འདོད་ཡོད་ན་འདི་ལ་ཅིས་མི་བཙོན། །དེ་ལྟར་ལེགས་པའི་ལམ་ལས་བརྩམ་པ་ཡིས། །ཇི་སྙེད་དགེ་བ་དུས་གསུམ་བསགས་པ་རྣམས། །ཡུན་རིང་དྲིན་གྱིས་བསྐྱང་བའི་ཕ་མ་འགྲོ། །ཁམས་གསུམ་རིགས་དྲུག་འགྲོ་བའི་དོན་དུ་བསྔོ། །རྒྱལ་ཁམས་སྤྱི་དང་གངས་རིའི་ར་བའི་ལྗོངས། །ཕུན་ཚོགས་ལྷ་ལ་འགྲན་པའི་འབྱོར་པ་དང་། །རྒྱལ་བསྟན་རིན་ཆེན་ཉི་མ་ཡུན་གནས་ཏེ། །ཆོས་འབྱོར་བདེ་དགས་རྟག་ཏུ་འཚོ་བར་ཤོག །རྣམ་དཀར་འདི་ལ་ལེགས་བྱས་བརྩམ་པ་ཡི། །ས་རྡོ་ཆུ་ཤིང་ལས་བྱེད་ཐམས་ཅད་དང་། །མཐོང་ཐོས་དྲན་རེག་འགྲོ་བ་མ་ལུས་ཀུན། །ལྷ་མའི་འདྲེན་པ་རྒྱལ་བའི་དབང་པོར་ཤོག །ཞེས་སྤང་ལེབ་སོགས་ལ་ལེགས་པར་བྲིས་ཏེ་མཆོད་རྟེན་ངོས་ལ་སྦྱར་རོ། །དེ་ལྟར་ཞལ་བྱང་བྲིས་པས་དད་པ་དང་ལྡན་པས་མཐོང་ན་དེའི་རྒྱུད་ལ་དྭང་བ་འདྲེན་ཅིང་མོས་གུས་སྐྱེ་བའི་དགོས་པ་ཡོད་ཅིང་། སེམས་དང་བ་ཙམ་བྱུང་ཀྱང་དེའི་རྒྱུད་ལ་ཐར་བའི་ས་བོན་ཐེབ་པ་ཡིན་པ་དང་། ཀུན་གྱིས་ལོ་རྒྱུས་ཤེས་ནས་མི་ཕྱེད་པའི་དད་གུས་འབྱུང་བ་མཐོང་ཆོས་ཡིན་པས་ཤིན་ཏུ་གལ་ཆེ། གཞན་རྒྱུད་ལ་ཐར་པའི་ས་བོན་རེ་ཐེབ་པ་ནི་འགྲོ་དོན་ནང་ནས་ཀྱང་ཡང་རབ་ཡིན་ཅིང་། རང་རྒྱུད་ཆོས་དང་འགལ་ཞིང་བྱ་སྤྱོད་ཆོས་བརྒྱད་དུ་སོང་བའི་བླ་གཟུགས་ཀྱིས་འདྲེ་འདུལ་ལྷ་བསྟོད་དབང་བསྐུར་ཆོས་བཤད་ཀྱི་སྟོང་གསོབ། མི་མང་གི་འདུ་ལོང་ནི་སྟུག་པར་སྦྲང་མ་འདུས་པ་འདྲ་བ་ལས་རྣམ་དག་འགྲོ་དོན་མིན་པར་ཤེས་པར་གྱིས་ལ། ཡང་ལ་ལས་མཆོད་རྟེན་སོགས་ཟིན་བྲིས་དང་ཉེར་མཁོ་རྣམས་ལེགས་ཀྱང་། དགོས་མེད་ཞལ་བྱང་སོགས་ཡི་གེ་མང་བའི་རྒྱུ་ལས་དོན་མེད་དོ་སྙམ་ན། ཁྱེད་རྣམ་པས་སྐུ་ཚེ་འདི་ལ་འདི་ཙམ་ལས་དོན་མེད་ཀྱི་བྱ་བ་མ་མཛད་པར། བསྟན་འགྲོར་ཕན་པའི་དོན་ལྡན་ཤ་སྟག་མཛད་ཡོད་ན་བདག་ཀྱང་རྗེས་སུ་ཡི་རང་ཞིང་སྐུ་ཚེ་འདི་ནས་ཐོད་པ་བོར་ཆོག་འོང་འདུག་པས་སྐུ་དྲིན་ཆེའོ། །དེ་ལྟར་ཐོག་མར་བསྙེན་པ་ནས་རབ་གནས་བར་གྱི་བྱ་བ་རྣམ་བཞག་ཐམས་ཅད་གསར་རྙིང་ཡིག་ཆ་མཐའ་དག་གི་དོན་ཁོང་དུ་ཆུད་པར་བྱས་ཏེ་ལག་ལེན་སྲང་ལ་ཐེབ་པ་དགོས་ཀྱི། མཐའ་མི་མང་གི་བསྐོར་བའི་ཆོས་བརྒྱད་གོང་འཕེལ་ལ་འགང་ཆེན་བཟུང་ཞིང་ལོངས་སྤྱོད་དང་རྙེད་བཀུར་སྙན་གྲགས་ནི་སྙིང་ལ་ཟུག །ཚེ་འདིའི་ལོ་འདོད་ཙམ་ལ་ཐུགས་དམ་མཛད། དཀའ་གནད་ཟབ་མོའི་ཆོས་ལ་ལག་ལེན་གྱི་གདེང་ནི་མེད་རང་གི་ནི་མི་ཤེས། གཞན་ལ་ནི་མི་འདྲི། གྲྭ་རིགས་སྦྱིན་བདག་རྣམས་ཀྱིས་རེ་བ་བཅས་ཚེ་མ་བསླབ་པའི་ཀུན་མཁྱེན་དུ་འདོད་ནས། མི་ཤེས་ཟེར་བ་ལ་ངོ་ཚ་བྱས་ཏེ། ཆོས་མ་ཐོབ་ཐོབ་བརྫུ་མི་ཤེས་ཤེས་བརྫུའི་རང་བཟོའི་ཟོབ་ཀྱིས་གང་དྲན་ཞིག་བྱས་པ་ལ་སྟབས་འགྲིགས་ཀྱི་ལེགས་པ་རེ་བྱུང་ན་ཐུགས་རྗེ་དང་། ཉེས་པ་རེ་བྱུང་ན་སྔོན་ལས། ཟེར་ནས་རང་གཞན་བསླུ་བའི་བྱ་བ་མི་མཛད་པར། སྐབས་རང་རང་མི་དགོས་དོན་རྣམས་གཞན་ལ་དྲི་བ་དང་། དམ་པའི་ཞལ་རྒྱུན་དང་ཡིག་ཆ་ཁུང་ཐུབ་སོགས་ལ་མ་མཐོང་མ་ཐོས་པ། བཤད་ཁུང་དང་མཐོང་རྒྱུན་གང་མེད་པ་རང་བཟོའི་ཟོབ་ཀྱིས་སྙིགས་དུས་འགྲོ་བ་རྣམས་མགོ་མི་བསྐོར་བའི་མཛད་པ་ཞུ། ཡང་འགའ་ཞིག་གིས་མི་ཤེས་ཟེར་བ་ལ་ངོ་ཚ་བྱེད་ཀྱིན་འདུག་སྟེ། ཐམས་ཅད་མཁྱེན་པ་ཡིན་པར་ཁས་ནི་བླང་མེད་པས་ངོ་ཚ་དོན་ཅི་ཡོད། གཞན་ཡང་དེངས་དུས་ཕལ་ཆེར་ཚོགས་བསགས་སྒྲིབ་སྦྱོང་སོགས་ལ། འདི་འདྲའི་རིགས་ལ་ཟག་བཅས་ཀྱི་དགེ་རྩ་ཟེར་ནས་ཞན་ཞན་ཞིག་བྱེད་མི་འདུག་སྟེ། ཚོགས་གཉིས་རྫོགས་མ་དགོས་པའི་སངས་རྒྱས་ཞིག་མདོ་རྒྱུད་རྣམས་ནས་མ་གསུངས་ཤིང་། བསོད་ནམས་ཀྱི་ཚོགས་ལ་སྨད་པའི་ཆོས་པ་དེ་ཚོ་ནང་པ་སངས་རྒྱས་པ་རྣམས་ལས་ནི་ལུགས་ཐ་དད་པ་ཞིག་ཡིན་པ་འདྲའོ། །དེ་བས་ན་རྒྱུ་ས་རྡོས་རུང་ལ་འབྱོར་མེད་རང་གར་གཅིག་པུས་ཀྱང་བྱར་རུང་བའི་བྱ་སླ་ལ་ཆོད་ཆེ་བའི་ཟབ་ཆོས་འདི་ཀུན་གྱི་ཕྱག་ལེན་དུ་མཛད་འོས་སྟེ། འཇིག་རྟེན་ངོས་ནས་ཟ་ཧོར་རྒྱལ་པོའི་སྲས་ཕོ་བྲང་དབུས་མར་གསེར་གྱི་རྒྱ་ཕིབ་བཅུ་གསུམ་དང་མཐའ་སྐོར་གསེར་གྱི་རྒྱལ་མཚན་སྟོང་ཕྲག་ཉེར་ལྔས་བསྐོར་བ། མི་ཁྱིམ་འབུམ་ཕྲག་ཉེར་བདུན་གྱི་མངའ་བདག་དང་། ཆོས་ཕྱོགས་ནས་རྒྱ་གར་ཤར་ནུབ་ཏུ་གྲགས་ཤིང་འཕགས་པའི་ཡེ་ཤེས་བརྙེས་པའི་ལྷ་གཅིག་ཇོ་བོས་ཀྱང་ཉིན་རེ་བཞིན་ཕྱག་ས་ཁ་ལེ་སཙྪ་གདབ་པར་མཛད་ན། འོ་ཅག་ལྟ་བུ་སྙིགས་མའི་འགྲོ་བ་ལ་ཇོ་བོ་ལས་ལྷག་པའི་ལྟ་སྒོམ་ཡོད་ཚོད་མི་འདུག་པས། དེ་བས་ན་ལྟ་བ་ཟབ་ཟབ་དང་སྤྱོད་པ་ཞིབ་ཞིབ་མང་པོ་མ་ཤེས་ཀྱང་། བྱ་བ་འདི་འདྲ་བ་དང་བསམ་པ་བཟང་པོའི་ངང་ནས་མི་ཚེ་འདའ་བར་བྱས་ན་དལ་འབྱོར་དོན་ལྡན་ལས་སྟོང་ལོག་ཡིན་པར་མི་སེམས་པས། མཆོག་དམན་ཀུན་ནས་རང་གི་ཕྱག་ལེན་དང་གཞན་ལ་སྤེལ་བ་སོགས་ཀྱི་སྒོ་ནས་ཆོས་ཚུལ་འདི་ཉིད་དར་ཞིང་རྒྱས་པར་མཛད་པའི་བཀའ་དྲིན་ཞུ་ཞུ། སྨྲས་པ། སྙིགས་མའི་རྒུད་པ་ཀྱིས་གདུང་དེང་དུས་འགྲོ། །སྟོན་པ་བཞིན་པོ་ཕྱིན་ཅི་ལོག་གྱུར་པས། །ནོར་མང་འཁོར་གྱི་མངའ་ཐང་མི་ལྡན་པའི། །སྤྲང་པོ་བདག་འདྲའི་ངག་ལ་སུ་ཡིད་རྟོན། །རིགས་གཟུགས་ཐོས་དང་ལང་ཚོ་འབྱོར་ལྡན་པའི། །མཁས་བཙུན་སྟོན་སྒོམ་ཆེ་བཙན་གཞོན་ནུ་རྣམས། །ཆོས་བརྒྱད་བྱེ་མའི་མཁར་ལས་ལ་གཡེངས་ལས། །ལམ་བཟང་འདི་དང་ཞལ་འདྲེས་མེད་པ་འདྲ། །ཐོག་མེད་ཉེས་པས་སྲིད་པའི་ནགས་ཀློང་དུ། །རྨོངས་བཞིན་སྐྱེ་ཞིང་རྨོངས་བཞིན་འཆི་གྱུར་པའི། །བྱིས་རྣམས་འདིར་སྣང་འཇའ་རིས་རྗེས་འབྲང་ལས། །རྨོངས་པས་བསླུས་ཕྱིར་ལམ་བཟང་འདིར་འཇུག་དཀོན། །རྒྱལ་བའི་མདོ་སྡེ་ལེགས་མཐོང་སྲིད་པའི་གྲོང་། །ཉེས་པའི་རང་བཞིན་ལས་འབྲས་མི་བསླུ་བ། །ཡིད་ཆེས་བདེན་དབང་སྟོན་པའ་ིབཀའ་བགྱིད་པའི། །སྐལ་བཟང་དེ་ལ་ལམ་འདི་སྙིང་གི་ནོར། །སྲིད་ཞིའི་ཕུན་ཚོགས་ལེགས་བྱས་ཇི་སྙེད་ཀུན། །ཚོགས་བསགས་སྒྲིབ་པ་སྦྱོང་ལས་བྱུང་བ་དང་། །ནམ་ཡང་མི་བསླུ་དཀོན་མཆོག་སྐྱབས་ཤེས་པའི། །སྐལ་བཟང་དེ་ལ་ལམ་འདི་མིག་གི་འབྲས། །སྣ་ཚོགས་ལས་ཀྱི་སྤྲུལ་པའི་འཁོར་བའི་གྲོང་། །མཐའ་མེད་སྡུག་བསྔལ་འདི་ཡིས་རབ་སུན་ནས། །དྲི་མེད་ཐར་པའི་ཁང་བཟང་འཇུག་འདོད་ལ། །ལམ་བཟང་འདི་ཉིད་རིན་ཆེན་ཐེབ་སྐས་ལགས། །གནས་སྐབས་སྲིད་པའི་ཕུན་ཚོགས་འབྱོར་བ་དང་། །མཐར་ཐུགས་མི་གནས་ཡེ་ཤེས་ལ་རེག་པའི། །རང་གཞན་དོན་གཉིས་འདོད་དགུ་ཀུན་འབྱུང་བའི། །ལམ་བཟང་འདི་ཉིད་ཡིད་བཞིན་ནོར་བུ་ལགས། །རྒྱ་ཆེན་མཆོད་དང་བསྙེན་བསྐུར་མ་ནུས་ཀྱང་། །དགའ་བཞིན་ཐལ་མོ་ཡ་གཅིག་སྦྱར་བ་དང་། །བསམ་པ་དག་པའི་སྐོར་བ་གཅིག་བྱས་ཀྱང་། །མཐོ་རིས་གྲོང་དུ་སྐྱེས་པ་དོན་ལྡན་ལགས། །ཕྱི་ཚུལ་མཐོ་རིས་མི་ཡི་གཟུགས་གྱུར་ཀྱང་། །རིང་བསྲེལ་སྙིང་པོའི་རྟེན་མཆོག་མཐོང་བ་ན། །དུད་འགྲོ་བཞིན་དུ་ཟུར་མིག་གྱིས་འགྲོ་བའི། །གང་ཟག་དེ་དག་ཀྱི་ཧུད་མྱ་ངན་གནས། །མཁས་པའི་ཚིག་གིས་ལེགས་པར་མ་བྱས་ཤིང་། །བླུན་པོའི་ངག་གིས་བསླད་པ་མ་ཞུགས་པའི། །ཀུན་མཁྱེན་རྒྱལ་བའི་ལེགས་གསུངས་རིན་པོ་ཆེ། །ལམ་བཟང་འདི་ལས་ཡིད་གཉིས་ཅིའི་ཕྱིར་ཡོད། །སླད་ནས་བྱོན་པའི་སྐལ་བཟང་གང་ཟག་རྣམས། །ཡིད་ཆེས་བློ་གཏད་ངེས་ཤེས་བསྐྱེད་ཀྱིས་ལ། །ལམ་འདི་ཇི་བཞིན་ཉམས་སུ་ལོངས་མཛོད་དང་། །བྱིན་རླབས་ཉི་མ་སྙིང་ལ་ངེས་པར་འཆར། །ཕྱོགས་ཙམ་མཐོང་བའི་རྨོངས་པ་བདག་ཉིད་ཀྱང་། །ཚུལ་འདི་ཡི་རང་ངེས་ཤེས་འདི་ལགས་ན། །ཇི་བཞིན་མཁྱེན་པའི་མཁས་དབང་ཐམས་ཅད་ཀྱིས། །ལམ་འདིར་བསྔགས་པའི་མེ་ཏོག་ཅིས་མི་འཐོར། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །ཀུན་མཁྱེན་རྒྱལ་བའི་བསྟན་པ་འཕྲད་པ་དང་། །ལམ་བཟང་འདི་དང་ནམ་ཡང་མི་འབྲལ་བཞིན། །བྱང་ཆུབ་སྙིང་པོའི་གྲོང་དུ་འགྲོ་བར་ཤོག །དེ་མ་ཐོབ་པར་སྣ་ཚོགས་ལས་དབང་གིས། །མེད་སྣང་འཁྲུལ་བའི་སྐྱེ་འཆི་ཇི་སྙེད་ཚེ། །གཞན་ལ་གནོད་པའི་བསམ་སྦྱོར་དང་བྲལ་ནས། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །འགྲོ་ལ་བདེ་སྐྱིད་མ་ལུས་འབྱུང་བའི་གཞི། །དྲི་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ། །མི་ནུབ་ཕྱོགས་དུས་ཀུན་དུ་གསལ་བ་དང་། །དེར་འཛིན་ཚོགས་རྣམས་སྐུ་ཚེ་བརྟེན་གྱུར་ཅིག །ཕྱོགས་རྣམས་མ་ལུས་དགེ་འདུན་འདུས་པ་བདེ། །ཇི་སྙེད་འདུས་སྡེར་བཤད་སྒྲུབ་བསྟན་པ་རྒྱས། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །རྒྱལ་བསྟན་རིན་ཆེན་ཉི་མ་གསལ་གྱུར་ཅིག །དེ་ཡིས་མཐུ་ལས་སྙིགས་མའི་དུས་ཀྱི་རྒུད། །སད་སེར་བཙའ་ཐན་དམག་འཁྲུག་ནད་མུག་སོགས། །མི་འདོད་ཉེར་འཚེ་མ་ལུས་ཀུན་ཞི་ནས། །རྫོགས་ལྡན་འབྱོར་བའི་དཔལ་གྱི་མཛེས་གྱུར་ཅིག །གང་ཞིག་མི་དང་མི་མིན་འབྱུང་པོའི་ཚོགས། །རྟག་ཏུ་གཞན་ལ་གནོད་འཚེའི་སེམས་ལྡན་རྣམས། །དེང་ནས་འགྲོ་ཀུན་ཐོག་མེད་ཕ་མ་རུ། །ཡོངས་སུ་ཤེས་ནས་བྱམས་བརྩེའི་སེམས་ལྡན་ཤོག །དེ་ལྟར་སྨོན་པའི་གནས་རྣམས་ཇི་བཞིན་དུ། །ཡོངས་སུ་གྲུབ་པའི་མཐུན་གྱུར་མཁའ་ཁྱབ་ཀྱི། །མ་ལུས་འགྲོ་བའི་སྐྱབས་གཅིག་རིན་པོ་ཆེ། །མཆོག་གསུམ་བདེན་པས་དེ་བཞིན་འགྲུབ་གྱུར་ཅིག །ཞེས་དྲི་མེད་ཁང་བརྩེགས་མཆོད་རྟེན་བཞེངས་པ་ལ་ཉེ་བར་མཁོ་བའི་ཡན་ལག་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་འདི་ཡང་། མཁས་བཙུན་ཡོན་ཏན་གྱི་མངོན་པར་ཕྱུག་པའི་ཐར་རྩེ་དཔོན་སློབ་རིན་པོ་ཆེ་དང་། ལུང་འདི་ཉིད་ཀྱི་བཀའ་དྲིན་མཉམ་མེད་བླ་མ་བློ་གྲོས་མཚན་ཅན་དང་། གཞན་ཡང་མཆེད་གྲོགས་འགས་ཀྱང་འདིའི་ཉེར་མཁོ་རྣམས་ཡིག་ཚན་གཅིག་གིས་ཆོག་པར་བྲིས་ཤིག་ཅེས་བཀའ་སྩལ་སྤྱི་བོར་ཕེབས་པ་ལས། ༈ འཇམ་དབྱངས་བླ་མ་མཁྱེན་བརྩེས་མཛད་པའི་དྲི་མེད་རྣམ་གཉིས་ཀྱི་ཐོ་ཆེ་ཆུང་གཉིས་དང་། ཟིན་བྲིས་དྲི་མེད་ཟླ་སྣང་རྣམས་ལ་རྩ་བའི་གཞི་བྱས་ནས། ཆོ་གའི་གཙོ་བོ་ཀུན་མཁྱེན་བུའི་འོད་ཟེར་དྲི་མེད་ཀྱི་ཆོ་ག་འཆི་མེད་འབྱུང་བ། དེའི་ཁ་སྐོང་དབང་ཆོག་བདུད་རྩིའ་ིཆུ་རྒྱུན་དཀྱིལ་འཁོར་ལྷན་ཐབས་མུན་སེལ་ཉིན་བྱེད་སྣང་བ། གཙུག་ཏོར་དྲི་མེད་ལྷ་ལྔའི་སྒྲིག་ཆོག་རྣམས་ཞ་ལུ་པ་བསོད་ནམས་མཆོག་གིས་མཛད་པ་དང་། ངོར་ཆེན་རྡོ་རྗེ་འཆང་གིས་འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་དགེ་ལེགས་ཀུན་འབྱུང་། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་འོད་ཟེར་དྲི་མེད་ཀྱི་སྲོག་ཤིང་འཛུགས་ཆོག་ཉིན་གང་མ་བློ་གསལ་བསྟན་སྐྱོང་གིས་དྲི་མེད་རྣམ་གཉིས་ཀྱི་བསྙེན་ཡིག་དཀྱིལ་འཁོར་དབང་ཆོག་འཆི་བསླུ་གཤིན་ཆོག་སོགས་དང་། ལོ་ཆེན་རིན་པོ་ཆེའི་ཆོ་ག་བཀླག་གྲུབ། དཔོན་སློབ་རིན་པོ་ཆེ་བློ་གཏེར་དབང་པོའི་ཆོག་ཁྲིད་སོགས་གསར་རྙིང་གི་ཡིག་ཆ་སྔ་ཕྱི་རྣམ་དང་། གཟུངས་འབུལ་ལག་ལེན་གྱི་སྐོར་ལྔ་བའི་འཁྲུལ་སྤོང་ཉིན་བྱེད། རྡོ་བྲག་གཟུངས་འབུལ་བཻ་ཌཱུརྻའི་མེ་ལོང་། ལོ་ཆེན་རིན་པོ་ཆེའི་ལག་ལེན་མདོར་བསྡུས། ལྕང་སྐྱ་ངག་དབང་མཆོག་ལྡན་གྱི་གཟུངས་འབུལ་ཤེལ་དཀར་མེ་ལོང་། ཞུ་ཆེན་གཟུངས་འབུལ་ལག་ལེན་ཉུང་ངུ། གཟུངས་འབུལ་ལག་ལེན་ཞིབ་མོ་སྐྱོག་སྟོན་ཀརྨ་ལོ་ཙའི་གསུངས་རྒྱུན། འཕགས་པའི་ཞལ་སློབ་ཚ་རོང་པ་བསོད་ནམས་རིན་ཆེན་དང་། སྟག་ཚ་ལོ་ཙའི་རྟེན་གསུམ་བཞེངས་ཐབས་ཀརྨ་པ་བཅུ་བཞི་པའི་གཟུངས་འབུལ་ལག་ལེན། བློ་གྲོས་མཐའ་ཡས་ཀྱི་གཟུངས་འབུལ། དྲིས་ལན་སོགས་གསར་རྙིང་དཔེ་ཆ་གང་རྙེད་ལ་རང་ནུས་དང་བསྟུན་པའི་ཞིབ་དཔྱད་ལེགས་པར་བྱས་ཏེ། ཉེར་མཁོའི་ལག་ལེན་རྣམས་ཚད་ལྡན་མཁས་གྲུབ་རྣམས་ཀྱིས་གསུང་གི་ཁ་བསྐང་སྟེ་རབ་བྱུང་བཅོ་ལྔ་པའི་རྒྱལ་བ་ཞེས་པ་ཤིང་རྟ་ལོའི་ཐ་སྐར་ཟླ་བའི་དཀར་ཕྱོགས་སུ་འཁྲུལ་མེད་བསྟན་པའི་སྙིང་པོ་སྔ་འགྱུར་བའི་གྲལ་མཐར་བརྟེན་པོ་སྤྲུལ་མིང་ཐུབ་བསྟན་བཤད་བསྒྲུབ་ཆོས་ཀྱི་ཉི་མ་དཔལ་བཟང་པོ་ཞེས་བྱ་བས། གྲུབ་དབང་བླ་མ་མཆོག་གི་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲར་བྲིས་པ་ཆོས་ཚུལ་དྲི་མ་མེད་པ་འདི་ཉིད་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་རྒྱུར་གྱུར་ཅིག །མངྒ་ལམ། དགེའོ། །དགེའོ། །དགེའོ།། །།

འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་པོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས།

འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་པོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས་བཞུགས་སོ། །རྒྱ་གར་སྐད་དུ། ཨཱཪྱ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲཱ་ཨ་པ་རཱ་ཛི་ཏ་མ་ཧཱ་པྲ་ཏྱཾ་གི་ར་པ་ར་མ་སིདྡྷ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་པ་གཙུག་ཏོར་རྒྱལ་མོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ཆོས་བཟང་ལྷའི་འདུན་ས་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་ནས་གཙུག་ཏོར་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་དབུས་ནས་གསང་སྔགས་ཀྱི་ཚིག་འདི་དག་བྱུང་ངོ་། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལན་གཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལྷའི་དྲང་སྲོང་དམོད་པ་འདོར་བ་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་གྲུབ་པའི་དྲང་སྲོང་ཕན་འདོགས་ནུས་པ་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །དབང་པོ་ལ་ཕྱག་འཚལ་ལོ། །ལེགས་ལྡན་དྲག་པོ་དཀའ་ཐུབ་ཟློག་པའི་བདག་པོ་དང་བཅས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་ནག་པོ་ཆེན་པོ་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་པ་དུར་ཁྲོད་ན་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་པདྨོའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ནོར་བུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གླང་པོའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གཞོན་ནུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀླུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུཪྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་དབང་པོའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་སྤྱན་རྒྱས་པ་ཨུཏྤ་ལའི་དྲིའི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་འདིས་འབྱུང་པོའི་གདོན་ཐམས་ཅད་ཚར་གཅོད་པར་བྱེད་པ། གཞན་གྱི་རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། དུས་པ་མ་ཡིན་པར་འཆི་བ་ཐམས་ཅད་ཟློག་པ། སེམས་ཅན་གསོད་པ་དང་། བཅིངས་པ་ཐམས་ཅད་ལས་གྲོལ་བར་བྱེད་པ། སྡང་བ་དང་། རྨི་ལམ་ངན་པ་ལྟས་ངན་པ་ཐམས་ཅད་ཟློག་པ། གནོད་སྦྱིན་དང་སྲིན་པོའི་གདོན་ཐམས་ཅད་འཇིག་པར་བྱེད་པ། གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཇིག་པར་བྱེད་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དགའ་བར་བྱེད་པ། གཟའ་ཆེན་པོ་བརྒྱད་འཇིག་པར་བྱེད་པ། དགྲ་ཐམས་ཅད་ཟློག་པར་བྱེད་པ། མ་རུངས་པ་དང་། སྡང་བ་དང་། རྨི་ལམ་ངན་པ་ཐམས་ཅད་འཇིག་པར་བྱེད་པ། དུག་དང་། མཚོན་ཐམས་ཅད་དང་། མེ་དང་ཆུ་ལས་ཟློག་པར་བྱེད་པ། ངན་འགྲོའི་འཇིགས་པ་ཐམས་ཅད་ལས་སྒྲོལ་བ་སྟེ། གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །གཏུམ་པ་ཆེན་མོ་སྟོབས་ཆེན་མོ། །འབར་བ་ཆེན་མོ་གཟི་བརྗིད་ཆེ། །དཀར་ཆེན་འབར་ཕྲེང་གོས་དཀར་མོ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་བའི་རྡོ་རྗེ་ཕྲེང་ཞེས་གྲགས། །པདྨའི་མངོན་མཚན་རྡོ་རྗེས་མཚན། །གཞན་གྱིས་མི་ཐུབ་ཕྲེང་བ་ཅན། །རྡོ་རྗེའི་མཆུ་ཅན་རྣམ་སྒེག་མོ། །ཞི་བའི་ལྷ་རྣམས་ཀྱིས་མཆོད་མ། །ཞི་བ་གསེར་གྱི་ཕྲེང་བ་ཅན། །དཀར་ཆེན་འབར་བ་གོས་དཀར་མོ། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །རྡོ་རྗེ་ལུ་གུ་རྒྱུད་གཞན་དང་། །རྡོ་རྗེ་གཞོན་ནུ་རིགས་འཛིན་མ། །ལག་ན་རྡོ་རྗེའི་རིགས་གསེར་ཕྲེང་། །ལེ་བརྒན་རྩི་དང་རིན་ཆེན་མ། །སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས། །ཕྱག་རྒྱ་དང་སྔགས་ཀྱི་ཚོགས་དེ་དག་ཐམས་ཅད་ཀྱིས་བདག་འཁོར་དང་བཅས་པ་དང་། སེམས་ཅན་ཐམས་ཅད་བསྲུང་དུ་གསོལ། ༀ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་དྲཱུྃ་ཧྲཱིཿཥྚོཾ། ཛམྦྷ་ན་ཀ་རཱི་ཧཱུྃ་དྷྲཱུྃ་ཧྲཱིཿཥྚོཾ། སྟྭམྦྷ་ན་ཀ་རཱི་ཧཱུྃ་དྷྲཱུྃ་ཧྲཱིཿཥྚོཾ། མོ་ཧ་ན་ཀ་རཱི་ཧཱུྃ་དྲཱུྂ་ཧྲཱིཿཥྚོཾ། སམྦྷཀྵ་ན་ཀ་རཱི་ཧཱུྃ་དྲཱུྂ་ཧྲཱིཿཥྚོཾ། བནྡྷ་ན་ཀ་རཱི་ཧཱུྃ་དྲཱུྂ་ཧྲཱིཿཥྚོཾ། པ་ར་བི་ཥ་བྷཀྵ་ཎ་ཀ་རཱི་ཧཱུྃ་དྲཱུྂ་ཧྲཱིཿཥྚོཾ། སརྦ་དུཥྚཱ་པྲ་དུཥྚཱ་ཎཱཾ་སྟྭམྦྷ་ན་ཀ་རཱི་ཧཱུྃ་དྲཱུྂ་ཧྲཱིཿཥྚོཾ། སརྦ་ཡཀྵ་རཀྵ་ས་གྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀཱ་རཱི་ཧཱུྃ་དྲཱུྂ་ཧྲཱིཿ ཥྚོཾ། སརྦ་པ་ར་བིདྱཱ་ཙྪེ་ད་ན་ཀ་རཱི་ཧཱུྃ་དྲཱུྂ་ཧྲཱིཿཥྚོཾ། ཙ་ཏུ་རཱ་ཤི་ཏཱི་ནཱཾ་གྲ་ཧ་ས་ཧ་སྲཱ་ནཱཾ་བི་དྷྭཾ་ས་ན་ཀ་རཱི་ཧཱུྃ་དྲཱུྂ་ཧྲཱིཿཥྚོཾ། ཨཥྚ་བིཾ་ཤ་ཏཱི་ནཱཾ་ནཀྵ་ཏྲཱ་ཎཱཾ་པྲ་སཱ་དྷ་ན་ཀ་རཱི་ཧཱུྃ་དྲཱུྂ་ཧྲཱིཿཥྚོཾ། ཨཥྚ་ནཱཾ་མ་ཧཱ་གྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀ་རཱི་ཧཱུྃ་དྲཱུྂ་ཧྲཱིཿ ཥྚོཾ། རཀྵ་རཀྵ་མཱཾ་སརྦ་སཏྭཱཾཤྩ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོས་ས་གསུམ་གྱི་དཀྱིལ་འཁོར་དུ་བདག་དང་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག །རྣམ་པར་བསྒྱིངས་མའི་རྡོ་རྗེ་དང་། །གསེར་འོད་ལྟ་བུའི་སྤྱན་མངའ་མ། །རྡོ་རྗེའི་འགྲོས་དང་དཀར་མོ་དང་། །པདྨའི་སྤྱན་དང་ཟླ་འོད་དང་། །སངས་རྒྱས་དཔལ་དང་དེ་བཞིན་སྤྱན། །རྡོ་རྗེ་ཉི་མའི་འོད་དང་ནི། །དེ་བཞིན་ཟླ་བ་རྡོ་རྗེ་འཛིན། །རིག་པ་དང་ཕྱག་རྒྱ་དང་གསང་སྔགས་ཀྱི་ཚོགས་དེ་དག་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀུན་ནས་བསྲུང་བར་མཛད་དུ་གསོལ། ༀ་རྀ་ཥི་ག་ཎ་པྲ་ཤསྟ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་དྲཱུྂ། ཛམྦྷ་ན་ཀ་རཱི་ཧཱུྃ་དྲཱུྃ། སྟྭམྦྷ་ན་ཀ་རཱི་ཧཱུྃ་དྲཱུྃ། མ་ཧཱ་བིདྱཱ་སམྦྷ་ཀྵ་ན་ཀ་རཱི་ཧཱུྃ་དྲཱུྃ། པ་ར་བིདྱཱ་སམྦྷཀྵ་ན་ཀ་རཱི་ཧཱུྃ་དྲཱུྃ། སརྦ་དུཥྚ་ཎཱཾ་སྟམྦྷ་ན་ཀ་རཱི་ཧཱུྃ་དྲཱུྃ། སརྦ་ཡཀྵ་རཀྵ་ས་གྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀ་རཱི་ཧཱུྃ་དྲཱུྃ། ཙ་ཏུ་རཱ་ཤི་ཏཱི་ནཱཾ་གྲ་ཧ་ས་ཧ་སྲཱ་ཎཱཾ་བི་དྷྭཾ་ས་ན་ཀ་རཱི་ཧཱུྃ་དྲཱུྃ། ཨཥྚཱ་བིཾ་ཤ་ཏཱི་ནཱཾ་ནཀྵ་ཏྲཱ་ཎཱཾ་པྲ་སཱ་ཱདྷཱ་ན་ཀ་རཱི་ཧཱུྃ་དྲཱུྃ། ཨཥྚཱ་ཎཱཾ་མ་ཧཱ་གྲ་ཧ་ཎཱཾ་བི་དྷྭཾ་ས་ན་ཀ་རཱི་ཧཱུྃ་དྲཱུྃ། ཧཱུྃ་ཧཱུྃ་ཕཊ་ཕཊ་རཀྵ་རཀྵ་མཱཾ་སྭཱ་ཧཱ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེའི་གཙུག་ཏོར་ཕྱིར་ཟློག་པོ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ་ཆེན་མོ། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོས་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་མ་ཀུན་བདག་ལ་བསྲུང་དུ་གསོལ། བདག་དང་སེམས་ཅན་ཐམས་ཅད་རྒྱལ་པོའི་འཇིགས་པ་དང་། རྐུན་པོའི་འཇིགས་པ་དང་། མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་། དུག་གི་འཇིགས་པ་དང་། མཚོན་གྱི་འཇིགས་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང་། མུ་གེའི་འཇིགས་པ་དང་། དགྲའི་འཇིགས་པ་དང་། ལྕེ་འབབ་པའི་འཇིགས་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་། ས་གཡོ་བའི་འཇིགས་པ་དང་། སྐར་མདའ་ལྟུང་བའི་འཇིགས་པ་དང་། རྒྱལ་པོའི་ཆད་པའི་འཇིགས་པ་དང་། ལས་ཀྱི་འཇིགས་པ་དང་། ཀླུའི་འཇིགས་པ་དང་། གློག་གི་འཇིགས་པ་དང་། ནམ་མཁའ་ལྡིང་གི་འཇིགས་པ་དང་། གཅན་གཟན་ཁྲོ་བོའི་འཇིག་པ་དང་། ལྷའི་གདོན་དང་། ཀླུ་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། རླུང་ལྷའི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། དྲི་ཟའི་གདོན་དང་། མིའམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། སྲིན་པོའི་གདོན་དང་། ཡི་དྭགས་ཀྱི་གདོན་དང་། ཤ་ཟའི་གདོན་དང་། འབྱུང་པོའི་གདོན་དང་། གྲུལ་བུམ་གྱི་གདོན་དང་། སྲུལ་པོའི་གདོན་དང་། ལུས་སྲུལ་པོའི་གདོན་དང་། སྐེམ་བྱེད་ཀྱི་གདོན་དང་། བརྗེད་བྱེད་ཀྱི་གདོན་དང་། སྨྱོ་བྱེད་ཀྱི་གདོན་དང་། གྲིབ་མནོན་གྱི་གདོན་དང་། གནོན་པོའི་གདོན་དང་། མཁའ་འགྲོ་མའི་གདོན་དང་། ནམ་གྲུའི་གདོན་དང་། གཤིན་རྗེའི་གདོན་དང་། བྱའི་གདོན་དང་། མ་མོ་དགའ་བར་བྱེད་པའི་གདོན་དང་། ཀུན་ཏུ་ཕྲེང་བའི་གདོན་དང་། ཚེར་མ་འདོན་པའི་གདོན་ལས་བདག་བདེ་ལེགས་སུ་གྱུར་ཅིག །ཟས་སུ་མདངས་ཟབ་དང་། ཟས་སུ་མངལ་ཟ་བ་དང་། ཟས་སུ་ཁྲག་འཐུང་བ་དང་། ཟས་སུ་ཞག་ཟ་བ་དང་། ཟས་སུ་ཤ་ཟ་བ་དང་། ཟས་སུ་ཚིལ་ཟ་བ་དང་། ཟས་སུ་རྐང་ཟ་བ་དང་། ཟས་སུ་བཙས་པ་ཟ་བ་དང་། སྲོག་འཕྲོག་པ་དང་། ཟས་སུ་སྐྱུགས་པ་ཟ་བ་དང་། ཟས་སུ་ཕྱི་ས་ཟ་བ་དང་། ཟས་སུ་གཅིན་འཐུང་བ་དང་། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་དང་། ཟས་སུ་ལྷག་མ་ཟ་བ་དང་། ཟས་སུ་མཆིལ་མ་འཐུང་བ་དང་། ཟས་སུ་སྣབས་ཟ་བ་དང་། ཟས་སུ་ངར་སྣབས་ཟ་བ་དང་། ཟས་སུ་མི་གཙང་བ་ཟ་བ་དང་། ཟས་སུ་གཏོར་མ་ཟ་བ་དང་། ཟས་སུ་ཕྲེང་བ་ཟ་བ་དང་། ཟས་སུ་དྲི་ཟ་བ་དང་། ཟས་སུ་བདུག་པ་ཟ་བ་དང་། སེམས་འཕྲོག་པ་དང་། ཟས་སུ་མེ་ཏོག་ཟ་བ་དང་། ཟས་སུ་འབྲས་བུ་ཟ་བ་དང་། ཟས་སུ་ལོ་ཏོག་ཟ་བ་དང་། ཟས་སུ་སྦྱིན་སྲེག་ཟ་བའི་གདོན་ལས་བདག་ལ་བསྲུང་བ་གྱིས་ཤིག །གདོན་དེ་དག་ཐམས་ཅད་ཀྱི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཀུན་ཏུ་རྒྱུས་བྱས་པའི་རིགས་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མཁའ་འགྲོ་དང་མཁའ་འགྲོ་མས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཚངས་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དབང་ཕྱུག་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །སྲེད་མེད་ཀྱི་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ནམ་མཁའ་ལྡིིང་ཡང་དག་པ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ནག་པོ་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མ་མོའི་ཚོགས་རྣམས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མིའི་ཐོད་པ་ཅན་གྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཀུན་གྲུབ་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །སྲིང་མོ་བཞིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བྷྲྀང་གི་རི་ཏི་དང་། དགའ་བྱེད་དབང་ཕྱུག་དང་། ཚོགས་ཀྱི་བདག་པོ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགེ་སྦྱོང་གཅེར་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགེ་སྦྱོང་མགོ་རེག་གིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགྲ་བཅོམ་པས་བྱས་པའི་རིག་སྔགས་གཅོད་དོ། །ཕུར་བུས་གདབ་བོ། །འདོད་ཆགས་དང་བྲལ་བས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །འཇིག་རྟེན་དབང་ཕྱུག་འཁོར་དང་བཅས་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ལག་ན་རྡོ་རྗེ་འཁོར་དང་བཅས་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཕོ་ཉ་དང་། ཕོ་ཉ་མོ་དང་། བྲན་ཕོ་དང་། བྲན་མོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དྲང་སྲོང་གི་ཚོགས་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ལྷའི་ཚོགས་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མི་འཕྲོད་པ་ཟ་བའི་ཚོགས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །བདག་ལ་བསྲུང་དུ་གསོལ་བསྲུང་དུ་གསོལ། ༀ་ཨ་སི་ཏཱ་ན་ལཱརྐ་པྲ་བྷཱ་སྥུ་ཊ་བི་ཀཱ་སི་ཏ་ཏ་བ་ཏྲེ། ༀ་ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། ཧ་ན་ཧ་ན། ད་ར་ད་ར། བི་ད་ར་བི་ད་ར། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། བནྡྷ་བནྡྷ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཧེ་ཧེ་ཕཊ། ཧོ་ཧོ་ཕཊ། ཨ་མོ་གྷཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏཱ་ཡ་ཕཊ། བ་ར་དཱ་ཡ་ཕཊ། བ་ར་པྲ་དཱ་ཡ་ཕཊ། པྲ་ཏྱཾ་གི་རི་ཏཱ་ཡ་ཕཊ། ཨ་སུ་ར་བི་དྲཱ་བ་ཎ་ཀ་རཱ་ཡ་ཕཊ། པ་ར་བི་དྲཱ་པ་ཎ་ཀ་རཱ་ཡ་ཕཊ། སརྦ་དེ་བེ་བྷྱཿཕཊ། སརྦ་ནཱ་གེ་བྷྱཿཕཊ། སརྦ་ཡཀྵེ་བྷྱཿཕཊ། སརྦ་རཱ་ཀྵ་སེ་བྷྱཿཕཊ། སརྦ་བྷཱུ་ཏེ་བྷྱཿཕཊ། སརྦ་པྲེ་ཏེ་བྷྱཿཕཊ། སརྦ་པི་ཤཱ་ཙེ་བྷྱཿཕཊ། སརྦ་ཀུམྦྷཎྜི་བྷྱཿཕཊ། སརྦ་པཱུ་ཏ་ནེ་བྷྱཿཕཊ། སརྦ་ཀ་ཊ་པཱུ་ཏ་ནེ་བྷྱཿཕཊ། སརྦསྐནྡྷེ་བྷྱཿཕཊ། སརྦནྨ་དེ་བྷྱཿཕཊ། སརྦ་ཙྪ་ཡ་བྷྱཿཕཊ། སརྦ་ཨ་པ་སྨཱ་རེ་བྷྱཿཕཊ། སརྦོ་སྟཱ་ར་ཀེ་བྷྱཿཕཊ། སརྦ་ཌཱ་ཀི་ནཱི་བྷྱཿཕཊ། སརྦ་རེ་པ་ཏཱི་བྷྱཿ ཕཊ། སརྦ་ཡཱ་མ་ཡེ་བྷྱཿཕཊ། སརྦ་ཤ་ཀུ་ནི་བྷྱཿཕཊ། སརྦ་མཱ་ཏྲྀ་ག་ཎེ་བྷྱཿཕཊ། སརྦ་ཀམྦུ་ཀཱ་མི་ནཱི་བྷྱཿཕཊ། སརྦ་ཨཱ་ལམ་པ་ཀེ་བྷྱཿཕཊ། སརྦ་ཀ་ཊ་ཊ་ནེ་བྷྱཿཕཊ། སརྦ་གཎྜེ་བྷྱཿཕཊ། སརྦ་གནྡྷ་རྦེ་བྷྱཿཕཊ། སརྦ་ཨ་སུ་རེ་བྷྱཿཕཊ། སརྦ་ཀེནྣ་རེ་བྷྱཿཕཊ། སརྦ་ག་རུ་ཎེ་བྷྱཿཕཊ། སརྦ་མ་ཧོ་ར་གེ་བྷྱཿཕཊ། སརྦ་དུརླཾ་གྷི་ཏེ་བྷྱཿཕཊ། སརྦ་དུཿཔྲེ་ཀྵི་ཏེ་བྷྱཿཕཊ། སརྦ་ཛྭ་རེ་བྷྱཿཕཊ། སརྦ་བྷ་ཡེ་བྷྱཿཕཊ། སརྦོ་པ་དྲ་བེ་བྷྱཿཕཊ། སརྦོ་པ་སརྒེ་བྷྱཿཕཊ། སརྦ་ཀྲྀ་ཏྱ་ཀརྨ་ཎེ་ཀཱ་ཁོ་རྡེ་བྷྱཿཕཊ། ཀི་ར་ཎེ་བཻ་ཏཱ་ཌེ་བྷྱཿཕཊ། ཙིཙྪ་པྲེ་ཥ་ཀ་སརྦ་དུཥྩ་ར་དི་ཏེ་བྷྱཿཕཊ། སརྦ་དུརྦྷུཀྟེ་བྷྱཿཕཊ། སརྦ་ཏཱིརྠེ་ཀེ་བྷྱཿཕཊ། སརྦ་ཤྲ་མ་ཎེ་བྷྱཿཕཊ། སརྦ་ཏཱིརྠི་ཀེ་བྷྱཿཕཊ། སརྦ་པཱ་ཏ་ཀེ་བྷྱཿཕཊ། སརྦ་བིདྱཱ་དྷ་རེ་བྷྱཿཕཊ། ཛ་ཡ་ཀ་ར། མ་དྷུ་ཀ་ར། སིདྡྷི་ཀ་ར། སརྦ་ཨརྠ་སཱ་དྷ་ཀེ་བྷྱོ་བིདྱཱ་ཙཱཪྱེ་བྷྱཿཕཊ། ཙ་ཏུར་བྷྱོ་བྷ་གི་ནཱཾ་བྷྱཿཕཊ། བཛྲ་ཀ་མཱ་རཱི་ཡེ་བཛྲ་ཀུ་ལཾ་དྷ་རི་བིདྱཱ་ཙཪྱེ་བྷྱཿཕཊ། སརྦ་མ་ཧཱ་པྲ་ཏྱཾ་གི་རེ་བྷྱཿཕཊ། བཛྲ་ཤཾ་ཀ་ལཱ་ཡ་པྲ་ཏྱཾ་གི་ར་རཱ་ཛཱ་ཡ་ཕཊ། མ་ཧཱ་ཀཱ་ལཱ་ཡ་མཱ་ཏྲྀ་ག་ཎ་ན་མསྐྲྀ་ཏཱི་ཡེ་ཕཊ། པྲཧྨཱ་ཎཱི་ཡེ་ཕཊ། བིཥྞཱ་བཱི་ཡེ་ཕཊ། མ་ཧེ་ཤྭ་རཱི་ཡེ་ཕཊ། ར་དྲཱི་ཡེ་ཕཊ། མ་ཧཱ་ཀཱ་ལཱི་ཡེ་ཕཊ། ཙཱ་མུཎྜི་ཡེ་ཕཊ། ཀ་མཱ་རཱི་ཡེ་ཕཊ། བཱ་རཱ་ཧཱི་ཡེ་ཕཊ། ཨིན་དྲཱི་ཡེ་ཕཊ། ཨགྣཱི་ཡེ་ཕཊ། ཡ་མཱ་ཡེ་ཕཊ། ནི་རི་ཏཱི་ཡེ་ཕཊ། བ་རུ་ཎཱ་ཡེ་ཕཊ། མཱ་རུ་ཏཱི་ཡེ་ཕཊ། སོ་མ་ཡཻ་ཕཊ། ཨཱི་ཤཱ་ནཱི་ཡེ་ཕཊ། ཀཱ་ལཱ་དཎྜཱི་ཡེ་ཕཊ། ཀཱ་ལཱ་རཱཏྟི་ཡེ་ཕཊ། ཡ་མ་དཎྜཱི་ཡེ་ཕཊ། ཡ་མ་རཱ་ཏྲཱི་ཡེ་ཕཊ། ཀ་པཱ་ལཱི་ཡེ་ཕཊ། ཨ་དྷི་མུཀྟི་ཤྨ་ཤཱ་ན་པཱ་སི་ནཱི་ཡཻ་ཕཊ། ༀ་ཥྚོཾ་བནྡྷ་བནྡྷ་རཀྵ་རཀྵ་མཱཾ་སྭཱ་ཧཱ། སེམས་ཅན་གང་སུ་དག་བདག་ལ་གདུག་པ་དང་གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། སྡིག་པ་དང་སྡིག་པའི་སེམས་དང་ལྡན་པ་རྣམས་དང་། འཁྲུག་པ་དང་འཁྲུག་པའི་སེམས་ཅན་དང་ལྡན་པ་རྣམས་དང་། སྡང་བ་དང་སྡང་བའི་སེམས་དང་ལྡན་པ་རྣམས་བྱམས་པའི་སེམས་དང་ལྡན་པར་གྱུར་ནས་བདག་དང་སེམས་ཅན་ཐམས་ཅད་བསྲུང་དུ་གསོལ། ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་གྱུར་ཅིག །གནོད་སྦྱིན་དང་གདོན་གང་སུ་དག་ཟས་སུ་མདངས་ཟ་བ་རྣམས་དང་། གཟི་བྱིན་འཕྲོག་པ་རྣམས་དང་། ཟས་སུ་མངལ་ཟ་བ་རྣམས་དང་། ཟས་སུ་ཁྲག་འཐུང་བ་རྣམས་དང་། ཟས་སུ་ཞག་ཟ་བ་རྣམས་དང་། ཟས་སུ་ཤ་ཟ་བ་རྣམས་དང་། ཟས་སུ་ཚིལ་ཟ་བ་རྣམས་དང་། ཟས་སུ་རྐང་ཟ་བ་རྣམས་དང་། ཟས་སུ་བཙས་པ་ཟ་བ་རྣམས་དང་། སྲོག་འཕྲོག་པ་རྣམས་དང་། ཟས་སུ་ལྷག་མ་ཟ་བ་རྣམས་དང་། ཟས་སུ་གཏོར་མ་ཟ་བ་རྣམས་དང་། ཟས་སུ་ཕྲེང་བ་ཟ་བ་རྣམས་དང་། ཟས་སུ་དྲི་ཟ་བ་རྣམས་དང་། ཟས་སུ་བདུག་པ་ཟ་བ་རྣམས་དང་། ཟས་སུ་མེ་ཏོག་ཟ་བ་རྣམས་དང་། ཟས་སུ་འབྲས་བུ་ཟ་བ་རྣམས་དང་། ཟས་སུ་ལོ་ཏོག་ཟ་བ་རྣམས་དང་། ཟས་སུ་སྦྱིན་སྲེག་ཟ་བ་རྣམས་དང་། ཟས་སུ་རྣག་ཟ་བ་རྣམས་དང་། ཟས་སུ་ཕྱི་ས་ཟ་བ་རྣམས་དང་། ཟས་སུ་གཅིན་འཐུང་བ་རྣམས་དང་། ཟས་སུ་མཆིལ་མ་འཐུང་བ་རྣམས་དང་། ཟས་སུ་སྐྱུགས་པ་ཟ་བ་རྣམས་དང་། ཟས་སུ་སྣབས་ཟ་བ་རྣམས་དང་། ཟས་སུ་ངར་སྣབས་ཟ་བ་རྣམས་དང་། ཟས་སུ་མི་གཙང་བ་ཟ་བ་རྣམས་དང་། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང་། སྡིག་པའི་སེམས་དང་ལྡན་པ་རྣམས་དང་། གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། འཁྲུག་པའི་སེམས་དང་ལྡན་པ་རྣམས་དང་། སྡང་བའི་སེམས་དང་ལྡན་པ་རྣམས་དང་། ལྷའི་གདོན་རྣམས་དང་། ཀླུའི་གདོན་རྣམས་དང་། ལྷ་མ་ཡིན་གྱི་གདོན་རྣམས་དང་། གནོད་སྦྱིན་གྱི་གདོན་རྣམས་དང་། སྲིན་པོའི་གདོན་རྣམས་དང་། འབྱུང་པོའི་གདོན་རྣམས་དང་། ཡི་དྭགས་ཀྱི་གདོན་རྣམས་དང་། ཤ་ཟའི་གདོན་རྣམས་དང་། ཀུམ་བྷཎྜའི་གདོན་རྣམས་དང་། སྲུལ་པོའི་གདོན་རྣམས་དང་། ལུས་སྲུལ་པོའི་གདོན་རྣམས་དང་། སྐེམ་བྱེད་ཀྱི་གདོན་རྣམས་དང་། སྨྱོ་བྱེད་ཀྱི་གདོན་རྣམས་དང་། གྲིབ་གནོན་གྱི་གདོན་རྣམས་དང་། བརྗེད་བྱེད་ཀྱི་གདོན་རྣམས་དང་། གནོན་པོའི་གདོན་རྣམས་དང་། མཁའ་འགྲོ་མའི་གདོན་རྣམས་དང་། ནམ་གྲུའི་གདོན་རྣམས་དང་། གཤིན་རྗེའི་གདོན་རྣམས་དང་། བྱའི་གདོན་རྣམས་དང་། མ་མོ་དགའ་བར་བྱེད་པའི་གདོན་རྣམས་དང་། ཀུན་དུ་འབྲང་བའི་གདོན་རྣམས་དང་། རེ་ལྔེ་འདོན་པའི་གདོན་རྣམས་དང་། ཚེར་མ་འདོན་པའི་གདོན་རྣམས་ལས་བདག་བསྲུང་བར་མཛད་དུ་གསོལ། ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་གྱུར་ཅིག །རིམས་ཉིན་གཅིག་པ་རྣམས་དང་། ཉིན་གཉིས་པ་རྣམས་དང་། ཉིན་གསུམ་པ་རྣམས་དང་། ཉིན་བཞི་པ་རྣམས་དང་། ཉིན་བདུན་པ་རྣམས་དང་། རྟག་པའི་རིམས་རྣམས་དང་། རིམས་མི་བཟད་པ་རྣམས་དང་། འབྱུང་པོའི་རིམས་རྣམས་དང་། རླུང་ལས་གྱུར་པ་རྣམས་དང་། མཁྲིས་པ་ལས་གྱུར་པ་རྣམས་དང་། བད་ཀན་ལས་གྱུར་པ་རྣམས་དང་། འདུས་པ་ལས་གྱུར་པ་རྣམས་དང་། རིམས་ནད་ཐམས་ཅད་དང་། ཀླད་པ་ན་བ་བསལ་དུ་གསོལ། གཞོགས་ཕྱེད་ན་བ་དང་། ཡི་ག་འཆུས་པ་དང་། མིག་ནད་དང་། སྣ་ནད་དང་། ཁ་ནད་དང་། མགུལ་ནད་དང་། སྙིང་ནད་དང་། ལྐོག་མའི་ལྷ་གོར་ན་བ་དང་། རྣ་བ་ན་བ་དང་། སོ་ན་བ་དང་། སྙིང་ན་བ་དང་། གནད་ན་བ་དང་། རྩིབ་ལོགས་ན་བ་དང་། རྒྱབ་ན་བ་དང་། ལྟོ་བ་ན་བ་དང་། རྐེད་པ་ན་བ་དང་། ཆུ་སོ་ན་བ་དང་། བརླ་ན་བ་དང་། རྗེ་ངར་ན་བ་དང་། ལག་པ་ན་བ་དང་། རྐང་པ་ན་བ་དང་། ཡན་ལག་ན་བ་དང་། ཉིང་ལག་ན་བ་བསལ་དུ་གསོལ། གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ་འདིས་དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་འབྱུང་པོ་དང་། རོ་ལངས་དང་། མཁའ་འགྲོ་མ་དང་། གནོད་སྦྱིན་དང་། སྲིན་པོ་དང་། རིམས་ནད་དང་། ཤུ་བ་དང་། གཡན་པ་དང་། འབྲུམ་བུ་ཕྲ་མོ་དང་། མཚན་པར་རྡོལ་བ་དང་། མཛེ་དང་། ཕོལ་མིག་དང་། བས་ལྡགས་དང་། མེ་དབལ་དང་། གཡན་པ་དང་། ལྷོག་པ་དང་། སྐེམས་པ་དང་། སྐྲག་པ་དང་། ལུད་པ་ལུ་བ་དང་། དབུགས་མི་བདེ་བ་དང་། མི་དྲན་པ་དང་། དབྱིག་དུག་དང་། དུག་སྦྱར་མ་དང་། བྱད་དང་། མེ་དང་། ཆུ་དང་། མི་ངས་དང་། བདུད་དང་། འཆིང་བ་དང་། དགྲ་དང་། དགོན་པ་དང་། དུས་མ་ཡིན་པར་འཆི་བ་དང་། སྦྲང་བུ་ཏྲྱེ་བུ་ཀ་དང་། ཏྲི་ལ་ཏཱ་ཀ་དང་། སྡིག་པ་དང་། སྦྲུལ་དང་། སྲམ་དང་། སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། གཡག་རྒོད་དང་། ཆུ་སྲིན་ལ་སོགས་པའི་སྲོག་ཆགས་རྣམས་བསལ་དུ་གསོལ། དེ་དག་ཐམས་ཅད་ཀྱི་རིག་སྔགས་བཅིང་པར་བྱའོ། །གཟི་བརྗིད་བཅིང་བར་བྱའོ། །གཞན་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱིའོ། །མཚམས་བཅིང་བར་བགྱིའོ། །ཏདྱ་ཐཱ། ༀ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཱི་ར་བཱི་ར། སོ་མྱེ་སོ་མྱེ། ཤཱནྟེ་ཤཱནྟེ། དཱནྟེ་དཱནྟེ། བི་ཥ་དེ་བི་ཥ་དེ། བཻ་རེ་བཻ་རེ། དེ་བི་བཛྲ་དྷཱ་རི་བནྡྷ་བནྡྷ་ནི་བཛྲ་པཱ་ཎི་ཕཊ། ༀ་ཧཱུྃ་དྲཱུཾ་ཧྲཱིཿཥྚོཾ་ཕཊ་སྭཱ་ཧཱ། ༀ་བཛྲ་པཱ་ཎཱི་བནྡྷ་བནྡྷ་བཛྲ་པཱ་ཤེ་ན་མ་སརྦ་དུཥྚ་བིགྷྣཱཾ་བི་ནཱ་ཡ་ཀཱཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །སུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པའི་རིག་སྔགས་ཀྱི་རྒྱལ་མོའི་འདི་གྲོ་གའམ། རས་སམ་ཤིང་ཤུན་ལ་བྲིས་ཏེ། ལུས་སམ་མགུལ་དུ་ཐོགས་སམ་ཀློག་པར་བྱེད་ན་དེ་ལ་ཇི་སྲིད་འཚོའི་བར་དུ་དུག་གིས་མི་ཚུགས། མཚོན་གྱིས་མི་ཚུགས། མེ་ཡིས་མི་ཚུགས། ཆུས་མི་ཚུགས། དབྱིག་དུག་གིས་མི་ཚུགས། དུར་སྦྱར་མས་མི་ཚུགས། བྱད་ཀྱིས་མི་ཚུགས། དུས་མ་ཡིན་པར་འཆི་བར་དུས་བྱེད་པར་མི་འགྱུར་རོ། །གདོན་ཐམས་ཅད་དང་། བགེགས་ཐམས་ཅད་དང་། ལོག་འདྲེན་ཐམས་ཅད་ཀྱང་དགའ་བར་འགྱུར་རོ། །རྡོ་རྗེའི་རིགས་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་བཞི་རྣམས་དང་གྲུབ་པའི་ལྷ་མོ་རྣམས་ཀྱིས་ཀྱང་དེ་ལ་རྟག་ཏུ་མཐུན་པར་སྲུང་བ་དང་། སྐྱོབ་པ་དང་། སྤེད་པར་བྱེད་དོ། །དེ་རྣམས་ཀྱི་ཡིད་དུ་འོང་བ་དང་དགའ་བར་ཡང་འགྱུར་རོ། །བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་སྐྱེ་བ་དྲན་པར་འགྱུར་རོ། །རྡོ་རྗེའི་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་ཡང་རྟག་པར་ཕྱི་བཞིན་ཡོངས་སུ་སྐྱོང་བར་འགྱུར་རོ། །ནམ་དུ་ཡང་གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་ཉིད་དུ་མི་འགྱུར་རོ། །མི་དབུལ་པོར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱིས་བསྲུང་བ་དང་། བསྐྱབ་པ་དང་། སྤེད་པར་མཛད་ཅིང་། དེ་དག་གི་ཐུགས་སུ་བྱོན་པ་དང་དགྱེས་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཕྱིར་ཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་འཆང་ན་ཚངས་པར་མི་སྤྱོད་པ་ཡང་ཚངས་པར་སྤྱོད་པར་འགྱུར་རོ། །ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར་རོ། །མི་གཙང་བ་ཡང་གཙང་བར་འགྱུར་རོ། །སྨྱུང་བ་མ་བྱས་པ་ཡང་སྨྱུང་བ་བྱས་པར་འགྱུར་རོ། །མཚམས་མེད་པ་ལྔ་བྱས་པ་ཡང་འབྱང་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཡང་མ་ལུས་པར་ཟད་པར་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བུ་འདོད་པ་གང་ལ་ལས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ཕྱིར་ཟློག་པ་ཆེན་མོ་རིག་སྔགས་ཀྱི་རྒྱལ་མོ་འདི་འཆང་ངམ་ཀློག་ན་བུ་འདོད་པ་དེས་བུ་རྙེད་དེ། ཚེ་དང་བསོད་ནམས་དང་། སྟོབས་ཀྱང་རབ་ཏུ་རྙེད་དོ། །འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །མི་ནད་དང་། ཕྱུགས་ནད་དང་། ཡམས་ཀྱི་ནད་དང་། འཚེ་བ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཐམས་ཅད་དང་། ཕ་རོལ་གྱི་དམག་ཚོགས་འོང་བ་ཐམས་ཅད་ལ། དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། རིམ་གྲོ་ཆེར་བྱས་ཏེ་མཆོད་པ་ཆེན་པོ་བྱས་ལ་གྲོང་ཁྱེར་ཐམས་ཅད་ཀྱི་སྒོའམ། གྲོང་ངམ། གྲོང་ཁྱེར་རམ། གྲོང་བརྡལ་ལམ། ལྗོངས་སམ། དགོན་པའི་གནས་སུ་གཟུགས་སོ། །འཕགས་པ་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་མ་ཆེན་མོ་རིག་སྔགས་ཀྱི་རྒྱལ་མོ་འདི་རིམ་གྲོ་ཆེར་བྱས་ཏེ་བཙུགས་ན་བཙུགས་མ་ཐག་ཏུ་གཡུལ་ཞི་བར་བྱས་པར་འགྱུར་རོ། །ཡམས་ཀྱི་ནད་དང་། འཚེ་བ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་དང་། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ཏདྱ་ཐཱ། ༀ་ཥྚོཾ་བནྡྷ་བནྡྷ་མ་མ་རཀྵ་རཀྵ་སྭཱ་ཧཱ། ༀ་ཥྚོ་བནྡྷ་བནྡྷ་བཛྲ་མ་མ་རཀྵ་རཀྵ་བཛྲ་པཱ་ཎི་ཧཱུྃ་ཕཊ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་ན་ལེ་ཨ་ཝ་ལོ་ཀི་ཏེ་ཙུརྞ་ཏེ་ཛྭ་རཱ་ཡི། ༀ་ཛྭ་ལ་ཛྭ་ལ། དྷ་ཀ་དྷ་ཀ །དྷ་ར་དྷ་ར། བི་ད་ར་བི་ད་ར། ཙྪིནྜ་ཙྪིནྜ། བྷིནྜ་བྷིནྜ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཧཱུྃ་ཕཊ་སྭཱ་ཧཱ། ཏདྱ་ཐཱ། ༀ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་རེ་བཻ་རེ། ས་མེ་ས་མེ། སརྦ་བུདྡྷ་ཨ་དྷིཥྛཱི་ན་ཨ་དྷིཥྛཱི་ཏེ། སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཕཊ། ཧཱུྃ་མ་མ་ཧཱུྃ་ནི་སྭཱ་ཧཱ། ཀླུའི་རྒྱལ་པོ་མཐའ་ཡས་དང་། ཀླུའི་རྒྱལ་པོ་དུང་སྐྱོང་དང་། ཀླུའི་རྒྱལ་པོ་ནག་པོ་ཆེན་པོ་རྣམས་ཀྱིས་དུས་དུས་སུ་ཆར་འབེབས་སོ། །དུས་དུས་སུ་སྤྲིན་སྡུད་དོ། །དུས་དུས་སུ་འབྲུག་གི་སྒྲ་སྒྲོགས་པར་འགྱུར་རོ། །ཉེ་བར་འཚེ་བ་ཐམས་ཅད་ལ་སངས་རྒྱས་ཀྱི་རྣལ་འབྱོར་དུ་བྱས་ལ་ལན་གསུམ་བཟླས་པར་བྱའོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཆེན་མོ་ཕྱིར་ཟློག་པ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས་རྫོགས་སོ། །པཎྜི་ཏ་པ་ར་ཧི་ཏ་བྷ་དྲ་དང་། ལོ་ཙཱ་བ་གཟུ་དགའ་རྡོར་གྱིས་ཁ་ཆེའི་བདུད་རྩི་འབྱུང་གནས་ཀྱི་གཙུག་ལག་ཁང་གི་དཔེ་རྙིང་ལ་གཏུགས་ནས་གཏན་ལ་ཕབ་པའོ།། །།

གཙུག་ཏོར་གདུགས་དཀར་གྱི་ཆོ་ག །ཀརྨ་པ་རང་བྱུང་རྡོ་རྗེ།

གཙུག་ཏོར་གདུགས་དཀར་གྱི་ཆོ་ག་བཞུགས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གཙུག་ཏོར་གདུགས་དཀར་གྱི་ཆོ་ག་བྱེད་པར་འདོད་པས། སྦྱོར་བ་དང་། དངོས་གཞི་དང་། རྗེས་ཀྱི་ཆོ་གའོ། །དང་པོ་ལ་གཉིས། ས་ཆོག་དང་། ཡོ་བྱད་སྟ་གོན་ནོ། །དང་པོ་ནི། དགོས་པ་དང་མི་དགོས་པ་བརྟགས་ཏེ། དགོས་པའི་ས་ནི་སྣང་མི་སྣང་བ་ལ་བསླང་སྟེ། འབྱུང་པོའི་ཚོགས་ལ་གཏོར་མ་བྱིན། །ནོར་འཛིན་གནས་དང་མཆོད་གཏོར་བཤམ། །བསྐྱེད་འགུགས་མཆོད་བསྟོད་གསོལ་བ་གདབ། །གནང་བ་བྱིན་བསམ་བདག་གིར་བྱ། །སྙིང་པོ་བརྗོད་ཅིང་བྱ་བས་སྦྱང་། །ཧཱུྃ་བརྗོད་རྡོ་རྗེའི་གཞིར་བྱའོ། །སྔར་བྱས་གནས་སུ་ཏིང་འཛིན་གྱིས། །རཾ་ཡཾ་ཁཾ་གི་ས་བོན་གྱིས། །སྲེག་སྦྱང་གཏོར་ཞིང་བྱིན་གྱིས་བརླབ། །ས་ཡི་བྱ་བ་མདོར་བསྡུས་པའོ། །གཉིས་པ་ནི། ཡོ་བྱད་སྟ་གོན་ལ་སོགས་པ་སྟེ། དེ་ཡང་། ཐིག་སྐུད་ཚོན་དང་གཙུག་ཏོར་དང་། །ཕུར་པ་འཁོར་ལོ་མཆོད་གཏོར་དང་། །བསྒྲུབ་བྱའི་གཟུགས་དང་སྦྱིན་སྲེག་ཐབ། །བུམ་པ་ལ་སོགས་ཐམས་ཅད་ཀུན། །གཞུང་ལས་གསུངས་པ་ཇི་བཞིན་དུ། །དེ་དག་སྦྱོར་བའི་ཆོ་གའོ། །དངོས་གཞི་ལ་གཉིས་ལས། དཀྱིལ་འཁོར་གྱི་བྱ་བ་དང་། སྒྲུབ་པ་དངོས་སོ། །དང་པོ་ནི། ཐིག་གདབ་བྲི་ཞིང་ཕྱག་འཚལ་དགོད། །མཆོད་གཏོར་ལེགས་བཤམ་སྔོན་འགྲོའོ། །སྒྲུབ་པ་དངོས་ལ་གསུམ་སྟེ། སྲུང་འཁོར་དང་། རིག་པ་གཏད་པ་དང་། སྨད་ལས་སོ། །དང་པོ་ནི། སྐད་ཅིག་གིས་བདག་ཡི་དམ་གྱི་ལྷའམ་ཐུབ་པ་ཆེན་པོ་གང་རུང་གི་ང་རྒྱལ་བསྐྱེད་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། ལས་གང་བསྒྲུབ་པའི་སེམས་བསྐྱེད་དེ། འབྱུང་པོ་ལ་གཏོར་མ་བྱིན་ནས་སྲུང་བའི་སྔགས་བརྗོད་དེ་མཚམས་བཅད་དོ། །དེ་ནས། རང་གི་སྙིང་གར་ཡི་གེ་ཨ་གནས་པ་ལས་འོད་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ལ། དང་པོ་ཕྱག་འཚལ་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཨུཏྤལ་གསུང་གི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རིན་པོ་ཆེ་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་དབང་པོ་མེ་ཏོག་ཀུན་ཏུ་རྒྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བཻཌཱུརྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་ལ་ཕྱག་འཚལ་ལོ། །རྡོ་རྗེའི་གདུང་ལ་ཕྱག་འཚལ་ལོ། །ནོར་བུའི་གདུང་ལ་ཕྱག་འཚལ་ལོ། །པདྨའི་གདུང་ལ་ཕྱག་འཚལ་ལོ། །གླང་པོའི་གདུང་ལ་ཕྱག་འཚལ་ལོ། །གཞོན་ནུའི་གདུང་ལ་ཕྱག་འཚལ་ལོ། །ཀླུའི་གདུང་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལྷའི་དྲང་སྲོང་དམོད་པ་འདོར་བ་དང་ཕན་འདོགས་ནུས་པ་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཛིན་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །དབང་པོ་ལ་ཕྱག་འཚལ་ལོ། །ལེགས་ལྡན་དྲག་པོ་དཀའ་ཐུབ་ཟློག་པའི་བདག་པོ་དང་ལྷན་ཅིག་པ་རྣམས་ལ་ཕྱག་འཚལ་ལོ། །ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་ནག་པོ་ཆེན་པོ་གྲོང་ཁྱེར་སུམ་བརྩེགས་འཇིགས་པར་བྱེད་པར་དུར་ཁྲོད་ན་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་ནས་ཡན་ལག་བདུན་པ་བྱའོ། །དེ་ནས་བསྐྱེད་པའི་རིམ་པ་ལ་འཇུག་པར་བྱ་སྟེ། ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱི། །བྱིན་རླབས་བདག་ལ་བསྡུས་པ་ལས། །ཨ་ཡིག་འཕྲོ་འདུ་ཡི་གེ་ཧཱུྃ། །རཾ་ཡཾ་ཁཾ་གི་སྦྱོར་བ་ལས། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རཾ་གྱིས་བསྲེགས་ཤིང་ཡཾ་གིས་གཏོར། །ཁཾ་གིས་བཀྲུས་པས་དག་པར་བསམ། ༀ་མ་ཧཱ་ཤཱུནྱ་ཏཱ་ཱཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ཡིས་ཐམས་ཅད་སྟོང་པའི་ངང་། །དེ་ནས་འབྲུ་ལྔའི་འོད་འཕྲོས་ཏེ། །ཡཾ་ལས་རླུང་གི་དཀྱིལ་འཁོར་ནི། །སྔོ་ནག་བ་དན་གྱིས་མཚན་པའོ། །རཾ་ལས་མེ་ཡི་དཀྱིལ་འཁོར་འབར། །ཁཾ་ལས་བདུད་རྩིའི་རྒྱ་མཚོ་དཀར། །མཾ་ལས་གསེར་གྱི་ས་གཞིའི་དབུས། །འབྱུང་བ་ལྔ་ཡི་འཕྲོས་འདུ་ལས། །སུཾ་ལས་རིན་ཆེན་རི་རབ་གྱུར། །དེ་སྟེང་པཾ་ལས་པདྨ་སྟེ། །ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་གུར། །བྷྲཱུྂ་ལས་གྱུར་པའི་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་སྒོ་ཁྱུང་ལྡན། །རྟ་བབ་བཞིས་བརྒྱན་སྣམ་བུ་དང་། །རྩིག་པ་ལྔ་ལྡན་ཕ་གུས་མཛེས། །དྲྭ་བ་དྲྭ་བ་ཕྱེད་པས་བརྒྱན། །གསེང་མ་རིན་ཆེན་ཤར་བུས་བསྐོར། །ཐོག་ནི་ཕྱུར་བུ་ཁ་དོག་བཞི། །རིན་ཆེན་ཆར་ཁེབ་ཏོག་གིས་མཛེས། །ཀ་བ་བརྒྱད་ཀྱིས་རྣམ་པར་བརྒྱན། །དེ་དབུས་བྷྲཱུྂ་ལས་འཁོར་ལོ་ནི། །རྩིབས་བཞི་རྩིབས་བཅུ་པ་ཡི་སྟེང་། །དབུས་སུ་རྣམ་པར་བསམ་པ་ནི། །རིན་ཆེན་འབར་བའི་སེང་གེའི་ཁྲི། །པཾ་ལས་པདྨ་འདབ་བརྒྱད་དེ། །ཨ་ལས་ཟླ་བའི་གདན་དུ་བསམ། །ཕྱོགས་བཞི་ཕྱོགས་བཅུ་སྒོ་མཚམས་སུ། །པདྨ་ཉི་ཟླ་བརྩེགས་པར་བསྒོམ། །དབུས་ཀྱི་གདན་སྟེང་ཡི་གེ་ཧཱུྃ། །ཡོངས་གྱུར་ཨ་བྷྲཱུྂ་དཀར་སེར་བསམ། །དེ་ལས་འོད་ཟེར་འཕྲོས་པ་ལས། །ཐམས་ཅད་ལྷུང་བཟེད་མཁར་བསིལ་གྱིས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཀང་སྟེ། །སླར་འདུས་བཅོམ་ལྡན་ཤཱཀྱ་ཐུབ། །སྐུ་མདོག་གསེར་མདོག་འབར་བ་ལ། །མཚན་ནི་སུམ་ཅུ་རྩ་གཉིས་ལྡན། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །གསུང་དབྱངས་ཡན་ལག་དྲུག་ཅུ་སྟེ། །ཐུགས་ནི་ཡེ་ཤེས་ལྔ་ལྡན་པ། །དེ་འདྲ་བདེ་བར་གཤེགས་པའི་སྐུས། །ནམ་མཁའ་ས་གཞི་བར་སྣང་རྣམས། །ཏིལ་གོང་བཞིན་དུ་གང་བར་བསྒོམ། །བདེ་གཤེགས་དེ་ཡི་གཙུག་ཏོར་ལ། །པདྨ་ཉི་ཟླ་བརྩེགས་པའི་གདན། །ཐུགས་ལས་བྷྲཱུྂ་གྱི་ཡི་གེ་འཕྲོས། །དེ་ལས་གཙུག་ཏོར་གདུགས་དཀར་མོ། །ཞལ་གཅིག་ཕྱག་བཞི་ཞི་བའི་ཚུལ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །དང་པོ་ཕྲེང་བ་རྒྱལ་མཚན་དང་། །འོག་མ་སྐྱབས་སྦྱིན་མཉམ་གཞག་ཅན། །འོད་ཟེར་སྣ་ཚོགས་འཕྲོ་བར་བསྒོམ། །དེ་ཡི་ཐུགས་ལས་བྷྲཱུྂ་ལྔ་འཕྲོས། །བྷྲཱུྂ་གཅིག་ཤཱཀ་ཐུབ་ཐུགས་ཀར་ཞུགས། །བྷྲཱུྂ་བཞི་གཙུག་ཏོར་བཞི་ལ་ཐིམ། །འོད་དུ་ཞུ་ཞིང་ཡོངས་གྱུར་པས། །ཐུགས་ཀའི་བདེ་གཤེགས་གཙུག་ཏོར་ནི། །གསེར་མདོག་དབུ་རྒྱན་འཁོར་ལོ་བསྣམས། །ཤར་ཕྱོགས་རྡོ་རྗེའི་གཙུག་ཏོར་ནི། །དཀར་པོ་རྡོ་རྗེ་དྲིལ་བུ་འཛིན། །ལྷོ་ཕྱོགས་རིན་ཆེན་གཙུག་ཏོར་ནི། །སྔོན་པོ་རིན་ཆེན་ནོར་བུ་འཛིན། །ནུབ་ཕྱོགས་ཆོས་ཀྱི་གཙུག་ཏོར་ནི། །དམར་པོ་པདྨ་བུམ་པ་བསྣམས། །བྱང་ཕྱོགས་ལས་ཀྱི་གཙུག་ཏོར་ནི། །ལྗང་སེར་རྒྱ་གྲམ་ལྕགས་ཀྱུ་བསྣམས། །དེ་ལྔ་ཐུགས་ཀྱི་དཀྱིལ་འཁོར་ནས། །བྷྲཱུྂ་ནི་གཉིས་གཉིས་འཕྲོས་པ་ལས། །བདེ་གཤེགས་ཐུགས་ཀའི་བྷྲཱུྂ་གཉིས་ནི། །ཁ་དོག་སྔོ་སྐྱ་དཀར་ནག་སྔོ། །སྟེང་འོག་གཙུག་ཏོར་གཉིས་ལ་ཐིམ། །རྡོ་རྗེ་གཙུག་ཏོར་ཐུགས་ཀ་ནས། །དཀར་དང་གནག་པའི་བྷྲཱུྂ་གཉིས་འཕྲོས། །ཤར་དང་ཤར་ལྷོ་གཉིས་ལ་ཐིམ། །རིན་ཆེན་གཙུག་ཏོར་ཐུགས་ཀ་ནས། །སྔོ་དང་སེར་བའི་བྷྲཱུྂ་གཉིས་འཕྲོས། །ལྷོ་དང་ལྷོ་ནུབ་གཉིས་ལ་ཐིམ། །པདྨའི་གཙུག་ཏོར་ཐུགས་ཀ་ནས། །དམར་དང་སྨུག་པའི་བྷྲཱུྂ་གཉིས་འཕྲོས། །ནུབ་དང་ནུབ་བྱང་གཉིས་ལ་ཐིམ། །ལས་ཀྱི་གཙུག་ཏོར་ཐུགས་ཀ་ནས། །ལྗང་དང་དུད་ཁའི་བྷྲཱུྂ་གཉིས་འཕྲོས། །བྱང་དང་བྱང་ཤར་གཉིས་ལ་ཐིམ། །དེ་རྣམས་རང་རང་ཁ་དོག་བཞིན། །འོད་དུ་ཞུ་བས་བྷྲཱུྂ་དུ་གྱུར། །བྷྲཱུྂ་ལས་གཙུག་ཏོར་ཆེན་པོ་བཅུ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་གཙུག་ཏོར་གཡོན་བུམ་པ། །རེ་རེའང་སྤྲུལ་པ་བཅུ་བཅུ་སྟེ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །བརྗིད་པའི་ཚུལ་དུ་མཉམ་གནས་བསྒོམ། །རྒྱལ་བ་དེ་རྣམས་ཐམས་ཅད་ཀྱི། །སྤྱི་བོར་ཟླ་བར་ༀ་དཀར་པོ། །མགྲིན་པར་པདྨར་ཨཱཿཡིག་དམར། །ཐུགས་དཀྱིལ་ཉི་མར་ཧཱུྃ་སྔོན་པོ། །ལྟེ་བར་སྭཱ་ཡིག་སེར་པོ་སྟེ། །གསང་བར་ཧཱ་ལྗང་པདྨར་གནས། །བྱིན་གྱིས་བརླབ་པའི་ཆོ་འཕྲུལ་ལོ། །རྒྱལ་བའི་སྐུ་ལས་འོད་འཕྲོས་ཏེ། །ཕྱོགས་བཅུའི་བདེ་གཤེགས་མ་ལུས་མཆོད། །ཚུར་འདུས་ཡེ་ཤེས་དབང་བསྐུར་ཞིང་། །གཉིས་སུ་མེད་པར་གྱུར་པར་བསྒོམ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུཾ། ཨདྷི་ཏིཥྛ་སྭཱ་མཾ། ༀ་ཧཱུྃ་ཏྲཱྂ་ཧྲཱིཿཨཿ སྤྱི་བོ་རྣ་བ་གཡས་གཡོན་དང་། །ལྟག་པ་དཔྲལ་བ་དག་ཏུ་དགོད། །རིགས་ཀྱི་ལྷ་རུ་གྱུར་པར་བསམ། །བུདྡྷ་ཨ་བྷི་ཥིཉྩ་ༀ། བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཨ་བྷི་ཥིཉྩ་ཏྲཱྂ། པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཨ་བྷི་ཥིཉྩ་ཨཿ དེ་ནི་དབང་བསྐུར་བའི་ཆོ་འཕྲུལ་ལོ། །རྫོགས་པའི་སྐུ་མཆོག་ཐུགས་ཀ་ནས། །ཛཿཧཱུྃ་བཾ་ཧོཿརྣམ་བཞི་འཕྲོས། །སྒོ་བཞིའི་ཕུར་པ་བཞི་ལ་ཐིམ། །ཤར་དུ་ལྕགས་ཀྱུ་འཛིན་མ་དཀར། །ལྷོ་རུ་ཞགས་པ་འཛིན་མ་སྔོ། །ནུབ་ཏུ་ལྕགས་སྒྲོག་དམར་མོ་སྟེ། །བྱང་དུ་དྲིལ་བུ་ལྗང་གུའོ། །ལས་ཀྱི་ཕོ་ཉ་རྣམ་བཞིའོ། །བདུག་པ་མེ་ཏོག་མར་མེ་མ། །དྲི་ཆབ་མཆོད་པའི་ལྷ་མོ་བཞིས། །རྒྱལ་བའི་ཚོགས་རྣམས་མཉེས་བྱས་ནས། །ཚུར་འདུས་ཚད་མེད་རྣམ་བཞི་ཡིས། །དཀྱིལ་འཁོར་མཚམས་སུ་རྣམ་པར་བརྒྱན། །དེ་ལྟར་དཀྱིལ་འཁོར་ཡོངས་རྫོགས་ནས། ཕྱི་རོལ་སྣམ་བུའི་ཕུར་པ་རྣམས། །ལས་ཀྱི་ཁྲོ་མོར་བྱིན་གྱིས་བརླབས། །སྐུ་སྟོད་ཁྲོ་མོ་འབར་བའི་སྐུ། །དབུ་སྟོང་ཕྱག་ནི་སྟོང་ཕྲག་མ། །སྤྲུལ་པའི་མཚོན་ཆ་འབུམ་གྱིས་བརྒྱན། །སྤྱན་ནི་བྱེ་བ་བརྒྱ་སྟོང་མངའ། །མི་ཕྱེད་འབར་བའི་མཚན་རྟགས་ཅན། །སྐུ་སྨད་གནམ་ལྕགས་དབལ་དྲག་ཅན། །ས་གསུམ་དཀྱིལ་འཁོར་མངའ་མཛད་ལ། །ཕྱག་རྒྱའི་ཚོགས་ཀྱིས་བསྐོར་བར་བསྒོམ། །ཕྱི་རོལ་རྡོ་རྗེའི་ས་གཞི་ལ། །ཚངས་དང་དབང་པོ་སྲེད་མེད་བུ། །དཀའ་ཟློག་ལེགས་ལྡན་ནག་པོ་དང་། །བཀའ་ཉན་འབྱུང་པོ་ཐམས་ཅད་དང་། །ལས་ཀྱི་ཕོ་ཉ་བསམ་པར་བྱ། །དེ་ལྟར་བསྐྱེད་པའི་ཏིང་ངེ་འཛིན་གྱི་རིམ་པ་རྫོགས་ནས། བདག་ཉིད་ལྷའི་ཚུལ་གྱིས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་མངོན་པར་འཕྲོས་པར་བསྒོམས་ནས། སླར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་བཀུག་ནས། སླར་ཡང་དཀྱིལ་འཁོར་ལ་གཞུག་ཅིང་མཆོད་ཅིང་བསྟོད་པར་བྱའོ། །ༀ། ཕྱོགས་བཅུ་རབ་འབྱམས་འཇིག་རྟེན་ན། །རྒྱལ་བ་གང་བཞུགས་འཁོར་དང་བཅས། །གཙུག་ཏོར་ཆེན་པོ་འཁོར་བཅས་རྣམས། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་བྷ་ག་ཝཱ་ན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། པྲཛྙཱ་པཱ་ར་མི་ཏ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏཱ་པ་ཏྲེ་ཧཱུྃ་ཛཿ ཞེས་སྤྱན་དྲང་ངོ་། །རྒྱལ་བ་འཁོར་བཅས་ཚུར་གཤེགས་གདན་ལ་བཞུགས། །རིན་ཆེན་སྟེགས་དང་སེང་གེའི་ཁྲི་མཆོག་ལ། །ཉི་ཟླ་པདྨ་བརྩེགས་པའི་གདན་སྟེངས་སུ། །ཚུལ་ཁྲིམས་ལྡན་པའི་གནས་འདིར་བཞུགས་སུ་གསོལ། །པདྨ་ས་མ་ཡ་སྟྭཾ། ཞེས་བཞུགས་སུ་གསོལ་ལོ། །སྲིད་གསུམ་སྟོན་པ་མི་དང་ལྷ་ཡི་ལྷ། །བཅོམ་ལྡན་མགོན་པོ་ཤཱཀྱ་སེང་གེ་ཡི། །མཐོན་མཐིང་གཡས་སུ་འཁྱིལ་བའི་སྤྱི་གཙུག་ན། །ཡ་མཚན་རྨད་བྱུང་གཙུག་ཏོར་གདུགས་དཀར་སྐུ། །སྲིད་གསུམ་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ། དེ་ནས་མཆོད་པ་རྩ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་ཆུས་བསང་སྟེ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་པཱ་དྱཾ་པྲ༴ ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨཱཉྩ་མ་ནཾ་པྲ༴ ༀ་ན་མཿསརྦ་ཏ་ཐཱ་ག་ཏ་པྲོཀྵ་ཎཾ༴ ཞེས་ཆུ་བཞི་ཕུལ་ལ་སྔར་གྱི་མཆོད་པའི་ལྷ་མོ་རྣམས་ལས་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། མེ་ཏོག་ཇི་སྙེད་ཡོད་པ་དང་། །བདུག་སྤོས་ཇི་སྙེད་ཡོད་པ་དང་། །སྣང་གསལ་ཇི་སྙེད་ཡོད་པ་དང་། །དྲི་ཆབ་ཇི་སྙེད་ཡོད་པ་དང་། །ཞལ་ཟས་ཇི་སྙེད་ཡོད་པ་དང་། །ཞེས་འདོན་པ་བསྒྱུར་ལ། རྗེས་སུ་ཡང་། པུཥྤེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནི་ཝིདྱ། ཤཔྡ་ཞེས་མཆོད་པར་བྱའོ། །དེ་བཞིན་དུ་ནང་དང་། རྒྱལ་སྲིད་ལ་སོགས་པ་ཕུལ་ནས་བསྟོད་པ་ནི། དཔལ་ལྡན་ཐུབ་པའི་དབང་པོ་ཆེ། །གསེར་གྱི་ལྷུན་པོ་ལྟར་མཛེས་པ། །མཚན་དང་དཔེ་བྱད་རབ་ལྡན་པའི། །དྲི་མེད་སྐུ་ཁྱོད་ཕྱག་འཚལ་ལོ། །ཡན་ལག་དྲུག་ཅུའི་གསུང་ལྡན་ཞིང་། །མི་ཤེས་ཐེ་ཚོམ་གཅོད་པར་མཛད། །ལམ་ཡང་དྲི་མེད་ཉེར་སྟོན་པའི། །ཐུབ་པའི་གསུང་ཁྱོད་ཕྱག་འཚལ་ལོ། །མཁའ་ལྟར་འདུས་མ་བྱས་པའི་ཐུགས། །ས་ཅུའི་དབང་ཕྱུག་ཀུན་གྱིས་ཀྱང་། །ཁྱོད་ཐུགས་གཏིང་དཔག་རབ་དཀའ་བས། །དཔག་ཡས་ཐུགས་མངའ་ཕྱག་འཚལ་བསྟོད། །རྒྱལ་བའི་ཐུགས་ལས་རབ་འཕྲུལ་ཞིང་། །ཅོད་པན་རབ་མཛེས་ཞི་བའི་ཚུལ། །ཀུ་མུད་ཟླ་བཟང་ལྟ་བུར་མཛེས། །གདུགས་དཀར་ཁྱོད་ལ་ཕྱག་འཚལ་བསྟོད། །རིན་ཆེན་ཆུ་སྐྱེས་བུམ་འཁྲུངས་པས། །རྒྱན་ལྡན་ཚད་མེད་རྣམ་བཞིའི་ཕྱག །ཕྲེང་བ་རྒྱལ་མཚན་སྐྱབས་སྦྱིན་དང་། །མཉམ་གཞག་ཕྱག་མངའ་ཁྱོད་ལ་བསྟོད། །ཐུགས་ཀར་བདེ་གཤེགས་གཙུག་ཏོར་ནི། །འཛམ་བུའི་གསེར་ལྟར་ལྷང་ངེ་བ། །དབུ་རྒྱན་འཁོར་ལོའི་ཕྱག་གིས་མཛེས། །དེ་བཞིན་གཤེགས་རིགས་ཁྱོད་ལ་བསྟོད། །ཤར་གྱི་ཕྱོགས་སུ་ཉེར་མཛེས་པའི། །རབ་དཀར་རྡོ་རྗེ་གཙུག་ཏོར་ནི། །རྟོག་པས་མི་ཕྱེད་རྡོ་རྗེ་དང་། །དྲིལ་བུ་འཛིན་པ་ཁྱོད་ཕྱག་འཚལ། །ལྷོ་ཕྱོགས་རིན་ཆེན་གཙུག་ཏོར་ནི། །བཻཌཱུརྻ་ལྟར་དག་པའི་སྐུ། །རིན་ཆེན་རིགས་ལ་རིན་ཆེན་དང་། །ནོར་བུ་འཛིན་པ་ཁྱོད་ལ་བསྟོད། །ཆུ་བདག་ཕྱོགས་སུ་ཉེར་མཛེས་པ། །བདེ་གཤེགས་ཆོས་ཀྱི་གཙུག་ཏོར་ནི། །པདྨོ་བུམ་པས་ཕྱག་མཛེས་པ། །པདྨ་དམར་འདྲ་ཁྱོད་ལ་བསྟོད། །བྱང་ཕྱོགས་ལས་ཀྱི་གཙུག་ཏོར་ནི། །མ་རྒད་མདོག་ཅན་རྒྱ་གྲམ་དང་། །ལྕགས་ཀྱུས་ཕྱག་གིས་ཉེར་མཛེས་པའི། །ཕྲིན་ལས་མངའ་བདག་ཁྱོད་ལ་བསྟོད། །བྷྲཱུྂ་གྱི་ས་བོན་ལས་བྱུང་བའི། །རིགས་ཀྱི་གཙུག་ཏོར་ཆེན་པོ་བཅུ། །ཞལ་གཅིག་ཕྱག་གཉིས་གཙུག་ཏོར་དང་། །བུམ་པ་འཛིན་པ་རྣམས་ལ་བསྟོད། །ཛཿཧཱུྃ་བཾ་ཧོཿལས་བྱུང་བའི། །ཚད་མེད་བཞི་ཡི་རང་བཞིན་ཅན། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུ་འཛིན་ལ་ཕྱག་འཚལ་བསྟོད། །ༀ། དུས་གསུམ་བདེ་གཤེགས་སྤྲུལ་པའི་སྐུ། །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །གཏུམ་མ་ཆེན་མོ་སྟོབས་ཆེན་མོ། །འབར་མ་ཆེན་མོ་གཟི་བརྗིད་ཆེ། །དཀར་མོ་ཆེན་མོ་སྟོབས་ཆེན་མོ། །འབར་བའི་ཕྲེང་བ་གོས་དཀར་མོ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་བའི་རྡོ་རྗེ་ཕྲེང་ཞེས་གྲགས། །པདྨའི་མངོན་མཚན་རྡོ་རྗེས་མཚན། །གཞན་གྱིས་མི་ཐུབ་ཕྲེང་བ་ཅན། །རྡོ་རྗེའི་མཁར་རྣམས་འཇོམས་པ་མོ། །དྲག་པོའི་ལྷ་རྣམས་ཕྱག་འཚལ་བསྟོད། །ཞི་བའི་ལྷ་རྣམས་ཀྱིས་མཆོད་པ། །གཟུགས་ཞི་གཟི་བརྗིད་ཆེན་མོ་ཅན། །འཕགས་པ་སྒྲོལ་མ་སྟོབས་ཆེན་མོ། །རྡོ་རྗེ་ལུ་གུ་རྒྱུད་གཞན་དང་། །རྡོ་རྗེ་གཞོན་ནུ་རིག་འཛིན་མ། །ལག་ན་རྡོ་རྗེ་རིང་བསྲེལ་ཕྲེང་། །ལེ་བརྒན་རྩི་དང་རིན་ཆེན་མ། །སྣང་མཛད་རྡོ་རྗེའི་གཙུག་ཏོར་གྲགས། །རྣམ་པར་བསྒྱིངས་མ་རྡོ་རྗེ་དང་། །གསེར་འོད་ལྟ་བུའི་སྤྱན་མངའ་མ། །རྡོ་རྗེའི་འགྲོས་དང་དཀར་མོ་དང་། །པདྨའི་སྤྱན་དང་ཟླ་འོད་དང་། །ཕྱག་རྒྱའི་ཚོགས་དེ་ཐམས་ཅད་ལ། །མཆོད་ཅིང་གུས་པས་ཕྱག་འཚལ་བསྟོད། །མེ་ཏོག་བདུག་པ་མར་མེ་མ། །དྲི་ཆབ་མཆོད་པའི་ལྷ་མོ་རྣམས། །རྒྱལ་བའི་ཚོགས་རྣམས་མཉེས་བྱེད་མ། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཚངས་དང་དབང་པོ་སྲེད་མེད་བུ། །དཀའ་ཟློག་ལེགས་ལྡན་དྲག་པོ་སོགས། །ཆོས་རྒྱལ་བསྟན་པ་སྐྱོང་མཛད་པ། །དམ་ཅན་ཚོགས་ལ་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་པའི་བྱིན་རླབས་ཀྱིས། །ཕ་རོལ་རྒོལ་བ་ཚར་བཅད་ཅིང་། །བདུད་བཞིའི་སྟོབས་རྣམས་རབ་བཅོམ་སྟེ། །བླ་མེད་ཆོས་རྒྱལ་ཐོབ་པར་ཤོག །དེ་ནས་མན་ངག་གཞན་དུ་བཟློག་པ་བྱ་སྟེ། དེ་ནས་མཚམས་ལ་བབ་པའི་ཚེ། སྲུང་བའི་བཟླས་པ་ཅི་རིགས་པ་བྱ་སྟེ། སྔགས་ནི། ཏདྱ་ཐཱ། ༀ་ཨ་ན་ལེ་ཨ་ན་ལེ། བི་ཤ་དེ་བི་ཤ་དེ། བཻ་ར་བཻ་ར། བཛྲ་དྷཱ་ར་ཎི། བནྡྷ་བནྡྷ། བཛྲ་པཱ་ནི་ཧཱུྃ་ཧཱུྃ་ཕཊ་ཕཊ། ༀ་དྲུཾ་བནྡྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བསྙེན་པའི་སྔགས་སོ། །ཏདྱ་ཐཱ། ༀ་སརྦ་ཏ་ཐཱ་ག་ཏ། ༀ་ཥྚོཾ་བནྡྷ་བནྡྷ། མ་མ་རཀྵ་རཀྵ་མཱཾ་སྭཱ་ཧཱ། ༀ་ཥྚོཾ་བནྡྷ་བནྡྷ། བཛྲ་བདག་ལ་རཀྵ་རཀྵ། བཛྲ་པཱ་ཎི་ཡེ་སྭཱ་ཧཱ། ༀ་རཏྣ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་ཝ་ལོ་ཀི་ཏེ་མཱུརྟྟ་ཏེ་ཛོ་རཱ་ཤི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ༀ་པདྨ་ཛྭ་ལ་ཛྭ་ལ། དྷ་ཀ་དྷ་ཀ །དྷ་ར་དྷ་ར། བི་དྷ་ར་བིདྷ་ར། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷི། ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཀརྨ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཕཊ་སྭཱ་ཧཱ། ཏདྱ་ཐཱ། ༀ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་རེ་བཻ་རེ། ས་མེ་ས་མེ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏཻ། སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པྲ་ཏྲེ་ཧཱུྃ་ཕཊ་སྭཱ་ཧཱ། ཧཱུྃ་མ་མ་ཧཱུྃ་ནི་སྭཱ་ཧཱ། ༀ་རྀ་ཥི་ག་ཎ་པྲ་ཤསྟྲཱ་ཡ། ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་དྲུཾ། ཛམྦྷ་ན་ཀཱ་རི་ཧཱུྃ་དྲུཾ། མ་ཧཱ་བིདྱ་སཾ་བྷཱཀྵ་ཎ་ཀཱ་རི་ཧཱུྃ་དྲུཾ། པ་ར་བི་དྱཱ་སཾ་བྷཀྵ་ཎ་ཀཱ་རི་ཧཱུྃ་དྲུཾ། སརྦ་དུཥྚཱ་ནཱཾ་སྟམྦྷ་ན་ཀཱ་རི་ཧཱུྃ་དྲཱུཾ། སརྦ་ཡཀྵ་རཀྵ་ས་གྲ་ཧཱ་ནཱཾ་བི་དྷྭཾ་ས་ན་ཀཱ་རི་ཧཱུྃ་དྲཱུཾ། ཙ་ཏུ་ར་ཤཱི་ཏཱི་ནཱཾ་གྲ་ཧ་ས་ཧ་སྲཱ་ཎཾ་བི་དྷཱ་ན་ས་ན་ཀཱ་རི་ཧཱུྃ་དྲཱུཾ། ཨཥྚ་བིཾ་ཤ་ཏཱི་ནཱཾ་ནཀྵ་ཏྲཱ་ཎཱཾ་པྲ་མཱ་དྷ་ན་ཀཱ་རི་ཧཱུྃ་དྲཱུཾ། ཨཥྚ་ནཱཾ་མ་ཧཱ་གྲ་ཧཱ་ཎཱཾ་བི་དྷྭ་ན་ཀ་རི་ཧཱུྃ་དྲཱུཾ། བདག་ལ་བསྲུང་དུ་གསོལ། ཞེས་ཚར་ཅི་རིགས་བརྗོད་ནས། རྗེས་སུ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་ཕྲག་སྟོང་མངའ་བ་ཆེན་མོ། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་པོ་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་པ་ཆེན་མོ། ཀུན་ལས་བདག་ལ་བསྲུང་དུ་གསོལ་བསྲུང་དུ་གསོལ། ༀ་རྒྱལ་པོའི་འཇིགས་པ་དང་། ཆོམ་རྐུན་གྱི་འཇིགས་པ་དང་། མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་། དུག་གི་འཇིགས་པ་དང་། མཚོན་གྱི་འཇིགས་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང་། མུ་གེའི་འཇིགས་པ་དང་། ནད་ཀྱི་འཇིགས་པ་དང་། ལྕེ་འབབ་པའི་འཇིགས་པ་དང་། ས་གཡོ་བའི་འཇིགས་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་། སྐར་མདའ་ལྟུང་བའི་འཇིགས་པ་དང་། རྒྱལ་པོའི་ཆད་པའི་འཇིགས་པ་དང་། ལྷའི་འཇིགས་པ་དང་། ཀླུའི་འཇིགས་པ་དང་། གློག་གི་འཇིགས་པ་དང་། ནམ་མཁའ་ལྡིང་གི་འཇིགས་པ་དང་། གཅན་གཟན་ཁྲོ་བོའི་འཇིགས་པ་དང་། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་ཡི་གདོན་དང་། རླུང་ལྷའི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། དྲི་ཟའི་གདོན་དང་། མིའམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། སྲིན་པོའི་གདོན་དང་། ཡི་དྭགས་ཀྱི་གདོན་དང་། མཁའ་འགྲོ་མའི་གདོན་དང་། ཤ་ཟའི་གདོན་དང་། འབྱུང་པོའི་གདོན་དང་། གྲུལ་བུམ་གྱི་གདོན་དང་། སྲུལ་པོའི་གདོན་དང་། ལུས་སྲུལ་པོའི་གདོན་དང་། སྐེམ་བྱེད་ཀྱི་གདོན་དང་། རྗེད་བྱེད་ཀྱི་གདོན་དང་། སྨྱོ་བྱེད་ཀྱི་གདོན་དང་། གྲིབ་གནོན་གྱི་གདོན་དང་། གནོན་པོའི་གདོན་དང་། ནམ་གྲུའི་གདོན་དང་། དེ་དག་ཐམས་ཅད་ལས་ཀྱང་བདག་བདེ་ལེགས་སུ་གྱུར་ཅིག །གཟི་བརྗིད་འཕྲོག་པ་དང་། མདངས་འཕྲོག་པ་དང་། ཟས་སུ་མངལ་ཟ་བ་དང་། ཟས་སུ་ཁྲག་འཐུང་བ་དང་། ཟས་སུ་ཞག་ཟ་བ་དང་། ཟས་སུ་ཤ་ཟ་བ་དང་། ཟས་སུ་ཚིལ་ཟ་བ་དང་། ཟས་སུ་རྐང་ཟ་བ་དང་། ཟས་སུ་བཙས་པ་ཟ་བ་དང་། སྲོག་འཕྲོག་པ་དང་། ཟས་སུ་སྐྱུག་པ་ཟ་བ་དང་། ཟས་སུ་མི་གཙང་བ་ཟ་བ་དང་། ཟས་སུ་གཅིན་འཐུང་བ་དང་། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་དང་། ཟས་སུ་ལྷག་མ་ཟ་བ་དང་། ཟས་སུ་མཆིལ་མ་འཐུང་བ་དང་། ཟས་སུ་སྣབས་ཟ་བ་དང་། ཟས་སུ་རྣག་ཟ་བ་དང་། ཟས་སུ་གཏོར་མ་ཟ་དང་། ཟས་སུ་ཕྲེང་བ་ཟ་བ་དང་། ཟས་སུ་དྲི་ཟ་བ་དང་། ཟས་སུ་བདུག་པ་ཟ་བ་དང་། སེམས་འཕྲོག་པ་དང་། ཟས་སུ་མེ་ཏོག་ཟ་བ་དང་། ཟས་སུ་འབྲས་བུ་ཟ་བ་དང་། ཟས་སུ་ལོ་ཏོག་ཟ་བ་དང་། ཟས་སུ་སྦྱིན་སྲེག་ཟ་བ་ལས་བདག་བདེ་ལེགས་སུ་གྱུར་ཅིག །རིམས་ཉིན་གཅིག་པ་རྣམས་དང་། ཉིན་གཉིས་པ་རྣམས་དང་། ཉིན་གསུམ་པ་རྣམས་དང་། ཉིན་བཞི་པ་རྣམས་དང་། རྟག་པའི་རིམས་རྣམས་དང་། རིམས་མི་བཟད་པ་རྣམས་དང་། རིམས་ལྡང་དུབ་པ་རྣམས་དང་། འབྱུང་པོའི་རིམས་རྣམས་དང་། རླུང་ལས་གྱུར་པ་རྣམས་དང་། མཁྲིས་པ་ལས་གྱུར་པ་རྣམས་དང་། བད་ཀན་ལས་གྱུར་པ་རྣམས་དང་། འདུས་པ་ལས་གྱུར་པ་རྣམས་དང་། རིམས་ནད་ཐམས་ཅད་དང་། ཀླད་པ་ན་བ་བསལ་དུ་གསོལ། གཞོགས་ཕྱེད་ན་བ་དང་། ཡི་ག་འཆུས་པ་དང་། མིག་ནད་དང་། སྣ་ནད་དང་། ཁ་ནད་དང་། མགུལ་ནད་དང་། སྙིང་ནད་དང་། ལྐོག་མའི་ལྷ་གོར་ན་བ་དང་། རྣ་བ་ན་བ་དང་། སོ་ན་བ་དང་། སྙིང་ན་བ་དང་། ཀླད་པ་ན་བ་དང་། རྩིབས་ལོག་ན་བ་དང་། རྒྱབ་ན་བ་དང་། ལྟོ་བ་ན་བ་དང་། རྐེད་པ་ན་བ་དང་། ཆུ་སོ་ན་བ་དང་། བརླ་ན་བ་དང་། རྗེ་ངར་ན་བ་དང་། ལག་པ་ན་བ་དང་། རྐང་པ་ན་བ་དང་། ཡན་ལག་ན་བ་དང་། ཉིང་ལག་ན་བ་རབ་ཏུ་བསལ་དུ་གསོལ། །གཞན་གྱིས་མི་ཐུབ་དྲག་ཤུལ་ཅན། །ཞེས་པ་ནས། ཕྱག་རྒྱའི་ཚོགས་ཐམས་ཅད་ཀྱིས་བདག་ལ་བསྲུང་དུ་གསོལ། །ཞེས་བརྗོད། དེ་ནས་གཏོར་མ་བཏང་བར་བྱ་སྟེ། དང་པོ་གཙུག་ཏོར་གདུགས་དཀར་ཕྱག་རྒྱའི་ལྷ་མོ་དང་བཅས་པ་ལ། གཏོར་མ་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ། རྩ་བའི་སྔགས་ལ་བ་ལིཾ་ཏ་བཏགས་པས་ཕུལ་ཞིང་བསྟོད་པ་ནི། བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ་པ་ཡིས། །དབུ་རྒྱན་རིན་ཆེན་འབར་བའི་གཙུག་ཏོར་ལས། །ཐུགས་རྗེས་སྤྲུལ་པ་གཙུག་ཏོར་གདུགས་དཀར་སྐུ། །ཞལ་གཅིག་མཆེ་གཙིགས་ཡེ་ཤེས་སྡང་མིག་ཅན། །ཕྱག་བཞི་རིགས་བཞིས་ཉོན་མོངས་བདུད་བཞི་འཇོམས། །རང་བཞིན་རྒྱས་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་དབུ་སྟོང་ཁ་དོག་ཅིར་ཡང་གསལ། །ཕྱག་ནི་འབུམ་ཕྲག་སྤྲུལ་པའི་ཕྱག་མཚན་བསྣམས། །ཐུགས་རྗེའི་གོ་ཆ་ཅིས་ཀྱང་མི་ཐུབ་གསལ། །འབར་བའི་མཚན་རྟགས་ཐུགས་རྗེའི་ཉི་མ་ཤར། །ཐུགས་རྗེ་འབར་བའི་འོད་ཟེར་ཀུན་ལ་ཁྱབ། །རིག་སྔགས་དྲག་པོ་ཕྲ་མེན་ཚོགས་འཇོམས་ཤིང་། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །ལོག་པའི་སྐྱོན་རྣམས་སེལ་ལ་ཕྱག་འཚལ་བསྟོད། །དེ་ནས་ལེགས་ལྡན་དྲག་པོ་ལ་སོགས་པ་རྣམས་ལ་གཏོར་མ་བཏང་། འབྱུང་པོ་དང་ཡི་དྭགས་རྣམས་ལ་གཏོར་མ་གཅིག །སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་པས་དབུལ་ཞིང་བདེན་པ་བདར། ཐུན་མཚམས་སུ་དགུག་གཞུག་བྱ་ཞིང་། ཨ་སི་ཏཱ་ན་བསྐུལ་ཚིག་དང་བཅས་པ་ཚར་འགའ་ཡང་བརྗོད། དེ་ལྟར་ཐུན་བཞིའམ་གཉིས་སུ་བཅད་ལ་བསྒྲུབ་པར་བྱའོ། །གཉིས་པ་རིག་གཏད་སྦྱིན་ཞིང་སྲུང་བའི་འཁོར་ལོ་གདགས་པ་ནི། རིན་པོ་ཆེའི་བུམ་པ་སྔར་སྟ་གོན་བྱས་པ་དྲུག་གམ་གཉིས་ཀྱང་རུང་སྟེ། རྣམ་རྒྱལ་བུམ་པར་དཀྱིལ་འཁོར་རྒྱས་པར་བསྐྱེད་པའམ། ཡང་ན་གདུགས་དཀར་མོ་ཕྱག་རྒྱའི་ལྷ་མོ་རྣམས་ཀྱིས་བསྐོར་བར་བསྒོམ་སྟེ། དེ་ཡང་། ཤར་ལྷོ་ནུབ་བྱང་ཕྱོགས་བཞི་རུ། །དྲག་ཤུལ་ཆེན་མོ་གཏུམ་མོ་ཆེ། །འབར་མ་ཆེན་མོ་སྟོབས་ཆེན་མོ། །ལྷ་དཀར་སེར་དང་སྔོ་ལྗང་མ། གཡས་གཡོན་མཐུན་པར་ཕྱག་རྒྱ་ནི། །རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པ། །བུམ་པ་བཟུངས་པས་འགྱིང་བའོ། །ཉི་ཟླའི་གདན་བཞུགས་བསམ་པར་བྱ། །དེ་ཡི་དཀྱིལ་འཁོར་འཁོར་ལོ་ལ། །ཤར་ཕྱོགས་འཁོར་ལོ་རྣམ་བཞི་ལ། །གོས་དཀར་མོ་དང་ཁྲོ་གཉེར་ཅན། །ཕྲེང་བ་པདྨ་རྡོ་རྗེ་མ། །སེར་མོ་ཕྲེང་མ་ཨུཏྤལ་མ། །སྔོ་བསང་ལྗང་གུ་དམར་པོའོ། །ལྷོ་ཡི་ཕྱོགས་ཀྱི་འཁོར་ལོ་ན། །གཞན་གྱིས་མི་ཐུབ་སྒྲ་གཅན་མ། །མཆོད་མོ་གཟི་བརྗིད་ཆེན་མོ་ནི། །དཀར་དང་སེར་ནག་ལྗང་གུ་མ། །རྡོ་རྗེ་རིན་ཆེན་དབྱུག་པ་བསྟེན། །ནུབ་ཀྱི་དཀྱིལ་འཁོར་འཁོར་ལོ་ལ། །སྤོས་དང་རྡོ་རྗེ་ལུ་གུ་རྒྱུད། །རྡོ་རྗེ་རིན་ཆེན་རིང་བསྲེལ་ཕྲེང་། །དམར་དང་སེར་ལྗང་དཀར་ལྗང་མ། །རྡོ་རྗེ་དང་ནི་བགྲང་ཕྲེང་བསྣམས། །བྱང་དུ་རྡོ་རྗེ་རིན་ཆེན་མ། །གཙུག་ཏོར་འགྱིང་མ་གསེར་སྤྱན་མ། །དམར་མོ་དཀར་དང་ལྗང་ཀུ་སེར། །སྣ་ཚོགས་རྡོ་རྗེ་བགྲང་ཕྲེང་མ། །སྒྲོལ་མ་དཀར་མོ་ནམ་མཁའ་མ། །འགྱིང་བ་སྐྱབས་སྦྱིན་བསམ་པར་བྱ། །པདྨའི་སྤྱན་ནི་འོག་ཏུ་བསམ། །དཀར་མོ་རྡོ་རྗེ་སྐྱིལ་ཀྲུང་བཅས། །ལྷ་མོ་འདི་ནི་ཐམས་ཅད་ཀྱང་། །ཡིད་ཙམ་ཁྲོ་འཛུམ་གཙོ་ལ་གཟིགས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །དཀྱིལ་འཁོར་འཁོར་ལོ་གསལ་བར་བསྒོམ། །སྒོ་གསུམ་བྱིན་བརླབ་ཡེ་ཤེས་གཞུག །དབང་བསྐུར་དབུ་བརྒྱན་མཆོད་ཅིང་བསྟོད། །དེ་ནི་བུམ་པའི་རིམ་པའོ། །ལས་ཀྱི་བུམ་པ་ནི། བདུད་རྩི་འཁྱིལ་བ་བསྐྱེད་ལ་བཟླས་པ་བྱ་སྟེ། དེ་ནས་རིག་པ་གཏད་པ་ལེན་པར་བྱེད་པ་སློབ་མ་རྣམས་ཀྱིས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ལས་ཀྱི་བུམ་པ་ཁྲུས་བྱས་ཤིང་། མཎྜལ་ཕུལ་ནས་སྔོན་དུ་ཕྱག་བཙལ་བ་བྱས། ཡན་ལག་བདུན་པ་རྒྱས་པར་བྱའོ། །དེ་ནས་གསོལ་པ་གདབ་པ་ནི། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་བཟློག་པ་ཆེན་མོས། དུས་ཐམས་ཅད་དུ་དབང་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་དུ་གསོལ་བ་གདབ། གཙུག་ཏོར་གྱི་ཐུགས་ཀ་ནས་ཕྱག་རྒྱའི་ལྷ་མོ་རྣམས་ཀྱིས་རིན་ཆེན་པོ་ཆེའི་བུམ་པ་ཐོགས་ནས། དབང་བསྐུར་བར་བསམ་སྟེ། ༀ། དུས་གསུམ་བདེ་གཤེགས་ལ་སོགས་པའི་ཚིགས་བཅད་དང་། འདིར་ནི་དབང་བསྐུར་མཛད་དུ་གསོལ། ཞེས་བཏགས་ལ། ཨ་ན་ལེ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་པ་དང་། བུདྡྷ་ཨ་བྷི་ཥིཉྩ་ལ་སོགས་པ་བརྗོད་ནས། དབང་བསྐུར་སྔགས་ཀྱི་རྗེས་གནང་སྦྱིན། སྲུང་སྔགས། རྀ་ཥི་ག་ཎ་ལ་སོགས་ཡང་བརྗོད། དེ་ནས་འཁོར་ལོ་འདོགས་ན་ཡང་གདགས། བཀྲ་ཤིས་སྨོན་ལམ་བྱའོ། །གསུམ་པ་སྨད་ལས་ནི། སྔ་མ་བཞིན་ཏུ་གཏོར་མ་བཏང་ཞིང་། ལས་ཀྱི་ཁྲོ་མོར་བསྒོམས་ནས། ལིངྒ་ནྲྀ་དང་ཏྲི་ལས་དགྲ་བགེགས་གང་རུང་དུ་བསྐྱེད་ལ་ཕོ་ཉ་བཞིས་རང་དབང་མེད་པར་བཀུག་ཅིང་། ངག་ཏུ། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་མཐུ་དང་། གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་མཐུ་སྟོབས་ཀྱིས། སྡང་བ་དང་། གདུག་པ་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་མྱུར་དུ་ཁུག་ཅིག །དུས་གསུམ་བདེར་གཤེགས་ཐམས་ཅད་ཀྱི། །ཐུགས་རྗེའི་སྤྲུལ་པ་གཙུག་ཏོར་ནི། །སྤྲུལ་པའི་དབུ་སྟོང་སྣ་ཚོགས་མངའ། །སྤྱན་ནི་བྱེ་བ་བརྒྱ་སྟོང་མངའ། །མི་ཕྱེད་འབར་བའི་མཚན་རྟགས་ཅན། །རྡོ་རྗེ་ཡངས་པ་ཆེན་མོ་ནི། །ས་གསུམ་དཀྱིལ་འཁོར་མངའ་མཛད་མ། །རྫུ་འཕྲུལ་ཆེན་མོས་དབང་མཛད་ཅིང་། །བར་དུ་གཅོད་པའི་དགྲ་དང་བགེགས། །རྫུ་འཕྲུལ་མཐུ་ཡིས་མྱུར་དུ་ཁུག །ཁྱོད་ཀྱི་བཀའ་ཡི་ཕོ་ཉ་ནི། །རྡོ་རྗེ་ཁྲོ་མོ་ལྕགས་ཀྱུ་མ། །བར་དུ་གཅོད་པའི་དགྲ་དང་བགེགས། །རྫུ་འཕྲུལ་ཆེན་མོས་མྱུར་དུ་ཁུག །ལྕགས་ཀྱུ་འབར་བས་སྙིང་ནས་ཁུག །མྱུར་དུ་བཅོལ་བའི་ཕྲིན་ལས་མཛོད། །རིན་ཆེན་བཀའ་ཡི་ཕོ་ཉ་ནི། །རྡོ་རྗེ་ཁྲོ་མོ་ཞགས་པ་མ། བར་དུ་གཅོད་པའི་དགྲ་དང་བགེགས། །རྫུ་འཕྲུལ་ཆེན་པོས་མྱུར་དུ་ཁུག །ཞགས་པ་འབར་བས་དམ་དུ་ཆིངས། །མྱུར་དུ་བཅོལ་བའི་ཕྲིན་ལས་མཛོད། །པདྨ་བཀའ་ཡི་ཕོ་ཉ་ནི། །རྡོ་རྗེ་ཁྲོ་མོ་ལྕགས་སྒྲོག་མ། །བར་དུ་གཅོད་པའི་དགྲ་དང་བགེགས། །རྫུ་འཕྲུལ་ཆེན་པོས་མྱུར་དུ་ཁུག །ལྕགས་སྒྲོག་འབར་བས་ཡན་ལག་སྡོམས། །མྱུར་དུ་བཅོལ་བའི་ཕྲིན་ལས་མཛོད། །ལས་ཀྱི་བཀའ་ཡི་ཕོ་ཉ་ནི། །རྡོ་རྗེ་ལྷ་མོ་དྲིལ་བུ་མ། །སྡང་བར་བྱེད་པའི་དགྲ་དང་བགེགས། །རྫུ་འཕྲུལ་ཆེན་མོས་མྱུར་དུ་ཁུག །དྲིལ་བུ་འབར་བས་མྱོས་པར་མཛོད། །ཛཿཧཱུྃ་བཾ་ཧོཿ ཨཾ་ཀུ་ཤ་ཛཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་བཀའི་ཕོ་ཉ་དང་བཅས་པ་རྣམས་ཀྱིས། མི་དང་མི་མ་ཡིན་པ། སྡང་བའི་སེམས་དང་ལྡན་པ་དང་། གནོད་པའི་སེམས་དང་ལྡན་པ་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། གནོད་པར་བྱེད་པ་ཐམས་ཅད་ཨཱ་ཀཪྵ་ཡ་ཛཿ ཞེས་དགུག་གཞུག་བྱའོ། །དེ་དག་ནི་གཞུང་གི་ཕྱག་རྒྱ་བཞིས་ནི་དགུག་ཅེས་བྱ་བའི་དོན་ཏོ། །དེ་ནས་ཕུར་བུས་གདབ་པར་བྱ་སྟེ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །ༀ་ཨ་སི་ཏཱ་ན་ལཱརྐ་པྲ་བྷཱ་སྥུ་ཏྲ་བི་ཀ་སི་ཏཱ་ཏ་པ་ཏྲེ། ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། ཧ་ན་ཧ་ན། ད་ཧ་ད་ཧ། དྷ་ར་དྷ་ར། བི་དྷ་ར་བི་དྷ་ར། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཧེ་ཧེ་ཕཊ། ཧོ་ཧོ་ཕཊ། ཨ་མོ་གྷཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏཱ་ཡ་ཕཊ། པ་ར་པྲ་དཱ་ཡ་ཕཊ། པྲ་ཏྱཾ་གི་ར་ཡ་ཕཊ། ཨ་སུ་ར་བི་དྲཱ་བ་ཎ་ཀ་རཱ་ཡ་ཕཊ། སརྦ་དེ་བེ་བྷྱཿཕཊ། སརྦ་ནཱ་ཱགེ་བྷྱཿཕཊ། སརྦ་ཨ་སུ་རེ་བྷྱཿཕཊ། སརྦ་མ་རུ་ཏེ་བྷྱཿཕཊ། སརྦ་ག་རུ་ཌེ་བྷྱཿཕཊ། སརྦ་ག ནྡྷ་རྦ་བྷྱཿཕཊ། སརྦ་ཀིནྣ་རི་བྷྱཿཕཊ། སརྦ་མ་ཧོ་ར་གེ་བྷྱཿཕཊ། སརྦ་ཡཀྵེ་བྷྱཿཕཊ། སརྦ་རཱཀྵ་སེ་བྷྱཿཕཊ། སརྦ་པྲེ་ཏེ་བྷྱཿཕཊ། སརྦ་བི་ཤཱ་ཙི་བྷྱཿཕཊ། སརྦ་བྷཱུ་ཏེ་བྷྱཿཕཊ། སརྦ་ཀུཥྨཎྜེ་བྷྱཿཕཊ། སརྦ་ཏཱིརྠི་ཀི་བྷྱཿཕཊ། སརྦ་པཱུ་ཏ་ནེ་བྷྱཿཕཊ། སརྦ་སྐནྡྷེ་བྷྱཿཕཊ། སརྦ་གནྡྷ་རྦེ་བྷྱཿཕཊ། སརྦ་ཙྪ་ཡི་བྷྱཿཕཊ། སརྦ་ཨ་པ་སྨ་རེ་བྷྱཿཕཊ། སརྦ་ཨོ་སྟ་རཱ་གེ་བྷྱཿཕཊ། སརྦ་དུརླཾ་གྷི་ཏེ་བྷྱཾཿཕཊ། སརྦ་དུཥྤྲེ་ཀྵི་ཏེ་བྷྱཿཕཊ། སརྦ་ཀུ་མཱ་རཱ་ཛེ་བྷྱཿཕཊ། སརྦ་ཀྲྀ་ཏྱ་ཀརྨ་ཎི་ཀཱ་ཁོ་རྡེ་བྷྱཿཕཊ། ཙིཙྪ་པྲེ་ཤ་ཀ་སརྦ་དུཥྩ་རྡི་ཏེ་བྷྱཿཕཊ། དུརྦྷུཀྟེ་བྷྱཿཕཊ། སརྦ་བིདྱ་དྷ་རེ་བྷྱཿཕཊ། ཛ་ཡ་ཀ་ར། མ་དྷུ་ཀ་ར། སརྦ་ཨརྠ་སཱ་དྷ་ཀེ་བྷྱོ། བིདྱཱ་ཙཪྱེ་བྷྱཿཕཊ། ཙ་ཏུར་བྷྱོ་བྷ་གི་ནཱི། སརྦ་ཀ་མཱ་རཱི་བིདྱཱ་རཱཛྙཱི་ཡེ་བྷྱཿཕཊ། མ་ཧཱ་པྲ་ཏྱཾ་གི་ར་རཱ་ཛཱ་ཡ་ཕཊ། བཛྲ་ཤཾ་ཁ་ལ་པྲ་ཏྱཾ་གི་ར་རཱ་ཛ་ཡ་ཕཊ། མ་ཧཱ་ཀཱ་ལ་ཡ་མ་ཏྲཾ་ག་ཎ་ན་མཿཀྲྀ་ཏཱ་ཡ་ཕཊ། བཻཥྞ་བེ་ཡེ་ཕཊ། པྲཧྨ་ནཱི་ཡཻ་ཕཊ། ཨགྣཱི་ཡཻ་ཕཊ། མ་ཧཱ་ཀཱ་ལཱི་ཡཻ་ཕཊ། ཀ་པཱ་ལི་ཡི་ཕཊ། ཨིཎྜཱི་ཡི་ཕཊ། ར་དྲཱི་ཡཻ་ཕཊ། ཀ་མཱ་རི་ཡཻ་ཕཊ། བཱ་རཱ་ཧཱི་ཡཻ་ཕཊ། ཙ་མུཎྜཱི་ཡཻ་སྭཱ་ཧཱ། རཱ་ཏྲཱི་ཡཻ་ཕཊ། ཀཱ་ལ་རཱ་ཏཱི་ཡེ་ཕཊ། ཡ་མ་དཎྜཱི་ཡཻ་ཕཊ། ཀཱ་ལ་དཎྜཱི་ཡཻ་ཕཊ། ཨ་དྷི་མུཀྟི་ཤྨ་ཤཱ་ན་བ་སི་ནཱི་ཡཻ་ཕཊ་སྭཱ་ཧཱ། སེམས་ཅན་གང་སུ་དག་བདག་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། གཟི་བྱིན་འཕྲོག་པ་རྣམས་དང་། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། རླུང་ལྷ་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། འབྱུང་པོ་དང་། གྲུལ་བུམ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། སྐེམ་བྱེད་དང་། སྨྱོ་བྱེད་དང་། གྲིབ་གནོན་དང་། རྗེད་བྱེད་དང་། གནོན་པོ་དང་། མཁའ་འགྲོ་མ་དང་། ནམ་གྲུ་དང་། གཤིན་རྗེ་དང་། བྱའི་གདོན་རྣམས་དང་། མ་མོ་དགའ་བར་བྱེད་པ་དང་། ཀུན་ཏུ་འབྲང་བ་དང་། ཚེར་མ་འདོན་པའི་གདོན་རྣམས་དང་། ཟས་སུ་མདངས་ཟ་བ་རྣམས་དང་། མངལ་ཟ་བ་རྣམས་དང་། ཁྲག་འཐུང་བ་རྣམས་དང་། ཞག་ཟ་བ་དང་། ཤ་ཟ་བ་དང་། ཚིལ་ཟ་བ་དང་། རྐང་ཟ་བ་དང་། བཙས་པ་ཟ་བ་དང་། སྲོག་འཕྲོག་པ་དང་། སྐྱུགས་པ་ཟ་བ་དང་། མི་གཙང་བ་ཟ་བ་རྣམས་དང་། གཅིན་འཐུང་བ་རྣམས་དང་། སྟོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང་། ལྷག་མ་དང་། མཆིལ་མ་འཐུང་པ་རྣམས་དང་། སྣབས་དང་། ངར་སྣབས་དང་། རྣག་དང་། གཏོར་མ་དང་། ཕྲེང་བ་དང་། དྲི་དང་། བདུག་པ་དང་། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་དང་། ཟས་སུ་སྦྱིན་སྲེག་ཟ་བ་རྣམས་དང་། དེ་དག་ལ་སོགས་པའི་གདོན་ཐམས་ཅད་ཀྱི་གནོད་པ་བཅིང་བར་བགྱིའོ། །གདོན་དེ་དག་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །ཀུན་ཏུ་རྒྱུས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །མཁའ་འགྲོ་དང་མཁའ་འགྲོ་མས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །ཕྱུགས་བདག་ཆེན་པོས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །སྲེད་མེད་ཀྱི་བུས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །ནམ་མཁའ་ལྡིང་ཡང་དག་པ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །ནག་པོ་ཆེན་པོ་དང་མ་མོའི་ཚོགས་ཀྱིས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །མིའི་ཐོད་པ་ཅན་གྱིས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཀུན་གྲུབ་པས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །སྲིང་མོ་བཞིས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །བྷྲྀཾ་གི་རི་ཏི་དང་དགའ་བྱེད་དབང་ཕྱུག་དང་ཚོགས་ཀྱི་བདག་པོས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །དགེ་སྦྱོང་གཅེར་བུས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །དགྲ་བཅོམ་པས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །འདོད་ཆགས་དང་བྲལ་བས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །གསང་བའི་བདག་པོ་ལག་ན་རྡོ་རྗེས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན། རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ་འདིས་དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་འབྱུང་པོ་རོ་ལངས་དང་། མཁའ་འགྲོ་མ་དང་། རིམས་དང་། ཞུ་བ་དང་། གཡའ་བ་དང་། འབྲས་བུ་དང་། འབྲུམ་བུ་ཕྲ་མོ་དང་། མཛེ་དང་། ཕོལ་མིག་དང་། བས་ལྔགས་དང་། མེ་དབལ་དང་། གཡན་པ་དང་། ལྷོག་པ་དང་། སྐེམ་པ་དང་། སྐྲག་པ་དང་། དབྱིག་དུག་དང་། དུག་སྦྱར་མ་དང་། བྱད་དང་། མེ་དང་། ཆུ་དང་། མི་ངས་དང་། བདུད་དང་། དགྲ་དང་། གནོད་པ་དང་། དུས་མ་ཡིན་པར་འཆི་བ་དང་། སྦྲང་བུ་ཏྲཻ་མ་བུ་ག་དང་། ཏྲཻ་ལ་ཏ་དང་། སྡིག་པ་དང་། སྦྲུལ་དང་། སྲེ་མོ་དང་། སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། སྤྱང་ཀི་དང་། ཆུ་སྲིན་དང་། བུང་བ་ལྟ་བུས་གཞན་གྱི་སྲོག་འཕྲོག་པ་དེ་དག་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱིའོ། །གཟི་བརྗིད་བཅིང་བར་བགྱིའོ། །གཞན་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱིའོ། །གདོན་ཐམས་ཅད་བཅིང་བར་བགྱིའོ། །གནོད་པར་བྱེད་པ་ཐམས་ཅད་བཅིང་བར་བགྱིའོ། །མཱ་ར་ཡ་ཕཊ། དང་པོ་ཐུན་མཚམས་སུ་ཚར་ཁ་ཡར་བྱ། ཐོན་པའི་དུས་སུ་སྔགས་རེ་རེས་ཕུར་པ་རེ་རེ་གནོད་བྱེད་ཀྱི་གཟུགས་ལ་གདབ། དེ་ནས་བསྲེག་པའི་ལིངྒ་བྱ་བ་ནི། དྲག་པོའི་ཐབ་ཁུང་གྲུ་གསུམ། དབུས་སུ་གྲི་གུག །མཐར་ལྕགས་ཀྱུ། རྡོ་རྗེ་མེ་རི་ཕྲེང་བ་དང་བཅས་པ་བྲིས་པའམ་བརྩིག །དུག་ཤིང་དང་དྲག་པོའི་ཤིང་ཚེར་མ་ཅན་གྱིས་ཟུར་གསུམ་དུ་བརྩིགས་ཏེ། ལས་ཀྱི་ཁྲོ་མོའམ་གང་རུང་དུ་བསྐྱེད་ལ། ཡེ་ཤེས་དགུག་གཞུག་མཆོད་བསྟོད་བྱས་ཏེ་ལིངྒ་གཏུབ་ཅིང་ཤ་དང་སྦྲགས་ནས་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བསམས་ཤིང་། ཞལ་དུ་འབུལ་བར་བསམས་ཏེ་བསྲེག་གོ། །དང་པོ་ཕུར་བུས་བཏབ་ཐོན་པའི་རྗེས་སུ་ལས་ཀྱི་ཕུར་པ་གཅིག་གིས་བཏབ་ཅིང་། ངག་ཏུ། ཧཱུྃ། ང་ནི་བདེར་གཤེགས་འདུས་པའི་སྐུ། །འཇིག་རྟེན་དྲེགས་པ་མ་ལུས་ཀུན། །ཁྱོད་ཀྱི་སྲོག་སྙིང་ང་ལ་ཡོད། །དབལ་དྲག་ཕུར་པ་སྙིང་ལ་ཡ། །སྲོག་རྩ་དམར་པོ་ཆོད་ལ་རེ། །བཀའ་དང་དམ་ལས་མ་འདའ་བར། །བཅོལ་བའི་ཕྲིན་ལས་མྱུར་བར་མཛོད། །ཧཱུྃ། ཡེ་ཤེས་འཕྲོ་འདུ་དབལ་གྱི་ཕུར་པ་འདི། །སྐུ་གསུམ་ལྷུན་གྲུབ་དབལ་དྲག་གདུག་རྩུབ་འབར། །འཕྲོ་འདུ་བརྗིད་པས་དགྲ་བགེགས་མ་ལུས་འདུལ། །བཅངས་པ་ཙམ་གྱིས་ཁམས་གསུམ་དབང་དུ་སྡུད། །མ་བཏབ་རང་བཞིན་ལྷུན་གྱིས་གྲུབ། །བཏབ་ན་ལྷ་ཡང་རླག་པར་བྱེད། །གཏི་མུག་མུན་པས་གཏིབས་པའི་མགོ་ལ་རྒྱོབ། །ང་རྒྱལ་དྲེགས་པས་འགྱིངས་པའི་ཁ་ལ་རྒྱོབ། །འདོད་ཆགས་ཞེན་པས་གདུང་བའི་ལྟོ་བར་རྒྱོབ། །ཕྲག་དོག་སེར་སྣས་བཅིངས་པའི་གསང་བར་རྒྱོབ། །དུས་གསུམ་སངས་རྒྱབ་ཁྲོ་རྒྱལ་འདུས་པའི་སྐུ། །དཔལ་དྲག་འབར་བའི་ཕུར་པ་ཆེན་པོ་འདིས། །དགྲ་བགེགས་འབྱུང་པོ་མ་ལུས་ཐལ་བར་རློག །གནོད་པར་བྱེད་པ་རྡུལ་ཕྲན་བཞིན་དུ་གཏོར། །གཞན་གྱི་རྦོད་གཏོར་རིག་སྔགས་ཐམས་ཅད་ཆོད། །ཕུར་བུ་ཡིས་ནི་འབྱུང་པོ་མཱ་ར་ཡ། །ཞེས་བརྗོད་ནས་ཐུན་དང་ཕུར་པས་གདབ་ཅིང་གཏུབ་ལ་བསྲེག་གོ། །མར་གྱི་དགང་བླུགས་དང་དུག་ཁྲག་ཡུངས་ཀར་ཀེ་མཚེ་ལ་སོགས་པ་ལ་སྔགས་ཨ་སི་ཏཱ་ན་དང་། ཤཱ་ས་ན་གང་རུང་གིས་འབུལ། གཏོར་མ་བཏང་ལ། ཐལ་བ་ལམ་རྒྱ་གྲམ་དུ་མནན། ལས་སྒྲུབ་པའི་བསྐུལ་ཚིག་ནི་སོ་སོར་གདགས་སོ། །གསུམ་པ་རྗེས་ཀྱི་ཆོ་ག་ནི། ཆོ་ག་ཐོན་པའི་ཕྱི་ཉིན་གཙུག་ཏོར་རྣམས་རྒྱལ་མཚན་གྱི་རྩེ་མོར་བཏགས་ནས། མཆོད་པའི་ཚོགས་དུ་མ་དང་བཅས་པས་གྲོང་ཁྱེར་གྱི་ཕྱི་རོལ་བསྐོར་ཞིང་། དབུས་དང་ཕྱོགས་མཚམས་རྣམས་སུ་བཀྲ་ཤིས་དང་མཆོད་པ་དགའ་སྟོན་ཆེན་པོ་བྱའོ། །དེའི་ཕན་ཡོན་ནི་གཞུང་ནས་གསུངས་པ་བཞིན་ནོ། །ལས་ཚོགས་ནི་གཞུང་དང་གདམས་ངག་ན་ཡོད་པ་བཞིན་དུ་བསྒྲུབ་པར་བྱའོ། །གཙུག་ཏོར་གདུགས་དཀར་ཆོ་གའི་རིམ་པ་འདི། །རྒྱལ་བའི་གཙུག་ཏོར་ནས་བྱུང་ཉེར་བསྡུས་པ། །རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང་། །འཇམ་དཔལ་བཤེས་གཉེན་ལས་བརྒྱུད་སྒྲུབ་པའི་ཐབས། །དྲི་མེད་བཤེས་གཉེན་མཁས་པ་མཆོག་གིས་མཛད། །གུ་རུ་སིཾ་ཧ་ཛྙཱ་ན་ཀུ་མཱ་ར། །རིན་ཆེན་མཆོག་དང་ལིང་མན་ལོ་ཙཱ་དང་། །ཙེ་རོག་སྟོན་དང་སྨན་སྟོན་གུང་ངེ་བ། །ཆོས་རྗེ་བྲག་མཁར་བ་དང་བྲག་མཁར་དགོན། །གཞོན་ནུ་གདུགས་དཀར་ཞེས་གྲགས་ལས་བརྒྱུད་པའི། །ལག་ལེན་རིམ་པ་ཚུལ་བཞིན་བྲིས་པ་འདི། །བརྒྱུད་པའི་གདམས་པ་ཚུལ་བཞིན་མཐོང་བ་དང་། །བློ་དམན་རྣམས་ལ་ཕན་པར་བྱ་བའི་ཕྱིར། །རང་བྱུང་རྡོ་རྗེས་གསལ་བར་བསྡུས་པ་ཡིན། །དགེ་དེས་རྒྱལ་བའི་བསྟན་པ་རྒྱས་པ་དང་། །གདུག་པའི་ཚོགས་རྣམས་ཀུན་ལས་རྒྱལ་གྱུར་ཅིག། །།

གཙུག་ཏོར་གདུགས་དཀར་མོ་སྔ་འགྱུར་བི་མའི་ལུགས་ཀྱི་རིག་པ་གཏད་པའི་ཆོ་ག་ཡོན་ཏན་བཅུད་སྐྱེད། བློ་གྲོས་མཐའ་ཡས།

གཙུག་ཏོར་གདུགས་དཀར་མོ་སྔ་འགྱུར་བི་མའི་ལུགས་ཀྱི་རིག་པ་གཏད་པའི་ཆོ་ག་ཡོན་ཏན་བཅུད་སྐྱེད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་སི་ཏཱ་ཏཱ་པ་ཏྲེ་བྷྱཿ མཚན་མཆོག་མཐར་ཐུག་གཙུག་ཏོར་ལས། །འཇིགས་ཀུན་འཇོམས་ཕྱིར་རང་ཤར་བ། །རིག་པའི་རྒྱལ་མོར་གུས་བཏུད་ནས། །རིག་པ་གཏོད་པའི་ལག་ལེན་དགོད། །གཙུག་ཏོར་རྒྱལ་མོའི་རིག་པ་གཏད་པས་སློབ་མ་རྗེས་སུ་འཛིན་པ་ལ། རྒྱས་པར་དཀྱིལ་འཁོར་གྱི་བྱ་བ་གཞུང་བཞིན་འགྲུབ་ན་མཆོག་ཡིན་ཀྱང་མི་འགྲུབ་པས་དཀྱུས་འགྲེ་ཙམ་བྱ་བ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི་སྟེགས་གཙང་མའི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་གཞུང་མཐུན་བྲིས་པ་བཀྲམ་པའི་དབུས་སུ་མཉྫིའི་ཁར་བུམ་པ་དྲི་བཟང་གི་ཆབ་དང་བྱ་རྒྱུད་བུམ་རྫས་བཅོ་ལྔས་བཀང་བ། མགུལ་ཆིངས་དཀར་པོ། འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པ་བཞག །གཙུག་ཏོར་དང་ཕུར་པ་རྣམས་ནི་སྐབས་འདིར་རས་བྲིས་ལ་བྲིས་པས་འཐུས་པར་བྱེད། ལས་བུམ་བཅུད་ལྡན་མགུལ་ཆིངས་ལྗང་གུ་ཅན་བྱང་ཤར་དང་། འཁོར་ལོ་ཡོད་ན་དབུས་སུ་བཀོད། ཆུ་བཞི་མདུན། ཉེར་སྤྱོད་རྣམས་གཡས་བསྐོར། མདུན་དུ་དཀྱིལ་འཁོར་པའི་མཆོད་གཏོར་དཀར་ཟླུམ། གཡས་སུ་ལེགས་ལྡན་མཆེད་གསུམ་ལ་དཀར་གཏོར་སུམ་བསྒྲིགས། གཡོན་དུ་འབྱུང་པོ་དང་ཡི་དྭགས་རྣམས་ལ་ཟླུམ་གཏོར་ཆངས་བུ་བཅས་བཀོད་དོ། །གཉིས་པ་དངོས་གཞིའི་ཐོག་མར་སྔོན་འགྲོ་དཀར་གཏོར་སྤྱི་འཚམས་བཞིན་བཏང་། སངས་རྒྱས་ཆོས་ཚོགས་ལན་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་བརྗོད་ལ་ཚད་མེད་བཞི་བསྒོམ། སྐད་ཅིག་གིས་བདག་ཉིད་བཅོམ་ལྡན་འདས་ཐུབ་པ་ཆེན་པོའི་སྐུར་གྱུར། ཅེས་གསལ་གདབ་ལ་ང་རྒྱལ་བཟུང་། བགེགས་གཏོར་འཁྱིལ་བའི་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུྃ། གསུམ། སརྦ་བྷཱུ་ཏ་ཨཱ་ཀཪྵ་ཡ་ཛཿ ཞེས་མགྲོན་འགུགས། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ཎ་ཁཾ་གྲིཧྞཻ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་བསྔོ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྡིག་པ་དང་སྡིག་པའི་སེམས་དང་ལྡན་པ་རྣམས་དང་། སྡང་བ་དང་སྡང་བའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། གཞན་གྱི་སྲོག་འཕྲོག་པ་རྣམས་དང་། གཟི་བརྗིད་འཕྲོག་པའི་གདོན་ཐམས་ཅད་ལ་སྤོས་དང་མེ་ཏོག་དང་བདུག་པ་དང་གཏོར་མ་ཡང་སྦྱིན་ནོ། །གཏོར་མ་དང་མཆོད་པ་འདིས་མགུ་བར་གྱིས་ལ་ས་འདིར་མ་གནས་པར་གཞན་དུ་དེངས་ཤིག །ༀ་བཛྲ་པཱ་ནི་བྷནྡྷ་བྷནྡྷ་བཛྲ་པཱ་ཤ་མ་མ་སརྦ་དུཥྚཾ་བིགྷྣཱན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་དང་འཁྱིལ་བའི་སྔགས་བརྗོད་ལ་བསྐྲད། ༀ་ཥྚོཾ་བྷནྡྷ་བྷནྡྷ་བཛྲ་མ་མ་རཀྵ་རཀྵ་བཛྲ་པཱ་ཎི་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་མཚམས་བཅད་ལ་བསྲུང་། དེ་ནས་ཆོ་ག་གཞུང་ལྟར། རང་གི་སྙིང་གར་ཡི་གེ་ཨ་གནས་པ་སོགས་ནས་ཕྱག་འཚལ་རྣམས་བརྗོད། ཇི་སྙེད་སུ་དག་སོགས་ཀྱིས་ཡན་ལག་བདུན་པ་འབུལ། ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱི། །བྱིན་རླབས་བདག་ལ་བསྡུས་པ་ལས། །སོགས་ཀྱིས་རྩ་བའི་དཀྱིལ་འཁོར་བདག་བདུན་དབྱེར་མེད་དུ་བསྐྱེད། གནས་གསུམ་བྱིན་བརླབ། དབང་བསྐུར་རྒྱས་གདབ། སྒོ་སྲུང་ཁོར་ཡུག་བསྐྱེད་པའི་བར་སོང་ནས་རང་ཉིད་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་གཙོ་བོའི་རྣམ་པར་ཟུར་དུ་ཕྱེ་ནས་འཁོད་པས། ལས་ཀྱི་རིམ་པ་རྣམས་བྱེད་པར་མོས་ལ། ཡེ་ཤེས་པ་སྤྱན་དྲངས་ཤིང་བཞུགས་གསོལ་ཕྱག་འཚལ་རྣམས་བྱ། བསང་ཆུ་སྙིང་པོའི་སྔགས་ལན་བདུན་གྱིས་བརླབས་པ་མཆོད་རྫས་ལ་འཐོར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་སྟོབས་དང་བདག་གི་བསོད་ནམས་དང་སྨོན་ལམ་གྱི་སྟོབས་དང་རིག་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམས་ལ་མཆོག་ཏུ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་མངོན་པར་མཐོ་བའི་མཆོད་པའི་སྤྲིན་ཆེན་པོ་རབ་ཏུ་འཕྲོ་བར་གྱུར་ཅིག །ཅེས་དང་། ན་མཿསརྦ་བུདྡྷཱ་བོ་དྷི་ས་ཏྭ་ནཱཾ། སརྦ་ཐཱ་ཁ་ཨུངྒ་ཏེ་སྥ་ར་ཎ་མཾ་ག་ག་ཎ་ཁཾ་ས་མནྟ་སྭཱ་ཧཱ། ཞེས་པའི་སྔགས་ལན་བརྒྱད་བཟླས་པས་མཆོད་རྫས་རྣམས་བྱིན་གྱིས་བརླབས་ནས་ཆུ་བཞིའི་སྔགས་དང་། འཇིག་རྟེན་ཁམས་ནི་སོགས་ཀྱིས་ཉེར་སྤྱོད་འབུལ། འདོད་ཡོན། རྒྱལ་སྲིད། རྫས་བརྒྱད་རྣམས་མདོར་བསྡུས་པ་ནི། མཛེས་སྡུག་ཡིད་འོང་གཟུགས་དང་སྙན་པའི་སྒྲ། །བསིལ་བྱེད་ཙནྡན་དྲི་དང་རོ་བརྒྱའི་ཟས། །མཉེན་འཁྲིལ་པཉྩ་ལི་ཀ་རེག་ན་བདེ། །འདོད་ཡོན་རྣམ་ལྔ་རྒྱལ་བ་སྲས་བཅས་ལ། །འབུལ་གྱིས་བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། མི་དབང་རིན་ཆེན་སྣ་བདུན་འདི་དག་གིས། །རྒྱལ་བ་སྲས་དང་བཅས་པ་མ་ལུས་པ། །བསམ་ཞིང་ཡིད་ཀྱིས་སྤྲུལ་ཏེ་འབུལ་ལགས་ན། །འགྲོ་བ་མི་ཟད་གཏེར་ལ་ལོངས་སྤྱོད་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་སཔྟ་རནྟ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་གདུགས་དཀར་ལྷ་ཚོགས་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ༀ་སརྦ་ཏ་ཐཱ་ག་ཏ་ཨཥྚ་མངྒ་ལཾ་དྲ་བེ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་པ་རྣམས་ཀྱིས་མཆོད། དཔལ་ལྡན་ཐུབ་པའི་དབང་པོ་ཆེ། །སོགས་ཀྱིས་བསྟོད། གཙོ་བོའི་ཐུགས་ཀར་ཟླ་བ་ལ་བྷྲཱུྂ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བའི་འོད་ཟེར་སྤྲོ་བསྡུས་དོན་གཉིས་བསྒྲུབ་པར་བསམ་ལ། ཏདྱ་ཐཱ། ༀ་ཨ་ན་ལེ་སོགས་བསྙེན་སྔགས་ཅི་ནུས་དང་། འཁོར་གྱི་སྲུང་སྔགས་རྣམས་ཀྱང་ཚར་ཅི་རིགས་བཟླས་པའི་མཐར། བཅོམ་ལྡན་འདས་སོགས་ནས། བདག་ལ་བསྲུང་དུ་གསོལ། བར་བརྗོད། དེ་ནས་བུམ་པ་སྒྲུབ་པ་ནི། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་། །བུམ་པ་བྷྲཱུྂ་ལས་གཞལ་ཡས་ཁང་། །མཚན་ཉིད་ཡོངས་སུ་རྫོགས་པ་ཡི། །དབུས་སུ་པདྨ་ཉི་ཟླའི་སྟེང་། །བྷྲཱུྂ་ལས་གཙུག་ཏོར་གདུགས་དཀར་མོ། །ཞལ་གཅིག་ཕྱག་བཞི་ཞི་བའི་ཚུལ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །དང་པོ་ཕྲེང་བ་རྒྱལ་མཚན་དང་། །འོག་མ་སྐྱབས་སྦྱིན་མཉམ་གཞག་ཅན། །འོད་ཟེར་སྣ་ཚོགས་འཕྲོ་བར་གྱུར། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་རུ། །སོགས་གཞུང་ལྟར་ལ། དཀྱིལ་འཁོར་འཁོར་ལོ་གསལ་བར་གྱུར། །རྒྱལ་བ་དེ་རྣམས་ཐམས་ཅད་ཀྱི། །སོགས་དཀྱིལ་འཁོར་སྐབས་ལྟར། གསང་བར་ཧཱ་ལྗང་པདྨར་གནས། །ཐུགས་ལས་འོད་འཕྲོས་ཡེ་ཤེས་པ། །རང་བཞིན་གནས་ནས་སྤྱན་དྲངས་གྱུར། །ༀ། ཕྱོགས་བཅུ་རབ་འབྱམས་སོགས་སྤྱན་འདྲེན་དང་བཞུགས་གསོལ་བྱ། གོང་གི། རྒྱལ་བའི་སྐུ་ལས་འོད་འཕྲོས་ཏེ། །ཞེས་སོགས་ནས། ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་པའི་བར་གྱི་དབང་བསྐུར་རྒྱས་གདབ། སྲིད་གསུམ་སྟོན་པ་སོགས་ཕྱག་དང་མཆོད་པ་ཚང་བ་ཕུལ། བསྟོད་པ་ནི། ༀ། རྒྱལ་བའི་ཐུགས་ལས་རབ་འཕྲུལ་ཞིང་། །ཅོད་པན་རབ་མཛེས་ཞི་བའི་ཚུལ། །ཀུ་མུད་ཟླ་བཟང་ལྟ་བུར་མཛེས། །གདུགས་དཀར་ཁྱོད་ལ་ཕྱག་འཚལ་བསྟོད། །རིན་ཆེན་ཆུ་སྐྱེས་བུམ་འཁྲུངས་པས། །རྒྱན་ལྡན་ཚད་མེད་རྣམ་བཞིའི་ཕྱག །ཕྲེང་བ་རྒྱལ་མཚན་སྐྱབས་སྦྱིན་དང་། །མཉམ་གཞག་ཕྱག་མངའ་ཁྱོད་ལ་བསྟོད། །ༀ། དུས་གསུམ་བདེ་གཤེགས་སྤྲུལ་པའི་སྐུ། །སོགས་ནས། མཆོད་ཅིང་གུས་པས་ཕྱག་འཚལ་བསྟོད། །བར་བརྗོད། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་། བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། ཅེས་དམིགས་ལ་བསྙེན་སྔགས་བརྒྱ་རྩ་དང་། ཏདྱ་ཐཱ། ༀ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། སོགས་ཀྱང་ཚར་ཅི་རིགས་བཟླ། ལས་བུམ་གྱི་ནང་དུ་པད་ཟླའི་སྟེང་དུ་ཧཱུྃ་དང་སྣ་ཚོགས་རྡོ་རྗེ་ལས་བདུད་རྩི་འཁྱིལ་བ་ལྗང་སྔོན་ཞི་མ་ཁྲོའི་རྣམ་པ་ཅན་ཕྱག་ག ཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་ག ཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། ཞབས་སེམས་སྐྱིལ་གྱིས་བཞུགས་པའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་དབང་ལྷ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར་སྐུ་གང་དྲི་མ་དག །དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། ཉེར་སྤྱོད་སྔགས་ཙམ་གྱིས་མཆོད། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་སོགས་ཀྱིས་བསྟོད། ཐུགས་ཀ་ནས་བདུད་རྩིའི་རྒྱུན་བབ་པས་བུམ་པ་གང་བར་མོས་ལ། ༀ་བཛྲེ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བཟླ། མཐར། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ནཻ་ཝིདྱའི་བར་གྱིས་མཆོད། ༀ་བཛྲ་ཨུ་ད་ཀ་ཧཱུྃ། ཞེས་དུང་ཆུས་མཆོད་ཡོན་ཕུལ། ༀ་བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་ལས་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་དུ་གྱུར། དེ་ནས་དཀྱིལ་འཁོར་པ་ལ་གཏོར་མ་འབུལ་བ་ནི། གཏོར་འབུལ་ཐམས་ཅད་སྔགས་རྒྱ་དྲུག་གིས་ལྷན་ཅིག་ཏུ་བྱིན་གྱིས་བརླབ། དེ་ཙམ་མི་ནུས་ན། གཏོར་མའི་སྟེང་དུ་ཨ་ལས་ཟླ་དཀྱིལ་དབུས། །ཧཱུྃ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས་པས། །གཏོར་མར་ཐིམ་པས་གཏོར་མ་ཡེ་ཤེས་ཀྱི། །བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པར་གྱུར། །ཅེས་བསམ་ལ། ༀ་ཨཱཿཧཱུྃ། ལན་གསུམ་བརྗོད་པའི་བྱིན་གྱིས་བརླབས་ནས། བསྙེན་སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་འབུལ། བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ་པ་ཡི། །སོགས་ཀྱིས་བསྟོད། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ལེགས་ལྡན་མཆེད་གསུམ་སྤྱན་དྲངས་བཛྲ་ས་མཱ་ཛཿ ༀ་མ་ཧཱ་ཀཱ་ལ་ཤ་རི་བྷྱོ། མ་ཧཱ་ཀཱ་ལ་དུཥྚན་བྷྱོ། མ་ཧཱ་ཀཱ་ལ་དུཥྚན་བྷྱོ། ཨི་དཾ་བ་ལིཾ་ཏ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། བསྟོད་པར་འོས་པ་སོགས་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། འབྱུང་པོ་དང་བགེགས་ཀྱི་གཏོར་མ་ནུས་ན་ཆ་གསུམ་སོ་སོར་བཏང་། མི་ལྕོགས་ན་གོང་གསལ་སྔོན་འགྲོའི་སྐབས་སུ་བཤད་པ་དེས་ལྷན་ཅིག་ཏུ་སྦྱིན་ལ་སྐྲད་ཅིང་མཚམས་བཅད་དོ། །དེ་ནས་རིག་པ་གཏད་པའི་ཆོ་ག་ནི། སློབ་མ་རྣམས་ལ་ལས་བུམ་གྱི་ཆུས་ཁྲུས་བྱས་ནས་གྲལ་དུ་འཁོད་པ་ལ། སེམས་བསྐྱེད་དང་ཆོས་བཤད་མདོར་བསྡུས་ཀྱིས་མཚམས་སྦྱར་ནས། འདིར་རྡོ་རྗེ་ཐེག་པའི་བྱ་བའི་རྒྱུད་འཇིག་རྟེན་ལས་འདས་པ་རིགས་གསུམ་གྱི་ནང་ཚན་དེ་བཞིན་གཤེགས་པའི་རིགས་ལ་ནང་གསེས་དབྱེ་བ་བརྒྱད་དུ་བཞུགས་པ་ལས་གཤེགས་རིགས་ཀྱི་གཙུག་ཏོར་གདུགས་དཀར་མོ་ཅན་ཞེས་བྱ་བ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་གྱི་འོད་ཟེར་ལས་སྲིད་པ་གསུམ་གྱི་མ་མགོན་འབྱུང་པོ་དྲེགས་པ་ཅན་ཐམས་ཅད་འདུལ་བའི་གཉེན་པོར་ཆེད་དུ་སྤྲུལ་པ། གཞན་གྱིས་མི་ཐུབ་པ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་ཞེས་བསྔགས་པ་དོན་དང་ལྡན་པ་འདི་ལ་གསོལ་བ་བཏབ་ན་གནས་སྐབས་ནད་གདོན་བར་ཆད་བྱད་ཕུར་རྦོད་གཏོང་གང་གིས་ཀྱང་མི་ཚུགས་ཤིང་ཇི་ལྟར་བསམ་པའི་དོན་མཐའ་དག་འགྲུབ་པ་དང་། ཚེ་འཕོས་ནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་པ་དང་ལྡན་པ་འདི་ཉིད་འཕགས་པའི་ཡུལ་དུ་བཀའ་སྲོལ་འགའ་ཞིག་བྱོན་པ་ལས། འདི་ནི་བསྟན་པ་སྔ་དར་གྱི་སྐབས་སུ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་པའི་སློབ་དཔོན་བི་མ་ལ་མི་ཏྲས་སྤེལ་བའི་བཀའ་སྲོལ་ཏེ། བརྒྱུད་པའི་རིམ་པའང་། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། པཎ་ཆེན་བི་མ་ལ། གཉགས་ཆེན་ཛྙཱ་ན་དང་རྨ་རིན་ཆེན་མཆོག་སོགས་ནས་བརྒྱུད་པ་བར་མ་ཆད་པར་བྱོན་ཅིང་། ཕྱིས་སུ་རྒྱལ་དབང་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་བརྒྱུད་པའི་གསུང་རྒྱུན་ལས་འབྱུང་བ་ཉིད་གསལ་བྱེད་ཀྱི་ཡིག་ཆ་མཛད་པ་ལ་བརྟེན་ནས་ད་ལྟའི་བར་དུ་རྒྱུན་སྲོལ་བཞུགས་པ་གཙུག་ཏོར་གདུགས་དཀར་མོ་ཅན་གྱི་རིག་པ་གཏད་པ་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐོག་མར་མདུན་གྱི་ནམ་མཁར་བླ་མ་རྒྱལ་བ་སྲས་དང་བཀའ་སྡོད་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བར་མོས་ལ་འདིའི་རྗེས་ཟློས་མཛོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སོགས་ཆོ་གའི་དབུ་ནས་འབྱུང་བ་ལྟར་ཚར་གཅིག་རྗེས་ཟློས་བྱར་གཞུག །ཞིང་མཆོག་དེ་དག་རྣམས་ཀྱི་སྤྱན་སྔར་ཚོགས་བསགས་ཅིང་སྡིག་སྒྲིབ་སྦྱོང་བ་དང་། དགེ་རྩ་བྱང་ཆུབ་ཆེན་པོའི་རྒྱུར་སྤེལ་བའི་འདུན་དམིགས་རྩེ་གཅིག་པས་ཡན་ལག་བདུན་པའི་རྗེས་ཟློས་མཛོད། ཇི་སྙེད་སུ་དག་སོགས་ཚར་གཅིག་དང་། ཕྱག་འཚལ་བ་སོགས་ལན་གསུམ་བརྗོད་དུ་གཞུག །དེ་ནས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོས། དུས་ཐམས་ཅད་དུ་དབང་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་དཀྱིལ་འཁོར་གྱི་གཙོ་མོས་རིན་པོ་ཆེའི་བུམ་པས་དབང་བསྐུར་བས་བུམ་པའི་ནང་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དངོས་སུ་གསལ་བའི་སྐུ་ལས་ཡེ་ཤེས་ཀྱི་ཆུ་རྒྱུན་བབས། ཁྱེད་རང་རྣམས་ཀྱི་ལུས་གང་བས་སྡིག་སྒྲིབ་ཐམས་ཅད་དག །ལུས་ཀྱི་ནང་སངས་རྒྱས་ཀྱི་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་གང་བར་གྱུར་པར་མོས་ཤིག །བུམ་པ་ཐོགས་ལ། ༀ། དུས་གསུམ་བདེ་གཤེགས་སྤྲུལ་པའི་སྐུ། །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །གཏུམ་མ་ཆེན་མོ་སྟོབས་ཆེན་མོ། །འབར་མ་ཆེན་མོ་གཟི་བརྗིད་ཆེ། །དཀར་མོ་ཆེན་མོ་སྟོབས་ཆེན་མོ། །འབར་བའི་ཕྲེང་བ་གོས་དཀར་མོ། །འཕགས་པ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་བའི་རྡོ་རྗེ་ཕྲེང་ཞེས་གྲགས། །པདྨའི་མངོན་མཚན་རྡོ་རྗེས་མཚན། །གཞན་གྱིས་མི་ཐུབ་ཕྲེང་ཤུགས་ཅན། །རྡོ་རྗེའིམཁར་རྣམས་འཇོམས་པ་མོ། །དྲག་པོའི་ལྷ་རྣམས་ཕྱག་འཚལ་བསྟོད། །ཞི་བའི་ལྷ་རྣམས་ཀྱིས་མཆོད་པ། །གཟུགས་ཞི་གཟི་བརྗིད་ཆེན་མོ་ཅན། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །རྡོ་རྗེ་ལུ་གུ་རྒྱུད་གཞན་དང་། །རྡོ་རྗེ་གཞོན་ནུ་རིག་འཛིན་མ། །ལག་ན་རྡོ་རྗེ་རིང་བསྲེལ་ཕྲེང་། །ལེ་བརྒན་རྩི་དང་རིན་ཆེན་མ། །སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས། །རྣམ་པར་བསྒྱིངས་མ་རྡོ་རྗེ་དང་། །གསེར་འོད་ལྟ་བུའི་སྤྱན་མངའ་མ། །རྡོ་རྗེའི་འགྲོས་དང་དཀར་མོ་དང་། །པདྨའི་སྤྱན་དང་ཟླ་འོད་དང་། །ཕྱག་རྒྱའི་ཚོགས་དེ་ཐམས་ཅད་ཀྱིས། །འདིར་ནི་དབང་བསྐུར་མཛད་དུ་གསོལ། །བསྙེན་སྔགས། ཏདྱ་ཐཱ། ༀ་ཨ་ན་ལེ་སོགས། གོང་འོག་གཉིས་ཀྱི། ཧཱུྃ་མ་མ་ཧཱུྃ་ནི་སྭཱ་ཧཱའི་མཐར། ཨ་བྷི་ཥིཉྩ་ཏུ་མཱྂ། བུདྡྷ་ཨ་བྷི་ཥིཉྩ་ༀ། བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཨ་བི་ཥིཉྩ་ཏྲཱྂ། པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་བཏགས་པ་བརྗོད་ལ་གཙོ་མོ་དང་། ཏདྱ་ཐཱ། ༀ་སརྦ་ཏ་ཐཱ་ག་ཏ་ནས། སི་ཏ་ཏ་པ་ཏྲེ་ཧཱུྃ་ཕཊ། བར་བརྗོད་ལ་འཁོར་རྣམས་ཀྱིས་དབང་བསྐུར། བུམ་པ་མགོར་བཞག་བུམ་ཆུ་འཐོར། དེ་ནས་སྔགས་བཟླས་པའི་རྗེས་གནང་གི་ཆེད་དུ་སློབ་དཔོན་ལ་མོས་གུས་བྱས་པས་སློབ་དཔོན་དང་མདུན་བསྐྱེད་ཀྱི་གཙོ་བོ་དབྱེར་མ་མཆིས་པའི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་ཞལ་ནས་བྱུང་། ཁྱེད་རང་རྣམས་ཀྱིས་མགྲིན་པར་ཞུགས་པའི་མོས་པས་རྗེས་ཟློས། བསྙེན་སྔགས་གོང་འོག་དང་། འཁོར་རིགས་ལྔའི་རྣམས་ཀྱིས་རྗེེས་ཟློས་ལན་གསུམ་བྱར་གཞུག །མཐར་ཕྲེང་བའམ་མེ་ཏོག་མགོར་བཞག་ལ། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་བཅོམ་ལྡན་འདས་མ་གཙུག་ཏོར་གདུགས་དཀར་མོའི་གསུང་རིག་སྔགས་ཀྱི་ནུས་མཐུ་མ་ལུས་པ་འཇུག་ཅིང་བརྟན་པར་གྱུར་ཅིག །དེ་ནས་འཁོར་ལོ་ཡོད་ན་མགོར་བཞག་ལ་འདོགས་པ་དང་། མེད་ན་བུམ་ཆུ་དང་མེ་ཏོག་འཐོར་ཞིང་། ༀ་རྀ་ཥི་ག་ཎ་སོགས་སྲུང་སྔགས་ཀྱི་མཐར། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་སོགས་ནས། བདག་ཅེས་པ་འདི་ཞེས་ཁ་བསྒྱུར་ལ། ཕྱག་རྒྱའི་ཚོགས་ཐམས་ཅད་ཀྱིས་འདི་རྣམས་ལ་བསྲུང་དུ་གསོལ། །བར་བརྗོད། སྤྲོ་ན་མཐའ་རྟེན་བྱ་རྒྱུད་ཀྱི་ལུགས་ལྟར་བཀྲ་ཤིས་རྟགས་བརྒྱད་སྦྱིན། གོང་ལྟར། ཕུན་སུམ་ཚོགས་པ་མངའ་བ་སོགས་ཤིང་བརྗོད་བྱ། དེ་ལྟར་ཆུའི་དབང་མཐའ་རྟེན་དང་བཅས་བསྐུར་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་སྐུ་གཉིས་མངོན་དུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེས་བཅོམ་ལྡན་འདས་གདུགས་དཀར་མོའི་རིག་པ་གཏད་པ་ལེགས་བར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་ལེན། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་པས་གྲུབ་བོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་མཆོད་པ་ཁ་གསོས་ལ་བྱིན་བརླབ་སྔགས་ཙམ་གྱིས་མཆོད། བསྟོད་པ་མདོར་བསྡུས་དང་འདོད་དོན་ཞུ་བ་སྤྱི་ལྟར་བྱ། མ་འབྱོར་པ་དང་སོགས་དང་ཡི་གེ་བརྒྱ་པས་ཉམས་ཆག་བཤགས། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་ཡེ་ཤེས་པ་གཤེགས། ༀ་ཨཱཿཧཱུྃ། དམ་ཚིག་པ་རང་ལ་ཐིམ་པ་གྱུར། རང་ཉིད་ཕྱག་གཉིས་པའི་ང་རྒྱལ་དང་གནས་གསུམ་འབྲུ་གསུམ་གྱིས་བསྲུང་། དགེ་བསྔོ་ཤིས་བརྗོད་བྱས་པས་གྲུབ་བོ། །འདི་འབྲས་དགེ་བས་གཉིས་སུ་མི་གསུངས་པས། །གསུངས་པའི་ཕན་ཡོན་བདུད་རྩིའི་བཅུད་མཆོག་གིས། །བདག་རྒྱུད་གསེར་གྱི་བུམ་བཟང་ཡོངས་གཏམས་ནས། །འགྲོ་ཀུན་ཐར་པའི་སྲོག་ཟུངས་འཛིན་པར་ཤོག །ཅེས་འདི་ཉིད་ཀྱི་ཆོག་གཞུང་གི་ཆ་ལག་མེད་ཀ་མེད་དུ་གྱུར་པས་བློ་གྲོས་མཐའ་ཡས་པའི་སྡེས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས།

རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ན་མ་དྷཱ་ར་ཎི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེའི་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས། རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ལག་ན་རྡོ་རྗེའི་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས། རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེ་སྙིང་པོ་རབ་ཏུ་སྨྲས་ཏེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིགས་པར་བྱེད་པ། གདོན་ཐམས་ཅད་བརླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་བར་བྱེད་པ། འབྱུང་པོ་ཐམས་དང་འགུགས་པར་བྱེད་པ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། སེམས་ཅན་ཐམས་ཅད་སྲུང་བ། ཞི་བ། རྒྱས་པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཉྩཎྜ་བཛྲ་པཱ་ཎ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ༀ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། གྷཱུརྞཱ་གྷཱུརྞཱ། གྷཱུརྞཱ་པ་ཡ། གྷཱུརྞཱ་པ་ཡ། སརྦ་ས་ཏྭཱ་ནི། བྷོ་དྷ་ཡ། བྷོ་དྷ་ཡ། སཾ་བྷོ་དྷ་ཡ། སཾ་བྷོ་དྷ་ཡ། བྷྲཱ་མ་བྷྲཱ་མ། སཾ་བྷྲཱ་མ་ཡ་སཾ་བྷྲཱ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུཊྚ་ཀུཊྚ། སཾ་ཀུཊྚ་ཡ། སཾ་ཀུཊྚ་ཡ། སརྦ་ཤ་ཏྲཱུན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ། སཾ་གྷ་ཊ་ཡ། སརྦ་བིདྱཱཾ་བཛྲ་བཛྲ། སྥོ་ཊ་ཡ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲ་ཡ་སྭཱ་ཧཱ། ཧེ་ཕུལླུ། ནི་རུ་ཕུལླུ། གྲྀཧྞ་ཀུལླུ། མི་ལི་ཙུལླུ། ཀུ་རུ་ཀུལླུ། བཛྲ་བི་ཛ་ཡཱ་ཡ་སྭཱ་ཧཱ། ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན། པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། བཛྲ་བི་དཱ་ར་ཎ་ཡ་སྭཱ་ཧཱ། ཙྪིནྡྷ་ཙྪིནྡྷ། བྷིནྡྷ་བྷིནྡྷ། མ་ཧཱ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། བྷནྡྷ་བྷནྡྷ། ཀྲོ་དྷ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྭ་ཧཱ། ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལ་ཡ་སྭ་ཧཱ། ཏྲཱ་ས་ཡ། ཏྲཱ་ས་ཡ། བཛྲ་ཀཱི་ལི་ཀཱི་ལ་ཡ་སྭ་ཧཱ། ཧ་ར་ཧ་ར། བཛྲ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། མ་ཏི་སྠི་ར་བཛྲ། ཤཱུ་ཏི་སྠི་ར་བཛྲ། པྲ་ཏི་སྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧྱེ་ཧི། ཤྲཱི་གྷྲཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལ་ཨ་ཝཱརྟ་ཡ་སྭཱ་ཧཱ། ཨ་མུ་ཀ་མཱ་ར་ཡ་ཕཊ། ན་མསྶ་མནྟ་བཛྲ་ཎཾ། སརྦ་བཛྲ་ཀུ་ལཾ་མ་ཝརྟ་ཡ། མ་ཧཱ་བ་ལེ། ཀ་ཏ་པ་ལེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜ་ལ་མ་ཡེ། ཨ་ཏི་བཛྲ། མ་ཧཱ་བ་ལེ། བེ་ག་ར་ན་ར་ན། ཨ་ཛི་ཏེ། ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི། ཏིང་ག་ལེ། ད་ཧ་ད་ཧ། ཏེ་ཛྭ་བ་ཏི། ཏི་ལི་ཏི་ལི། བྷནྡྷ་བྷནྡྷ། མ་ཧཱ་བ་ལེ་བཛྲ་ཨཾ་ཀུ་ཤ་ཛྭ་ལ་ཡ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཉྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ༀ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡྷ་ཙྪིནྡྷ་བཛྲ། བྷིནྡྷ་བྷིནྡྷ་བཛྲ་ཧཱུཾ་ཕཊཿ ན་མཥྩཎྜ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། སྡིག་པ་ཐམས་ཅད་བྱང་བྱས་ནས། སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང་། །ཚེ་ཟད་པ་དང་ཚེ་ཉམས་དང་། །ཕུན་སུམ་ཚོགས་མིན་གང་ཆགས་དང་། །ལྷ་རྣམས་རྒྱབ་ཀྱི་ཕྱོགས་པ་དང་། །མཛའ་སྡུག་སྐྱེ་བོ་སྡང་བ་དང་། །བྲན་བཟའ་ལ་སོགས་གཙེས་པ་དང་། །ཕུན་ཚུན་མཐུན་པ་མ་ཡིན་དང་། །ནོར་འགྲིབ་པས་ནི་གནོད་པ་དང་། །མྱ་ངན་ངལ་དང་གནོད་པ་དང་། །འཇིགས་པ་དང་ནི་ཕོངས་པ་དང་། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང་། །མི་བཟད་གདོན་གྱིས་ཉེན་པ་དང་། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང་། །དེས་ནི་རབ་བཀྲུས་གཙང་མ་ཡིན། །མདོ་སྡེ་དམ་པ་ཉན་པར་གྱིས། །གང་དག་ཡིད་དགེ་སེམས་དང་ཞིང་། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་ཞི་བར་བལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །ནོར་བུ་ཡུངས་ཀར་དཱུརྦ་དང་། །རིན་ཆེན་རྨ་མེད་ཙནྡན་བཅས། །ཤེལ་དང་རྡོ་རྗེ་མེ་ཏོག་དང་། །ཆུ་ཡི་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང་། །གཙང་མའི་གོས་ཀྱིས་དཀྲི་ཞིང་དགང་། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་རྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྫོགས་སོ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་དང་། སངས་རྒྱས་གསང་བ་དང་། ཡེ་ཤེས་རྡོ་རྗེ་དང་། སྨྲྀ་ཏིཛྙཱ་ན་ལ་སོགས་པའི་འགྲེལ་པའི་ནང་ནས་བཏོན་ཏེ་གཟུངས་ཤིན་ཏུ་དག་པའོ།། །།

དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་ཆོ་ག །ཀརྨ་པ་རང་བྱུང་རྡོ་རྗེ།

དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་ཆོ་ག་བཞུགས་སོ། །བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རྣམ་པར་འཇོམས་པའི་སྒོ་ནས་རིག་པ་གཏད་པ་དང་། གཟུངས་ཀྱི་ཆོ་ག་བྱེད་པར་འདོད་པས། སྔོན་འགྲོ་དང་། དངོས་གཞི ། རྗེས་སོ། །དང་པོ་ནི། གནས་གང་ཡང་རུང་བར་མཎྜལ་ལེགས་པར་བྱས་ཏེ། བུམ་པ་གཉིས་ལ་ཁ་རྒྱན་མགུལ་ཆིངས་གཟུངས་ཐག །བུམ་སྨན་ཚོགས་པར་བྱས་ཏེ། གུ་གུལ་གྱིས་བདུག་ཅིང་། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ་དང་། སྭ་བྷཱ་ཝའི་སྔགས་ཀྱིས་བསང་། དཀར་གསུམ་དང་། མངར་གསུམ་དང་ཆུ་གཙང་མ་སྦྱར་བས་བཀང་ནས། ལེགས་པར་བཤམས་ཏེ་མཆོད་པའི་ཚོགས་ཅི་འབྱོར་བས་བ སྐོར་བར་བྱའོ། །གཏོར་མ་ཆ་གསུམ་མམ། ཡང་ན་གཅིག་ལ་བརྟེན་ཀྱང་རུང་ངོ་། །དེ་ལྟར་རྒྱུ་བུམ་པའི་ཆོས་བདུན་རྫོགས་ནས། ལས་བུམ་གྱི་ནང་དུ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྒྱ་གྲམ། གཡོན་བདུད་རྩིའི་བུམ་པ་བསྣམས་པའི་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བར་དམིགས་ནས། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བསྙེན་པ་ཅི་རིགས་པ་བྱས་ནས། ཐོག་མར་ཁྲུས་བྱས་ཏེ། དེ་དག་ནི་སྔོན་དུ་འགྲོ་བའོ། །དངོས་གཞི་ལ་བཞི་སྟེ། བྱིན་གྱིས་བརླབས་པའི་རིམ་པ་དང་། རྩ་བ་བདུན་གྱི་མན་ངག །དབང་བསྐུར་བ་དང་། ཁྲུས་ཀྱི་ཆོ་གའོ། །དང་པོ་ལ་བཞི་ལས། བདག་བྱིན་གྱིས་བརླབ་པ་ནི། སེམས་བསྐྱེད་ཅིང་། སྭ་བྷཱ་ཝའི་སྔགས་བརྗོད་ནས། སྟོང་པའི་ངང་ལས་རང་གི་སྙིང་གར་ཟླ་བ་དང་ཉི་མའི་སྟེང་དུ་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པ་ལས་རང་གི་ཕུང་པོ་ཡོངས་སུ་སྦྱངས་ཏེ། རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་ལ་སྔོ་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྩེ་ལྔ་པ་འཛིན་པ། གཡོན་པ་བདུད་རྩིའི་བུམ་པ་ཐུགས་ཀར་འཛིན་པ། སྐུ་ལ་སྦྲུལ་དང་རིན་པོ་ཆེའི་རྒྱན་ཅན། སྟག་གི་ལྤགས་པའི་ཤམ་ཐབས་ཅན། སྐུ་ལས་འོད་ཟེར་རབ་ཏུ་འབར་བ་བསྒོམ་མོ། །དེའི་སྤྱི་བོར་ཟླ་བའི་སྟེང་དུ་ༀ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་རྣམས་བསྒོམས་ཏེ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་བོ། །གཉིས་པ་གནས་བྱིན་གྱིས་བརླབ་པ་ནི། འབྱུང་པོ་ལ་གཏོར་མ་བཏང་ལ། བདག་ཕྱག་ན་རྡོ་རྗེའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། སྟེང་རྡོ་རྗོའི་བླ་བྲེ། འོག་རྡོ་རྗེའི་ས་གཞི། ལོགས་རྡོ་རྗེའི་ར་བ་དང་རྩིག་པར་བྱིན་གྱིས་བརླབ་བོ། །བཛྲ་རཀྵ་རཀྵ་ཧཱུྃ། ཞེས་པས་རྒྱས་གདབ་བོ། །གསུམ་པ་བུམ་པ་བྱིན་གྱིས་བརླབ་པ་ནི། བདག་ཕྱག་ན་རྡོ་རྗེའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། བུམ་པ་འོད་དུ་ཞུ། ཡི་གེ་བྷྲཱུྂ་གཅིག་ཏུ་གྱུར། བྷྲཱུྂ་འོད་དུ་ཞུ་བ་ལས། རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་གཞལ་ཡས་ཁང་དུ་གྱུར་ཏེ། ཤར་ཕྱོགས་ཤེལ་ལས་གྲུབ་སྟེ་དཀར་ལ་འཚེར་བ། ལྷོ་བཻཌཱུརྻ་ལས་གྲུབ་སྟེ་སྔོ། ནུབ་པདྨ་རཱ་ག་དམར། བྱང་ཨིནྡྲ་ནཱི་ལ་ལྗང་། རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ཏེ། ༀ་ཨཱཿཧཱུྃ་བཛྲ་ཨ་བྷིཥིཉྩ་ཨ་ཨ། ཞེས་བྱིན་གྱིས་བརླབ་བོ། །བཞི་པ་བུམ་པའི་རྫས་བྱིན་གྱིས་བརླབ་པ་ནི། ༀ་པཉྩ་ལི་ཀ་སརྦ་སིདྡྷི་སྭཱ་ཧཱ། ༀ་པཉྩ་བི་ཏེ་སྭཱ་ཧཱ། ༀ་ཏྲི་པ་ཤ་སརྦ་སིདྡྷི་ཧཱུྃ། ༀ་པཉྩ་རུ་པི་ནི་སིདྡྷི་ཧཱུྃ། ༀ་པཉྩ་རཏྣ་སིདྡྷི་ཧཱུྃ། ༀ་པཉྩ་གརྦྷ་སིདྡྷི་ཧཱུྃ། ༀ་བོདྷི་ཙིཏྟ་སརྦ་སིདྡྷི་ཧཱུྃ། ༀ་ཁཾ་ཛྙཱ་ན་རསྨི་ཨ་དྷིཥྛི་ན་སིདྡྷི་ཧཱུྃ། ༀ་ཀལྤ་བྲི་ག་ཤ་སརྦ་སིདྡྷི་ཧཱུྃ། ཞེས་བརྗོད་ནས། བདག་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་རྫས་རྣམས་ལ་ཕོག །འོད་དུ་ཞུ་བ་ལས་བུམ་པ་གཞལ་ཡས་ཁང་གི་ནང་དུ་འཁོར་ལོ་རྩིབས་བཅུ་པ། དེའི་དབུས་སུ་པདྨ་དང་ཟླ་བ་ཉི་མའི་སྟེང་དུ། ཡི་གེ་ཧཱུྃ་གཉིས། ཕྱོགས་བཅུ་སྒོ་བཞིར་ཡང་དེ་ཁོ་ན་བཞིན་བསྒོམས་ཏེ། ལྷ་བཅུ་དྲུག་གི་རང་བཞིན་དུ་བལྟའོ། །དེ་ལས་འོད་ཟེར་འཕྲོས་འདུས་ཤིང་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དཀར་པོ་ཧཱུཾ་གིས་མཚན་པ་བཅུ་དྲུག་ཏུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། ལྷ་བཅུ་དྲུག་གི་དཀྱིལ་འཁོར་དུ་གྱུར་བར་བལྟ་སྟེ། དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་ལ་སྔོ་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་འཛིན་པ། གཡོན་བདུད་རྩིའི་བུམ་པ་ཐུགས་ཀར་འཛིན་པའི་སྟེང་ན་ཁྲོ་བོའི་ཞལ་ཕྱུང་བ། སྐུ་ལས་འོད་ཟེར་དང་ཁྲོ་ཆུང་གི་ཚོགས་འཕྲོ་བ། སྤྱན་གསུམ་པ་ཞལ་གདངས་ཤིང་ལྗགས་འདྲིལ་བ། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་ཅིང་སྟག་གི་ལྤགས་པའི་ཤམ་ཐབས་ཅན་དུ་བསྒོམ་མོ། །དེའི་མདུན་དུ་ཡུམ་རྡོ་རྗེ་ལུ་གུ་རྒྱུད་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་རྡོ་རྗེ་ལྕགས་སྒྲོག་འཕྱར་བ། གཡོན་བདུད་རྩིའི་བུམ་པ་ཐུགས་ཀར་འཛིན་པ་དར་གྱི་ཅོད་པན་དང་མུ་ཏིག་གི་རྒྱན་གྱིས་བརྒྱན་པའོ། །ཕྱོགས་བཅུར་ཁྲོ་བོ་ཆེན་པོ་བཅུ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་གདེངས་པ། གཡོན་པ་བདུད་རྩིའི་བུམ་པ་ཐུགས་ཀར་འཛིན་པ། ཁྲོ་བོའི་ཆས་དང་ལྡན་པར་བསྒོམ། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཞགས་པ་མ་སེར་མོ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་དྲིལ་བུ་མ་ལྗང་གུ། དེ་ལྟར་ལྷ་བཅུ་དྲུག་གི་སྤྱི་བོར་ཟླ་བའི་སྟེང་དུ་ༀ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་བསྒོམས་ཏེ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་བོ། །དེ་ནས་རྡོ་རྗེ་རྣམ་པར་འཇོམས་པའི་ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བ་ལ་ཧཱུཾ། དེ་ལ་སྙིང་པོའི་སྔགས་ཀྱིས་གཡས་བསྐོར་བར་བསྒོམས་ཏེ་བྱིན་གྱིས་བརླབས་པར་བྱའོ། །གཉིས་པ་རྩ་བ་བདུན་གྱི་མན་ངག་ལ་སྤྱན་དྲངས་པ་དང་། བཞུགས་སུ་གསོལ་བ་དང་། ཕྱག་འཚལ་བ་དང་། མཆོད་པ་དང་། བསྟོད་པ་དང་། ཕྲིན་ལས་དང་། བཤགས་པ་བྱ་བ་དང་བདུན་ལས། དང་པོ་སྤྱན་དྲངས་པ་ནི། ཧཱུྃ། འོག་མིན་གནས་མཆོག་དམ་པ་ནས། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །ནོར་བུའི་བརྩེགས་པའི་གཞལ་ཡས་ནས། །སྟོན་པས་སངས་རྒྱས་བཅོམ་ལྡན་འདས། །རྡོ་རྗེ་རྣམ་འཇོམས་ལྷ་ཚོགས་རྣམས། །དད་པའི་དབང་གིས་སྤྱན་འདྲེན་ན། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །ༀ་བཛྲ་པཱ་ཎི་ཧཱུྃ། ས་མ་ཡ་ཛཿཛཿ ཞེས་པས་སྤྱན་དྲང་ངོ་། །གཉིས་པ་བཞུགས་སུ་གསོལ་བ་ནི། མྱ་ངན་མི་འདའ་ཐུགས་རྗེའི་དབང་། །ཉོན་མོངས་མི་སྤང་གོས་པ་མེད། །མ་ཆགས་རང་བཞིན་དག་པས་ན། །པདྨའི་གདན་ལ་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡ་སྟྭཾ། ས་མ་ཡ་ཏིཥྛནྟུ། གསུམ་པ་ཕྱག་འཚལ་བ་ནི། ཧཱུྃ། རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས། །སྐུ་མཆོག་སྟོབས་ཆེན་ལྡན་ལ་ཕྱག་འཚལ་ལོ། །གསུང་མཆོག་སྒྲ་ཆེན་ལྡན་ལ་ཕྱག་འཚལ་ལོ། །ཐུགས་མཆོག་ཡེ་ཤེས་ལྡན་ལ་ཕྱག་འཚལ་ལོ། །ང་བདག་འཇོམས་པ་ཕྱག་ན་རྡོ་རྗེ་ཡབ་ཡུམ་བཅས་ལ་ཕྱག་འཚལ་ལོ། །མི་དགེ་བཅུ་འཇོམས་ཁྲོ་བོ་བཅུ་ལ་ཕྱག་འཚལ་ལོ། །ཕྲིན་ལས་རྣམ་བཞི་སྒོ་མ་བཞི་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏི་པུ་ཧོཿ ཨ་ལ་ལ་ཧོཿ བཞི་པ་མཆོད་པ་ནི། བྱིན་གྱིས་བརླབས་ལ། གཟུགས་སྣང་སྣ་ཚོགས་འབུལ་ལོ་སྤྱན་གྱིས་མཆོད་པར་བཞེས། སྒྲ་སྙན་སྣ་ཚོགས་འབུལ་ལོ་སྙན་གྱིས་མཆོད་པར་བཞེས། །དྲི་མཆོག་སྣ་ཚོགས་འབུལ་ལོ་ཤངས་ཀྱིས་མཆོད་པར་བཞེས། །རོ་མཆོག་སྣ་ཚོགས་འབུལ་ལོ་ལྗགས་ཀྱིས་མཆོད་པར་བཞེས། །རེག་བྱ་སྣ་ཚོགས་འབུལ་ལོ་སྐུ་ཡིས་མཆོད་པར་བཞེས། །གཏོར་མ་སྣ་ཚོགས་འབུལ་ལོ་ལྗགས་ཀྱིས་མཆོད་པར་བཞེས། །གཟུགས་ཀྱི་ལྷ་མོ་སྤྱན་ལ་ཐིམ། །སྒྲ་ཡི་ལྷ་ཡི་སྙན་ལ་ཐིམ། །དྲི་ཡི་ལྷ་མོ་ཤངས་ལ་ཐིམ། །རོ་ཡི་ལྷ་མོ་ལྗགས་ལ་ཐིམ། །རེག་གི་ལྷ་མོ་ལུས་ལ་ཐིམ། །འདོད་ཡོན་ལྔ་ཡི་མཆོད་པ་བཞེས། །ༀ་བཛྲ་གནྡྷེ་ཧཱུྃ། ༀ་བཛྲ་དྷཱུ་པེ་ཧཱུྃ། ༀ་བཛྲ་ཨཱ་ལོ་ཀེ་ཧཱུྃ། ༀ་བཛྲ་པུཥྤེ་ཧཱུྃ། ༀ་བཛྲ་ཀོའུ་ཤི་ཀ་ཧཱུྃ། ༀ་བཛྲ་ཨ་ལངྐཱ་ར་ཧཱུྃ། ༀ་བ་ལིཾ་ཏ་པཱུ་ཛ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ལྔ་པ་བསྟོད་པ་ནི། བཅོམ་ལྡན་རྡོ་རྗེ་རྣམ་འཇོམས་ལྷ་ཚོགས་རྣམས། །སྐུ་ཡི་རྡོ་རྗེ་སྐྱེ་ཤི་མེད་ལ་ཕྱག་འཚལ་བསྟོད། །གསུང་གི་རྡོ་རྗེ་འགག་པ་མེད་ལ་ཕྱག་འཚལ་བསྟོད། །ཐུགས་ཀྱི་རྡོ་རྗེ་མཚན་མ་མེད་ལ་ཕྱག་འཚལ་བསྟོད། །ཡོན་ཏན་རྡོ་རྗེ་ཅིར་ཡང་སྣང་ལ་ཕྱག་འཚལ་བསྟོད། །ཕྲིན་ལས་རྡོ་རྗེ་སྣ་ཚོགས་གྲུབ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་རྡོ་རྗེ་རྣམ་འཇོམས་འཁོར་བཅས་ནི། །སྐུ་མཆོག་འབར་བའི་འོད་ཟེར་ཅན། །གསུང་མཆོད་འབར་བའི་འོད་ཟེར་ཅན། །ཐུགས་མཆོག་འབར་བའི་འོད་ཟེར་ཅན། །ལུས་ངག་ཡིད་གསུམ་འཇོམས་མཛད་པའི། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད། །ཁྱེད་ལ་མཆོད་པ་ཕུལ་བའི་བསོད་ནམས་ཀྱིས། །བདག་གི་དགེ་བའི་ཚོགས་རྣམས་འཕེལ་བ་དང་། །བསམ་པ་འགྲུབ་པར་ཐུགས་རྗེས་བཟུང་དུ་གསོལ། །དྲུག་པ་གཏོར་མ་བཏང་ཞིང་ཕྲིན་ལས་བཅོལ་བ་ནི། གཏོར་མ་ཆ་གསུམ་ལྟར་བསྔོ་བའམ། ཡང་ན་བསྡུས་པའི་གཏོར་མ་གཅིག་ཀྱང་རུང་སྟེ། སྭབྷཱ་ཝས་སྦྱང་ལ། སྟོང་པའི་ངང་ལས་བྷཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དཀར་གསུམ་མངར་གསུམ་ལ་སོགས་པའི་རྫས་ཀྱི་དངོས་པོ་རྣམས་འདོད་པའི་ཡོན་ཏན་ལྔར་བསམ། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལྷ་བཅུ་དྲུག་གི་ལྷ་ཚོགས་རྣམས་ཀྱིས་གསོལ་བར་བསམ་ལ། རྩ་བའི་གཟུངས་ཐུང་གི་ཞབས་སུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་བདུན་གསུམ་ལ་སོགས་པ་བརྗོད་ལ་འབུལ་ལོ། །གསང་སྔགས་ནང་ལྟར་བྱེད་ན། སྨན་དང་རཀྟ་གཏོར་མ་རྣམས་མེ་རླུང་གི་སྦྱོར་བས་བྱིན་གྱིས་བརླབས་ལ་འབུལ་ཞིང་། སྤྲོས་པ་ལ་དགའ་ན། མཚན་བརྒྱ་རྩ་བརྒྱད་ལ་སོགས་པས་བསྟོད་དོ། །ཕྲིན་ལས་བཅོལ་བ་ནི། ཧཱུྃ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །རྡོ་རྗེ་རྣམ་འཇོམས་བསྟན་པ་དར། །འཇིགས་པའི་ཁྲོ་བོ་བསྟན་སྲུང་པོ། །རི་རབ་ཙམ་གྱི་སྐུ་བཞེངས་ལ། །གནམ་ས་ཙམ་གྱི་ཞལ་གདངས་འཚལ། །རྩི་ཤིང་ཙམ་གྱི་མཆེ་བ་གཙིགས། །རྒྱ་མཚོ་ཙམ་གྱི་མཆོད་པ་བཞེས། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །བདུད་རྩི་སྨན་གྱི་གཏོར་མ་བཞེས། །མཛེས་པའི་མེ་ཏོག་གཏོར་མ་བཞེས། །རཀྟ་རྒྱན་གྱི་མཆོད་པ་བཞེས། །རྣལ་འབྱོར་སྒྲུབ་པ་པོ་བདག་གིས། །བཅོལ་བའི་ཕྲིན་ལས་སྒྲུབ་པར་གྱིས། །ཚེ་རིང་ནད་མེད་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ནས། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །སྐབས་འདིར་འོད་ཟེར་གྱི་སྤྲོ་བསྡུ་བྱ་ཞིང་། སྙིང་པོ་གཟུངས་རིང་ཐུང་གང་ཡིན་ལ་བསྙེན་པ་རྒྱས་བསྡུས་ཅི་རིགས་བྱའོ། །བདུན་པ་སྡིག་པ་བཤགས་པ་ནི། ཧཱུྃ། ན་མོ་དུས་གསུམ་སྡིག་པ་ཅི་བགྱིས་པ། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །སླན་ཆད་སྡོམ་པའི་ཚུལ་ལ་གནས་ལགས་ཀྱིས། །དུས་འདིར་བག་ཆགས་མ་ལུས་དག་གྱུར་ཅིག །བདག་གིས་ལས་ངན་བྱས་པས་ལུས་ངན་ཐོབ། །ཁམས་གསུམ་སྡིག་པའི་ཚང་སྐྱེས་པས། །ངག་གི་སྡིག་བྱས་རྫུན་ཚིག་མང་དུ་བརྗོད། །སེམས་ཀྱི་བློ་ནོར་ལོག་པར་ལྟ་བ་སོགས། །འདི་འདྲའི་དབང་གིས་སྡིག་པ་ཅི་བགྱིས་པ། །བཀྲམ་པའི་ལྷ་ཚོགས་རྣམས་ལ་མཐོལ་ལོ་བཤགས། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་ལ། །འགལ་འཁྲུལ་གྲ་ཆག་ཉམས་པ་བཟོད་པར་གསོལ། །ཐུགས་དང་འགལ་བ་མཆིས་ན་གནོད་མ་མཛད། །ཅེས་བཤགས་པ་བྱས་ནས། གཟུངས་ཀྱི་ཆོ་ག་ཡུན་རིང་དུ་བྱེད་ན། ཐུན་གསུམ་མམ་བཞིར་བྱའོ། །གསུམ་པ་དབང་བསྐུར་བ་ནི། སྒྲུབ་པ་ཐོན་ནས་བུམ་པ་ལག་ཏུ་བླངས་ཏེ། ཏིང་ངེ་འཛིན་ནི། རྣམ་པར་འཇོམས་པ་ལྷ་བཅུ་དྲུག་གི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་ཀ་བྱུང་སྟེ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་ཅིང་། སྐུ་གསུང་ཐུགས་ཀྱི་དབང་ཡོངས་སུ་རྫོགས་པར་བསྒོམ་མོ། །བུམ་པ་སྤྱི་བོར་བཞག་ལ། བུམ་པའི་དོན་ནི་ཆོས་ཉིད་སྐྱེ་བ་མེད། །ཁ་རྒྱན་ཀུན་འབྱུང་དཔག་བསམ་ལྗོན་པའི་ཤིང་། །མགུལ་ཆིངས་ཤེས་བྱ་དར་གྱི་ཅོད་པན་འཕུར། །མི་འགྱུར་རྟགས་ཀྱི་ཕྱག་རྒྱ་བཞི་ཡིས་མཛེས། །རིན་ཆེན་རྣམ་པ་སྣ་ཚོགས་རྒྱུ་ལས་བྱུང་། །དྲི་མེད་དག་པ་ལྷ་ཡི་གཞལ་ཡས་ཁང་། །སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ་ལྷ་ལྔ། །སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡེ་ཤེས་ལྔ། །སྟོབས་ལྔས་བྱིན་གྱིས་བརླབས་པའི་བུམ་པ་རུ། །རང་བཞིན་དག་པའི་བདུད་རྩིའི་བཅུད་ཕྱུངས་པས། །ལས་དང་ཉོན་མོངས་བག་ཆགས་དག་གྱུར་ཅིག །ༀ་བུདྡྷ་བཻ་རོ་ཙ་ན་ༀ། བཛྲ་བཻ་རོ་ཙ་ན་ཧཱུཾ། རཏྣ་བཻ་རོ་ཙ་ན་སྭཱ། པདྨ་བཻ་རོ་ཙ་ན་ཨཱཾཿ ཀརྨ་བཻ་རོ་ཙ་ན་ཧཱ། ༀ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥི ཉྩ་ༀ། བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་སྭཱ། པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱཾཿ ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱ། བཻ་རོ་ཙ་ན་ༀ། ཀཱ་ཡ་པཱ་ལ་ཨ་བྷི་ཥིཉྩ་ༀ། ཨ་མི་དྷེ་ཝ་ཧྲཱིཿ ཝཱ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཨཱཿ བཛྲས་ཏྭ་ཧཱུྃ། ཙིཏྟ་པཱ་ལ་ཨ་བྷི་ཥིཉྩ་ཧཱུཾ། སྐུ་གསུང་ཐུགས་བྱིན་གྱིས་བརླབས། ཡེ་ཤེས་ལྔ་ཡིས་དབང་བསྐུར་ཅིག །གཞན་ལ་ཡང་དེ་ལྟར་བྱའོ། །བཞི་པ་ཁྲུས་ཀྱི་ཆོ་ག་ནི། བདག་ཕྱག་ན་རྡོ་རྗེའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷ་བཅུ་དྲུག་ལ་ཕོག་སྟེ་ལྷ་རྣམས་འོད་དུ་ཞུ་བ་ལས། ལྷའི་ཆུ་དག་པ་དཀར་ལ་འཚེར་བ་དྲི་མ་མེད་པའི་ཆུ། ནད་ཐམས་ཅད་ཀྱི་གཉེན་པོར་གྱུར་པ། དཀར་ལྷང་ལྷང་འཚེར་བ་དེ་ལྟ་བུའི་ཆུ་དེ་ནང་པར་ཉི་མ་རྩེ་ཤར་ལ་ཁ་ཤར་དུ་བལྟས་ལ། རིན་པོ་ཆེའི་ཟངས་གཞོང་བཟེད་ལ་འདི་སྐད་དོ། །ན་མོ། སྲི་ཞུའི་མགྲོན་དུ་གྱུར་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཉན་ཐོས་དང་རང་སངས་རྒྱས་ཇི་སྙེད་བཞུགས་པ་རྣམས་སྐུ་ཁྲུས་ལ་གཤེགས་སུ་གསོལ། ཕན་མཛད་ལྷ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །ཛ་ཡ་ཛ་ཡ་རྒྱལ་བར་གྱུར་ཅིག །གཞན་ཡང་ཡོན་ཏན་གྱི་མགྲོན་དུ་གྱུར་པ་དཔལ་ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཕྱོགས་སྐྱོང་བ་བཅུ་དང་། དཔལ་ལྡན་ཧ་རི་ཀ་དང་། པཉྩི་ཀ་དང་། གང་བ་བཟང་པོ་དང་། ནོར་བུ་བཟང་པོ་དང་། ལྔས་རྩེན་དང་། བདེ་བའི་རི་བོ་དང་། དེད་དཔོན་དང་ཤེས་པའི་སྒྲོན་མ་ལ་སོགས་ཏེ། དམ་པ་ཆོས་སྐྱོང་བའི་སྲུང་མ་ཁྱེད་རྣམས་མི་དགྱེས་པ་ཐམས་ཅད་སྐུ་ཁྲུས་ལ་གཤེགས་སུ་གསོལ། ཕན་མཛད་ལྷ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །ཛ་ཡ་ཛ་ཡ་རྒྱལ་བར་གྱུར་ཅིག །གཞན་ཡང་མ་ཧཱ་དེ་ཝ་ལ་སོགས་ཏེ་ལྷ་ཆེན་པོ་བརྒྱད། མཐའ་ཡས་དང་འཇོག་པོ་ལ་སོགས་ཏེ་ཀླུ་ཆེན་པོ་བརྒྱད། ཉི་མ་དང་ཟླ་བ་ལ་སོགས་ཏེ་གཟའ་ཆེན་པོ་བརྒྱད། སྨིན་དྲུག་དང་སྣར་མ་ལ་སོགས་ཏེ་རྒྱུ་སྐར་གྱི་ལྷ་མོ་ཉི་ཤུ་རྩ་བརྒྱད། དཱ་ན་དང་དན་ཏིང་ལ་སོགས་ཏེ་གནོད་སྦྱིན་ཆེན་པོ་བརྒྱད། ལྟོ་འཕྱེ་དང་གྲུལ་བུམ་ལ་སོགས་ཏེ་ལྷ་མ་སྲིན་སྡེ་བརྒྱད། ཁྱེད་རྣམས་མི་དགྱེས་པ་ཐམས་ཅད་སྐུ་ཁྲུས་ལ་གཤེགས་སུ་གསོལ། ཕན་མཛད་ལྷ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །ཛ་ཡ་ཛ་ཡ་རྒྱལ་བར་གྱུར་ཅིག །གཞན་ཡང་ཡུལ་བདག །ས་སྟེང་གི་ལྷ་དང་། འོག་གི་ཀླུ་དང་། ས་བདག་དང་། འཕྲལ་གང་མཐོ་བའི་རྐྱེན་བགེགས་དང་། ལུང་པ་ཕུ་མདའི་གཡའ་རི་དང་། གངས་རི་ལ་གནས་པའི་ལྷ་ཀླུ་གནོད་སྦྱིན་དང་། ཡུལ་ལྷ་དང་། རྨུ་དང་། བཙན་ལ་སོགས་པ་ཁྱེད་རྣམས་མི་དགྱེས་པ་སྐུ་ཁྲུས་ལ་གཤེགས་སུ་གསོལ། ཕན་མཛད་ལྷ་ཡི་བཀྲ་ཤིས་གང་ལགས་དང་། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །ཛ་ཡ་ཛ་ཡ་རྒྱལ་བར་གྱུར་ཅིག །གཞན་ཡང་ཕོ་ལྷ་དང་། དགྲ་ལྷ་དང་། སྲོག་ལྷ་དང་། ལེའུའི་ལྷ་དང་། ཕ་མྱེས་ཀྱི་མཚུན་དང་། མ་ཕྱིའི་སྨན་དང་། ལྷ་མཚུན་ཁྱེད་རྣམས་མི་དགྱེས་པ་ཐམས་ཅད་སྐུ་ཁྲུས་ལ་གཤེགས་སུ་གསོལ། ཕན་མཛད་ལྷ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །ཛ་ཡ་ཛ་ཡ་རྒྱལ་བར་གྱུར་ཅིག །གཞན་ཡང་རྣལ་འབྱོར་པ་བདག་ཅག་དང་། ཡོན་བདག་འཁོར་དང་བཅས་པ་རྣམས་ཀྱིས། ཟས་ངན་ལྟོར་ཟོས་པ་དང་། གོས་ངན་ལུས་ལ་གྱོན་པ་དང་། ཕྱོགས་ངན་དུ་ཕྱིན་པ་དང་། རྨེ་དང་། ཁྲམ་དང་། བྱུར་གྱིས་ཕོག་པ་དང་། སྐལ་བ་ངན་པ་དང་། ལུས་ཀྱི་ན་ཚ་དང་། སེམས་ཀྱི་སྡུག་བསྔལ་དང་། མི་གཙང་བའི་ནད་ཐམས་ཅད་དང་། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཡེ་ཤེས་ཀྱི་ཆུ་བོའི་ཁྲུས་ཀྱིས་དག་བར་གྱུར་ཅིག །ཕན་མཛད་ལྷ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཛ་ཡ་ཛ་ཡ་རྒྱལ་བར་གྱུར་ཅིག །ཅེས་ཁྲུས་གསོལ་བར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ། སྨོན་ལམ། བཀྲ་ཤིས། བསྔོ་བ་དང་གསུམ་ལས། སྨོན་ལམ་གདབ་པ་ནི། བཀྲ་ཤིས་རྒྱལ་བྱེད་བུམ་པའི་དབང་བསྐུར་བས། །ཡེ་ཤེས་དབང་བཅུ་རྣམས་ལ་དབང་བྱེད་པ། །ལོག་འདྲེན་བདུད་བཞིའི་དགྲ་ལས་རབ་རྒྱལ་ཏེ། །རྣམ་པ་ཀུན་མཁྱེན་ཡེ་ཤེས་ཐོབ་པར་ཤོག །འབྲུ་མཆོག་རྣམ་པར་མང་པོས་དབང་བསྐུར་བས། །འབྲས་བུ་རྣམ་པར་མང་པོ་སྨིན་པ་ལྟར། །དགེ་བའི་ལོ་ཐོག་མང་པོ་སྨིན་རྒྱས་ཏེ། །མ་འདྲེས་བཅོ་བརྒྱད་ཆོས་དང་ལྡན་པར་ཤོག །སྤོས་མཆོག་རྣམ་པ་ལྔ་ཡིས་དབང་བསྐུར་བས། །དྲི་ཞིམ་སྤོས་ཀྱིས་ཚ་བའི་གདུང་སེལ་ལྟར། །ཚད་མེད་ལ་སོགས་ཟག་མེད་བདུད་རྩི་ལྔས། །ཉོན་མོངས་ལྔ་ཡི་གདུང་བ་སེལ་བར་ཤོག །སྨན་མཆོག་རྣམ་པ་ལྔ་ཡིས་དབང་བསྐུར་བས། །འཇིག་རྟེན་སྨན་པའི་རྒྱལ་པོ་དམ་པ་སྟེ། །བཞི་བརྒྱ་རྩ་བཞིའི་ནད་ལས་ཕྱིར་བསལ་ཏེ། །སྟོང་ཕྲག་བརྒྱད་ཅུའི་བགེགས་ལས་ཐར་བར་ཤོག །རིན་ཆེན་རྣམ་པ་ལྔ་ཡིས་དབང་བསྐུར་བས། །ཡིད་བཞིན་ནོར་བུས་རེ་བ་ཀུན་སྐོང་ལྟར། །འགྲོ་དོན་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཡིད་བཞིན་ཡོན་ཏན་ཆོས་དང་ལྡན་པར་ཤོག །སྙིང་པོ་རྣམ་པ་ལྔ་ཡིས་དབང་བསྐུར་བས། །དགེ་བའི་རྩ་བ་རྒྱུ་ཡི་དབང་པོ་ལས། །དགེ་བཅུ་མ་ལུས་དབྱིངས་སུ་སྨིན་གྱུར་ཏེ། །སྙིང་པོ་བླ་མེད་འབྲས་བུ་ཐོབ་པར་ཤོག །མགུལ་ཆིངས་ཅོད་པན་ལྔ་ཡིས་དབང་བསྐུར་བས། །རྡོ་རྗེ་རྒྱལ་མཚན་གཙོ་བོར་དབང་བསྐུར་ཏེ་། །ཡེ་ཤེས་རྣམ་པ་མང་པོ་རྫོགས་གྱུར་ནས། །བདེ་གཤེགས་རིགས་ལྔའི་དབང་དང་ལྡན་པར་ཤོག །ཁ་རྒྱན་འབྲས་བུ་ཆགས་པས་དབང་བསྐུར་བས། །དཔག་བསམ་ཤིང་གིས་རེ་བ་ཀུན་སྐོང་ལྟར། །འགྲོ་དོན་བསམ་པ་ཡིད་བཞིན་འགྲུབ་པ་དང་། །འབྲས་བུ་ཅན་གྱི་ཤིང་དང་ལྡན་པར་ཤོག །གཟུངས་ཐག་ཡེ་ཤེས་ལྔ་ཡིས་དབང་བསྐུར་བས། །དོན་གྱི་གཟུངས་དང་ཚིག་གི་གཟུངས་ལྡན་ཞིང་། །དེ་བཞིན་གཤེགས་པའི་སྐུ་དང་ཡེ་ཤེས་ལྔ། །ཡོན་ཏན་མི་འབྲལ་གཟུངས་དང་ལྡན་པར་ཤོག །དེ་ལྟར་གཟུངས་ཀྱི་བུམ་པ་འདི་བཞེངས་སུ་གསོལ་ཏེ། ཡར་གང་ཞིང་གཏམས་པ་བཞིན། དེང་གི་ཡོན་བདག་གི་ཚེ་དང་བསོད་ནམས་དང་། དབང་ཐང་དང་། ཆུས་སྲིད་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ། །ཚེས་གཅིག་ནས་བཅོ་ལྔའི་བར་གང་ཞིང་རྒྱས་པ་བཞིན་ནམ། གངས་རི་ལ་ཟླ་བ་ཤར་བ་བཞིན་ཇེ་ཆེ་ཇེ་ཆེར་རྒྱས་ཏེ་གསལ་བར་གྱུར་ཅིག །དེ་ལྟར་གཟུངས་ཀྱི་བུམ་པ་འདི། ཡོན་བདག་གི་སྐུ་ལ་གསོལ་ཏེ། ཟླ་བ་མར་ངོ་ཟད་ཅིང་སྟོངས་པ་ལྟར། མི་མཐུན་པའི་ཕྱོགས་ཐམས་ཅད་ནི་ཚེས་བཅུ་དྲུག་ནས་གནམ་སྟོང་གི་བར་དུ་ཟད་ཅིང་སྟོངས་པའམ། བྱ་སྒྲོ་མེར་བསྲེགས་པ་བཞིན་དུ་ཇེ་ཆུང་ཇེ་ཆུང་སོང་སྟེ་བྱང་ཞིང་དག་པར་གྱུར་ཅིག །དེ་ལྟར་གྱུར་པའི་བྱིན་བརླབས་ཀྱིས་དགེ་བའི་གཤེས་གཉེན་ཞལ་དྲོ་བར་གྱུར་ཅིག །བུམ་པ་བཀྲ་ཤིས་པར་གྱུར་ཅིག །ཡོན་གྱི་བདག་པོ་རྣམས་ཚེ་རིང་ཞིང་ནད་མེད་པར་གྱུར་ཅིག །ཡུལ་ཁམས་ཐམས་ཅད་དུ་མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་ནས་ལོ་ཕྱུགས་ནི་རྟག་ཏུ་ལེགས། དབུས་སུ་ཡུལ་མི་འཁྲུགས། མཐའ་ནས་དགྲ་མི་ལྡང་། ལྷན་ནེ་ལྷམ་མེ་ལྷང་ངེ་། བདེ་སྐྱིད་ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཅེས་པའི་སྨོན་ལམ་གདབ་པར་བྱའོ། །གཉིས་པ་ནི། བཀྲ་ཤིས་གང་རུང་བརྗོད། གསུམ་པ་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ། འདིའི་བརྒྱུད་པ། སློབ་དཔོན་བི་མ་ལ་མི་ཏྲས་མཛད་དེ། བི་མ་ལ་མི་ཏྲ་བོད་དུ་བྱོན་ནས་སྒྲགས་ཀྱི་ཡང་ཐོག་ཏུ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་ནས། ལྷ་དཔལ་གྱི་ཡེ་ཤེས་ལ་བཤད། དེས་སྲུ་ལེགས་པའི་སྒྲོན་མ་ལ་བཤད། དེ་ནས་རོ་ཚེ་འབྱིན་ལ། དེས་གནུབས་སྟོན་བླ་མ་ལ། དེས་བླ་མ་རྒྱ་ལ། དེས་བླ་མ་རས་པ་ལ། དེས་བླ་མ་རིན་པོ་ཆེ་རང་བྱུང་རྡོ་རྗེ་ལའོ། །སློབ་དཔོན་བི་མ་ལ་མི་ཏྲས་མཛད་པའི་དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་རིག་པ་གཏད་པ་དང་། གཟུངས་ཀྱི་ཆོ་གའི་རིམ་པ་འདི་ལག་ལེན་ཤིན་ཏུ་བདེ་བ་རང་བྱུང་རྡོ་རྗེས་བསྒྲིགས་པ་རྫོགས་སོ།། །།

རྣམ་འཇོམས་དཀར་པོ་བི་མ་ལའི་ལུགས་ཀྱི་གཟུངས་ཆོག་རིག་གཏད་བུམ་ཁྲུས་དང་བཅས་པ་ཟླ་བའི་འོད་ཟེར། བློ་གྲོས་མཐའ་ཡས།

རྣམ་འཇོམས་དཀར་པོ་བི་མ་ལའི་ལུགས་ཀྱི་གཟུངས་ཆོག་རིག་གཏད་བུམ་ཁྲུས་དང་བཅས་པ་ཟླ་བའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །ཆོས་ཀྱི་དབྱིངས་ལས་བག་ཆགས་ཀྱི། །དྲི་མ་སྦྱངས་ཕྱིར་གཟུགས་ཀྱི་སྐུ། །བདུད་རྩིའི་ཐིག་ལེར་སྣང་དེ་ལ། །བཏུད་ནས་གཟུངས་ཆོག་མདོར་བསྡུས་བྲི། །འཆི་མེད་ཡེ་ཤེས་ཀྱི་སྐུ་ཅན་པན་ཆེན་དྲི་མེད་བཤེས་གཉེན་གྱི་བཀའ་སྲོལ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ་ནས་བརྒྱུད་པའི་ལུགས་ཀྱི་གཟུངས་ཆོག་དང་རིག་གཏད་སྒྲུབ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་གང་ཡང་རུང་བར་སྟེགས་བུ་གཙང་མ་ལ་འབྲུའི་ཚོམ་བུ་ལྷ་གྲངས་བཀོད། བུམ་པ་གཉིས་ལ་ཁ་རྒྱན་མགུལ་ཆིངས་གཟུངས་ཐག །བུམ་སྨན་ཚོགས་པར་བྱས་ཏེ། གུ་གུལ་གྱིས་བདུག་ཅིང་། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ་དང་། སྭ་བྷཱ་ཝའི་སྔགས་ཀྱིས་བསང་། དཀརགསུམ་མངར་གསུམ་ཆུ་གཙང་དང་སྨན་སྦྱར་བས་བཀང་ལ་རྣམ་བུམ་དཀྱིལ་འཁོར་གྱི་དབུས་དང་། ལས་བུམ་སློབ་དཔོན་གྱི་མདུན་དུ་བཞག །དཀྱིལ་འཁོར་གྱི་ནུབ་ཏུ་མཆོད་གཏོར་ཟླུམ་པོ་དང་། སྤྲོ་ན་གཏོར་མ་ཆ་གསུམ་བཤམས། མདུན་དུ་ཕྱི་མཆོད་ཕྲེང་ཚར་དུ་བཤམས། སྔོན་གཏོར་སོགས་འདུ་བྱས་ལ། ལས་བུམ་གྱི་ནང་དུ་སྐད་ཅིག་གི་པད་ཉིའི་གདན་ལ་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྒྱ་གྲམ། གཡོན་བདུད་རྩིའི་བུམ་པ་བསྣམས་པའི་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བར་དམིགས་ནས། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་སོགས་བཟླས་པའི་མཐར། སྔགས་དེ་ཉིད་བརྗོད་བཞིན་དུ། གནས་ཁང་མཆོད་རྫས་རྣམས་ལ་བུམ་ཆུ་འཐོར་ཞིང་རང་ཉིད་ལའང་ཁྲུས་དང་ཁ་བཤལ་བ་སོགས་བྱའོ། །གཉིས་པ་ལ་བཞི། བྱིན་གྱིས་བརླབས་པའི་རིམ་པ། རྩ་བ་བདུན་གྱི་མན་ངག །རིག་པ་གཏད་པ། ཁྲུས་ཀྱི་ཆོ་གའོ། །དང་པོ་ལ་བཞི། བདག །གནས། ཡོ་བྱད། བུམ་པ་བྱིན་གྱིས་བརླབས་པའོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་རྒྱུན་བཤགས་ཡན་ལག་བརྒྱད་པ་དང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་ལ་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས། རང་གི་སྙིང་གར་ཟླ་བ་དང་ཉི་མའི་སྟེང་དུ་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པ་ལས་རང་གི་ཕུང་པོ་ཡོངས་སུ་སྦྱངས་ཏེ། རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། བདག་ཉིད་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་ལ་སྔོ་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྩེ་ལྔ་པ་འཛིན་པ ། གཡོན་པ་བདུད་རྩིའི་བུམ་པ་ཐུགས་ཀར་འཛིན་པ། །སྐུ་ལ་སྦྲུལ་དང་རིན་པོ་ཆེའི་རྒྱན་ཅན། །སྟག་གི་ལྤགས་པའི་ཤམ་ཐབས་ཅན། སྐུ་ལས་འོད་ཟེར་རབ་ཏུ་འབར་བར་གྱུར་པའི་སྤྱི་བོར་ཟླ་བའི་སྟེང་དུ་ༀ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོས་མཚན་པར་གྱུར། ཅེས་བསྒོམས་ལ་བདག་ཉིད་ཀྱི་སྒོ་གསུམ་བྱིན་གྱིས་བརླབ་བོ། །གཉིས་པ་ནི། འབྱུང་གཏོར། རྂ་ཡྂ་ཁྂ་གིས་བསང་། སྟོང་པའི་ངང་ལས་བྷྲཱུྂ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་ༀ་ཨཱཿཧཱུྃ་ལས་གཏོར་མ་འདོད་རྒུའི་རྒྱ་མཚོ་ཟད་མི་ཤེས་པར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། སརྦ་བྷུ་ཏ་ཨཱ་ཀཪྵ་ཡ་ཛཿ ཞེས་དང་། སརྦ་བིགྷྣཱན་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནས། ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། དཔལ་རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། དེང་འདིར་རིག་སྔགས་ཟབ་མོའི་སྒོ་ནས་གཟུངས་ཀྱི་ཆོ་ག་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་དང་ལོག་འདྲེན་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །ཅེས་དང་། ཉེ་སྙིང་དང་། སུམྦྷ་ནི་བརྗོད་ལ་བགེགས་བསྐྲད། བདག་ཉིད་ཕྱག་ན་རྡོ་རྗེའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། སྟེང་རྡོ་རྗེའི་བླ་བྲེ། འོག་རྡོ་རྗེའི་ས་གཞི། ལོགས་རྡོ་རྗེའི་ར་བ་དང་རྩིག་པ་སྟེ་གནས་ཁང་རྡོ་རྗེའི་རང་བཞིན་དུ་གྱུར། བཛྲ་རཀྵ་རཀྵ་ཧཱུྃ། ཞེས་པས་རྒྱས་གདབ་བོ། །གསུམ་པ་ནི། གནས་ཡོ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུྂ་ལས་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་ཕྱི་ནང་ཀུན་ཏུ་ༀ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཡིག་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ལྟར་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་ཀླས་པར་གྱུར། ཧཱུྃ། ཙནྡན་ཆུ་ལ་བདེན་པ་བརྡར་བ་ཡིས། །ཕྱོགས་བཅུར་གཏོར་བས་ཡོངས་སུ་དག་གྱུར་ཏེ། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ནས། །དྲི་མེད་ཡོན་ཏན་དག་དང་ལྡན་གྱུར་ཅིག །ༀ་སརྦ་བི་ཤོ་དྷ་ནི་ཧཱུྃ་ཧྲཱིཿཋཱཿ ༀ་བཛྲ་པུཥྤེ་ཧཱུྃ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྟའི་བར་དང་། ༀ་སརྦ་བིཏྤུ་ར་སོགས་ཀྱིས་བྱིན་གྱིས་བརླབ་བོ། །བཞི་པ་ལ་གསུམ། སྣོད་བརླབ་པ། བཅུད་བརླབ་པ། ལྷ་བསྒོམ་ཞིང་གནས་གསུམ་བྱིན་གྱིས་བརླབ་པའོ། །དང་པོ་ནི། བདག་ཉིད་ཕྱག་ན་རྡོ་རྗེའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། བུམ་པ་འོད་དུ་ཞུ། ཡི་གེ་བྷྲཱུྂ་གཅིག་ཏུ་གྱུར། བྷྲཱུྂ་འོད་དུ་ཞུ་བ་ལས། རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་གཞལ་ཡས་ཁང་དུ་གྱུར་ཏེ། ཤར་ཤེལ། ལྷོ་བཻཌཱུརྻ། ནུབ་པདྨ་རཱ་ག །བྱང་ཨིནྡྲ་ནཱི་ལ་ལས་གྲུབ་པ། དཀར་སྔོ་དམར་ལྗང་གི་རང་འོད་འཚེར་བའོ། །ༀ་ཨཱཿཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨ་ཨཱ། ཞེས་བྱིན་གྱིས་བརླབ་བོ། །གཉིས་པ་ནི། ༀ་པཉྩ་ལི་ཀ་སརྦ་སིདྡྷི་སྭཱ་ཧཱ། ༀ་པཉྩ་བི་ཏེ་སྭཱ་ཧཱ། ༀ་ཏྲི་པ་ཤ་སརྦ་སིདྡྷི་ཧཱུྃ། ༀ་པཉྩ་རུ་པི་ནི་སིདྡྷི་ཧཱུྃ། ༀ་པཉྩ་རཏྣ་སིདྡྷི་ཧཱུྃ། ༀ་པཉྩ་གརྦྷ་སིདྡྷི་ཧཱུྃ། ༀ་བོ་དྷི་ཙིཏྟ་སརྦ་སིདྡྷི་ཧཱུྃ། ༀ་ཁཾ་ཛྙཱ་ན་རསྨི་ཨ་དྷིཥྛ་ན་སིདྡྷི་ཧཱུྃ། ༀ་ཀལྤ་བྲིག་ཤ་སརྦ་སིདྡྷི་ཧཱུྃ། བདག་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་རྫས་རྣམས་ལ་ཕོག །འོད་དུ་ཞུ་བ་ལས། བུམ་པ་གཞལ་ཡས་ཁང་གི་ནང་དུ་འཁོར་ལོ་རྩིབས་བཅུ་པ། དེའི་དབུས་སུ་པདྨ་དང་ཟླ་བ་ཉི་མའི་སྟེང་དུ་ཡི་གེ་ཧཱུྃ་དཀར་པོ་གཉིས། རྩིབས་བཅུ་དང་སྒོ་བཞི་ལའང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་རེ་རེ་སྟེ་ལྷ་བཅུ་དྲུག་གི་རང་བཞིན་དུ་གསལ་བར་གྱུར། གསུམ་པ་ནི། དེ་རྣམས་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ་བཅུ་དྲུག་ཏུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་ལ་སྔོ་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་འཛིན་པ། གཡོན་བདུད་རྩིའི་བུམ་པ་ཐུགས་ཀར་འཛིན་པའི་སྟེང་ན་ཁྲོ་བོའི་ཞལ་ཕྱུང་བ། སྐུ་ལས་འོད་ཟེར་དང་ཁྲོ་ཆུང་གི་ཚོགས་འཕྲོ་བ། སྤྱན་གསུམ་པ། ཞལ་གདངས་ཤིང་ལྗགས་འདྲིལ་བ། རིན་པོ་ཆེ་དང་སྤྲུལ་གྱིས་བརྒྱན་ཅིང་སྟག་གི་ལྤགས་པའི་ཤམ་ཐམས་ཅན། དེའི་མདུན་དུ་ཡུམ་རྡོ་རྗེ་ལུ་གུ་རྒྱུད་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་རྡོ་རྗེ་ལྕགས་སྒྲོག་འཕྱར་བ། གཡོན་བདུད་རྩིའི་བུམ་པ་ཐུགས་ཀར་འཛིན་པ། དར་གྱི་ཅོད་པན་དང་མུ་ཏིག་གི་རྒྱན་གྱིས་བརྒྱན་པའོ། །ཕྱོགས་བཅུར་ཁྲོ་བོ་ཆེན་པོ་བཅུ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་པ་རྣམས་ཀྱིས་རྡོ་རྗེ་རྩེ་ལྔ་པ་གདེངས་པ། གཡོན་པ་རྣམས་ཀྱིས་བདུད་རྩིའི་བུམ་པ་ཐུགས་ཀར་འཛིན་པ། ཁྲོ་བོའི་ཆས་དང་ལྡན་པའོ། །ཤར་སྒོར་ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཞགས་པ་མ་སེར་མོ། ནུབ་སྒོར་ལྕགས་སྒྲོག་མ་དམར་པོ། བྱང་སྒོར་དྲིལ་བུ་མ་ལྗང་གུ། དེ་ལྟར་ལྷ་བཅུ་དྲུག་གི་སྤྱི་བོར་ཟླ་བའི་སྟེང་དུ་ༀ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ། གཙོ་བོའི་ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བ་ལ་ཧཱུྃ། དེ་ལ་སྙིང་པོའི་སྔགས་ཀྱིས་གཡས་སུ་བསྐོར་བར་གྱུར། ཞེས་གསལ་གདབ་ལ་བྱིན་གྱིས་བརླབ་བོ། །གཉིས་པ་ལ་བདུན་ཡོད་པའི་དང་པོ་སྤྱན་འདྲེན་པ་ནི། རྡོར་དྲིལ་ཐོགས་ལ། ཧཱུྃ། འོག་མིན་གནས་མཆོག་དམ་པ་ནས། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །ནོར་བུ་བརྩེགས་པའི་གཞལ་ཡས་ནས། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །རྡོ་རྗེ་རྣམ་འཇོམས་ལྷ་ཚོགས་རྣམས། །དད་པའི་དབང་གིས་སྤྱན་འདྲེན་ན། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །ༀ་བཛྲ་པཱ་ཎི་ཧཱུྃ། ས་མ་ཡ་ཛཿཛཿ གཉིས་པ་བཞུགས་སུ་གསོལ་བ་ནི། མྱ་ངན་མི་འདའ་ཐུགས་རྗེའི་དབང་། །ཉོན་མོངས་མི་སྤང་གོས་པ་མེད། །མ་ཆགས་རང་བཞིན་དག་པས་ན། །པདྨའི་གདན་ལ་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡ་སྟྭཾ། ས་མ་ཡ་ཏིཥྛནྟུ། ཛཿཧཱུྃ་བྂ་ཧོཿ ཞེས་དམ་ཡེ་གཉིས་མེད་དུ་བསྲེ། གསུམ་པ་ཕྱག་འཚལ་བ་ནི། ཧཱུྃ། རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས། །སྐུ་མཆོག་སྟོབས་ཆེན་ལྡན་ལ་ཕྱག་འཚལ་ལོ། །གསུང་མཆོག་སྒྲ་ཆེན་ལྡན་ལ་ཕྱག་འཚལ་ལོ། །ཐུགས་མཆོག་ཡེ་ཤེས་ལྡན་ལ་ཕྱག་འཚལ་ལོ། །ང་བདག་འཇོམས་པ་ཡབ་ཡུབ་བཅས་ལ་ཕྱག་འཚལ་ལོ། །མི་དགེ་བཅུ་འཇོམས་ཁྲོ་བོ་བཅུ་ལ་ཕྱག་འཚལ་ལོ། །ཕྲིན་ལས་རྣམ་བཞི་སྒོ་མ་བཞི་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏི་པུ་ཧོཿ ཨ་ལ་ལ་ཧོཿ བཞི་པ་མཆོད་པ་ནི། གཟུགས་སྣང་སྣ་ཚོགས་འབུལ་ལོ་སྤྱན་གྱི་མཆོད་པར་བཞེས། །སྒྲ་སྙན་སྣ་ཚོགས་འབུལ་ལོ་སྙན་གྱིས་མཆོད་པར་བཞེས། །དྲི་མཆོག་སྣ་ཚོགས་འབུལ་ལོ་ཤངས་ཀྱིས་མཆོད་པར་བཞེས། །རོ་མཆོག་སྣ་ཚོགས་འབུལ་ལོ་ལྗགས་ཀྱིས་མཆོད་པར་བཞེས། །རེག་བྱ་སྣ་ཚོགས་འབུལ་ལོ་སྐུ་ཡིས་མཆོད་པར་བཞེས། །གཏོར་མ་སྣ་ཚོགས་འབུལ་ལོ་ལྗགས་ཀྱིས་མཆོད་པར་བཞེས། །གཟུགས་ཀྱི་ལྷ་མོ་སྤྱན་ལ་ཐིམ། །སྒྲ་ཡི་ལྷ་མོ་སྙན་ལ་ཐིམ། །དྲི་ཡི་ལྷ་མོ་ཤངས་ལ་ཐིམ། །རོ་ཡི་ལྷ་མོ་ལྗགས་ལ་ཐིམ། །རེག་གི་ལྷ་མོ་ལུས་ལ་ཐིམ། །འདོད་ཡོན་ལྔ་ཡི་མཆོད་པ་བཞེས། །ༀ་བཛྲ་གནྡྷེ་ཧཱུྃ། ༀ་བཛྲ་དྷཱུ་པེ་ཧཱུྃ། ༀ་བཛྲ་ཨཱ་ལོ་ཀེ་ཧཱུྃ། ༀ་བཛྲ་པུཥྤེ་ཧཱུྃ། ༀ་བཛྲ་ཀོའུ་ཤི་ཀ་ཧཱུྃ། ༀ་བཛྲ་ཨ་ལངྐཱ་ར་ཧཱུྃ། ༀ་བ་ལིཾ་ཏ་པཱུ་ཛ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ལྔ་པ་བསྟོད་པ་ནི། བཅོམ་ལྡན་རྡོ་རྗེ་རྣམ་འཇོམས་ལྷ་ཚོགས་རྣམས། །སྐུ་ཡི་རྡོ་རྗེ་སྐྱེ་ཤི་མེད་ལ་ཕྱག་འཚལ་བསྟོད། །གསུང་གི་རྡོ་རྗེ་འགག་པ་མེད་ལ་ཕྱག་འཚལ་བསྟོད། །ཐུགས་ཀྱི་རྡོ་རྗེ་མཚན་མ་མེད་ལ་ཕྱག་འཚལ་བསྟོད། །ཡོན་ཏན་རྡོ་རྗེ་ཅིར་ཡང་སྣང་ལ་ཕྱག་འཚལ་བསྟོད། །ཕྲིན་ལས་རྡོ་རྗེ་སྣ་ཚོགས་གྲུབ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་རྡོ་རྗེ་རྣམ་འཇོམས་འཁོར་བཅས་ནི། །སྐུ་མཆོག་འབར་བའི་འོད་ཟེར་ཅན། །གསུང་མཆོག་འབར་བའི་འོད་ཟེར་ཅན། །ཐུགས་མཆོག་འབར་བའི་འོད་ཟེར་ཅན། །ལུས་ངག་ཡིད་གསུམ་འཇོམས་མཛད་པའི། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད། །ཁྱེད་ལ་མཆོད་པ་ཕུལ་བའི་བསོད་ནམས་ཀྱིས། །བདག་གི་དགེ་བའི་ཚོགས་རྣམས་འཕེལ་བ་དང་། །བསམ་པ་འགྲུབ་པར་ཐུགས་རྗེས་བཟུང་དུ་གསོལ། །དྲུག་པ་གཏོར་མ་བཏང་ཞིང་ཕྲིན་ལས་བཅོལ་བ་ནི། བསང་སྦྱང་། སྟོང་པའི་ངང་ལས། བྷྲཱུྂ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དཀར་གསུམ་མངར་གསུམ་ལ་སོགས་པའི་རྫས་ཀྱི་དངོས་པོ་རྣམས་འདོད་པའི་ཡོན་ཏན་ལྔར་བསམ། ༀ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབས་ལ། དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་ཚིམས་ནས་མཉེས་པར་གྱུར། ཉེ་སྙིང་གི་ཤམ་དུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་བདུན་ནམ་གསུམ་ལ་སོགས་པ་འབུལ་ལོ། །གསང་སྔགས་ནང་ལྟར་བྱེད་ན། སྨན་དང་རཀྟ་གཏོར་མ་རྣམས་མེ་རླུང་གིས་སྦྱོར་བས་བྱིན་གྱིས་བརླབས་ལ་འབུལ་ཞིང་། སྤྲོས་པ་ལ་དགའ་ན། སླར་མཆོད་པ་དང་། མཚན་བརྒྱ་རྩ་བརྒྱད་ལ་སོགས་པས་བསྟོད། གང་ལྟར་ཕྲིན་ལས་བཅོལ་བ་ནི། ཧཱུྃ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །རྡོ་རྗེ་རྣམ་འཇོམས་བསྟན་པ་དར། །འཇིགས་པའི་ཁྲོ་བོ་བསྟན་སྲུང་པོ། །རི་རབ་ཙམ་གྱི་སྐུ་བཞེངས་ལ། །གནམ་ས་ཙམ་གྱི་ཞལ་གདངས་འཚལ། །རྩི་ཤིང་ཙམ་གྱི་མཆེ་བ་གཙིགས། །རྒྱ་མཚོ་ཙམ་གྱི་མཆོད་པ་བཞེས། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །བདུད་རྩི་སྨན་གྱི་གཏོར་མ་བཞེས། །མཛེས་པའི་མེ་ཏོག་གཏོར་མ་བཞེས། །རཀྟ་རྒྱན་གྱི་མཆོད་པ་བཞེས། །རྣལ་འབྱོར་སྒྲུབ་པ་པོ་བདག་གིས། །བཅོལ་བའི་ཕྲིན་ལས་སྒྲུབ་པར་གྱིས། །ཚེ་རིང་ནད་མེད་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བར་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ནས། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །ཅེས་སོ། །སྐབས་འདིར་ནུས་ཤང་སྤྲོ་ན་ཆ་གསུམ་སྤྱི་ལྟར་བཏང་། བསྡུ་ན་མ་བྱས་ཀྱང་ཆོག་གོ། །འདིར་རྩ་བ་བདུན་གྱི་ཁོངས་སུ་དངོས་སུ་མ་བསྟན་པ་མན་ངག་ཏུ་གཟུངས་བཟླ་བ་ནི། གཟུངས་ཐག་འཇུས་ལ། བདག་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་བུམ་ལྷའི་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་གཙོ་བོའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། རྒྱལ་བ་རྣམས་མཆོད་ཅིང་བསྲུང་བྱ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འོད་ཟེར་ཚུར་འདུས་བྱིན་རླབས་དངོས་གྲུབ་ཐམས་ཅད་བདག་དང་དཀྱིལ་འཁོར་པའི་ལྷ་ལ་ཐིམ་པས་མཐུ་སྟོབས་ཕུན་སུམ་ཚོགས་པར་བྱས། བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབ་པས་བུམ་པ་ཡོངས་སུ་གང་བར་གྱུར། ཅེས་མོས་ལ་གཟུངས་རིང་ཅི་འགྲུབ་དང་། གཙོ་བོར་ཉེ་སྙིང་འབུམ་ཕྲག་ལ་སོགས་པ་བཟླའོ། །བདུན་པ་སྡིག་པ་བཤགས་པ་ནི། ཐུན་མཐར་ཐལ་མོ་སྦྱར་ལ། ཧཱུྃ། ན་མོ་དུས་གསུམ་སྡིག་པ་ཅི་བགྱིས་པ། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །སླན་ཆད་སྡོམ་པའི་ཚུལ་ལ་གནས་ལགས་ཀྱིས། །དུས་འདིར་བག་ཆགས་མ་ལུས་དག་གྱུར་ཅིག །བདག་གིས་ལས་ངན་བྱས་པས་ལུས་ངན་ཐོབ། །ཁམས་གསུམ་སྡིག་པའི་ཚང་སྐྱེས་པས། །ངག་གིས་སྡིག་བྱས་རྫུན་ཚིག་མང་དུ་བརྗོད། །སེམས་ཀྱིས་བློ་ནོར་ལོག་པར་ལྟ་བ་སོགས། །འདི་འདྲའི་དབང་གིས་སྡིག་པ་ཅི་བགྱིས་པ། །བཀྲམ་པའི་ལྷ་ཚོགས་རྣམས་ལ་མཐོལ་ལོ་བཤགས། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་འཁོར་དུ་གཏོགས་པ་ལྷ་སྲིན་ལ། །འགལ་འཁྲུལ་གྲ་ཆགས་ཉམས་པ་བཟོད་པར་གསོལ། །ཐུགས་དང་འགལ་བ་མཆིས་ན་གནོད་མ་མཛད། །ཅེས་བཤགས་སོ། །གཟུངས་ཆོག་ཡུན་རིང་བྱེད་ན། རྒྱུན་བཤགས་ནས་བརྩམ། འབྱུང་གཏོར་མ་གཏོགས་པ། གཞན་ཐམས་ཅད་འདི་བར་བསྐྱར་ནས་ཐུན་གསུམ་མམ་བཞི་བྱ་ཞིང་། མཐར་མཆོད་བསྟོད་མདོར་བསྡུས་དང་། ནོངས་བཤགས་སྨོན་ལམ་ཙམ་བྱའོ། །གསུམ་པ་ནི། གཟུངས་ཆོག་ཡུན་རིང་དུ་བྱས་པའི་མཐར་རང་དོན་དབང་ལེན་པའམ། གཞན་ལ་རིག་པ་གཏད་པའི་སྔོན་དུའང་བདག་ཉིད་ནུས་ལྡན་དུ་བྱ་བའི་ཕྱིར་འོག་ནས་འབྱུང་བ་ལྟར་རྫོགས་པར་བླང་། གཞན་རྗེས་སུ་བཟུང་བ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ། འབྱུང་གཏོར་བཏང་ཞིང་བགེགས་བསྐྲད་སྲུང་འཁོར་བཅས་སྔོན་འགྲོའི་སྐབས་ལྟར་དང་། མེ་ཏོག་བཀྱེ་བསྡུ་བྱས། སེམས་བསྐྱེད་གསལ་བཏབ་ལ། འདིར་རྒྱུད་སྡེ་བཞི་ཀའི་ཕྲིན་ལས་ཀྱི་ལྷ་རབ་འབྱམས་ཀྱི་རྩ་བ་ལྟ་བུར་གྱུར་པ་རྡོ་རྗེ་རྣམ་པར་འཇོམས་པའི་རིག་པ་གཏད་པ་བསྒྲུབ་པ་སྟེ། འདི་ལ་གསར་རྙིང་གི་བཀའ་སྲོལ་ཤིན་ཏུ་མང་ཞིང་། རེ་རེ་ལའང་དབང་དང་རྗེས་གནང་སོགས་རྒྱས་བསྡུས་ཀྱི་ཕྱན་ལེན་དུ་མར་སྣང་བ་ལས། མཁས་ཤིང་གྲུབ་པ་ཡོངས་ཀྱི་ཁྱུ་མཆོག་འཆི་མེད་ཡེ་ཤེས་ཀྱི་སྐུ་ཅན་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་མཛད་ཅིང་། གཉགས་ཆེན་ཛྙཱ་ནས་སྒྲགས་ཀྱི་ཡང་ཐོག་ཏུ་བསྒྱུར་ནས་སོག་པོ་ལྷ་དཔལ་སོགས་ལས་རིམ་པར་བརྒྱུད་དེ། རྒྱལ་དབང་ཐམས་ཅད་མཁྱེན་པ་རང་བྱུང་ཞབས་ལ་བཀའ་བབ་པ་རྣམ་འཇོམས་དཀར་པོ་ལྷ་བཅུ་དྲུག་པའི་རིག་གཏད་རྗེས་འབྲེལ་བཅས་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པས་ཐོག་མར་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་གཟུངས་ཀྱི་བུམ་པ་ཐོགས་ལ། བུམ་པ་གཞལ་ཡས་ཁང་ཆེན་པོའི་ནང་དུ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ལྷ་བཅུ་དྲུག་གི་དཀྱིལ་འཁོར་གཟི་བྱིན་ལྷམ་མེར་གསལ་བའི་སྐུ་གསུང་ཐུགས་ལས་འོད་ཟེར་བདུད་རྩིའི་རྒྱུན་དཀར་དམར་མཐིང་གསུམ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས་ཤིང་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབང་དང་དངོས་གྲུབ་མ་ལུས་པ་དུས་གཅིག་ཏུ་ཐོབ་པའི་མོས་པ་མཛོད་ཅིག །བུམ་པའི་དོན་ནི་ཆོས་ཉིད་སྐྱེ་བ་མེད། །ཁ་རྒྱན་ཀུན་འབྱུང་དཔག་བསམ་ལྗོན་པའི་ཤིང་། །མགུལ་ཆིངས་ཤེས་བྱ་དར་གྱི་ཅོད་པན་འཕུར། །མི་འགྱུར་རྟགས་ཀྱི་ཕྱག་རྒྱ་བཞི་ཡིས་མཛེས། །རིན་ཆེན་རྣམ་པ་སྣ་ཚོགས་རྒྱུ་ལས་བྱུང་། །དྲི་མེད་དག་པ་ལྷ་ཡི་གཞལ་ཡས་ཁང་། །སྨན་སྣ་འབྲུ་ལྔ་སྙིང་པོ་ལྔ་ལྷ་ལྔ། །སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡེ་ཤེས་ལྔ། །སྟོབས་ལྔས་བྱིན་གྱིས་བརླབས་པའི་བུམ་པ་རུ། །རང་བཞིན་དག་པའི་བདུད་རྩིའི་བཅུད་ཕྱུངས་པས། །ལས་དང་ཉོན་མོངས་བག་ཆགས་དག་གྱུར་ཅིག །བུམ་པ་མགོ་བོའི་གནས་ལྔར་བཞག་ལ། ༀ་བུདྡྷ་བཻ་རོ་ཙ་ན་ༀ། བཛྲ་བཻ་རོ་ཙ་ན་ཧཱུྃ། རཏྣ་བཻ་རོ་ཙ་ན་སྭཱ། པདྨ་བཻ་རོ་ཙ་ན་ཨཱཾཿ ཀརྨ་བཻ་རོ་ཙ་ན་ཧཱ། ༀ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ༀ། བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་སྭཱ། པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱཾཿ ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱ། དཔྲལ་མགྲིན་སྙིང་གར་གཏུགས་ཤིང་བུམ་ཆུ་སྦྱིན་ལ། བཻ་རོ་ཙ་ན་ༀ། ཀཱ་ཡ་པཱ་ལ་ཨ་བྷི་ཥིཉྩ་ༀ། ཨ་མི་དྷེ་ཝ་ཧྲཱིཿ ཝཱ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཨཱཿ བཛྲས་ཏྭ་ཧཱུྃ། ཙིཏྟ་པཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་བུམ་པས་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་ཕུང་ཁམས་ལྷའི་སྐུར་སྨིན་ཏེ་རྡོ་རྗེ་རྣམ་པར་འཇོམས་པ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པའི་སྐུར་གྱུར་པའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ཡི་གེ་འབྲུ་གསུམ་གྱིས་མཚན་པས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། སྤྱི་བོའི་གནས་ལྔར་རིགས་ལྔས་རྒྱས་བཏབ་སྟེ་ཡེ་ཤེས་ལྔའི་དབང་བསྐུར་རྫོགས་པར་མོས་ཤིག །དེ་ནས་བཟླས་པའི་ལུང་བླང་བའི་སླད་དུ། སློབ་དཔོན་རྡོ་རྗེ་རྣམ་པར་འཇོམས་པ་གསལ་བའི་ཐུགས་ཀ་ནས་གཟུངས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་དཀར་པོའི་མཐར་འཁོར་པར་མོས་ལ་འདིའི་རྗེས་ཟློས་གསུང་བར་ཞུ། ཕྲེང་བ་སྦྲེལ་ལ། འདི་སྐད་བདག་གིས་ཐོས་སོགས་གཟུངས་རིང་ཡོངས་རྫོགས་སམ། མི་ནུས་ན་ཉེ་སྙིང་ལན་གསུམ་གྱི་རྗེས་ཟློས་བྱར་གཞུག །མཐར་ཕྲེང་བ་མགོ་ལ་བཞག་སྟེ། སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རྡོ་རྗེ་རྣམ་པར་འཇོམས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་རིག་སྔགས་ཀྱི་ནུས་མཐུ་མ་ལུས་པ་འཇུག་ཅིང་བརྟན་པར་གྱུར་ཅིག །ཅེས་བརྗོད། བཞི་པ་ཁྲུས་ཀྱི་ཆོ་ག་ལ་གཉིས། རིག་གཏད་ཀྱི་མཐའ་རྟེན་དུ་སྦྱོར་བའི་ཚུལ་དང་། ཁྲུས་ཁོལ་འདོན་དུ་བྱ་བའི་ཚུལ་ལོ། །དང་པོ་ནི། བཟླས་ལུང་གྲུབ་མ་ཐག་པར། བདག་ཉིད་ཕྱག་ན་རྡོ་རྗེའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷ་བཅུ་དྲུག་ལ་ཕོག་སྟེ་འོད་དུ་ཞུ་བ་ལས། ལྷའི་ཆུ་དག་པ་དཀར་ལ་འཚེར་བ་དྲི་མ་མེད་པའི་ཆུས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཀྱི་གཉེན་པོར་གྱུར། ཅེས་ཐོག་མར་ལྷ་ཁྲུས་གསོལ་བ་ནི། མེ་ལོང་དང་ཁྲུས་དར་ཐོགས། གཟེད་ཞལ་ནང་དུ་གཟུངས་བུམ་གྱིས་རིམ་པར་ཁྲུས་གསོལ་ལ། ན་མོ་དཀོན་མཆོག་སྲི་ཞུའི་མགྲོན་གྱུར་པ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རང་རྒྱལ་ཇི་སྙེད་བཞུགས་པ་རྣམས། །གཙང་མའི་སྐུ་ཁྲུས་གསོལ་གྱིས་གཤེགས་སུ་གསོལ། །ཡེ་ཤེས་ལྷ་ལ་དྲི་མ་མི་མངའ་ཡང་། །བདག་ཅག་མ་རིག་དབང་གིས་ནོངས་པའི་གྲིབ། །ཡེ་ཤེས་བདུད་རྩིའི་ཆུ་ཡིས་དག་གྱུར་ཅིག །ཕན་མཛད་ལྷ་ཡི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཛ་ཡ་ཛ་ཡ་རྒྱལ་གྱུར་ཅིག །ཡོན་ཏན་མགྲོན་གྱུར་ཚངས་པ་བརྒྱ་བྱིན་དང་། །རྒྱལ་ཆེན་སྡེ་བཞི་ཕྱོགས་སྐྱོང་ཆེན་པོ་བཅུ། །དཔལ་ལྡན་ཧ་རི་ཀ་དང་པཉྩི་ཀ །གང་བཟང་ནོར་བཟང་ལྔས་རྩེན་བདེ་བའི་རི། །དེད་དཔོན་ཤེས་པའི་སྒྲོན་མ་ལ་སོགས་ཏེ། །དམ་པའི་ཆོས་དང་དཀར་ཕྱོགས་སྐྱོང་བ་རྣམས། །གཙང་མའི་སྐུ་ཁྲུས་གསོལ་གྱིས་གཤེགས་སུ་གསོལ། །མི་དགེ་སྤྱོད་ཅིང་དམ་ཚིག་ཉམས་པ་ཡིས། །ཁྱེད་རྣམས་ཐུགས་དང་འགལ་བར་གྱུར་པའི་གྲིབ། །ཡེ་ཤེས་བདུད་རྩིའི་ཆུ་ཡིས་དག་གྱུར་ཅིག །ཕན་མཛད་ལྷ་ཡི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཛ་ཡ་ཛ་ཡ་རྒྱལ་གྱུར་ཅིག །མ་ཧཱ་དེ་ཝ་ལ་སོགས་ལྷ་ཆེན་བརྒྱད། །དགའ་བོ་འཇོག་པོ་ལ་སོགས་ཀླུ་ཆེན་བརྒྱད། །ཉི་མ་ཟླ་བ་ལ་སོགས་གཟའ་ཆེན་བརྒྱད། །སྨིན་དྲུག་ལ་སོགས་རྒྱུ་སྐར་ཉི་ཤུ་བརྒྱད། །དཱ་ན་དནྟིན་ལ་སོགས་གནོད་སྦྱིན་བརྒྱད། །ལྟོ་འཕྱེ་གྲུལ་བུམ་ལ་སོགས་སྡེ་བརྒྱད་རྣམས། །གཙང་མའི་སྐུ་ཁྲུས་གསོལ་གྱིས་གཤེགས་སུ་གསོལ། །མི་མཁས་ཉོན་མོངས་དབང་གི་ལྟ་སྤྱོད་འགལ། །ལྷ་ཀླུ་སྡེ་བརྒྱད་མི་དགྱེས་གྱུར་པ་རྣམས། །ཡེ་ཤེས་བདུད་རྩིའི་ཆུ་ཡིས་དག་གྱུར་ཅིག །ཕན་མཛད་ལྷ་ཡི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཛ་ཡ་ཛ་ཡ་རྒྱལ་གྱུར་ཅིག །གཞན་ཡང་ས་སྟེང་ལྷ་དང་ས་འོག་ཀླུ། །ཡུལ་བདག་ས་བདག་འཕྲལ་གྱི་དབང་པོ་ཆེ། །ཕུ་མདའ་ཉིན་སྲིབ་གཡའ་གངས་བྲག་རི་དང་། །ནགས་ཚལ་ཆུ་བོ་མཁར་ཁང་མཚེར་ས་ལ། །གནས་པའི་ལྷ་ཀླུ་གནོད་སྦྱིན་རྨུ་བདུད་བཙན ། །གཙང་མའི་སྐུ་ཁྲུས་གསོལ་གྱིས་གཤེགས་སུ་གསོལ། །མི་རྣམས་རྨོངས་པས་བྱེད་སྤྱོད་འགལ་བ་ཡིས། །ས་བདག་ཡུལ་བདག་མི་མཉེས་གྱུར་པ་རྣམས། །ཡེ་ཤེས་བདུད་རྩིའི་ཆུ་ཡིས་དག་གྱུར་ཅིག །ཕན་མཛད་ལྷ་ཡི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཛ་ཡ་ཛ་ཡ་རྒྱལ་གྱུར་ཅིག །ཕོ་ལྷ་དགྲ་ལྷ་སྲོག་ལྷ་ལེའུའི་ལྷ། །ཕ་མྱེས་མཚུན་གྱི་ལྷ་དང་མ་ཕྱིའི་སྨན། །སྲིད་པའི་ལྷ་དགུ་སྐྱོབ་པའི་ལྷ་ལྔ་སོགས། །གཙང་མའི་སྐུ་ཁྲུས་གསོལ་གྱིས་གཤེགས་སུ་གསོལ། །མནའ་དང་ཁྲེལ་དང་བྱུར་ཡུག་ལ་སོགས་པས། །ལྷ་མཚུན་དགྲ་བླ་གྲིབ་ཀྱིས་ཕོག་པ་རྣམས། །ཡེ་ཤེས་བདུད་རྩིའི་ཆུ་ཡིས་དག་གྱུར་ཅིག །ཕན་མཛད་ལྷ་ཡི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཛ་ཡ་ཛ་ཡ་རྒྱལ་གྱུར་ཅིག །ཅེས་ཁྲུས་གསོལ་བའི་ཁྲུས་ཆུ་གཙང་སར་གཤེགས། དེ་ནས་བསྒྲུབ་བྱ་ལ་ཁྲུས་བྱ་བ་ནི། ཧཱུྃ། རིན་ཆེན་ལས་གྲུབ་བུམ་པའི་ནང་། །རྣམ་པར་འཇོམས་པ་འོད་ཞུ་བའི། །ལྷ་ཡི་བདུད་རྩི་དཀར་ལ་འཚེར། །ནད་རྣམས་ཞི་བའི་སྨན་ཆེན་པོ། །གདོན་རྣམས་འདུལ་བའི་གཉེན་པོ་སྟེ། །སྤྱི་བོ་ཚངས་པའི་ལམ་ནས་ཞུགས། །ལུས་ཀུན་ཡེ་ཤེས་བདུད་རྩིས་གང་། །ནད་གདོན་སྡིག་དང་གྲིབ་རྣམས་ཀུན། །འོག་སྒོ་རྐང་པའི་མཐིལ་རྣམས་ནས། །དུད་ཁུ་སོལ་ཁུ་བཞིན་དུ་ཐོན། །ནང་ཁྲུས་མཆོད་བས་དམར་བར་ཤོག །ཕྱི་ཡི་ལུས་ལ་བུམ་ཆུས་ཁྲུས། །གངས་ལ་ཉི་མ་ཤར་བ་བཞིན། །ཕྱི་ཁྲུས་དུང་བས་དཀར་བར་ཤོག །ཅེས་བརྗོད་ལ་མདོ་གཟུངས་ཚར་གཅིག་འདོན་བཞིན་དུ། ཁ་བཤལ་བ་དང་། ཡན་ལག་ལྔ་ཁྲུས་དང་། ཁོང་དུ་བཏུང་བ་རྣམས་བྱར་གཞུག །སླར་ཡང་ཁྲུས་བྱས་ལ། ཧཱུྃ། ཡེ་ཤེས་ཆུ་བོ་ཁྲུས་ཀྱི་རྫིང་། །དྲི་མེད་རྣམ་དག་བདུད་རྩི་འདིས། །རྣལ་འབྱོར་བདག་དང་བསྲུང་བྱ་དང་། །སྦྱིན་བདག་འཁོར་དང་བཅས་རྣམས་ཀྱིས། །ཟས་ངན་ལྟོ་རུ་ཟོས་པ་བཀྲུ། །གོས་ངན་ལུས་ལ་གྱོན་པ་བཀྲུ། །མི་གཙང་ཕྱོགས་ངན་བདུད་གཅོད་བཀྲུ། །དམེ་ཁྲམ་བྱུར་ཡུག་ཕོག་པ་བཀྲུ། །ལུས་ཀྱི་ན་ཚ་ཐམས་ཅད་བཀྲུ། །སེམས་ཀྱི་སྡུག་བསྔལ་ཐམས་ཅད་བཀྲུ། །སྐལ་བ་ངན་དང་བཀྲ་མི་ཤིས། །མཁོན་གྲིབ་མནོལ་གྲིབ་ཕོག་པ་བཀྲུ། །དམ་ཚིག་སྡོམ་པ་ཉམས་པ་དང་། །བྱད་ཕུར་རྦོད་གཏོར་གནོད་པ་བཀྲུ། །ནད་རིགས་བཞི་བརྒྱ་རྩ་བཞི་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཀྲུ། །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་། །གློ་བུར་དགུ་བཅུ་རྩ་གཅིག་བཀྲུ། །དུས་མ་ཡིན་པའི་འཆི་བ་དང་། །སེམས་ཀྱི་གཡེང་བ་ངན་པ་བཀྲུ། །མདོར་ན་ལུས་ངག་ཡིད་གསུམ་གྱི། །སྡིག་སྒྲིབ་ནད་གདོན་བར་ཆད་ཀུན། །ཡེ་ཤེས་ཆུ་བོའི་ཁྲུས་ཀྱི་བཀྲུ། །ཤེལ་དཀར་བཞིན་དུ་དག་གྱུར་ཅིག །གངས་རི་བཞིན་དུ་དཀར་གྱུར་ཅིག །ནད་མེད་བདེ་བ་ཐོབ་པར་ཤོག །འཆི་མེད་རིག་འཛིན་འགྲུབ་གྱུར་ཅིག །ཉེ་སྙིང་མཐར། སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་ལན་སྟོང་བཟླས་ལ་ཁྲུས་བྱའོ། །གཉིས་པ་ཁྲུས་ཁོལ་གདོན་དུ་བྱ་བའི་ཚུལ་ནི་གཤམ་དུ་འཆད་དོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གསུམ། སྨོན་ལམ། བཀྲ་ཤིས། བསྔོ་བའོ། །དང་པོ་ནི། ཁྲུས་གྲུབ་མ་ཐག་པར་མེ་ཏོག་འཐོར་བ་དང་བཅས་ཏེ། ན་མོ། བཀྲ་ཤིས་རྒྱལ་བྱེད་བུམ་པའི་དབང་བསྐུར་བས། །ཡེ་ཤེས་དབང་བཅུ་རྣམས་ལ་དབང་བྱེད་པ། །ལོག་འདྲེན་བདུད་བཞིའི་དགྲ་ལས་རབ་རྒྱལ་ཏེ། །རྣམ་པ་ཀུན་མཁྱེན་ཡེ་ཤེས་ཐོབ་པར་ཤོག །འབྲུ་མཆོག་རྣམ་པ་མང་པོས་དབང་བསྐུར་བས། །འབྲས་བུ་རྣམ་པ་མང་པོ་སྨིན་པ་ལྟར། །དགེ་བའི་ལོ་ཐོགས་མང་པོ་སྨིན་རྒྱས་ཏེ། །མ་འདྲེས་བཅོ་བརྒྱད་ཆོས་དང་ལྡན་པར་ཤོག །སྤོས་མཆོག་རྣམ་པ་ལྔ་ཡིས་དབང་བསྐུར་བས། །དྲི་ཞིམ་སྤོས་ཀྱིས་ཚ་བའི་གདུང་སེལ་ལྟར། །ཚད་མེད་ལ་སོགས་ཟག་མེད་བདུད་རྩི་ལྔས། །ཉོན་མོངས་ལྔ་ཡི་གདུང་བ་སེལ་བར་ཤོག །སྨན་མཆོག་རྣམ་པ་ལྔ་ཡིས་དབང་བསྐུར་བས། །འཇིག་རྟེན་སྨན་པའི་རྒྱལ་པོ་དམ་པ་སྟེ། །བཞི་བརྒྱ་རྩ་བཞིའི་ནད་ལས་ཕྱིར་བསལ་ཏེ། །སྟོང་ཕྲག་བརྒྱད་ཅུའི་བགེགས་ལས་ཐར་བར་ཤོག །རིན་ཆེན་རྣམ་པ་ལྔ་ཡིས་དབང་བསྐུར་བས། །ཡིད་བཞིན་ནོར་བུས་རེ་བ་ཀུན་སྐོང་ལྟར། །འགྲོ་དོན་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཡིད་བཞིན་ཡོན་ཏན་ཆོས་དང་ལྡན་པར་ཤོག །སྙིང་པོ་རྣམ་པ་ལྔ་ཡིས་དབང་བསྐུར་བས། །དགེ་བའི་རྩ་བ་རྒྱུ་ཡི་དབང་པོ་ལས། །དགེ་བཅུ་མ་ལུས་དབྱིངས་སུ་སྨིན་གྱུར་ཏེ། །སྙིང་པོ་བླ་མེད་འབྲས་བུ་ཐོབ་པར་ཤོག །མགུལ་ཆིངས་ཅོད་པན་ལྔ་ཡིས་དབང་བསྐུར་བས། །རྡོ་རྗེ་རྒྱལ་མཚན་གཙོ་བོར་དབང་བསྐུར་ཏེ། །ཡེ་ཤེས་རྣམ་པ་མང་པོ་རྫོགས་གྱུར་ནས། །བདེ་གཤེགས་རིགས་ལྔའི་དབང་དང་ལྡན་པར་ཤོག །ཁ་རྒྱན་འབྲས་བུ་ཆགས་པས་དབང་བསྐུར་བས། །དཔག་བསམ་ཤིང་གིས་རེ་བ་ཀུན་སྐོང་ལྟར། །འགྲོ་དོན་བསམ་པ་ཡིད་བཞིན་འགྲུབ་པ་དང་། །འབྲས་བུ་ཅན་གྱི་ཤིང་དང་ལྡན་པར་ཤོག །གཟུངས་ཐག་ཡེ་ཤེས་ལྔ་ཡིས་དབང་བསྐུར་བས། །དོན་གྱི་གཟུངས་དང་ཚིག་གི་གཟུངས་ལྡན་ཞིང་། །དེ་བཞིན་གཤེགས་པའི་སྐུ་དང་ཡེ་ཤེས་ལྔ། །ཡོན་ཏན་མི་འབྲལ་གཟུངས་དང་ལྡན་པར་ཤོག །དེ་ལྟར་གཟུངས་ཀྱི་བུམ་པ་འདི་བཞེངས་སུ་གསོལ་ཏེ། ཡར་གང་ཞིང་གཏམས་པ་བཞིན། དེང་གི་ཡོན་བདག་གི་ཚེ་དང་བསོད་ནམས་དང་། དབང་ཐང་དང་། ཆུས་སྲིད་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ། ཚེས་གཅིག་ནས་བཅོ་ལྔའི་བར་དུ་གང་ཞིང་རྒྱས་པ་བཞིན་ནམ། གངས་རི་ལ་ཟླ་བ་ཤར་བ་བཞིན་ཇེ་ཆེ་ཇེ་ཆེར་རྒྱས་ཏེ་གསལ་བར་གྱུར་ཅིག །དེ་ལྟར་གཟུངས་ཀྱི་བུམ་པ་འདི་ཡོན་བདག་གི་སྐུ་ལ་གསོལ་ཏེ། ཟླ་བ་མར་ངོ་ཟད་ཅིང་སྟོང་པ་ལྟར། མི་མཐུན་པའི་ཕྱོགས་ཐམས་ཅད་ནི་ཚེས་བཅུ་དྲུག་ནས་གནམ་སྟོང་གི་བར་དུ་ཟད་ཅིང་སྟོང་པའམ། བྱ་སྒྲོ་མེར་བསྲེགས་པ་བཞིན་དུ་ཇེ་ཆུང་ཇེ་ཆུང་གྱུར་སྟེ་བྱང་ཞིང་དག་པར་གྱུར་ཅིག །དེ་ལྟར་གྱུར་པའི་བྱིན་བརླབས་ཀྱིས་དགེ་བའི་བཤེས་གཉེན་ཞལ་དྲོ་བར་གྱུར་ཅིག །བུམ་པ་བཀྲ་ཤིས་པར་གྱུར་ཅིག །ཡོན་གྱི་བདག་པོ་རྣམས་ཚེ་རིང་ཞིང་ནད་མེད་པར་གྱུར་ཅིག །ཡུལ་ཁམས་ཐམས་ཅད་དུ་མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་ནས། ལོ་ཕྱུགས་ནི་རྟག་ཏུ་ལེགས། དབུས་སུ་ཡུལ་མི་འཁྲུགས། མཐའ་ནས་དགྲ་མི་ལྡང་། ལྷན་ནེ་ལྷམ་མེ་ལྷང་ངེ་། བདེ་སྐྱིད་ཕུན་ཚོགས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཅེས་བརྗོད་དོ། །གཉིས་པ་དྲིལ་བུ་གསིལ་ཞིང་འབྲུ་འཐོར་ལ། ཧཱུྃ། སྔོན་ཚེ་བཅོམ་ལྡན་ཐུབ་པའི་དབང་པོ་ཡི། །རྡོ་རྗེ་རྣམ་འཇོམས་རྩ་བའི་རྒྱུད་གསུངས་པས། །རྒྱལ་པོའི་སྡིག་བྱང་མི་ནད་ཕྱུགས་ནད་ཆད། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རིན་ཆེན་ཁང་བུ་བརྩེགས་པའི་གཞལ་ཡས་སུ། །བཤད་པའི་རྒྱུད་གསུངས་དགའ་རབ་དབང་ཕྱུག་བཏུལ། །དེ་བཞིན་དེང་འདིར་བདུད་དང་ལོག་འདྲེན་ཐུལ། །བར་ཆད་རྐྱེན་རྣམས་ཞི་བའི་བཀྲ་ཤིས་ཤོག །དེང་འདིར་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཚེ་དང་དབང་ཐང་བསོད་ནམས་ཆོས་སྲིད་རྣམས། །ཡར་ངོའི་ཟླ་བཞིན་འཕེལ་བའི་བཀྲ་ཤིས་ཤོག །ནད་གདོན་བར་ཆད་རྐྱེན་དང་སྡིག་སྒྲིབ་རྣམས། །མྱུར་དུ་ཟད་ཅིང་སྟོང་པའི་བཀྲ་ཤིས་ཤོག །སློབ་དཔོན་ཚེ་རིང་བུམ་པའི་བཀྲ་ཤིས་ཤོག །ཡོན་བདག་ནད་མེད་བདེ་བའི་བཀྲ་ཤིས་ཤོག །ཡུལ་ཁམས་མི་ནད་ཕྱུགས་ནད་རྒྱུན་ཆད་ཅིང་། །ལོ་ལེགས་འབྲུ་འཕེལ་བདེ་སྐྱིད་ཕུན་སུམ་ཚོགས། །ལྷན་ནེ་ལྷམ་མེ་ལྷང་ངེར་གསལ་གྱུར་ནས། །གསང་སྔགས་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག །ཅེས་དང་། ཡེ་དྷརྨཱ་སོགས་བརྗོད། དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱའོ། །གསུམ་པ་ནི་ནོངས་པ་ཁ་སྐོང་བའི་དོན་དུ་ཡིག་བརྒྱ་བཟླས་ལ་བདག་བསྐྱེད་མི་དམིགས་པར་བཞག་ཅིང་། ཐེག་པ་ཆེན་པོའི་བསྔོ་བས་རྒྱས་གདབ་པར་བྱའོ། །འདི་ཡི་སྒོ་ནས་གཞན་ལ་བྱབ་ཁྲུས་སྤྱི་འགྲོ་བྱ་བར་འདོད་ན། བཅའ་གཞི་གོང་ལྟར་ལ་བདག་མདུན་སྒྲུབ་བཟླས་ནོངས་བཤགས་ཡན་ཆད་གྲུབ་པ་དང་། བསྒྲུབ་བྱ་གདན་ནག་པོར་འཁོད་པའི་མདུན་ཁྲུས་སྣོད་དུ་ངར་མི་ཆངས་བུ་བཅས་པ་བཞག །ཞི་དྲག་གི་སྦྱོང་གཏོར་བཤམ། ཨཱ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབས་ལ། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་དང་། །བདེན་སྨྲ་ཀུན་གྱི་བདེན་ཚིག་དང་། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །གསང་སྔགས་རིག་སྔགས་གཟུངས་སྔགས་དང་། །རྡོ་རྗེ་རྣམ་འཇོམས་བདེན་པའི་མཐུས། །བསྲུང་བྱ་འདི་ལ་གནོད་བྱེད་པའི། །བགེགས་དང་ལན་ཆགས་འབྱུང་པོ་རྣམས། །གཏོར་མ་འདི་ཡིས་ཚིམ་པར་གྱིས། །བུ་ལོན་ལན་ཆགས་འཇལ་ཟིན་གྱི། །ཕྱིན་ཆད་གནོད་བྱེད་སེམས་སྤོངས་ཤིག །སྦྱོང་གཏོར་གཡས་སུ་བསྐོར་ཞིང་། ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་བརྗོད་ལ་གླུད་ནང་དུ་དོར། ཆངས་བུ་ཏིང་ལོ་ཐོགས་ལ། ཧཱུྃ། བསྲུང་བྱ་འདི་ལ་གནོད་བྱེད་རྣམས། །ཆངས་བུ་འདི་ཡིས་ལམ་རྒྱག་དང་། །ཏིང་ལོ་འདི་ཡི་ལམ་སྒྲོན་གྱིས། །གནོད་ཅིང་འཚེ་བ་རབ་སྤོངས་ནས། །ཕྱི་ཡི་ལྕགས་རི་ནག་པོའི་རྒྱབ། །གླིང་བར་མུན་པའི་ནང་དུ་སོང་། །གཡོན་དུ་བསྐོར་ལ། སུམྦྷ་ནི་ལན་གསུམ་གྱིས་གླུང་ནང་དོར། དེ་ནས་མདུན་དུ་ཏིལ་ནག །གཡས་གཡོན་དུ་མེ་ཆུ་བཞག །བསྲུང་བྱའི་སྙིང་གར་པྂ་ཡིག་ལས། །ལུས་ངག་ཡིད་ཀྱི་སྡིག་སྒྲིབ་ཐིམ། །རྐང་མཐིལ་ཡྂ་ལས་རླུང་གཡོས་པས། །ལྟེ་བའི་རྂ་ལས་མེ་འབར་བས། །པྂ་ཡིག་དེང་ནས་སྣ་གཡས་ནས། །སྡིག་པ་རྭ་ཅན་རྣམ་པར་ཐོན། །མདུན་ཡིག་ཏིལ་ལ་ཐིམ་པར་གྱུར། །མེ་ནང་ཞི་བའི་ཐབ་ཁུང་ནང་། །ཁྲོ་བོ་ཧཱུཾ་མཛད་ཞལ་གདངས་པའི། །ནང་དུ་སྡིག་པ་བསྲེགས་པར་གྱུར། །ༀ་བཛྲ་ཌཱ་ཀི་ནི་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷ་སྨིན་ཀུ་རུ་སྭཱ་ཧཱ། སྔགས་ལན་གསུམ་དང་། བསྐོར་བ་གཡས་གཡོན་གསུམ་གསུམ་མཐར་མེ་ཆུར་དོར་ལ་དེའང་ཁྲུས་སྡེར་དུ་བླུག་གོ། །དེ་ནས། བདག་ཉིད་ཕྱག་ན་རྡོ་རྗེའི་སོགས་གོང་གསལ་ལྟར་འོད་ཞུ་དང་ལྷ་ཁྲུས་གསོལ། ཧཱུྃ། རིན་ཆེན་ལས་གྲུབ་སོགས་ནས། ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་བར་གྲིབ་ཁྲུས་ཚང་བར་བྱས། ཀུ་ཤ་དང་རྨ་བྱ་ལག་གཡོན་རྩེ་གསུམ་རྒྱས་ཐོགས་ལ། ཧཱུྃ། ང་ནི་རྡོ་རྗེ་རྣམ་པར་འཇོམས། །ཕྱག་གཡོན་རྡོ་རྗེ་རྩེ་གསུམ་གྱི། །ཕྱག་རྒྱས་བྱབ་པའི་རྫས་འཛིན་པའི། །དབུས་སུ་ཟླ་བའི་དཀྱིལ་འཁོར་སྟེང་། །ཧཱུྃ་ཡིག་མཐའ་ལ་སྔགས་ཀྱིས་བསྐོར། །ཡིག་འབྲུ་རྣམས་ལས་འོད་བྱུང་ནས། །ནད་དང་གནོད་པ་གྲིབ་རྣམས་ཀུན། །འོད་དེས་བསྡུས་ནས་ངར་མི་ལ། །སྤོ་བའི་ཚུལ་དུ་ཐིམ་པར་གྱུར། །ཧཱུྃ། བྱབ་རྫས་རྩྭ་མཆོག་ཀུ་ཤ་འདི། །དག་ཅིང་གཙང་བར་བྱེད་པའི་རྫས། །དུག་འཇོམས་རྨ་བྱའི་སྒྲོ་མདོངས་འདི། །ཁ་དོག་ལྔ་ནི་ཡེ་ཤེས་ལྔ། །དུག་ལྔའི་ནད་གདོན་སེལ་བའི་རྫས། །སྡིག་སྒྲིབ་ནད་གདོན་བར་ཆད་དང་། །གྲིབ་དང་མི་གཙང་མཁོན་ལ་སོགས། །མི་མཐུན་རྐྱེན་ངན་ཐམས་ཅད་ཀུན། །བྱབ་བོ་རྟེན་འབྲེལ་རྫས་ཀྱིས་བྱབ། །སྤོ་འོ་ངར་མི་ཁྱོད་ལ་སྤོ། །རྒྱས་པར་སྤྲོན་འདི་མདོ་གཟུངས་ཚར་གཅིག་བརྗོད། །བསྡུ་ན་མི་དགོས། རྣལ་འབྱོར་བདག་དང་བསྲུང་བྱ་དང་། །སྦྱིན་བདག་འཁོར་དང་བཅས་རྣམས་ཀྱིས། །ཟས་ངན་ལྟོ་རུ་ཟོས་པ་བྱབས། །གོས་ངན་ལུས་ལ་གྱོན་པ་བྱབས། །མི་གཙང་ཕྱོགས་ངན་བདུད་གཅོད་བྱབས། །དམེ་ཁྲམ་བྱུར་ཡུག་ཕོག་པ་བྱབས། །ལུས་ཀྱི་ན་ཚ་ཐམས་ཅད་བྱབས། །སེམས་ཀྱི་སྡུག་བསྔལ་ཐམས་ཅད་བྱབས། །སྐལ་པ་ངན་དང་བཀྲ་མི་ཤིས། །མཁོན་གྲིབ་མནོལ་གྲིབ་ཕོག་པ་བྱབས། །དམ་ཚིག་སྡོམ་པ་ཉམས་པ་དང་། །བྱང་ཕུར་རྦོད་གཏོང་གནོད་པ་བྱབས། །ནད་རིགས་བཞི་བརྒྱ་རྩ་བཞི་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བྱབས། །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་། །གློ་བུར་དགུ་བཅུ་རྩ་གཅིག་བྱབས། །དུས་མ་ཡིན་པའི་འཆི་བ་དང་། །སེམས་ཀྱི་གཡེང་བ་ངན་པ་བྱབས། །མདོར་ན་ལུས་ངག་ཡིད་གསུམ་གྱི། །སྡིག་སྒྲིབ་ནད་གདོན་བར་ཆད་ཀུན། །བྱབ་བོ་རྟེན་འབྲེལ་རྫས་ཀྱིས་བྱབས། །སྤོ་འོ་ངར་མི་ཁྱོད་ལ་སྤོ། །ཤེལ་དཀར་བཞིན་དུ་དག་གྱུར་ཅིག །གངས་རི་བཞིན་དུ་དཀར་གྱུར་ཅིག །ནད་མེད་བདེ་བ་ཐོབ་པར་ཤོག །འཆི་མེད་རིག་འཛིན་འགྲུབ་གྱུར་ཅིག །ཉེ་སྙིང་མཐར། སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་ཨཱ་པ་ན་ཡ་སྭཱ་ཧཱ། ཞེས་བཏགས་པ་ལན་གྲངས་བཟླས་ལ་བྱབ་བོ། །དེ་ནས་གདན་ནག་པོའི་མཚོན་བྱེད་དེ་ངར་མི་བཀོན། གདན་དཀར་པོར་བཞག་ལ། འོ། དེ་ལྟར་ཁྲུས་ཀྱི་ཆོ་ག་བྱས་པ་ཡིས། །སྡུག་བསྔལ་འཁོར་བའི་གདན་ནག་པོ། །སྤངས་ནས་བདེ་བ་ཐོབ་པ་ཡི། །ཁྲི་སྟན་དཀར་པོའི་སྟེང་དུ་ཕྱིན། །བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས། །ཕྱག་ན་རྡོ་རྗེའི་ཞབས་དྲུང་དུ། །ཕྱིན་པས་ནད་གདོན་བགེགས་རྣམས་ལས། །ཐར་བར་བསྒོམས་ལ་རྗེས་ཟློས་མཛོད། །རྡོ་རྗེ་འཇུར་བཅུག་ལ། སྡིག་པ་ཐམས་ཅད་བྱང་བྱས་ནས། །སོགས་ནས། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །ལན་གསུམ་བརྗོད། དེ་ནས་ངར་མི་བྲན། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སོགས་ལན་གསུམ། རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །གླུད་གཏོར་འདོད་པའི་ཡོན་ཏན་ལྔ། །ངར་མི་མི་བས་གླུད་བཟང་བ། །ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས། །གཅིག་ལས་བརྒྱ་སྟོང་གྲངས་མེད་འཕྲོ། །སྣང་སྲིད་ལྷ་འདྲེ་ཐམས་ཅད་དང་། །སྟོང་གསུམ་བདག་པོ་སྤྲིན་གྱི་སྒྲོན། །རྡོ་རྗེ་མཆུ་དང་བི་ན་ཡ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང། །ཟ་འདྲེ་ཤི་འདྲེ་གྲི་བོ་དང་། །འགོང་པོ་འདྲེ་མོ་བསེ་རག་སོགས། །ལན་ཆགས་བདག་པོ་ཐམས་ཅ ད་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཚེ་སྐྱིན་སྲོག་གླུད་འདི་འབུལ་ལོ། །དགའ་མགུ་ཡི་རང་ལྡན་གྱུར་ནས། །བུ་ལོན་ལན་ཆགས་བྱང་གྱུར་ཅིག །མ་གནོད་མ་འཚེ་རང་གནས་དེངས། །ༀ་སརྦ་བིགྷྣཱན་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་བསྔོས་ཏེ་འདྲེ་ལྔ་བདུད་གཅོད་ཀྱི་ཕྱོགས་སམ། ཆུ་བོ་ཆེན་པོ་འདོར་དུ་བཅུག་ལ། ཧཱུྃ། ང་ནི་རྡོ་རྗེ་རྣམ་པར་འཇོམས། །སངས་རྒྱས་ཀུན་གྱི་མཐུ་སྟོབས་བདག །ཡོན་བདག་འདི་ལ་གནོད་བྱེད་བགེགས། །འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་བཀའ་ལས་འདའ་བྱེད་ན། །རྡོ་རྗེ་རྣམ་འཇོམས་ཐུགས་ཁྲོས་ནས། །ས་གས་རྒྱ་མཚོ་གནམ་དུ་འཕྱུར། གནམ་གྲུམ་འབྲུག་སྒྲས་ཀླད་ཁྲག་འགེམས། །སྲིད་རྩེ་མནར་མེད་ཡན་ཆད་ཀྱི། །བདུད་དང་བགེགས་ཀྱི་གནས་རྣམས་ཀུན། །ཡེ་ཤེས་མེ་ཆེན་མཆེད་ཅིང་འབར། །སྐད་ཅིག་ཉིད་ལ་བསྲེགས་པར་བྱེད། །དེ་བས་མྱུར་དུ་ཕྱིར་དེངས་ཤིག །ༀ་སུམྦྷ་ནི་སོགས་དྲག་ཏུ་བརྗོད་ཅིང་རོལ་མོ་ཡུངས་ཐུན་གུ་གུལ་དུད་པས་མཚམ ས་བཅད། རྡོ་རྗེ་གསོར་ལ། ཧཱུྃ། བདག་ཉིད་རྣམ་པར་འཇོམས་པ་ཡི། སྐུ་ལས་སྣ་ཚོགས་རྡོ་རྗེ་ཡི། །ཆར་བབ་བསྲུང་བྱའི་ལུས་ལ་ཐིམ། །རྡོ་རྗེའི་གོ་ཁྲབ་ཞུ་ལུབ་གྱུར། །སུས་ཀྱང་ཚུགས་པར་མི་འགྱུར་བ། །རྡོ་རྗེ་ཕ་ལམ་ལྟ་བུར་གྱུར། །ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །གསང་སྔགས་རིག་སྔགས་གཟུངས་སྔགས་དང་། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །རྡོ་རྗེ་རྣམ་འཇོམས་བདེན་པའི་མཐུས། །བསྲུང་བྱར་གྱུར་པ་འདི་ཉིད་ལ། །སྡིག་སྒྲིབ་ནད་གདོན་བར་ཆད་དང་། །མི་གཙང་གྲིབ་དང་མཁོན་ལ་སོགས། །མི་མཐུན་རྐྱེན་ངན་ཐམས་ཅད་ཀུན། །སྲུངས་ཤིག་སྐྱོབས་ཤིག་རཀྵ་བྷྲཱུྂ། །ཞེས་རྡོ་རྗེ་གནས་བདུན་དུ་བཞག་ལ། ཉེ་སྙིང་མཐར། སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་ལས་རཀྵ་རཀྵ་སྭཱ་ཧཱ། ཞེས་བཏགས་པ་ལན་མང་དུ་བརྗོད། དེ་ནས་གོང་སྨོས་ལྟར་ཤིས་བརྗོད་དང་། བསྔོ་སྨོན་ཇི་ལྟར་འོས་པ་བྱས་པས་གྲུབ། མདུན་བསྐྱེད་བུམ་ལྷ་འོད་ཞུ་དང་ལས་ལ་སྦྱོར་ཟིན་པ་ལ་དགོངས་ནས་རྗེས་ཆོག་མ་བཤད་ལ། བདག་བསྐྱེད་རྗེས་གོང་སྨོས་ལྟར་རོ། །བཀའ་སྲོལ་འདིའི་རྗེས་གནང་བྱིན་བ རླབས་དབང་བསྐུར་གྱི་དོན་དང་འབྲེལ་བ་ནི་ཐམས་ཅད་མཁྱེན་པ་དགུ་པ་དབང་ཕྱུག་རྡོ་རྗེའི་གསུང་རབ་ཡོངས་སུ་གྲགས་པ་ལས་བཙལ་བར་བྱའོ། །འབྱུང་ཁུངས་བཙུན་ཞིང་ཁྱེར་བདེ་བ། །ཡོངས་སུ་གྲགས་ཀྱང་ཀུན་ཏུ་དཀོན། །གང་དེའི་ལེགས་བཤད་མཐོ་རིས་ཀླུང་། །དྲ་མའི་ལམ་གསུམ་ཀུན་འབབས་ཤོག །ཅེས་པའི་འདི་ནི་རྗེ་རང་བྱུང་བས་མཛད་པ་ཉིད་ལུགས་འདིའི་རྩ་བ་ཚད་མར་མཐོང་ནས། དེ་ལ་ལག་ལེན་ལྷན་ཐབས་སུ་སྤྲོས་ནས་བཀླགས་ཆོག་གི་ཚུལ་དུ་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་གླིང་ཧེ་རུ་ཀའི་འདུ་ཁང་ཆེན་པོར། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་སྦྱར་བ་དགེ་ལེགས་འཕེལ།། །།

རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་དཀར་གྱི་གཟུངས་ཀྱི་ཆོ་ག་དབང་བསྐུར་དང་བཅས་པ་དག་བྱེད་ཤེལ་གྱི་བུམ་བཟང་། བློ་གྲོས་མཐའ་ཡས།

རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་དཀར་གྱི་གཟུངས་ཀྱི་ཆོ་ག་དབང་བསྐུར་དང་བཅས་པ་དག་བྱེད་ཤེལ་གྱི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །ན་མཿཤྲཱི་གུ་རུ་སརྦ་ཏནྟྲ་པ་ཏ་ཡེ། ཟླ་ཤེལ་ལྟར་དཀར་ཉེས་ལྟུང་སྒྲིབ་པའི་དཔུང་། །རྣམ་པར་འཇོམས་མཛད་རྡོ་རྗེ་བདུད་རྩིའི་རྒྱུན། །བསམ་པ་ཡོངས་སུ་རྫོགས་པའི་དཔྱིད་དུ་འབེབས། །འགྲོ་མང་མགོན་དུ་ཤར་བ་དེ་ལ་འདུད། །དེ་ཉིད་སྒྲུབ་པའི་ཐབས་དང་བྱིན་རླབས་སྒོ། །གསར་རྙིང་ཀུན་ལ་རྒྱ་ཆེར་གྲགས་མོད་ཀྱི། །སྔ་འགྱུར་བཀའ་སྲོལ་འདི་ཉིད་རྙེད་དཀའ་བས། །ཡིག་ཆ་རྙིང་པའི་སྙིང་པོ་བསྡུ་བར་བྱ། །གསར་རྙིང་བརྒྱུད་པའི་བཀའ་སྲོལ་གཉིས་ལྡན་གྱི་རྣམ་འཇོམས་ཁྲོ་དཀར་ལྷ་ཉི་ཤུ་པའི་གཟུངས་ཆོག་རྒྱལ་བ་ཀཿཐོག་པའི་ཕྱག་བཞེས་ལྟར་འཆད་པ་ལ་གསུམ། སྔོན་འགྲོ་དཀྱིལ་འཁོར་དང་ཆོ་ག་ལ་འཇུག་པའི་བྱ་བ། དངོས་གཞི་རང་དང་གཞན་གྱི་དོན་ཇི་ལྟར་བསྒྲུབ་པ། རྗེས་དེ་དག་གི་མཇུག་བསྡུ་བའི་ཚུལ་ལོ། །དང་པོ་ལ་གཉིས། སྦྱོར་བའི་སྔོན་འགྲོ་དང་། ཆོ་གའི་སྔོན་འགྲོའོ། །སྦྱོར་བ་ལ་གཉིས། དཀྱིལ་འཁོར་བྲི་བ་དང་། རྫས་བཤམ་པའོ། །དང་པོ་ནི། གཙང་ཞིང་ཡིད་དུ་འོང་བའི་གནས་སུ་དུས་བཟང་པོ་ལ་བརྩམས་པར་བྱ་སྟེ། ཐོག་མར་དཀར་གཏོར་གཙང་མ་ལ་ཆབ་བྲན་ཏེ། ༀ་བཛྲ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་ༀ་ཡིག་ཞུ་བ་ལས་བྱུང་བའི་གཏོར་རྫས་རྣམས་འདོད་ཡོན་བདུད་རྩིའི་ཕུང་པོ་ཟད་མི་ཤེས་པར་བསམ་ལ། ཨ་ཀཱ་རོ་བརྗོད་པས་བརླབ། བྷཱུ་མི་པ་ཏ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ནས། ག་ག་ན་ཁཾ་བ་ལིཾ་ཏ་སྭཱ་ཧཱས་ཕུལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་གཏོར་མ་ཕུལ་བས་གནང་བ་བྱིན་པར་བསམ། ནག་ཕྱོགས་རྣམས་གོང་གི་ལས་སྔགས་བརྗོད་ཅིང་གུ་གུལ་དུད་པ་སོགས་ཀྱིས་བསྐྲད། ཆོས་ཉིད་རྣམ་དག་སྔགས་བརྗོད་ལ་ས་གཞི་སྟོང་ཉིང་དུ་མོས། གཟུངས་ཐུང་བརྗོད་ཅིང་དྲི་ཆབ་འཐོར་བས་ས་གཞིའི་ཉེས་སྐྱོན་དག་པར་མོས་པ་ནི་ས་ཆོག་མདོར་བསྡུས་པའོ། །དེ་ནས་སྟེགས་བུ་འདོམ་གང་གྲུ་བཞི་སྤོས་ཆབ་ཀྱི་ཆག་ཆག་གདབ་ལ། ཁ་དོག་ལྔ་པའི་སྲད་བུ་ལ་བསངས་གཏོར་བྱས། མདུན་གྱི་ནམ་མཁར་རྒྱལ་བ་སྲས་བཅས་བཞུགས་པ་ལ་ཡིད་ཀྱི་སྤྲུལ་པས་མཆོད་པར་མོས་ཏེ། ལས་སྔགས་བཟླ་བཞིན་དུ་ཐིག་སྐུད་ཡེ་ཤེས་ཀྱི་རང་བཞིན་དུ་མོས་ཏེ་ཞི་དཀྱིལ་སྤྱི་འགྲོའི་ཐིག་གདབ། དཔའ་བོ་འབྲུ་ལྔ་བརྗོད་པས་རིག་ལྔ་འོད་དུ་ཞུ་བའི་ཚོན་རྩིར་མོས་ཏེ། ལས་སྔགས་བཟླ་བཞིན་དུ་ལྟེ་བ་དཀར་པོ། དེ་རྒྱབ་འདབ་བཞི་ཕྱོགས་ཚོན། དེ་རྒྱབ་འཁོར་ལོ་རྩིབས་བཅུ་སེར་པོ། ལྷ་སྣམ་དང་སྒོ་རྣམས་ཕྱོགས་མདོག །རྟ་བབས་རྣམ་བཞི། རྡོ་ར་མེ་རི་སོགས་སྤྱི་ལྟར་བྲི། མི་འགྲུབ་ན་རས་བྲིས་སམ། མཎྜལ་ལ་མེ་ཏོག་གི་ཚོམ་བུ་དབུས་སུ་གཙོ་འཁོར་ལྔ། དེ་རྒྱབ་བཅུ། དེ་རྒྱབ་བཞི་རྣམས་བཀོད། ཕྱི་མ་གཉིས་ལྟར་ན་ཐོག་མའི་ས་ཆོག་མ་བྱས་ཀྱང་རུང་ངོ་། །གཉིས་པ་ནི། རིན་པོ་ཆེའི་བུམ་པ་སྐྱོན་མེད་པ་གཉིས་འདུ་བྱས་ཏེ། སུམྦྷ་ནི་བརྗོད་ལ་ཡུངས་ཀར་གྱིས་བྲབ། ལས་སྔགས་བརྗོད་ལ་གུ་གུལ་བདུག །སྭ་བྷཱ་ཝ་བརྗོད་ཅིང་སྲོག་ཆགས་མེད་པའི་ཆུས་སུམ་གཉིས་ཙམ་བཀང་ལ། དེ་ནས། ༀ་པྲ་མ་ཏི་པཉྩ་སིདྡྷི་ཨཱཿཧཱུྃ། ཞེས་འབྲུ་ལྔ་བླུགས། ༀ་ཨ་མྲྀ་ཏ་པཉྩ་སིདྡྷི་ཨཱཿཧཱུྃ། སྨན་ལྔ། ༀ་ཀརྨ་པཉྩ་སིདྡྷི་ཨཱཿཧཱུྃ། སྙིང་པོ་ལྔ། ༀ་རཏྣ་པཉྩ་སིདྡྷི་ཨཱཿཧཱུྃ། རིན་ཆེན་ལྔ། ༀ་དྷཱུ་པེ་པཉྩ་སདྡྷི་ཨཱཿཧཱུྃ། དྲི་ལྔ་རྣམས་བླུགས། ༀ་ཀཉྩ་ལི་ཀ་ཨ་བྷི་ཥིཉྩ་ཨཱཿཧཱུྃ། ཞེས་པས་མགུལ་ཆིངས་བཅིང་ངོ་། །ༀ་བླག་ཤ་ཀལྤ་ཨ་བྷི་ཥིཉྩ་ཨཱཿཧཱུྃ། ཞེས་པས་ཁ་རྒྱན་གཟུག་གོ། །ༀ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཨཱཿཧཱུཾ། ཞེས་རྡོ་རྗེ་དང་གཟུངས་ཐག་གདགས་ལ། ཉེ་སྙིང་མཐར། ས་མ་ཡ་ཏིཥྛ་བཛྲ་སྟྭཾ། ཞེས་བརྗོད་བཞིན་པས་རྣམ་རྒྱལ་དཀྱིལ་འཁོར་གྱི་དབུས་སུ་སྟེགས་བུ་ལ་བཀོད། ལྷ་ཙཀ་རྣམས་དེ་མཉམ་དང་། ཕྱག་རྒྱ་ལྔའི་ཙཀླི། ལས་བུམ་བྱང་ཤར། མཐའ་སྐོར་ཤར་དུ་ཡོན་ཆབ། བྱང་ཤར་དུ་དྲི་ཆབ། ཤར་ལྷོ་བདུག་སྤོས། ལྷོར་མཎྜལ། ལྷོ་ནུབ་ཏུ་མེ་ཏོག །ནུབ་ཏུ་ཞལ་ཟས། ནུབ་བྱང་དུ་མར་མེ། བྱང་དུ་རོལ་མོ་རྣམས། མདུན་རྒྱབ་གང་བདེར་གཏོར་དབང་དང་འབུལ་གཏོར་ཕྱོགས་འཐུས་ཟླུམ་གཏོར་བརྗིད་ལྡན་ལ་བཤོས་ཕྲན་བཅུ་བཞིས་བསྐོར་བ་དཀར་པོ་རྒྱན་གྱིས་སྤྲས་པ་དང་། དཀར་གཏོར་ཆ་བཞི་ཡང་དེའི་གཡས་གཡོན་དུ་བཤམ། འབྱོར་ན་སྐུ་གསུང་ཐུགས་ཀྱི་རྟེན་དང་། དཀྱིལ་འཁོར་གྱི་རྒྱན་རྫས་རྣམས་བག་དྲོ་ཞིང་ཡིད་དུ་འོང་བ་བཀོད། གཞན་ཡང་སྔོན་གཏོར། བསང་ཆུ། མིག་དར་མེ་ཏོག་སོགས་ཉེར་བར་མཁོ་བའི་ཡོ་བྱད་རྣམས་ཉེ་བར་བསྡོགས་པར་བྱའོ། །གཉིས་པ་ཆོ་གའི་སྔོན་འགྲོ་ལ་ལྔ། དྲི་མ་བཀྲུ་བ། བསགས་སྦྱང་བྱ་བ། སྔོན་གཏོར་བཏང་བ། མཆོད་རྫས་བརླབ་པ། སྐྱབས་སེམས་བྱ་བའོ། །དང་པོ་ནི། སྒྲུབ་པ་པོ་གོས་གསར་གྱོན། བདེ་བའི་སྟན་ལ་ཁ་ཤར་རམ་བྱང་དུ་བལྟ་བས་འཁོད་དེ། ལག་པ་གཡོན་དུ་ཆུ་གཙང་བླུག་ལ། ༀ་ཤུདྡྷེ་བི་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། ཞེས་གསང་བའི་སྲིན་ལག་གིས་ཆུ་བླངས་ཏེ། ལུས་ཀྱི་གནས་རྣམས་སུ་ཉེ་བར་རེག་པས་ལས་དག་པར་བསམ་མོ། །གཉིས་པ་ནི། མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་བཞིན་དུ་གསལ་བར་གྱུར། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་ཚང་བར་བྱའོ། །གསུམ་པ་ནི། སྔོན་གཏོར་ལ་ཆབ་བྲན་ཏེ། ༀ་བཛྲ་ཨ་མྲྀ་ཏེ་ཧཱུྃ་གིས་བསང་། སྭ་བྷཱ་ཝ ས་སྦྱང་། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱནྣུཏྤནྣ་ཏྭཱད་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བྱིན་བརླབ། སརྦ་ལོ་ཀ་པཱ་ལ་ཨེ་ཧྱེ་ཧི། པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་དང་། སརྦ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ན་མཿསརྦ་སོགས་ནས། གྲྀ་ཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། ས་ལ་རྒྱུ་བའི་ལྷ་ཀླུ་དང་། །གང་ཡང་ས་ལ་བརྟེན་པ་རྣམས། །སེམས་ཅན་ཀུན་ལ་དགེ་དོན་དུ། །བྱམས་པའི་སེམས་ཀྱིས་གནས་པར་མཛོད། །ལྷ་ཀླུ་འབྱུང་པོ་མཐུ་བོ་ཆེ་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱིས། དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་ཕྱིན་པའི་ཕྲིན་ལས་མཛོད་ཅིག །གང་དག་ནག་པོའི་ཕྱོགས་སུ་གྱུར་པའི་དཀྱིལ་འཁོར་ཆེན་པོ་ལྟ་བར་མི་དབང་བའི་བགེགས་གང་ཡིན་པ་དེ་དག་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདིས་ཚིམས་པར་གྱིས་ལ། བདག་གི་བྱ་བ་མ་འགྲུབ་ཀྱི་བར་དུ་འདིར་མ་གནས་པར་གཞན་དུ་དེངས་ཤིག །ༀ་སུམྦྷ་ནི་སོགས་ཧཱུྃ་བཞིའི་དྲག་སྔགས་བརྗོད་ལ་བསྐྲད་དོ། །བཞི་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། པཱདྱཾ་ནས། ཤཔྡའི་བར་དེ་བཞིན་དུ་སྦྱར་བས་བརླབ། ༀ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙཱ་ལི་ནི། པྲཛྙཱ་པ་ར་མི་ཏ་ནཱ་ད་སཾ་བྷ་བེ། བཛྲ་དྷརྨ་ཧྲཱི་ད་ཡ་སན་ཏོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧོཿཧོཿཧོཿ ཨཱཿཁཾ་སྭཱ་ཧཱ། ཞེས་བརྗོད་ལ་རོལ་མོ་བསྒྲག་ཅིང་བྱིན་དབབ་བོ། །ལྔ་པ་ནི། བདག་གཞན་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་གྲངས་སུ་བརྗོད་ལ་སྐྱབས་སུ་འགྲོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་བར་ཤོག །ཅེས་ལན་གསུམ་གྱིས་སེམས་བསྐྱེད་དོ། །གཉིས་པ་དངོས་གཞི་ལ་བདུན། བདག་བུམ་མདུན་བསྐྱེད་གཏོར་མ་འབུལ། །བདག་འཇུག་ཁྲུས་གསོལ་གཞན་དོན་ནོ། །ཞེས་པའི་དང་པོ་བདག་བསྐྱེད་ལའང་། དམ་ཚིག་བསྐྱེད། ཡེ་ཤེས་པ་གཞུག །དབང་བསྐུར་རྒྱས་གདབ། མཆོད་པ། བསྟོད་པ། སྔགས་བཟླས། དེའི་རྗེས་རིམ་མོ། །དང་པོ་ནི། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ། ཨ་ལས་ཟླ་བ། མ་ལས་ཉི་མའི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ་གིས་མཚན་བ་ལས་འོད་ཟེར་འཕྲོས་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་ཁང་ཡེ་ཤེས་ཀྱི་མེ་རི་འབར་བ་དང་བཅས་པར་གྱུར། དེའི་དབུས་སུ་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ་རང་གི་སེམས་ཉིད་ཧཱུྃ་དཀར་པོ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོ་རྩེ་ལྔའི་ལྟེ་བར་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེས་བརྒྱན་པ། དེའི་མདུན་དུ་ཡུམ་རྡོ་རྗེ་ལུ་གུ་རྒྱུད་མ་སྐུ་མདོག་དམར་མོ་གཡས་ལྕགས་སྒྲོག །གཡོན་བུམ་པ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་འདྲའི་ཡེ་ཤེས་སེམས་དཔའི་ཐུགས་དམ་གྱི་རྒྱུད་བསྐུལ་བར་གྱུར། གཉིས་པ་ནི། རྡོར་དྲིལ་འཛིན་ཅིང་སྤོས་བཏུལ་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་པས་ཡེ་ཤེས་པ་མདུན་གྱི་ནམ་མཁའ་བྱོན། ཛཿཧཱུཾ་བཾ་ཧོཿས་གཉིས་མེད་དུ་ཐིམ་པར་མོས། གསུམ་པ་ནི། ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རིགས་ལྔ་འཁོར་བཅས་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མཱཾ། ཞེས་གསོལ་བ་བཏབ་པས། རིགས་ལྔས་བུམ་པ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བཞི་པ་ནི། ༀ་བཛྲ་བཱི་དཱ་ར་ཎཱ་ཡ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། ལྔ་པ་ནི། ཧཱུྃ། བདེ་གཤེགས་དྲི་མེད་ཞི་བའི་སྐུ། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྡོ་རྗེ་དྲིལ་བུ་མི་གཡོ་བརྟེན། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །སེམས་ཅན་དོན་ལ་རྗེས་ཆགས་མ། །སེམས་ཅན་འདྲེན་མཛད་ལྕགས་སྒྲོག་འཛིན། །སེམས་དཔའ་དགྱེས་མཛད་སེམས་མའི་གཙོ། །ཤེས་རབ་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དྲུག་པ་གཟུངས་སྔགས་བཟླ་བ་ནི། རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གིས་མཚན་པ། དེའི་མཐར་སྔགས་ཀྱི་ཡིག་འབྲུ་རྣམས་ཁ་དོག་དཀར་པོ་གཡས་སུ་འཁོར་བ་དེ་ལས་འོད་ཟེར་འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་བསམ་ཞིང་། གཟུངས་རིང་བརྒྱ་རྩ་བརྒྱད་དམ། ཉེར་གཅིག་གམ། བདུན་ལ་སོགས་པ་གང་འགྲུབ་བཟླའོ། །བདུན་པ་ནི། ཐུན་འཇོག་པའི་ཚེ་མཆོད་བསྟོད་སྨོས་མ་ཐག་པ་ལྟར་བྱ། གཟུངས་ཆོག་སྐབས་བསྡུ་ལྡང་མི་བྱ་བར་འདི་ནས་བུམ་བསྐྱེད་ལ་འཇུག་གོ། །གལ་ཏེ་བདག་བསྐྱེད་ལ་བརྟེན་ནས་བསྙེན་པ་བྱ་བར་འདོད་ན། ཕྱི་མཆོད་ཙམ་ལས་བཤམ་གྱི་སྤྲོས་པ་གཞན་མི་དགོས་ཤིང་། སྔོན་གཏོར་ཡང་ཉིན་དང་པོ་ལས་རྒྱུན་དུ་བཏང་མི་དགོས་ལ། ཁྲུས་ནས་བཟླས་པའི་བར་ཐུན་རེ་རེ་བཞིན་བསྐྱར། བཟླས་པ་གཟུངས་རིང་ཁོ་ན་མི་ལྕོགས་ན་དེ་ཉིད་ཅི་འགྲུབ་དང་། ཡང་སྙིང་འབུམ་ཕྲག་ལ་སོགས་པ་བཟླ། བཟླས་དམིགས་གཞུང་གསལ་ཐོག་རྒྱལ་བ་སྲས་བཅས་མཆོད་ཅིང་བྱིན་རླབས་འོད་ཟེར་གྱི་རྣམ་པར་བསྡུ་བ་གཙོ་བོར་བྱེད། ཐུན་མཐར་མཆོད་བསྟོད་རྗེས་སུ། ཐུགས་ཀའི་འོད་ཀྱིས་སྣོད་བཅུད་དག་པའི་ཞིང་དུ་གྱུར། དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ཆོས་ཀྱི་དབྱིངས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཐིམ་པར་མོས། སླར་བདག་ཉིད་རྡོ་རྗེ་ཁྲོ་བོའི་རང་བཞིན་ཅན་དུ་གྱུར་པའི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པར་མོས། འདིར་རྒྱུད་སྡེ་འོག་མའི་ལུགས་ལྟར་ན། ཐུན་མཐར་ཡེ་ཤེས་པ་ལུས་ལས་བྱུང་སྟེ་ནམ་མཁར་བཞུགས་པ་ལ་མཆོད་བསྟོད་བཟོད་གསོལ་བྱས་ནས་གཤེགས། རང་དམ་ཚིག་པའི་ང་རྒྱལ་གྱིས་གནས་བསྲུང་ནས་སྤྱོད་ལམ་ལ་འཇུག་པ་ཡིན་ཀྱང་། སྐབས་འདིར་བླ་མེད་ཀྱི་རྣལ་འབྱོར་པས་ཉམས་སུ་ལེན་པའི་དབང་དུ་བྱས་པ་ཡིན་པས་སྔ་ཕྱི་གང་འདོད་སོ་སོའི་དབང་པོ་དང་བསྟུན་པར་བྱའོ། །གཉིས་པ་བུམ་བསྐྱེད་ནི། བསང་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ཡི་གེ་བྷྲཱུྂ་འོད་དུ་ཞུ་བ་ལས་ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་ནང་ཐར་པ་ཆེན་པོའི་ཞལ་ཡས་ཁང་དུ་གྱུར་པའི་ནང་དུ་འཁོར་ལོ་སེར་པོ་རྩིབས་བཅུ། དེའི་ལྟེ་བར་པདྨ་འདབ་བཞི། དེའི་དབུས་སུ་པདྨ་དང་ཉི་མའི་གདན་ལ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་མདུན་དུ་ཡུམ་རྡོ་རྗེ་ལུ་གུ་རྒྱུད་མ་སྐུ་མདོག་དམར་མོ་གཡས་ལྕགས་སྒྲོག་གཡོན་བུམ་པ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། པད་འདབ་བཞི་ལ་པད་ཟླའི་གདན་རེ་རེའི་སྟེང་དུ། ཤར་དུདྷཱིཿལས་སངས་རྒྱས་སྤྱན་མ་དཀར་མོ་རྡོ་རྗེས་མཚན་པའི་བུམ་པ་འཛིན་པ། ལྷོར་ཏྲཱཾ་ལས་མཱ་མ་ཀཱི་སྔོན་མོ་རིན་པོ་ཆེས་མཚན་པའི་བུམ་པ་འཛིན་པ། ནུབ་ཏུ་ཧྲཱིཿལས་གོས་དཀར་མོ་དམར་མོ་པདྨས་མཚན་པའི་བུམ་པ་འཛིན་པ། བྱང་དུ་ཏྲཱྂ་ལས་དམ་ཚིག་སྒྲོལ་མ་ལྗང་གུ་རྒྱ་གྲམ་གྱི་མཚན་པའི་བུམ་པ་འཛིན་པ། ཡུམ་བཞི་ཀ་བཞེངས་ཏེ་འགྱིང་བག་དང་ལྡན་པ། དར་དང་རིན་པོ་ཆེས་བརྒྱན་པའོ། །འཁོར་ལོ་རྩིབས་བཅུར་པདྨ་དང་ཉི་མའི་གདན་ལ། ཧཱུཾ་དཀར་པོ་བཅུ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བཅུ་འོད་དུ་ཞུ་བ་ལས། ཤར་སྟོད་དུ་ཧཱུྃ་མཛད། ནུབ་སྟོད་དུ་སྟོབས་པོ་ཆེ། ཤར་དུ་རྣམ་པར་རྒྱལ་བ། ཤར་ལྷོར་དབྱུག་སྔོན་ཅན། ལྷོར་གཤིན་རྗེ་གཤེད། ལྷོ་ནུབ་ཏུ་མི་གཡོ་བ། ནུབ་ཏུ་རྟ་མགྲིན། ནུབ་བྱང་དུ་གཞན་གྱི་མི་ཐུབ་པ། བྱང་དུ་བདུད་རྩི་འཁྱིལ་བ། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ། ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ནམ་མཁར་འཕྱར་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། སྤྱན་གསུམ་མཆེ་བ་བཞི་གཙིགས་ཤིང་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ་ལ་སྦྲུལ་གྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཞབས་གཉིས་འདོར་ཐབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་བཞུགས་པའོ། །སྒོ་བཞིར་པདྨ་དང་ཉི་མའི་སྟེང་དུ་ཤར་དུ་ཛཿལས་ལྕགས་ཀྱུ་མ་དཀར་མོ་གཡས་ལྕགས་ཀྱུ། ལྷོ་སྒོར་ཧཱུྃ་ལས་ཞགས་པ་མ་སེར་མོ་གཡས་ཞགས་པ། ནུབ་སྒོར་བྂ་ལས་ལྕགས་སྒྲོག་མ་དམར་པོ་གཡས་ལྕགས་སྒྲོག །བྱང་སྒོར་ཧོཿལས་དྲིལ་བུ་མ་ལྗང་མོ་གཡས་དྲིལ་བུ། སྒོ་མ་བཞི་ཡང་ཁྲོ་མོའི་གཟུགས་ཅན། གཡོན་ཐམས་ཅད་སྡིགས་མཛུབ་དང་ཞབས་གཉིས་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པའོ། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ་སོགས་གོང་གི་བདག་བསྐྱེད་སྐབས་བཞིན་ལས། ཡུབ་ཡུམ་གཉིས་ལ་མི་བསྐྱོད་པ་དང་། འཁོར་རྣམས་ལ་གཙོ་བོས་དབུ་བརྒྱན་པར་གྱུར། མཆོད་པ་ནི། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་བདུག་སྤོས་འདི། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་བཛྲ་དྷཱུ་པེ་པཱུ་ཛཿམེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་གིས༴ བཞེས་ནས༴ ༀ་བཛྲ་པུཥྤེ་པཱུ་ཛ༴ སྡུག་བསྔལ་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་སེལ་མར་མེ་འདི། །བདག་གིས༴ བཞེས་ནས༴ ༀ་བཛྲ་ཨཱ་ལོ་ཀེ༴ གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་དྲི་ཆབ་འདི། །བདག་གིས༴ བཞེས་ནས༴ ༀ་བཛྲ་གནྡྷེ༴ སྨན་རྣམས་བཅུད་དང་ཡིད་གར་འོང་། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་གིས༴ བཞེས་ནས༴ ༀ་བཛྲ་ནཻ་ཝི་དྱ༴ སྒྲ་དབྱངས་སྙན་ཞིང་ཡིད་འོང་ལྡན། །ལྷ་རྫས་དམ་པའི་རོལ་མོ་འདི། །བདག་གིས༴ ཐུགས་རྗེེ་དགོངས་ཏེ་བཞེས་སུ་གསོལ། །ༀ་བཛྲ་ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། བསྟོད་པ་ནི། གོང་གི་ཤློ་ཀ་གཉིས་ཀྱི་མཐར། ཕྱོགས་བཞིའི་པདྨ་འདབ་བཞི་ལ། །སངས་རྒྱས་སྤྱན་དང་མཱ་མ་ཀཱི། །གོས་དཀར་མོ་དང་དམ་ཚིག་སྒྲོལ། །སེམས་མ་བཞི་ལ་ཕྱག་འཚལ་བསྟོད། །འཁོར་ལོ་དང་ནི་ཉི་གདན་ལ། །རྣམ་རྒྱལ་ལ་སོགས་ཁྲོ་བོ་བཅུ། །མདོག་དཀར་རྡོ་རྗེ་དྲིལ་བུ་འཛིན། །བགེགས་འཇོམས་ཁྲོ་བཅུ་ལ་ཕྱག་འཚལ། །ཛཿཧཱུྃ་བྂ་ཧོཿའི་ལས་བྱེད་པའི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཕྲིན་ལས་བཞི་ལྡན་སྒོ་སྲུང་མ། །སྒོ་མ་བཞི་ལ་ཕྱག་འཚལ་བསྟོད། །དེ་ནས་གཟུངས་སྔགས་བཟླ་བ་ལ་ཐོག་མར་སྔགས་འཁོར་བཀོད་པ་ནི། ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་རེ་རེ། དེའི་སྟེང་དུ་རང་རང་གི་ཕྱག་མཚན་གྱི་ལྟེ་བར་ས་བོན་ལ་སྔགས་ཀྱི་ཕྲེང་བ་གཡས་བསྐོར་དུ་འཁོད་པ་ནི། གཙོ་བོའི་ཐུགས་ཀར། ༀ་བཛྲ་བི་དཱ་ར་ཎ་བཛྲ་བཛྲ། ཡུམ་གྱི་ཐུགས་ཀར། ༀ་བཛྲ་ནི་ཤྲིཾ་ཁ་ལེ་ཧཱུྃ། ལྷ་མོ་བཞིའི་ཐུགས་དཀར་རིམ་བཞིན། ༀ་སྥོ་ཊ་བཛྲ་བཛྲ་དྷཱི། ༀ་ཀ་ཊ་བཛྲ་བཛྲ་ཏྲཱཾ། ༀ་མ་ཊ་བཛྲ་བཛྲ་རྂ། ༀ་མ་ཐ་བཛྲ་བཛྲ་ཏཱྂ། ཁྲོ་བོ་བཅུ་ལ་རིམ་བཞིན་དུ། ༀ་ཧ་ར་ཧ་ར་བཛྲ་ཧཱུྂ། མ་ཐ་མ་ཐ་བཛྲ་ཧཱུཾ། དྷུ་ན་དྷུ་ན་བཛྲ་ཧཱུཾ། ད་ཧ་ད་ཧ་བཛྲ་ཧཱུཾ། པ་ཙ་པ་ཙ་བཛྲ་ཧཱུཾ། དྷ་ར་དྷ་ར་བཛྲ་ཧཱུཾ། དྷ་ར་ཡ་དྷ་ར་ཡ་བཛྲ་ཧཱུཾ། དཱ་རུ་ཎ་དཱ་རུ་ཎ་བཛྲ་ཧཱུཾ། ཚིནྡྷ་ཚིནྡྷ་བཛྲ་ཧཱུཾ། བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ། སྒོ་མ་བཞི་ལ་རིམ་བཞིན་དུ། ༀ་ཧུ་ལུ་ཧུ་ལུ་བཛྲ་ཛཿ ཏིཥྛ་ཏིཥྛ་བཛྲ་ཧཱུྃ། བྷནྡྷ་བྷནྡྷ་བཛྲ་བྂ། ཧ་ན་ཧ་ན་བཛྲ་ཧོཿ ཞེས་པའི་སྔགས་ཕྲེང་འོད་ཟེར་གྱི་འདུ་འཕྲོ་ཅན་དུ་གསལ་བར་གྱུར། ཅེས་གསལ་བཏབ་ལ། བཟླས་པ་དངོས་ནི། གཟུངས་ཐག་བཟུང་སྟེ། རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། གཟུངས་ཐག་ལ་འཁྲིལ་ནས་སོང་བས། ལྷའི་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ། སྐུའི་ཆ་ཐམས་ཅད་ནས་བདུད་རྩི་བབས་པས་བུམ་པ་གང་། འོད་ཟེར་ཚུར་འདུས་བདག་གི་ཐུགས་ཀར་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་གྱུར། ཞེས་མོས་ལ། ཐོག་མར་ཉེ་བའི་སྙིང་པོ་ཚར་བདུན་ནམ་ཉེར་གཅིག་ཙམ་བརྗོད། དེ་ནས་གཟུངས་རིང་ཡོངས་སུ་རྫོགས་པ་བརྒྱ་རྩ་བརྒྱད་དམ་གང་འགྲུབ་བཟླའོ། །ཐུན་མཐར་སྔགས་ཙམ་གྱིས་མཆོད་ཅིང་བསྟོད། དབང་བསྐུར་བྱེད་ན་བུམ་ལྷ་དེ་ཀར་བཞག་ལ་རྗེས་ཆོག་སྐབས་མདུན་བུམ་ཆབ་གཅིག་གཤེགས། བྱབ་ཁྲུས་ཁོ་ན་ཡིན་ན་མཆོད་བསྟོད་གྲུབ་པ་དང་། བུམ་པའི་ལྷ་ཡེ་ཤེས་པ་གཤེགས་དམ་ཚིག་པ་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཞེས་གཤེགས་ཞུ་བྱ། ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་གདན་ལ་བྷྲཱུྂ་ལས་ལས་ཀྱི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ། པདྨ་ཉི་མའི་གདན་ལ་ཧཱུཾ་ལྗང་སྔོན་འོད་དུ་ཞུ་བ་ལས། ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན་བསྣམས་ཤིང་། གཡོན་སྡིགས་མཛུབ་ཐུགས་ཀར་བསྣོལ་བ། ཁྲོ་བོའི་རྒྱན་གྱིས་བརྒྱན་པའི་གནས་གསུམ་འབྲུ་གསུམ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ས་བོན་འོད་ཀྱིས་དབང་ལྷ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན། ༀ་བཛྲ་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ཕྲག་དོག་རྣམ་དག་བདག་ཉིད་ཅན། །གནོད་སྦྱིན་འདུལ་མཛད་བེ་ཅོན་བསྣམས། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །ཐུགས་ཀར་ཉི་སྟེང་ཧཱུྃ་ལས་སྔགས་ཀྱིས་བསྐོར་བ། བཟླས་པས་ཐུགས་རྒྱུད་བསྐུལ་བར་མོས་ལ། ༀ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཕཊ། ཞེས་བརྒྱ་རྩ་བརྒྱད་བཟླས། ཁྲོ་བོ་ཆེན་པོ་བགེགས་ཟློག་པའི་ཕྲིན་ལས་མཛོད་ཅིག །ལྷ་འོད་དུ་ཞུ་ནས་དག་བྱེད་རྡོ་རྗེ་བདུད་རྩིའི་རང་བཞིན་དུ་གྱུར། ཞེས་བརྗོད་ལ་དཀྱིལ་འཁོར་བསྐོར་ཞིང་འཐོར་རོ། །གསུམ་པ་མདུན་བསྐྱེད་ནི། དཀྱིལ་འཁོར་བསང་སྦྱང་། སྟོང་པའི་ངང་ལས་ཨེ་ཡཾ་རཾ་བཾ་ལཾ་སུཾ་རྣམས་འོད་དུ་ཞུ་བ་ལས་ནམ་མཁའ་རླུང་མེ་ཆུ་ས་རི་རབ་རྣམས་རིམ་བརྩེགས་ཀྱི་སྟེང་དུ། བྷྲཱུྂ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་ཕྱི་རོལ་དུ་འདོད་ཡོན་སྣམ་བུ་ལ་མཆོད་པའི་ལྷ་མོ་རྣམས་འཁོད་ཅིང་རྡོ་ར་མེ་རིའི་ཁོར་ཡུག་དང་བཅས་པའི་ནང་དུ་འཁོར་ལོ་སེར་པོ་རྩིབས་བཅུ། ཞེས་པ་ནས། གཙོ་བོ་ཡབ་ཡུམ་གྱིས་དབུ་བརྒྱན་པར་གྱུར། ཞེས་པའི་བར་བུམ་བསྐྱེད་སྐབས་ལྟར་བྱ། དེ་ནས་མཆོད་པ་ཁ་གསོས་ལ་གོང་ལྟར་བྱིན་བརླབས་ནས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེས་འགྲེས་ཏེ། མེ་ཏོག༴ པུཥྤེ༴ བདུག་སྤོས༴ དྷཱུ་པེ༴ སྣང་གསལ༴ ཨཱ་ལོ་ཀེ༴ དྲི་མཆོག༴ གནྡྷེ༴ ཞལ་ཟས༴ ནཻ་ཝི་དྱ༴ རོལ་མོ༴ ཤཔྡའི་བར་དུ་སྦྱར། བསྟོད་པ་དང་། སྔགས་འཁོར་བཀོད་པའང་བུམ་བསྐྱེད་ལྟར། རང་གི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས། ཁྱད་པར་བདག་དང་སེམས་ཅན་ཐམས་ཅད་ནད་གདོན་སྡིག་སྒྲིབ་སྦྱོང་བ་སོགས་དོན་གཉིས་སྒྲུབ་པར་མོས་ཏེ་བཟླ་ཚུལ་ཡང་སྔར་བཞིན་ལ། མཐུན་མཐར་མཆོད་བསྟོད་མདོར་བསྡུས་བྱའོ། །བཞི་པ་གཏོར་མ་འབུལ་པ་ནི། བྱེ་བྲག་དཀྱིལ་འཁོར་པ་ལ་འབུལ་བ་དང་། མགྲོན་བཞི་ལ་སྤྱིར་བསྔོ་བའོ། །དང་པོ་ནི། རྒྱས་པར་སྤྲོ་ན་གཏོར་རྫས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབ། བསྡུ་ན། བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྂ་ལས་གཏོར་གཞོང་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ༀ་ཡིག་ཞུ་བ་ལས་བྱུང་བའི་གཏོར་རྫས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པའི་སྤྲིན་ཕུང་མཐའ་ཡས་པ་སྤྲོ་བར་གྱུར། ༀ་ཨཱཿཧཱུཾ། ལན་བདུན། ལྷ་རྣམས་ཀྱི་ལྗགས་འོད་ཟེར་སྦུ་གུས་ལོངས་སྤྱད་པས་དགྱེས་ཤིང་ཚིམས་པར་མོས་ལ། རྒྱས་པར་སྤྲོ་ན་བཟླས་པའི་སྐབས་སུ་བཤད་པའི་གཙོ་འཁོར་གྱི་སྔགས་རྣམས་ལས་གཏོར་སྔགས་སྦྱར་བས་གཙོ་བོ་ལ་བདུན། འཁོར་རྣམས་ལ་གསུམ་རེས་འབུལ། བསྡུ་ན། ༀ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་ཕུལ། སྔགས་ཙམ་གྱིས་མཆོད། གཙོ་བསྟོད་ཤློ་ཀ་གཅིག་གིས་བསྟོད་པའི་མཐར། ན་མོ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་མཆོད་ཅིང་འབུལ་བའི་གནས་ནི། བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣམ་པར་འཇོམས་པ། རིགས་ཀྱི་ཡུམ་ལྔ། ཁྲོ་བོ་བཅུ། སྒོ་མ་བཞི་ལ་སོགས་པ་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང་། གཞན་ཡང་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་ཡི་དམ་རྒྱལ་བའི་དཀྱིལ་འཁོར་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་མཆོད་དོ། །འབུལ་ལོ། །གསོལ་ལོ། །འདོན་ནོ། །དེ་དག་གི་མངའ་རིས་དང་སྤྱན་ལམ་དུ། ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་དགྱེས་ཤིང་ཚིམས་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་ཕྲིན་ལས་བཅོལ། གཉིས་པ་ནི་དཀར་གཏོར་ཆ་བཞི་བསང་སྦྱང་བྱིན་རླབས་གོང་ལྟར་བྱས་ལ། ཧཱུྃ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་དང་། །དེ་ཡི་བཀའ་འཁོར་སྐྱོང་མཛད་པའི། །མགོན་པོ་ཡོན་ཏན་མགྲོན་གྱི་རིགས། །ནམ་མཁའི་མཐའ་ཀླས་གྱུར་པ་ཡི། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་དང་། །ཚེ་རབས་ལས་ཀྱིས་མནར་བ་ཡི། །ལན་ཆགས་མགྲོན་གྱི་རིགས་ལ་སོགས། །འཇིག་རྟེན་འདས་དང་མ་འདས་ཀྱི། །མགྲོན་གྱི་རིགས་སུ་གྱུར་པ་རྣམས། །མཆོད་པའི་གནས་འདིར་སྤྱན་འདྲེན་གྱིས། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། །ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བྂ་ཧོཿ པདྨ་ཀ་མ་ལཱ་ཡེ་སྟྭཾ། མགྲོན་ཐམས་ཅད་རང་གནས་ནས་འདུས་ཤིང་མདུན་གྱི་ནམ་མཁའ་དང་བར་སྣང་ལ་སྤྲིན་དཔུང་གཏིབས་པ་ལྟར་འཁོད་དེ་ལོངས་སྤྱོད་པས་དགྱེས་ཤིང་ཚིམས་པར་བསམ་ལ། ཧཱུྃ། བདག་དང་འགྲོ་བའི་བསོད་ནམས་སྤེལ་བའི་ཕྱིར། །འདོད་ཡོན་ལོངས་སྤྱོད་གཏོར་མའི་མཆོད་པ་འདི། །དཀོན་མཆོག་སྲི་ཞུ་ཡོན་ཏན་ཚོགས་ལ་འབུལ། །རིགས་དྲུག་བགེགས་དང་ལན་ཆགས་རྣམས་ལ་བསྔོ། །གཏོར་སྣོད་རྒྱ་ཆེན་ཆོས་དབྱིངས་ཁོར་ཡུག་ཏུ། །གཏོར་མ་ཡེ་ཤེས་ཕྱག་རྒྱ་བདུད་རྩིར་གསལ། །འདོད་ཡོན་ལྔ་ཡི་ལོངས་སྤྱོད་རྒྱན་དུ་ཆེ། །རྨད་བྱུང་རྣམ་དག་བདུད་རྩི་གཏོར་མ་འདི། །ཡེ་ཤེས་ལྷ་ལ་འབུལ་གྱི་མཆོད་པ་བཞེས། །དབང་དང་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ། །དགྲ་གདོན་གནོད་བྱེད་བར་ཆད་རྐྱེན་རྣམས་ཟློག །རིགས་དྲུག་སེམས་ཅན་གཏོར་མས་ཚིགས་གྱུར་ནས། །སོ་སོའི་སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །གནོད་བྱེད་འབྱུང་པོ་གཏོར་མ་འདི་སྣོམས་ལ། །ཚེ་རབས་ལན་ཆགས་བུ་ལོན་འཁོར་བར་གྱིས། །ཁྱེད་རྣམས་ཀུན་ལ་གསོལ་བ་ནི། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་རྣམས་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་རྒྱས་པར་མཛོད། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ཐམས་ཅད་མེད་པར་མཛོད། །ཅེས་ཕྲིན་ལས་བཅོལ་ལ་གཏོར་མ་རྣམས་གཙང་སར་གཤེགས། ན་མོ། བདག་གི་བསམ་པའི་སྟོབས་དག་སོགས་བདེན་པ་བརྗོད་ཅིང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །སོགས་ཆོས་ཀྱི་སྦྱིན་པ་བྱས་ལ། སརྦ་ཡ་ཧི་གཙྪ། ཞེས་མགྲོན་རྣམས་རང་གནས་སུ་གཤེགས་སོ། །ལྔ་པ་བདག་ཉིད་འཇུག་པ་ནི། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་བསྐྱེད་གཙོ་བོའི་ཐུགས་ཀར་བསྟིམ། དེའི་ཐུགས་ཀ་ནས་སྤྲོས་པའི་ལས་ཀྱི་སེམས་དཔས་སློབ་དཔོན་གྱི་བྱ་བ་རྣམས་མཛད་པར་མོས་ལ། འོག་ནས་འབྱུང་བའི་དབང་རྣམས་མཚམས་སྦྱོར་དོར་བ་སོགས་རྒྱས་བསྡུས་སྐབས་ཕྱེད་པར་བྱས་ཏེ་རྫོགས་པར་བླང་ངོ་། །དྲུག་པ་ཁྲུས་གསོལ་བ་ནི། བདག་འཇུག་གྲུབ་མ་ཐག་པར། ནམ་མཁའ་གང་བའི་རྒྱལ་བ་སྲས་བཅས་དང་དཀྱིལ་འཁོར་པ་ལ་དམིགས་ཏེ། ཁྲུས་ཁང་བསྐྱེད་པ་ནས་བརྩམ་སྟེ་སྐུ་ཕྱི་ན་བཟའ་འབུལ་བའི་བར་སྤྱི་ལྟར་བྱས་ཏེ་ཁྲུས་ཆུ་རང་གིས་ལོངས་སྤྱོད། གཞན་དོན་བྱབས་ཁྲུས་སོགས་བྱེད་ན་ལས་བུམ་ནང་དུའང་བླུག་གོ། །བདུན་པ་གཞན་དོན་བྱ་བ་ལ་གཉིས། ནད་པ་སོགས་རྗེས་སུ་འཛིན་པ་བཀྲུ་བྱབས་སྲུང་གསུམ་གྱི་ཆོ་ག །སློབ་མ་རྗེས་སུ་འཛིན་པ་དབང་བསྐུར་བའི་ཆོ་གའོ། །དང་པོ་ལ་བཞི། གླུད་གཏོར་བཏང་བ། བཀྲུ་བ། བྱབས་པ། སྲུང་བའོ། །དང་པོ་ནི། བསྒྲུབ་བྱ་གདན་ནག་པོའི་སྟེང་དུ་འཁོད་པའི་ལག་ཏུ་ཟན་དུམ་གཏད་ལ། འོ། ཁྱེད་རང་རྣམས་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་ཀྱི་སྡིག་པ་དང་སྒྲིབ་པ། ནད་དང་གནོད་པ། རྐྱེན་བགེགས་བར་ཆད་ཐམས་ཅད་ལག་གི་ཟན་སྙི་ལ་ཐིམ་པའི་མོས་པ་གྱིས་ཤིག་བྱས་ལ་མཆིལ་མ་བཏབ་བཅོལ། དེ་ཡིས་ཆངས་བུ་བྱས་པ་སྣོད་དུ་བླུགས་པའི་སྟེང་ཡིག་བརྒྱ་བརྗོད་བཞིན་པས་ལས་བུམ་གྱིས་ཁྲུས་བྱ། དེ་ཉིད་སློབ་མ་རྣམས་ཀྱི་རྒྱབ་ཏུ་བཞག་ལ། བསང་སྦྱང་། སྟོང་པའི་ངང་ལས་ཏྲཱྂ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁཾ་ནག་པོ་འོད་དུ་ཞུ་བ་ལས། ན་བ་གསོ་ཞིང་འཆི་བ་བསླུ་བའི་བདུད་རྩིའི་རྒྱ་མཚོར་གྱུར། ཨཱ་ཀ་རོ་ལན་གསུམ་གྱིས་བྱིན་བརླབ། སཾ་བྷ་ར་བདུན་གྱིས་བསྔོ། ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ལན་ཆགས་མགྲོན་ལ་སྦྱིན་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་ཅིང་དོར། གུལ་ཡུངས་རོལ་མོའི་སྒྲ་དང་། སུམྦྷ་ནི་དྲག་ཏུ་བརྗོད་ལ་བགེགས་བསྐྲད་དོ། །བྱབས་ཁྲུས་རྐྱང་པའི་སྐབས་སུ་འདིར་མཎྜལ་དང་ཐུན་མོང་གི་སྐྱབས་སེམས་ཙམ་འབོག་པའི་སྲོལ་ཡང་སྣང་ངོ་། །གཉིས་པ་ནི། བྱབས་ཁྲུས་རྐྱང་པའི་སྐབས་རྣམ་བུམ་དང་། དབང་བསྐུར་གྱི་སྔོན་འགྲོ་ལ་རྣམ་བུམ་ནས་བུམ་ཆུ་བསྲེས་པའི་ལས་བུམ་ཐོགས་ལ། ཐོག་མར་དག་བྱེད་ཁྲུས་ཀྱིས་བཀྲུ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་པདྨ་དང་ཉི་མའི་གདན་ལ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་པོ་དར་དང་རིན་པོ་ཆེས་བརྒྱན་པའི་ཕྱག་གཡས་ན་རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་བཀང་བ་བསྣམས་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་བླུགས་པས། ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཉི་མས་གྲིབ་སོ་དེད་པ་བཞིན་དུ། ནག་ནུར་གྱིས་བཤང་ལམ་དང་སེན་ཕྲག་རྣམས་སུ་བུད་ནས་འོག་དབང་ཆེན་གསེར་གྱི་ས་གཞིའི་ཞབས་སུ་ཐལ་བས། ལུས་ཕྱི་ནང་མེད་པར་ཤེལ་གོང་གཡའ་དག་པའམ། ཤེལ་དཀར་འོ་མས་གང་བ་ལྟ་བུར་གྱུར། མཐར་ཡེ་ཤེས་ཀྱི་བདུད་རྩིས་ལུས་ཐམས་ཅད་དཀར་ལྟེམས་ཀྱིས་གང་བར་མོས་ཤིག །གཟུངས་རིང་ཚར་གསུམ་དང་། ཉེ་སྙིང་ཚར་གསུམ་གྱི་རྗེས་ལ། སརྦ་པཱ་པཾ་སྡིག་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། སརྦ་བིགྷྣཱན་བགེགས་ཐམས་ཅད༴ སརྦ་རོ་ག་ནད་ཐམས་ཅད༴ སརྦ་དུཥྚན་གདོན་ཐམས་ཅད༴ སརྦ་ཛྭ་རཾ་རིམས་ནད༴ སརྦ་ཨུ་པ་དྲ་བེ་ཉེ་བར་འཚེ་བ༴ སརྦ་ག་ཧེ་གཟའ་དང་རྒྱུ་སྐར་གྱི་གནོད་པ༴ སརྦ་ཨ་ཀཱ་ལ་མྲི་ཏྱུ་དུས་མ་ཡིན་པའི་འཆི་བ༴ སརྦ་དུར་སྭ་སྣ་རྨི་ལམ་ངན་པ༴ སརྦ་དུར་ནི་མིཏྟེ་ལྟས་ངན༴ སརྦ་ཙིཏྟ་བྱཱ་ཀུ་ལི་སེམས་ཀྱི་གཡེང་བ་ངན་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ལ་བུམ་ཆུས་ཁ་བཤལ་བ་དང་བཀྲུ་བ་དང་བཏུང་བར་བྱའོ། །གསུམ་པ་ནི། རྡོ་རྗེ་དང་བཅས་པའི་ལག་གཡས་ཀྱིས་ཀུ་ཤ་དང་རྨ་བྱ་ཐོགས། གཉིས་པ་བྱབས་པའི་ཆོ་ག་བགྱི་བ་ལ། མདུན་མཁར་བཞུགས་པའི་རྡོ་རྗེ་རྣམ་པར་འཇོམས་པའི་ཕྱག་གཡས་བྱབས་པའི་རྫས་ཀྱིས་ཁྱེད་རང་རྣམས་ལ་བྱབས་པས། བཀྲུས་པའི་ལྷག་མ་སྒོ་གསུམ་ལ་ནད་གདོན་སྡིག་སྒྲིབ་ཅུང་ཟད་ཡོད་པ་ཐམས་ཅད་རྒྱ་མཚོ་ཆེན་པོའི་ནང་དུ་ཕྱགས་ནས་སང་སང་དག་པར་མོས་ཤིག །སྔར་གྱི་ཁྲུས་ཆུ་མདུན་དུ་བཞག་པ་ལ་བྱབས་པའི་ཚུལ་བྱས་ཏེ། གཟུངས་རིང་དང་ཉེ་སྙིང་བརྗོད་ལ་ཚིག་སྔ་མ་རྣམས་ཀྱི་མཇུག །སརྦ་ཤཱིནྟཾ་ཀུ་རུའི་ཚབ་ཏུ། སརྦ་ཨཱ་པ་ན་ཡ་སྭཱ་ཧཱ། ཞེས་སྦྱར་ལ་ཁྲུས་ཆུའང་ཆུ་བོར་འདོར་བཅུག་གོ། །བཞི་པ་ནི། བཀྲུས་ཤིང་བྱབས་པ་དེ་དག་ལས་ཕྱིར་མི་ལྡོག་པའི་སླད་དུ་སྲུང་བའི་གོ་བགོ་བ་ནི། མདུན་མཁར་བཞུགས་པའི་རྡོ་རྗེ་རྣམ་པར་འཇོམས་པའི་ཕྱག་གཡས་པའི་རྡོ་རྗེ་རྩེ་བཅུ་གཅིག་པ་ལས་རྡོ་རྗེ་ཕྲ་མོ་གྲངས་མེད་པ་འཕྲོས་ཏེ། ཁྱེད་རང་རྣམས་ཀྱི་ལུས་མགོ་མཇུག་མེད་པར་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུབ་ཏུ་གཡོགས་པར་མོས་ཤིག །གཟུངས་རིང་ཉེ་སྙིང་དག་དང་། སྤེལ་ཚིག་སྔ་མ་གཉིས་ཀྱི་ཚབ་ཏུ། རཀྵ་རཀྵ་སྭཱ་ཧཱ། ཞེས་སྦྱར་བ་བརྗོད་ཅིང་གནས་བདུན་དུ་རྡོ་རྗེ་རྒྱ་གྲམ་རེ་བཞག་གོ། །དེ་ནས་གལ་ཆེ་ན་དབང་གི་མཇུག་ཆོག་ལྟར་གཏོར་དབང་བསྐུར་ཞིང་བཟླས་ལུང་སྦྱིན། གོ་བགོ་ཞིང་ཕན་ཡོན་བརྗོད་པའི་མཐར། གདན་དཀར་པོ་བརྗེས་ལ། ད་ནི་འཁོར་བ་མཚོན་པའི་གདན་ནག་པོ་སྤངས་ནས། ཐར་པའི་བདེ་བ་དམ་པ་མཚོན་པའི་གདན་དཀར་པོའི་སྟེང་དུ་ཕྱིན་པ་ལ། བླ་མ་དང་དཀྱིལ་འཁོར་པའི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཤིས་བརྗོད་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་མོས་ཤིག་བྱས་ལ་ཤིས་པ་རྒྱས་པར་བརྗོད། སློབ་མར་དབང་བསྐུར་གྱི་སྐབས་བྱབས་ཁྲུས་མི་དགོས་ལ། ཅི་སྟེ་སྤྱི་འགྲོ་ལྟར་མོས་ཤིང་སྤྲོ་ན། ཐོག་མར་བཀྲུ་བྱབས་སྲུང་གསུམ་བྱས་ནས། འཇུག་པའི་ཆོ་གའི་མཎྜལ་འབུལ་བ་ལ་འཇུག །སྐབས་འདིར་ཐོག་མའི་གླུད་གཏོར་འདོར་ལེན་གང་བདེས་ཆོག་གོ། །གཉིས་པ་སློབ་མ་རྗེས་འཛིན་དབང་གི་ཆོ་ག་ལ་གསུམ། དཀྱིལ་འཁོར་དུ་འཇུག་པའི་ཆོས། དངོས་གཞི་དབང་བསྐུར་བ། རྗེས་མཐའ་རྟེན་གྱི་རིམ་པའོ། །དང་པོ་ལ། སྡོམ་ནི། ཁྲུས་དང་མཎྜལ་གསོལ་དང་གནང་། །ཐུན་མོང་ཐུན་མིན་སྡོམ་པ་བཟུང་། །ཆས་འཇུག་བགེགས་བསྐྲད་བྱིན་གྱིས་བརླབ། །སྲུང་དང་དབབ་དང་མེ་ཏོག་དོར། །སྤྱན་དབྱེ་མཐོང་བསྟན་ལྷ་ངོ་སྤྲད། །ཅེས་ཆོས་བཅོ་ལྔ་ཡོད་པ་ལས། དང་པོ་ནི། ཟུང་དུ་མ་གྱུར་པའི་སློབ་མ་རྣམས་ཕྱི་རོལ་སྒོ་དྲུང་དུ་ལས་བུམ་གྱི་ཆུས་ཁྲུས་བྱ། གཉིས་པ་ལ་ལོ་རྒྱུས་བཤད་པས་མཚམས་སྦྱར་བ་ནི། སེམས་བསྐྱེད་གསལ་བཏབ་ལ། གང་གསན་པར་བྱ་བའི་ཆོས་ནི་རིགས་ཐམས་ཅད་ཀྱི་ཁྱབ་བདག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་མི་བསྐྱོད་པ་སོགས་ཞི་བ་དང་། དཔལ་ཆེན་བཛྲ་ཧེ་རུ་ཀ་སོགས་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོམ་བུ་མཐའ་ཡས་པ་སྤྲོ་ཞིང་། གཞན་ཡང་གང་འདུལ་དེར་སྟོན་གྱི་རྣམ་པར་རོལ་བའི་སྤྲིན་རྒྱ་མཚོས་ཆོས་དབྱིངས་རྒྱས་པར་གཏམས་ཏེ་འགྲོ་བའི་དོན་མཛས་པ་ལས། ཕྱོགས་རེའི་སྣང་ཚུལ་དུའང་གསང་སྔགས་ནང་པའི་སྐབས་སུ་རྒྱལ་ཚབ་ཀྱི་སྐྱེས་བུ་རྡོ་རྗེ་ཆོས་རབ་དང་རྡོ་རྗེ་སྙིང་པོ། རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར་སོགས་སུ་གྲགས་ཤིང་། སྔགས་ཕྱི་པའི་སྐབས་སུ་དཔལ་གསང་བའི་དབང་པོ་དང་རྡོ་རྗེ་རྣམ་པར་འཇོམས་པ་ལ་སོགས་པའི་སྐུར་སྣང་བ་དང་། ཡོངས་སུ་གྲགས་པར་ལག་ན་རྡོ་རྗེ་འཛིན་པའི་གཟུགས་ཀྱིས་རྒྱལ་བ་རྣམས་ཀྱི་གསང་བའི་མཛོད་གཉེར་ཞིང་། སངས་རྒྱས་སྲས་དང་སློབ་མར་བཅས་པའི་ཕྱི་ནང་གསང་བའི་བར་ཆད་སྲུང་བར་མཛད་པ་ལས་འདིར་མི་མཐུན་པ་ཞི་བའི་ཕྲིན་ལས་ལ་ཆེད་དུ་བསྔགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེའང་། རྒྱུད་དོ་ཅོག་གི་རྩ་བ་སྟེ། ཞེས་གསུངས་པ་ལ་འཕགས་ཡུལ་གྱི་སློབ་དཔོན་ཁ་ཅིག་གིས་བྱ་རྒྱུད་འཇིག་རྟེན་ལས་འདས་པའི་རིགས་གསུམ་གྱི་ཡ་གྱལ་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་ལ་རྒྱུད་སྡེ་བརྒྱ་རྩ་བརྒྱད་དུ་བཞུགས་པ་ལས་ཐོག་མ་ཁོ་ནར་འདི་ཉིད་གསུངས་པས་དེ་ཐམས་ཅད་ཀྱི་རྩ་བར་འབྲུ་གཉེར་ཞིང་བྱ་རྒྱུད་ཁོ་ནར་བཞེད་པ་དང་། རྣལ་འབྱོར་གྱི་དབང་ཕྱུག་བི་རཱུ་པ་སོགས་ཀྱིས་བླ་མེད་དུ་བཀྲལ་ཞིང་རྒྱུད་སྡེ་བཞིའི་ལས་སྒྲུབ་པའི་ལྷ་སྔགས་ཐམས་ཅད་ཀྱི་རྩ་བར་བཞེད་པ་ལྟར། པཎ་ཆེན་དྲི་མེད་བཤེས་གཉེན་སོགས་ཀྱང་དོན་གྱིས་དེ་ལྟར་བཞེད་པར་གསལ་ཞིང་། ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་དམ་པའི་ཆོས་བསྒྱུར་བའི་ཐོར་མར་རྗེ་འབངས་ཡོངས་ཀྱི་ཐུགས་དམ་གྱི་ཆོས་སུ་ཉེ་བར་མཁོ་ཞིང་མེད་དུ་མི་རུང་བ་ལོ་པཎ་ཀུན་བཀའ་བགྲོས་ཏེ་རྒྱལ་པོ་མདོ་ལྔར་གྲགས་པ་བསྒྱུར་བའི་ནང་ཚན། རྡོ་རྗེ་རྣམ་པར་འཇོམས་པ་ཁྲུས་ཀྱི་མདོ། ཞེས་པ་འདི་བྱུང་ཞིང་ཡོངས་སུ་གྲགས་པས། དེའི་རྗེས་འབྲེལ་དུ་སྒྲུབ་ཐབས་ཀྱི་བཀའ་སྲོལ། དབང་དང་རྗེས་གནང་གི་རིགས་མཐའ་ཡས་པ་གསར་རྙིང་ཀུན་ལ་བྱོན་པའི་ནང་ནས། ད་ལམ་གྱི་འཆད་བྱ་འདི་ནི། གཙོ་བོར་པཎ་ཆེན་བི་མ་ལ་མི་ཏྲས་གཉགས་ཛྙཱ་ན། དེས་སོག་པོ་དཔལ་ཡེ། དེས་སྲུ་ལེགས་པའི་སྒྲོན་མ་ལ་གནང་བ་སྔ་འགྱུར་བཀའ་མའི་ཆོས་སྡེར་གཏོགས་པ་ཡིན། དེ་ལས་བརྒྱུད་པའི་རིང་ལུགས་རྒྱས་བསྡུས་མང་དུ་འཕེལ་བ་ལས། འདིར་ནི་བཀའ་སྡེ་ཟུར་པའི་རིག་འཛིན་རྣམས་ལས་རྒྱལ་བ་ཀཿཐོག་པ་ཆེན་པོ་དམ་གཙང་བྱམས་གསུམ་དང་སྤྱན་ལྔ་རྣམ་གཉིས་སོགས་ལ་བརྒྱུད་པ་ཡིན་ཅིང་། ཕྱི་འགྱུར་བ་རི་པའི་ལུགས་ཀྱི་སྒྲུབ་ཐབས་འདོད་པ་ཚིག་དོན་གཅིག་པ་ལོ་ཙཱ་བ་ཆོས་ཀྱི་བཟང་པོ་ནས། སྨར་ཁམས་ཤེས་རབ་བླ་མ་སོགས་ལ་བརྒྱུད་དེ་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ལས་སྤྱན་སྔ་རིན་པོ་ཆེ་བསོད་ནམས་བུམ་པས་གསན་ཅིང་ཆུ་བོ་གཅིག་འདྲེས་སུ་གྱུར་པ་སྟེ། དེ་ལྟ་བུའི་བཀའ་སྲོལ་རྨད་དུ་བྱུང་བ་རྣམ་འཇོམས་ཁྲོ་དཀར་ལྷ་བཅུ་དགུ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་བགྱིད་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་གྲུབ། ཁྱོད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །གསུམ་པ་ནི། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་སྤྱན་སྔར་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ་གྱི་གསོལ་བ་བཏབ། བཞི་པ་ནི། དེ་ལྟར་གསོལ་བ་བཏབ་པས་སྣོད་རུང་གི་གནང་བ་བྱིན་ཅིང་སྔགས་ཀྱི་ཐེག་པར་བློ་དགུག་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ། བུ་ཚུར་ཐེག་པ་ཆེན་པོ་པ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་པས། །གསང་སྔགས་སྤྱོད་པའི་ཆོ་ག་ནི། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་པ། །གང་དག་དེ་བཞིན་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་འདི། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་བྱོས་ཤིག །ཅེས་བརྗོད། ལྔ་པ་ནི། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སོགས་སྒྲུབ་ཐབས་ལྟར་ལན་གསུམ་བྱ། དྲུག་པ་ནི། ཐུན་མོང་པ་ཡིན་པ་རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་དུ་བཟུང་བར་བགྱིའོ་སྙམ་པའི་འདིའི་རྗེས་ཟློས། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་བསྐྱེད་པའི། །སྡོམ་པ་དེང་ནས་གཟུང་བར་བགྱི། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །མཆོད་པའི་ལས་ནི་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་བགྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་གྲོལ། །དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བྱའོ། །བདུན་པ་ནི། དཀྱིལ་འཁོར་འདི་ཉིད་སྔོན་ཆད་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་བར་ཞུ། ༀ་ཙཀྵུ་བནྡྷ་བ་ར་མ་ཎཱ་ཡེ་སྭཱ་ཧཱ། ཞེས་མིག་དར་དང་། ལྷ་དང་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེའི་མེ་ཏོག་ཕོན་པོ་ཕྱག་ཏུ་ཐོགས་པར་མོས་ཤིག །ༀ་ཨཱཿཁཾ་བཱི་ར་ཧཱུྃ། ཞེས་ཅོད་པན་གཏད། བརྒྱད་པ་ནི། བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་ནས་འོད་ཟེར་དང་ཁྲོ་ཆུང་གི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཁྲུགས་པས་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་མོས་ཤིག །ༀ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་ཡུངས་ཐུན་གུ་གུལ་དུད་པ་རོལ་མོའི་སྒྲ་བྱའོ། །དགུ་པ་ནི། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེས་རྒྱས་གདབ་པར་མོས་ཤིག །སློབ་མའི་གནས་གསུམ་དུ་དྲིའི་ཐིག་ལེ་བཀོད་དེ། ༀ་མ་ཏི་སྠི་ར་བཛྲ་ༀ། ཤཱུ་ཏི་སྠི་ར་བཛྲ་ཨཱཿ པྲ་ཏི་སྠི་ར་བཛྲ་ཧཱུྃ། ཞེས་བརྗོད་ལ་རྡོ་རྗེའང་གནས་གསུམ་དུ་གཏུགས། ཁྱེད་རང་རྣམས་ཀྱི་མིག །རྣ་བ། སྣ། ལྕེ། ལུས། སྙིང་ཁ་རྣམས་སུ་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་རེས་རྒྱས་བཏབ་པར་མོས་ཤིག །དྲི་ཐིག་དང་རྡོ་རྗེ་གནས་དྲུག་ཏུ་བཞག་ལ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧྱེ་ཧི་བཛྲ། ཤྲཱིགྷྲཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། ཞེས་བརྗོད། བཅུ་པ་ནི། ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུགས་སུ་གཡོགས་པར་མོས་ཤིག །ༀ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལ་མཱ་བརྟྟ་ཡ་སྭཱ་ཧཱ། ཞེས་བརྗོད་ལ་རྡོ་རྗེ་རྒྱ་གྲམ་གྱིས་གནས་རྣམས་སུ་རེག་གོ། །བཅུ་གཅིག་པ་ནི། དབང་གི་གཞི་འགོད་པར་ཡེ་ཤེས་པ་དབབ་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་རྡོ་རྗེ་སེམས་དཔའ་དབབ་ཏུ་གསོལ། ལན་གསུམ། ཞེས་གསོལ་བ་བཏབ་པས་བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གིས་མཚན་པ་མཚོ་ལ་ཁ་བ་བབས་པ་བཞིན་བྱོན་ནས་ཁྱོད་རང་རྣམས་ཀྱི་ལུས་ལ་ཞུགས་པར་མོས་ཤིག །གུ་གུལ་དུད་པ་བཏང་། རོལ་མོ་བསྒྲག །རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་དང་རྡོ་རྗེའི་ཆར་བབས་ནས་སློབ་མའི་རྒྱུད་བྱིན་གྱིས་རློབ་པར་དམིགས་ལ། གཙོ་བོ་དང་ཁྲོ་བཅུའི་སྔགས་ཤམ་དུ། པྲ་བེ་ཤ་ཡ་ཕཊ། ཅེས་བཏགས་པ་དྲག་ཏུ་བརྗོད་ལ་དབབ། མཐར་རྒྱ་གྲམ་མགོར་བཞག་ལ། ཏིཥྛ་བཛྲ་ཧཱུྃ་གིས་བརྟན་པར་བྱའོ། །བཅུ་གཉིས་པ་ནི། སྔར་བྱིན་པའི་རིན་པོ་ཆེའི་མེ་ཏོག་དེ་ཉིད་རང་གི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པའི་འདུན་པས་འདིའི་རྗེས་ཟློས་དང་བཅས་དཀྱིལ་འཁོར་དུ་འདོར་བར་ཞུ། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། །པྲ་ཏི་གྲྀཧྞ་བཛྲ་ཧོཿ ཞེས་མེ་ཏོག་དཀྱིལ་འཁོར་དུ་འདོར་དུ་གཞུག །སླར་ཡང་མེ་ཏོག་དེ་ཉིད་རིགས་མཆོག་ལྷའི་དབང་རྟགས་སུ་སྤྱི་བོར་བཅིངས་པར་མོས་ཤིག །ༀ་པྲ་ཏི་གྲིཧྞ་ས་མ་ཡ་མ་ཧཱ་ས་ཏྭ། སེམས་དཔའ་སྟོབས་པོ་ཆེས་འདི་ཟུང་ཞིག །ཅེས་མེ་ཏོག་སློབ་མའི་སྤྱི་བོར་བཞག་གོ། །བཅུ་གསུམ་པ་ནི། ཁྱེད་རང་རྣམས་ཀྱི་མིག་ཏུ་ཡི་གེ་ཨ་དམར་པོ་རེ་རེ་གསལ་བའི་འོད་ཟེར་གྱིས་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེས་པས་ཐམས་ཅད་མཐོང་གྱུར་ཏེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ༀ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་ཧྲཱིཿ ཞེས་རྡོ་རྗེ་དང་བཅས་པའི་མིག་ཐུར་གྱིས་གདོང་གཡོགས་བསལ་ལོ། །བཅུ་བཞི་པ་ནི། རྡོ་རྗེའི་ཕྱག་ཤིང་གི་མཚོན་ཏེ། ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །མེ་ཏོག་གང་དུ་ཕོག་གྱུར་པའི། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ༀ་བཛྲ་པ་ཤྱ་ཧོཿ ཞེས་བལྟ་བར་བསྐུལ། བཅོ་ལྔ་པ་ནི། དེའང་འབྱུང་བཞི་རི་རབ་རིམ་བརྩེགས་ཀྱི་སྟེང་སྲུང་བའི་འཁོར་ལོ་རྡོ་ར་མེ་རི་དང་བཅས་པའི་དབུས་སུ། ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་རྒྱན་དང་རྟ་བབས་གར་གྱི་སྣམ་བུ་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གི་ལྟེ་བར་པད་ཉིའི་གདན་ལ། རྡོ་རྗེ་རྣམ་པར་འཇོམས་པ་དཀར་གསལ་རྡོར་དྲིལ་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་ཅན་ཡུམ་རྡོ་རྗེ་ལུ་གུ་རྒྱུད་མ་དམར་མོ་ལྕགས་སྒྲོག་བུམ་པ་བསྣམས་པས་འཁྱུད་ཅིང་སེམས་སྐྱིལ་གྱིས་བཞུགས་པ། ཕྱི་རོལ་པདྨ་འདབ་བཞི་ལ། སངས་རྒྱས་སྤྱན་མ། མཱ་མ་ཀཱི། གོས་དཀར་མོ། དམ་ཚིག་སྒྲོལ་མ་སྟེ་རིགས་ཀྱི་ཡུམ་བཞི། དེའི་ཕྱི་རོལ་འཁོར་ལོ་རྩིབས་བཅུ་ལ་ཁྲོ་བོ་ཆེན་པོ་བཅུ། དེ་རྒྱབ་སྒོ་བཞི་ལ་སྒོ་མ་ཆེན་པོ་བཞི་སྟེ། རྣམ་འཇོམས་དཀར་པོ་ལྷ་བཅུ་དགུ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཇལ་བར་མོས་པས་དད་གུས་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །དེ་དག་ཀྱང་ཁྱོད་རང་རྣམས་ཀྱི་ཡི་དམ་གྱི་ལྷ་ཡིན་པར་ངོ་ཤེས་པར་གྱིས་ཤིག །ཅེས་ངོ་སྤྲད་དོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ་གསུམ། གསོལ་བ་འདེབས་པ། བུམ་དབང་། ལྷ་དབང་ངོ་། །དང་པོ་ནི། དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་ནས ། དངོས་གཞིའི་དབང་བསྐུར་ཞུ་བའི་སླད་རུ་ཐོག་མར་མཎྜལ་འབུལ་བར་ཞུ། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས། །བདེ་གཤེགས་རྣམས་ཀྱི་བདེ་གསོལ་ཕྱིར། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དབང་མཆོག་བསྐུར་དུ་གསོལ། །ཞེས་ལན་གསུམ་བརྗོད་དུ་གཞུག །གཉིས་པ་ནི། རྣམ་རྒྱལ་བུམ་པ་བླངས་ལ། བླ་མ་དང་རྡོ་རྗེ་རྣམ་པར་འཇོམས་པ་ཐ་མི་དད་པའི་ཕྱག་ན་རིན་པོ་ཆེའི་བུམ་པ་འཛིན་པས་ཁྱེད་རང་རྣམས་ལ་དབང་བསྐུར་བའི་མོས་པ་མཛོད་ཅིག་བྱས་ལ། བུམ་པ་ཆོས་དབྱིངས་དག་པའི་གཞལ་ཡས་ནས། །བདུད་རྩི་ཡིད་བཞིན་རྒྱ་མཚོ་འཁྱིལ་བ་ཡིས། །དུག་གསུམ་ནད་དང་སྡུག་བསྔལ་ཞི་ནས་ཀྱང་། །དབང་མཆོག་དེས་ཀྱང་ཆོས་ཉིད་རྟོགས་པར་ཤོག །བུདྡྷ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ༀ། བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱྂ། པདྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ ཞེས་བུམ་པ་མགོ་བོའི་གནས་ལྔར་བཞག །སྨོན་ལམ་ནི། བུམ་ཆུས་དབང་བསྐུར་བས་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་དག་པར་གྱུར་ཅིག །སྨན་ལྔའི་དབང་བསྐུར་བས་དུག་ལྔའི་སྒྲིབ་པ་དག་པར་གྱུར་ཅིག །དྲི་ལྔའི་དབང་བསྐུར་བས་ཕུང་པོ་ལྔའི་སྒྲིབ་པ་དག་པར་གྱུར་ཅིག །སྤོས་ལྔའི་དབང་བསྐུར་བས་དབང་པོ་ལྔའི་སྒྲིབ་པ་དག་པར་གྱུར་ཅིག །འབྲུ་ལྔའི་དབང་བསྐུར་བས་སྟོབས་ལྔ་ཐོབ་པར་གྱུར་ཅིག །རིན་པོ་ཆེ་ལྔའི་དབང་བསྐུར་བས་ཡེ་ཤེས་ལྔ་ཐོབ་པར་གྱུར་ཅིག །སྙིང་པོ་ལྔའི་དབང་བསྐུར་བས་སྐུ་ལྔ་ཐོབ་པར་གྱུར་ཅིག །གཞན་ཡང་བུམ་པའི་ཆས་ཐམས་ཅད་ཀྱི་དབང་བསྐུར་བས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་མ་ཚང་བ་མེད་པ་ཐོབ་པར་གྱུར་ཅིག །ཅེས་མེ་ཏོག་འཐོར་རོ། །གསུམ་པ་ནི། གཙོ་འཁོར་བཅུ་དགུའི་ལྷ་ཙཀ་རྣམས་རིམ་བཞིན་སྤྱི་བོར་བཞག་ལ། གཞལ་ཡས་ཁང་གི་དབུས་ནས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་བྱོན་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་ཞིང་བྱིན་གྱིས་རློབ་པར་མོས་ཤིག །ཧཱུྃ། རྡོ་རྗེ་འཛིན་པའི་སྐུ་འདི་ནི། །དག་ཅིང་གསལ་ལ་བཟུང་དུ་མེད ། །གཟུགས་ཕུང་རྣམ་པར་དག་བྱེད་པ། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ༀ་བཛྲ་བི་ད་ར་ཎ་ཨ་བྷི་ཥིཉྩ་ཧཱུྃ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་དབང་བསྐུར་བས། ཉོན་མོངས་པ་གཟུགས་ཀྱི་ཕུང་པོ་གནས་སུ་དག་ནས་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར་ཅིག །མེ་ཏོག་ཕྲེང་བ་སྤྱི་བོར་བཅིངས་ལ། ཡུམ་རྡོ་རྗེ་ལྕགས་སྒྲོག་མའི་ངོ་བོ་མེ་ཏོག་ཕྲེང་བ་དར་དཔྱངས་དང་བཅས་པ་སྤྱི་བོར་བཅིངས་པར་མོས་ཤིག །རིག་པའི་དོན་ལྡན་མེ་ཏོག་ཕྲེང་། །ཆོས་ཉིད་དར་གྱི་རྒྱན་བཏགས་ཏེ། །ཆེ་བའི་ཡོན་ཏན་རྫོགས་པའི་དབང་། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ༀ་བཛྲ་ནི་ཤྲི་ཁ་ལེ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཡུམ་གྱི་སྒོ་ནས་མེ་ཏོག་གི་ཕྲེང་བས་དབང་བསྐུར་བས་ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས་པའི་དབང་ཐོབ་པར་གྱུར་ཅིག །གཙོ་བོའི་ཕྱི་རིམ་པདྨ་འདབ་བཞིའི་སྟེང་ནས་ཡུམ་བཞི་རིམ་པར་བྱོན་ཏེ་མིང་ལ་སོགས་པའི་དབང་བསྐུར་སྩལ་བར་མོས་ཤིག །ང་ནི་སངས་རྒྱས་སྤྱན་མ་སྟེ། །མིང་གི་དབང་མཆོག་ང་ལ་གནས། །གཏི་མུག་རྣམ་པར་དག་བྱེད་པའི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ༀ་སྥོ་ཊ་བཛྲ་བཛྲ་དྷཱིཿ ཨ་བྷི་ཥིཉྩ་ཧཱུྃ། སངས་རྒྱས་སྤྱན་མ་མིང་གི་དབང་བསྐུར་བས། ཉོན་མོངས་པ་གཏི་མུག་གནས་སུ་དག་ནས་ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར་ཅིག །ང་ནི་བཅོམ་ལྡན་མཱ་མ་ཀཱི། །དབུ་རྒྱན་དབང་མཆོག་ང་ལ་གནས། །ང་རྒྱལ་རྣམ་པར་དག་བྱེད་པའི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ༀ་ཀ་ཊ་བཛྲ་བཛྲ་ཏྲཱཾ། ཨ་བྷི་ཥིཉྩ་ཧཱུྃ། མཱ་མ་ཀཱི་དབུ་རྒྱན་གྱི་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་གནས་སུ་དག་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །ང་ནི་ཤེས་རབ་གོས་དཀར་མོ། །རྡོ་རྗེའི་དབང་མཆོག་ང་ལ་གནས། །འདོད་ཆགས་རྣམ་པར་དག་བྱེད་པའི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ༀ་མ་ཊ་བཛྲ་བཛྲ་རྂ། ཨ་བྷི་ཥིཉྩ་ཧཱུྃ། གོས་དཀར་མོ་རྡོ་རྗེའི་དབང་བསྐུར་བས། ཉོན་མོངས་པ་འདོད་ཆགས་གནས་སུ་དག་ནས་སོ་སོར་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །ང་ནི་དམ་ཚིག་སྒྲོལ་མ་སྟེ། །དྲིལ་བུའི་དབང་མཆོག་ང་ལ་གནས། །ཕྲག་དོག་རྣམ་པར་དག་བྱེད་པའི། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ༀ་མ་ཐ་མ་ཐ་བཛྲ་ཏྲཱྂ། ཨ་བྷི་ཥིཉྩ་ཧཱུྃ། དམ་ཚིག་སྒྲོལ་མ་དྲིལ་བུའི་དབང་བསྐུར་བས། ཉོན་མོངས་པ་ཕྲག་དོག་གནས་སུ་དག་ནས་བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །དེ་རྒྱབ་འཁོར་ལོ་རྩིབས་བཅུའི་སྟེང་ནས་ཁྲོ་བོ་ཆེན་པོ་བཅུ་རིམ་པར་བྱོན་ཏེ་སྤྱི་བོ་ནས་དབང་བསྐུར་ཞིང་བྱིན་གྱིས་རློབ་པར་མོས་ཤིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ཞེ་སྡང་རྣམ་དག་བདག་ཉིད་ཅན། །དྲི་ཟ་འདུལ་མཛད་རྡོ་རྗེ་བསྣམས། །རྣམ་པར་རྒྱལ་པས་དབང་བསྐུར་རོ། །ༀ་དྷུ་ན་དྷུ་ན་བཛྲ་ཧཱུྃ། ཨ་བྷི་ཥིཉྩི་ཧཱུྃ། ཁྲོ་བོ་རྣམ་པར་རྒྱལ་བའི་དབང་བསྐུར་བས། ཤར་ཕྱོགས་དྲི་ཟའི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །ང་རྒྱལ་རྣམ་དག་མཉམ་ཉིད་ཅན། །གཤིན་རྗེ་འཇོམས་མཛད་རྡོ་རྗེ་བསྣམས། །གཤིན་རྗེ་གཤེད་པོས་དབང་བསྐུར་རོ། །ༀ་པ་ཙ་པ་ཙ་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོའི་དབང་བསྐུར་བས་ལྷོ་ཕྱོགས་གཤིན་རྗེའི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །འདོད་ཆགས་རྣམ་དག་བདག་ཉིད་ཅན། །ཆུ་ལྷ་འདུལ་མཛད་རྡོ་རྗེ་བསྣམས། །རྟ་མཆོག་རྒྱལ་པོས་དབང་བསྐུར་རོ། །ༀ་དྷ་ར་ཡ་དྷ་ར་ཡ་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཆེན་པོ་རྟ་མགྲིན་རྒྱལ་པོའི་དབང་བསྐུར་བས་ནུབ་ཕྱོགས་ཆུ་ལྷའི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ཕྲག་དོག་རྣམ་དག་བདག་ཉིད་ཅན། །གནོད་སྦྱིན་འདུལ་མཛད་རྡོ་རྗེ་བསྣམས། །བདུད་རྩི་འཁྱིལ་བས་དབང་བསྐུར་རོ། །ༀ་ཚིནྡྷ་ཚིནྡྷ་བཛྲ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བའི་དབང་བསྐུར་བས་བྱང་ཕྱོགས་གནོད་སྦྱིན་གྱི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་དབྱུག་པ་སྔོན་པོ་ནི། །མེ་ལྷའི་གདུག་པ་འདུལ་མཛད་པ། །དབྱུག་སྔོན་རྒྱལ་པོས་དབང་བསྐུར་རོ། །ༀ་ད་ཧ་ད་ཧ་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན་གྱི་དབང་བསྐུར་བས། ཤར་ལྷོ་མེ་ལྷའི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་མི་གཡོ་མགོན་པོ་སྟེ། །སྲིན་པོའི་གདུག་པ་འདུལ་མཛད་པ། །མི་གཡོ་མགོན་པོས་དབང་བསྐུར་རོ། །ༀ་དྷ་ར་དྷ་ར་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོའི་དབང་བསྐུར་བས། ལྷོ་ནུབ་སྲིན་པོའི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་གཞན་གྱིས་མི་ཐུབ་པ། །རླུང་ལྷའི་གདུག་པ་ཞི་མཛད་པ། །གཞན་གྱིས་མི་ཐུབ་དབང་བསྐུར་རོ། །ༀ་དཱ་རུ་ཎ་དཱ་རུ་ཎ་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པའི་དབང་བསྐུར་བས། ནུབ་བྱང་རླུང་ལྷའི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་ཁམས་གསུམ་རྣམ་རྒྱལ་ནི། །འབྱུང་པོའི་གདུག་པ་འདུལ་མཛད་པ། །ཁམས་གསུམ་རྣམ་རྒྱལ་དབང་བསྐུར་རོ། །ༀ་བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བའི་དབང་བསྐུར་བས། བྱང་ཤར་དབང་ལྡན་གྱི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་ཧཱུྃ་སྒྲ་སྒྲོགས་པ་སྟེ། །སྟེང་ཕྱོགས་དྲེགས་པ་འདུལ་མཛད་པ། །ཧཱུྃ་སྒྲ་སྒྲོགས་པས་དབང་བསྐུར་རོ། །ༀ་ཧ་ར་ཧ་ར་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཆེན་པོ་ཧཱུྃ་ཀ་རའི་དབང་བསྐུར་བས། སྟེང་ཕྱོགས་ཉི་ཟླ་གཟའ་སྐར་གྱི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་མནོན་མཛད་རྒྱལ་པོ་སྟེ། །ཀླུ་དང་ས་བདག་འདུལ་མཛད་པ། །སྟོབས་ཆེན་གནོན་པའི་དབང་བསྐུར་རོ། །ༀ་མ་ཐ་མ་ཐ་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུཾ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེའི་དབང་བསྐུར་བས། འོག་ཕྱོགས་ཀླུ་དང་ས་བདག་གི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །དཀྱིལ་འཁོར་ཆེན་པོའི་སྒོ་མ་བཞི་རིམ་པར་བྱོན་ཏེ་སྤྱི་བོ་ནས་དབང་བསྐུར་ཞིང་བྱིན་གྱིས་རློབ་པར་མོས་ཤིག །ཤར་སྒོ་སྲུང་བའི་སྒོ་མ་ནི། །དཀར་མོ་ལྷ་ཡི་གདོན་སྲུང་མ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག །ༀ་ཧུ་ལུ་ཧུ་ལུ་བཛྲ་ཛཿ ཨ་བྷི་ཥིཉྩ་ཧཱུྃ། སྒོ་མ་ལྕགས་ཀྱུ་མས་དབང་བསྐུར་བས་ནད་གདོན་ཐམས་ཅད་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ལྷོ་སྒོ་སྲུང་བའི་སྒོ་མ་ནི། །སེར་མོ་གཤིན་རྗེའི་གདོན་སྲུང་མ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཚེ་དབང་ལོངས་སྤྱོད་རྒྱས་པར་ཤོག །ༀ་ཏིཥྛ་ཏིཥྛ་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། སྒོ་མ་ཞགས་པ་མས་དབང་བསྐུར་བས་ཚེ་དབང་ལོངས་སྤྱོད་ཐམས་ཅད་རྒྱས་པའི་དབང་དང་ལྡན་པར་གྱུར་ཅིག །ནུབ་སྒོ་སྲུང་བའི་སྒོ་མ་ནི། །དམར་མོ་ཀླུའི་གདོན་སྲུང་མ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །འགྲོ་བ་དབང་དུ་འདུ་བར་ཤོག །ༀ་བྷནྡྷ་བྷ ནྡྷ་བཛྲ་བཾ། ཨ་བྷི་ཥིཉྩ་ཧཱུྃ། སྒོ་མ་ལྕགས་སྒྲོག་མས་དབང་བསྐུར་བས་འགྲོ་བ་ཐམས་ཅད་དབང་དུ་འདུ་བའི་དབང་དང་ལྡན་པར་གྱུར་ཅིག །བྱང་སྒོ་སྲུང་བའི་སྒོ་མ་ནི། །ལྗང་གུ་གནོད་སྦྱིན་གདོན་རྣམས་སྲུང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག །ༀ་ཧ་ན་ཧ་ན་བཛྲ་ཧོཿ ཨ་བྷི་ཥིཉྩ་ཧཱུྃ། སྒོ་མ་དྲིལ་བུ་མས་དབང་བསྐུར་བས་དགྲ་བགེགས་ཐམས་ཅད་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཅེས་མེ་ཏོག་འཐོར་རོ། །གསུམ་པ་མཐའ་རྟེན་རྗེས་ཀྱི་དབང་ལ་ལྔ། གཏོར་དབང་། སྔགས་དབང་། གོ་བགོ། ཕན་ཡོན། བཀྲ་ཤིས་བརྗོད་པའོ། །དང་པོ་ནི། དེ་ལྟར་དབང་གི་དངོས་གཞི་གྲུབ་ནས་མཐའ་རྟེན་གྱི་ཆོས་རྣམས་རིམ་པར་བསྒྲུབ་པའི་ཐོག་མར་བདག་གཞན་སེམས་ཅན་ཐམས་ཅད་གནས་སྐབས་ཉེ་བར་འཚེ་བའི་བར་ཆད་ཞི་ཞིང་མཐར་ཐུག་མཆོག་གི་གོ་འཕང་ལ་སྦྱོར་བའི་སླད་དུ་བྱིན་རླབས་གཏོར་མའི་དབང་བསྐུར་ཞུ་བར་བགྱི་འོ་སྙམ་པའི་ཐུགས་བསྐྱེེད་གསལ་ཐོབ་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག །གཏོར་ཆེན་ལས་རྡོར་གྱིས་བཏེགས་ལ། གཏོར་སྣོད་འདི་ཉིད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ། ཐར་པ་ཆེན་པོའི་གྲོང་ཁྱེར་ཡངས་ཤིང་རྒྱ་ཆེ་ལ་ཉམས་དགའ་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དེའི་མདུན་དུ་ཡུམ་རྡོ་རྗེ་ལུ་གུ་རྒྱུད་མ་སྐུ་མདོག་དམར་མོ་གཡས་ལྕགས་སྒྲོག་གཡོན་བུམ་པ་འཛིན་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཕྱི་རོལ་པདྨ་འདབ་བཞི་ལ་སྤྱན་མ་སོགས་ཡུམ་བཞི། དེའི་ཕྱི་རོལ་འཁོར་ལོ་རྩིིབས་བཅུ་ལ་ཧཱུྃ་མཛད་སོགས་ཁྲོ་བོ་བཅུ། སྒོ་བཞིར་སྒོ་མ་བཞི་རྣམས་དང་བཅས་པའི་སྟེང་གི་ཆ་ལ་རྩ་བརྒྱུད་བླ་མ། བར་གྱི་ཆ་ལ་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། རྡོ་རྗེའི་ཁྲོ་བོ་དང་ཁྲོ་མོ། །མཐའ་བསྐོར་དུ་རིག་པའི་ལྷ་མོ་བཀའ་ཉན་མངགས་གཞུག་དང་བཅས་པས་བསྐོར་ཞིང་སྤྲིན་གཏིབས་པ་ལྟར་བཞུགས་པར་གསལ་ཐོབ་ཅིག །དེ་དག་ལ་མོས་གུས་བྱས་པས་ནམ་མཁའི་དབྱིངས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས། ཁྲོ་བོ་རྣམས་ཀྱིས་བྲོ་བརྡུངས། ཁྲོ་མོ་རྣམས་ཀྱིས་གར་བྱེད། ཧཱུྃ་ཧཱུྃ་དང་ཕཊ་ཕཊ་ཀྱི་དྲག་སྔགས་འབྲུག་ལྟར་སྒྲོགས་པས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་རྐྱེན་བགེགས་བར་དུ་གཅོད་པ་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་སྒོམས་ཤིག །བྱས་ལ་མདོ་གཟུངས་ཀྱི་དབུ་ནས་བརྩམ། ཉེ་སྙིང་གི་བར་ཚར་གཅིག་བརྗོད་གཏོར་མ་མགོར་བཞག །དྲིལ་བུ་གསིལ་ཞིང་ཉེ་སྙིང་གི་སྐབས་འཐོར་ནས་བྲབ། ཡང་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས་ཁྲོ་ཆུང་དང་རྡོ་རྗེའི་མཚོན་ཆར་གྲངས་མེད་པ་སི་ལི་སི་ལི་བྱུང་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པས་ནད་གདོན་རྐྱེན་བགེགས་བར་ཆད་ཐམས་ཅད་སང་སང་དག་པར་སྒོམས་ཤིག །མདོ་གཟུངས་འཐོར་ནས་སོགས་སྔ་མ་ལྟར་འགྲེ། ཡང་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས་ཡེ་ཤེས་ཀྱི་མེ་ཕུང་རབ་ཏུ་འབར་བ་བྱུང་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་རྐྱེན་བགེགས་བེ་ཐེལ་རྒྱལ་འགོང་ཀླུ་གཉན་ས་བདག་བྱད་མ་གནོད་བྱེད་ལ་སོགས་པ་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་བཞིན་དུ་ནག་ཆོམ་ཆོམ་བསྲེགས་པར་སྒོམས་ཤིག །གཟུངས་སོགས་གོང་ལྟར། ཡང་ལྷ་ཚོགས་དེ་རྣམས་ཀྱི་སྐུའི་ཆ་ཐམས་ཅད་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་སིབ་སིབ་བྱུང་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་རྐྱེན་བགེགས་བར་ཆད་ཐམས་ཅད་ཉི་མས་གྲིབ་སོ་དེད་པ་བཞིན་དུ་ནག་ནུར་གྱིས་དེད་འོག་སྒོ་དང་སེན་ཕྲག་རྣམས་སུ་བུད་ནས་དབང་ཆེན་གསེར་གྱི་ས་གཞིའི་ཞབས་སུ་སོང་བས། ལུས་ཕྱི་ནང་མེད་པ་ཡེ་ཤེས་ཀྱི་བདུད་རྩིས་དཀར་ལྟེམ་གྱིས་གང་བར་སྒོམས་ཤིག །གཟུངས་སོགས་གོང་མཚུངས་གྲུབ་རྗེས། ཨརྒྷཾ་སོགས་ཀྱིས་མཆོད། བདེ་གཤེགས་དྲི་མེད་ཤློ་ཀ་གཅིག་གིས་བསྟོད། ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་ལྟེམ་གྱིས་སོང་བ་འདི་ཉིད་ཁྱེད་རང་རྣམས་ལ་བྱིན་པས། ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་ནས་ཁྱེད་རང་རྣམས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་པོ་རྡོར་དྲིལ་འཛིན་ཅིང་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གྱུར་པའི་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་ནས་འབྲས་ཙམ་གྱིས་གང་བར་མོས་ཤིག །ཅེས་བྱས་ལ་གཏོར་མ་དྲི་བཟང་གི་ཆུས་བཤལ་བ་སྦྱིན་ནོ། །གཉིས་པ་ནི། དེ་ནས་སྔགས་བཟླས་པའི་ལུང་བླང་བའི་སླད་དུ། བླ་མ་དང་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་དབྱེར་མེད་པའི་ཐུགས་ཀ་ནས་གཟུངས་སྔགས་ཀྱི་ཡིག་འབྲུ་ཐམས་ཅད་མར་མེ་གཅིག་ལས་གཉིས་མཆེད་པའི་ཚུལ་དུ་བྱུང་ནས་ཁྱེར་རང་རྣམས་ཀྱི་སྙིང་ཁར་ཐིམ་པའི་མོས་པ་མཛོད་ཅིག །ཅེས་ཕྲེང་བ་འཛིན་དུ་བཅུག་ལ་མདོ་གཟུངས་ཡོངས་རྫོགས་ཉེ་སྙིང་གི་བར་དང་། ཉེ་སྙིང་ཉིད་རྗེས་ཟློས་ལན་གསུམ་བྱར་གཞུག་གོ། །གསུམ་པ་ནི། མདུན་བསྐྱེད་སྐུའི་འོད་ཟེར་ལས་བྱུང་བའི་ཕྱག་རྒྱ་བཞིའི་གོ་ཆས་ཁྱེད་རང་རྣམས་ལ་ཞུ་ལུབས་སུ་གཡོགས་པས་ཕྱིན་ཆད་བགེགས་དང་བར་ཆད་གང་གིས་ཀྱང་མི་ཚུགས་པའི་མོས་པ་མཛོད་ཅིག །ཕྱག་རྒྱ་ལྔའི་ཙཀླིའམ་རྡོ་རྗེ་མགོར་བཞག་ལ། ཧཱུྃ། ཅིས་ཀྱང་མི་ཆོད་མི་ཤིགས་པ། །རྡོ་རྗེའི་གོ་ཆ་བླ་ན་མེད། །རྡོ་རྗེའི་གོ་ཆས་བསྲུང་དུ་གསོལ། །ༀ། ཅིས་ཀྱང་མི༴ འཁོར་ལོའི༴ འཁོར་ལོའི་གོ་ཆས༴ ཏྲཱྂ། ཅིས་ཀྱང༴ རིན་ཆེན་གོ་ཆ༴ རིན་ཆེན་གོ་ཆས༴ ཧྲཱིཿ ཅིས་ཀྱང་༴ པདྨའི་ཆོ་ག༴ པདྨའི་གོ་ཆས༴ ཧཱ། ཅིས་ཀྱང་༴ རྒྱ་གྲམ་གོ་ཆ་བླ་ན་མེད། །རྒྱ་གྲམ་གོ་ཆས་བསྲུང་དུ་གསོལ། །ཞེས་དང་། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །རྡོ་རྗེ་རྣམ་པར་འཇོམས་པའི་བྱིན་རླབས་ཀྱིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་པས། །ཕྱིན་ཆད་སུས་ཀྱང་གནོད་པ་མ་བྱེད་ཅིག །བཛྲ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད། བཞི་པ་ནི། དེ་ནས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་སྔགས་ཀྱི་ཆེ་བའི་ཡོན་ཏན་རྣམས་ཡིད་ལ་དྲན་ཅིང་དད་མོས་དགའ་སྤྲོ་སྐྱེད་བཞིན་པས་འདིའི་ལད་མོ་མཛོད། །སྡིག་པ་ཐམས་ཅད་བྱང་བྱས་ནས། །སོགས་ཕན་ཡོན་ཚང་བར་བརྗོད་པའི་མཇུག །སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་པའི་ཚིག་རྐང་གཅིག་པུ་ལན་གསུམ་བྱའོ། །ལྔ་པ་ནི། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་བཅས་མཁའ་དབྱིངས་གང་བ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་དགེ་ལེགས་མེ་ཏོག་ཆར་དུ་བསྙིལ་བས། མི་མཐུན་པའི་རྒུད་པ་མཐའ་དག་ཞི་ཞིང་། མཐུན་རྐྱེན་ལེགས་པའི་ཡོན་ཏན་མ་ལུས་པ་འཕེལ་རྒྱས་རྟག་པའི་རང་བཞིན་དུ་བྱིན་གྱིས་བརླབ་པར་མོས་ཤིག །མེ་ཏོག་འཐོར། དྲིལ་བུ་གསིལ་ཞིང་། ༀ། འབྲས་བུའི་རྡོ་རྗེ་སངས་རྒྱས་རྡོ་རྗེ་འཆང་། །ལམ་གྱི་རྡོ་རྗེ་རྡོ་རྗེ་ཐེག་པའི་ཆོས། །རྒྱུ་ཡི་རྡོ་རྗེ་དགེ་འདུན་རྡོ་རྗེའི་རིགས། །མཆོག་གསུམ་རྡོ་རྗེས་སྐྱོབ་པའི་བཀྲ་ཤིས་ཤོག །སངས་རྒྱས་སྟོང་གི་རྡོ་རྗེའི་གསུང་འཛིན་ཅིང་། །རྡོ་རྗེའི་ལུས་ཅན་ལག་ན་རྡོ་རྗེ་འཛིན། །རྡོ་རྗེའི་གསུང་གིས་རྡོ་རྗེའི་ཧཱུྃ་སྒྲ་སྒྲོགས། །རྡོ་རྗེ་རྣམ་པར་འཇོམས་པའི་བཀྲ་ཤིས་ཤོག །གཉེན་པོ་རྡོ་རྗེས་མི་དགེ་བཅུ་པོ་འཇོམས། །སྟོབས་བཅུ་རྡོ་རྗེས་འཇིག་རྟེན་སྐྱོང་བཅུ་གནོན། །ཕ་རོལ་ཕྱིན་བཅུའི་རྡོ་རྗེ་མཐར་ཕྱིན་པ། །རྡོ་རྗེ་ཁྲོ་རྒྱལ་བཅུ་ཡི་བཀྲ་ཤིས་ཤོག །རྡོ་རྗེའི་རིགས་ཅན་ཚངས་དབང་རྒྱལ་ཆེན་དང་། །རྡོ་རྗེའི་བཀའ་ཉན་ཕྱོགས་སྐྱོང་ལྷ་ཀླུ་དང་། །རྡོ་རྗེའི་ཕོ་ཉ་གཟའ་དང་རྒྱུ་སྐར་ཚོགས། །རྡོ་རྗེའི་རིགས་ཀྱི་སྲུང་མའི་བཀྲ་ཤིས་ཤོག །རིན་ཆེན་བུམ་པ་རྡོ་རྗེས་མཚན་པ་ལ། །རྟེན་འབྲེལ་རྫས་དང་རྡོ་རྗེའི་ཆུས་བཀང་སྟེ། །རྡོ་རྗེའི་གཟུངས་ཐག་རྡོ་རྗེའི་ཏིང་འཛིན་སྤྲོས། །རྡོ་རྗེ་དག་བྱེད་ཁྲུས་ཀྱི་བཀྲ་ཤིས་ཤོག །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྡོ་རྗེས་འཇོམས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྡོ་རྗེས་འདུལ། །ནད་རིགས་བཞི་བརྒྱ་རྩ་བཞི་རྡོ་རྗེས་ཞི། །རྡོ་རྗེའི་སྨོན་ལམའགྲུབ་པའི་བཀྲ་ཤིས་ཤོག །ༀ་བཛྲ་པཱ་ཎི་ཀཱ་ཡ་ཝཱ་ཀྐཱ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བརྗོད་དོ། །གསུམ་པ་དེ་དག་གི་མཇུག་བསྡུ་བའི་རིམ་པར་གཉིས། དབང་དང་། དཀྱིལ་འཁོར་གྱི་རྗེས་རིམ་མོ། དང་པོ་ནི། དེ་ལྟར་ན་དེ་དག་གི་སྒོ་ནས་སྔ་འགྱུར་པཎ་ཆེན་དྲི་མེད་བཤེས་གཉེན་དང་། ཕྱི་འགྱུར་གྲུབ་ཐོབ་པ་རི་པའི་བཀའ་སྲོལ་ཆུ་བོ་གཅིག་ཏུ་འདུས་ཤིང་བྱིན་རླབས་དང་ལྡན་པའི་རྡོ་རྗེ་རྣམ་འཇོམས་ཁྲོ་དཀར་ལྷ་བཅུ་དགུ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཡོངས་སུ་རྫོགས་པར་གྲུབ་པ་ཡིན་པས། དེ་དག་གི་སྐབས་སུ་ཐོབ་ཅིང་སོགས་སྤྱི་ལྟར་མཚམས་སྦྱར་ལ། དམ་ཚིག་བཟུ ང་བ། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་བྱས་ལ་སློབ་མ་གྱེས་སོ། །གཉིས་པ་ལ་བདུན། མཆོད་བསྟོད་བསྔོ་སྨོན་བཟོད་གསོལ་དང་། །གཤེགས་བསྡུ་བཀྲ་ཤིས་རྒྱས་གདབ་བོ། །ཞེས་པ་ལྟར་ལས། དང་པོ་ནི། མཆོད་པ་གསར་དུ་བཤམས་པའམ་ཁ་གསོས་ལ་བྱིན་གྱིས་བརླབ། མདུན་བུམ་དུ་བཤད་པའི་ཚིགས་བཅད་གང་རུང་གིས་མཆོད་དོ། །གཉིས་པ་ནི། གཙོ་འཁོར་ཡོངས་རྫོགས་ཀྱི་བསྟོད་པ་བུམ་བསྐྱེད་ལྟར་བྱ། གསུམ་པ་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །ལྟ་བུ་ཐེག་པ་ཆེན་པོའི་བསྔོ་སྨོན་གང་འགྲུབ་བྱ། བཞི་པ་ནི། དྲིལ་བུ་གསིལ་ཞིང་ཡིག་བརྒྱ་ལན་གསུམ་བརྗོད་ལ། གང་ཡང་བདག་བློ་རྨོངས་པ་ཡིས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཞེས་དང་། མ་རྙེད་ཡོངས་སུ་སོགས་ཤློ་ཀ་བརྗོད་ཅིང་ནོངས་པ་བཤགས། ལྔ་པ་ནི། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ནས། ༀ་བཛྲ་མུཿས་དཀྱིལ་འཁོར་གྱི་ཡེ་ཤེས་པ་རྣམས་ཆོས་ཀྱི་དབྱིངས་སུ་གཤེགས། ཧཱུྃ་ཞེས་བརྗོད་པས་དམ་ཚིག་པ་རྣམས་བདག་ལ་ཐིམ་པར་མོས་ལ། བདག་བསྐྱེད་བསྡུ་ཞིང་གནས་སྲུང་པའི་ཚུལ་གོང་དུ་བསྙེན་པའི་འཕྲོས་དོན་སྐབས་བཤད་པ་ལྟར་བྱའོ། །དྲུག་པ་ནི། དཀོན་མཆོག་གསུམ་གྱི་ཤིས་བརྗོད་སྤྱི་དང་། བྱེ་བྲག་ཏུ། བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་འཇམ་དཔལ་དབྱངས་ཀྱི་སྐུ། །བདེ་གཤེགས་སྐུ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཅོམ་ལྡན་དངུལ་མདོག་རི་ཡི༴ འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་ཀྱི་གསུང་། །བདེ་གཤེགས་གསུང་གི༴ བཀྲ་ཤིས༴ བཅོམ་ལྡན་མཐིང་མདོག་རི་ཡི༴ འཇིག་རྟེན་གསུམ་མགོན་ཕྱག་ན་རྡོ་རྗེའི་ཐུགས། །བདེ་གཤེགས་ཐུགས་ཀྱི༴ བཀྲ་ཤིས་དེས༴ ཤར་ལྷོ་ནུབ་བྱང་དཔལ་བེ་འཁོར་ལོ་དང་། །པདྨ་རྒྱལ་མཚན་གདུགས་བུམ་དུང་དང་ཉ། །ལྷ་མོ་བརྒྱད་ཀྱི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་སོགས་ཤིས་པའི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་དོ། །བདུན་པ་ནི། རྡུལ་ཚོན་ཡོད་ན་ཨ་ཀཱ་རོས་བསྡུ་ཞིང་འཁོར་གསུམ་མི་དམིགས་པའི་ལྟ་བས་རྒྱས་གདབ། མཆོད་པའི་ཡོ་བྱད་ལོངས་མི་སྤྱད་པར་གཙང་སར་དོར་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །བརྒྱུད་ལྡན་རིག་འཛིན་མགུལ་གྱི་བུམ་པ་ལས། །དག་བྱེད་བདུད་རྩིའི་ཀླུང་དུ་ཕབ་པ་འདིར། །རང་བློའི་དུག་ཅན་ཆུ་ཡིས་བསླད་མིན་ཀྱང་། །བཀའ་སྲོལ་མི་ནུབ་བཙས་སུ་རྒྱས་པར་སྤེལ། །རྡོ་རྗེའི་ཁྲུས་ཀྱིས་ཕྱི་ནང་ཉེས་ཚོགས་སྤྱངས། །རྡོ་རྗེའི་རིགས་སྔགས་གྲུབ་པས་ཚེ་འདི་ལ། །སྒྲིབ་གཉིས་བག་ཆགས་རྣམ་པར་འཇོམས་བྱེད་པ། །རྡོ་རྗེ་ཁྲོ་བོའི་རྒྱལ་དང་མཚུངས་པར་ཤོག །ཅེས་པ་འདིའང་སྔ་འགྱུར་བསྟན་པའི་རྨང་གཞི་ཀཿཐོག་གྲུབ་པའི་དབང་ཕྱུག་རྣམས་ཀྱི་ཡིག་ཆ་རྙིང་པ་ལ་བརྟེན་ནས་ཁྱེར་བདེ་འདུས་གསལ་གྱི་ཚུལ་དུ། དྭགས་རྙིང་གི་རྗེས་འཇུག་རྟགས་ཙམ་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གདན་ས་ཆེན་པོ་དཔལ་སྤུང་ཡང་ཁྲོད་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་ནག་ལྷ་བཅོ་ལྔ་པའི་སྒྲུབ་ཐབས་གཟུངས་ཀྱི་ཆོ་ག་དང་བཅས་པ་སྦྱོང་བྱེད་རྡོ་རྗེའི་བུམ་པ། བློ་གྲོས་མཐའ་ཡས།

རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་ནག་ལྷ་བཅོ་ལྔ་པའི་སྒྲུབ་ཐབས་གཟུངས་ཀྱི་ཆོ་ག་དང་བཅས་པ་སྦྱོང་བྱེད་རྡོ་རྗེའི་བུམ་པ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་བི་དཱ་ར་ཎཱ་ཡ། བདུད་འཇོམས་རྡོ་རྗེ་མེ་ལྕེ་རབ་འབར་བ། །ཚན་པོ་ཆེ་དང་སྲེད་མེད་བུ་ཡིས་ཀྱང་། །ཆ་ཙམ་མི་བསྐྲུན་སྟོབས་བཅུའི་དབྱིག་བསྡུས་པ། །ཕྱག་ན་བརྗིད་པས་བགེགས་འདུལ་མཛད་དེར་འདུད། །གང་དེའི་སྒྲུབ་ཐབས་ཀུན་ལས་ཟབ་དྲགས་པ། །གནུབས་ཆེན་གསང་བའི་མཛོད་ལས་ལེགས་འོངས་ཤིང་། །གྲུབ་པའི་རིག་འཛིན་དུ་མའི་ཕྱག་ཆ་ནི། །འདི་ཉིད་ཡིན་གྱིས་བློ་ལྡན་ཡིད་དགར་བྱོས། །སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱི་ལུགས་གནུབས་ཆེན་པོ་ནས་བརྒྱུད། རྒྱལ་བ་ཀཿཐོག་པ་ལ་བཀའ་བབས་པ། གྲིབ་གདོན་མི་གཙང་བ་སེལ་བ་ལ་མཆོག་ཏུ་བསྔགས་པ་རྣམ་འཇོམས་ཁྲོ་ནག་ལྷ་བཅོ་ལྔ་པའི་ལྷ་མང་གི་གཟུངས་ཀྱི་ཆོ་ག་ཉམས་སུ་ལེན་པའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། དང་པོ་ལ་གཉིས། བཅས་བཤམས་དང་། གང་ཟག་འཇུག་པའི་རིམ་པའོ། །དང་པོ་ནི། བདག་བསྐྱེད་སྒོ་ནས་བསྙེན་པ་བྱེད་པའི་སྐབས་སྔོན་གཏོར་དང་ཕྱི་མཆོད། ཐུན་མཚམས་གཏོར་འབུལ་བྱེད་ན་དེའི་ཆས་ཙམ་ལས་གང་ཡང་མི་དགོས། གཟུངས་ཆོག་གི་སྐབས་སུ། གནས་གཙང་མར་གཟའ་སྐར་དུས་ཚོད་བཟང་པོ་ལ་སྟེགས་བུ་དྲིས་ཆག་ཆག་གདབ་པའི་སྟེང་དུ་མེ་ཏོག་གི་ཚོམ་བུ་དབུས་སུ་གཅིག །དེ་རྒྱབ་མཚམས་བཞིར་བཞི། དེ་རྒྱབ་བཅུ་ཁོ་ནའམ། སྒོ་བཞི་བསྣན་ན་དེ་རྒྱབ་བཞི་བཅས་དགུར་བཀོད་པ་ལྟར་མོས། རིན་པོ་ཆེའི་བུམ་པ་གུ་གུལ་དང་དྲི་ཆབ་ཀྱིས་བྱུག་བདུག་བྱས་ལ། ༀ་བཛྲ་ཨ་མྲི་ཏེ་ཧཱུྃ་ཕཊ། ཅེས་བརྗོད། འབྲུ་ལྔ་བླུགས་ལ། ༀ་བྲྀ་ཧ་པཉྩ་སིདྡྷི་ཨཱཿཧཱུྃ། སྨན་ལྔ། ༀ་ཨཱ་མྲྀ་ཏ་པཉྩ་སིདྡྷི་ཨཱཿཧཱུྃ། རིན་ཆེན་ལྔ། ༀ་རཏྣ་པཉྩ་སིདྡྷི་ཨཱཿཧཱུྃ། དྲི་ལྔ། ༀ་དྷུ་པེ་པཉྩ་སིདྡྷི་ཨཱཿཧཱུྃ། སྙིང་པོ་ལྔ། ༀ་ཀརྨ་པཉྩ་སིདྡྷི་ཨཱཿཧཱུྃ། མགུལ་ཆིངས་སྔོན་པོ་བཅིངས་ལ། ༀ་ཀཉྩ་ལི་ཀ་སིདྡྷི་ཧཱུྃ། ཆུ་གཙང་གིས་སུམ་གཉིས་བཀང་ལ། སྭ་བྷཱ་ཝའི་སྔགས་བརྗོད། ཁ་རྒྱན་གཟུག་སྟེ། ༀ་བླཀྵ་ཀལྤ་ཨ་བྷི་ཥིཉྩ་ཨཱཿཧཱུྃ། གཟུངས་ཐག་བཏགས་ལ། ཧཱུྃ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཨཱཿཧཱུྃ། ཉེ་སྙིང་གི་མཐར། ས་མ་ཡ་ཏིཥྛ་ལྷན། ཅེས་བཏགས་པ་བཟླ་བཞིན་དུ་དཀྱིལ་འཁོར་གྱི་དབུས་སུ་མཉྫི་ལ་བཞག །ལས་བུམ་བྱང་ཤར་དུ་བཀོད། རྒྱབ་ངོས་སུ་རིན་པོ་ཆེའི་སྣོད་དུ་བཤོས་བུ་སྟོད་ཟུར་གསུམ་པ་ལ་བཤོས་ཕྲན་བཅུ་གཉིས་ཀྱིས་བསྐོར་བ་རྒྱན་སྤྲོས་ཅན་དང་། དཀར་གཏོར་ཆ་བཞི་ཡང་བཤམ། བྱང་ཤར་དུ་མཚམས་འཛིན་ནས་བརྩམས་ཕྱི་མཆོད་གཡས་བསྐོར་དུ་བྱ། གཞན་ཡང་སྔོན་གཏོར། བྱབ་པའི་རྫས་ཀུ་ཤ་རྨ་བྱ། བྲབ་པའི་རྫས་ཡུངས་ཀར་འཐོར་ནས་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་འཚོགས་པར་བྱའོ། གཉིས་པ་ལ་ལྔ། ཉེ་རེག་འཐོར་འཐུང་གི་སྒོ་ནས་ཁྲུས་བྱ་བ། ཡན་ལག་བདུན་པ་བསགས་སྦྱོང་སྤེལ་བ། སྔོན་གཏོར་བཏང་བ། མཆོད་པ་བྱིན་རླབས། སྐྱབས་འགྲོ་སེམས་བསྐྱེད་དོ། །དང་པོ་ནི་ཆུ་གཙང་དྲི་བཟང་སྦྱ྄ར་བ་མདུན་དུ་བཞག །ལག་པ་གཡོན་པའི་མཐེབ་སྲིན་བར་དུ་རྡོ་རྗེ་བཟུང་ལ། རང་གི་མཐེབ་སྲིན་ཉི་ཟླའི་དཀྱིལ་འཁོར་དུ་གྱུར་པའི་བར་དུ་ཨ་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་དྲི་ཆབ་ཉིད་ཨའི་རང་བཞིན་དུ་གྱུར། དེའི་ལག་མཐིལ་གཡས་གཡོན་དུ་ཟླམ་པོར་བྱས་ལ། ལག་མཐིལ་གཡས་གཡོན་གཉིས་སུ་ཟླ་བའི་དཀྱིལ་འཁོར། ཐལ་མོ་སྦྱར་ལ། དེ་གཉིས་ཁ་སྦྱར་བའི་བར་དུ་ཨ་ཡིག་ཡུངས་འབྲུ་ཙམ་གྱིས་གང་བར་གྱུར། མགོ་ལྕེ་སྙིང་ག་རྣམས་སུ་བྱུག་ཚུལ་བྱས་ལ། ལུས་དང་ངག་དང་ཡིད་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་བྱིན་བརླབས། ཕྱོགས་བཅུར་འཐོར་ལ། སྟོང་གསུམ་ཐམས་བཅད་ཀྱང་དེ་བཞིན་དུ་བྱིན་གྱིས་བརླབས་པར་གྱུར། བསྡུ་ན་དེ་ཙམ་གྱིས་འཐུས་པས་ཆུའི་ལྷག་མས་རང་ལུས་བཀྲུ་ཞིང་འཐུང་བ་སོགས་བྱ། སྤྲོ་ན་གོང་གིས་རྗེས་སུ། དྲི་ཆབ་གཡོན་གྱི་ལག་མཐིལ་དུ་བླུགས་ཏེ། ལག་པ་གཡོན་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་ཨས་མཚན་པ། གཡས་པའི་མཐིལ་དུ་ཉི་མའི་དཀྱིལ་འཁོར་ཧཱུྃ་གིས་མཚན་པ། གཡས་པའི་སྲིན་ལག་གིས་འཐོར་ལ། དེ་ལས་འོད་འཕྲོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་བར་གྱུར། ཞེས་པ་ནི་འཐོར་བའོ། །གནས་གསུམ་དུ་ཐིག་ལེ་བྱས་ལ། གནས་གསུམ་དུ་ༀ་ཨཱཿཧཱུྃ་གསུམ་དུ་གྱུར་ཏེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། ཅེས་པ་ནི་རེག་པའོ། །ལྷག་མ་ཕྱེད་ཁོང་དུ་བཏུང་། སྒྲིབ་པ་ཐམས་ཅད་དག་ནས་ལུས་རྡོ་རྗེའི་རང་བཞིན་དུ་མོས་པ་ནི་འཐུང་བའོ། །ཕྱེད་ཀྱིས་ཕྱི་ནས་བཀྲུས་པས། ལས་དང་ཉོན་མོངས་པའི་སྒྲིབ་པ་བྱང་ནས་འབྲས་བུ་ལ་ཉེ་བར་མོས་པ་ནི་ཉེ་བའི་དོན་དུ་ཤེས་པར་བྱའོ། །གཉིས་པ་ནི། མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་བཞིན་དུ་གསལ་བར་གྱུར། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་མདུན་པ་ཚང་བར་བྱ། གསུམ་པ་ནི། སྔོན་གཏོར་ལ་ཆབ་བྲན་ཏེ། ༀ་བཛྲ་ཨ་མྲྀ་ཏེ་ཧཱུྃ་གིས་བསང་། སྭ་བྷཱ་ཝ་ས་སྦྱང་། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱནྣུཏྤནྣ་ཏྭད་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བྱིན་བརླབས། སརྦ་ལོ་ཀ་པཱ་ལ་ཨེ་ཧྱེ་ཧི། པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་དང་། སརྦ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ན་མཿསརྦ་སོགས་ནས། གྲྀཧྞ་དཾ་བ་ལྱ་དི་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། ས་ལ་རྒྱུ་བའི་ལྷ་ཀླུ་དང་། །གང་ཡང་ས་ལ་བརྟེན་པ་རྣམས། །སེམས་ཅན་ཀུན་ལ་དགེ་དོན་དུ། །བྱམས་པའི་སེམས་ཀྱིས་གནས་པར་མཛོད། །ལྷ་ཀླུ་འབྱུང་པོ་མཐུ་བོ་ཆེ་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱིས། དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་ཕྱིན་པའི་ཕྲིན་ལས་མཛོད་ཅིག །གང་དག་ནག་པོའི་ཕྱོགས་སུ་གྱུར་པའི་དཀྱིལ་འཁོར་ཆེན་པོ་ལ་ལྟ་བར་མི་དབང་བའི་བགེགས་གང་ཡིན་པ་དེ་དག་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདིས་ཚིམས་པར་གྱིས་ལ། བདག་གི་བྱ་བ་མ་འགྲུབ་ཀྱི་བར་དུ་འདིར་མ་གནས་པར་གཞན་དུ་དེངས་ཤིག །ༀ་སུཾ་བྷ་ནི་སོགས་ཧཱུྃ་བཞིའི་དྲག་སྔགས་བརྗོད་ལ་བསྐྲད་དོ། །བཞི་པ་ནི། མཆོད་རྫས་བསང་སྦྱང་། སྟོང་པའི་ངང་ལས་ཏྲཱྂ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ༀ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོའི་སྒྲ་དང་བཅས་པ་ནམ་མཁའ་བར་སྣང་ཐམས་ཅད་ཡོངས་སུ་གང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། པདྱཾ་ནས། ཤཔྡའི་བར་དེ་བཞིན་དུ་སྦྱར་བས་བརླབ། ༀ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙཱ་ལི་ནི། པྲཛྙཱ་པ་ར་མི་ཏ་ནཱ་ད་སཾ་བྷ་བེ། བཛྲ་དྷརྨ་ཧྲྀ་ད་ཡ་སན་ཏོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ་ཧོཿ ཨཱཿཁཾ་སྭཱ་ཧཱ། ཞེས་བརྗོད་ལ་རོལ་མོ་བསྒྲག་ཅིང་བྱིན་དབབ་བོ། །ལྔ་པ་ནི། བདག་གཞན་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །རྡོ་རྗེ་རྣམ་པ་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་གྲངས་སུ་བརྗོད་ལ་སྐྱབས་སུ་འགྲོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་གྱི་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ་མོ། །གཉིས་པ་དངོས་གཞི་ལ་བཞི། རང་དོན་དུ་བདག་བསྐྱེད་ལ་བརྟེན་པའི་བསྙེན་པ། གཉིས་དོན་དུ་བུམ་པ་ལ་བརྟེན་པའི་གཟུངས་ཆོག །དེ་གཉིས་ཀའི་ཡན་ལག་གཏོར་འབུལ། གཞན་དོན་ཕྲིན་ལས་ཀྱི་རིམ་པའོ། །དང་པོ་ལ། བསྐྱེད་ཅིང་སྤྱན་དྲངས་འཁྲུས་གདན་འབུལ། །ཕྱག་མཆོད་བསྟོད་བསྟིམ་བཟླས་པའོ། །ཞེས་ཆོས་དགུ་རུ་ཡོད་པའི་དང་པོ་དམ་ཚིག་པ་བསྐྱེད་པ་ནི། ༀ་སྭ་བྷཱ་ཝ་སོགས། ཅིའང་མི་དམིགས་པ་སྟོང་པ་ཉིད་དུ་བསམ་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །སྟོང་པའི་ངང་ལས། ཨེ་ལས་ནམ་མཁའ། ཡཾ་ལས་རླུང་། རཾ་ལས་མེ། བཾ་ལས་ཆུ། ལཾ་ལས་སའི་དཀྱིལ་འཁོར། སུཾ་ལས་རི་རབ་ཀྱི་སྟེང་དུ་རྡོ་རྗེ་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་འཁོར་ལོ་རྩིབས་བཞི་སྣ་ཚོགས་མདོག །དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་མཐིང་ནག །འཁོར་ལོའི་ལྟེ་བར་པཾ་ལས་པདྨ། ཨ་ལས་ཟླ་བ། རཾ་ལས་ཉི་མའི་སྟེང་དུ་རང་སེམས་ཧཱུྃ་མཐིང་ནག་འབར་བར་གྱུར། ན་མཿཙཎྜ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད་པས། བདག་ཉིད་བཅོམ་ལྡན་འདས་རྣམ་པར་འཇོམས་པ་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་འདོར་ཐབས་ཀྱིས་ཉི་མའི་གདན་ལ་བརྫིས་པ། ཤིན་ཏུ་ཁྲོས་པའི་སྤྱན་གསུམ་དམར་ལ་ཟླུམ་པ། བསྐལ་པའི་མེ་དཔུང་གི་ཀློང་ན་བཞུགས་པ། །མཆེ་བ་རྣོ་དཀར་ཟངས་ཡག་ཏུ་གཙིགས་པ། །ཨག་ཚོམ་སྨ་ར་ཁམ་པ་གྱེན་དུ་བརྫེས་པ། །དབུ་སྐྲ་ཁམ་སེར་གྱེན་དུ་བཅིངས་པའི་རྩ་བར་སྦྲུལ་དང་རྡོ་རྗེའི་ཕྲེང་བས་བཅིངས་པ། གཡས་རྡོ་རྗེ་རྒྱ་གྲམ་བསྐོར་བའི་ཚུལ་དུ་འཛིན་པ། གཡོན་པ་སྡིགས་མཛུབ་ཐུགས་ཀར་སྒྲེང་བ། སྐུ་སྨད་ལ་སྟག་ལྤགས་ཀྱིས་ཤམ་ཐབས་བྱས་པ། སྐུ་སྟོད་ལ་དར་ལྗང་གུའི་ཆོས་གོས་མནབས་པའི་འཕེལ་ཀ་རླུང་གིས་གཡེང་བ་ལྟ་བུ། དབུའི་རལ་ཆིངས་རྒྱལ་རིགས་དཀར་པོ་ལ་བྱས་པ། རྣ་རྒྱན་རྗེའུ་རིགས་སེར་པོ་ལ་བྱས་པ། ཕྱག་གདུབ་བྲམ་ཟེ་དམར་པོ་ལ་བྱས་པ། ཞབས་གདུབ་གདོལ་པ་ནག་པོ་ལ་བྱས་པ། ཀླུའི་ཕོ་ཉའི་རིགས་ནག་པོ་སེ་རལ་ཁར་ཐོགས་པ། དབུ་ལ་རིན་པོ་ཆེ་པྲོག་ཞུ། སྙན་ཆ་དང་། མགུལ་རྒྱན་དང་། ཕྱག་གདུབ་དང་། ཞབས་གདུབ་དང་། །སྐུ་རེགས་བཅིངས་པ། འོད་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱི་སྒྲ་འབྲུག་སྟོང་ལྡིར་བ་ལྟར་སྒྲོགས་པ། གདུག་པ་ཅན་ཐམས་ཅད་འདུལ་བའི་ཚམ་རྔམས་ཀྱི་སྐུར་གསལ་བར་གྱུར། དེ་ལྟར་བསྐྱེད་ནས། གནས་བདུན་འབྲས་བུའི་བྱང་ཆུབ་སེམས་དཔའ་བདུན་གྱི་ངོ་བོར་བྱིན་གྱིས་བརླབ་པ་ནི། ༀ་སརྦ་བིདྱ་བཛྲ་བཛྲ། སྤྱི་བོར་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་ཨཱོཾ་གྱིས་མཚན་པ། སྥོ་ཊ་བཛྲ་བཛྲ་མགྲིན་པར་པདྨའི་སྟེང་དུ་རྡོ་རྗེ་དམར་པོ་ཨཱཿས་མཚན་པ། ཀ་ཊ་བཛྲ་བཛྲ། ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན་པ། མ་ཊ་བཛྲ་བཛྲ། ལྟེ་བར་རིན་པོ་ཆེ་ཟུར་བརྒྱད་ཀྱི་སྟེང་དུ། རྡོ་རྗེ་སེར་པོ་ཏྲཱྂ་གིས་མཚན་པ། མ་ཐ་བཛྲ་བཛྲ། གསང་གནས་སུ་ཨེ་གྲུ་གསུམ་གྱི་སྟེང་དུ་རྡོ་རྗེ་ལྗང་གུ་ཧཱས་མཚན་པ། ཨཥྚ་ཧ་ས་ནཱི་ལ་བཛྲ། དཔུང་པ་གཡས་སུ་ཟླ་བའི་སྟེང་དུ་རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན་པ། སུ་བཛྲ་ཡ་སྭཱ་ཧཱ། དཔུང་པ་གཡོན་དུ་ཉི་མའི་སྟེང་དུ་རྡོ་རྗོ་མཐིང་ནག་ཧཱུྃ་གིས་མཚན་པར་གྱུར། ཞར་བྱུང་ལྕེ་ལག་བྱིན་གྱིས་བརླབ་པ་ནི། རང་གི་ལྗགས་རྡོ་རྗེ་རྩེ་གསུམ་པ་ཕྲེད་ཉལ་དུ་འདུག་པའི་བུམ་པར་ཧཱུྃ་གིས་མཚན་པ། ལག་པ་རྡོ་རྗེ་རྩེ་ལྔ་པ་བུམ་པ་གདུ་བུ་ལྟར་འདུག་པའོ། །འཁོར་བསྐྱེེད་པ་ནི། ཚིནྡྷ་ཚིནྡྷ་མ་ཧཱ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། བྱང་ཤར་འཁོར་ལོའི་རྩིབས་སྟེང་དུ། རྡོ་རྗེ་གཏུམ་པོ་སྨུག་ནག་ཞལ་གཅིག་ཕྱག་གཉིས་ཤིན་ཏུ་ཁྲོས་པ། གཡས་རྡོ་རྗེ་རྩེ་ལྔ། གཡོན་སྡིགས་མཛུབ་ཅན། བྷིནྡྷ་བྷིནྡྷ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཤར་ལྷོ་རྡོ་རྗེ་ཕུར་བུ་སྐུ་མདོག་སེར་ནག་གཡས་རྡོ་རྗེ་རྩེ་གཅིག །གཡོན་སྡིགས་མཛུབ་ཅན། ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ལྷོ་ནུབ་ཏུ་རྡོ་རྗེ་བེ་ཅོན་སྐུ་མདོག་དམར་ནག་གཡས་རྡོ་རྗེ་དབྱུག་པ། གཡོན་སྡིགས་མཛུབ་ཅན། ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ནུབ་བྱང་དུ་རྡོ་རྗེ་ཁྲོ་བོ་སྐུ་མདོག་ནག་པོ་གཡས་ཐོ་བ། གཡོན་སྡིགས་མཛུབ་ཅན། ཁྲོ་བོ་དེ་རྣམས་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། མཆེ་བ་བཞི་གཙིགས་པ། རལ་པ་ཁམ་ནག་གྱེན་དུ་འཁྱིལ་བ། སྟག་གི་པགས་པའི་ཤམ་ཐབས་ཅན། ཀླུ་ཆེན་བརྒྱད་ཀྱིས་བརྒྱན་པ། པདྨ་ཉི་ཟླའི་གདན་ལ། བསྐལ་པའི་མེ་དཔུང་གི་ནང་ན་བཞུགས་པ་སྐད་ཅིག་གིས་གསར་པར་གྱུར་པའི་མཚམས་རྣམས་སུ་ཡུམ་བཞིའི་ངོ་བོ་གྲི་གུག་བཞི་ལངས་ཏེ་འདུག་པའོ། །དེའི་ཕྱི་རོལ་འཁོར་ལོ་རྩིབས་བཅུ་ཉི་མའི་དཀྱིལ་འཁོར་བཅུའི་སྟེང་དུ། ༀ་ཧ་ར་ཧ་ར་བཛྲ། ཤར་སྟོད་དུ་ཧཱུྃ་མཛད། མ་ཐ་མ་ཐ་བཛྲ། ནུབ་སྟོད་དུ་སྟོབས་པོ་ཆེ། དྷུ་ན་དྷུ་ན་བཛྲ། ཤར་དུ་རྣམ་པར་རྒྱལ་བ། ད་ཧ་ད་ཧ་བཛྲ། ཤར་ལྷོར་དབྱུག་པ་སྔོན་པོ། པ་ཙ་པ་ཙ་བཛྲ། ལྷོར་གཤིན་རྗེ་གཤེད། དྷ་ར་དྷ་ར་བཛྲ། ལྷོ་ནུབ་ཏུ་མི་གཡོ་བ། དྷ་ར་ཡ་དྷ་ར་ཡ་བཛྲ། ནུབ་ཏུ་རྟ་མགྲིན། དཱ་རུ་ཎ་དཱ་རུ་ཎ་བཛྲ། ནུབ་བྱང་དུ་གཞན་གྱིས་མི་ཐུབ་པ། ཚིནྡྷ་ཚིནྡྷ་བཛྲ། བྱང་དུ་བདུད་རྩི་འཁྱིལ་པ། བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊ། བྱང་ཤར་ཁམས་གསུམ་རྣམ་པར་རྒྱལ་བ། ཁྲོ་བོ་དེ་དག་ཐམས་ཅད་ཀྱང་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཁྲོས་པའི་ཆ་བྱད་ཅན། གཡས་ཐམས་ཅད་རྡོ་རྗེ་རྩེ་ལྔ། གཡོན་ཐམས་ཅད་སྡིགས་མཛུབ། ཉི་མའི་གདན་ལ་བརྐྱང་བསྐུམ་གྱིས་བཞེངས་པ། སྟགས་ལྤགས་ཀྱི་ཤམ་ཐབས་ཅན། ཀླུ་ཆེན་བརྒྱད་དང་རིན་པོ་ཆེས་བརྒྱན་པ། བསྐལ་པའི་མེ་རི་འབར་བའི་ནང་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་ཚམ་རྔམས་ཀྱི་སྒྲ་དང་བཅས་ནས་བཞུགས་པའོ། །དེའི་ཕྱི་རོལ་ཁོར་ཡུག་ལ་སྒེག་མོ་སོགས་མཆོད་པའི་ལྷ་མོ་བརྒྱད། དཔལ་བེའུ་མ་སོགས་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། ཕྱོགས་བཞིར་སྒོ་མ་བཞི་རྣམས་ཀྱང་སྐད་ཅིག་གིས་གསལ་བར་གྱུར། གཉིས་པ་ཡེ་ཤེས་པ་སྤྱན་དྲངས་པ་ནི། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས། བྱང་ཕྱོགས་ལྕང་ལོ་ཅན་ནས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་སྤྱན་དྲངས། རྡོར་དྲིལ་ཐོགས་ལ། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ནི་ཀཱ་དྲྀ་ཤྱ་ཧོཿ ཞེས་པས་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ། གསུམ་པ་ཞབས་བསིལ་འབུལ་བ་ནི། ཡང་དག་ཉིད་དུ་དག་མོད་ཀྱང་། །འཇིག་རྟེན་སྲི་ཞུའི་ཚུལ་གྱིས་ནི། །ཕྱག་དང་ཞབས་གཉིས་བསིལ་མཛོད་ལ། །འདི་ཉིད་དུ་ནི་བཞེས་སུ་གསོལ། །ༀ་སྭ་བྷཱ་ཝ་སོགས། བཞི་པ་གདན་འབུལ་བ་ནི། མྱ་ངན་མི་འདའ་ཐུགས་རྗེའི་ངང་། །ཉོན་མོངས་མ་སྤངས་གོས་པ་མེད། །མ་ཆགས་རང་བཞིན་དག་པས་ན། །པདྨའི་གདན་ལ་བཞུགས་སུ་གསོལ། །ༀ་བཛྲ་ས་མ་ཡ་ཏིཥྚ་ལྷན། ས་མ་ཡ་སྟྭཾ། ཞེས་པས་མདུན་མཁར་པདྨའི་གདན་ལ་བཞུགས་པར་བསམ། ལྔ་པ་ཕྱག་འཚལ་བ་ནི། རྣམ་དག་སྐུ་ལྔ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་ཉིད་ལ་ནི་སྐྱབས་སུ་མཆིའོ། །བཅོམ་ལྡན་རྡོ་རྗེ་རྣམ་པར་འཇོམས་པའི་གཙོ། །གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་སྐུར་སྟོན་ཅིང་། །འཇིགས་པའི་གཟུགས་ཀྱིས་བགེགས་རྣམས་དཔུང་བཅོམ་པ། །རྡོ་རྗེ་རིགས་ཀྱི་ཁྲོ་རྒྱལ་གཙོ་ལ་ཕྱག་འཚལ་ལོ། །སྐུ་ཡི་འོད་ཟེར་བསྐལ་བའི་མེ་ལྟར་འབར། །གཟི་བརྗིད་སྟོང་ཟེར་ཉི་ལྟར་འབར་བའི་བརྗིད། །སྤྱན་གསུམ་བགྲད་པས་སྡང་མིག་ཟླུམ་ཞིང་འབར། །ལོག་འདྲེན་བགེགས་འདུལ་མཛད་ལ་ཕྱག་འཚལ་ལོ། །ཉོན་མོངས་དུག་འཇོམས་མཛད་པའི་སྐུ་ཉིད་དུ། །ནོར་བུའི་རྒྱན་ཆས་བརྒྱན་ཅིང་ཀླུ་ཆེན་བརྒྱད། །སྦྲུལ་གདུག་གཟུགས་ཀྱི་ཚུལ་འཛིན་རྣམས་ཀྱིས་སྤྲས། །ཞེ་སྡང་དུག་འཇོམས་མཛད་ལ་ཕྱག་འཚལ་ལོ། །ན་མོ་ཧཱུྃ། ན་མི་ཧཱུྃ། ན་མོ་ན་མི་ཧཱུྃ། ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོཿ དྲུག་པ་མཆོད་པ་འབུལ་བ་ནི། རྒྱལ་བའི་སྐུ་ལ་དྲི་མ་མི་མངའ་ཡང་། །སེམས་ཅན་དྲི་མ་བག་ཆགས་བསལ་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག །ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་ན་མཿས་མནྟ་བུདྡྷ་ནཱཾ་སྭཱ་ཧཱ། ཚུལ་ཁྲིམས་དྲི་ལྡན་སྤོས་མཆོག་དམ་པ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །སངས་རྒྱས་ཞིང་དུ་སྤོས་དྲི་ངད་ལྡང་བས། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་གྱུར་ཅིག །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་དྷཱུ་པེ་པྲ་ཏཱིཙྪ་པཱུ་ཱུཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་མཛད་པའི། །རིན་ཆེན་དབྱིབས་ལེགས་ལྷ་རྫས་མེ་ཏོག་འདི། །ནམ་མཁའ་གང་བར་ཡིད་ཀྱིས་མངོན་སྤྲུལ་ཏེ། །གཞལ་ཡས་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །སྔགས་ཐོག་མཐའ་སྔར་ལྟར་ལ། དྷཱུ་པེའི་མལ་དུ། པུཥྤེ་སྦྱར། ཉོན་མོངས་དུག་སྲེག་མ་རིག་མུན་སེལ་བའི། །ཤེས་རབ་གཟི་ལྡན་དཔལ་གྱི་སྒྲོན་མེ་འདི། །སྤྲིན་མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། །འོད་ཟེར་སྣང་བས་ཕྱོགས་བཅུར་གསལ་གྱུར་ཅིག །ཨཱ་ལོ་ཀེ༴ སྟོང་གསུམ་ཀུན་ཏུ་དྲི་དང་ངད་ལྡན་པའི། །སྤོས་མཆོག་རྣམས་ཀྱིས་ཐུབ་དབང་རྒྱལ་བའི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་འདྲ་བའི། །འོད་ཆགས་འབར་བ་དེ་ལ་བྱུག་པར་བགྱི། །གྷནྡྷེ༴ རྒྱལ་བའི་སྐུ་ལ་བཀྲེས་པ་མི་མངའ་ཡང་། །འགྲོ་བའི་དོན་དུ་ལྷ་རྫས་བདུད་རྩིའི་བཤོས། །དག་ཅིང་གཙང་མར་སྦྱར་ཏེ་འབུལ་ལགས་ན། །ཡེ་ཤེས་ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ནེ་ཝི་དྱཱ༴ དྲིལ་ཆེན་སིལ་སྙན་རྣམ་གྲོལ་ཚངས་པའི་དབྱངས། །བསམ་དག་ངག་གིས་བསྟོད་དེ་འབུལ་ལགས་ན། །ས་བཅུ་རིམ་གྱིས་བགྲོད་ནས་སངས་རྒྱས་སར། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་ཤོག །ཤཔྡ༴ ཞེས་པ་ཙམ་དང་། མཆོད་པའི་སྤྲིན་འབྱུང་བའི་གཟུངས་སྔགས་ཀྱང་བརྗོད་དོ། །བདུན་པ་བསྟོད་པ་ནི། ཧཱུྃ། དུས་གསུམ་སངས་རྒྱས་གསང་བའི་མཛོད་འཛིན་ཅིང་། །ཁྲོ་བོའི་རྒྱལ་པོ་ཡེ་ཤེས་རྡོ་རྗེ་ཅན། །སྐུ་ཡི་སྤྲུལ་པ་རྡོ་རྗེ་རྣམ་པར་འཇོམས། །རྡོ་རྗེ་རིགས་ཀྱི་ཁྲོ་རྒྱལ་གཙོ་ལ་ཕྱག་འཚལ་བསྟོད། །རིགས་སྔགས་རྒྱལ་པོ་སྲུང་བའི་ཁྲོ་བོ་བཞི། །གདུག་པ་འདུལ་ཕྱིར་འཇིགས་པའི་སྐུར་སྟོན་ཅིང་། །འགྱིང་བག་ཚུལ་བཞུགས་འཇིགས་པའི་རྒྱན་གྱིས་བརྒྱན། །རིགས་བཞིའི་ཁྲོ་བོ་བཞི་ལ་ཕྱག་འཚལ་བསྟོད། །ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །རིག་སྔགས་རྒྱལ་པོ་སྲུང་བའི་ཁྲོ་བོ་བཅུ། །ཕྱོགས་བཅུའི་འཇིག་རྟེན་བགེགས་ཀྱི་ཚོགས་བཅོམ་པ། །ཁྲོ་བོ་ཆེན་པོ་བཅུ་ལ་ཕྱག་འཚལ༴ བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ཤིང་། །ལེགས་པའི་དོན་ལྡན་བཀྲ་ཤིས་ལྷ་མོ་བརྒྱད། །ཡིད་འོང་ལྷ་ཡི་རྒྱན་གྱི་རབ་ཏུ་མཛེས། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་རྡོ་རྗེ་འཛིན་པའི་བཀའ་ཉན་ཅིང་། །བསྟན་པ་བསྲུང་ཕྱིར་འཇིག་རྟེན་སྐྱོང་བའི་ཚོགས། །ཚངས་པ་ཆེན་པོ་ལ་སོགས་བཀའ་ཡི་འཁོར། །རྡོ་རྗེ་རིགས་ཀྱི་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད། །བརྒྱད་པ་དམ་ཡེ་གཉིས་མེད་དུ་བསྟིམ་པ་ནི། ཛཿཧཱུྃ་བྂ་ཧོཿ ནམ་མཁར་བཞུགས་པའི་ཡེ་ཤེས་པ་རྣམས་དམ་ཚིག་གི་དཀྱིལ་འཁོར་ལ་ཐིམ་ནས་གཉིས་མེད་དུ་གྱུར། ཞེས་མོས། དགུ་པ་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་རབ་ཏུ་འབར་བའི་མཐའ་སྐོར་དུ་ཡང་སྙིང་། དེའི་ཕྱི་རོལ་དུ་གཏུམ་པོ་བཞིའི་གཟུངས། །དེ་རྒྱབ་ཁྲོ་བོ་བཅུའི་གཟུངས། དེ་རྒྱབ་གཟུངས་རིང་གིས་བསྐོར་བར་གསལ་བཏབ་ནས་མདོ་གཟུངས་ཉིད་བརྒྱ་རྩ་བརྒྱད་ལ་སོགས་པ་དང་། གཙོ་འཁོར་རྣམས་ཀྱི་སྙིང་པོ་ཅི་འགྲུབ་བཟླ། དེའི་ཚེ། ཐུགས་ཀའི་སྔགས་ལས་འོད་ཟེར་དཀར་པོ་འཕྲོས་པས་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཞི། སེར་པོས་འབྱོར་པ་དྲུག་དང་ཡོན་ཏན་ཡེ་ཤེས་སྤེལ། །དམར་པོས་ཁམས་གསུམ་སྣང་བ་དབང་དུ་བསྡུས། །སྔོན་པོས་དགྲ་བགེགས་བྱད་མ་ཚར་བཅད་པར་མོས་ཤིང་། དེའང་ལས་གང་བྲུབ་པ་དེ་ཉིད་གཙོར་བྱའོ། །ཐུན་མཐར་སྔགས་ཙམ་གྱིས་མཆོད། བསྟོད་པ་གོང་སྨོས་སམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སོགས་ཤློ་ཀ་གཅིག་བྱ། དབང་དང་གཟུངས་ཆོ་ག་སོགས་སྦྲེལ་ན་བདག་བསྐྱེད་རྗེས་ཆོག་གི་སྐབས་བར་མི་བསྡུའོ། །གལ་ཏེ་འདི་ལ་བརྟེན་ནས་བསྙེན་པ་བྱེད་ན་ཐུན་རེ་རེའི་མགོར་ཁྲུས་བསྡུས་པ་རེ་སྔོན་དུ་འགྲོ་བས་མཆོད་པ་བྱིན་རླབས་ནས་བརྩམས་ཏེ་བཟླས་པའི་བར་བསྐྱར། སྔོན་གཏོར་ཉིན་དང་པོ་ལས་མི་དགོས། བཟླས་པའི་སྐབས་སྤྱི་འགྲེའི་འོད་ཟེར་སྤྲོ་བསྡུས་བྱིན་རླབས་བསྡུ་བའང་སྦྱར། གཟུངས་རིང་ཁོ་ན་མི་འགྲུབ་ན་བརྒྱ་སྟོང་ཁྲི་སོགས་ཅི་ལྕོགས་དང་། སྙིང་པོ་རྣམས་གཙོ་འཁོར་གྱི་འགྲོས་སྦྱར་ནས་བཟླ་བའི་བསྙེན་ཚད་ནི་གཙོ་བོ་ལ་འབུམ་ཕྲག་གཅིག་གམ་བཞི། འཁོར་རྣམས་ལ་གཙོ་བོའི་བཞི་ཆ་རེ་བཟླ། ཐུན་མཐར་མཆོད་བསྟོད་རྗེས་སུ། ཐུགས་ཀའི་འོད་ཀྱིས་སྣོད་བཅུད་དག་པའི་ཞིང་དུ་གྱུར། དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ཆོས་ཀྱི་དབྱིངས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཐིམ་པར་མོས། སླར་བདག་ཉིད་རྡོ་རྗེ་ཁྲོ་བོའི་རང་བཞིན་ཅན་དུ་གྱུར་པའི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པ་མོས། འདིར་རྒྱུད་སྡེ་འོག་མའི་ལུགས་ལྟར་ན། ཐུན་མཐར་ཡེ་ཤེས་པ་ལུས་ལས་ཕྱུང་སྟེ་ནམ་མཁར་བཞུགས་པ་ལ་མཆོད་བསྟོད་བཟོད་གསོལ་བྱས་ནས་གཤེགས། རང་དམ་ཚིག་པའི་ང་རྒྱལ་གྱིས་གནས་བསྲུང་བ་ནས་སྤྱོད་ལམ་ལ་འཇུག་པ་ཡིན་གྱི། སྐབས་འདིར་བླ་མེད་ཀྱི་རྣལ་འབྱོར་པས་ཉམས་སུ་ལེན་པའི་དབང་དུ་བྱས་པ་ཡིན་པས་སྔ་ཕྱི་གང་འདོད་སོ་སོའི་དབང་པོ་དང་བསྟུན་ཅིང་། ཐུན་མཚམས་གཏོར་འབུལ་འགྲུབ་ན་འོག་ནས་འབྱུང་བ་ལྟར་ལ་འདས་གཏོར་ཁོ་ན་ལས་ཆ་བཞི་རྒྱུན་དུ་མི་དགོས། དེ་ལའང་གཏོར་མགྲོན་སྤྱན་དྲངས་ཤིང་། མཐར་མཆོད་བསྟོད་ཕྲིན་བཅོལ་གཤེགས་གསོལ་རྣམས་དང་། མཚམས་ཀྱི་སྤང་བླང་སྤྱི་ལྟར་ཤེས་པར་བྱ། ཁྱད་པར་ཁྲོ་དཀར་ནག་གཉིས་ཀ་རྣམ་པ་རྒྱུད་སྡེ་འོག་མའི་ལུགས་ལྟར་མཛད་པར་སྣང་བས་དཀའ་ཐུབ་གཙང་སྦྲའི་བརྟུལ་ཞུགས་ནུས་ན་ལེགས་ཤིང་། ཁ་ཅིག་ཏུ་བླ་མེད་ཀྱི་སྒྲོས་ཀྱང་སྣང་བས་ཅིས་ཀྱང་མི་ནུས་པས་ནི་དེ་ཙམ་བཀག་པ་མེད་དོ། །གཉིས་པ་བུམ་པ་ལ་བརྟེན་པའི་གཟུངས་ཆོག་ལ་གཉིས། གཙོ་བོར་རྣམ་བུམ། ཞར་བྱུང་ལས་བུམ་བསྒྲུབ་པའོ། །དང་པོ་ནི། བུམ་པ་བསང་སྦྱང་། འཁོར་ལོའི་ཕྱག་རྒྱ་བྱས་ལ། སྟོང་པའི་ངང་ལས། ༀ་བཛྲ་ཙཀྲ་བྷྲཱུྂ། རང་གི་ཐུགས་ཀ་ནས་བྷྲཱུྂ་འཕྲོས་པ་ལས་རིན་པོ་ཆེའི་བུམ་པ་ཕྱི་མཚན་ཉིད་ཡོངས་སུ་རྫོགས་པའི་བུམ་པའི་དབྱིབས་ལ། ནང་ཐར་པ་ཆེན་པོ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་བཀོད་ཡོངས་སུ་རྫོགས་ཤིང་ཡེ་ཤེས་ལྔའི་འོད་ཟེར་འཁྲིགས་པའི་དབུས་ཀྱི་ལྟེ་བ་སྔོན་པོ། དེ་རྒྱབ་འཁོར་ལོ་རྩིབས་བཞི་མཚམས་སུ་བསྟན་པ། དེ་རྒྱབ་རྩིབས་བཅུ་མཐིང་ནག་གི་ཕྱི་རོལ་ལྷའི་སྣམ་བུ་དང་བཅས་པའི་དབུས་དང་རྩིབས་བཞིར་པདྨ་ཉི་ཟླའི་གདན། རྩིབས་བཅུ་ལ་ཉ ི་མའི་དཀྱིལ་འཁོར་རེ་རེ་གསལ་བར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། དབུས་ཀྱི་གདན་ལ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་སྔོ་ནག་སོགས་བདག་བསྐྱེད་སྐབས་ལྟར་ལ་ལྕེ་ལག་བྱིན་རླབས་དོར་བའི་གཙོ་འཁོར་ཡོངས་རྫོགས་བསྐྱེད་ཅིང་། སྤྱན་འདྲེན་ནས་མཆོད་བསྟོད་བསྟིམ་པའི་བར་དུ་བྱ། དེ་ནས་གཟུངས་བཟླ་བ་ནི། བུམ་ལྷའི་ཐུགས་ཀར་སྔགས་འཁོར་བཀོད་ཚུལ་བདག་བསྐྱེད་དང་འདྲ་བ་ལས། མཐར་མདོའི་ཕན་ཡོན་གྱིས་ཀྱང་བསྐོར་བར་མོས་ཤིང་། ཧཱུྃ་གི་ཞབས་ཀྱུའི་ཁུག་པའི་ནང་དུ་བསྒྲུབ་བྱ་གསལ་བཏབ་ལ་དམིགས་པ་ཡུན་རིང་དུ་གཏད། དེ་ནས་གཟུངས་བཟླས་ན་ལག་གཡོན་པས་གཟུངས་ཐག་ཐུགས་ཀར་བཟུང་། གཡས་སུ་ཡུངས་ཀར་ཐོགས་ལ། བདག་དང་བུམ་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། འཕགས་པའི་ཚོགས་ལ་མཆོད་པ་འབུལ། ཐུགས་གཉིས་སུ་མེད་པའི་ཟག་མེད་བདུད་རྩིའི་རྣམ་པར་བྱུང་ནས་བདག་ལ་ཐིམ ། བདག་གི་ཐུགས་ཀ་ནས་ཡིག་འབྲུ་རྣམས་མུ་ཏིག་སྟར་ལ་བརྒྱུས་པ་ལྟར་གཟུངས་ཐག་ལ་བརྟེན་ནས་བུམ་བསྐྱེད་ཀྱི་ཐུགས་ཀའི་བསྒྲུབ་བྱ་ལ་ཕོག །ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ནས་རྡོ་རྗེ་རྣམ་འཇོམས་ཀྱི་སྐུར་གྱུར། ཡེ་ཤེས་ཀྱི་བདུད་རྩིས་བུམ་པ་གང་བར་མོས་ལ་ཡིག་འབྲུ་རྣམས་བཀླག་པའི་ཚུལ་དུ་འདོན། གཟུངས་རིང་ཚར་རེའི་རྗེས་སུ་ཡུངས་ཀར་ལན་རེ་བུམ་པར་བླུག །དེའི་ཚེ། ངོ་བོ་བདུད་རྩི་ལ་རྣམ་པ་ཁྲོ་ཆུང་གི་རྡུལ་ཕྲ་རབ་ཀྱིས་བསྒྲུབ་བྱའི་ལས་གཏམས་ནས་བུམ་པ་གང་བར་བསམ། འདིར་ཕྲིན་ལས་བཞི་དང་སྦྱར་བའི་སྤྲོ་བསྡུ་སྦྱོར་བར་འདོད་ན་གོང་གི་རིགས་པས་དཔག་གོ། །མཐར་སྔགས་ཙམ་གྱིས་མཆོད་ཅིང་བསྟོད། དབང་བསྐུར་དངོས་དང་སྦྲེལ་པའམ་བུམ་དབང་ཙམ་བྱེད་ནའང་བུམ་ལྷ་དེ་ཀར་བཞག་ལ་རྗེས་ཆོག་སྐབས་གཤེགས་བསྡུ་བྱ་བ་འདིའི་ལུགས་ཡིན་ཅིང་། དེ་དག་མི་བྱེད་པར་བྱབ་ཁྲུས་ཙམ་ཡིན་ན་སྐབས་འདིར། བུམ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ལས་དག་བྱེད་རྡོ་རྗེ་བདུད་རྩིའི་ཆུར་མོས་ལ་རྣམ་བུམ་ཉིད་ཀྱིས་ཁྲུས་བྱ་བ་ཡིན་ནོ། །གཉིས་པ་ནི། ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་གདན་ལ་བྷྲཱུྂ་ལས་ལས་ཀྱི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ། པདྨ་ཉིད་མའི་གདན་ལ་ཧཱུྃ་ལྗང་སྔོན་འོད་དུ་ཞུ་བ་ལས། ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་གཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན་བསྣམས་ཤིང་། གཡོན་སྡིགས་མཛུབ་ཐུགས་ཀར་བསྣོལ་བ། ཁྲོ་བོའི་རྒྱན་གྱིས་བརྒྱན་པའི་གནས་གསུམ་འབྲུ་གསུམ་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བྂ་ཧོཿ སླར་ས་བོན་འོད་ཀྱིས་དབང་ལྷ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་ཡར་ལུད་པས་དོན་ཡོད་གྲུབ་པས་དབུ་བརྒྱན། ༀ་བཛྲ་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ཕྲག་དོག་རྣམ་དག་བདག་ཉིད་ཅན། །གནོད་སྦྱིན་འདུལ་མཛད་བེ་ཅོན་བསྣམས། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །ཐུགས་ཀར་ཉ ི་སྟེང་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ། བཟླས་པས་ཐུགས་རྒྱུད་བསྐུལ་བར་མོས། ༀ་བཛྲ་མྲྀ་ཏ་ཧཱུྃ་ཕཊ། ཞེས་བརྒྱ་རྩ་བརྒྱད་བཟླས། ཁྲོ་བོ་ཆེན་པོས་བགེགས་ཟློག་པའི་ཕྲིན་ལས་མཛོད་ཅིག །ལྷ་འོད་དུ་ཞུ་ནས་དག་བྱེད་རྡོ་རྗེ་བདུད་རྩིའི་རང་བཞིན་དུ་གྱུར། ཅེས་བརྗོད་ལ་དཀྱིལ་འཁོར་བསྐོར་ཞིང་འཐོར་རོ། །གསུམ་པ་གཉིས་ཀའི་ཡན་ལག་གཏོར་མ་འབུལ་བ་ལ་གཉིས། བྱེ་བྲག་དཀྱིལ་འཁོར་པ་ལ་འབུལ་བ་དང་། མགྲོན་བཞི་ལ་སྤྱིར་བསྔོ་བའོ། །དང་པོ་ནི། རྒྱས་པར་སྤྲོ་ན་གཏོར་རྫས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབ། བསྡུ་ན། བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྂ་ལས་གཏོར་གཞོང་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ༀ་ཡིག་ཞུ་བ་ལས་བྱུང་བའི་གཏོར་རྫས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པའི་སྤྲིན་ཕུང་མཐའ་ཡས་པ་སྤྲོ་བར་གྱུར། ༀ་ཨཱཿཧཱུྃ། ལན་བདུན། རང་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས། དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བླ་མ་རྒྱལ་བ་སྲས་དང་བཅས་པ་སྐད་ཅིག་གིས་བྱོན་ནས་མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་གདན་ལ་བཞུགས་པ་གྱུར། བཛྲ་བི་དཱ་ར་ཎ་བཛྲ་སཱ་མ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭྃ། ལྷ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་ལོངས་སྤྱོད་པས་དགྱེས་ཤིང་ཚིམས་པར་མོས་ལ། རྒྱས་པར་སྤྲོ་ན་བཟླས་པའི་སྐབས་སུ་བཤད་པའི་གཙོ་འཁོར་གྱི་སྔགས་རྣམས་ལ་གཏོར་སྔགས་སྦྱར་བས་གཙོ་བོ་ལ་བདུན། འཁོར་རྣམས་ལ་གསུམ་རེས་འབུལ། བསྡུ་ན། ༀ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་ཕུལ། སྔགས་ཙམ་གྱིས་མཆོད། གཙོ་བསྟོད་ཤློ་ཀ་གཅིག་གིས་བསྟོད་པའི་མཐར། ན་མོ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་མཆོད་ཅིང་འབུལ་པའི་གནས་ནི། བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣམ་པར་འཇོམས་པ། གཏུམ་པོ་བཞི། ཁྲོ་བོ་བཅུ། སྒོ་མ་བཞི་ལ་སོགས་པ་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང་། གཞན་ཡང་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་ཡི་དམ་རྒྱལ་བའི་དཀྱིལ་འཁོར་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་མཆོད་དོ། །འབུལ་ལོ། །གསོལ་ལོ། །འདོན་ནོ། །དེ་དག་གི་མངའ་རིས་སྤྱན་ལམ་དུ། ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་དགྱེས་ཤིང་ཚིམས་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །ཞེས་ཕྲིན་ལས་བཅོལ། གཉིས་པ་ནི། དཀར་གཏོར་ཆ་བཞི་བསང་སྦྱང་བྱིན་རླབས་གོང་ལྟར་བྱས་ལ། ཧཱུྃ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་དང་། །དེ་ཡི་བཀའ་འཁོར་སྐྱོང་མཛད་པའི། །མགོན་པོ་ཡོན་ཏན་མགྲོན་གྱི་རིགས། །ནམ་མཁའི་མཐའ་ཀླས་གྱུར་པ་ཡི། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་དང་། །ཚེ་རབས་ལས་ཀྱིས་མནར་བ་ཡི། །ལན་ཆགས་མགྲོན་གྱི་རིགས་ལ་སོགས། །འཇིག་རྟེན་འདས་དང་མ་འདས་ཀྱི། །མགྲོན་གྱི་རིགས་སུ་གྱུར་པ་རྣམས། །མཆོད་པའི་གནས་འདིར་སྤྱན་འདྲེན་གྱིས། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། །ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ ཛ་ཧཱུྃ་བྂ་ཧོཿ པདྨ་ཀ་མ་ལ་ཡ་སྟྭཾ། མགྲོན་ཐམས་ཅད་རང་གནས་ནས་འདུས་ཤིང་མདུན་གྱི་ནམ་མཁའ་དང་བར་སྣང་ལ་སྤྲིན་ཕུང་གཏིབས་པ་ལྟར་འཁོད་དེ་ལོངས་སྤྱོད་པས་དགྱེས་ཤིང་ཚིམ་པར་བསམ་ལ། ཧཱུྃ། བདག་དང་འགྲོ་བའི་བསོད་ནམས་སྤེལ་བའི་ཕྱིར། །འདོད་ཡོན་ལོངས་སྤྱོད་གཏོར་མའི་མཆོད་པ་འདི། །དཀོན་མཆོག་སྲི་ཞུ་ཡོན་ཏན་ཚོགས་ལ་འབུལ། །རིགས་དྲུག་བགེགས་དང་ལན་ཆགས་རྣམས་ལ་བསྔོ། །གཏོར་སྣོད་རྒྱ་ཆེན་ཆོས་དབྱིངས་ཁོར་ཡུག་ཏུ། །གཏོར་མ་ཡེ་ཤེས་ཕྱག་རྒྱ་བདུད་རྩིར་གསལ། །འདོད་ཡོན་ལྔ་ཡི་ལོངས་སྤྱོད་རྒྱན་དུ་ཆེ། །རྨད་བྱུང་རྣམ་དག་བདུད་རྩི་གཏོར་མ་འདི། །ཡེ་ཤེས་ལྷ་ལ་འབུལ་གྱི་མཆོད་པ་བཞེས། །དབང་དང་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ། །དགྲ་གདོན་གནོད་བྱེད་བར་ཆད་རྐྱེན་རྣམས་ཟློག །རིགས་དྲུག་སེམས་ཅན་གཏོར་མས་ཚིམས་གྱུར་ནས། །སོ་སོའི་སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །གནོད་བྱེད་འབྱུང་པོ་གཏོར་མ་འདི་སྣོམས་ལ། །ཚེ་རབས་ལན་ཆགས་བུ་ལོན་འཁོར་བར་གྱིས། །ཁྱེད་རྣམས་ཀུན་ལ་གསོལ་པ་ནི། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་རྒྱས་པར་མཛོད། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ཐམས་ཅད་མེད་པར་མཛོད། །ཅེས་ཕྲིན་ལས་བཅོལ་ལ་གཏོར་མ་རྣམས་གཙང་སར་གཤེགས། ན་མོ། བདག་གི་བསམ་པའི་སྟོབས་དག་སོགས་བདེན་པ་བརྗོད་ཅིང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །སོགས་ཀྱི་སྦྱིན་པ་བྱས་ལ། སརྦ་ཡ་ཧི་གཙྪ། ཞེས་མགྲོན་རྣམས་རང་གནས་སུ་གཤེགས་སོ། །བཞི་པ་གཞན་དོན་ཕྲིན་ལས་ཀྱི་རིམ་པ་ལ་གསུམ། གཏོར་མ་སྒྲུབ་པ། ལྷ་ཁྲུས་གསོལ་བ། བསྒྲུབ་བྱ་རྗེས་སུ་འཛིན་པའོ། །དང་པོ་ནི། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས། གཏོར་སྣོད་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སོགས་བུམ་བསྐྱེད་སྐབས་ལྟར་ལ། དཀྱིལ་འཁོར་རེ་རེ་གསལ་བར་གྱུར། གཏོར་མ་ཉིད་ཧཱུྃ་ཡིག་མཐིང་ནག་ལས་ལྷའི་དཀྱིལ་འཁོར་དུ་རྫོགས་པ་ནི། ན་མོ་ཏཏྣ་སོགས་ནས་མཆོད་བསྟོད་བསྟིམ་པའི་བར་དུའང་བུམ་བསྐྱེད་ལྟར་བྱ། དེ་ལ་དམིགས་པ་གཏད་དེ་གཟུངས་ཉི་ཤུ་རྩ་གཅིག་བརྗོད་དགོས་ཀྱང་ལོངས་ཁྱབ་དང་བསྟུན་པར་བཟླས་ལ། མཐར་མཆོད་བསྟོད་བྱ། མེ་ཏོག་འཐོར་ཞིང་། ༀ། འབྲས་བུའི་རྡོ་རྗེ་སོགས་བཀྲ་ཤིས་བརྗོད་དོ། །གཉིས་པ་ནི། དཀྱིལ་འཁོར་གྱི་ལྷ་དང་རྒྱལ་བ་སྲས་བཅས་ནམ་མཁའི་དབྱིངས་གང་བར་དམིགས་ཏེ། ཁྲུས་ཁང་བསྐྱེད་པ་ནས་སྐུ་ཕྱི་ན་བཟའ་འབུལ་བའི་བར་སྤྱི་ལྟར་བྱས། ཁྲུས་ཆུ་བྱབ་ཁྲུས་ཀྱི་བུམ་པར་བླུགས་ཤིང་རང་གིས་ཀྱང་འཐོར་འཐུང་བྱའོ། །གསུམ་པ་ནི། ཀཿཐོག་ཕྱག་ལེན་ཇི་ལྟ་བའི་བཀྲུ་བྱབས་སྲུང་བར་བྱེད་པར་སྤྲོ་ན་ཁྲོ་དཀར་དུ་བཤད་པ་ལྟར་ལ་ལྷ་སྔགས་ཀྱི་འབྱིན་འཇུག་ཅུང་ཟད་བྱས་པས་འགྲུབ་ལ། སྤྱི་འགྲོའི་ཡིག་ཆ་གང་བདེས་ཀྱང་ཆོག །ལུགས་འདིར་རང་ལུགས་སྔོན་གྱི་ཡིག་རྙིང་རྣམས་སུ་བཤད་པ་ལྟར་བྱེད་ན་དོན་ལྔ། བྱབ་པ། ཁྲུས། བྲབ་པ། སྲུང་བ། དབང་བསྐུར་བའོ། །དང་པོ་ནི། ནད་པ་སོགས་ཡོན་བདག་རང་མདུན་དུ་གདན་ནག་པོའི་ཁར་བཞག །རྒྱས་པར་སྤྲོ་ན་ལན་ཆགས་གླུད་གཏོར་རྒྱས་བསྡུས་གང་རུང་བསྔོ། དེའི་ནང་དུ་བྱབ་ཁྲུས་བྱ། བསྡུ་ན་སྣོད་གང་བདེར་ནད་པའི་འདྲེ་གཟུགས་བྱས་པའི་ནང་དུ་འོ་ཆབ་བླུགས་པ་མདུན་དུ་བཀོད་ལ། འོ་ན་ཁྱེད་རང་གི་རྒྱུ་སྔོན་གྱི་ལས་དང་ཉོན་མོངས་པ་ལས་བྱུང་འཕྲལ་རྐྱེན་ནད་གདོན་ཉེར་འཚེའི་བར་དུ་གཅོད་པ་དེ་དག་ཞི་བར་བྱེད་པའི་ཐབས་རྒྱལ་བ་ཐམས་ཅད་མཁྱེན་པས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ཟབ་པ་ལས་ཀྱང་ཆེས་ཟབ་པ་རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་ནག་ཏུ་གྲགས་པའི་གཟུངས་ཀྱི་ཆོ་གའི་ཕྲིན་ལས་སྒྲུབ་པ་ལ་འདུན་པ་འདི་བཞིན་དུ་མཛོད་ཅིག །སློབ་དཔོན་བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པ་དངོས་སུ་གསལ་བའི་མདུན་དུ་ཁྱོད་རང་ལ་གནོད་ཅིང་འཚེ་བའི་ནད་འདྲེ་ལན་ཆགས་ཀྱི་བདག་པོ་རྣམས་གཟུགས་བརྙན་དང་དབྱེར་མེད་དུ་འཁོད་པར་གྱུར། བྱབས་པའི་རྫས་བལ་བུའམ་སེའུའི་ལྕུགས་མལ་རྨ་བྱའི་མདོངས་བཅིངས་པ་ཐོགས་ཏེ། རྨ་བྱས་དུག་ཐམས་ཅད་ཕར་འཇོམས་ཤིང་ཚུར་ལ་མི་ཚུགས་པ་ལྟར་རྫས་དང་སྔགས་ལ་བགེགས་ཐམས་ཅད་འཇོམས་པའི་ནུས་པ་ཡོད་པ་དང་། འདི་ལ་ཁ་དོག་རྣམ་པ་ལྔ་ཡོད་པ་ནི། ཡེ་ཤེས་ལྔ་མཚོན་པ་ཡིན་པས། དེ་ཡིས་དུག་ལྔའི་རང་གདངས་ནད་གདོན་རྣམས་བྱབས་པར་བགྱི་བ་སྟེ། རྨ་བྱ་འདི་ཉི་མའི་དཀྱིལ་འཁོར་དམར་ཅི་ལེ་བ་ལས་ཡེ་ཤེས་ལྔའི་འོད་འཕྲོ་བ་དེའི་དཀྱིལ་དུ་ཧཱུྃ་མཐིང་ནག་ལ་རྩ་སྔགས་ཀྱིས་བསྐོར་བ། དེས་བྱབ་པའི་ཚེ་འོད་ཟེར་གྱིས་ཁྱོད་རང་གི་ལུས་ངག་ཡིད་གསུམ་གྱི་རྒྱུད་ལ་ཡོད་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་གྲིབ་མ་ལ་ཉི་མ་ཕོག་པ་ལྟར་དེད་ནས་ནག་སིབ་སིབ་མདུན་གྱི་ནད་འདྲེ་ལ་ཐིམ་པར་མོས་མཛོད། གཟུངས་རིང་གི་མཐར། ལུས་ངག་ཡིད་གསུམ་གྱི་ནད་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། འདུ་བ་རྣམ་བཞིའི་ནད་ཐམས་ཅད༴ ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཐམས་ཅད༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཐམས་ཅད༴ ཕ་རོལ་པོའི་བྱད་ཁ་ཐམས་ཅད༴ རྨི་ལམ་ངན་པ་ཐམས་ཅད༴ ལྟས་ངན་པ༴ གཟའ་དང་དྲང་སྲོང་གི་གནོད་པ༴ རྒྱལ་འགོང་དམ་སྲིའི་གནོད་པ༴ དགེ་བསྙེན་ཐེའུ་རང་གི་གནོད་པ༴ ལེགས་སུ་མི་དགའ་ཉེས་སུ་དགའ་བའི་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཉི་ཤུ་རྩ་གཅིག་གམ། བདུན་ནམ། ལྔ་གང་རུང་བརྗོད་དོ། །གཉིས་པ་ནི། ལས་བུམ་གྱིས་ཁྲུས་བྱེད་ན་དེར་རྣམ་བུམ་གྱི་ཆུ་བསྲེ། གང་ལྟར་ཁྲུས་བུམ་ཐོགས་ལ། བྱབས་པའི་ཆོ་གས་མ་དག་པའི་དྲི་མ་ཐམས་ཅད་བཀྲུ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པའི་ལྷ་ཚོགས་ཀྱི་སྐུ་ལས་བབས་པའི་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་སྤྱི་བོ་ནས་བླུགས་པ་ཙམ་གྱིས། ཁྱོད་རང་གི་རྒྱུད་ལ་ཡོད་པའི་ནད་གདོན་ཐམས་ཅད་ན ག་ནུ་རུ་རུ་དེད། འོག་སྒོ་སེན་ཕྲག་ཏུ་བུད་ནས་ས་རིམ་པ་དགུའི་འོག་ཏུ་སོང་། ལུས་ཡེ་ཤེས་ཀྱི་བདུད་རྩིས་རྒྱས་པར་གཏམས་ནས། ཤེལ་དཀར་གྱི་བུམ་པ་འོ་མས་གང་བ་ལྟ་བུར་གྱུར་པར་མོས་ཤིག །མདོ་གཟུངས་ཚར་གཅིག་གམ་གསུམ་བརྗོད་ལ་ཁྲུས་བྱ། མཐར། ན་མཿཙཎྜ་བཛྲ་ཀྲོ་ཏ་ཡ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཚིནྡྷ་ཚིནྡྷ་མ་ཧཱ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། བྷནྡྷ་བྷནྡྷ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ༴ ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལ་ཡ༴ ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལི་ཡ༴ སརྦ་བྱཱ་དྷི༴ སརྦ་བིགྷྣཱན༴ སརྦ་གྲ་ཧེ༴ སརྦ་དུར་སྭསྣ༴ སརྦ་དུར་ནི་མིཏྟེ༴ སརྦ་ཨཱ་ཀཱ་ལ་མྲྀ་ཏྱུ༴ སརྦ་ཛྭ་རཾ༴ སརྦ་ཨ་པ་ན་ཡ་སྭཱ་ཧཱ། རཀྵ་ཀུ་རུ༴ ཨཱ་ཡུཿཔོ་ཏ་ནི༴ པུཎྱེ་པོ་ཏ་ནི༴ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དང་། སྡིག་པ་ཐམས་ཅད་བྱང་བྱས་ནས། །སོགས་ཕན་ཡོན་ཚང་བར་བརྗོད་ལ། ངར་མི་གྲོང་འགོ་མི་མཐོང་བའི་ལོ་བདུད་ཕྱོགས་སུ་བསྐྱལ་ལོ། །གསུམ་པ་ནི། བྱབ་ཁྲུས་གཉིས་ཀྱིས་མ་དག་པའི་ལྷག་མ་བྲབ་ཅིང་བསྐྲད་པ་ལ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་གི་རྣམ་སྨིན་གྱི་ཕུང་པོ་ཆར་སྤྲིན་རུབ་པ་ལྟར་འདུག་པ་ལ། ཡུངས་ཀར་འདི་ཉིད་ཁྲོ་ཆུང་གི་ཚོགས་སྐར་མདའ་འདྲ་བ་དེ་ལས་རྡོ་རྗེའི་ཆར་བར་མཚམས་མེད་པར་བབས་པས་ཤ་མང་ལ་སེར་བ་བབས་པའམ། ཐལ་བ་རླུང་གིས་གཏོར་བ་བཞིན་དུ་གྱུར་ནས། ལུས་ངག་ཡིད་གསུམ་གྱི་ནད་གདོན་ཐམས་ཅད་མཐའི་ལྕགས་རིའི་རྒྱབ་ཏུ་བསྐྲད་པར་མོས་ཤིག །གཟུངས་སྔགས་ཀྱིས་བཏབ་པའི་ཡུངས་ཀར་གྱིས་བྲབ་ལ། ཁྲོ་བོ་བཅུའི་སྔགས། ན་མཿཙཎྜ་སོགས་བཤད་མ་ཐག་པའི་ལྷ་ལྔའི་སྔགས་ཤམ་དུ། སརྦ་བྱཱ་དྷི༴ སརྦ་བིགྷྣཱན༴ སརྦ་གྲ་ཧེ༴ སརྦ་དུར་སྭསྣ༴ སརྦ་དུར་ནི་མིཏྟེ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ༴ སརྦ་ཛྭ་རཾ། སརྦ་ཨ་པ་ན་ཡ༴ རཀྵ་ཀུ་རུ༴ ཨཱ་ཡུཿཔོ་ཏ་ནི༴ པུནྱེ་པོ་ཏ་ནི༴ པུཥྚིཾ་ཀུ་རུ་ཡེ་སཱ་ཧཱ། ཞེས་ལྔའམ་བདུན་གང་འགྲུབ་བརྗོད་ལ་གདོན་བགེགས་རྣམས་ཚར་བཅད་པར་བསམ་སྟེ་གདན་ནག་ཕྱིར་དོར་རོ། །བྲབ་རྫས་ཡུངས་ཀར་ཡང་སྤོས་ཆབ་དང་སྦྱར་ལ་གཙང་སར་དོར་བར་བཤད་དོ། །བཞི་པ་ནི། བསྒྲུབ་བྱ་གདན་དཀར་པོའི་སྟེང་དུ་བཞག་ལ། འོ་དེ་ལྟར་ནད་གདོན་སྡིག་སྒྲིབ་རགས་པ་རྣམས་བྱབས། ཕྲ་བ་རྣམས་བཀྲུས། ལྷག་མ་བྲབ་ཅིང་བསྐྲད་ནས་དྲི་མ་མེད་པར་གྱུར་པ་ལ་ཕྱིན་ཆད་མི་འཇུག་པའི་སྲུང་བ་བགྱི་བ་ཡིན་ཏེ། དེའང་ཁྱེད་རང་སྔོན་ཆད་འཁོར་བའི་འདམ་ལ་བྱིང་བས་སྡུག་བསྔལ་གྱིས་གདུང་བ་ཡིན། ད་ནི་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་དུ་ཕྱིན་ནས་མཐུ་སྟོབས་ཀྱི་མངའ་བདག་ཕྱག་ན་རྡོ་རྗེའི་སྐུར་ཉི་མ་སྤྲིན་གསེབ་ནས་བུད་པ་ལྟར་ལྷག་གིས་གྱུར་པ་ལ། རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་བགོས་ཤིང་གནས་རྣམས་སུ་རྡོ་རྗེའི་མདུད་པས་བདམས་ཏེ་ཅིས་ཀྱང་མི་ཚུགས་པར་མོས་ཤིག །རྡོ་རྗེ་རྒྱ་གྲམ་སྤྱི་བོ་སོགས་གནས་རྣམས་སུ་རེག་ཅིང་། ལྷ་ལྔའི་སྔགས་ཤམ་དུ། ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་བསྲུང་བྱ་ལ་སྲུངས་ཤིག་རཀྵ་རཀྵ། ཞེས་ལན་བདུན་སོགས་བརྗོད། མཐར་རྟེན་འབྲེལ་སྙིང་པོས་བརྟན་པར་བྱ། དབང་མི་བྱེད་ན་བཀྲ་ཤིས་བརྗོད་ལ་མཐར་དབྱུང་ངོ་། །ལྔ་པ་ནི། དེ་ལྟར་གཟུངས་ཀྱི་ཆོ་གས་མི་མཐུན་པའི་ཉེས་ཚོགས་ཞི་བར་བྱས་ནས། རྡོ་རྗེ་ཁྲོ་བོའི་བྱིན་རླབས་རྒྱུད་ལ་འཇུག་པའི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་མདོ་སྔགས་ཐུན་མོང་གི་སྡོམ་པ་བཟུང་བའི་བློས་འདིའི་རྗེས་ཟློས། ཕྱོགས་དུས་ཀུན་ན་བརྩེ་བར་བཞུགས་པ་ཡི། །བླ་མ་དཀོན་མཆོག་མ་ལུས་དགོངས་སུ་གསོལ། །བླ་མ་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་དགེ་བའི་རྩ་བ་འདིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་འགྲུབ་པར་ཤོག །ཅེས་ལན་གསུམ་ལད་མོ་བྱེད་དུ་གཞུག །དེ་ནས་རྣམ་བུམ་ཐོགས་ལ། བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས་བཞུགས་པའི་ཕྱག་ན་བུམ་པ་བདུད་རྩིས་གང་བ་བསྣམས་ནས་དབང་བསྐུར་བས་ལུས་ཕྱི་ནང་གི་སྡིག་སྒྲིབ་དག་ནས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་། ནམ་མཁར་བཞུགས་པའི་རྒྱལ་བ་སྲས་དང་བཅས་པས་ཤིས་བརྗོད་མཛད་པར་མོས་ཤིག །ༀ། འབྲས་བུའི་རྡོ་རྗེ་སོགས་ཤིས་བརྗོད་སྔོན་དུ་འགྲོ་བས་བུམ་པ་མགོར་བཞག་ལ། ཧཱུྃ། རིན་ཆེན་བུམ་པ་ཁྲུས་ཀྱི་རྫིང་། །ཁ་རྒྱན་དཔག་བསམ་ལྗོན་པའི་ཤིང་། །མགུལ་ཆིངས་ཆུ་དར་ཧ་ལོ་མཛེས། །གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད། །ལྔ་ཚན་ལྔ་ཡི་བཅུད་ཀྱིས་རྒྱས། །བཀྲ་ཤིས་བུམ་པས་དབང་བསྐུར་བས། །ཁྲུས་མཆོག་དམ་པ་འདིར་སྩོལ་ཅིག །ན་མཿཙཎྜ་བཛྲ་ཀྲོ་ཏ་ཡ་ཀཱི་ལི་ཀཱི་ལ་ཡ་ཨ་བྷིཥི་ཉྩ་ཨཿ བདུད་རྩིའི་ཆུས་དབང་བསྐུར་བར་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན་པར་བསམ་ལ། བུམ་ཆུ་བླུད། དེ་ནས་གཏོར་དབང་ནི། བདག་གཞན་སེམས་ཅན་ཐམས་ཅད་གནས་སྐབས་ཉེ་བར་འཚེ་བའི་བར་ཆད་ཞི་ཞིང་མཐར་ཐུག་མཆོག་གི་གོ་འཕང་ལ་སྦྱོར་བའི་སླད་དུ་བྱིན་རླབས་གཏོར་མའི་དབང་བསྐུར་ཞུ་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་ཐོབ་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག །གཏོར་ཆེན་ལས་རྡོར་གྱིས་བཏེགས་ལ། གཏོར་སྣོད་འདི་ཉིད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ། ཐར་པ་ཆེན་པོའི་གྲོང་ཁྱེར་ཡངས་ཤིང་རྒྱ་ཆེ་ལ་ཉམས་དགའ་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པད་ཟླ་ཉི་མའི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྒྱ་གྲམ་བསྐོར་ཚུལ་དུ་འཛིན་ཅིང་། གཡོན་སྡིགས་མཛུབ་ཐུགས་ཀར་བསྒྲེང་བ། ཞབས་གཉིས་འདོར་ཐབས་སུ་ཉི་མའི་གདན་ལ་བརྫིས་པ། དེའི་ཕྱི་རོལ་འཁོར་ལོ་རྩིབས་བཞི་ལ་རྡོ་རྗེ་ཕུར་བུ་སོགས་གཏུམ་པོ་རིགས་བཞི། དེ་རྒྱབ་རྩིབས་བཅུ་ལ་ཧཱུྃ་མཛད་སོགས་ཁྲོ་རྒྱལ་ཆེན་པོ་བཅུ། གཙོ་འཁོར་ཐམས་ཅད་ཀྱང་ཤིན་ཏུ་ཁྲོས་པའི་ཉམས་དང་ཁྲོ་བོའི་ཆས་ཐམས་ཅད་རྫོགས་ཤིང་ཡེ་ཤེས་ཀྱི་མེ་འབར་པའི་ཀློང་ན་གསལ་བའི་སྟེང་གི་ཆ་ལ་རྩ་བརྒྱུད་བླ་མ། བར་གྱི་ཆ་ལ་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། རྡོ་རྗེའི་ཁྲོ་བོ་དང་ཁྲོ་མོ། མཐའ་བསྐོར་དུ་རིག་པའི་ལྷ་མོ་བཀའ་ཉན་མངགས་གཞུག་དང་བཅས་པས་བསྐོར་ཞིང་སྤྲིན་གཏིབས་པ་ལྟར་བཞུགས་པར་གསལ་ཐོབ་ཅིག །དེ་དག་ལ་མོས་གུས་བྱས་པས་ནམ་མཁའི་དབྱིངས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་བརླབས། ཁྲོ་བོ་རྣམས་ཀྱིས་བྲོ་བརྡུངས། ཁྲོ་མོ་རྣམས་ཀྱིས་གར་བྱེད། ཧཱུྂ་ཧཱུྃ་དང་ཕཊ་ཕཊ་ཀྱི་དྲག་སྔགས་འབྲུག་ལྟར་སྒྲོགས་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་རྐྱེན་བགེགས་བར་དུ་གཅོད་པ་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་སྒོམས་ཤིག །བྱས་ལ་མདོ་གཟུངས་ཀྱི་དབུ་ནས་བརྩམས། ཉེ་སྙིང་གི་བར་ཚར་གཅིག་བརྗོད་ཅིང་གཏོར་མ་མགོར་བཞག །དྲིལ་བུ་གསིལ་ཞིང་ཉེ་སྙིང་གི་སྐབས་འཐོར་ནས་བྲབས། ཡང་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས་ཁྲོ་ཆུང་དང་རྡོ་རྗེའི་མཚོན་ཆར་གྲངས་མེད་པ་སི་ལི་ལི་བྱུང་ནས་ཁྱོད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པས་ནད་གདོན་རྐྱེན་བགེགས་བར་ཆད་ཐམས་ཅད་སངས་སངས་དག་པར་སྒོམས་ཤིག །མདོ་གཟུངས་འཐོར་ནས་སོགས་སྔ་མ་ལྟར་འགྲེ། ཡང་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས་ཡེ་ཤེས་ཀྱི་མེ་ཕུང་རབ་ཏུ་འབར་བ་བྱུང་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་རྐྱེན་བགེགས་བེ་ཐེལ་རྒྱལ་འགོང་ཀླུ་གཉན་ས་བདག་བྱད་མ་གནོད་བྱེད་ལ་སོགས་པ་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་བཞིན་དུ་ནག་ཆོམ་ཆོམ་བསྲེགས་པར་སྒོམས་ཤིག །གཟུགས་སོགས་གོང་ལྟར། ཡང་ལྷ་ཚོགས་དེ་རྣམས་ཀྱི་སྐུའི་ཆ་ཐམས་ཅད་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་སིབ་སིབ་བྱུང་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་རྐྱེན་བགེགས་བར་ཆད་ཐམས་ཅད་ཉི་མས་གྲིབ་སོ་དེད་པ་བཞིན་དུ་ནག་ནུར་གྱིས་དེད་འོག་སྒོ་དང་སེན་བྲག་རྣམས་སུ་བུད་ནས་དབང་ཆེན་གསེར་གྱི་ས་གཞིའི་ཞབས་སུ་སོང་བས། ལུས་ཕྱི་ནང་མེད་པ་ཡེ་ཤེས་བདུད་རྩིས་དཀར་ལྟེམས་ཀྱིས་གང་བར་སྒོམས་ཤིག །གཟུངས་སོགས་གོང་མཚུངས་གྲུབ་རྗེས། ཨརྒྷཾ་སོགས་ཀྱིས་མཆོད། ཤློ་ཀ་གཅིག་ཙམ་གྱིས་བསྟོད། ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་ལྟེམས་ཀྱིས་སོང་བ་འདི་ཉིད་ཁྱེད་རང་རྣམས་ལ་བྱིན་པས། ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་གིས་དག་ནས་ཁྱོད་རང་རྣམས་རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པ་མཐིང་ནག་རྒྱ་གྲམ་དང་སྡིགས་མཛུབ་ཅན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གྱུར་པའི་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་ནས་འབྲས་ཙམ་གྱིས་གང་བར་མོས་ཤིག །ཅེས་བྱས་ལ་གཏོར་མ་དྲི་བཟང་གི་ཆུས་བཤལ་བ་སྦྱིན་ནོ། །འདི་ཉིད་འདོན་མཁན་ཡིན་ན་བཟླས་ལུང་དབང་ཆོག་ལྟར་སྐབས་འདིར་སྦྱིན། དཀྱུས་ལ་མི་དགོས། དེ་ནས་གོ་བགོ་བ་ནི། མདུན་བསྐྱེད་སྐུའི་འོད་ཟེར་ལས་བྱུང་བའི་ཕྱག་རྒྱ་བཞིའི་གོ་ཆས་ཁྱེད་རང་རྣམས་ལ་ཞུ་ལུབས་སུ་གཡོགས་པས་ཕྱིན་ཆད་བགེགས་དང་བར་ཆད་གང་གིས་ཀྱང་མི་ཚུགས་པའི་མོས་པ་མཛོད་ཅིག །ཕྱག་རྒྱ་ལྔའི་ཙཀླིའམ་རྡོ་རྗེ་མགོར་བཞག་ལ། ཧཱུཾ། ཅིས་ཀྱང་མི་ཆོད་མི་ཤིགས་པ། །རྡོ་རྗེའི་གོ་ཆ་བླ་ན་མེད། །རྡོ་རྗེའི་གོ་ཆས་བསྲུང་དུ་གསོལ། །ༀ། ཅིས་ཀྱང་མི་ཆོད་མི་ཤིགས་པ། །འཁོར་ལོའི་གོ་ཆ༴ འཁོར་ལོའི་གོ་ཆས༴ ཏྲཱྃ། ཅིས་ཀྱང༴ རིན་ཆེན༴ རིན་ཆེན་གོ་ཆས༴ ཧྲཱིཿཅིས་ཀྱང་༴ པདྨ་གོ་ཆ༴ པདྨའི་གོ་ཆས༴ ཧཱ། ཅིས་ཀྱང་༴ རྒྱ་གྲམ་གོ་ཆ༴ རྒྱ་གྲམ་གོ་ཆས་བསྲུང་དུ་གསོལ། །ཅེས་དང་། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །རྡོ་རྗེ་རྣམ་པར་འཇོམས་པའི་བྱིན་རླབས་ཀྱིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་པས། །ཕྱིན་ཆད་སུས་ཀྱང་གནོད་པ་མ་བྱེད་ཅིག །བཛྲ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད། དེ་ནས་ཤིས་བརྗོད་རྒྱས་པར་སྤེལ་ཞིང་དབང་གི་རྗེས་སྤྱི་དང་མཐུན་པར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་བདུན། མཆོད་པ། བསྟོད་པ། བསྔོ་སྨོན། བཟོད་གསོལ། གཤེགས་བསྡུ། བཀྲ་ཤིས། རྒྱས་གདབ་བོ། །དང་པོ་ནི། མཆོད་པ་གསར་དུ་བརྗེ་བའམ། ཁ་གསོ་ལ་བྱིན་གྱིས་བརླབས་ཏེ་ཚིགས་བཅད་དང་བཅས་རྒྱས་པར་མཆོད། གཉིས་པ་ནི། བདག་མདུན་གང་རུང་ལྟར་གཙོ་འཁོར་ཡོངས་རྫོགས་ཀྱི་བསྟོད་པ་བྱ། གསུམ་པ་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །ལྟ་བུ་ཐེག་པ་ཆེན་པོའི་བསྔོ་སྨོན་གང་འགྲུབ་བྱ། བཞི་པ་ནི། དྲིལ་བུ་གསིལ་ཞིང་ཡིག་བརྒྱ་ལན་གསུ མ་བརྗོད་ལ། གང་ཡང་བདག་བློ་རྨོངས་པ་ཡིས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཅེས་དང་། མ་རྙེད་ཡོངས་སུ་སོགས་ཤློ་ཀ་བརྗོད་ཅིང་ནོངས་པ་བཤགས། ལྔ་པ་ནི། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ནས། ༀ་བཛྲ་མུཿས་བུམ་མདུན་གྱི་ཡེ་ཤེས་པ་རྣམས་ཆོས་ཀྱི་དབྱིངས་སུ་གཤེགས། ཧཱུྃ་ཞེས་བརྗོད་པས་དམ་ཚིག་པ་རྣམས་བདག་ལ་ཐིམ་པར་མོས་ལ། བདག་བསྐྱེད་བསྡུ་ཞིང་གནས་སྲུང་བའི་ཚུལ་གོང་དུ་བསྙེན་པའི་འཕྲོས་དོན་སྐབས་བཤད་པ་ལྟར་བྱའོ། །དྲུག་པ་ནི། དྲིལ་གསིལ་མེ་ཏོག་འཐོར་བ་དང་བཅས་ཏེ། ༀ། འབྲས་བུའི་རྡོ་རྗེ་སངས་རྒྱས་རྡོ་རྗེ་འཆང་། །ལམ་གྱི་རྡོ་རྗེ་ཐེག་པའི་རྡོ་རྗེ་ཆོས། །རྒྱུ་ཡི་རྡོ་རྗེ་དགེ་འདུན་རྡོ་རྗེའི་རིགས། །མཆོག་གསུམ་རྡོ་རྗེས་སྐྱོབ་པའི་བཀྲ་ཤིས་ཤོག །སངས་རྒྱས་སྟོང་གི་རྡོ་རྗེའི་གསུང་འཛིན་ཅིང་། །རྡོ་རྗེའི་ལུས་ཅན་ལག་ན་རྡོ་རྗེ་འཛིན། །རྡོ་རྗེའི་གསུང་གིས་རྡོ་རྗེའི་ཧཱུྂ་སྒྲ་སྒྲོགས། །རྡོ་རྗེ་རྣམ་པར་འཇོམས་པའི༴ གཉེན་པོ་རྡོ་རྗེས་མི་དགེ་བཅུ་པོ་འཇོམས། །སྟོབས་བཅུ་རྡོ་རྗེས་འཇིག་རྟེན་སྐྱོང་བཅུ་གནོན། །ཕ་རོལ་ཕྱིན་བཅུའི་རྡོ་རྗེ་མཐར་ཕྱིན་པ། །རྡོ་རྗེ་ཁྲོ་རྒྱལ་བཅུ་ཡི༴ རྡོ་རྗེའི་རིགས་ཅན་ཚངས་དབང་རྒྱལ་ཆེན་དང་། །རྡོ་རྗེའི་བཀའ་ཉན་ཕྱོགས་སྐྱོང་ལྷ་ཀླུ་དང་། །རྡོ་རྗེའི་ཕོ་ཉ་གཟའ་དང་རྒྱུ་སྐང་ཚོགས། །རྡོ་རྗེའི་རིགས་ཀྱི་སྲུང་མའི༴ རིན་ཆེན་བུམ་པ་རྡོ་རྗེས་མཚན་པ་ལ། །རྟེན་འབྲེལ་རྫས་དང་རྡོ་རྗེའི་ཆུས་བཀང་སྟེ། །རྡོ་རྗེའི་གཟུངས་ཐག་རྡོ་རྗེའི་ཏིང་འཛིན་སྤྲོས། །རྡོ་རྗེ་དག་བྱེད་ཁྲུས་ཀྱི་བཀྲ་ཤིས་ཤོག །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྡོ་རྗེས་འཇོམས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྡོ་རྗེས་འདུལ། །ནད་རིགས་བཞི་བརྒྱ་རྩ་བཞི་རྡོ་རྗེས་ཞི། །སྨོན་ལམ་རྡོ་རྗེ་འགྲུབ་པའི་བཀྲ་ཤིས་ཤོག །ༀ་བཛྲ་པཱ་ཱཎི་ཀཱ་ཱཡ་ཝཱཀྐ་ཙིཏྟ་སིདྡྷི་ཕ་ལ་ཧཱུྂ་ཨཱཿ ཞེས་བརྗོད་ལ་རོལ་མོ་རྒྱ་ཆེར་བྱའོ། །བདུན་པ་ནི། ཚོམ་བུ་གཏོར་མཆོད་སོགས་བསྡུ་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱ། འཁོར་གསུམ་ཡོངས་སུ་དག་པའི་ལྟ་བས་རྒྱས་གདབ། མཆོད་པའི་རས་མ་ལོངས་སུ་མི་སྤྱད་པར་གཙང་སར་འདོར་བར་བྱའོ། །གཙང་བྱེད་གངྒཱའི་ཀླུང་དང་ཞུགས་ཀྱི་ཕྲེང་། །གཡོ་བའི་དུང་གིས་མི་བསྒྲུན་ལུས་ཅན་གྱི། །ཕྱི་ནང་ཉེས་པའི་དྲི་མ་ལྷན་ཅིག་ཏུ། །སྦྱོང་བའི་གསང་བ་ཟབ་མོ་རྨད་དུ་བྱུང་། །གོང་མའི་གསུང་ལ་གཟུ་ལུམ་རས་ཆོད་ཀྱི། །སྤར་ཚོད་རྒྱགས་མིན་ལུགས་འདི་འཕེལ་བའི་བློ། །དཀར་པོ་བསྒྲུབས་འབྲས་སྐྱེ་དགུ་ཀུན་གྱི་གསོས། །མི་འཛད་ལྷ་ཆུའི་རྒྱུན་བཞིན་འབབས་པར་ཤོག །ཅེས་པ་འདིའང་རྒྱ་སྡོམ་སྟོན་པ་སེང་གེའི་གསུང་ཉིད་གཞིར་བྱས་པ་ལ། ཡིག་ཆ་རྙིང་པའི་དགོངས་པ་གུང་བསྡེབས་ཏེ་རང་ལུགས་ལ་སྤྱི་འགྲེའི་རིགས་པས་མ་བསླད་པར་འདུས་གསལ་ཁྱེར་བདེའི་ཚུལ་དུ། དྭགས་རྙིང་གི་རྗེས་འཇུག་རྟགས་ཙམ་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས། དཔལ་སྤུངས་ཡང་ཁྲོད་རྡོ་རྗེ་ཐུགས་ཀྱི་མཁར་དུ་སྦྱར་བ་དགེ་ལེགས་འཕེལ།། །།

རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་ནག་ལྷ་བཅོ་ལྔ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་སྨིན་བྱེད་ཡེ་ཤེས་བུམ་པ། བློ་གྲོས་མཐའ་ཡས།

རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་ནག་ལྷ་བཅོ་ལྔ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་སྨིན་བྱེད་ཡེ་ཤེས་བུམ་པ་ཞེས་བྱ་བ་བཞུགས་སོ། །ན་མོ་བཛྲ་གུ་རུ་བུདྡྷ་ཡ། རྡོ་རྗེའི་དབྱིངས་ལས་ཁྲོས་པའི་རྡོ་རྗེའི་སྐུ། །དབང་སྔོན་མདོག་ཅན་དབང་དང་དངོས་གྲུབ་མཛོད། །རྡོ་རྗེའི་སྟོབས་ཀྱིས་བྱང་ཆུབ་སྒྲུབ་པའི་བགེགས། །རྣམ་པར་འཇོམས་མཛད་དེ་ལ་ཕྱག་བྱས་ནས། །ས་གསུམ་ལ་གནས་གནུབས་ཆེན་བཀའ་ཡི་སྲོལ། །བྱིན་རླབས་ཆུ་རྒྱུན་མ་ཆད་བདག་བློ་ཡི། །བུམ་པར་བསྐྱིལ་གང་བསྟན་ཕྱིར་ཡིད་གདུང་བའི། །དམ་པ་རྣམས་ལ་དགྱེས་པའི་ཞལ་བསིལ་སྤྲོ། །སློབ་དཔོན་དབང་རྫོགས་ཤིང་ལུང་བསྟན་སོགས་མཚན་མ་ཐོབ་པའམ། ལྷའི་རྣལ་འབྱོར་རྫོགས་ཤིང་གཞན་ལ་ཕན་འདོད་ཀྱི་བསམ་པ་གཡོ་མེད་པས། དད་གུས་སྙིང་སྟོབས་དང་ལྡན་པའི་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཆོ་ག་ལ་སྤྱི་དོན་གསུམ། དམིགས་རྟེན་གཟུགས་བརྙན་མཚན་མའི་དཀྱིལ་འཁོར་འདུ་བྱ་བ། ཏིང་འཛིན་དམིགས་པའི་དཀྱིལ་འཁོར་སྒྲུབ་ཅིང་བདག་ཉིད་འཇུག་པ། དཀྱིལ་འཁོར་གཉིས་ཀ་ལ་བརྟེན་ནས་སློབ་མ་རྗེས་སུ་བཟུང་བའོ། །དང་པོ་ལ་གསུམ། སའི་ཆོ་ག །སྟ་གོན་གྱི་རིམ་པ། དཀྱིལ་འཁོར་དང་དབང་རྫས་འདུ་བྱ་བའོ། །དང་པོ་ནི། ཁྲུས་དང་འབྱུང་གཏོར་ནས་བརྩམས་བདག་བསྐྱེད་བཟླས་པ་མཆོད་བསྟོད་པར་གྲུབ་པ་དང་། དཀར་གཏོར་གཙང་མ་ལ་ཆབ་བྲན་ཏེ། ༀ་བཛྲ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཡིག་ཞུ་བ་ལས་བྱུང་བའི་གཏོར་རྫས་རྣམས་འདོད་ཡོན་བདུད་རྩིའི་ཕུང་པོ་ཟད་མི་ཤེས་པར་བསམ་ལ། ཨ་ཀཱ་རོ་བརྗོད་པས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ནས། ག་ག་ན་ཁཾ་བ་ལིཾ་ཏ་སྭཱ་ཧཱས་ཕུལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་གཏོར་མ་ཕུལ་བས་གནང་བ་བྱིན་པར་བསམ། ནག་ཕྱོགས་རྣམས་གོང་གི་ལས་སྔགས་བརྗོད་ཅིང་གུ་གུལ་དུད་པ་སོགས་ཀྱིས་བསྐྲད། ཆོས་ཉིད་རྣམ་དག་སྔགས་བརྗོད་ལ་ས་གཞི་སྟོང་ཉིད་དུ་མོས། གཟུངས་ཐུང་བརྗོད་ཅིང་དྲི་ཆབ་འཐོར་བས་ས་གཞིའི་ཉེས་སྐྱོན་དག་པར་མོས་པ་ནི་ས་ཆོག་མདོར་བསྡུས་པའོ། །གཉིས་པ་ལ་གསུམ། ལྷ། བུམ་པ། སློབ་མ་སྟ་གོན་ནོ། །དང་པོ་ནི། དཀྱིལ་འཁོར་གྱི་གཞི་ལ་དྲི་བཟང་པོས་ཆག་ཆག་གདབ་པར་དྲིའི་ཐིག་ལེའི་སྟེང་དུ་མེ་ཏོག་གི་ཚོམ་བུ་ལྷ་གྲངས་བཀོད། མཐར་ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་དུ་བཤམ། མཆོད་པ་རྣམས་བསང་སྦྱང་བྱིན་རླབས་གཟུངས་ཆོག་ལྟར་བྱ། དཀྱིལ་འཁོར་བསང་སྦྱང་། སྟོང་པའི་ངང་ལས། སྲུང་འཁོར་གྱི་ནང་འབྱུང་བཞི་རི་རབ་དང་བཅས་རིམ་པར་བརྩེགས་པའི་སྟེང་དུ། འཁོར་ལོ་རྩིབས་བཞི་སྣ་ཚོགས་མདོག །དེ་རྒྱབ་རྩིབས་བཅུ་མཐིང་ནག །འཁོར་ལོའི་ལྟེ་བར་པདྨ་ཟླ་བ་ཉི་མ་རྣམས་བརྩེགས་པའི་གནད་ལ་ན་མཿཙཎྜ་སོགས་བརྗོད། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་སྔོ་ནག་སོགས་གཟུངས་ཆོག་བདག་བསྐྱེད་སྐབས་ལྟར་ལ། བསྡུ་ན་གནས་བདུན་དང་ལྕེ་ལག་བྱིན་རླབས་མི་དགོས། གཞན་བསྟོད་པ་ཡན་ཚང་བར་བཏང་ངོ་། །གཉིས་པ་ནི། བུམ་པ་གཉིས་གཟུངས་ཆོ་ག་ལྟར་སྔགས་དང་བཅས་ཆས་སུ་བཅུག་ལ། དེ་ལས་འབྱུང་བ་ལྟར་རྣམ་བུམ་བསང་སྦྱང་ནས། ལས་བུམ་སྒྲུབ་པ་རྫོགས་ཀྱི་བར་མཐར་ཆགས་སུ་བཏང་བ་ལས། གཟུངས་བཟླས་སྐབས་བསྒྲུབ་བྱ་བསྐྱེད་པ་དང་ཡུངས་ཀར་འཐོར་བ་རྣམས་མི་དགོས་ལ་དཀྱིལ་འཁོར་ཡོལ་བས་བསྒྲིབས་ཏེ་བཞག་གོ། །གསུམ་པ་སློབ་མ་སྟ་གོན་གྱི་ཐོག་མར་སྔོན་གྱི་ཕྱག་ལེན་དུ། གྲིབ་སེལ་གྱི་ཆོ་ག་རྒྱས་པ་མཆོད་རྟེན་ལ་བརྟེན་པ་དང་། བསྡུས་པ་ཆང་བུའི་གླུད་བསྔོ་ཙམ་མཛད་པར་སྣང་བ་དང་པོ་སྤྲོ་ན་གཞན་དུ་ཤེས། གཉིས་པ་ཁྲོ་དཀར་དུ་བཤད་པ་ལྟར་ཡིན་ཀྱང་ཕྱིས་ནས་བྱབ་ཁྲུས་རེ་མཛད་པའི་ཁོངས་སུ་དེ་དག་འཐུས་པར་སྣང་བས། དེ་ལྟར་བྱེད་ན། བུམ་ཆོག་གྲུབ་མ་ཐག་པར་ལྷ་ཁྲུས་གསོལ་བའི་ཆུ་ལས་བུམ་དུ་བླུགས་ཤིང་། རྣམ་བུམ་ནས་བསྲེ། སློབ་མ་རྣམས་འཚོགས་ལ། བྱབ་པ་དང་། བཀྲུ་བ་དང་། བྲབས་པ་དང་། སྲུང་བ་བཅས་བྱས་ལ་ཤིས་བརྗོད་མདོར་བསྡུས་བྱའོ། །ལོངས་ཁྱབ་དབེན་པའམ་མི་སྤྲོ་ན། ཕྱི་རོལ་དུ་གཟུངས་སྔགས་བརྗོད་བཞིན་དུ་ལས་ཀྱི་བུམ་པའི་ཆུས་ཁྲུས་བྱས་པས་ཀྱང་དེའི་དོན་ཚང་ཞིང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །སྟ་གོན་དངོས་ལ། སྡོམས་ནི། མཚམས་སྦྱར། གསོལ་གདབ་གནང་བ་སྦྱིན། རྟོག་བསྡུ་སྣོད་རུང་གནས་བྱིན་བརླབས། །སོ་ཤིང་ཁྱོར་ཆུ་སྲུང་སྐུད་དང་། །ཀུ་ཤ་སྦྱིན་ཅིང་ཆོས་བཤད་དོ། །ཞེས་ཆོས་བཅུ་གཅིག་ཡོད་པས། དང་པོ་ནི། སློབ་དཔོན་གྱིས། ནམ་མཁའི་མཐའ་དང་མཉམ་པའི་མ་གྱུར་འགྲོ་བ་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་རྡོ་རྗེ་རིགས་ཀྱི་ཁྲོ་བོ་རྣམ་པར་འཇོམས་པའི་དཀྱིལ་འཁོར་དུ་ཞུགས་ལ་དོན་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པས་གསན་འཚལ། དེ་ལ་གསན་བྱ་ཆོས་ཀྱི་རྣམ་གྲངས་བསམ་མི་ཁྱབ་པ་ཞིག་ཡོད་པ་ལས་སྐབས་འདིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་འབྲས་བུ་ལམ་བྱེད་གསང་སྔགས་རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་བཞིའམ་དྲུག་ཏུ་གྲགས་པའི་ཐོག་མ་སྔགས་རྒྱུད་རྣམས་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་པ་བྱ་བའི་རྒྱུད་དུ་གཏོགས་པ་ཡིན། ཐེག་པ་རིམ་དགུར་གྲགས་པ་ལ་དཀའ་ཐུབ་རིག་བྱེད་ཐེག་པ་གསུམ་གྱི་ནང་ཚན་ཀྲི་ཡ་སྟེ། དེ་ལའང་འཇིག་རྟེན་ལས་འདས་པའི་རིགས་གསུམ། འཇིག་རྟེན་པའི་རིགས་གསུམ་སྟེ་དྲུག་ཏུ་བཤད་པའི་ཐོག་མ་འདས་པའི་རིགས་གསུམ་ལས་རྡོ་རྗེའི་རིགས་དེ་ལའང་རིགས་ཀྱི་གཙོ་བོ་སོགས་ནང་གསེས་བརྒྱད་དུ་དབྱེར་ཡོད་པ་ལས་རིགས་ཀྱི་ཁྲོ་བོའི་སྔགས་རྒྱུད་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན། དེའང་སྔོན་རྒྱལ་བ་འཇིག་རྟེན་དུ་བཞུགས་པའི་ཚེ་རྒྱལ་པོ་ལོག་པའི་སྙིང་པོ་ཅན་ཞེས་བྱ་བ་ལ་ཚེ་རབས་སྔ་མའི་ལས་ངན་གྱི་རྣམ་པར་སྨིན་པས་རྒྱུ་བྱས། གདོན་གྱི་རྒྱལ་པོ་ཕུར་བུ་རྐང་གཅིག་གིས་ཟིན་པས་རྐྱེན་བྱས་ནས་བྲོ་ནད་ཚབས་པོ་ཆེས་བཏབ་སྟེ། བྲམ་ཟེ་རྣམས་ལ་ཕན་པའི་ཐབས་དྲིས་པས་ལོག་པའི་ལུང་བསྟན་པ་ལས་ཕན་པའི་ཐབས་མ་རྙེད་པ་ན། རྒྱལ་པོ་ཆེན་པོ་སྡེ་བཞིས་ཟུག་རྔུས་གཟིར་བའི་སེམས་ཅན་ལ་སྙིང་རྗེ་སྐྱེས་ཏེ་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པས་རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་བཀའ་སྩལ་པ་སྐལ་བ་དང་ལྡན་པ་དུ་མས་བཟུང་ཞིང་བཀླགས་པ། དེ་ལས་བྲམ་ཟེའི་ཁྱེའུ་རིག་པ་འཛིན་པ་ཞེས་བྱ་བས་རྒྱལ་པོ་ལོག་པའི་སྙིང་པོའི་རྣ་བར་གཟུངས་བསྒྲག་པ་ཙམ་གྱིས་ན་ཚ་ཕལ་ཆེར་སངས། དེ་ལ་རྒྱུ་མཚན་དྲིས་ཤིང་དེས་ལུང་བསྟན་པ་ལྟར་སློབ་དཔོན་དཔལ་གྱི་སེང་གེ་བྱ་བ་སྤྱན་དྲངས་ཏེ་གཟུངས་ཀྱི་ཆོ་གས་ཁྲུས་མཛད་ཅིང་དཀྱིལ་འཁོར་དུ་ཞུགས་པས་རྒྱལ་བས་རྒྱལ་པོ་ཡུལ་ཁམས་དང་བཅས་པ་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར། བོད་དུ་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོས་དུས་སུ་ཐོན་མི་སཾ་བྷོ་ཊས་བསྒྱུར་བར་གྲགས་པས་བོད་ཆོས་ཀྱི་སྔ་ཤོས་ཡིན་ལ། ཕྱིས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་ཆོས་བསྒྱུར་བའི་ཐོག་མར་ཡང་རྒྱལ་པོའི་ཐུགས་དམ་མདོ་ལྔར་བསྒྱུར་བར་གྲགས་པའི་ཡ་གྱལ་གཅིག་འདི་ཉིད་ཡིན་པ་དང་། དཔལ་བསམ་ཡས་བདུད་འདུལ་སྔགས་པ་གླིང་དུ་སྔགས་འཆང་དྷརྨ་ཀིརྟིས་འདི་ཉིད་ཀྱི་དཀྱིལ་འཁོར་བཞེངས་ནས་ཆོས་རྒྱལ་ཆེན་པོ་ལ་དབང་བསྐུར་ཅིང་སྒྲུབ་ཐབས་བཤད་པར་གྲགས་པས་བོད་དུ་དབང་བསྐུར་བྱུང་བའི་ཐོག་མའང་དེ་ཡིན་པས། སྐྱེ་བོ་ཐམས་ཅད་ཀྱི་གཟུངས་མདོ་འདོན་པ་སོགས་དར་རྒྱས་ཆེ་ཞིང་ད་ལྟའི་བར་མ་ནུབ་པར་གནས་པས་གསར་རྙིང་གི་བཀའ་སྲོལ་ཡང་ཇི་སྙེད་ཅིག་བྱུང་བ་ལས། སྐབས་སུ་བབས་པ་འདི་ནི། ས་གསུམ་པ་འོད་བྱེད་པ་ལ་གནས་ཤིང་ཆུ་བོ་བཞིའི་བཀའ་བབས་ཀྱི་ཤིང་རྟ་ཆེན་པོ། གནུབས་ཀྱི་སློབ་དཔོན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་ཁ་ཆེ་ཛྙཱ་ན་བཛྲ་ལས་གསན་ཅིང་། སྐུའི་སྲས་ཡོན་ཏན་རྒྱ་མཚོ་དང་། ཟུར་ཤཱཀ་འབྱུང་སོགས་ལས་རིམ་པར་བརྒྱུད། རྒྱལ་བ་ཀཿཐོག་པ་དམ་གཙང་བྱམས་གསུམ་ལ་བཀའ་བབས་ཤིང་ད་ལྟའི་བར་དུ་བརྒྱུད་སྲོལ་ཟམ་མ་ཆད་པར་བྱོན་པ་སྔ་འགྱུར་བཀའ་མའི་ཆོས་སྡེར་གཏོགས་པ་སྟེ། ངོ་བོ་བྱ་རྒྱུད་རྡོ་རྗེའི་རིགས་ལ་ཆོ་གའི་ཡན་ལག་འགའ་ཞིག་རྣལ་འབྱོར་རྒྱུད་སོགས་དང་མཐུན་པར་སྦྱོར་བའི་ལུགས་དེ་ཡིན། འདི་དང་ལྷ་སྔགས་སོགས་རྣམ་པ་མཚུངས་པ་ཕྱི་འགྱུར་མ་ཎི་བཛྲའི་བཀའ་སྲོལ་སོགས་ཀྱང་ཡོངས་སུ་གྲགས་པས་ན། ཟབ་ཅིང་ཁུངས་བཙུན་པའི་དབང་བསྒྲུབ་པར་བགྱི་བ་ལ། སྔོན་འགྲོ་སྟ་གོན་གྱི་རིམ་པ་དང་། དངོས་གཞི་དབང་བསྐུར་ཆོ་ག་གཉིས་སུ་ཡོད་པ་ལས། ཐོག་མར་སློབ་མ་ལྷག་པར་གནས་པའི་རིམ་པ་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་སམ། སྤྲོ་ན་སྐབས་འདིར་དྲང་དོན་རྒྱུ་འབྲས་ཀྱི་ཆོས་བཤད་ཀྱི་མཚམས་སྦྱར་ལ། འདི་ཉིད་དབང་བསྐུར་དངོས་གཞིར་འཆད་དོ། །གང་ལྟར་མཎྜལ་འབུལ་ཟིན་ནས། གཉིས་པ་ནི། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱེད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་འཚལ། །ལན་གསུམ་གྱིས་གསོལ་བ་གདབ། གསུམ་པ་ནི། སློབ་དཔོན་གྱིས། བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་པས། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱེད་ལ་ཡང་དག་བསྟན་པར་བྱ། །ཞེས་བརྗོད། བཞི་པ་ནི། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་པ་ཡིན་པས་གཞན་དུ་མ་ཡེངས་པར་ཡིད་དང་དབང་པོ་རྩེ་གཅིག་ཏུ་གཏོད་ལ་དད་གུས་སྤྲོ་བའི་བསམ་པ་བཟང་པོ་དང་ལྡན་པར་བྱ་དགོས་སོ། །ལྔ་པ་ནི། དེ་ལ་ཐོག་མར་གསང་སྔགས་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར་བསགས་སྦྱོང་སྤེལ་ཞིང་རྒྱུད་སྡོམ་པ་དང་ལྡན་པ་གལ་ཆེ་བས་གཞི་རྣམ་པར་དག་པ་བྱ་བའི་དང་པོ་རྒྱུད་དག་པར་བྱ་བའི་ཡན་ལག་ནི། ཁྱེད་རང་རྣམས་ཀྱིས་སྔར་བྱས་ཀྱི་སྡིག་པ་ལ་གནོང་འགྱོད་དང་བཅས་པས་བཤགས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་པར་དམ་ཆོས་ལ་འདིའི་རྗེས་ཟློས། དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །ལན་གསུམ། གཉིས་པ་དགེ་བའི་རྩ་བ་ཆུང་ངུ་ལ་ཆེན་པོར་སྤེལ་བའི་ཡན་ལག་ནི། འཁོར་འདས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་དབུལ་པོས་ནོར་བུ་རྙེད་པ་ལྟ་བུའི་སྤྲོ་དགའ་དུང་ངེ་བ་བསྐྱེད་ལ་འདིའི་རྗེས་ཟློས། བདེ་གཤེགས་སྲས་ཀྱིས་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་ལ་ཡང་། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ལན་གསུམ། གསུམ་པ་རྟེན་ཐོབ་པའི་ཡན་ལག་ནི། དཀོན་མཆོག་གསུམ་ལ་སྙིང་ཁུང་རུས་པའི་གཏིང་ནས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཐུགས་རྗེ་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིག །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པའི། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །དམན་པས་འཇིག་པ་རྣམས་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་། །བློ་གྲོས་རྣམ་དག་ཐུགས་རྗེ་ཆེ་ལྡན་པའི། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་སུ་མཆི་ཞིང་། །སྲེད་དང་བྲལ་བ་རྣམས་ལའང་བདག་ཕྱག་འཚལ། །ལན་གསུམ། བཞི་པ་བྱང་ཆུབ་ཏུ་ངེས་པའི་ཡན་ལག་ནི། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པའི་སྨོན་པ་དང་། དེའི་ཕྱིར་དུ་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པར་སེམས་བསྐྱེད་དེ་འདིའི་རྗེས་ཟློས། རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པའི། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་སེམས་ནི་གཟུང་བར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་བཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་ལ་ཕན་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་སྒོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་དག་གིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི། །ལན་གསུམ། དྲུག་པ་ནི། དེ་ནས་སྒོ་གསུམ་བྱིན་གྱིས་བརླབ་པ་ལ། ཁྱེད་རང་རྣམས་སྐད་ཅིག་གིས་རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པ་མཐིང་ནག་རྒྱ་གྲམ་བསྐོར་ཞིང་སྡིགས་མཛུབ་སྒྲེང་བའི་སྤྱི་བོར་འཁོར་ལོ་དཀར་པོ་ༀ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། སྙིང་ཁར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་གསལ་ཐོབ་ཅིག །དྲི་བཟང་གི་ཐིག་ལེ་གནས་གསུམ་དུ་བཀོད་ལ། ༀ་ཨཱཿཧཱུྃ་བརྗོད། ཕྱག་མཚན་ས་བོན་དང་བཅས་པ་ལས་འོད་ཟེར་འཕྲོས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་བསྐུལ། ཆར་བབས་པ་ལྟར་བྱོན་ནས་ཁྱོད་རང་གི་གནས་གསུམ་དུ་ཐིམ། དེ་ལྟར་བྱིན་གྱིས་བརླབས་པ་ལ་མེ་ཏོག་ལ་སོགས་པས་མཆོད་པའི་མོས་པ་བགྱིས་ཤིག །ཉེར་སྤྱོད་རྣམས་སོ་སོར་འབུལ་བའི་ཚུལ་བྱས་ལ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། དྷཱུ་པེ། ཨཱ་ལོ་ཀེ། གྷནྡྷེ། ནཻ་བིདྱ། ཞེས་སྦྱར་ལ་མཆོད་དོ། །བདུན་པ་ནི། ཐོག་མར་རྫས་བཞི་ཀ་ཆབ་གཅིག་ཏུ་དམིགས་ཏེ། བསང་སྦྱང་། སྟོང་པའི་ངང་ལས། ༀ་དཀར་པོ་རྣམས་ཡོངས་སུ་གྱུར་པ་ལས་སོ་ཤིང་ལ་སོགས་རྫས་བཞིའི་རྣམ་པར་གྱུར་ནས་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ༀ་ཨཱཿཧཱུྃ། བརྗོད་ལ་བྱིན་བརླབས། དེ་ནས་སོ་ཤིང་དང་། མཎྜལ་ཚོམ་བུ་འདུ་བྱས་ལ། སྔོན་ཚེ་ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྡོ་རྗེ་བཞད་པ་ཞེས་བྱ་བ་བྱང་ཆུབ་ཀྱི་སྤྱོད་པ་ལ་གནས་པའི་དུས་མངོན་པར་ཤེས་པས་གཟིགས་ནས། སེམས་ཅན་རྣམས་ཀྱིས་ཚེ་སྔ་མའི་མཁན་པོ་དང་སློབ་དཔོན་དང་ཕ་མའི་སྐྱེ་བ་རྣམས་ཀྱི་ཤ་ཟོས་པའི་རྣམ་སྨིན་ཆེ་བར་གཟིགས་ནས་དེ་ལ་ཐུགས་རྗེ་སྐྱེས་ཏེ་གང་གིས་ངའི་མིང་དང་སྔགས་ཀྱིས་སོ་ཤིང་བསྔགས་ཏེ་སོའི་རྩ་བ་དྲུས་པས་ཤ་ཟོས་པའི་རྣམ་སྨིན་ཐམས་ཅད་དག་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ཡིན་པས། དེའི་བདེན་པའི་སྟོབས་དྲན་པར་གྱིས་ལ་སོ་ཤིང་འདི་ཉིད་ཁྱེད་རང་རྣམས་ཀྱི་ལག་པ་ཆོས་འབྱུང་གི་ཕྱག་རྒྱས་སོའི་རྩ་བ་བྲུ་བའི་ཚུལ་དང་ལྷན་ཅིག་འཁོར་བ་ཐོག་མེད་ནས་ཤ་ཟོས་པ་གཙོ་བོར་གྱུར་པའི་སྡིག་སྒྲིབ་ཐམས་ཅད་བྱང་བའི་མོས་པས་ཚོམ་བུའི་དཀྱིལ་འཁོར་དུ་དོར་ཞིག །བཞད་པ་རྡོ་རྗེ་དགྱེས་པ་ཡི། །ཚེམས་ཤིང་དམ་ཚིག་མནོས་པ་ཡིས། །བསྐལ་པ་གྲངས་མེད་འཁོར་བའི་དུས། །ཕྱིན་ཅི་ལོག་བཞིས་དབང་བསྒྱུར་བས། །དགེ་བཤེས་ཕ་མ་གཉེན་འདུན་གྱི། །ལས་ཀྱིས་འཁོར་བའི་ཤ་ཟོས་པ། །སྐད་ཅིག་ཡུད་ལ་བྱང་བར་ཤོག །ༀ་བཛྲ་ཧཱ་ས་ཏྲཱྂ། ཞེས་འདོར་དུ་གཞུག་ལ། དེ་ལས་དངོས་གྲུབ་ལྟས་བརྟག་པ་ནི། རྩེ་མོ་སྟེང་དང་རང་ལ་བསྟན་ན་མཆོག་གི་དངོས་གྲུབ། ཕྱོགས་བཞིར་ལས་བཞི། ཤར་ལྷོར་ཐུན་མོང་། མཚམས་གཞན་དུ་འཇིག་རྟེན་པའི་དངོས་གྲུབ། བརྒྱ་ལ་ཐུར་དུ་བསྟན་ན་ས་འོག་སྤྱོད་པའི་དངོས་གྲུབ་འགྲུབ་པར་གསུངས་སོ། །བརྒྱད་པ་ནི་དུང་ཞལ་དུ་དྲི་ཆབ་རྣམ་བུམ་གྱི་ཆུ་བསྲེས་པ་ཐོགས་ལ། སྔོན་གྱི་ཚེ་ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྡོ་རྗེ་རྣོན་པོ་ཞེས་བྱ་བ་བྱང་ཆུབ་ཀྱི་སྤྱོད་པ་མཛད་པའི་ཚེ་མངོན་པར་ཤེས་པས་གཟིགས་ནས། སེམས་ཅན་རྣམས་ཀྱིས་ངག་ལ་བརྟེན་ནས་མི་དགེ་བ་སྣ་ཚོགས་བསགས་པའི་རྣམ་སྨིན་ཤིན་ཏུ་ཆེ་བར་གཟིགས་ནས། དེ་ལ་ཐུགས་རྗེ་སྐྱེས་ཏེ་གང་གིས་ང་ཡི་མིང་དང་སྔགས་ཀྱིས་དྲི་བཟང་གི་ཆུ་ལ་བཏབ་སྟེ་ཁ་བཤལ་བས་ངག་གི་ཉེས་སྐྱོན་བག་ཆགས་ཐམས་ཅད་དག་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ཡིན་པས་དེའི་བདེན་པའི་སྟོབས་དྲན་པར་གྱིས་ལ་ལག་པ་གཡས་ཀྱི་ཁྱོར་ཆུ་ལན་གསུམ་འཐུང་ཞིང་ཁ་བཤལ་བས་ངག་གི་ཉེས་པ་གཙོ་བོར་གྱུར་པའི་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག་པར་མོས་ཤིག །རྡོ་རྗེ་རྣོན་པོ་ཐོགས་མེད་ཀྱི། །དག་བྱེད་དམ་ཚིག་མནོས་པ་ཡིས། །ལུས་ངག་ཡིད་ལས་བྱུང་བ་ཡི། །བག་ཆགས་མ་ལུས་དག་པར་ཤོག །ༀ་བཛྲ་ཏཱིཀྵྞ་ཧྲཱིཿབི་ཤུདྡྷེ་སརྦ་པཱ་པཾ་ཀཱ་ཝཱ་ཙི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་ལན་གསུམ་སྦྱིན་ནོ། །དགུ་པ་ནི། སྲུང་སྐུད་དཀར་དམར་གང་རུང་རྡོ་རྗེའི་མདུད་པ་གསུམ་ལྡན་རྩ་སྔགས་ཀྱིས་བཏབ་པ་ཐོགས་ལ། སྔོན་གྱི་ཚེ་བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྡོ་རྗེ་སྲུང་བ་ཞེས་བྱ་བ་བྱང་ཆུབ་ཀྱི་ལམ་ལ་གནས་པའི་དུས་སུ་མངོན་པར་ཤེས་པས་གཟིགས་ནས། སེམས་ཅན་གྱི་ལུས་ལ་བར་ཆད་བསམ་གྱིས་མི་ཁྱབ་པ་དང་བཅས་ནས་སྡུག་བསྔལ་བ་གཟིགས་པ་དེ་ལ་ཐུགས་རྗེ་སྐྱེས་ཏེ་གང་གིས་སྲུང་སྐུད་ཚད་དང་ལྡན་པ་ལ་བདག་གི་མིང་དང་སྔགས་ཀྱིས་བཏབ་སྟེ། མགུལ་ལམ་དཔུང་པར་བཏགས་ན་བར་ཆད་ཐམས་ཅད་ལས་གྲོལ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ཡིན་པས། དེའི་བདེན་པའི་སྟོབས་དྲན་པར་གྱིས་ལ་སྲུང་སྐུད་འདི་ཕོའི་དཔུང་པ་གཡོན་དང་མོའི་གཡས་སུ་འཆིང་བ་ཙམ་གྱིས་ལུས་རྡོ་རྗེའི་གོ་ཁྲབ་སྤུངས་ཀྱིས་སོང་ནས་བར་ཆད་རྐྱེན་གེགས་ཐམས་ཅད་སྲུང་བར་མོས་ཤིག །སྲུང་པ་རྡོ་རྗེའི་གོ་ཆ་ཡི། །སྲུང་སྐུད་དམ་ཚིག་མནོས་ནས་ནི། །བདུན་ནམ་ཉི་ཤུ་རྩ་གཅིག་གིས། །རབ་ཏུ་བསྔགས་ཏེ་མདུད་བོར་བས། །འཆི་བདག་བདུད་ལས་རྒྱལ་བར་ཤོག །ༀ་བཛྲ་རཀྵ་ཧཱུྃ། ཞེས་བཅིང་། ༀ་བཛྲ་ས་ཏྭ་ཀྲོ་དྷཱ། ཞེས་རྡོ་རྗེས་རྒྱས་གདབ་བོ། །བཅུ་པ་ནི། ཀུ་ཤའི་ཆུན་པོ་རིང་ཐུང་གཉིས་ཐོགས་ལ། སྔོན་གྱི་ཚེ་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྡོ་རྗེ་ལེགས་པ་ཞེས་བྱ་བ་བྱང་ཆུབ་ཀྱི་སྤྱོད་པ་ལ་གནས་པའི་ཚེ་སེམས་ཅན་རྣམས་གླེན་ཅིང་རྨོངས་ཏེ་ལས་ལེགས་ཉེས་དང་དགེ་སྡིག་ངོ་མ་ཤེས་པ་ལ་ཐུགས་རྗེ་སྐྱེས་ཏེ། གང་གིས་ང་ཡི་མིང་དང་སྔགས་ཀྱི་ཀུ་ཤ་ལ་བཏབ་ནས་སྔས་སྟན་བྱས་པས་དགེ་སྡིག་ལེགས་ཉེས་མཐོང་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ཡིན་པས། དེའི་བདེན་པའི་སྟོབས་དྲན་པར་གྱིས་ལ། དྷཱིཿདང་ཧཱུྃ་ལས་སྐྱེས་པའི་ཀུ་ཤའི་ཆུན་པོ་ཐུང་བ་སྔས་དང་རིང་བ་སྟན་གྱི་དོན་དུ་ཟུང་ལ། དོ་ནུབ་བླ་མ་དང་དཀྱིལ་འཁོར་ལ་མགོ་ཕྱོགས་ཏེ་སེང་གེའི་ཉལ་སྟབས་ཀྱི་ཉལ་བའི་ཚེ་ལས་དང་སྐལ་པ་བཟང་ངན་རྨི་ལམ་དུ་མཐོང་བར་གྱུར་ཅིག་པའི་དམོད་བོར་ཅིག །རྡོ་རྗེ་ལེགས་པ་དགྱེས་པ་ཆེ། །རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག །ཀུ་ཤ་འདི་ནི་ཁྱོད་ཀྱིས་ལོངས། །དགེ་དང་མི་དགེའི་ཆོས་རྣམས་ཀུན། །རྨི་ལམ་དུ་ནི་གང་རྨིས་པ། །སང་ནི་བདག་ལ་བཤད་པར་བྱོས། །ༀ་བཛྲ་ས་ཏྭ་ཧཱུྃ། ཞེས་ལག་གཡས་གཡོན་དུ་གཏད། སྔོན་སྟོན་པ་སངས་རྒྱས་ཀྱི་ཚུལ་དང་མཐུན་པར་ཀུ་ཤའི་གདན་ལ་ཡིད་དང་བསྐྱེད་དེ། བར་ཆད་ཀྱིས་མི་ཚུགས་པའི་ཕྱིར་ལུས་ལྷར་དྲན་པ་དང་། གཉིད་ཀྱི་མུན་པས་མི་འགྱུར་བའི་ཕྱིར་སྙིང་གར་ཟླ་བའི་དཀྱིལ་འཁོར་དྲན་པ་དང་། མ་འོངས་པའི་དངོས་པོ་ད་ལྟར་ཤེས་པའི་དོན་དུ་རང་སེམས་ཟླ་བའི་སྟེང་དུ་ལྷའི་ས་བོན་དུ་དྲན་པ་གསུམ་གྱིས་རྒྱས་ཐོབ་ལ། རྨི་ལམ་གང་བྱུང་བདེན་མེད་སྒྱུ་མའི་རྣམ་པར་ཤེས་པར་གྱིས་ཤིག །ཅེས་བསྒོ། བཅུ་གཅིག་པ་ནི། དེ་ནས་ཕྱིར་མི་ལྡོག་པ་ཟབ་མོའི་ཆོས་བཤད་པས་སྤྲོ་བ་བསྐྱེད་པ་ནི་འདི་ལ་སྙན་གཏོད་པར་ཞུ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦྷ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་གྲངས་མེད་མང་པོར་ནི། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་བྱེད་པ་ཡིན། །དེ་དག་རྣམས་ཀྱིས་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་གྲུབ་པ་ཡིན་པས་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ། ཞེས་བསྔོ་སྨོན་བརྗོད་ལ་སློབ་མ་རྣམས་གྱེས་སོ། །དེ་ནས་སྟ་གོན་བྱས་པའི་དཀྱིལ་འཁོར་གྱི་ལྷ་ལ་སྙན་གསན་དབབ་པ་ནི། པུས་བཙུགས་སྟབས་ཀྱིས་རྡོར་དྲིལ་དང་སྤོས་ཐོགས་ལ། རྣམ་པར་འཇོམས་མཛད་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་གཅིག་པུར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་གནང་བ་མཛད་པར་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་དུ་ལྷ་ཡི་སྤྱན་མངའ་བ། །སེམས་ཅན་དོན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །རྡོ་རྗེ་རྣམ་འཇོམས་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་བྲི་ལགས་ན། །བདག་དང་སློབ་མར་བཅས་པ་རྣམས། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །ཞེས་སྙན་གསན་དབབ་ལ། བཛྲོ་ཏྟིཥྛ། ཞེས་དཀྱིལ་འཁོར་ནམ་མཁར་བཏེགས་ལ་མཆོད་བསྟོད་མདོར་བསྡུས་བྱ། དེ་ནས་བདག་བསྐྱེད་ལ་དམིགས་ཏེ་མཆོད་བསྟོད་ནོངས་བཤགས་བསྔོ་སྨོན་བསྡུ་ལྡང་ཤིས་བརྗོད་ཀྱི་བར་གཟུངས་ཆོག་ལྟར་བྱ། བུམ་པ་ཉིན་ཕྱི་མར་བསྐྱར་ནས་བསྒྲུབ་ན་བདག་བསྐྱེད་ཆབ་གཅིག་རྗེས་ཆོག་བྱ། བསྐྱར་མི་ནུས་ན་དེ་ཀར་བཞག་ཀྱང་ཆོག །གལ་ཏེ་དངོས་སྟ་ཉིན་གཅིག་ལ་རྫོགས་པར་བྱེད་ན་ལྷ་བཏེགས་པའི་རྗེས་ཆོག་དེ་མ་ཐག་པར་དཀྱིལ་འཁོར་དང་དབང་རྫས་འདུ་བྱས་ནས་མདུན་བསྐྱེད་བསྒྲུབ་པ་ལ་འཇུག་གོ། །གསུམ་པ་ལ། ཐོག་མར་དཀྱིལ་འཁོར་འདུ་བྱ་བ་ནི། ཐིག་ཚོན་གྱི་ཆོ་ག་རྒྱས་པར་སྤྲོ་ན་འདུས་མདོའི་ཡོ་གའི་དཀྱིལ་ཆོག་སོགས་རིགས་མཐུན་ནས་བླང་དུ་རུང་ཞིང་། འདིར་ས་བཅད་ཙམ་དུ། ཁ་དོག་ལྔ་པའི་སྲད་བུ་ལས་སྔགས་ཀྱིས་བསངས་གཏོར་བྱ། མདུན་གྱི་ནམ་མཁར་རྒྱལ་བ་སྲས་དང་བཅས་པ་བཞུགས་པར་མོས་ལ་ཡིད་ཀྱིས་སྤྲུལ་པའི་མཆོད་པས་མཆོད། ལས་སྔགས་བཟླ་བཞིན་དུ་ཐིག་སྐུད་ཡེ་ཤེས་ཀྱི་རང་བཞིན་དུ་མོས་ཏེ། ཐིག་ཆེན་བརྒྱད་བཏབ། དེ་ལས་བཅུ་དྲུག་ཆ་དབྱེ་བ་སོགས་ཀྱིས་ཞི་དཀྱིལ་སྤྱི་འགྲེ་རྟ་བབས་སྣམ་བུ་བཞི་མའི་ཐིག་བཏབ་ལ། ཚོན་ཁ་དོག་སྣ་ལྔར་དཔའ་བོ་འབྲུ་ལྔ་བརྗོད་པས་རིགས་ལྔ་འོད་དུ་ཞུ་བ་ཚོན་རྩིར་མོས་ལ། ལས་སྔགས་བཟླ་བཞིན་དུ་ལྟེ་བ་སྔོན་པོ། དེ་རྒྱབ་འཁོར་ལོ་རྩིབས་བཞིའི་བྱང་ཤར་སྨུག་ནག །ཤར་ལྷོ་སེར་ནག །ལྷོ་ནུབ་ཏུ་དམར་ནག །ནུབ་བྱང་ནག་པོ། དེ་རྒྱབ་རྩིབས་བཅུ་མཐིང་ནག །ལྷ་རྣམས་དང་སྒོ་བཞི་ཕྱོགས་མདོག །རྒྱན་རྟ་བབས་སྤྱི་ལྟར་ལ་གདན་པདྨ། ཁོར་ཡུག་མེ་རི་བཅས་ལེགས་པར་བྲིས་པ་ལ། གཙོ་འཁོར་བཅོ་ལྔའི་ལྷ་མཚན་རབ་སྐུ་གཟུགས། འབྲིང་ཕྱག་མཚན། ཐ་མ་ས་བོན་གྱི་ཚུལ་དུ་འགོད། ལྷ་མོ་བཅུ་དྲུག་དང་སྒོ་བཞི་རྣམས་མོས་བསྐྱེད་ཡིན་པས་ལྷ་མཚན་མ་བཀོད་ཀྱང་ཆོག་གོ། །མི་འགྲུབ་ན་རས་བྲིས་སམ་ཚོམ་བུ་ལྷ་གྲངས་བཀོད། དབང་རྫས་འདུ་བྱ་བ་ནི། དཀྱིལ་འཁོར་དབུས་སུ་སྟེགས་བུའི་ཁར་སྟ་གོན་བྱས་པའི་རྣམ་བུམ་ཉིད་སྔགས་བཟླ་བཞིན་དུ་བཀོད་པ་དང་ལྷན་ཅིག་ལྷ་ཙཀ་རྣམས་དང་། དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་རྣམས་ཀྱང་བཀོད། ལས་བུམ་བྱང་དུ་བཞག །མཐའ་བསྐོར་དུ་ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་དུ་བཤམ། ནུབ་ཏུ་རིན་པོ་ཆེའི་སྣོད་དུ་རྣམ་འཇོམས་གཏོར་མ་གཙོ་འཁོར་ལྔ་པ་དང་འབུལ་གཏོར་ཆ་བཞི། འབྱོར་ན་དཀྱིལ་འཁོར་གྱི་རྒྱན་རྫས་རལ་གྲི། རྒྱལ་མཚན་ལ་སོགས་པ་སྤྱི་ལྟར་དང་། སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་ལ་བག་དྲོ་བྱིན་ཆགས་པར་བྱ། གཞན་ཡང་དུང་ཆུ། མིག་དར། མེ་ཏོག །རྗེས་གནང་ཆས་རིགས་ལྔའི་ཕྱག་མཚན་དང་། རྫས་བརྒྱད་ཙཀླི། མཆོད་པ་རྣམ་ལྔ་སོགས་ཀྱང་ཉེ་བར་བསྡོགས་པ་སོགས་འོག་ཏུ་དགོས་པའི་ཡོ་བྱད་མཐའ་དག་ཚོགས་པར་བྱའོ། །གཉིས་པ་ཏིང་ངེ་འཛིན་དམིགས་པའི་དཀྱིལ་འཁོར་སྒྲུབ་ཅིང་བདག་ཉིད་འཇུག་པ་ནི། ཁྲུས་དང་སྔོན་གཏོར་ནས་བརྩམ་བདག་བསྐྱེད། བུམ་བསྐྱེད་བཟླས་པ་མཆོད་བསྟོད་ཀྱི་བར་དུ་གྲུབ་པ་དང་། མདུན་བསྐྱེད་དཀྱིལ་འཁོར་བསང་སྦྱང་། སྟོང་པའི་ངང་ལས་ཨེ་ལས་ནམ་མཁའ་ནས། རྒྱ་ཆེ་བའི་དབུས། བྷྲཱུྂ་འོད་དུ་ཞུ་བ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་གདུགས་རི་དྭགས་ཆོས་འཁོར་དང་བཅས་པའི་ཕྱི་རོལ་དུ་འགྲམ་སྟེགས་ཀྱི་སྣམ་བུ། ཁོར་ཡུག་མེ་རིའི་ཕྲེང་བ་སོགས་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་འཁོར་ལོ་རྩིབས་བཞི་སྣ་ཚོགས་མདོག་སོགས་བདག་བསྐྱེད་ལྟར་ལ། བདག་ཉིད་ཅེས་པ་དང་ལྕེ་ལག་བྱིན་རླབས་དོར་ལ། ཕྱག་འཚལ་ཡན་གྲུབ་པ་དང་། མཆོད་པ་བྱིན་གྱིས་བརླབ། ཆུ་གཉིས་ཉེར་སྤྱོད་དང་། སྤྲོ་ན་འདོད་ཡོན་ལྔ། རྒྱལ་སྲིད་བདུན་སོགས་སྤྱི་ལྟར་འབུལ། གང་ལྟར་མཆོད་པའི་མཇུག་ཏུ། བཅོམ་ལྡན་རྡོ་རྗེ་རྣམ་འཇོམས་འཁོར་བཅས་ལ། །མཆོད་པ་བླ་ན་མེད་པས་མཆོད། །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། །དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །ཡིད་དུ་འོང་བའི་མཆོད་སྤྲིན་དང་། །རོལ་མོ་སིལ་སྙན་འཕན་གདུགས་དང་། །བླ་རེ་རྒྱལ་མཚན་ལྷབ་ལྷུབ་ངང་། །མེ་ཏོག་ཕྲེང་བ་བདུག་པ་དང་། །ཡིད་འོང་སྣ་ཚོགས་མཆོད་པ་དང་། །མཆོད་སྤྲིན་རྒྱ་མཚོ་ཕྱོགས་བཅུར་འབུལ། །ཕྱོགས་བཅུའི་སངས་རྒྱས་བདེན་པ་དང་། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་གྱིས། །སངས་རྒྱས་ཞིང་ཁམས་རབ་འབྱམས་སུ། །བླ་མེད་མཆོད་པའི་སྤྲིན་འབྱུང་ཞིང་། །ཡོན་ཏན་བརྒྱད་ལྡན་ཐམས་ཅད་ཀྱི། །ཞབས་ལས་སྤྱི་བོས་གཏུགས་གྱུར་ཅིག །ཅེས་མཆོད་སྤྲིན་བསྔོ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པས་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤྭོ་དྷ་ན་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད་ལ་རོལ་མོ་བྱ། བསྟོད་པ་ནི། ༀ། ཆོས་དབྱིངས་ཡེ་ཤེས་རྣམ་རྟོག་འཇོམས། །ཉོན་མོངས་དགྲ་འཇོམས་ཡེ་ཤེས་སྐུ། །རྟོག་པའི་དྲི་མ་བསལ་མཛད་པ། །ཕྱག་འཚལ་རྡོ་རྗེ་རྣམ་འཇོམས་ལའོ། །མེ་ལོང་ཡེ་ཤེས་གཟུང་འཛིན་སྤངས། །ཞེ་སྡང་དྲི་མ་བསལ་མཛད་པ། །རྡོ་རྗེ་གཏུམ་པོ་ཡེ་ཤེས་སྐུ། །ཕྱག་འཚལ་རྡོ་རྗེ་གཏུམ་པོ་ལའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ། །ང་རྒྱལ་རྣམ་གསུམ་འཇོམས་མཛད་པ། །ཚེ་རིང་དབང་བསྐུར་མཆོག་ཐོབ་མཛད། །ཕྱག་འཚལ་རྡོ་རྗེ་ཕུར་བུ་ལའོ། །སོ་སོར་ཀུན་རྟོག་ཡེ་ཤེས་ཀྱིས། །ལྟ་བ་ངན་པ་འཇོམས་མཛད་ཅིང་། །འདོད་ཆགས་རྣམ་དག་ཤེས་རབ་རྒྱས། །མུན་པ་འཇོམས་མཛད་བེ་ཅོན་ལའོ། །བྱ་བ་རྗེས་གྲུབ་ཡེ་ཤེས་ཀྱིས། །སེམས་ཅན་ཀུན་ལ་མཆོག་སྩོལ་ཅིང་། །གདོན་དང་བགེགས་འཇོམས་ཤིན་ཏུ་ཁྲོས། །ཡེ་ཤེས་སྐུ་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད། །ཧཱུྃ། དབུས་སུ་རྡོ་རྗེ་རྣམ་འཇོམས་ནི། །སྐུ་མདོག་མཐིང་ནག་དྲག་པོའི་ཞལ། །ཕྱག་མཚན་སྣ་ཚོགས་རྡོ་རྗེ་ལ། །ངོས་གཅིག་ཡུ་བ་བརྟེན་མཛད་པ། །ཡེ་ཤེས་ལུས་ཅན་སྐུ་ཡི་མཆོག །ཚེ་འཕེལ་ཡོན་ཏན་མཐར་ཕྱིན་མཛད། །འགྲོ་བའི་སྡུག་བསྔལ་སེལ་མཛད་པའི། །གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །བྱང་ཤར་ཁྲོ་རྒྱལ་གཏུམ་པོ་ནི། །སྐུ་མདོག་སྨུག་ནག་དྲག་པོའི་ཞལ། །ཕྱག་མཚན་རྡོ་རྗེ་རྩེ་ལྔ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཤར་ལྷོ་རྡོ་རྗེ་ཕུར་བུ་ནི། །སྐུ་མདོག་སེར་ནག་དྲག་པོའི་ཞལ། །ཕྱག་མཚན་རྡོ་རྗེ་རྩེ་གཅིག་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ལྷོ་ནུབ་རྡོ་རྗེ་བེ་ཅོན་ནི། །སྐུ་མདོག་དམར་ནག་དྲག་པོའི་ཞལ། །ཕྱག་མཚན་རྡོ་རྗེ་བེ་ཅོན་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ནུབ་བྱང་རྡོ་རྗེ་ཁྲོ་བོ་ནི། །སྐུ་མདོག་ནག་པོ་ཤིན་ཏུ་ཁྲོས། །ཕྱག་མཚན་རྡོ་རྗེ་ཐོ་བ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཧཱུྃ། སྟེང་ཕྱོགས་ཁྲོ་རྒྱལ་ཧཱུྃ་ཀ་ར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །ཚངས་པ་འདུལ་ལ་ཕྱག་འཚལ་བསྟོད། །ཤར་ཕྱོགས་ཁྲོ་བོ་རྣམ་པར་རྒྱལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །དྲི་ཟ་འདུལ་ལ་ཕྱག་འཚལ་བསྟོད། །ཤར་ལྷོ་ཁྲོ་རྒྱལ་དབྱུག་སྔོན་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །མེ་ལྷ་འདུལ་ལ༴ ལྷོ་ཕྱོགས་ཁྲོ་རྒྱལ་གཤིན་རྗེ་གཤེད། །ཞལ་གཅིག་ཕྱག་གཉིས༴ ཞབས་གཉིས་ཉི་ཟླའི༴ གཤིན་རྗེ་འདུལ་ལ༴ ལྷོ་ནུབ་ཁྲོ་རྒྱལ་མི་གཡོ་མགོན། །ཞལ་གཅིག༴ ཞབས་གཉིས༴ སྲིན་པོ་འདུལ༴ ནུབ་ཏུ་ཁྲོ་རྒྱལ་རྟ་མགྲིན་ནི། །ཞལ་གཅིག༴ ཞབས་གཉིས༴ ཀླུ་གདོན་འདུལ་ལ༴ ནུབ་བྱང་ཁྲོ་རྒྱལ་འདོད་པའི་རྒྱལ། །ཞལ་གཅིག༴ ཞབས་གཉིས༴ རླུང་ལྷ་འདུལ༴ བྱང་ཕྱོགས་ཁྲོ་བོ་བདུད་རྩི་འཁྱིལ། །ཞལ་གཅིག༴ ཞབས་གཉིས༴ གནོད་སྦྱིན༴ བྱང་ཤར་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ། །ཞལ་གཅིག༴ ཞབས་གཉིས༴ འབྱུང་པོ༴ འོག་ཕྱོགས་ཁྲོ་རྒྱལ་སྟོབས་པོ་ཆེ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །ས་བདག་འདུལ་ལ་ཕྱག་འཚལ་བསྟོད། །ཧཱུྃ། ལྷ་ཆེན་འདོད་ཆགས་གཞོམ་པའི་ཕྱིར། །ནང་གི་ལྷ་མོར་སྐུ་སྤྲུལ་པ། །སྒེག་མོ་ཕྲེང་བ་དེ་བཞིན་གླུ། །གར་མཛད་ལྷ་མོ་བཞི་ལ༴ བདེ་གཤེགས་དགྱེས་པ་བསྐྱེད་པའི་ཕྱིར། །འཕགས་པ་མཆོད་ཅིང་སྐུ་སྤྲུལ་པ། །བདུག་སྤོས་མེ་ཏོག་མར་མེ་དང་། །དྲི་ཡི་ལྷ་མོ་བཞི་ལ༴ བདེ་གཤེགས་མངོན་པར་སངས་རྒྱས་ཚེ། །བཀྲ་ཤིས་རྟགས་སུ་སྐུ་སྤྲུལ་པ། །དཔལ་བེའུ་འཁོར་ལོ་པདྨ་དང་། །རྒྱལ་མཚན་གདུགས་དང་བུམ་པ་དང་། །དུང་དང་གསེར་ཉ་ལ་སོགས་ཏེ། །བཀྲ་ཤིས་ལྷ་མོ་བརྒྱད་ལ༴ བདེ་གཤེགས་དགྱེས་པ་བསྐྱེད་པའི་ཕྱིར། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྒོ་སྐྱོང་སྲུང་མའི་ཚོགས་རྣམས་ལ ། །དད་པས་བཏུད་དེ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ། ཛཿཧཱུྃ་བྂ་ཧོཿསོགས་ཀྱིས་དམ་ཡེ་བསྲེ་བ་དང་། བཟླས་པའང་བདག་བསྐྱེད་སྐབས་ལྟར་བྱ། མཐར་མཆོད་པ་དང་། ཧཱུྃ། དུས་གསུམ་སངས་རྒྱས་སོགས་ཀྱིས་བསྟོད། དེ་ནས་གཏོར་མ་འབུལ་ཞིང་། དབང་གཏོར་བསྐྱེད་བཟླས་བྱས་ལ་བདག་འཇུག་རྫོགས་པར་བླང་བའམ། དེ་ཙམ་མི་ནུས་ན་གཞལ་ཡས་ཁང་གི་སྒོ་ཕྱེས་ཏེ་བདག་ཉིད་ནང་དུ་ཞུགས་ནས། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་རིག་པའི་མེ་ཏོག་ཕུལ་བས། དཀྱིལ་འཁོར་པའི་རྡོ་རྗེ་གསུམ་དང་བདག་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་མོས་ཏེ། སློབ་དཔོན་གྱི་ལས་ལ་གནང་བ་ནོད་པར་བྱའོ། །གལ་ཏེ་བདག་འཇུག་རྫོགས་པར་ལེན་ན་མཐར་བདེན་པའི་བྱིན་རླབས་བསྡུ་བ། ནམ་མཁའ་སྐྱེ་བ་མཚན་སོགས་དང་བདེན་པའི་དམ་ཚིག་བསྒྲགས་པ། ཐབས་དང་ཤེས་རབ་དཀྱིལ་འཁོར་སོགས་བརྗོད་པར་ཡིག་རྙིང་ལས་བཤད་པས་དེ་དག་སྤྲོ་ན་སྤྱི་ལྟར་བརྗོད་དོ། །གསུམ་པ་དཀྱིལ་འཁོར་གཉིས་ཀ་ལ་བརྟེན་ནས་སློབ་མ་རྗེས་སུ་འཛིན་པ་ལ་གསུམ། དཀྱིལ་འཁོར་དུ་འཇུག་པའི་ཆོས། དབང་གི་དངོས་གཞི། མཐའ་རྟེན་གྱི་རིམ་པའོ། །དང་པོ་ནི། སྔར་སྟ་གོན་བྱས་པའི་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱས། ཕྱག་བཅས་ནང་དུ་འཁོད་པ་ལ། སེམས་བསྐྱེད་གསལ་བཏབ་ཅིང་ཆོས་བཤད་ཅི་རིགས་པས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །སྡོམ་ལ། གསོལ་གདབ་གདོང་གཡོགས་བགེགས་བསྐྲད་ཅིང་། །དྲི་ལན་གནང་ཞུ་ཕྱོགས་བཞིའི་ཕྱག །སྡོམ་བཟུང་ཆས་འཇུག་སེམས་བསྐྱེད་བྱ། །དམ་བསྒྲགས་དབབ་ཅིང་ཁ་དོག་དྲི། །རིགས་བརྟགས་མིག་དབྱེ་མཐོང་བ་བསྟན། །ཞེས་པ་ལྟར་ཆོས་བཅོ་ལྔ་ཡོད་པ་ལས་དང་པོ་ནི། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་སྤྱན་སྔར་ཐལ་མོ་མེ་ཏོག་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཅེས་ལན་གསུམ། གཉིས་པ་ནི། རས་དཀར་དྲི་མ་མེད་པ་ལས་བུམ་གྱི་ཆུ་དང་སྔགས་ཀྱིིས་བསངས་ལ། དཀྱིལ་འཁོར་དང་སྔར་མ་མཇལ་བའི་མཚོན་བྱེད་དུ་གདོང་གཡོགས་འཆིངས་མཛོད། ༀ་ཨཱཿཧཱུྃ། ཞེས་གདོང་གཡོགས། གསུམ་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་མེ་འོད་དང་ཁྲོ་ཆུང་གི་ཆར་གྱིས་དབང་བསྐུར་བ་ལ་བར་དུ་གཅོད་པའི་བགེགས་བསྐྲད་པར་མོས་ཏེ་གུ་གུལ་བདུག །ཡུངས་ཐུན་བྲབ་ལ་ལས་སྔགས་དང་། ༀ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ། ཅེས་བརྗོད། བཞི་པ་ནི། སློབ་དཔོན་གྱིས། བུ་ཁྱོད་སུ་ཡིན། ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། བདག་སྐལ་པ་བཟང་པོ་ཅན་ལགས། ཞེས་ལན་གསུམ། ལྔ་པ་ནི། སློབ་དཔོན་ཡི་དམ་ལྷ་ལ་གསོལ་བ་གདབ་ཅིང་གནང་བ་ནོད་པ་སྟེ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཕྱག་ན་རྡོ་རྗེའི་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་ལན་གསུམ་བརྗོད། དྲུག་པ་ནི། ཁྱེད་རང་རྣམས་ཤར་གྱི་སྒོ་དྲུང་དུ་འཁོད་པས་ཐལ་མོ་གནས་གསུམ་དུ་སྦྱོར་ལ་དཀྱིལ་འཁོར་གྱི་ལྷ་ལ་གུས་པས་ཕྱག་མཛད་པར་མོས་ལ་འདིའི་རྗེས་ཟློས། ༀ་ན་མ་སྟེ་ཧཱུྃ། ན་མ་མི་ཧཱུྃ། ན་མོ་ན་མ་ཧཱུྃ། དཀྱིལ་འཁོར་གྱི་ཕྱིར་གཡས་བསྐོར་གྱིས་སོང་ནས་ལྷོའི་སྒོ་དྲུང་། སོགས་གོང་བཞིན་དང་། དེས་འགྲེས་ཏེ། ནུབ་དང་། བྱང་ནས་ཕྱག་བྱ། སླར་ཤར་གྱི་སྒོ་དྲུང་དུ་འཁོད་པར་མོས་ཤིག །བདུན་པ་ལ། ཐུན་མོང་གི་སྡོམ་པ་སྦྱིན་པའི་ཐོག་མར་སྡིག་བཤགས། ཡི་རང་། སྐྱབས་འགྲོ། སེམས་བསྐྱེད་བཞི་པོ་སྟ་གོན་སྐབས་ལྟར་བྱར་གཞུག །དེ་ནས་རྒྱུད་སྡོམ་པ་དང་ལྡན་པར་བསྒྲུབ་པའི་ཐོག་མར་ཐུན་མོང་གི་སྡོམ་པ་བསྒྲགས་པ་ནི་འདི་ལ་གསན་པར་ཞུ། ཁྱེད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །འདོད་ལོག་སྤྱོད་པར་མི་བྱ་ཞིང་། །རྫུན་དུ་སྨྲ་བ་སྤང་བར་བྱ། །ཉེས་པ་ཀུན་གྱི་རྩ་བ་སྟེ། །ཆང་ནི་རྣམ་པར་སྤང་བར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་ལས་ནི་རྣམ་གསུམ་པོ། །ཅི་ནུས་པར་ནི་རྗེས་སུ་བསྲུང་། །ལྷ་དང་ལྷ་མིན་གསང་བ་པར། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །ཞེས་ལན་གསུམ་བསྒྲག །དེ་ནས་ཐུན་མོང་མ་ཡིན་པ་རིགས་ལྔ་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་བཟུང་སྙམ་པས་འདིའི་རྗེས་ཟློས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་པའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམ་སྟེ་བཟུང་བར་བགྱི། །ནམ་དུ་ཡང་ནི་མི་བཏང་ངོ་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་བགྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་གྲོལ། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ་བྱའོ། །བརྒྱད་པ་ནི། སྔགས་དང་ལས་བུམ་གྱིས་བསང་ལ། ཁྱེད་རང་རྣམས་སྐད་ཅིག་གིས་རྡོ་རྗེ་རྣམ་པར་འཇོམས་པའི་སྐུར་གྱུར། དཀྱིལ་འཁོར་གྱི་ལྷ་རྣམས་མཇལ་བའི་ཕྱག་རྟེན་དུ་ཡངས་ཤིང་མ་ཉམས་པའི་རིན་པོ་ཆེན་ཕྲེང་བ་རེ་ཐོགས་པར་མོས་ཤིག །ༀ་ཨཱཿཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་སྦྱིན། ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་རྗེའི་གོ་བགོས་པར་མོས་ཤིག །རྒྱ་གྲམ་གནས་རྣམས་སུ་བཞག་ལ། ཧཱུྃ། ཡང་དག་ཆེན་པོའི་རྡོ་རྗེ་ནི། །མི་ཤིགས་མི་གཡོ་སྲ་ལ་བརྟན། །རབ་ཏུ་གནས་ཤིང་བརྟན་གྱུར་པས། །བར་ཆད་བསྲུང་བའི་གོས་སུ་ཤོག །ཡང་སྙིང་དང་། བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། དགུ་པ་ནི། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་རྒྱས་པའི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པས་མཚན་པར་མོས་ལ་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ༀ་བཛྲ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ལན་གསུམ། སེམས་བསྐྱེད་པ་དེ་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་མེ་ཏོག་གི་ཕྲེང་བ་སྙིང་གར་བཞག་ལ། ༀ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ བོ་དྷི་ཙིཏྟ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་དོ། །བཅུ་པ་ནི། དེ་ནས་ཡེ་ཤེས་པ་དབབ་པའི་སྔོན་འགྲོར་དམ་ལ་བཞག་པ་བཞི་པོ་རིམ་པར་འབྱུང་བ་ཡིན་པས་དོན་ངེས་པར་གྱིས་ཤིག །དེ་ལ་དང་པོ་ཡི་དམ་ལྷའི་དམ་བསྒྲག་པ་ནི། རྡོ་རྗེ་སྙིང་གར་བཞག་ལ། ཕྱག་ན་རྡོ་རྗེ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛོད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་དཀྱིལ་འཁོར་གྱི་དམ་བསྒྲགས་པ་ནི། མཆོག་གི་དཀྱིལ་འཁོར་དམ་པ་འདི། །མ་མཐོང་བ་དང་སྣོད་མིན་ལ། །ཁྱོད་ཀྱིས་སྨྲ་བར་མ་བྱེད་ཅིང་། །སྨྲས་ན་སྤྱི་བོ་འགས་པར་འགྱུར། །དེ་ནས་སློབ་དཔོན་གྱི་དམ་བསྒྲགས་པ་ནི། རྡོ་རྗེ་སྤྱི་བོར་བཞག་ལ། ང་ནི་ཕྱག་ན་རྡོ་རྗེ་སྟེ། །ང་ཡིས་བསྒོ་བ་བཞིན་དུ་གྱིས། །ཁྱོད་ཀྱིས་ང་ལ་བརྙས་ན་ནི། །དམྱལ་བ་ཆེན་པོར་འགྱུར་ཏ་རེ། །དེ་ནས་དམ་ཆུ་བླུད་པ་ནི། དྲི་བཟང་གི་ཆུ་དུང་ཞལ་དུ་བླུགས་པར། ༀ་ཨཱཿཧཱུྃ་གིས་བྱིན་བརླབས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ནས་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་ཨ་མྲྀ་ཏོ་ད་ཀ་ཧཱུྃ། ཞེས་འཐུང་དུ་གཞུག་གོ། །བཅུ་གཅིག་པ་ནི། དེ་ནས་ཡེ་ཤེས་པ་དབབ་པ་ལ་ཁྱོད་རང་རྣམས་སྒོ་གསུམ་གྱི་གནད་གཅུན་ལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད་ཅིག །སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་ཁྱེད་རང་རྣམས་རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པ་མཐིང་ནག་ཁྲོས་པའི་ཉམས་ཅན། ཕྱག་གཡས་རྒྱ་གྲམ་བསྐོར་ཅིང་གཡོན་སྡིགས་མཛུབ་ཐུགས་ཀར་སྒྲེང་བ། ཁྲོ་བོའི་ཆས་ཀྱིས་བརྒྱན་ཅིང་ཞབས་གཉིས་བརྐྱང་བསྐུམ་གྱི་རོལ་པས་ཡེ་ཤེས་ཀྱི་མེ་འོད་འབར་བའི་ཀློང་ན་བཞུགས་པར་གྱུར་པའི་རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྟེང་དུ་ཛཿ འདོམས་སུ་རྂ་ལས་མེའི་དཀྱིལ་འཁོར་རྂ་གྱིས་མཚན་པ། བྲང་དུ་སའི་དཀྱིལ་འཁོར་ལྂ་གྱིས་མཚན་པ། སྤྱི་བོར་ཆུའི་དཀྱིལ་འཁོར་བཾ་གྱིས་མཚན་པར་གསལ་ཐོབ་ཅིག །ད་སློབ་དཔོན་གྱི་ཐུགས་ཀ་ནས་ཨ་ཡིག་དམར་པོ་འོད་ཟེར་འབར་བ་ཆར་བཞིན་དུ་བབས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ལུས་ཟག་པ་མེད་པའི་བདེ་བས་གང་བར་མོས་ཤིག །སྤོས་དུད་རོལ་མོའི་སྒྲ་དང་བཅས་ཏེ། ༀ་ཨཱ་བེ་ཤ་ཡ་ཨཱཿ སྟྭཾ་བྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཧ་ཨ་ཛྷཻཾ། ཞེས་དྲག་དུ་བརྗོད་པས་སྐུ་ཕེབ་ན་འཕར། གསུང་ཕེབ་ན་མ་འོངས་པ་ལུང་བསྟན། ཐུགས་ཕེབ་ན་བདེ་གསལ་མི་རྟོག་པའི་ཉམས་སྐྱེའོ། །དེ་ལྟར་དབབ་པའི་ཡེ་ཤེས་པ་རྒྱུན་བརྟན་པར་བྱས་པར་མོས་ཤིག །རྒྱ་གྲམ་སྤྱི་བོར་བཞག་ཅིང་། ༀ་ཨཱཿཏིཥྛ་བཛྲ་ཧཱུྃ། ཞེས་བརྗོད་དོ། །བཅུ་གཉིས་པ་ནི། དེ་ནས་ལས་ཀྱི་དངོས་གྲུབ་བརྟགས་པའི་ཕྱིར། ཁྱེད་རང་རྣམས་ཀྱིས་མིག་རས་ཀྱི་འོག་ནས་དཀྱིལ་འཁོར་གྱི་བར་སྣང་དུ་ལྟོས་ལ་ཁ་དོག་ཇི་ལྟར་མཐོང་བ་ངེད་ལ་སྨྲོས་ཤིག །ཅེས་དྲིས་ནས། དཀར་པོ་མཐོང་ན་ཞི་བ་སོགས་ནས། ཁ་དོག་སྣ་ཚོགས་སུ་མཐོང་ན་ལས་ཐམས་ཅད་འགྲུབ་པར་ལུང་བསྟན་ནོ། །བཅུ་གསུམ་པ་ནི། སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་གི་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་ཆབ་ཅིག་དཀྱིལ་འཁོར་དུ་འདོར་བར་ཞུ། ཡང་དག་གསང་བའི་དཀྱིལ་འཁོར་དུ། །བདག་གིས་མེ་ཏོག་འདི་དོར་བས། །ལྷ་ཚོགས་རྣམས་ཀྱི་རིགས་ཅི་བཞིན། །ཇི་ལྟར་བསོད་ནམས་དེ་བཞིན་ཤོག །ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་འདོར་དུ་གཞུག །དེའང་མེ་ཏོག་གཙོ་བོ་ལ་ཕོག་ན་མཆོག་གི་དངོས་གྲུབ། འཁོར་ལ་ཕོག་ན་ཐུན་མོང་དང་། ཕོ་བྲང་གི་ནང་དུ་ཚུད་ན་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པར་གསུངས་ཤིང་། གཙོ་འཁོར་གང་ལ་ཕོག་པ་དེ་ཉིད་སྔོན་ནས་འབྲེལ་བའི་རིགས་ཀྱི་ཡི་དམ་ཡིན་པར་ཡང་ཤེས་པར་གྱིས་ཤིག །མེ་ཏོག་དེ་ཉིད་སླར་ཡང་ལྷག་པའི་ལྷས་ཁྱེད་རང་རྣམས་ཀྱི་སྤྱི་བོར་འཆིང་བའི་མོས་པ་མཛོད། པྲ་ཏི་གྲྀཧྞ་ས་མ་ཡ་མ་ཧཱ་སཏྭ། སེམས་དཔའ་སྟོབས་པོ་ཆེ་འདི་ཟུང་ཞིག །ཅེས་མེ་ཏོག་སྤྱི་བོར་བཞག་གོ། །བཅུ་བཞི་པ་ནི། མིག་ཐུར་ཐོགས་ལ། ཁྱེད་རང་རྣམས་ཀྱི་མིག་གཉིས་སུ་འབར་བ་དང་བཅས་པའི་ༀ་ཡིག་རེ་རེས་མཚན་པས་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །ཕྱག་ན་རྡོ་རྗེ་ང་ཡིན་ཏེ། །ཁྱོད་ཀྱི་ཉོན་མོངས་འཁོར་བའི་མིག །ཡེ་ཤེས་སྤྱན་དུ་དབྱེ་བར་བྱ། །དེས་ནི་ཐམས་ཅད་མཐོང་བར་གྱུར། །བཛྲ་ནེ་ཏྲ་ཨ་པ་ཧཱ་ར་པ་ཏྲ་ལཾ་ཧྲཱིཿ ཞེས་མིག་དར་དབྱེའོ། །བཅོ་ལྔ་པ་ནི། ཕྱག་ཤིང་ངམ་རྡོ་རྗེས་མཚོན་ལ། རང་བཞིན་རྣམ་པར་དག་པ་ཡི། །ཕྱག་ན་རྡོ་རྗེའི་གྲོང་ཁྱེར་མཆོག །དྲི་མེད་དཀྱིལ་འཁོར་འདི་ལ་ནི། །བུ་ཁྱོད་ཀྱིས་ནི་ལེགས་པར་ལྟོས། །ཞེས་བསྐུལ་ལ། དེའང་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་སྲུང་བའི་འཁོར་ལོའི་ནང་དུ། ཐར་པ་ཆེན་པོའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་ཀྱི་ལྟེ་བར་བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པ་མཐིང་ནག་ཤིན་ཏུ་ཁྲོས་པའི་ཚུལ་ཅན། ཕྱག་གཡས་རྒྱ་གྲམ་བསྐོར་ཅིང་གཡོན་སྡིགས་མཛུབ་ཐུགས་ཀར་སྒྲེང་བ། ཁྲོ་བོའི་ཆས་ཐམས་ཅད་ཀྱིས་རྒྱན་ཅིང་ཞབས་འདོར་ཐབས་པདྨ་ཉི་ཟླའི་སྟེང་ན་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་དུ་བཞེངས་ཏེ་བཞུགས་པའི་ཕྱི་རོལ་གྱི་མཚམས་བཞིའི་རྩིབས་བཞི་ལ་རྡོ་རྗེ་གཏུམ་པོ་སོགས་གཏུམ་པོ་རིགས་བཞི། དེ་རྒྱབ་འཁོར་ལོ་རྩིབས་བཅུ་ལ་ཧཱུྃ་མཛད་སོགས་ཁྲོ་བོ་བཅུ། དེ་རྒྱབ་སྒེག་སོགས་བརྒྱད། བཀྲ་ཤིས་ཀྱི་ལྷ་མོ་རྣམས་དང་། སྒོ་སྲུང་ཁྲོ་མོ་བཞི་སྟེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་མོས་པས་ཁྱེད་རང་རྣམས་ཀྱི་ཡི་དམ་གྱི་ལྷར་ངོ་ཤེས་པར་གྱིས་ལ། དེང་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་ལྷག་པའི་ལྷར་བཟུང་བར་མཛོད་ཅིག །དེ་དག་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ། གསོལ་བཏབ་གནང་སྦྱིན། རྡོ་རྗེ་སློབ་མའི་དབང་། སློབ་དཔོན་གྱི་དབང་བསྐུར་བའོ། །དང་པོ་ནི། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ་རྡོ་རྗེ་སློབ་དཔོན་དགོངས། །བདག་ཅག་ལས་ཀྱིས་བསྒྲིབས་པ་རྣམས། །མྱུར་དུ་བསལ་བར་བྱ་བའི་ཕྱིར། །བདུད་རྩི་ཁྲུས་ཀྱི་བུམ་པ་ཡིས། །བྱིན་རླབས་དབང་བསྐུར་མཛད་དུ་གསོལ། །ལན་གསུམ་ཞུས་པ་ལ་གནང་བ་སྦྱིན་པ་ནི། ཧཱུྃ། ང་ནི་དཔལ་ལྡན་རྡོ་རྗེ་འཛིན། །མཁྱེན་བརྩེ་ནུས་པས་བར་ཆད་ཀུན། །རྣམ་པར་འཇོམས་པའི་དོན་བསྒྲུབ་ཕྱིར། །བྱིན་རླབས་དབང་བསྐུར་དུས་འདིར་སྦྱིན། །ཞེས་བརྗོད། གཉིས་པ་ལ་གསུམ། བུམ་དབང་། རིག་པའི་དབང་ལྔ། དཀྱིལ་འཁོར་གྱི་ལྷ་དབང་ངོ་། །དང་པོ་ནི། དེ་ནས་སློབ་མ་རྣམས་དཀྱིལ་འཁོར་གྱི་ཤར་སྒོའི་དྲུང་དུ་དབང་སྟེགས་རིན་པོ་ཆེའི་ཁྲི་དང་པདྨ་ཉི་ཟླའི་གདན་ལ་རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པའི་གཟུགས་ཀྱིས་འཁོད་པའི་སྟེང་དུ་གདུགས་དཀར་པོ། གཡས་གཡོན་དུ་རྒྱལ་མཚན་བ་དན། མཐའ་བསྐོར་མཆོད་པའི་ཡོ་བྱད་དུ་མ་ལྡན་པས་འཁོད་པ་ལ་བླ་མ་དཀྱིལ་འཁོར་གྱི་ལྷ་དང་། ནམ་མཁའ་གང་བའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བའི་ཕྲིན་ལས་མཛད་པར་མོས་ཤིག །ལས་བུམ་གྱི་ཆུ་འཐོར་ཞིང་ལས་སྔགས་བརྗོད་པས་བགེགས་དང་བྱུར་བསལ། དེ་ནས་རྣམ་བུམ་ཐོགས་ལ། བུམ་པ་གཞལ་ཡས་ཁང་གི་ནང་དུ་རྣམ་པར་འཇོམས་པའི་ལྷ་ཚོགས་དངོས་སུ་བཞུགས་པའི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ངང་ན་ར་ར་བྱུང་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཚངས་པའི་བུ་ག་ནས་མར་བབས་ཚེ་རབས་ཐོག་མེད་ནས་བསགས་པའི་ལས་དང་སྡིག་སྒྲིབ་འཕྲལ་གྱི་རྐྱེན་བགེགས་བར་ཆད་ཐམས་ཅད་སངས་སངས་དག་ནས་ལུས་ཤེལ་སྒོང་དྲི་མ་བྲལ་བ་ལྟར་གྱུར། གཟུགས་ཀྱི་སྐུ་ཡོན་ཏན་དུ་མ་དང་ལྡན་པར་བྱས་པའི་མོས་པ་མཛོད་ཅིག །ཧཱུྃ། བུམ་པའི་དབང་བསྐུར་དག་བྱེད་བདུད་རྩིའི་རྒྱུན། །སྤྱི་བོར་བཞག་པས་པདྨ་རཱ་ག་འདྲ། །དྲི་མེད་རྣམ་དག་ཀཱེ་ཤིའི་མགུལ་འཆིང་ཅན། །ལོ་འབྲས་རབ་རྒྱས་དཔག་བསམ་ཁ་རྒྱན་མཛེས། །ཡན་ལག་བརྒྱད་ལྡན་ཡིད་བཞིན་བདུད་རྩིས་གཏམས། །མེ་ཏོག་ཕྲེང་མཛེས་དྲི་དང་སྤོས་ཀྱི་ཆུ། །འབྲུ་སྣ་ལ་སོགས་སྙིང་པོ་ཉེར་ལྔ་བཅས། །ཡོན་ཏན་དཔག་མེད་ལྡན་པའི་བུམ་པ་འདིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །མཚན་དང་དཔེ་བྱད་དུ་མ་ལྡན་གྱུར་ཅིག །གཟུངས་སྔགས་མཐར། བུདྡྷ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ༀ། བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཏྲཱྂ། པདྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨཱཿ ཞེས་གནས་གསུམ་དུ་བསྐུར་ལ་བུམ་ཆུ་སྦྱིན། དེའི་མཐའ་རྟེན་དུ། ཧཱུྃ། ཡེ་ཤེས་ཆུ་བོ་ཁྲུས་ཀྱི་རྫིང་། །དྲི་མེད་རྣམ་དག་བདུད་རྩི་འདིས། །སྐལ་ལྡན་ཁྱོད་ལ་ཁྲུས་གསོལ་བས། །སྒོ་གསུམ་དྲི་མ་དག་གྱུར་ཅིག །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་སྤྱི་བོར་བླུགས་པ་དང་ཡན་ལག་བཀྲུ་བ་སོགས་བྱའོ། །སྨོན་ལམ་གདབ་པ་ནི་མེ་ཏོག་འཐོར་ལ། དེ་ལྟར་བུམ་ཆུའི་དབང་བསྐུར་བས། ལས་དང་ཉོན་མོངས་སྡིག་སྒྲིབ་དག་པར་གྱུར་ཅིག །སྨན་ལྔའི་དབང་བསྐུར་བས་དུག་ལྔའི་སྒྲིབ་པ་དག་པར་གྱུར་ཅིག །དྲི་ལྔའི་དབང་བསྐུར་བས་ཕུང་པོའི་ལྔའི་སྒྲིབ་པ་དག་པར་གྱུར་ཅིག །སྤོས་ལྔའི་དབང་བསྐུར་བས་དབང་པོ་ལྔའི་སྒྲིབ་པ་དག་པར་གྱུར་ཅིག །འབྲུ་ལྔའི་དབང་བསྐུར་བས་སྟོབས་ལྔ་ཐོབ་པར་གྱུར་ཅིག །རིན་པོ་ཆེ་ལྔའི་དབང་བསྐུར་བས་ཡེ་ཤེས་ལྔ་ཐོབ་པར་གྱུར་ཅིག །སྙིང་པོ་ལྔའི་དབང་བསྐུར་བས་སྐུ་ལྔ་ཐོབ་པར་གྱུར་ཅིག །གཞན་ཡང་བུམ་པའི་ཆས་ཐམས་ཅད་ཀྱི་དབང་བསྐུར་བས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་མ་ཚང་བ་མེད་པ་ཐོབ་པར་གྱུར་ཅིག །ཅེས་བྱའོ། །གཉིས་པ་ནི། དེ་དག་གིས་བུམ་དབང་དངོས་གཞི་གྲུབ་ནས། རྗེས་འབྲེལ་རིག་པའི་དབང་ལྔ་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བསམ་གྱིས་མི་ཁྱབ་དམ་ཆོས་སྣོད། །རྡོ་རྗེ་འཛིན་པའི་གོ་འཕང་མཆོག །མཐའ་ཡས་སེམས་ཅན་དྲང་བའི་ཕྱིར། །དབང་མཆོག་དམ་པ་སྩལ་དུ་གསོལ། །ལན་གསུམ་ཞུ། རྣམ་བུམ་ཆུ་སྤྱི་བོར་གཏིགས་ལ། ཧཱུྃ། སྐུ་གསུམ་དམ་ཚིག་ལས་བྱུང་བའི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡིས། །མི་བསྐྱོད་པ་རུ་དབང་བསྐུར་རོ། །ༀ་བཛྲ་བྂ་ཨ་བྷི་ཥིཉྩ་ཧཱུྃ། དབུ་རྒྱན་བསྐོན་ལ། ཧཱུྃ། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །ཅོད་པན་རིན་ཆེན་དམ་པ་སྟེ། །དབུ་རྒྱན་རིན་ཆེན་མཆོག་འགྲོ་བས། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ༀ་རཏྣ་ཨ་བྷི་ཥིཉྩ་ཏྲཱྂ། རྡོ་རྗེ་ལག་གཡས་སུ་གཏད་དེ། ཧཱུྃ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །མི་ཕྱེད་རྡོ་རྗེ་གསང་བ་ལས། །ཆོས་རྣམས་ཀུན་གྱི་སྒོར་གྱུར་པ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །ༀ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ དྲིལ་བུ་ལག་གཡོན་དུ་གཏད་ལ། ཧཱུྃ། ཐབས་དང་ཤེས་རབ་འབྲེལ་བ་ཡིས། འགྲོ་དོན་མཉམ་མེད་བྱེད་པ་དང་། །མཆོད་པའི་ལས་རྣམས་རྫོགས་བྱེད་པ། །དྲིལ་བུ་ལས་ཀྱི་དབང་བསྐུར་རོ། །ༀ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ རྡོ་དྲིལ་སྤྱི་བོར་བཟུང་ལ། ཧཱུྃ། རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་མི་ཆོད་མི་ཤིགས་པ། །རྡོ་རྗེ་མིང་གི་དབང་བསྐུར་རོ། །ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། ཞེས་བརྗོད། དེ་ལྟར་ཐུན་མོང་རིག་པའི་དབང་ལྔ་བསྐུར་བས་ཉོན་མོངས་པ་ལྔ་གནས་སུ་དག་ནས། ཡེ་ཤེས་ལྔ་རྒྱུད་ལ་སྐྱེ་བར་གྱུར་ཅིག །གསུམ་པ་ནི། དེ་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ལྷ་དབང་བསྐུར་བ་ལ་ཐོག་མར་གཞལ་ཡས་ཁང་གི་དབུས་ཕྱོགས་ནས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་བྱོན་ནས་ཁྱེད་རང་རྣམས་ལ་དབང་བསྐུར་ཞིང་བྱིན་གྱིས་རློབ་པར་མོས་ཤིག །གཙོ་བོའི་སྐུ་ཐོགས་ལ། ཧཱུྃ། ཆོས་དབྱིངས་ཡེ་ཤེས་རྣམ་རྟོག་འཇོམས། །ཉོན་མོངས་དགྲ་འཇོམས་ཡེ་ཤེས་སྐུ། །རྟོག་པའི་དྲི་མ་སེལ་མཛད་པ། །སྣ་ཚོགས་རྡོ་རྗེ་སྡིགས་མཛུབ་མཛད། །ཡེ་ཤེས་ལུས་ཅན་མཐིང་གའི་མདོག །འགྲོ་བའི་སྡུག་བསྔལ་སེལ་མཛད་པ། །ཚེ་འཕེལ་ཡོན་ཏན་མཐར་ཕྱིར་མཛད། །རྡོ་རྗེ་ཅན་གྱི་དབང་བསྐུར་རོ། །ན་མཿཙཎྜ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་རྣམ་པར་འཇོམས་པ་གཙོ་བོའི་དབང་བསྐུར་བས་ཉོན་མོངས་པ་གཟུགས་ཕུང་གནས་སུ་དག་ནས་མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར། གཏུམ་པོ་རིགས་བཞིའི་སྐུ་རིམ་པར་ཐོགས་ལ། གཙོ་བོའི་མཚམས་ཀྱི་འཁོར་ལོ་རྩིབས་བཞི་ནས་གཏུམ་པོ་བཞི་རིམ་པར་བྱོན་ཏེ་ཁྱེད་རང་རྣམས་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་མོས་ཤིག །ཧཱུྃ། བྱང་ཤར་ཁྲོ་རྒྱལ་གཏུམ་པོ་ནི། །སྐུ་མདོག་སྨུག་ནག་དྲག་པོའི་ཞལ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས། །གཡོན་པས་སྡིག་མཛུབ་མེ་ཆེན་འབར། །རྡོ་རྗེ་གཏུམ་པོའི་དབང་བསྐུར་རོ། །ཚིནྡྷ་ཚིནྡྷ། མ་ཧཱ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་གཏུམ་པོའི་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་གནས་སུ་དག་ནས་ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཤར་ལྷོ་རྡོ་རྗེ་ཕུར་བུ་ནི། །སྐུ་མདོག་སེར་ནག་དྲག་པོའི་ཞལ། །ཕྱག་གཡས་རྡོ་རྗེ་རྩེ་གཅིག་བསྣམས། །གཡོན་པས་སྡིགས་མཛུབ་ཐུགས་ཀར་མཛད། །རྡོ་རྗེ་ཕུར་བུའི་དབང་བསྐུར་རོ། །བྷིནྡྷ་བྷིནྡྷ་ཀྲོ་ཏ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་ཕུར་བུའི་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་གནས་སུ་དག་ནས་མཉམ་ཉིད་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ལྷོ་ནུབ་རྡོ་རྗེ་བེ་ཅོན་ནི། །སྐུ་མདོག་དམར་ནག་དྲག་པོའི་ཞལ། །ཕྱག་གཡས་རྡོ་རྗེ་བེ་ཅོན་བསྣམས། །གཡོན་པ་སྡིག་མཛུབ་ཐུགས་ཀར་མཛད། །བེ་ཅོན་བསྣམས་པའི་དབང་བསྐུར་རོ། །ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་བེ་ཅོན་གྱི་དབང་བསྐུར་བས་ཉོན་མོངས་པ་འདོད་ཆགས་གནས་སུ་དག་ནས་སོ་སོར་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ནུབ་བྱང་རྡོ་རྗེ་ཁྲོ་བོ་ནི། །སྐུ་མདོག་ནག་པོ་ཤིན་ཏུ་ཁྲོས། །ཕྱག་གཡས་རྡོ་རྗེ་ཐོ་བ་བསྣམས། །གཡོན་པས་སྡིགས་མཛུབ་ཐུགས་ཀར་མཛད། །རྡོ་རྗེ་ཁྲོ་བོའི་དབང་བསྐུར་རོ། །ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་ཁྲོ་བོའི་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་གནས་སུ་དག་ནས་བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །ཁྲོ་བཅུའི་སྐུ་རིམ་པར་ཐོགས་ལ། དེ་རྒྱབ་འཁོར་ལོ་རྩིབས་བཅུ་ནས་ཡེ་ཤེས་ཀྱི་ཁྲོ་བཅུ་རིམ་པར་བྱོན་ཏེ་དབང་བསྐུར་ཅིང་བྱིན་གྱིས་བརླབ་པར་མོས་ཤིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ཞེ་སྡང་རྣམ་དག་བདག་ཉིད་ཅན། །དྲི་ཟ་འདུལ་མཛད་རྡོ་རྗེ་བསྣམས། །རྣམ་པར་རྒྱལ་བའི་དབང་བསྐུར་རོ། །ༀ་ཧ་ར་ཧ་ར་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་རྣམ་རྒྱལ་གྱི་དབང་བསྐུར་བས་ཤར་ཕྱོགས་དྲི་ཟའི་གདུགས་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ང་རྒྱལ་རྣམ་དག་བདག་ཉིད་ཅན། །གཤིན་རྗེ་འདུལ་མཛད་རྡོ་རྗེ་བསྣམས། །གཤིན་རྗེ་གཤེད་པོའི་དབང་བསྐུར་རོ། །མ་ཐ་མ་ཐ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་གཤིན་རྗེ་གཤེད་ཀྱི་དབང་བསྐུར་བས་ལྷོ་ཕྱོགས་གཤིན་རྗེའི་གདུག་པ་འཇོམས་པའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །འདོད་ཆགས་རྣམ་དག་བདག་ཉིད་ཅན། །ཆུ་ལྷ་འདུལ་མཛད་རྡོ་རྗེ་བསྣམས། །རྟ་མཆོག་རྒྱལ་པོའི་དབང་བསྐུར་རོ། །དྷུ་ན་དྷུ་ན་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་རྟ་མཆོག་རྒྱལ་པོའི་དབང་བསྐུར་བས་ནུབ་ཕྱོགས་ཆུ་ལྷའི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ཕྲག་དོག་རྣམ་དག་བདག་ཉིད་ཅན། །གནོད་སྦྱིན་འདུལ་མཛད་རྡོ་རྗེ་བསྣམས། །བདུད་རྩི་འཁྱིལ་བའི་དབང་བསྐུར་རོ། །ཚིནྡྷ་ཚིནྡྷ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་བདུད་རྩི་འཁྱིལ་བའི་དབང་བསྐུར་བས་བྱང་ཕྱོགས་གནོད་སྦྱིན་གྱི་གདུག་པ་འཇོམས་པའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་དབྱུག་པ་སྔོན་པོ་སྟེ། །མེ་ལྷའི་གདུག་པ་འཇོམས་མཛད་པ། །དབྱུག་པ་སྔོན་པོའི་དབང་བསྐུར་རོ། །ཧ་ན་ཧ་ན་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་རྒྱལ་དབྱུག་སྔོན་ཅན་གྱི་དབང་བསྐུར་བས་ཤར་ལྷོ་མེ་ལྷའི་གདུག་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་མི་གཡོ་མགོན་པོ་སྟེ། །སྲིན་པོའི་གདུག་པ་འཇོམས་མཛད་པ། །མི་གཡོ་མགོན་པོའི་དབང་བསྐུར་རོ། །དྷ་ར་དྷ་ར་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་རྒྱལ་མི་གཡོ་མགོན་པོའི་དབང་བསྐུར་བས་ལྷོ་ནུབ་སྲིན་པོའི་གདུག་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་གཞན་གྱིས་མི་ཐུབ་པ། །རླུང་ལྷའི་གདུག་པ་འཇོམས་མཛད་པ། །གཞན་གྱིས་མི་ཐུབ་དབང་བསྐུར་རོ། །དཱ་རུ་ཎ་དཱ་རུ་ཎ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་རྒྱལ་གཞན་གྱིས་མི་ཐུབ་པའི་དབང་བསྐུར་བས་ནུབ་བྱང་རླུང་ལྷའི་གདུག་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་ཁམས་གསུམ་རྣམ་པར་རྒྱལ། །འབྱུང་པོའི་གདུག་པ་འཇོམས་མཛད་པ། །ཁམས་གསུམ་རྣམ་རྒྱལ་དབང་བསྐུར་རོ། །བྷནྡྷ་བྷནྡྷ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་དབང་བསྐུར་བས་བྱང་ཤར་དབང་ལྡན་གྱི་གདུག་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་ཧཱུྃ་སྒྲ་སྒྲོགས་པ་སྟེ། །སྟེང་གདོན་དྲེགས་པ་འཇོམས་མཛད་པ། །ཧཱུྃ་ཀ་ར་ཡི་དབང་བསྐུར་རོ། །ཧ་ར་ཧ་ར་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་རྒྱལ་ཧཱུྃ་ཀ་རའི་དབང་བསྐུར་བས་སྟེང་གདོན་ལྷའི་གདུག་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་གནོན་མཛད་རྒྱལ་པོ་སྟེ། །ཀླུ་དང་ས་བདག་འདུལ་མཛད་པ། །སྟོབས་ཆེན་གནོན་པའི་དབང་བསྐུར་རོ། །མ་ཐ་མ་ཐ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་རྒྱལ་སྟོབས་པོ་ཆེའི་དབང་བསྐུར་བས་ཀླུ་དང་ས་བདག་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །སྒོ་མ་བཞི་ཐོགས་ལ། སྒོ་བཞི་ནས་སྒོ་སྐྱོང་ཁྲོ་མོ་རྣམ་བཞི་བྱོན་ཏེ་དབང་བསྐུར་ཞིང་བྱིན་གྱིས་རློབ་པར་མོས་ཤིག །ཧཱུྃ། ཤར་སྒོ་སྲུང་བའི་ཁྲོ་མོ་ནི། །དཀར་མོ་ཕྱག་ན་ལྕགས་ཀྱུ་བསྣམས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ལྷ་བདུད་གནོད་པ་ཞི་བར་ཤོག །ཧུ་ལུ་ཧུ་ལུ་བཛྲ་ཨ་བྷི་ཥིཉྩ་ཛཿ སྒོ་མ་ལྕགས་ཀྱུ་དཀར་མོའི་དབང་བསྐུར་བས་ལྷའི་བདུད་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ཧཱུྃ། ལྷོ་སྒོ་སྲུང་བའི་ཁྲོ་མོ་ནི། །སེར་མོ་ཕྱག་ན་ཞགས་པ་བསྣམས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ཕུང་བདུད་གནོད་པ་ཞི་བར་ཤོག །ཏིཥྛ་ཏིཥྛ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། སྒོ་མ་ཞགས་པ་མ་སེར་མོའི་དབང་བསྐུར་བས་ཕུང་པོའི་བདུད་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ཧཱུྃ། ནུབ་སྒོ་སྲུང་བའི་ཁྲོ་མོ་ནི། །དམར་མོ་ཕྱག་ན་ལྕགས་སྒྲོག་བསྣམས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ཉོན་བདུད་གནོད་པ་ཞི་བར་ཤོག །བྷནྡྷ་བྷནྡྷ་བཛྲ་ཨ་བྷི་ཥིཉྩ་བཾ། སྒོ་མ་ལྕགས་སྒྲོག་དམར་མོའི་དབང་བསྐུར་བས་ཉོན་མོངས་པའི་བདུད་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ཧཱུྃ། བྱང་སྒོ་སྲུང་བའི་ཁྲོ་མོ་ནི། །ལྗང་མོ་ལག་ན་དྲིལ་བུ་བསྣམས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །འཆི་བདག་གནོད་པ་ཞི་བར་ཤོག །ཧ་ན་ཧ་ན་བཛྲ་ཨ་བྷི་ཥིཉྩ་ཧོཿ སྒོ་མ་དྲིལ་བུ་མ་ལྗང་གུའི་དབང་བསྐུར་བས་འཆི་བདག་གི་བདུད་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ཅེས་བརྗོད། གསུམ་པ་སློབ་དཔོན་གྱི་དབང་གི་དངོས་གཞི་དམ་ཚིག་གསུམ་སྦྱིན་པ་ནི། རྡོ་རྗེ་སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་བརྗོད་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་སུ་རྟོགས་པར་བྱའོ་སྙམ་དུ་རྡོ་རྗེ་ལག་པ་གཡས་ཀྱི་ཐུགས་ཀར་གསོར་ཞིག །ཅེས་སྦྱིན། འདི་ནི་ཐུགས་ཀྱི་དམ་ཚིག་གོ། །དྲིལ་བུ་སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་དྲིལ་བུ་རྡོ་རྗེ་སྙེམས་མའི་ངོ་བོར་གྱུར། སྲིད་པ་ངོ་བོ་ཉིད་ཀྱི་བདག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་མཆོག་ནི་བྱེད་པ་ཡིན། །ཞེས་བརྗོད་ལ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སེམས་ཅན་རྣམས་ལ་བསྒྲག་སྙམ་པའི་བློས་དྲིལ་བུ་གཡོན་གྱིས་ལན་གསུམ་བཀྲོལ་ནས་དཀུ་ལ་བརྟེན་པའི་ཚུལ་གྱིས་ཤིག །ཅེས་སྦྱིན། འདི་ནི་གསུང་གི་དམ་ཚིག་གོ། །ཁྱེད་རང་རྣམས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་སྣང་ལ་རང་བཞིན་མེད་པའི་ངོ་བོར་མཉམ་པར་ཞོག་ཅིག །ཡིད་ཀྱི་ལུས་ནི་བརྟན་བྱའི་ཕྱིར། །དམ་ཚིག་ཕྱག་རྒྱ་ཞེས་སུ་བརྗོད། །དམ་ཚིག་ཡིད་ནི་བརྟན་པ་གང་། །དེ་ཕྱིར་ཕྱག་རྒྱ་རབ་ཏུ་གྲགས། །ཞེས་བརྗོད་ལ། རྡོར་དྲིལ་བསྣོལ་མར་འཛིན་དུ་བཅུག་སྟེ། དུས་འདི་ནས་བཟུང་ནས་ཇི་སྲིད་ཀྱི་བར་དུ་ཡི་དམ་གྱི་ལྷ་དང་སྐད་ཅིག་ཀྱང་མ་བྲལ་བར་གྱིས་ཤིག །འདི་ནི་སྐུའི་དམ་ཚིག་གོ། །ཞེས་བརྗོད། དེའི་མཐའ་རྟེན་རྗེས་གནང་སྦྱིན་པ་ནི། དེ་ལྟར་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་བདག་པོའི་གསང་བ་གསུམ་དང་དབྱེར་མེད་དུ་བྱིན་གྱིས་བརླབས་ནས། དོན་གཉིས་ཕྲིན་ལས་ཀྱི་རྗེས་སུ་གནང་བ་ལ། ཐོག་མར་རང་དོན་བཟླས་པའི་རྗེས་སུ་གནང་བ་སྦྱིན་པ་ལ་འདུན་པ་འདི་ལྟར་དུ་མཛོད། བླ་མ་དང་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་དབྱེར་མེད་པའི་ཐུགས་ཀ་ནས་གཟུངས་སྔགས་ཀྱི་ཡིག་འབྲུ་ཐམས་ཅད་མར་མེ་གཅིག་ལས་གཉིས་མཆེད་པའི་ཚུལ་དུ་བྱུང་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པའི་མོས་པ་མཛོད་ལ་གཟུངས་ཀྱི་རྗེས་ཟློས་གྱིས་ཤིག །ཅེས་བྱས་ཏེ་ཕྲེང་བ་སྦྲེལ་ལ། འདི་སྐད་བདག་གིས་ཐོས་པ་ནས་ཉེ་སྙིང་གི་བར་བརྗོད་ཅིང་། ཉེ་སྙིང་ཉིད་གསུམ་མམ་ལན་བདུན་བསྐྱར། མཐར་མེ་ཏོག་མགོར་བཞག་ལ། བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ལྷག་པའི་བསམ་པ་བརྟན་པོས་ནི། །ནམ་དུ་ཡང་ནི་མ་བཏང་ཞིག །ཅེས་བརྗོད། སློབ་དཔོན་ལ་མེ་ཏོག་ཕུལ་བཞིན་པར་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་གནང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །བདག་གིས་བསམ་པ་བརྟན་པོ་ཡིས། །ནམ་དུ་ཡང་ནི་མི་བཏང་ངོ་། །ཞེས་ཁས་བླང་ངོ་། །ལྷ་མཆོད་པའི་རྗེས་གནང་ནི་ཕྱི་མཆོད་ལག་ཏུ་གཏད་པ་འབུལ་བའི་ཚུལ་བྱར་གཞུག་ལ། དུས་འདི་ཉིད་ནས་བཟུང་ནས་ནི། །བྱང་ཆུབ་སྙིང་པོའི་བར་དུ་ནི། །མཆོད་པ་འདི་དང་མ་བྲལ་བར། །དུས་ཀུན་ཏུ་ནི་བདེ་བར་མནོས། །ཞེས་བརྗོད། དེ་ནས་གཞན་དོན་རིགས་ལྔའི་སྤྲུལ་བཤད་གྱི་རྗེས་སུ་གནང་བ་ལ་ཁྱེད་རང་རྣམས་རྣམ་སྣང་སོགས་དེ་བཞིན་གཤེགས་པ་རིགས་ལྔ་སོ་སོའི་ང་རྒྱལ་ལ་གནས་པར་ཞུ། འཁོར་ལོ་སྦྱིན་ལ། མདོར་ན་འཇིག་རྟེན་ཁམས་ཀུན་ཏུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་ཀྱིས། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ༀ་བུདྡྷ་དྷརྨ་ཙཀྲ་ཨ་བྷི་ཥིཉྩ་མཱཾ། ཞེས་སྤྱི་བོར་བཞག །སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་རྡོ་རྗེ་གཏད་ཅིང་སྙིང་གར་བཞག་སྟེ། ཚིག་གཞན་སྔར་ལྟར་ལས། རྡོ་རྗེའི་འཁོར་ལོ་བསྐོར་དུ་གསོལ། །ༀ་བཛྲ་དྷརྨ་སོགས་དང་། སེམས་ཅན་ཐམས་ཅད་ལ་རྡོ་རྗེའི་འཁོར་ལོ་སོགས་སྦྱར། དེས་རིགས་འགྲེས་ཏེ། རིན་ཆེན་ལྟེ་བར་བཞག་ལ། རིན་ཆེན། རཏྣ། པདྨ་མགྲིན་པར་བཞག་ལ། པདྨ། རྒྱ་གྲམ་གསང་བར་བཞག་ལ། ལས་ཀྱི། ཀརྨ། ཞེས་སྦྱར་རོ། །གསུམ་པ་མཐའ་རྟེན་གྱི་རིམ་པ་ལ་གསུམ། གཏོང་དབང་། གོ་བགོ། ཤིས་པའི་རྫས་ཀྱིས་མངའ་གསོལ་བའོ། །དང་པོ་ནི། དེ་རྣམས་ཀྱི་སྒོ་ནས་དབང་གི་དངོས་གཞི་གྲུབ་ནས་མཐའ་རྟེན་བྱིན་རླབས་གཏོར་མའི་དབང་བསྐུར་བྱིན་པ་ལ་འདུན་པ་འདི་བཞིན་དུ་མཛོད། བདག་གཞན་སེམས་ཅན་ཐམས་ཅད་སོགས་ནས། གཏོར་ཆུ་སྦྱིན་པའི་བར་དང་། གཉིས་པ་གོ་བགོ་བའང་གཟུངས་ཆོག་ལྟར་བྱའོ། །གསུམ་པ་ནི། རྫས་བརྒྱད་མདུན་དུ་བཀོད་ལ ། བསང་སྦྱང་། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ལས་སྐྱེས་པའི་བཀྲ་ཤིས་ཀྱི་རྫས་རྣམས་སློབ་མ་དགེ་ལེགས་སུ་བྱེད་པའི་གཟི་བརྗིད་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཡེ་དྷརྨཱས་རབ་ཏུ་གནས་པ། སྔོན་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ལ་རྩྭ་ཚོང་བཀྲ་ཤིས་ཀྱིས་རྩྭ་དཱུརྦ་ཕུལ་བས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ་རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་དཱུརྦས་དབང་བསྐུར་བས་བཀྲ་ཤིས་བདེ་ལེགས་དཔལ་འབྱོར་ཕུན་སུམ་ཚོགས་པའི་དབང་དང་ལྡན་པར་གྱུར་ཅིག །དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ཏེ། །ཉོན་མོངས་སྐྱེ་ཤིའི་སྡུག་བསྔལ་རྩད་གཅོད་པའི། །བཀྲ་ཤིས་དེས་ཀྱང་ཚེ་ནི་འཕེལ་བར་ཤོག །ཅེས་བརྗོད། ཚིག་ལྷུག་དེས་འགྲེས་ཏེ། ཐོག་མཐའ་འདྲ་བ་ལས། གླང་པོ་ཆེ་ས་སྲུང་གིས་གི་ཝཾ༴ ཞེས་དང་། གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་དམ་པ་ཆོས་ཉིད་རབ་རྟོགས་ཏེ། །ཉོན་མོངས་ཟུག་རྔུ་མེད་པར་དགེ་གྱུར་པའི། །བཀྲ་ཤིས་དེས་ཀྱང་ནད་རྣམས་ཞི་གྱུར་ཅིག །གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་༴ མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ། །ཡེ་ཤེས་ཆེན་པོ་ཉིད་དུ་ཁྱོད་གྱུར་ནས། །རྣམ་དག་ཐོགས་མེད་ཆོས་ལ་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །ཞིང་པའི་བུ་མོ་ལེགས་སྦྱིན་མས་ཞོ༴ ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཆོས་ཉིད་རབ་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །བྲམ་ཟེ་སྐར་རྒྱལ་གྱིས་ལི་ཁྲི༴ ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །ཕྱག་ན་རྡོ་རྗེས་ཡུངས་ཀར༴ ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་ཀུན་ཞི་གྱུར་ཅིག །ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར༴ དུང་ནི་ཆོས་སྒྲ་སྟོང་པར་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་ཁྱོད་གྱུར་ཏེ། །ཆོས་རྣམས་མ་ལུས་ཡོངས་སུ་སྟོན་པ་ཡིས། །བཀྲ་ཤིས་དེས་ཀྱང་ཚེ་ལ་དབང་ཐོབ་ཤོག །ལྷ་ཚངས་པས་བིལྦ༴ བིལྦ་རྒྱུ་རྐྱེན་འབྲས་བུར་ལྡན་པ་ཡིས། །འཇིག་རྟེན་འདས་དང་མ་འདས་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །ཅེས་བརྗོད་ཅིང་སློབ་མ་ལ་སྦྱིན། དེ་ནས་ནམ་མཁའ་གང་བའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བདེན་ཚིག་གི་རྔ་སྒྲ་ལྡིར་ཞིང་ཤིས་པའི་མེ་ཏོག་ཆར་དུ་བསྙིལ་བར་མོས་ལ། ༀ་འབྲས་བུའི་སོགས་བཀྲ་ཤིས་རྒྱ་ཆེར་བརྗོད་དོ། །དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་སྔ་འགྱུར་གྱི་ཤིང་རྟ་ཆེན་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་བཀའ་སྲོལ་ལས་བྱོན་པའི་རྣམ་འཇོམས་ཁྲོ་ནག་ལྷ་བཅོ་ལྔ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཡོངས་སུ་རྫོགས་པ་གྲུབ་པ་ཡིན་པས་སོགས་མཚམས་སྦྱོར་སྤྱི་འགྲེ་བྱས་ལ། གཙོ་བོས་ཇི་ལྟར་སོགས་ཀྱིས་དམ་ཚིག་ཁས་བླང་། གཏང་རག་མཎྜལ་དང་། ལུས་ལོངས་སྤྱོད་འབུལ། དགེ་བ་བསྔོས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་མཆོད་པ་བྱིན་རླབས་ནས་བརྩམ། ཤིས་བརྗོད་བར་བདག་མདུན་དཀྱིལ་འཁོར་གྱི་རྗེས་རིམ་གཟུངས་ཆོག་ལྟར་ལ། རྡུལ་ཚོན་ཡོད་ན་ཨ་ཀཱ་རོའི་སྔགས་ཀྱིས་བསྡུ་བ་སོགས་གསང་བ་སྤྱི་ལྟར་སྤྱད་དོ། །སྔོན་དུས་དར་རྒྱས་ཆེ་ལ་ཡོངས་སུ་གྲགས། །དེང་སང་མཚན་ཙམ་གླེང་བར་ཟད་མོད་ཀྱང་། །ད་རུང་བཀའ་སྲོལ་མ་ནུབ་ཙམ་བྱུང་ན། །ཅི་མ་རུང་སྙམ་དད་བློས་འབད་པ་ཡིན། །སྦྱོར་བ་མཐའ་དག་མ་མཐོང་ཞིང་། །ལག་ལེན་རྒྱུན་ཀྱང་ཕལ་ཆེར་འཆོལ། །རིགས་པས་དཔོགས་པར་མི་བཟོད་པས། །འགལ་འཁྲུལ་བླ་མ་ལྷ་ལ་བཤགས། །རྡོ་རྗེའི་ཁྲོ་རྒྱལ་ཆེ་དང་མི་གཉིས་པའི། །མཐུ་སྟོབས་རྩལ་གྱིས་སྒྲིབ་གཉིས་བག་ཆགས་བཅས། །རྣམ་པར་འཇོམས་པའི་གཟི་བྱིན་རབ་འབར་བས། །འགྲོ་ཁམས་མཐར་ཐུག་བར་དུ་སྣང་བྱེད་ཤོག །ཅེས་པ་འདིའང་རྒྱ་སྡོམ་སྟོན་པ་སེང་གེའི་གསུང་ཉིད་གཞིར་བྱས་པ་ལ། ཡིག་ཆ་རྙིང་པའི་དགོངས་པ་གུང་བསྡེབས་ཏེ་རང་ལུགས་ལ་སྤྱི་འགྲོའི་རིགས་པས་མ་བསླད་པར་ལས་གསལ་ཁྱེར་བདེའི་ཚུལ་དུ། དྭགས་རྙིང་གི་རྗེས་འཇུག་རྟགས་ཙམ་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས། དཔལ་སྤུངས་ཡང་ཁྲོད་རྡོ་རྗེ་ཐུགས་ཀྱི་མཁར་དུ་སྦྱར་བ་དགེ་ལེགས་འཕེལ།། །།

ཡུམ་ཆེན་མོའི་དབང་བསྐུར་མདོར་བསྡུས། དཔལ་ཆེན་འདུས་པ།

ཡུམ་ཆེན་མོའི་དབང་བསྐུར་མདོར་བསྡུས་བཞུགས། ན་མོ་གུ་རུ་བེ། གང་དུ་བྱ་བར་ཚོམ་བུ་བཀོད་པའི་གཞིར། སྐུ་རྟེན། བུམ་པ་བཅུད་ལྡན། རྫས་ཙཀ་རྣམས་ལ། མཆོད་པ་རྣམ་ལྔ། འདས་གཏོར། ཆ་གསུམ་གཏོར་མ་རྣམ་ཀྱང་བསྡོགས། རང་གི་མདུན་དུ་རྡོར་དྲིལ། སྤོས་སྣོད། འཐོར་ནས་སོགས་འདུ་བྱས། ཁྲུས་དང་ཕྱག་སྔོན་དུ་འགྲོ་བས། སངས་རྒྱས་ཆོས་ཚོགས་དང་། ཚད་མེད་བཞི་སྒོམ་པ་རྣམས་ལན་གསུམ་གསུམ་དང་། བྱང་ཆུབ་སེམས་ཁྱད་པར་ཅན་བསྒོམ། ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཕོ་བྲང་ཡིད་འོང་ཉམས་དགའ་བར། །གདན་ཁྲི་མཛེས་ཤིང་བལྟ་ན་སྡུག །ངོ་མཚར་མཆོད་སྤྲིན་རྒྱ་མཚོ་ཡིས། །རབ་འབྱམས་ནམ་མཁའ་གང་བར་གྱུར། །མཆོད་སྤྲིན་གཟུངས་ལན་གསུམ། ཆོས་ཉིད་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱང་། །གཞི་དང་ལམ་དང་རྣམ་པ་ཐམས་ཅད་མཁྱེན། །བདག་མེད་སྟོང་པ་དོན་དམ་ཡང་དག་མཐའ། །ཡུམ་ཆེན་ཕ་རོལ་ཕྱིན་མ་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ། ས་མ་ཡ་སྟཾ། སྤྱན་དྲངས་པས་གདན་ལ་བཞུགས་པ་ནི། ཡུམ་ཆེན་མོ་གསེར་མདོག་ཕྱག་དང་པོ་གཉིས་མཉམ་བཞག །འོག་མ་གཉིས་ཆོས་འཆད་གླེགས་བམ་འཛིན་པ་ལ། སྟོན་པ་ཤཱཀྱ་ཐུབ་པ། ཕྱོགས་བཅུའི་སངས་རྒྱུས། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ། ཤཱ་རིའི་བུ་སོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐའ་ཡས་པའི་འཁོར་གྱིས་བསྐོར་བའོ། །ༀ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡ་ཤྲཱི་ཡེ་ཧཱུྃ། གིིས་མཆོད་ཡོན་ཕུལ། པདྨ་ཨཱ་ས་ན་ཏིཥྛ་ས་མ་ཏྭཾ། གྱིས་བཞུགས་སུ་གསོལ། ༀ་སརྦ་དེ་བ་ཏ་ཨརྩི་ཏ་ཨ་མྲི་ཏ་སྭཱ་ཧཱ། ཁྲུས་གསོལ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱས་སྐུ་ཕྱི་ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་བ་ས་པེ་པྲ་ཏིཙྪ་སྭཱ་ཧཱས་གོས་ཟུང་འབུལ། ཇི་སྙེད་སུ་དག་སོགས་ཀྱིས་ཡན་ལག་བདུན་པ་འབུལ། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པས་གསོལ་བ་གདབ། སྐུ་ལས་འོད་འཕྲོས་འཕགས་མཆོད་ངན་སོང་སྦྱངས། །བདག་ལ་ཕོག་པས་བྱིན་བརླབས་མཐུ་ནུས་ཐོབ། །གཟུངས་ཆབ་ལ་ཁྱབ་དག་བྱེད་བདུད་རྩིར་གྱུར། །ཏིང་འཛིན་སྒོ་བརྒྱར་འཇུག་པའི་སྐལ་ལྡན་གྱུར། །ༀ་དྷི་པྲ་ཛྙཱ་མ་ཧཱ་པྲཛྙཱ་དྷརྨ་དྷ་ཏུ་སྭཱ་ཧཱ། ཞེས་དང་། ག་ཏེ་ཅི་རིགས་བཟླ། ཐུན་ཐར། ༀ་བཛྲ་ཨརྒྷཾ་པདྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི དྱེ་ཤཔྡ་པཱུ་ཛ་མེད་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་གིས་མཆོད། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་གཏོར་མ་འབུལ། སྐུའི་འོད་ཟེར་བུམ་ཆུ་ལ་ཁྱབ་པས་བྱིན་གྱིས་བརླབས་པར་གྱུར། འདིར་ཆ་གསུམ་བཏང་། བདག་འཇུག་ནི། གཙུག་གི་ནོར་བུའི་འོད་ཀྱིས་རྒྱལ་བ་མཆོད། །བྱིན་རླབས་སྤྱི་བོར་ཐིམ་པས་རྗེས་གནང་ཐོབ། །དཀྱིལ་འཁོར་ལྷ་ལས་རང་འདྲའི་སྐུ་ཆད་དེ། །སྤྱི་བོར་ཐིམ་པས་སྒྲིབས་བྱང་དབང་ཐོབ་བསམ། །དེ་ནས་སློབ་མ་ལ་ཁྲུས་བྱ། བགེགས་གཏོར་བཏང་ལ་མཚམས་བཅད་སེམས་བསྐྱེད་དང་ཆོས་ཉན་པའི་ཀུན་སྤྱོད་དང་མཚམས་སྦྱོར་ཅི་རིགས་པ་ལས། འདིར་སྐབས་སུ་བབ་པ། ལུང་ཨ་ནུ་ཡོ་ག་འདུས་པ་ཆེན་པོ་མདོ་རྩ་བའི་དཀྱིལ་འཁོར་དུ་ཆུ་བོ་བཞི་རྫོགས་ཀྱི་དབང་སུམ་ཅུ་རྩ་དྲུག་ལ། ཡན་ལག་རག་པ་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེ་ནས་བསྐུར་བ་ལའང་། ས་དང་པོ་འགྱུར་བ་མ་ངེས་པ་ནས། ས་བཅུ་པ་རྫོགས་པ་ཅིག་ཆིབ་ཀྱི་བར་ནོན་པར་བྱ་བའི་དོན་དུ། ལྷ་མའི་དབང་ནས་བརྩམས་ཏེ། ཨ་ནུ་རང་ལུགས་ཀྱི་རྫོགས་རིམ་མཐར་ཐུག་པ་ཨ་ཏའི་བར་དུ་བྱུང་ཞིང་། ལམ་སྟེགས་ཀྱི་ཐེག་པ་རྣམས་སོ་སོའི་ལམ་དང་ཚུལ་འདྲ་རུང་དུ་བྱུང་ཀྱང་། དོན་ལ་འབྲས་བུའི་ཐེག་པའི་ཐབས་མཁས་ཀྱིས་ཟིན་པས། ཐེག་པ་རང་རང་གི་སྤང་ཐོབ་དང་རིགས་འདྲའི་ཡོན་ཏན་དེ་དང་། དེ་སྐྱེ་བའི་མྱུར་ལམ་དུ་འགྱུར་བའི་ཕྱི་དབང་རྒྱུད་ཀྱི་ཆུ་བོའི་ཡན་ལག་གི་དཀྱིལ་འཁོར་བཞི་པ་བྱང་སེམས་ཀྱི་ཐེག་པའི་དཀྱིལ་འཁོར་ལ། སྟོན་པ་གཙོ་བོར་བྱས་པ་དང་། ཡུམ་ཆེན་མོ་གཙོ་བོར་བྱས་པ་གཉིས་ཀྱི་ཕྱི་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སོགས་སྦྲེལ་ལ་མཎྜལ་ཕུལ། ཡན་ལག་བདུན་པས་ཚོགས་བསགས་པའི་ཕྱིར། ཕྱག་འཚལ་བ་དང་སོགས་དང་། སེམས་བསྐྱེད་པ། སངས་རྒྱས་ཆོས་ཚོགས་ལན་གསུམ། གསོལ་བ་གདབ་པ། སློབ་དཔོན་སངས་རྒྱས་དགོངས་སུ་གསོལ། །བདེན་གཉིས་དོན་རྟོགས་ཐེག་ཆེན་གྱི། །རྒྱལ་བའི་མཛད་པ་མཐར་ཕྱིན་པ། །ཟབ་ཅིང་རྒྱ་ཆེའི་དབང་རྣམས་སྩོལ། །ཞེས་ལན་གསུམ། ཐོག་མར་ལྷ་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་ལྷ་མར་མེ་གཅིག་ལས་གཉིས་ཆད་ཀྱི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ནས་ཐིམ་པའི་བྱིན་རླབས་ཀྱིས། སྒྲིབ་གཉིས་བྱང་ཞིང་། བདག་སྐྱེད་གཉིས་རྟོགས་ཀྱི་ཡོན་ཏན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ཧཱུྃ། དབུས་ཕྱོགས་པདྨ་ཟླ་རྒྱས་སྟེང་། །ཡུམ་ཆེན་རྒྱན་ལྡན་རྡོ་རྗེའི་སྐྱིལ། །གསེར་མདོག་སྐུ་ནི་ཤིན་ཏུ་རྒྱས། །ཕྱག་བཞི་དང་པོ་མཉམ་བཞག་ཅན། །འོག་གཉིས་ཆོས་འཆད་པུ་སྟི་འཛིན། །འགྲོ་བ་སེམས་ཅན་དོན་མཛད་པ། །རྒྱལ་བ་སྲས་དང་བཅས་པས་བསྐོར། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་དྷཱི་པྲཛྙཱ་མ་ཧཱ་པྲཛྙཱ་དྷརྨ་དྷ་ཏུ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། རྫས་དབང་ལ། སྔོན་བྱུང་སྟོན་པའི་རྣམ་ཐར་དང་། །རྗེས་མཐུན་ཡོན་ཏན་ཁྱད་པར་ཅན། །བསྐྱེད་བྱེད་དབུ་རྒྱན་ཡུམ་གྱི་ཕྱག །སེང་ཕྲུག་གླང་ཕྲུག་ཀ་ཤིའི་རས། །རྒྱལ་པོའི་བཀའ་རྟགས་དབང་ཐོབ་ཤོག །བུམ་པ་ལ། ཀླུ་རྒྱལ་བདུད་རྩའི་ཆུ་བླངས་ཏེ། །བཅོམ་ལྡན་དྲིན་ལན་བསབ་པའི་ཕྱིར། །སྐུ་ཡི་དྲི་མ་ཡོངས་སུ་བཀྲུ། །སྐྱོན་གྱི་དྲི་མ་དག་པར་ཤོག །རྫས་གཞན་རྣམས་ནི། མིང་དང་རྒྱན་ཆ་ཡིག་ཤིང་དང་། །མདའ་གཞུ་བཙུན་མོ་ཤིང་རྟ་ཆིབས། །ཤན་གྲི་གསེག་པར་ན་བཟའ་དང་། །འོ་ཐུག་འབྲས་ཆན་བུ་རམ་སྦྲང་། །བྱང་སེམས་མཛད་པ་ཉི་ཤུའི་རྫས། །འགྲོ་འདུལ་མཚན་ཉིད་དབང་ཐོབ་ཤོག །དེ་ལྟར་བྱང་སེམས་ཐེག་པའི་དཀྱིལ་འཁོར་གྱི་བདག་པོ་ཡུམ་ཆེན་མོའི་དབང་བསྐུར་བས། མདོ་རང་ལུགས་ཀྱི་སྦྱོར་ལམ་གཉིས་པ་མཚན་མ་རྟགས་ཀྱི་རྣལ་འབྱོར་བསླབ་པ་རྒྱུན་གྱི་ས་ནོན་པ་དང་རིགས་འདྲ་བའི་ཡོན་ཏན་གསོས་ཐེབས། མངོན་དུ་རྒྱུ་ཡི་བག་ཆགས་འབྲིང་ཡོ་དག །སྲི་ཞི་ལས་རྣམ་པར་གྲོལ་བའི་རྒྱུ་དང་། ལམ་བ དོང་མ་ལ་སྦྱོར་བའི་སྦྱོར་བ་བྱང་ཆུབ་སེམས་སྐྱེ་བའི་སྟེགས་སུ་གྱུར། རྫོགས་པའི་སངས་རྒྱས་ཀྱི་རྒྱལ་ཚབ་ཆེན་པོ་ས་བཅུ་པའི་བྱང་སེམས་ཀྱི་རྟོགས་རིགས་དང་འདྲ་བའི་ཡོན་ཏན་ཁྱད་པར་ཅན་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དམ་ཚིག་ཁས་ལེན། གཏང་རག་མཎྜལ། ལུས་འབུལ་བས། དགེ་བ་བསྔོ་ཞིང་སློབ་མ་གྱེས། སློབ་དཔོན་གྱིས་རྗེས་ཆོག་མཆོད་བསྟོད། ནོངས་བཤགས། རྟེན་བཞུགས། བསྔོ་སྨོན་བཀྲ་ཤིས་སྤྱི་ལྟར་བྱའོ། ཞེས་པའང་རང་གཞན་ལ་སྤར་ཁའི་བཅོས་རིམ་སོགས་ལ་ཉེ་བར་མཁོ་བས་འདུས་པ་མདོའི་ཡན་ལག་གི་དཀྱིལ་འཁོར་ལས་ཕྱུང་སྟེ་ཤིན་ཏུ་མདོར་བསྡུས་པའི་ཚུལ་དུ་དཔལ་ཆེན་འདུས་པ་རྩལ་དེས་བལྡེབས་པ་དགེ་ལེགས་འཕེལ།། །།ཞུས་སོ། །

རྗེ་བཙུན་མ་གཟའ་ཐམས་ཅད་ཀྱི་ཡུམ་རིག་པ་ཆེན་མོའི་དཀྱིལ་འཁོར་དུ་རས་བྲིས་ལ་བརྟེན་ཏེ་སྒྲུབ་མཆོད་བྱ་བ་ལ་ཉེ་བར་མཁོ་བའི་ཆོ་ག་ཕན་བདེའི་ཉི་མ། མདོ་སྔགས་བསྟན་འཛིན་བཟང་པོ།

རྗེ་བཙུན་མ་གཟའ་ཐམས་ཅད་ཀྱི་ཡུམ་རིག་པ་ཆེན་མོའི་དཀྱིལ་འཁོར་དུ་རས་བྲིས་ལ་བརྟེན་ཏེ་སྒྲུབ་མཆོད་བྱ་བ་ལ་ཉེ་བར་མཁོ་བའི་ཆོ་ག་ཕན་བདེའི་ཉི་མ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི་པྲ་ཛཱ་བྷྱཿ རྒྱལ་བ་ཀུན་ཡུམ་ཤེས་རབ་ཕར་ཕྱིན་མ། །འཇིག་རྟེན་དགེ་ལེགས་སྒྲུབ་ཕྱིར་གཟའ་རྣམས་ཀྱི། །ཡུམ་དུ་ཟློས་པའི་རིག་པ་ཆེན་མོ་དང་། །དབྱེར་མེད་རྗེ་བཙུན་བླ་མ་གཙུག་ཏུ་མཆོད། །གང་གི་དཀྱིལ་འཁོར་མཆོད་པའི་མན་ངག་ནི། །འཇམ་མགོན་བླ་མས་གསལ་བར་ཕྱེས་མོད་ཀྱང་། །དབང་གི་ཆོ་ག་གཞན་ལ་ལྟོས་པ་ལས། །མེད་ཕྱིར་བརྒྱུད་པའི་ཕྱག་བཞེས་བཞིན་དུ་འབྲི། །འདིར་རྣམ་འབྱོར་གྱི་དབང་ཕྱུག་ཆེན་པོ་འགྲན་ཟླ་དང་བྲལ་བ། །མཁས་པ་རྣམས་ཀྱི་གཙུག་གི་ནོར་བུར། །དཔལ་བིར་བའི་གསུང་གི་མན་ངག་འཛམ་བུའི་གླིང་གི་རྒྱན་དམ་པ་སློབ་དཔོན་ཞི་བ་འཚོ་ལས་བརྒྱུད་དེ། །འཁོན་ནཱ་གནྡྲེ་རཀྵི་ཏ་ལ་སོགས་པ་འཁོན་གདུང་གོང་མ་རྣམས་ལ་བཀའ་བབས་པའི་རྗེ་བཙུན་མ་རིག་པ་ཆེན་མོའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སྟ་གོན་དང་དངོས་གཞི་གཉིས་ལས། དང་པོ་ནི། གནས་ཡིད་དུ་འོང་བར་སྟེགས་བུ་རས་བཟང་པོས་བཀབ་པའི་སྟེང་དུ། མཎྜལ་ལ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་ལྷ་གྲངས་བཞིན་བཀོད་པ་མཉྫིའི་སྟེང་དུ་བཤམས། དེའི་འོག་ཏུ་ས་ལྷའི་ཚོམ་བུ་མཆོད་གཏོར་བཅས་དང་། མཐའ་སྐོར་དུ་དཀྱིལ་འཁོར་གྱི་སྤྱི་མཆོད་མཚམས་འཛིན་གྱི་མེ་ཏོག་དང་། ཆུ་གཉིས་ཉེས་སྤྱོད་ལྔས་གཡས་སྐོར་དུ་གྲུ་བཞིར་བཤམ་ཞིང་། དེའི་ཕྱི་རོལ་དུ་སྒོས་མཆོད་སྤོས་མར་མེ་ཞལ་ཟས་གསུམ་ལྷ་གྲངས་དང་མཉམ་པའམ་ཅི་འབྱོར་བ་བཤམ། མཆོད་ཆོག་ཏུ་གཟའ་བརྒྱད་སོ་སོའི་མཎྜལ་དང་ཉེར་སྤྱོད་བཤད་པ་བཞིན་འབྱོར་ན་དགོས་མོད། དབང་བསྐུར་གྱི་སྐབས་སུ་ནི་ཕལ་ཆེར་སྤྱི་འགྲོ་འདི་ཙམ་གྱིས་ཆོག་པར་མཛད། ཤར་དུ་དཀྱིལ་འཁོར་བའི་གཏོར་མ་དང་། ལྷོར་ཆ་གསུམ་གཏོར་མ་དང་། ལོགས་ཤིག་ཏུ་སྔོན་འགྲོའི་གཏོར་མ་དང་། སློབ་མ་སྟ་གོན་ལ་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱ། སློབ་དཔོན་གྱི་མདུན་དུ་བུམ་པ་གཉིས་ལ་ནང་རྫས་ཉེར་ལྔ་ཁ་རྒྱན་མགུལ་ཆིངས་སོགས་སྤྱི་ལྟར་དང་། རྡོ་རྗེ་དྲིལ་བུ་འདུས་བྱས་ལ་གྲུབ་ན་ཐེག་ཆེན་གསོ་སྦྱོང་བླང་བ་ནས་སྔོན་གཏོར་དང་བདག་བསྐྱེད་བཟླས་པ་མཆོད་བསྟོད་གསོལ་གདབ་བཅས་དཀྱིལ་ཆོག་བདེ་ལེགས་ཀུན་ཕན་ལྟར་གྲུབ་ནས། སྟ་གོན་དངོས་ལ་བཞི་ལས། ས་ལྷ་སྟ་གོན་ནི། ཚོམ་བུ་བསང་སྦྱངས་སྟོང་པའི་ངང་ལས་པྂ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བྂ་ལས་སའི་ལྷ་མོ་སྐུ་མདོག་སེར་མོ་ཞི་བའི་ཆ་ལུགས་དང་། རྒྱན་གྱིས་བཀླུབས་པ། ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་ཐུགས་ཀར་འཛིན་པ། དེའི་དཔྲལ་བར་ༀ། །མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛ༔ ཛཿ་ཧཱུྃ་བཾ་ཧོ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམ། དེ་ལ། ༀ་པྲི་ཐི་ཝཱི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷྂ་པྲ་ཏཱིཙྪ་སྭཱ་ཧཱ། ཤབྡའི་བར་མཚམས་སྔགས་རེ་རེ་བཞིན་སྦྱར་བས་མཆོད། གཏོར་མ་ཆུས་བྲན་ལ། བསང་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། ༀ་པྲི་ཐི་དེ་ཝཱི་ས་པཱ་རི་ཝཱ་ར་ༀ་ཨ་ཀ་རོ་སོགས་ལན་གསུམ་ལ་མཆོག་སྦྱིན་སེ་གོལ་གཏོགས་པ་དང་བཅས་པས་ཕུལ། སྤོས་དང་རྡོར་དྲིལ་འཛིན་པ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིིིལ་འཁོར་འབྲི། །ཞེས་ལན་གསུམ་གསོལ། རིག་པ་འཛིན་པ་ཁྱོད་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག །ཅེས་གནང་བ་བྱིན་པར་བསམས་ལ། ལག་གཡས་ས་ལ་རེག་སྟེ། ༀ་བཛྲ་མུཿ སའི་ལྷ་མོ་ས་དེ་ཉིད་ལ་ཐིམ་ཞེས་བརྗོད། ལྷ་སྟ་གོན་ནི། མཆོད་པ་རྣམས་བྱིན་རླབས་གོང་ལྟར་ལ། དྷརྨ་ར་ཎི་མི་དགོས། ཚོམ་བུ་བསང་སྦྱངས་ནས་མདུན་བསྐྱེད་བཞིན་གཙོ་འཁོར་རྒྱས་པ་བསྐྱེད་བསྟིམ་དང་། བསྟོད་པ་བཏང་ནས་འདས་གཏོར། ཆ་གསུམ་གཏོར་མ་སྤྱི་ལྟར་ལ་ཕྱོགས་འབྱུང་གཉིས་ཀྱི་མགོར་འབྲུ་གསུམ་ལན་གསུམ་བརྗོད་པས་བྱིན་རླབས། བདེན་བདར་གྱི་སྔོན་དུ་ཨ་མྲི་ཏ་བཟླ་གཞན་འདྲའོ། །སྙན་གསན་དབབས་པ་ནི། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་པས། །བཅོམ་ལྡན་འདས་མ་གཟའ་རྣམས་ཡུམ། །རིག་པའི་རྒྱལ་མོར་ཕྱག་འཚལ་བསྟོད། །དཀྱིལ་འཁོར་ཐུགས་རྗེ་ཆེའི་བདག་ཉིད། །མགོན་པོ་བདག་ནི་འབྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་ལ་མཆོད་པ་བྱ་བའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་བཀའ་དྲིན་མཛད་པར་འོས། །འགྲོ་བ་འཁོར་ལོའི་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའི་དང་། །སྔགས་ཀྱི་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གངས་སུ་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །རིག་པ་ཆེན་མོའི་དཀྱིལ་འཁོར་འདི། །འགྲོ་བ་དག་ཕྱིར་བདག་འབྲི་བས། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེས་ཐུགས་དཔག་མཛད་ནས་ཀྱང་། །དཀྱིལ་འཁོར་བར་བཅས་ཐམས་ཅད་ཀྱིས། །ཐུགས་རྗེས་དགོངས་ཏེ་གནང་བར་མཛོད། །ཅེས་ལན་གསུམ་གྱིས་སྙན་གསན་ཕབ་པའི་མཐར། རིག་པ་འཛིན་པ་ཁྱོད་གཞན་དོན་རྒྱ་ཆེ་བར་གྱིས་ཤིག །ཅེས་གནང་བ་བྱིན་པར་བསམ་མོ། །བུམ་པ་སྟ་གོན་ནི། རྣལ་རྒྱལ་བུམ་པའི་སྟེང་དུ་མཆོད་ཡོན་གཟུངས་རྡོར་བཅས་བཞག་ལ། བསང་སྦྱངས་ནས་བཟུང་འོད་ཞུ་བར་བུམ་བསྐྱེད་ཇི་ལྟ་བ་བཞིན་དང་སློབ་མ་སྟ་གོན་ནི་གཞན་དུ་ཤེས་ཤིང་། རྗེས་ནི་མཆོད་པ་རྣམས་ཁ་གསོས་ལ་བསང་སྦྱངས་བྱིན་གྱིས་བརླབས། མཆོད་བསྟོད་འདོད་དོན་གསོལ་གདབ་ཡིག་བརྒྱས་ནོངས་པ་བཟོད་གསོལ་བཅས་གོང་གི་བུམ་ཆོག་ལྟར་བྱས་ལ། རྡོ་རྗེ་དྲིལ་བུ་འཛིན་པས་མཐེའུ་ཆུང་སྦྲེལ། མཛུབ་མོ་བརྐྱངས་ཏེ་རྩེ་སྤྲོད་པས་སྤྱི་བོར་བཟློག་ཅིག །ༀ་བཛྲ་བེ་ག་ཀྲ་མ་ཧོཿ སྟ་གོན་གྱི་ལྷ་རྟེན་དང་བརྟེན་པར་བཅས་པ་ནམ་མཁར་བཞུགས་པར་གྱུར། རང་གི་དཔྲལ་བར་ༀ་སོགས་ཀྱིས་སྲུང་བ་དང་། བསྔོ་བ་བཀྲ་ཤིས་བཅས་བྱ་བ་ནི་སྟ་གོན་ནོ། །གཉིས་པ་དངོས་གཞི་དང་རྗེས་སོགས་ནི་དཀྱིལ་ཆོག་བདེ་ལེགས་ཀུན་ཕན་བཞིན་དང་། དབང་བསྐུར་དངོས་སྟར་དང་རྡུལ་ཚོན་གྱི་བྱ་བ་སོགས་ནི་གཞན་དང་གཞན་དུ་ཤེས་དགོས་པ་ཁོ་ནའོ། །སྨྲས་པ། འཇིག་རྟེན་དར་རྒུད་བྱེད་པོ་གཟའ་སྐར་རྣམས། །འཕགས་མའི་ཐ་ཚིག་རྡོ་རྗེའི་ཁོར་ཡུག་ལས། །གཞར་ཡང་མི་འདའ་དེ་ཕྱིར་ཡུམ་སྲས་ཀྱི། །དཀྱིལ་འཁོར་བསྙེན་དང་མཆོད་ལ་ཅིས་མ་བརྩོན། །འོན་ཏང་འཇུག་ཅིང་མངོན་པར་དབང་བསྐུར་བའི། །ཆོག་གཞུང་རང་སྐྱ་ཐུབ་པ་མི་སྣང་བས། །སྔགས་གྲྭའི་སྲོལ་དང་བརྒྱུད་པའི་གསུང་སྒྲོས་ལས། །འཇམ་དབྱངས་ལྷ་ལྔའི་དབང་དང་མཐུན་ཞེས་འབྱུང་། །དེ་བཞིན་གཡར་ཁྲལ་ཙམ་མིན་ལྷག་བསམ་གྱིས། །སྡེབ་པའི་དགེ་བས་འགྲོ་རྣམས་རྫོགས་ལྡན་པའི། །དུས་སྟོན་གསར་བས་རོལ་ཞིང་སྒྲིབ་བྲལ་དབྱིངས། །ཐམས་ཅད་རིག་པའི་ཡེ་ཤེས་ཆུབ་གྱུར་ཅིག །ཅེས་རྗེ་བཙུན་མ་གཟའ་ཐམས་ཅད་ཀྱི་ཡུམ་རིག་པ་ཆེན་མོའི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་ཆོ་ག་ཕན་བདེའི་ཉི་མ་ཞེས་བྱ་བ་འདི་ནི་སྔོན་ཆད་བརྒྱུད་པའི་ཕྱག་བཞེས་ཀྱིས་ཨ་ར་པ་ཙ་ན་ལྷ་ལྔ་དབང་ཆོག་ལ་ཕྲི་བསྣན་ཁ་བསྒྱུར་གང་དགོས་མཛད་པ་ལས་དཀྱིལ་ཆོག་རང་སྐྱ་ཐུབ་བ་མེད་པར་བརྟེན། དབང་རྒྱུན་ཡང་ཤིན་ཏུ་དཀོན་པས་ཁོ་བོ་སྤྲང་བཙུན་ངག་དབང་ལེགས་གྲུབ་ཀྱིས་ཀུན་གཟིགས་འཇམ་དབྱངས་བླ་མའི་ཞབས་དྲུང་དུ་འབད་པ་ཆེན་པོས་ཞུས་པའི་རྗེས་སུ། སྔགས་གྲྭ་ཆེན་པོ་གོང་དཀར་རྡོ་རྗེ་གདན་གྱི་སྒྲུབ་མཆོད་པ་རྣམས་ཀྱི་ངག་འདོན་ཐོ་ཆུང་ཞིག་འདུག་པ་དང་། འཇམ་དབྱངས་ལྷ་ལྔའི་དཀྱིལ་ཆོག་སྔ་ཕྱི་རྣམས་ལ་བརྟེན་ནས་མདོ་སྨད་ཤར་ཁར་སྡོམ་བུར་ཆས་པའི་ལམ་བར་རྣམས་སུ་བྲིས་པའོ། །ཞེས་པ་འདི་ལ་སྟ་གོན་དང་། དངོས་གཞིའི་ཆོ་ག་བལྟབ་བདེ་བཀླག་ཆོག་མ་སོ་སོར་དཔལ་སྤྲུལ་མདོ་སྔགས་བསྟན་འཛིན་བཟང་པོས་སྡེབས་པ་སརྦ་ཐཱ་མངྒལཾ།། །།

གཟའ་ཡུམ་གྱི་དཀྱིལ་འཁོར་མཆོད་པའི་ཆོག་བསྒྲིགས་བདེ་ལེགས་ཀུན་ཕན། པདྨ་མདོ་སྔགས་བསྟན་འཛིན།

གཟའ་ཡུམ་གྱི་དཀྱིལ་འཁོར་མཆོད་པའི་ཆོག་བསྒྲིགས་བདེ་ལེགས་ཀུན་ཕན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་ར་ཝེ། །ཆོས་ཀུན་དེ་བཞིན་ཉིད་དབྱིངས་ལས། །མི་ཕྱེད་གྲུབ་པས་རྒྱས་གདབ་ཀྱང་། །ཆོས་ཅན་སྒྱུ་མ་སྤྲོས་པའི་གར། །བསྒྱུར་མཛད་རིག་པ་ཆེན་མོར་བཏུད། །འཇིག་རྟེན་བདེ་ལེགས་ལེགས་སྤེལ་ཕྱིར། །གཟའ་ཡུམ་དཀྱིལ་འཁོར་འཁོར་ལོ་ནི། །བསྒྲུབ་ཅིང་མཆོད་ཆོག་ཆོ་གའི་ཁྲིགས། །བདེ་ལེགས་ཀུན་ཕན་ཕན་ཕྱིར་འདྲི། །དེ་ལ་རིག་པ་ཆེན་མོའི་དཀྱིལ་འཁོར་རས་བྲིས་ལ་བརྟེན་ནས་བསྒྲུབ་ཅིང་མཆོད་པའི་རིམ་པ་ལ་ཐོག་མར་སྟ་གོན་རྣམས་དཀྱིལ་ཆོག་ཕན་བདེའི་ཉི་མ་སྟར་གྲུབ་ནས་དངོས་གཞི་སྟ་གོན་གྱི་ཚོམ་བུའི་ཤུལ་དུ་འདིའི་རས་བྲིས་རབ་གནས་ཅན་ཞལ་ཤར་དུ་ཕྱོགས་པར་དགྲམ་པའི་མཐའ་སྐོར་དུ་དཀྱིལ་འཁོར་གྱི་སྤྱི་མཆོད་མཚམས་འཛིན་གྱི་མེ་ཏོག་དང་། ཆུ་གཉིས་ཉེར་སྤྱོད་ལྔ་གཡས་སྐོར་དུ་གྲུ་བཞིར་བཤམ་ཞིང་། དེའི་ཕྱི་རོལ་དུ་སྒོས་མཆོད་སྤོས་མར་མེ་ཞལ་ཟས་གསུམ་ལྷ་གྲངས་དང་མཉམ་པའམ་ཅི་འབྱོར་པ་བཤམ། མཆོད་ཆོག་ཏུ་གཟའ་བརྒྱད་སོ་སོའི་མཎྜལ་དང་ཉེས་སྤྱོད་བཤད་པ་བཞིན་འབྱོར་ན་དགོས་ཤིང་། གཞན་ཡང་སྔོན་འགྲོའི་གཏོར་མ་རྡོར་དྲིལ་སོགས་འདུ་བྱས་ལ་གྲུབ་ན་ཐེག་པ་ཆེན་པོའི་གསོ་སྦྱོང་བླངས། སྟན་ལ་འཁོད་དེ་སྔོན་འགྲོའི་གཏོར་མ་ཆབ་ཀྱིས་བྲན། ༀ་ཨམྲྀ་ཏེ་ཧཱུྃ་ཕཊ་ཅེས་པས་བསངས། ༀ་སྭ་བྷ་ཝ་སོགས་ཀྱིས་སྟོང་པར་སྦྱངས། ༀ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབས་ནས། གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གཡས་པའི་གྲུ་མོ་བཞག་པའི་མཛུབ་མོ་ལྕགས་ཀྱུ་ལྟར་བཀུག་པ་བསྐོར་ཞིང་། ༀ་བྷུ་མི་པ་ཏི་ས་པ་རི་ཝ་ར་ཨཱ་ཱཀཪྵ་ཡ་ཛ༔ ཞེས་དང་། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ༀ་བྷཱུ་མི་པ་ཏི་ན་མས་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བསྔོས་ནས། གནས་བདག་གཞི་བདག་ལ་སོགས་པ་འབྱུང་པོའི་ཚོགས་ཐམས་ཅད་ལ། འདོད་ཡོན་ལྔ་དང་ལྡན་པའི་གཏོར་མ་འདི་སྦྱིན་ནོ། །ཚིམ་པར་གྱིས་ལ་དཀར་པོའི་ཕྱོགས་ལ་དགའ་བ་རྣམས་ཀྱིས་གྲོགས་གྱིས་ཤིག །ནག་པོའི་ཕྱོགས་ལ་དགའ་བ་གསང་སྤྱོད་ལྟ་བར་མི་དབང་བ་རྣམས་ཀྱང་། གནོད་པའི་སེམས་ཞི་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག་ཅེས་དང་། ཨ་མྲྀ་ཏེ་སོགས་བརྗོད་ཅིང་རྡོ་རྗེ་གསོར་དྲིལ་བུ་དྲག་ཏུ་དཀྲོལ་ལ་གཏོར་མ་གཙང་སར་དོར། ༈ བསང་སྦྱངས། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དངས་ཞིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ༀ་བཛྲ་ཨརྒྷཾ་སྭཱ་ཧཱ། སོགས་པཱ་དྱཾ། པུཥྤེ། དྷཱུ་པཾ། དཱི་པཾ། གནྷཾ། ནེ་ཝི་དྱཾ། ༀ་བཛྲ་ཤབྡ་སྭཱ་ཧཱ། ཞེས་མཐར་རྡོ་རྗེ་དྲིལ་བུ་བསིལ་ཞིང་། ༀ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པ་ར་མི་ཏ་ནཱ་ད་སཾ་བྷ་ཝེ་བཛྲ་ས་ཏྭ་ཧྲི་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ། ཨ་ཁཾ་སྭ་ཧཱ། ལན་གསུམ་བརྗོད་པས་མཆོད་པ་རྣམས་བྱིན་གྱིས་བརླབས་སོ། ༈ །བདག་བསྐྱེད་ལ་ཐོག་མར་སྐྱབས་འགྲོ་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུངས་ཏེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེ་བཙུན་རིག་པ་ཆེན་མོའི་བསྒོམ་བཟླས་ལ་འཇུག་པར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། ༀ་ཨ་མྲི་ཏེ་ཧཱུྃ་ཕཊ། ཅེས་པ་ལན་གསུམ་གྱིས་བདག་དང་གནས་དང་རྣལ་འབྱོར་བསྲུངས་ལ། རང་གི་སྙིང་ཀར་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ། དེ་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཏེ། ཕྱོགས་བཅུའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ནས། ན་མོ་གུ་རུ་བྷྱཿ ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭ་བྷྱཿ ཞེས་པས་ཕྱག་བྱས་ནས། ༀ་གུ་རུ་སརྦ་བུདྡྷ་བོ་དྷི་ས་ཏྭ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ་ནས། ཤབྡ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱའི་བར་གྱིས་མཆོད། རྡོ་རྗེ་ཐལ་མོ་སྦྱར་ཏེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུངས། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་སྒྲུབ་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་གྱིས་རྒྱུད་དག་པར་བྱས་ནས། །སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ། ༀ་ཤུ་ནྱ་ཏ་སོགས་ཀྱིས། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། རྂ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྡོ་རྗེའི་ས་གཞི་ར་བ། དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་དབུས་སུ་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་ལས་རང་ཉིད་བཅོམ་ལྡན་འདས་མ་གཟའ་ཐམས་ཅད་ཀྱི་ཡུམ་སྐུ་མདོག་སྟོན་ཟླ་ལྟར་དཀར་བ་ཞལ་གསུམ་ཕྱག་དྲུག་མ། རྩ་ཞལ་དཀར་བ། གཡས་ཞལ་གནག་པ་གཡོན་ཞལ་དམར་བ། ཞལ་རེ་རེ་སྤྱན་གསུམ་གསུམ་མངའ་བ། ཕྱག་དང་པོ་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་ཀྱི་གཉིས་པ་ན་རྡོ་རྗེ། གསུམ་པ་ན་མདའ། གཡོན་གྱི་གཉིས་པ་ན་པདྨ། གསུམ་པ་ན་གཞུ་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་སྟོད་དུ་ཧཱུྃ་སྔོན་པོ། དབུས་སུ་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་རིག་པ་ཆེན་མོ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མ་ཛཿ ཛཿཧཱུྃ་བྂ་ཧོཿ སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་ངག་ཡིད་གསུམ་ཀྱི་དྲི་མ་སྦྱངས་ཏེ་ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། ཞེས་ཡན་ལག །བཞིན་ལྷར་བསྐྱེད་ནས། བཟླས་པ་བྱ་བ་ནི། ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་གི་མཐའ་མར་སྔགས་ཀྱི་ཕྲེང་བ་གཡས་སུ་བསྐོར་བའི་འོད་ཀྱིས་རང་གིས་སྡིག་སྒྲིབ་དང་། ནད་དང་བར་དུ་གཅོད་པ་ཐམས་ཅད་སྦྱངས། འོད་ཟེར་ཕྱིར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཡེ་ཤེས་དང་བྱིན་རླབས་ཐམས་ཅད་འོད་ཀྱི་རྣམ་པས་རང་ལ་ཐིམ། གཟའ་དང་རྒྱུ་སྐར་དང་། གདོན་དང་འབྱུང་པོའི་ཚོགས་ཐམས་ཅད་ཀྱི་གདུག་པའི་སེམས་ཞི་བར་བྱས་པར་བསམས་ལ། ༀ་སརྦ་བིདྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ཅི་ནུས་སུ་བཟླའོ། །མཐར་ༀ་བྷ་ག་ཝཱ་ཏི་སརྦ་བིདྱཻ་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། པཱ་དྱཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། བཅོམ་ལྡན་འདས་མ་གཟའ་རྣམས་ཀུན། །འདུལ་ཕྱིར་རྒྱལ་བ་གཟའ་རྣམས་ཀྱི། །ཚུལ་དུ་བསྐྱེད་མཛོད་ཐུགས་རྗེ་ཅན། །ཡུམ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །དངོས་དང་ཡིད་ཀྱིས་རྣམས་སྤྲུལ་པའི། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས། །བཅོམ་ལྡན་འདས་མ་ཁྱེད་མཆོད་ཀྱིས། །བདག་ལ་གཟའ་རྣམས་དགྱེས་པར་མཛོད། །ཅེས་བསྟོད་ཅིང་གསོལ་བ་གདབ། དམ་ཡེ་ཕྱེ་བ་ནི་མ་བཤད་དོ། ༈ །མདུན་བསྐྱེད་ནི་རས་བྲིས་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྡོ་རྗེའི་ས་བཞི། ར་བ། དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་དབུས་སུ། པཾ་ལས་པདྨ་དང་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲཱུྂ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་པ་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དུ་སྔོ་སེར་དམར་ལྗང་དཀར་པའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོས་བསྐོར་བ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་དུ་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱིས་ཁ་ནས་བྱུང་བའིི་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་། དྲིལ་བུ་དང་། ཟླ་བ་རླུང་གིས་བསྐྱོད་པ་དང་། མེ་ཏོག་གི་ཕྲེང་བ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་འཕྱང་བ། དེའི་སྟེང་དུ་བྱ་འདབས་ལས་ཐུར་དུ་འཕྱང་པའི་མདའ་ཡབ་དང་། སྟེང་དུ་ལངས་པའི་རིན་པོ་ཆེའི་དྲྭ་྄མིག་སེང་མའི་པུ་ཤུས་བསྐོར་བ། རྩིག་པའི་ཕྱིར་རོལ་དུ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་གནས་པའི་མཆོད་པའི་ལྷ་མོ་བཅུ་དྲུག་གི་མཆོད་པ་བྱེད་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་གྲྭ་བཞིར་ཟླ་བ་་ཕྱེད་པ་ལ་གནས་པའི་རྡོ་རྗེས་མཚན་པ། ནང་ཀ་བརྒྱད་དང་ལྡན་པའི་སྟེང་དུ་རྡོ་རྗེས་གདུང་ཟླུམ་པོ་དང་། དེའི་སྟེང་དུ་རྩིག་པ་ཟླུམ་པོ་ཕ་གུ་དྲྭ་བ་དྲྭ་ཕྱེད་མདའ་ཡབ་པུ་ཤུ་དང་བཅས་པའི་སྟེང་དུ་རྡོ་རྗེའི་གདུང་བཞི་མིག་མང་རིས་སུ་བྲེས་པའི་དབུས་སུ་གཙང་ཁང་གྲུ་བཞི་པའི་རྣམ་པ་ཅན་ཕ་གུ་སོགས་དང་བཅས་ཤིང་སྟེང་ཐོག་ལེགས་པར་ཕུབ་པའི་རྩེ་མོར་རྡོ་རྗེ་ཕྱེད་པ་དང་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། སྒོ་བཞིའི་སྟེང་གི་ཐད་སོར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གདུགས་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་ཤིང་སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་། བ་དན་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གཞལ་ཡས་ཁང་གི་ལྷ་སྣམས་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་ཀྱང་དཀར་བའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་གཟའ་ཐམས་ཅད་ཀྱི་ཡུམ་སྐུ་མདོག་སྟོན་ཟླ་ལྟར་དཀར་བ་ཞ་གསུམ་ཕྱག་དྲུག་མ། རྩ་ཞལ་དཀར་བ། གཡས་ཞལ་གནག་པ། གཡོན་ཞལ་དམར་བ། ཞལ་རེ་རེར་སྤྱན་གསུམ་གསུམ་མངའ་བ། ཕྱག་དང་པོ་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་ཀྱི་གཉིས་པ་ན་རྡོ་རྗེ། གསུམ་པ་ན་མདའ། གཡོན་གྱི་གཉིས་པ་ན་པདྨ། །གསུམ་པ་ན་གཞུ་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ༀ་སརྦ་བིདྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཞེས་པས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་ནས། ཛཿཧཱུྃ་བཾ་ཧོཿ ས་བསྟིམ། ཚུལ་འདི་འོག་མ་ཀུན་ལ་འགྲེ་ཤེས་པར་བྱས་ལ། དེའི་མདུན་དུ་ༀ་ལས་བྱུང་བའི་གཟའ་ཉི་མ་ལུས་སིནྡྷུ་རའི་ཕུང་པོ་ལྟར་ཤིན་ཏུ་དམར་བ་ལགས་པ་གཉིས་ན་པདྨའི་སྡོང་བུ་འཛིན་པ་དང་བཅས་པས་བཅོམ་ལྡན་འདས་མ་ལ་ཐལ་མོ་སྦྱར་ཏེ་བཀའ་ནོད་པའི་ཚུལ་དུ་གནས་པ། ཞི་བའི་བཞིན་ཅན་ཤིན་ཏུ་མཛེས་པ་ལོ་སུམ་ཅུ་ལོན་པའི་ཆ་ལུགས་ཅན། རྟས་དྲངས་པའི་ཤིང་རྟའི་སྟེང་ན་གནས་པ་ཉི་མའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པ། ༀ་མེ་གྷོ་ལྐཱ་ཡ་སྭཱ་ཧཱ། ཛཿ་ཧཱུྃ་བྂ་ཧོཿ འདབ་མ་བརྒྱད་ལ། ཤར་དུ་ༀ་ལས་བྱུང་བའི་གཟའ་ཟླ་བ་གངས་རིའི་ཕུང་པོ་ལྟར་དཀར་བ། ལག་པ་གཉིས་ན་ཀུ་མུ་ཏའི་སྡོང་བུ་འཛིན་པ། ཆགས་པའི་ཉམས་ཅན་ཤིན་ཏུ་མཛེས་པ་ལོ་བཅུ་དྲུག་ལོན་པའི་ཆ་ལུགས་ཅན། དད་པས་དྲངས་པའི་ཤིང་རྟའི་སྟེང་ན་གནས་པ། ཟླ་བའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པ། ༀ་ཤི་ཏཾ་ཤ་བྷེ་སྭཱ་ཧཱ། ཛཿ་ཧཱུྃ་བྂ་ཧོ། མེའི་མཚམས་སུ་རྂ་ལས་བྱུང་བའི་མིག་དམར་རྒྱ་སྐྱེགས་ལྟར་དམར་བ་ལག་པ་གཡས་ན་གྲི་གུག །གཡོན་ན་མི་མགོ་རློན་པ་འཛིན་པ། མིག་དམར་ཞིང་མི་འཛུམ་པ། ལུས་ཐུང་བ་ལོ་ཉི་ཤུ་རྩ་གཉིས་ལོན་པའི་ཆ་བྱད་ཅན་ར་སྐྱེས་ལ་ཞོན་པ། ༀ་རཀྟ་ༀ་ག་ཀུ་མཱ་རཱ་ཡཱ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ལྷོར་བྷེ་ལས་བྱུང་བའི་གཟའ་ལྷག་པ་མརྒཏ་ལྟར་ལྗང་གུ་ལག་པ་གཉིས་ན་མདའ་གཞུ་འཛིན་པ། ཞི་བའི་བཞིན་ཅན་ཤིན་ཏུ་མཛེས་པ་ལོ་སུམ་ཅུ་རྩ་བཞི་ལོན་པའི་ཆ་བྱད་ཅན་དར་སྣ་ཚོགས་ཀྱི་ན་བཟའ་ཅན། པདྨའི་སྟེང་ན་བཞུགས་པ། ༀ་བུདྡྷཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ བདེན་བྲལ་དུ་པྲྀ་ལས་བྱུང་བའི་ཕུར་བུ་གསེར་ལྟར་སེར་བ། ལག་པ་གཉིས་ན་ཕྲེང་བ་དང་སྤྱི་བླུགས་འཛིན་པ། ཐུགས་རྗེ་ཅན་ལོ་བཅུ་དྲུག་ལོན་པའི་ཆ་བྱད་ཅན་གླང་པོ་ཆེའི་སྟེང་ན་གནས་པ། ༀ་བྲྀ་ཧ་སྤ་ཏ་ཡེ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ནུབ་ཏུ་ༀ་ལས་པ་ཝ་སངས་ཤེལ་ལྟར་དཀར་བ་ལག་པ་གཉིས་ན་ཕྲེང་བ་དང་སྤྱི་བླུགས་འཛིན་པ། ཤ་རྒྱས་པ་བཞད་ཅིང་འཛུམ་པའི་བཞིན་ཅན་ལོ་ལྔ་བཅུ་རྩ་ལྔ་ལོན་པའི་ཆ་བྱད་ཅན་པདྨའི་སྟེང་ན་བཞུགས་པ། ༀ་ཨ་སུ་རོཏྟ་མཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ རླུང་དུ་ཤཾ་ལས་བྱུང་བའི་སྤེན་པ་མིག་སྨན་ལྟར་གནག་པ། ལག་པ་གཉིས་ན་ཕྲེང་བ་དང་དབྱུ་གུ་འཛིན་པ། སྐྲ་ཟེང་པ་རྐང་པ་འཐེང་ཞིང་འཇིགས་པ། ཁྱིའི་པགས་པའི་སྨད་གཡོགས་ཅན། ལོ་ལྔ་བཅུ་ལོན་པའི་ཆ་ལུགས་འཛིན་པ་སྦྲུལ་ལ་ཞོན་པ་ༀ་ཀྲྀཥྞ་ཝེ་རྞ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ བྱང་དུ་རཾ་ལས་བྱུང་བའི་སྒྲ་གཅན་དམར་ནག་ལྟེ་བ་མན་ཆད་གནག་པ། ལག་པ་གཉིས་ན་ཉི་ཟླ་འཛིན་པ། སྤྲིན་ཁ་དོག་ལྔའི་སྟེང་ན་གནས་པ། ༀ་ཨ་མྲྀ་ཏ་བྲི་ཡ་ཡཱ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ དབང་ལྡན་དུ་ཀྂ་ལས་བྱུང་བའི་མཇུག་རིང་དུད་སྤྲིན་གྱི་མདོག་ཅན་ལག་ན་སྦྲུལ་ཞགས་དང་རལ་གྲི་འཛིན་པ། རིད་ཅིང་འཇིགས་པ་སྐྲ་སྟེང་དུ་བརྫེས་པ། བྲག་གི་སྟེང་ན་བཞུགས་པ། ༀ་ཛྱོ་ཏི་ཀེ་ཏེ་བེ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ སྒོ་བཞིར་པདྨ་དང་ཟླ་བའི་གདན་རེ་རེའི་སྟེང་དུ་ཤར་སྒོར་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་སྐུ་མདོག་སེར་པོ་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། སྤྲུལ་སྐུ་རབ་ཏུ་བྱུང་པའི་ཆ་ལུགས་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ༀ་བུདྡྷ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ལྷོ་སྒོར་ཕྱག་ན་རྡོ་རྗེ་སྔོན་པོ་གཡས་རྡོ་རྗེ་ཐུགས་ཀར་དང་། གཡོན་དྲིལ་བུ་དཀུར་བརྟེན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ༀ་བཛྲ་དྷཱ་ར་ཡེ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ནུབ་སྒོར་འཇིག་རྟེན་དབང་ཕྱུག་དཀར་པོ་གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ༀ་པདྨ་དྷཱ་ར་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ བྱང་སྒོར་འཇམ་པའི་དབྱངས་གུར་གུམ་གྱི་མདོག་ཅན་རལ་གྲི་དང་པུ་སྟི་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ༀ་ཀུ་མ་རཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཕྱོགས་བཞིར་རིན་པོ་ཆེའི་ཁྲི་རེ་རེའི་སྟེང་དུ་ཤར་དུ་ཡུལ་འཁོར་སྲུང་ལྗང་གུ་པི་ཝཾ་འཛིན་པ། ལྷའི་གོས་དང་གོ་ཆས་བརྗིད་པ། ༀ་ཌྷཱྀཥྚ་རཱཥྚ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ལྷའི་གོས་དང་གོ་ཆས་བརྗིད་པ། ༀ་བི་རུ་ཊ་ཀཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ནུབ་ཏུ་མིག་མི་བཟང་དམར་པོ་སྦྲུལ་ཞགས་འཛིན་པ། ལྷའི་གོས་དང་གོ་ཆས་བརྗིད་པ། ༀ་བི་རཱུ་པ་ཀྵ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ བྱང་དུ་རྣམ་ཐོས་སྲས་སེར་པོ་རིན་པོ་ཆེས་མཚན་པའི་བེ་ཅོན་དང་ནེའུ་ལེ་འཛིན་པ། ལྷའི་གོས་དང་གོ་ཆས་བརྗིད་པ། ༀ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ བྱང་ཤར་དུ་གཟའ་རྣམས་རང་རང་གི་ཆ་ལུགས་ཀྱིས་འཁོད་པར་གྱུར། ༀ་སརྦ་ཀྲ་ཧཱ་ཎཱཾ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ཤར་ལྷོར་ཁྱིམ་བཅུ་གཉིས་དང་རྒྱུ་སྐར་རྣམས་འཁོར་བར་གྱུར། ༀ་སརྦ་དྭི་ད་ཤ་ར་ཤི་ནཱཾ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ༀ་སརྦ་ནཀྵ་ཏྲ་ནི་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ལྷོ་ནུབ་ཏུ་གནོན་པའི་ཚོགས་རྣམས་འཁོད་པར་གྱུར། ༀ་སརྦ་ཨུ་པ་ཏྲ་བེ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ནུབ་བྱང་དུ་ཡང་རྗེ་བཙུན་མ་རིག་པ་ཆེན་མོ་ཉིད་བཞུགས་པར་གྱུར། ༀ་སརྦ་བིདྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ཞེས་རེ་རེ་ནས་བསྐྱེད་བསྟིམ་བྱ། འཇམ་མགོན་ས་པཎ་གྱི་མཆོད་ཆོག་ཏུ་རྗེ་བཙུན་མ་ནུབ་བྱང་དང་དབུས་གང་རུང་དུ་བསྐྱེད་པ་ལྟ་བུ་ལས་གནས་གཉིས་ཀར་བསྐྱེད་པ་མི་གསལ་ཡང་། ལྷན་ཐབས་སུ་འདི་བཞིན་ཡོད་པ་དགོས་པ་ཆེ་བ་ཞིག་ཡོད་སྲིད་སྙམ་ནས་བཀོད་པ་ཡིན་ལ། བྱང་ཤར་གྱི་གཟའ་རྣམས་ནི་ཉི་མ་སོགས་གཟའ་ཆེན་རང་རྒྱུད་པ་བརྒྱད་དང་། གཟའ་བྲན་གྱི་རིགས་རྣམས་ཡིན་པར་ངེས་ཏེ། དབུས་ཀྱི་གཟའ་ཆེན་རྣམས་སྡུས་པ་ཡིན་པར་གཙོ་མོའི་བསྟོད་པའི་ཚིག་གིས་ནུས་པས་ཤེས། དེས་ན་གདུལ་བྱ་འདུལ་བྱེད་ཀྱི་གོ་བས་ཆ་ལུགས་ཀྱང་དབུས་རྣམས་དང་མཐུན་པར་བསམ་པས་ཆོག །ཁྱིམ་བཅུ་གཉིས་ནི་ལུག་གླང་སོགས་རང་རང་གི་གཟུགས་བརྙན་ཅན་དུ་བསམ། རྒྱུ་སྐར་ཉེར་བརྒྱད་ཀྱི་མངོན་རྟོགས་གཞན་ནས་འབྱུང་བ་ལྟར་ཡིན་ཀྱང་། སྐབས་འདིར་ཁ་དོག་སྣ་ཚོགས་པ། ལྷ་མོའི་རྒྱན་དང་གོས་ཅན། ཐལ་མོ་སྦྱར་བ་སྟན་ནང་ཚང་ཅན་ལ་འཁོད་པར་མོས་པས་འཐུས། གནོད་པ་རྣམས་ནི་ལྷའི་གདོན་སོགས་གདུགས་དཀར་ནས་བཤད་པ་རྣམས་ཡིན་པས་ཆ་ལུགས་མ་ངེས་པར་བསམ་པས་ཆོག་གོ། །དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲོས། སོ་སོ་ལ་ཐིམ་པར་གྱུར། ཛཿཧཱུྃ་བྂ་ཧོཿ ཞེས་བརྗོད། རྒྱས་པར་སྤྲོ་ན་གོང་ལྟར་སོ་སོའི་སྔགས་ཀྱིས་བསྟིམ། དེ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ནས་ནམ་མཁའི་སྟ་གོན་གྱི་ལྷ་ལ་མཚན་སྔགས་རེ་རེ་ནས་སྦྱར་བའི་ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད་ལ། ཛཿཧཱུྃ་བྂ་ཧོཿ མདུན་བསྐྱེད་ལ་བསྟིམ། ཆོ་ག་ཞག་སྦྲེལ་བྱེད་ན་དངོས་གཞི་གཉིས་པ་མན་ཆད་ལ་འདི་མི་དགོས་སོ། །གང་ལྟར་ཡང་། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་གཟའ་ཡུམ་གྱི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། ༀ་བཛྲ་པ་ལ་ཛཿཛཿཧཱུྃ་བྂ་ཧོཿ སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མ་ཡ་ཛཿདེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་མོ་ལ་རྣམ་པར་སྣང་མཛད། འཁོར་རྣམས་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་བསམ། གནས་གསུམ་བྱིན་རླབས་མན་ཆད་མཆོག་ཏུ་མི་འབྱུང་མོད་ལྷན་ཐབས་སུ་ཡོད་པས་བཀོད་པའོ། །མཆོད་པ་བྱིན་རླབས་གོང་ལྟར་ལ་དྷརྨ་ར་ཎི་མི་དགོས། ཐལ་མོ་སྦྱར་ཏེ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་ཡུམ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། ༀ་བྷ་ག་ཝ་ཏི་སརྦ་བི་དྱཻ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་་པུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་སྨ་ཡེ་ཧཱུྃ། །ཞབས་བསིལ་དང་། པདྱཾ། མེ་ཏོག་དང་། པུཥྤེ། བདུག་སྤོས། དྷཱུཔཾ། མར་མེ། དི་པཾ། དྲི་མཆོག །གནྡྷཾ། ཞལ་ཟས། ནཻ་ཝ་དྱཾ། རོལ་མོ། ཤབྡ་བཅས་འདོན་པ་བསྒྱུར་ལ་དབུལ། དེ་བཞིན་དུ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། ཅོད་པན་ཇི་སྙེད་སོགས་དང་། ༀ་བྷ་ག་ཝ་ཏཱི་སརྦ་བི་དྱཻ་ས་པ་རི་ཝཱ་ར་པ་ཊ་མུ་ཀུ་ཊ་པུ་ཛ་མེ་གྷ་སོགས་ཀྱིས་སོ་སོའི་སྐུ་མདོག་དང་མཐུན་པའི་དར་གྱི་ཅོད་པན་རེ་རེ་དང་། བ་དན་ཇི་སྙེད། པ་ཏཾ་ཀ །གོས་བཟང་ཇི་སྙེད། ཝསྟྲ་ཞེས་པ་དག་ཀྱང་བསྒྱུར་ལ་སོ་སོའི་སྐུ་མདོག་དང་མཐུན་པ་རེ་ཕུལ་བར་བསམ་མོ། །བསྟོད་པ་ནི། རྡོ་རྗེ་དྲིལ་བུ་འཛིན་པས། །བཅོམ་ལྡན་འདས་མ་གཟའ་རྣམས་ཀུན། །གདུལ་ཕྱིར་རྒྱལ་བ་གཟའ་རྣམས་ཀྱི། །ཚུལ་དུ་བསྐྱེད་མཛད་ཐུགས་རྗེ་ཅན། །ཡུམ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཡང་དག་སངས་རྒྱས་བསྟན་པ་ལ། །མ་ལུས་གཟའ་རྣམས་ལེགས་འགོད་ཕྱིར། །དེ་དག་ཐུགས་ཀྱི་སྲས་སུ་ནི། །བསྒྲུབ་མཛོད་ཁྱོད་ལ་ཕྱག་འཚལ་ལོ། །སྤྲོས་མེད་ནམ་མཁའི་རང་བཞིན་དུ། །པད་ཉི་སྲུང་བའི་འཁོར་ལོའི་དབུས། །རིན་ཆེན་ལས་གྲུབ་བདེ་གཤེགས་གནས། །གཞལ་མེད་ཁང་ལ་ཕྱག་འཚལ་ལོ། །དེ་དབུས་སྣ་ཚོགས་པདྨ་ཡི། །ལྟེ་བར་ཟླ་བའི་སྟེང་དུ་ཧཱུྃ། ཡོངས་སུ་གྱུར་ལས་འཁྲུངས་པའི་སྐུ། །ཡུམ་ཆེན་ཁྱེད་ལ༴ སྟོན་ཟླའི་མདོག་ཅན་ཞལ་གསུམ་པ། །གཡས་ཞལ་གནག་ཅིང་གཡོན་ཞལ་དམར། །སྤྱན་གསུམ་ཅུང་ཟད་འཛུམ་པ་ཅན། །ཡུམ་ཆེན༴ ཕྱག་དྲུག་དང་པོ་གཉིས་ཀྱིས་ནི། །ཆོས་འཆད་གཡས་ན་རྡོ་རྗེ་མདའ། །གཡོན་ན་པདྨ་གཞུ་འཛིན་པའི། །ཡུམ་ཆེན་ཁྱོད༴ དབུ་སྐྲ་ཐོར་ཚུགས་ལྷག་མ་གྲོལ། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་མཛད། །འདོམ་གང་འོད་ཀྱི་རབ་མཛེས་མ། །ཡུམ་ཆེན༴ མཚན་དང་དཔེ་བྱད་ནོར་བུའི་བརྒྱན། །སྣ་ཚོགས་དར་གྱི་ལྷབ་ལྷུབ་ཅན། །རྣམ་སྣང་མཛད་ཀྱི་དབུ་བརྒྱན་པ། །ཡུམ་ཆེན༴ དངོས་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས། །བཅོམ་ལྡན་གཟའ་ཡུམ་ཁྱོད་མཆོད་ཀྱིས། །བདག་ལ་གཟའ་རྣམས་དགྱེས་པར་མཛོད། །ཅེས་གཙོ་མོའི་བསྟོད་པ་འདི་ས་པཎ་གྱིས་མཛད་ཅེས་ལྷན་ཐབས་ལས་བྱུང་ངོ་། །འཁོར་རྣམས་ལ། ལི་ཁྲིའི་མདོག་མཚུངས་རབ་མཛེས་ཤིང་། །ཤིང་རྟའི་སྟེང་ན་ཉི་དཀྱིལ་བཞུགས། །པདྨ་དམར་པོའི་སྡོང་བུ་འཛིན། །གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ། །ཀུནྡ་ལྟར་དཀར་ཟླ་བ་ནི། །བསིལ་ཟེར་བྱེད་པའི་དབུས་ན་བཞུགས། །ཀུ་མུ་ཏ་ཡི་སྡོང་བུ་འཛིན། །ཞི་མཛད་དེ་ལ་ཕྱག་འཚལ་ལོ། །མིག་དམར་པདྨ་རཱ་གའི་མདོག །ར་སྐྱེས་ཞོན་ཞིང་ཁྲོ་ཚུལ་ཅན། །གྲི་གུག་དང་ནི་མི་མགོ་འཛིན། །མཐུ་ཆེན་དེ་ལ༴ གཟའ་ལྷག་མ་རྒད་ལྟར་ལྗང་ཞིང་། །པདྨ་ལ་གནས་ཞི་བའི་སྐུ། །མཛེས་ཤིང་རབ་སྒེག་མདའ་གཞུ་འཛིན། །བདེ་མཛད་དེ་ལ༴ དྲང་སྲོང་ཕུར་བུ་གསེར་མདོག་ཅན། །གླང་ཆེན་སྟེང་ན་རོལ་པས་བཞུགས། །བགྲང་ཕྲེང་རིལ་བ་སྤྱི་བླུགས་འཛིན། །ཐུགས་རྗེ་ཅན་ལ༴ པ་སངས་གངས་རིའི་མདོག་མཚུངས་པ། །པདྨ་ལ་གནས་བཞད་པའི་ཞལ། །ཤེལ་ཕྲེང་དང་ནི་རིལ་པ་འཛིན། །ཕན་མཛད་དེ་ལ༴ སྤེན་པ་མིག་སྨན་ལྟར་གནག་ཅིང་། །ལྟོ་འཕྱེ་ལ་ཞོན་འཇིགས་པའི་གཟུགས། །ཕྲེང་བ་དང་ནི་ད བྱུ་གུ་འཛིན། །མཐུ་ཆེན་དེ་ལ༴ ལྷ་མིན་དབང་པོ་སྒྲ་གཅན་ནི། །སྐུ་མདོག་དམར་ནག་འཇིགས་ཆེན་པོ། །ཕྱག་གཉིས་ཉི་མ་ཟླ་བ་འཛིན། །སྟོབས་ཆེན་དེ་ལ༴ ཏོག་ནི་བྲག་རིའི་སྟེང་ན་བཞུགས། །ཁ་དོག་སྐྱ་སངས་དྲག་པོའི་གཟུགས། །རལ་གྲི་དང་ནི་སྦྲུལ་ཞགས་འཛིན། །གཏུམ་ཆེན་དེ་ལ༴ མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་པོ། །གདུལ་དཀའ་མ་ལུས་འདུལ་མཛད་པའི། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། སྤྱན་རས་གཟིགས་ལ༴ གཞོན་ནུ་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེ་རབ་ཏུ་གསལ། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག༴ །རྒྱལ་བའི་སྟན་པ་ལེགས་སྲུང་བའི། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །མིག་མི་བཟང་དང་རྣམ་ཐོས་སྲས། །འཁོར་དང་བཅས་ལ༴ སྔོན་གྱི་ལེགས་སྤྱད་ལས་གྲུབ་ཅིང་། །མཐུ་དང་རྫུ་འཕྲུལ་མཐའ་ཡས་པ། །རང་རང་ཕྱོགས་དང་དུས་སྐྱོང་བའི། །རྒྱུ་སྐར་རྣམས་ལ་ཕྱག་འཚལ་ལོ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡི་རྣམ་ཀུན་ཏུ། །མཆོག་ཏུ་དད་པ་བསྟོད་པར་བགྱི། །སོགས་ཀྱིས་བསྟོད། འཁོར་གྱི་བསྟོད་པ་ཕལ་ཆེར་གྲྭ་ལྔའི་དཀྱིལ་ཆོག་ལས་བཏུས་པའོ། །དེ་ནས་མདུན་སྐྱེད་ལ་དམིགས་ཏེ་ལྷ་སོ་སོའི་སྔགས་བཟླ་བ་ནི། ༀ་སརྦ་བ་དྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གཙོ་མོའི། ༀ་མེ་གྷོལྐཱ་ཡ་སྭཱ་ཧཱ། གཟའ་ཉི་མའོ། །ༀ་ཤི་ཏཱཾ་ཤ་བྷེ་སྭཱ་ཧཱ། གཟའ་ཟླ་བའོ། །ༀ་རཀྟ་ༀ་ག་ཀུ་མཱ་རཱ་ཡ་སྭཱ་ཧཱ། མིག་དམར་པོ། ༀ་བུདྡྷཱ་ཡ་སྭཱ་ཧཱ། ལྷག་པའོ། །ༀ་པྲི་ཧ་སྤ་ཏ་ཡ་སྭཱ་ཧཱ། ཕུར་བུའོ། །ༀ་ཨ་སུ་རོཏྟ་མཱ་ཡ་སྭཱ་ཧཱ། པ་ཝ་སངས་རོ། །ༀ་ཀྲིཥྞ་ཝརྞ་ཡ་སྭཱ་ཧཱ། སྤེན་པའོ། །ༀ་ཨམྲྀ་ཏ་པྲི་ཡཱ་ཡ་སྭཱ་ཧཱ། སྒྲ་གཅན་ནོ། །ༀ་ཛྱོ་ཏི་ཀེ་ཏ་བེ་སྭཱ་ཧཱ། མཇུག་རིང་ངོ་། ། ༈ ༀ་བུདྡྷཱ་ཡ་ཏ་སྭཱ་ཧཱ། རྗེ་བཙུན་སངས་རྒྱས་སོ། །ༀ་བཛྲ་དྷཱ་ར་ཡེ་སྭཱ་ཧཱ། ཕྱག་ན་རྡོ་རྗེའོ། །ༀ་པདྨ་དྷཱ་ར་ཡ་སྭཱ་ཧཱ། འཇིག་རྟེན་དབང་ཕྱུག་གོ །ༀ་ཀུ་མ་རཱ་ཡ་སྭཱ་ཧཱ། འཇམ་དབྱངས་སོ། ༈ །ༀ་ཌྷིཥྟ་རཱཥྚ་ཡ་སྭཱ་ཧཱ། ཡུལ་འཁོར་སྲུང་ངོ་། །ༀ་བི་རུ་ཊ་ཀཱ་ཡ་སྭཱ་ཧཱ། འཕགས་སྐྱེས་པོའོ། །ༀ་བི་རུ་པཀྵ་ཡ་སྭཱ་ཧཱ། མིག་བཟང་ངོ་། །ༀ་ཀུ་བེ་རཱ་སྭཱ་ཧཱ། རྣམ་ཐོས་སྲས་སོ། །ༀ་སརྦ་གྲ་ཧཱ་ཎཱཾ་སྭཱ་ཧཱ། གཡས་རྣམས་སོ། །ༀ་སརྦ་དཱི་ད་ཐ་ར་ཤི་སྭཱ་ཧཱ། ཁྱིམ་བཅུ་གཉིས་སོ། ༀ་སརྦ་ནཀྵ་རཱ་སྭཱ་ཧཱ། རྒྱུ་སྐར་ཉེར་བརྒྱད་དོ། །ༀ་སརྦ་ཨུ་པ་ཏྲ་བེ་སྭཱ་ཧཱ། གནོད་པའི་གདོན་ཚོགས་རྣམས་སོ། ༀ་སརྦ་བི་དྱཻ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་སླར་ཡང་གཙོ་མོའི་རྩ་སྔགས་གཙོར་གྱི་འགྲོས་ལྟར་ཅི་ནུས་སུ་བཟླས་པའི་མཐར། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད། སྐབས་འདིར་གཟའ་ཡུམ་གྱི་གཟུངས་མདོའམ་ཤེས་རབ་སྙིང་པོ་འདོན། ༈ འདས་གཏོར་ཆབ་ཀྱི་བྲན་ལ། བསངས་སྦྱངས། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་འདེབས་པའི་ཚུལ་དང་བཅས། ༀ་ཨ་ཀ་རོ་སོགས་ལན་གསུམ་གྱིས་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ༀ་སརྦ་བི་དྱཻ་སརྦ་བུདྡྷ་བོ་དྷི། སརྦ་གྲ་ཧ། ནཀྵ་ཏྲ། སརྦ་བྷུ་ཏེ་བྷྱཿ ཨི་དཾ་བ་ལིཾ་གྲྀང྄ཎ྅྅྅་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་ལན་གསུམ་གྱིས་གཙོ་འཁོར་ཐམས་ཅད་ལ་དབུལ། ༀ་བྷ་ག་ཝ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ་ནས། ཤབྡ་པྲ་ཏིཙྪ་སྭཱ་ཧཱའི་བར་གྱིས་མཆོད། བཅོམ་ལྡན་འདས་མ་གཟའ་རྣམས་ཀུན། །འདུལ་ཕྱིར་རྒྱལ་བ་གཟའ་རྣམས་ཀྱི། །ཚུལ་དུ་བསྐྱེད་མཛད་ཐུགས་རྗེ་ཅན། །ཡུམ་ཆེན་ཁྱེད་ལ་ཕྱག་འཚལ་ལོ། །བསྟོད་པར་འོས་པ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་མ་འཁོར་དང་བཅས་པས་བདག་དང་སེམས་ཅན་ཐམས་ཅད་གཟའ་དང་རྒྱུ་སྐར་དང་། གདོན་དང་འབྱུང་པོའི་གནོད་པ་ཐམས་ཅད་ལས་སྲུང་བ་དང་ཞི་བར་མཛད་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ། ༈ ཁང་པའི་ཕྱིར་རོལ་ལམ་དཀྱིལ་འཁོར་དང་ཡོལ་བས་ཆོད་པའི་སར་སྟེགས་ཀྱི་ཁར་གཏོར་མ་ཆ་གསུམ་ཞལ་ཟས་མ་གཏོགས་པའི་ཆུ་གཉིས་ཉེར་སྤྱོད་བཅས་བཤམས་ལ། འདས་གཏོར་ལྟར་བྱིན་གྱིས་རླབས་ཏེ་ཕྱོགས་སྐྱོང་། འབྱུང་པོ། བགེགས་རྣམས་ལ་སྤྱི་ལྟར་བསྔོས་ནས་གཏོར་མ་རྣམས་གཙང་སར་དོར་རོ། །སྒོ་དྲུང་དུ་ཉེ་རེག་ཕྲེང་བ་བཞིན་བྱ་བའམ་མ་གྲུབ་ན་ཆུས་ཁ་བཤལ་ཙམ་བྱས་ལ་ནང་དུ་ལོག །དྲིལ་བུ་སིལ་ཞིང་ཡིག་བརྒྱ་བཟླ་བ་དང་བཅས་པས་དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱས་པའི་མཐར། ཤར་སྒོ་ནས། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་རྩལ་པ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཞེས་བཟོད་པ་གསོལ་ཏེ་ཕྱག་བྱའོ། ༈ །དབང་བསྐུར་ཞག་སྦྲེལ་དགོས་ན་དངོས་གཞི་གཉིས་པ་མན་ཆད་ལ་སྐབས་འདིར་བུམ་པ་སྒྲུབ་པ་ནི། བསང་སྦྱངས། སྟོང་པའི་ངང་ལས་པྂ་ལས་པདྨ་དང་། ཨ་ལས་ཟླ་བའི་གདན་གཉིས་ཀྱི་སྟེང་དུ་བྷྲུྂ་ལས་རིན་པོ་ཆེའི་བུམ་པ་གཉིས་ཡངས་ཤིང་རྒྱ་ཆེ་བ་ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་བ་བཅིངས་བ། །དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། །ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པར་སྣ་ཚོགས་པདྨ་འདབས་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་གཟའ་ཐམས་ཅད་ཀྱི་ཡུམ་སྐུ་མདོག་སྟོན་ཟླ་ལྟར་དཀར་བ་ཞལ་གསུམ་ཕྱག་དྲུག་མ། རྩ་ཞལ་དཀར་བ། གཡས་ཞལ་གནག་པ། གཡོན་ཞལ་དམར་བ། ཞལ་རེ་རེ་སྤྱན་གསུམ་གསུམ་མངའ་བ། ཕྱག་དང་པོ་གཉིས་ཀྱིས་ཆོས་འཆད་ཀྱིས་ཕྱག་རྒྱ་མཛད་པ། གཡས་ཀྱི་གཉིས་པ་ན་རྡོ་རྗེ། གསུམ་པ་ན་མདའ། གཡོན་གྱི་གཉིས་པ་ན་པདྨ། གསུམ་པ་ན་གཞུ་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ༀ་སརྦ་བིདྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་ནས། ཛཿཧཱུྃ་བྂ་ཧོཿས་བསྟིམ། ཚུལ་འདི་འོག་མ་ཀུན་ལ་འགྲེ་ཤེས་བར་བྱས་ལ། དེའི་མདུན་དུ་ༀ་ལས་བྱུང་བའི་གཟའ་ཉི་མ་ལུས་སིནྡྷུ་རའི་ཕུང་པོ་ལྟར་ཤིན་ཏུ་དམར་བ་ལག་པ་གཉིས་ན་པདྨའི་སྡོང་བུ་འཛིན་པ་དང་བཅས་པས་བཅོམ་ལྡན་འདས་མ་ལ་ཐལ་མོ་སྦྱར་ཏེ་བཀའ་ནོད་པའི་ཚུལ་དུ་གནས་པ། ཞི་བའི་བཞིན་ཅན་ཤིན་ཏུ་མཛེས་པ་ལོ་སུམ་ཅུ་ལོན་པའི་ཆ་ལུགས་ཅན། རྟས་དྲངས་པའི་ཤིང་རྟའི་སྟེང་ན་གནས་པ་ཉི་མའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པ། ༀ་མེ་གྷོ་ལྐཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ འདབ་མ་བརྒྱད་ལ་ཤར་དུ་ༀ་ལས་བྱུང་བའི་གཟའ་ཟླ་བ་གངས་རིའི་ཕུང་པོ་ལྟར་དཀར་བ། ལག་པ་གཉིས་ན་ཀུ་མུ་ཏའི་སྡོང་བུ་འཛིན་པ། ཆགས་པའི་ཉམས་ཅན་ཤིན་ཏུ་མཛེས་པ་ལོ་བཅུ་དྲུག་ལོན་པའི་ཆ་ལུགས་ཅན། ངང་པས་དྲངས་པའི་ཤིང་རྟའི་སྟེང་ན་གནས་པ། ཟླ་བའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པ། ༀ་ཤི་ཏཱཾ་ཤ་བྷེ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ མེའི་མཚམས་སུ་རཾ་ལས་བྱུང་བའི་མིག་དམར་རྒྱ་སྐྱེགས་ལྟར་དམར་བ་ལག་པ་གཡས་ན་གྲི་གུག །གཡོན་ན་མི་མགོ་རློན་པ་འཛིན་པ། མིག་དམར་ཞིང་མི་འཛུམ་པ། ལུས་ཐུང་བ་ལོ་ཉི་ཤུ་རྩ་གཉིས་ལོན་པའི་ཆ་བྱད་ཅན་ར་སྐྱེས་ལ་ཞོན་པ། ༀ་རཀྟ་ཨཾ་ག་ཀུ་མཱ་རཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ལྷོར་བྷེ་ལས་བྱུང་བའི་གཟའ་ལྷག་པ་མ་རྒད་ལྟར་ལྗང་གུ་ལག་པ་གཉིས་ན་མདའ་གཞུ་འཛིན་པ། ཞི་བའི་བཞིན་ཅན་ཤིན་ཏུ་མཛེས་པ་ལོ་སུམ་ཅུ་རྩ་བཞི་ལོན་པའི་ཆ་བྱད་ཅན་དར་སྣ་ཚོགས་ཀྱི་ན་བཟའ་ཅན། པདྨའི་སྟེང་ན་བཞུགས་པ། ༀ་བུདྡྷ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ བདེན་བྲལ་དུ་བྲི་ལས་བྱུང་བའི་ཕུར་བུ་གསེར་ལྟར་སེར་བ། ལག་པ་གཉིས་ན་ཕྲེང་བ་དང་སྤྱི་བླུགས་འཛིན་པ། ཐུགས་རྗེ་ཅན་ལོ་བཅུ་དྲུག་ལོན་པའི་ཆ་བྱད་ཅན་གླང་པོ་ཆེའི་སྟེང་ན་གནས་པ། ༀ་བྲི་ཧ་སྤ་ཏ་ཡེ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ནུབ་ཏུ་ༀ་ལས་པ་ཝ་སངས་ཤེལ་ལྟར་དཀར་བ་ལག་པ་གཉིས་ན་ཕྲེང་བ་དང་། སྤྱི་བླུགས་འཛིན་པ། ཤ་རྒྱས་པ་བཞད་ཅིང་འཛུམ་པའི་བཞིན་ཅན་ལོ་ལྔ་བཅུ་རྩ་ལྔ་ལོན་པའི་ཆ་བྱད་ཅན་པདྨའི་སྟེང་ན་བཞུགས་པ། ༀ་ཨ་སུ་རོཏྟ་མཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ རླུང་དུ་ཤཾ་ལས་བྱུང་བའི་སྤེན་པ་མིག་སྨན་ལྟར་གནག་པ། ལག་པ་གཉིས་ན་ཕྲེང་བ་དང་དབྱུ་གུ་འཛིན་པ། སྐུ་ཟད་པ་རྐང་པ་འཐེང་ཞིང་འཇིགས་པ། ཁྱིའི་པགས་པའི་སྨད་གཡོགས་ཅན། ལོ་ལྔ་བཅུ་ལོན་པའི་ཆ་ལུགས་འཛིན་པ་སྦྲུལ་ལ་ཞོན་པ། ༀ་ཀྲིཥྞ་ཝརྞ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ བྱང་དུ་རྂ་ལས་བྱུང་བའི་སྒྲ་གཅན་དམར་ནག་ལྟེ་བ་མན་ཆད་གནག་པ། ལག་པ་གཉིས་ན་ཉི་ཟླ་འཛིན་པ། སྤྲིན་ཁ་དོག་ལྔའི་སྟེང་ན་གནས་པ། ༀ་ཨ་མྲྀ་ཏ་པྲི་ཡཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ དབང་ལྡན་ཀྂ་ལས་བྱུང་བའི་མཇུག་རིང་དུད་སྤྲིན་གྱི་མདོག་ཅན་ལག་སྦྲུལ་ཞགས་དང་རལ་གྲི་འཛིན་པ། རིད་ཅིང་འཇིགས་པ་སྐྲ་སྟེང་དུ་བརྫེས་པ། བྲག་གི་སྟེང་ན་བཞུགས་པ། ༀ་ཛྱོ་ཏི་ཀེ་ཏ་བེ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ཕྱོགས་བཞིར་པདྨ་དང་ཟླ་བའི་གདན་རེ་རེའི་སྟེང་དུ་ཤར་དུ་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་སྐུ་མདོག་སེར་པོ་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། སྤྲུལ་སྐུ་རབ་ཏུ་བྱུང་བའི་ཆ་ལུགས་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ༀ་བུདྡྷཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ལྷོར་ཕྱག་ན་རྡོ་རྗེ་སྔོན་པོ་གཡས་རྡོ་རྗེ་ཐུགས་ཀར་དང་། གཡོན་དྲིལ་བུ་དཀུར་བརྟེན་པ་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ༀ་བཛྲ་དྷཱ་ར་ཡེ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ནུབ་ཏུ་འཇིག་རྟེན་དབང་ཕྱུག་དཀར་པོ་གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ༀ་པདྨ་དྷཱ་ར་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོོཾཿ བྱང་དུ་འཇམ་པའི་དབྱངས་གུར་གུམ་གྱི་མདོག་ཅན་རལ་གྲི་དང་པུ་སྟི་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ༀ་ཀུ་མ་རཱ་ཡེ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ དེ་དག་གི་ཕྱི་རོལ་གྱི་ཕྱོགས་བཞིར་རིན་པོ་ཆེའི་ཁྲི་རེ་རེའི་སྟེང་དུ་ཤར་དུ་ཡུལ་འཁོར་སྲུང་ལྗང་གུ་པི་ཝཾ་འཛིན་པ། ལྷའི་གོས་དང་གོ་ཆས་བརྗིད་པ། ༀ་ཌྷཱིཥྚ་རཱཥྚ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ལྷའི་གོས་དང་གོ་ཆས་བརྗིད་པ། ༀ་བི་རུ་ཊ་ཀཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ནུབ་ཏུ་མིག་མི་བཟང་དམར་པོ་སྦྲུལ་ཞགས་འཛིན་པ། ལྷའི་གོས་དང་གོ་ཆས་བརྗིད་པ། ༀ་བི་རུ་པཀྵ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ བྱང་དུ་རྣམ་ཐོས་སྲས་སེར་པོ་ཆེས་མཚན་པའི་བེ་ཅོན་དང་ནེའུ་ལེ་འཛིན་པ། ལྷའི་གོས་དང་གོ་ཆས་བརྗིད་པ། ༀ་ཀུ་བེ་ར་ཡེ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ བྱང་ཤར་དུ་གཟའ་རྣམས་རང་རང་གི་ཆ་ལུགས་ཀྱིས་འཁོད་པར་གྱུར། ༀ་སརྦ་གྲ་ཧ་ཎཱཾ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ཤར་ལྷོར་ཁྱིམ་བཅུ་གཉིས་དང་རྒྱུ་སྐར་རྣམས་འཁོད་པར་གྱུར། ༀ་སརྦ་དྭི་ད་ཤ་ར་ཤི་ནཱཾ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ༀ་སརྦ་ནཀྵ་ཏྲཱ་ནི་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ལྷོ་ནུབ་ཏུ་གནོད་པའི་ཚོགས་རྣམས་འཁོད་པར་གྱུར། ༀ་སརྦ་ཨུ་པ་ཏྲ་བེ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ནུབ་བྱང་དུ་ཡང་རྗེ་བཙུན་མ་རིག་པ་ཆེན་མོ་ཉིད་བཞུགས་པར་གྱུར། ༀ་སརྦ་བི་དྱཻ་ཧཱུྃ་ཧཱུྃ་ཕཊ ཕཊ སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ཞེས་རེ་རེ་ནས་བསྐྱེད་བསྟིམ་བྱ། དེ་ནས། རང་གི་སྙིང་གའི་ཧཱུྃ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲོས་སོ་སོ་ལ་ཐིམ་པར་གྱུར། ཛཿཧཱུྃ་བྂ་ཧོཿ ལས་བུམ་དུ་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ་ག ཡས་སྣ་ཚོགས་རྡོ་རྗེ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཅུང་ཟད་ཁྲོས་པའི་ཉམས་ཅན། དར་གྱི་ཤམ་ཐབ་དང་། རིན་པོ་ཆེས་སྤྲས་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་གཟའ་ཡུམ་གྱིས་ལྷ་ཚོགས་བདུད་རྩི་འཁྱིལ་པ་དང་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ༀ་བཛྲ་ས་མ་ཛཿ ཛཿཧཱུྃ་བྂ་ཧོཿ སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ། ༀ་བཛྲ་ས་མ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོར་ནས་དབང་བསྐུར་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་མོ་ལ་རྣམ་པར་སྣང་མཛད། འཁོར་རྣམས་ལ་རྡོ་རྗེ་སེམས་ད པའ། བདུད་རྩི་འཁྱིལ་པ་ལ་དོན་ཡོད་གྲུབ་པས་དབུར་བརྒྱན། ཞེས་བརྗོད། ༀ་བྷ་ག་ཝ་ཏི་སརྦ་བི་དྱཻ་ས་པ་རི་ཝཱ་ར་རེ་རེའི་འགོར་སྦྱར་བའི། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་དང་། པཱ དྱཾ། པུཥྤེ་། དྷུ་པཾ། གནྡྷཾ། ནཻ་ཝེ་དྱཾ། ཤབྡ་པྲ་ཏིཙྪ་སྭཱ་ཧཱ། ༀ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པ་ར་མི་ཏ་ནཱ་ད་སཾ་བྷ་ཝེ་བཛྲ་ས་ཏྭ་ཧྲི་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ ། ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། བརྗོད། བཅོམ་ལྡན་འདས་མ་གཟའ་རྣམས་ཀུན། །འདུས་ཕྱིར་རྒྱལ་བ་གཟའ་རྣམས་ཀྱི། །ཚུལ་དུ་བསྐྱེད་མཛད་ཐུགས་རྗེ་ཅན། །ཡུམ་ཆེན་ཁྱེད་ལ་ཕྱག་འཚལ་ལོ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་རྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། མཆོག་ཏུ་དད་པས་བསྟོད་པར་བགྱི། །འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་ཅིང་། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བདག་གིས་ཞལ་ནས་འོད་ཟེར་དམར་པོ་བྱུང་། གཟུངས་ཐག་ལ་ཞོན་ཏེ་སོང་། བུམ་ནང་གི་ལྷ་ལ་ཕོག་པས་བདག་གི་དབང་དུ་འདུས་ཤིང་། བ་སྤུའི་བུ་ག་ནས་བདུད་རྩིའི་རྒྱུན་འཛག་པས་བུམ་པ་གང་བར་བསམ་ལ། རྣམ་རྒྱལ་ལ། ༀ་སརྦ་བི་དྱཻ་སོགས་ཚསྔགས་ང་མ་དང་། ལས་བུམ། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པ་རྣམས་ཅི་ནུས་རེ་བཟླ། གོང་ལྟར་མཆོད་བསྟོད་དང་། བཅོམ་ལྡན་འདས་མ་འཁོར་དང་བཅས་པས་བདག་དང་སེམས་ཅན་ཐམས་ཅད་གཟའ་དང་རྒྱུ་སྐར་དང་། གདོན་དང་འབྱུང་པོའི་གནོད་པ་ཐམས་ཅད་ལས་སྲུང་བ་དང་ཞི་བར་མཛད་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། ཡིག་བརྒྱ་ལན་གསུམ་དང་། མ་འབྱོར་པ་དང་སོགས་ཀྱིས་མཐའ། ༀ་ཨཱཿཧཱུྃ་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར་ཅེས་བརྗོད། ༈ བདག་འཇུག་ནི། ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱི་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ༀ་བཛྲ་བྷཱུ་མི་སོགས་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་འབུལ་བར་བགྱིའོ། །སོགས་དང་། དགའ་ཆེན་ཁྱབ་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་སོགས་ལན་གསུམ་གྱིས་གསོལ་བ་བཏབ། གཙོ་མོའི་ཐུགས་ཀ་ནས་བདུད་རྩི་འཁྱིལ་བ་བསམ་ཀྱིས་མི་ཁྱབ་པ་སྤྲོས་ཏེ་དབང་ལེན་པ་ལ་བར་དུ་གཅོད་པའི་བགེགས་དང་ལོགས་འདྲེན་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་གྱུར། ཅེས་དང་། ལས་བུམ་གྱི་ཆུ་འཐོར་ཞིང་། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད། ཧཱུྃ་ཧཱུྃ་ཞེས་བརྗོད་ཅིང་བདུག་སྤོས་ཀྱི་རྒྱ་དང་། ༀ་ཙཀྵུ་བནྡྷ་ཝ་ར་མ་ནཱ་ཡ་ཧཱུྃ། ཞེས་པས་མིག་རས་དང་། ཨ་ཁཾ་ཝཱི་ར་ཧཱུྃ། ཞེས་པས་མེ་ཏོག་བླང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས། འགྲུབ་པར་ཤོག་བར་ལན་གསུམ་བྱ། རང་གིི་སྙིང་གར་ཀུན་རྗོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོས་པ་དང་བཅས་པར་གྱུར། །སྙིང་གར་རྡོ་རྗེ་བཞག་སྟེ། སུ་ར་ཏི་ས་མ་ཡ་སྟྭྂ་ཧོ། སིངྔྷི་བཛྲ་ཡཱ་སུ་ཁྂ་ཞེས་བརྗོད། རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་རབ་ཏུ་ཞུགས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱིས་མདུན་དུ་སྨྲས་པར་མི་བྱ་སྟེ་མ་དད་པ་རྣམས་ལའང་མ་ཡིན་ནོ། །དཀྱིལ་འཁོར་གྱི་དྲུང་དུ་ཁྲིད་པར་མོས་ཏེ་དཀྱིལ་འཁོར་གྱི་ཕྱོགས་ལ་མགོ་བོ་དུད་པ་དང་བཅས། ཧཱུྃ་ཛཿཧཱུྃ། ༀ་ན་མ་སྟེ་ཧཱུྃ། ན་མ་མི་ཧཱུྃ། ན་མོ་ནཱ་མ་ཧཱུྃ། ཞེས་ཕྱག་བྱས་ནས། མཎྜལ་གླིང་བཞི་རི་རབ་ཉི་ཟླ་ཟུང་གཅིག་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་ཐ་མི་དད་པ་ལ་ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབས་སུ་གསོལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། རང་ཉིད་ཀྱི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྂ་ཡིག་དཀར་པོ་དེ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། སྤྱི་བོ་ནས་ཞུགས་པས་ལུས་ཀྱི་ནང་ཐམས་ཅད་གང་བས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་ཅིང་། ལུས་འོད་ཀྱི་རང་བཞིན་དུ་གྱུར་པ་ལས་རྗེ་བཙུན་མ་རིག་པ་ཆེན་མོའི་སྐུ་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ། གཙོ་མོའི་ཐུགས་ཀ་ནས་འོད་ཟེར་ཕོ་ཉ་ལྟ་བུ་བསམ་གྱིས་ཁྱབ་པ་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་རང་ཉིད་ཀྱི་སྙིང་གའི་ཧཱུྃ་ལ་ཐིམ་པར་གྱུར། དེ་བཞིན་དུ་མདུན་བསྐྱེད་གཙོ་མོའི་ཐུགས་ཀ་ནས་དེ་འདྲ་བ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་རང་ཉིད་ཀྱི་སྙིང་གའི་ཧཱུྃ་ཡིག་ལ་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུའི་ངོ་བོར་བྱིན་གྱིས་བརླབས་པར་གྱུར། ཞེས་དང་ལག་པ་གཉིས་རྡོ་རྗེ་བསྡམས་པ་ལ་གུང་མོ་གཉིས་བསྒྲེང་བ་སྤྱི་བོར་རེག་ཅིང་། ༀ་སརྦ་བི་དྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ སྭཱ་ཧཱ། ཞེས་མང་དུ་བརྗོད་པ་ལས་རོལ་མོ་སོགས་མི་དགོས་སོ། །ཏིཥྛ་བཛྲ་ཞེས་བརྗོད། སློབ་དཔོན་ཤར་སྒོར་ལངས་ཏེ། རྡོ་རྗེ་དྲིལ་བུ་འཛིན་པས། རྣམ་དག་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང་། །བསོད་ནམས་ཇི་ལྟར་དེ་ལྟར་ཤོག །འདི་ཡི་དངོས་གྲུབ་ཇི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བར། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་ལན་གསུམ། ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཅེས་མེ་ཏོག་དོར། ༀ་པྲ་ཏི་གྲྀཧྞ་བཛྲ་མཱ་ཡ་ཧཱུྃ་ཞེས་པས་མེ་ཏོག་ཕྲེང་བའི་དབང་བསྐུར་ནས། རིག་པ་ཆེན་མོ་དེང་ཁྱོད་ཀྱི། །མིག་འབྱེད་བར་ནི་བརྩོན་པར་མཛོད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པཱ་ཤྱ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས། །འགྲོ་བའི་ཕུན་ཚོགས་དངོས་གྲུབ་ཀྱང་། །ཐམས་ཅད་ཁྱོད་ལ་མངོན་དུ་གྱུར། །དངོས་གྲུབ་ཕྱིར་ན་དམ་ཚིག་བསྲུང་། །གསང་སྔགས་བདག་ལའང་བརྩོན་པར་གྱིས། །རྗེ་བཙུན་མ་གཟའ་ཐམས་ཅད་ཀྱི་ཡུམ་རིག་པ་ཆེན་མོའི་དཀྱིལ་འཁོར་པ་དང་མངོན་སུམ་དུ་མཇལ་སྙམ་དུ་མོས་པ་མཛོད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོག་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་སྐྱབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཁྲུ་དོ་ཙམ་སྤངས་པའི་སར་སྟེགས་ཀྱི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབ་དང་བྲལ་བ། དཀར་དམར་ནག་པའི་རབ་རིམ་པ་གསུམ་དང་ལྡན་པའི་ནང་དུ་པདྨ་འདབ་མ་བརྒྱད་པར་བཀྲ་ཤིས་རྟགས་ཀྱིས་མཛེས་པའི་དབུས་སུ་ཤིང་སྟན་ཟླ་བའི་དཀྱིལ་འཁོར་དང་བཅས་པའི་སྟེང་དུ་བླ་བྲེ། གཡས་སུ་གདུགས། གཡོན་དུ་རྒྱལ་མཚན། མཐའ་སྐོར་དུ་དུང་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་ལ་སོགས་པ་མཆོད་པའི་ཚོགས་ཀྱིས་གང་བའི་སྟེང་དུ་ཧཱུྃ་དཀར་པོ་ལས་རང་ཉིད་རྗེ་བཙུན་མ་རིག་པ་ཆེན་མོ་སྐུ་མདོག་སྟོན་ཟླ་ལྟར་དཀར་བ་ཞལ་གསུམ་ཕྱག་དྲུག་མ། རྩ་ཞལ་དཀར་པ། གཡས་ཞལ་གནག་པ། གཡོན་ཞལ་དམར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མངའ་བ། ཕྱག་དང་པོ་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། །གཡས་ཀྱིས་གཉིས་པ་ན་རྡོ་རྗེ། གསུམ་པ་ན་མདའ། གཡོན་གྱིས་གཉིས་པ་ན་པདྨ། གསུམ་པ་ན་གཞུ་བསྣམས་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། དེའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེ་བཙུན་མ་རིག་པ་ཆེན་མོའི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྂ་ཧོཿཐིམ། གཙོ་མོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་སངས་རྒྱས་བྱང་ཆུབ་སེམས་དཔའ། ལྷ་དང་དྲང་སྲོང་། རིག་པ་འཛིན་པའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁའ་ༀ་བཛྲ་ས་མཱ་ཛཿ དེ་ལ་སློབ་དཔོན་གྱིས། ༀ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་྄ཧཱའི་བར་གྱིས་མཆོད། མཆོད་གཡོ་པས་བུམ་པ་འདེགས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོ་ཡིན། །དེ་ཡི་ཉེར་བར་བསྟན་པའི་མཆོག་རབ་གཡོ་མེད་པས། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱིས་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། །དམ་ཆོས་བདེན་པ་ཐོས་པའི་བཀྲ་ཤིས་ཀྱིས་ཕྱུག་ཤིང། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། །རྡོ་རྗེའི་སློབ་མ་རྣམས་སྤངས་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱིས། །ཁྱེད་ཀྱིས་བདག་ལ་དབང་བསྐུར་སྩོལ། །བསྐུར་བྱེད་ནམ་མཁའི་དཀྱིལ་འཁོར་བ་རྣམས་དང་གཙོ་མོ་ལྷན་ཅིག་བས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ཏེ་སྤྱི་བོར་ནས་དབང་བསྐུར་བར་གྱུར། ཇི་ལྟར་བལྟམས་པ་སོགས་ནས། ཤྲཱི་ཡེ་ཧཱུྃ། བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བཏུང་། དབང་བསྐུར་བས་ཚེ་རབས་ཐོགས་མ་མེད་པ་ནས་བསགས་པའི་སྡིག་སྒྲིབས་བག་ཆགས་དང་བཅས་པ་དག་ནས་རྗེ་བཙུན་མའི་སྐུར་བསྟན་པར་གྱུར། དེ་ལ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ནས། ནཻ་ཝི་དྱཻ་ཨཱཿཧཱུྃ། ཞེས་སྔགས་རྒྱས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་དང་། བསྐུར་བྱེད་ནམ་མཁའི་དཀྱིལ་འཁོར་བ་རྣམས་དང་གཙོ་མོ་ལྷན་ཅིག་པས་རིན་པོ་ཆེའི་རྩེ་ཕྲན་ར་ཐགས་ནས་དབང་བསྐུར་བར་གྱུར། ཐོར་ཅོག་ཅོད་པན་གྱིས་བརྒྱན་པའི། །རིན་ཆེན་རྩེ་ཕྲན་དམ་པ་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །སངས་རྒྱས་དབང་བསྐུར་རབ་བསྒྲུབ་ཕྱིར། །བུ་ཡིས་ཡང་དག་གུས་པས་ཟུངས། །ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་ཅོད་པན་བཅིངས་ལ། ༀ་སརྦ་ཏ་ཐཱ་ག་ཏ་པུཥྤྂ་མཱ་ལ་པ་ཊ་ལྂ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཕྲེང་བ་དར་འཕྱངས་བཅིངས། དེ་ལ། ༀ་བཛྲ་པུཥྤེ་སོགས་ལྔས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། བསྐུར་བྱེད་ནམ་མཁའི་དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་དང་དྲིལ་བུ་ནས་འབྲས་ཙམ་རེ་ཕྱུང་སྟེ། རང་ཉིད་ཀྱི་ཕྱག་གཡས་དང་གཡོན་གྱི་སྲིན་ལག་གི་རྩ་བར་བྱིན་པར་གྱུར། ༀ་མ་ཧཱ་བཛྲ་ཧཱུྃ་ཨ་བྷི་ཥིཉྩ། ཞེས་པས་རྡོ་རྗེ་དང་། ༀ་བཛྲ་གྷཎྜེ་ཨཱཿཨབྷིཥིཉྩ། ཞེས་པས་དྲིལ་བུ་བྱིན། རང་ཉིད་ཀྱི་རྒྱུད་ལ་སྙིང་རྗེ་དང་སྟོང་པ་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་མཚན་གྱི་དབང་ཐོབ་པར་གྱུར། དེ་ལ། ༀ་བཛྲ་པུཥྤེ་སོགས་ལྔས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། བསྐུར་བྱེད་ནམ་མཁའི་དཀྱིལ་འཁོར་དང་གཙོ་མོ་ལྷན་ཅིག་པས་མིང་གི་དབང་བསྐུར་བར་གྱུར། རྡོར་དྲིལ་ལྷན་ཅིག་ཏུ་སྤྱི་བོར་དཀྲོལ་ཏེ། ༀ་སརྦ་བི་དྱཻ་ན་མ། ཞེས་བརྗོད། དེ་ལ། ༀ་བཛྲ་པུཥྤེ་སོགས་ལྔས་མཆོད། མཎྜལ་གླིང་བཞི་རི་རབ་ཉི་ཟླ་ཟུང་གཅིག་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་ཐ་མི་དད་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབས་སུ་གསོལ། ༈ །གང་གི་བདག་ཉིད་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། །དབང་སྟེགས་ཀྱི་སྟེང་དུ་རང་ཉིད་ཐུབ་པ་རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ། སྟེང་དུ་བླ་བྲེ། གཡས་གཡོན་དུ་གདུགས་དང་རྒྱལ་མཚན་ལ་སོགས་པ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་བཞུགས་པ་ལ། བསྐུར་བྱེད་ནམ་མཁའི་དཀྱིལ་འཁོར་དང་། གཙོ་མོ་ལྷན་ཅིག་པས་ཆུ་དང་ཅོད་པན་གྱི་དབང་བསྐྱར་ནས་བསྐུར་བར་གྱུར། རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་སྟེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་བརྗོད། རྒྱས་པར་སྤྲོ་ན། བུམ་ཆུ་འཐོར་ཞིང་ལྷ་སོ་སོའི་སྔགས་ལ། ཨ་བྷི་ཥིཉྩ་བཏགས་པ་བརྗོད། སློབ་དཔོན་གྱིས་ལག་པ་གཉིས་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བསྒྲེང་བ་དེ་བཞིན་གཤེགས་པའི། །རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་རང་གི་སྤྱི་བོར་བཞག་སྟེ། ༀ་སརྦ་ཏ་ཐཱ་ག་ཏོཏྦྷ་ཝ་ཨ་བྷི་ཥིཉྩ། དེ་ལ། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ༀ་བཛྲ་པུཥྤེ་སོགས་ལྔས་མཆོད། དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱི་བཞེད་པ་ཡིན། །སྐབས་འདིར་ཅོད་པན་སོགས་བསྡུའོ། །སྔགས་ཀྱི་བཟླས་ལུང་ནི། གཙོ་མོ་ལ་མོས་གུས་བྱས་པས་གཙོ་མོའི་ཐུགས་ཀའི་ས་བོན་གྱི་མཐར་སྔགས་ཀྱིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་འཐོན། རང་གི་ཞལ་དུ་ཞུགས། ཐུགས་ཀར་ཧཱུྃ་ཡིག་གི་མཐར་འཁོར་བར་གྱུར། །མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ། ༀ་སརྦ་བི་དྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ། མེ་ཏོག་གཏོར་ནས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། མིག་ཐུར་རམ་མེད་ན་རྡོ་རྗེ་ལ། །ༀ་སརྦ་བི་དྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ནཻ་ཏྲེ་ཨ་པ་ཧ་ར་ཕཊ་ཧྲཱིཿབྲཾ། མེ་ལོང་གི་རྒྱ་བཅའ་ཞིང་། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོགས་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབས་པའི་སྲས་སུ་སྐྱེ། །ༀ་བཛྲ་ཧེ་ཏུ་མྂ། འཁོར་ལོ། ༀ་བཛྲ་བྷ་ག་རྂ། དུང་། ༀ་བཛྲ་གྷཎྜེ་ཨཱཿ དྲིལ་བུ། ཨཱཿ གླེགས་བམ་རྣམས་འབུད་བཀྲོལ་ཀློགས་ཚུལ་དང་། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པས། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །སྔགས་སྤྱོད་ཚུལ་གྱིས་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱོད་ལ་རྟག་ཏུ་བསྲུང་བར་མཛད། །རང་ཉིད་དཀྱིལ་འཁོར་པ་ལ་ཕུལ་པར་མོས་ཏེ་མགོ་དུད་པ་དང་བཅས། སྔགས་དང་རྒྱུན་རྣམས་འཛིན་འགྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། །ད་ནི་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་འགྱུར་བ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱི་ནི་ཀུན་གྱིས་བཀུར། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲིས་བར་བྱོས། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྤྱོན། །དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ཆད། །ཡོངས་སུ་གཏང་བར་མི་བྱའོ། །ཁྱོད་ཀྱིས་སེར་སྣ་དག་དང་གང་། །སེམས་ཅན་གནོད་པ་མི་བྱའོ། དམ་ཚིག་འདི་དག་སངས་རྒྱས་ཀྱི། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བཤད། །ཇི་ལྟར་རང་གི་སྲོག་བསྲུང་བ། །དེ་ལྟར་ཁྱོད་ཀྱིས་འདི་དག་སྲུངས། །ཤེས་རབ་ཕ་རོལ་ཕྱིན་བཀླགས་ཏེ། །དམ་ཚིག་འདི་དག་བསྒོ་བར་བྱ། །དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རིག་སྔགས་གསང་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ཡང་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང་། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པར་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་བཞག །ཐེག་པ་ཆེ་ལ་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་འབད་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བ་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ལ་ལེགས་པར་བསྲུང་། །དེ་ཡང་བདག་གི་བསྲུང་བར་བྱ། །གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་གི་མཎྜལ། དེང་ནས་སོགས་སྤྱི་དང་འདྲའོ། ༈ །རྗེས་ཆོག་ལ་མཆོད་པ་རྣམས་ཁ་གསོས་ལ་བསང་སྦྱངས་བྱིན་གྱིས་བརླབས། མཆོད་བསྟོད་རྒྱས་པ་མདུན་བསྐྱེད་ལྟར་རིམ་བསྡུ་ན་བུམ་བསྐྱེད་ལྟར་བྱ། བཅོམ་ལྡན་འདས་མ་འཁོར་དང་བཅས་པས་བདག་དང་སེམས་ཅན་ཐམས་ཅད་གཟའ་དང་རྒྱུ་སྐར་དང་གདོན་དང་འབྱུང་པོའི་གནོད་པ་ཐམས་ཅད་ལས་སྲུང་བ་དང་ཞི་བར་མཛད་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། ཡིག་བརྒྱ་ལན་གསུམ་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཕྱོགས་བཅུ་ན་བཞུགས་པའི་སོགས་ཀྱིས་རས་བྲིས་ལ་བརྟེན་བཞུགས་བྱ། རང་གི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་གིས་མཚན་པར་གྱུར། དེ་ནས་བསྔོ་སྨོན་ཤིས་བརྗོད་སོགས་སྤྱི་ལྟར་རྒྱས་པར་བྱའོ། །འཇམ་མགོན་བླ་མའི་ཞལ་ལུང་བཞིན། །ངག་དབང་ལེགས་གྲུབ་ཆོག་བསྒྲིགས་ནི། །ཕན་བདེའི་ཉི་མ་ཇི་ལྟར་བར། །བཀླག་ཆོག་བྲིས་པའི་དགེ་བ་དེས། །འགྲོ་ཀུན་རྒྱུ་འབྲས་དུཿཁ་ལས། །གྲོལ་ནས་ཕན་བདེས་འཚོར་བར་ཤོག །ཞེས་པ་འདིའང་དཔལ་སྤྲུལ་མིང་གི་སྒྲོ་བཏགས་པ་ཆོས་པའི་གཟུགས་བརྙན་པདྨ་མདོ་སྔགས་བསྟན་འཛིན་ངེས་གསང་ཆོས་ཀྱི་སྣང་བས་བྲིས་པ་ཤུ་བྷྂ། ། དགེའོ།། །།

རྗེ་བཙུན་མ་གཟའ་ཐམས་ཅད་ཀྱི་ཡུམ་རིག་པ་ཆེན་མོའི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་ཆོ་ག་ཕན་བདེའི་ཉི་མ། ངག་དབང་ལེགས་གྲུབ།

རྗེ་བཙུན་མ་གཟའ་ཐམས་ཅད་ཀྱི་ཡུམ་རིག་པ་ཆེན་མོའི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་ཆོ་ག་ཕན་བདེའི་ཉི་མ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི་པྲ་ཛ་བྷྱཿ རྒྱལ་བ་ཀུན་ཡུམ་ཤེས་རབ་ཕར་ཕྱིན་མ། །འཇིག་རྟེན་དགེ་ལེགས་སྒྲུབ་ཕྱིར་གཟའ་རྣམས་ཀྱི། །ཡུམ་དུ་ཟློས་པའི་རིག་པ་ཆེན་མོ་དང་། །དབྱེར་མེད་རྗེ་བཙུན་བླ་མ་གཙུག་ཏུ་མཆོད། །གང་གི་དཀྱིལ་འཁོར་མཆོད་པའི་མན་ངག་ནི། །འཇམ་མགོན་བླ་མས་གསལ་བར་ཕྱེས་མོད་ཀྱང་། །དབང་གི་ཆོ་ག་གཞན་ལ་ལྟོས་པ་ལས། །མེད་ཕྱིར་བརྒྱུད་པའི་ཕྱག་བཞེས་བཞིན་དུ་འདྲི། །འདིར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འགྲན་ཟླ་དང་བྲལ་བ། །མཁས་པ་རྣམས་ཀྱི་གཙུག་གི་ནོར་བུ། །དཔལ་བིརྦ་པའི་གསུང་གི་མན་ངག་འཛམ་བུའི་གླིང་གི་རྒྱན་དམ་པ་སློབ་དཔོན་ཞི་བ་འཚོ་ལས་བརྒྱུད་དེ། འཁོན་ནཱ་གནྟཱ་རཀྵི་ཏ་ལ་སོགས་པ་འཁོན་གདུང་གོང་མ་རྣམས་ལ་བཀའ་བབས་པའི་རྗེ་བཙུན་མ་རིག་པ་ཆེན་མོའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སྟ་གོན་དང་དངོས་གཞི་གཉིས་ལས། དང་པོ་ནི་གནས་ཡིད་དུ་འོང་བར་སྟེགས་བུ་རས་བཟང་པོས་བཀབ་པའི་སྟེང་དུ། མཎྜལ་ལ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་ལྷ་གྲངས་བཞིན་བཀོད་པ་མཉྫའི་སྟེང་དུ་བཤམ། དེའི་འོག་ཏུ་ས་ལྷའི་ཚོམ་བུ་མཆོད་གཏོར་དང་བཅས། མཐའ་སྐོར་དུ་དཀྱིལ་འཁོར་གྱི་སྤྱི་མཆོད་མཚམས་འཛིན་གྱི་མེ་ཏོག་དང་། ཆུ་གཉིས་ཉེར་སྤྱོད་ལྔ་གཡས་སྐོར་དུ་གྲུ་བཞི་བཤམ་ཞིང་། དེའི་ཕྱི་རོལ་དུ་སྒོས་མཆོད་སྤོས་མར་མེ་ཞལ་ཟས་གསུམ་ལྷ་གྲངས་དང་མཉམ་པའམ་ཅི་འབྱོར་བ་བཤམ། གསུམ་པ་མཆོད་ཆོག་ཏུ་གཟའ་བརྒྱད་སོ་སོའི་མཎྜལ་དང་ཉེར་སྤྱོད་བཤད་པ་བཞིན་འབྱོར་ན་དགོས་མོད། དབང་བསྐུར་གྱི་སྐབས་སུ་ན་ཕལ་ཆེར་སྤྱི་འགྲོ་འདི་ཙམ་གྱིས་ཆོག་པར་མཛད། ཤར་དུ་དཀྱིལ་འཁོར་བའི་གཏོར་མ་དང་ལྷོར་ཆ་གསུམ་གཏོར་མ་དང་། ལོགས་ཤིག་ཏུ་སྔོན་འགྲོའི་གཏོར་མ་དང་། སློབ་མ་སྟ་གོན་ལ་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱ། སློབ་དཔོན་གྱི་མདུན་དུ་བུམ་པ་གཉིས་ལ་ནང་རྫས་ཉེར་ལྔ་ཁ་རྒྱན་མགུལ་ཆིངས་སོགས་སྤྱི་ལྟར་དང་། རྡོ་རྗེ་དྲིལ་བུ་འདུ་བྱས་ལ་གྲུབ་ན་ཐེག་པ་ཆེན་པོའི་གསོ་སྦྱོང་བླངས། སྟན་ལ་འཁོད་དེ་སྔོན་འགྲོའི་གཏོར་མ་ཆབ་ཀྱིས་བྲན། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་པས་བསངས། ༀ་སྭ་བྷ་ཝ་སོགས་ཀྱི། སྟོང་པར་སྦྱངས། ༀ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ་ནས། གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གཡས་པའི་གྲུ་མོ་བཞག་པའི་མཛུབ་མོ་ལྕགས་ཀྱུ་ལྟར་བཀུག་པ་བསྐོར་ཞིང་། ༀ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨཱ་ཀཪྵ་ཡ་ཛཿ ཞེས་དང་། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ༀ་བྷུ་མི་པ་ཏི་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བསྟོད་ནས། གནས་བདག་གཞི་བདག་ལ་སོགས་པ་འབྱུང་པོའི་ཚོགས་ཐམས་ཅད་ལ། འདོད་ཡོན་ལྔ་དང་ལྡན་པའི་གཏོར་མ་འདི་སྦྱིན་ནོ། །ཚིམ་པར་གྱིས་ལ་དཀར་པོའི་ཕྱོགས་ལ་དགའ་བ་རྣམས་ཀྱིས་གྲོགས་གྱིས་ཤིག །ནག་པོའི་ཕྱོགས་ལ་དགའ་བ་གསང་སྤྱོད་ལྟ་བ་མི་དབང་བ་རྣམས་ཀྱང་། གནོད་པའི་སེམས་ཞི་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག །ཅེས་དང་། ཨ་མྲྀ་ཏེ་སོགས་བརྗོད་ཅིང་རྡོ་རྗེ་གསོར་དྲིལ་བུ་དྲག་ཏུ་དཀྲོལ་ལ་གཏོར་མ་གཙང་སར་དོར། བསང་སྦྱངས། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །གདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོག་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ༀ་བཛྲ་ཨརྒྷཾ་སྭཱ་ཧཱ། ༀ་བཛྲ་པཱ་དྱཾ། ༀ་བཛྲ་པུཥྤཾ། དྷཱུ་པཾ། དཱིཔཾ་གནྡྷཾ། ནཻ་ཝི་དྱཾ། ༀ་བཛྲ་ཤབྡ་སྭཱ་ཧཱ། ཞེས་པའི་མཐར་རྡོ་རྗེ་དྲིལ་བུ་བསིལ་ཞིང་དྷརྨ་ར་ཎི་ཏ་སོགས་ལན་གསུམ་བརྗོད་པས་མཆོད་པ་རྣམས་བྱིན་གྱིས་བརླབས་སོ། །བདག་བསྐྱེད་ནི་སྐྱབས་འགྲོ་སྤྱི་ལྟར་ཅི་ནུས་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེ་བཙུན་རིག་པ་ཆེན་མོའི་བསྒོམ་བཟླས་ལ་འཇུག་པར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་པ་ལན་གསུམ་གྱིས་བདག་དང་གནས་དང་རྣལ་འབྱོར་བསྲུངས་ལ། རང་གི་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཏེ། ཕྱོགས་བཅུའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ནས། ན་མོ་གུ་རུ་བྷྱཿ ན་མ་སརྦ་བུདྡྷ་བིདྡྷི་ས་ཏྭ་བྷྱཿ ཞེས་པས་ཕྱག་བྱས་ནས། ༀ་གུ་རུ་སརྦ་བུདྡྷ་བོ་ས་ཏྭ་ཨརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ་ནས་ཤབྡ་པྲ་ཏིཙྪ་ཡེ་སྭཱ་ཧཱའི་བར་གྱིས་མཆོད། རྡོ་རྗེ་ཐལ་མོ་སྦྱར་ཏེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་གྱིས་རྒྱུད་དག་པར་བྱས་ནས། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་པ་བཞི་བསྒོམ། ༀ་ཤུ་ནྱ་ཏཱ་སོགས་ཀྱིས། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་པྂ་ལས་པདྨ་དང་། རྂ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྡོ་རྗེའི་ས་གཞི། ར་བ། དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་དབུས་སུ་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་ལས་རང་ཉིད་བཅོམ་ལྡན་འདས་མ་གཟའ་ཐམས་ཅད་ཀྱི་ཡུམ་སྐུ་མདོག་སྟོན་ཟླ་ལྟར་དཀར་བ་ཞལ་གསུམ་ཕྱག་དྲུག་མ། རྩ་ཞལ་དཀར་པ། གཡས་ཞལ་གནག་པ། གཡོན་ཞལ་དམར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མངའ་བ། ཕྱག་དང་པོ་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་ཀྱི་གཉིས་པ་ན་རྡོ་རྗེ། གསུམ་པ་ན་མདའ། གཡོན་གྱི་གཉིས་པ་ན་པདྨ། །གསུམ་པ་ན་གཞུ་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་སྟེང་དུ་ཧཱུྃ་སྔོན་པོ། དབུས་སུ་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་རིག་པ་ཆེན་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྂ་ཧོཿ སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བ སྐུར་པས། ལུས་ངག་ཡིད་ཀྱི་དྲི་མ་སྦྱངས་ཏེ་ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་ཞེས་ཡན་ལག་བཞིས་ལྷར་བསྐྱེད་ནས། བཟླས་པ་བྱ་བ་ནི། ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་གི་མཐའ་མར་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བའི་འོད་ཀྱིས་རང་གི་སྡིག་སྒྲིབ་དང་། ནད་དང་བར་དུ་གཅོད་པ་ཐམས་ཅད་སྦྱངས། འོད་ཟེར་ཕྱིར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཡེ་ཤེས་དང་བྱིན་བརླབས་ཐམས་ཅད་འོད་ཀྱི་རྣམ་པར་རང་ལ་ཐིམ་གཟའ་དང་རྒྱུ་སྐར་དང་། གདོན་དང་འབྱུང་པོའི་ཚོགས་ཐམས་ཅད་ཀྱི་གདུག་པའི་སེམས་ཞི་བར་བྱས་པར་བསམ་པ་ལ། ༀ་སརྦ་བེ་དྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ཅི་ནུས་སུ་བཟླའོ། །མཐར། ༀ་བྷ་ག་ཝཱ་ཏཱི་སརྦ་བིདྱཻ་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། པཱ་དྱཾ་ནས། ཤབྡ་པྲ་ཏིཙྪ་སྭཱ་ཧཱའི་བར་གྱིས་མཆོད། བཅོམ་ལྡན་འདས་མ་གཟའ་རྣམས་ཀུན། །འདུལ་ཕྱིར་རྒྱལ་བ་གཟའ་རྣམས་ཀྱི། །ཚུལ་དུ་བསྐྱེད་མཛད་ཐུགས་རྗེ་ཅན། །ཡུམ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །དངོས་དང་ཡིད་ཀྱི་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས། །བཅོམ་ལྡན་འདས་མ་ཁྱེད་མཆོད་ཀྱིས། །བདག་ལ་གཟའ་རྣམས་དགྱེས་པར་མཛོད། །ཅེས་བསྟོད་ཅིང་གསོལ་བ་གདབ། དམ་ཡེ་ཕྱེ་བ་ནི་མ་བཤད་དོ། །སྟ་གོན་དངོས་ལ་བཞི་ལས་ས་ལྷ་སྟ་གོན་ནི། ཚོམ་བུ་བསང་སྦྱངས། སྟོང་པའི་ངང་ལས་པྂ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བྂ་ལས་སའི་ལྷ་མོ་སྐུ་མདོག་སེར་མོ་ཞི་བའི་ཆ་ལུགས་དང་། རྒྱན་གྱིས་བཀླུབས་པ། ཕྱག་གཉིས་ཀྱི་རིན་པོ་ཆེའི་བུམ་པ་ཐུགས་ཀར་འཛིན་པ། དེའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ས་འོག་ནས་སའི་ལྷ་མོར་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྂ་ཧོཿ སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམ། དེ་ལ། ༀ་པྲི་ཐི་ཝི་དེ་ཝཱི་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ་ནས། ཤབྡའི་བར་མཚམས་ན་སྔགས་འདི་བཞིན་སྦྱར་བས་མཆོད། གཏོར་མ་ཆུས་བྲན་ལ། བསང་སྦྱངས། སྟོང་པའི་ངང་ལས། ༀ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་འདོད་ཡོན་ལྡ་དང་ལྡན་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་རླབས། ༀ་པྲི་ཐི་ཝཱི་དེ་ཝི་ས་པ་རི་ཝཱ་ར་ༀ་ཨ་ཀཱ་རོ་སོགས་ལན་གསུམ་ལ་མཆོད་སྦྱིན་སེ་གོལ་གཏོགས་པ་དང་བཅས་པས་ཕུལ། སྤོས་དང་རྡོར་དྲིལ་འཛིན་ལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་འདྲི། །ཞེས་ལན་གསུམ་གསོལ། རིག་པ་འཛིན་པ་ཁྱོད་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག །ཅེས་གནང་བ་བྱིན་པར་བསམས་ལ། ལག་པ་གཡས་ས་ལ་རེག་སྟེ། ༀ་བཛྲ་མུཿ སའི་ལྷ་མོ་ས་དེ་ཉིད་ལ་ཐིམ་ཞེས་བརྗོད། ལྷ་སྟ་གོན་ནི། མཆོད་པ་རྣམས་བྱིན་རླབས་གོང་ལྟར་ལ་དྷ་རྨ་ར་ཎི་མི་དགོས། ཚོམ་བུ་བསང་སྦྱངས། སྟོང་པའི་ངང་ལས་པྂ་ལས་པདྨ་དང་རྂ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྡོ་རྗེའི་ས་གཞི། ར་བ། དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་དབུས་སུ། པྂ་ལས་པདྨ་དང་རྂ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲཱུྂ་ལས་རིན་པ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ལས་ཁང་པ་གྲུ་བཞི་པ། སྒོ་བཞི། ཕྱི་ནས་རིམ་པ་བཞིན་དུ་སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོས་བསྐོར་བ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་དུ་གསེར་གྱི་ཀ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་དྲིལ་བུ་དང་། ཟླ་བ་རླུང་གིས་བསྐྱོད་པ་དང་། མེ་ཏོག་གི་ཕྲེང་བ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་འཕྱང་བ། དེའི་སྟེང་དུ་བྱ་འདབ་ལས་ཐུར་དུ་འཕྱང་བའི་མདའ་ཡབ་དང་། སྟེང་དུ་ལངས་པའི་རིན་པོ་ཆེའི་དྲ་མིག་སེང་མའི་པུ་ཤུད་བསྐོར་བ། རྩིག་པའི་ཕྱི་རོལ་དུ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་གནས་པའི་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་པ་བྱེད་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་གྲྭ་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེས་མཚན་པ། ནང་ཀ་བ་བརྒྱད་དང་ལྡན་པའི་སྟེང་དུ་རྡོ་རྗེའི་གདུང་ཟླུམ་པོ་དང་། དེའི་སྟེང་དུ་རྩིག་པ་ཟླུམ་པོ་ཕ་གུ་དྲྭ་བ་དྲྭ་ཕྱེད་མདའ་ཡབ་པུ་ཤུ་དང་བཅས་པའི་སྟེང་དུ་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲེས་པའི་དབུས་སུ་གཙང་ཁང་གྲུ་བཞི་པའི་རྣམ་པ་ཅན་ཕ་གུ་སོགས་དང་བཅས་ཤིང་སྟེང་ཐོག་ལེགས་པར་ཕུབ་པའི་རྩེ་མོ་རྡོ་རྗེ་ཕྱེད་པ་དང་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། སྒོ་བཞིའི་སྟེང་གི་ཐད་སོར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གདུགས་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་ཤིང་སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་། བ་དན་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གཞལ་ཡས་ཁང་གི་ལྷ་སྣམ་ཤར་དཀར། ལྷོ་སེར་། ནུབ་དམར། བྱང་ལྗང་། དབུས་ཀྱང་དཀར་བའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་གཟའ་ཐམས་ཅད་ཀྱི་ཡུམ་སོགས་ནས་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ༀ་སརྦ་བི་དྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་ནས། ཛཿཧཱུྃ་བྂ་ཧོས་བསྟིམ། ཚུལ་འདི་འོག་མ་ཀུན་ལ་འགྲེ་ཤེས་པར་བྱས་ལ། དེའི་མདུན་དུ་ༀ་ལས་བྱུང་བའི་གཟའ་ཉི་མ་ལུས་སིན་དྷུ་རའི་ཕུང་པོ་ལྟར་ཤིན་ཏུ་དམར་བ་ལག་པ་གཉིས་ན་པདྨའི་སྡོང་བུ་འཛིན་པ་དང་བཅས་པས་བཅོམ་ལྡན་འདས་མ་ཐལ་མོ་སྦྱར་ཏེ་བཀའ་ནོད་པའི་ཚུལ་དུ་གནས་པ། ཞི་བའི་བཞིན་ཅན་ཤིན་ཏུ་མཛེས་པ་ལོ་སུམ་ཅུ་ལོན་པའི་ཆ་ལུགས་ཅན། རྟས་དྲངས་པའི་ཤིང་རྟའི་སྟེང་ན་གནས་པ། ཉི་མའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པ། ༀ་མེ་གྷོ་ལྐཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ འདབ་མ་བརྒྱད་ལ། ཤར་དུ་ༀ་ལས་བྱུང་བའི་གཟའ་ཟླ་བ་གངས་རིའི་ཕུང་པོ་ལྟར་དཀར་བ། ལག་པ་གཉིས་ན་ཀུ་མུ་ཏའི་སྡོང་བུ་འཛིན་པ། ཆགས་པའི་ཉམས་ཅན་ཤིན་ཏུ་མཛེས་པ་ལོ་བཅུ་དྲུག་ལོན་པའི་ཆ་ལུགས་ཅན། ངང་བས་དྲངས་པའི་ཤིང་རྟའི་སྟེང་ན་གནས་པ། ཟླ་བའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པ། ༀ་ཤི་ཏཱྂ་ཤ་བྷེ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ མེའི་མཚམས་སུ་རྂ་ལས་བྱུང་བའི་མིག་དམར་རྒྱ་སྐྱེག་ལྟར་དམར་བ་ལག་པ་གཡས་ན་གྲི་གུག གཡོན་ན་མི་མགོ་རློན་པ་འཛིན་པ། མིག་དམར་ཞིང་མི་འཛུམ་པ། ལུས་ཐུང་བ་ལོ་ཉི་ཤུ་རྩ་གཉིས་ལོན་པའི་ཆ་བྱད་ཅན་ར་སྐྱེས་ལ་ཞོན་པ། ༀ་རཀྵ་ཨཾ་ག་ཀུ་མ་ར་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ལྷོར་བྷེ་ལས་བྱུང་བའི་གཟའ་ལྷག་པ་མརྒ་ཏ་ལྟར་ལྗང་གུ་ལག་པ་གཉིས་ནས་མདའ་གཞུ་འཛིན་པ། ཞི་བའི་བཞིན་ཅན་ཤིན་ཏུ་མཛེས་པ་ལོ་སུམ་ཅུ་རྩ་བཞི་ལོན་པའི་ཆ་བྱད་ཅན་དར་སྣ་ཚོགས་ཀྱི་ན་བཟའ་ཅན། པདྨའི་སྟེང་ན་བཞུགས་པ། ༀ་བུདྡྷ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ བདེན་བྲལ་དུ་བྲྀ་ལས་བྱུང་བའི་ཕུར་བུ་གསེར་ལྟར་སེར་བ། ལག་པ་གཉིས་ན་ཕྲེང་བ་དང་སྤྱི་བླུགས་འཛིན་པ། ཐུགས་རྗེ་ཅན་ལ་བཅུ་དྲུག་ལོན་པའི་ཆ་བྱད་ཅན་གླང་པོ་ཆེའི་སྟེང་ན་གནས་པ། ༀ་པྲྀ་ཏ་སྤ་ཏ་ཡེ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ནུབ་ཏུ་ༀ་ལས་པ་ཝ་སངས་ཤེལ་ལྟར་དཀར་བ་ལག་པ་གཉིས་ན་ཕྲེང་བ་དང་སྤྱི་བླུགས་འཛིན་པ། ཤ་རྒྱས་པ་བཞད་ཅིང་འཛུམ་བའི་བཞིན་ཅན་ལོ་ལྔ་བཅུ་རྩ་ལྔ་ལོན་པའི་ཆ་བྱད་ཅན་པདྨའི་སྟེང་ན་བཞུགས་པ། ༀ་ཨ་སུ་རོདྟ་མཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ རླུང་དུ་ཤཾ་ལས་བྱུང་བའི་སྤེན་པ་མིག་སྨན་ལྟར་གནག་པ། ལག་པ་གཉིས་ན་ཕྲེང་བ་དང་དབྱུ་གུ་འཛིན་པ་སྐྲ་ཟད་པ་རྐང་པ་འཐེང་ཞིང་འཇིགས་པ། ཁྱིའི་པགས་པའི་སྨད་གཡོགས་ཅན། ལོ་ལྔ་བཅུ་ལོན་པའི་ཆ་ལུགས་འཛིན་པ་སྦྲུལ་ལ་ཞོན་པ། ༀ་ཀྲྀཥྞ་ཝརྞ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ བྱང་དུ་རྂ་ལས་བྱུང་བའི་སྒྲ་གཅན་དམར་ནག་ལྟེ་བ་མན་ཆད་གནག་པ། ལག་པ་གཉིས་ན་ཉི་ཟླ་འཛིན་པ། སྤྲིན་ཁ་དོག་ལྔའི་སྟེང་ན་གནས་པ། ༀ་ཨ་མྲྀ་ཏ་པྲི་སཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ དབང་ལྡན་དུ་ཀྂ་ལས་བྱུང་བའི་མཇུག་རིང་ལྷོ་དུད་སྤྲིན་གྱི་མདོག་ཅན་ལག་ན་སྦྲུལ་ཞགས་དང་རལ་གྲི་འཛིན་པ། རིད་ཅིང་འཇིགས་པ་སྐྲ་སྟེང་དུ་བརྫེས་པ། བྲག་གི་སྟེང་ན་བཞུགས་པ། ༀ་ཛྱོ་ཏི་དེ་ཧ་བེ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ སྒོ་བཞིར་པདྨ་དང་ཟླ་བའི་གདན་རེ་རེའི་སྟེང་དུ་ཤར་སྒོར་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་སྐུ་མདོག་སེར་པོ་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། སྤྲུལ་སྐུ་རབ་ཏུ་བྱུང་བའི་ཆ་ལུགས་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ༀ་བུདྡྷ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ལྷོ་སྒོར་ཕྱག་ན་རྡོ་རྗེ་སྔོན་པོ་གཡས་རྡོ་རྗེ་ཐུགས་ཀར་དང་། གཡོན་དྲིལ་བུ་དཀུར་བརྟེན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ༀ་བཛྲ་དྷ་ར་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ནུབ་སྒོར་འཇིག་རྟེན་དབང་ཕྱུག་དཀར་པོ་གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ༀ་པདྨ་དྷ་རཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ བྱང་སྒོར་འཇམ་པའི་དབྱངས་གུར་གུམ་གྱི་མདོག་ཅན་རལ་གྲི་དང་པུ་སྟི་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ༀ་ཀུ་མ་རཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ དཀྱིལ་ཁོར་གྱི་ཕྱི་རོལ་གྱི་ཕྱོགས་བཞིར་རིན་པོ་ཆེའི་ཁྲི་རེ་རེའི་སྟེང་དུ་ཤར་དུ་ཡུལ་འཁོར་སྲུང་ལྗང་གུ་པི་ཝང་འཛིན་པ། ལྷ་ཡི་གོས་དང་གོ་ཆས་བརྗིད་པ། ༀ་བྷི་ཏ་རཱཥཌཱ྅྅྅་ཡ་སྭཱ་ཧཱ། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ལྷའི་གོས་དང་གོ་ཆས་བརྗིད་པ། ༀ་བི་རུ་ཊ་ཀཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ནུབ་ཏུ་མིག་མི་བཟང་དམར་པོ་སྦྲུལ་ཞགས་འཛིན་པ། ལྷའི་གོས་དང་གོ་ཆས་བརྗིད་པ། ༀ་བི་རུ་པཀྵ་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ བྱང་དུ་རྣམ་ཐོས་སྲས་སེར་པོ་རིན་པོ་ཆེས་མཚན་པའི་བེ་ཅོན་དང་ནེའུ་ལེ་འཛིན་པ། ལྷའི་གོས་དང་གོ་ཆས་བརྗིད་པ། ༀ་ཀུ་བ་ར་ཡ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ བྱང་ཤར་དུ་གཟའ་རྣམས་རང་རང་གི་ཆ་ལུགས་ཀྱི་འཁོད་པར་གྱུར། ༀ་སརྦ་གྲ་ཧཱ་ནཱ་མ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ཤར་ལྷོར་ཁྱིམ་བཅུ་གཉིས་དང་རྒྱུ་སྐར་རྣམས་འཁོད་པར་གྱུར། ༀ་སརྦ་དྭི་ད་ཤ་ར་ཤི་ནཱཾ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ༀ་སརྦ་ནཀྵ་ཏྲཱ་ནཱ་མ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ལྷོ་ནུབ་ཏུ་གནོད་པའི་ཚོགས་རྣམས་འཁོད་པར་གྱུར། ༀ་སརྦ་ཨུ་པ་ཏྲ་བེ་བྷྱཿསྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ནུབ་བྱང་དུ་ཡང་རྗེ་བཙུན་མ་རིག་པ་ཆེན་མོ་ཉིད་བཞུགས་པར་གྱུར། ༀ་སརྦ་བིདྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཛཿཧཱུྃ་བྂ་ཧོཿ ཞེས་རེ་རེ་ནས་བསྐྱེད་བསྟིམ་བྱ། འཇམ་མགོན་ས་པཎ་གྱི་མཆོད་ཆོག་ཏུ་རྗེ་བཙུན་མ་ནུབ་བྱང་དང་དབུས་གང་རུང་དུ་བསྐྱེད་པ་ལྟ་བུ་ལས་གནས་གཉིས་ཀར་བསྐྱེད་པ་མི་གསལ་ཡང་། ལྷན་ཐབས་སུ་འདི་བཞིན་ཡོད་པ་དགོས་པ་ཆེ་བ་ཞིག་ཡོད་སྲིད་སྙམས་ནས་བཀོད་པ་ཡིན་ལ། བྱང་ཤར་གྱི་གཟའ་རྣམས་ནི་ཉི་མ་སོགས་གཟའ་ཆེན་རང་རྒྱུད་པ་བརྒྱད་དང་གཟའ་ཕྲན་གྱི་རིགས་རྣམས་ཡིན་པར་ངེས་ཏེ། དབུས་ཀྱི་གཟའ་ཆེན་རྣམས་སྤྲུལ་པ་ཡིན་པར་གཙོ་མོའི་བསྟོད་པའི་ཚིག་གི་ནུས་པས་ཤེས། དེ་ན་འདུལ་བྱ་འདུལ་བྱེད་ཀྱི་གོ་བས་ཆ་ལུགས་ཀྱང་དབུས་མ་རྣམས་དང་མཐུན་པས་བསམ་པར་ཆོག །ཁྱིམ་བཅུ་གཉིས་ནི་ལུག་གླང་སོགས་རང་རང་གི་གཟུགས་བརྙན་ཅན་དུ་བསམ། རྒྱུ་སྐར་ཉེར་བརྒྱད་ཀྱི་མངོན་རྟོགས་གཞན་ནས་འབྱུང་བ་ལྟར་ཡིན་ཀྱང་། སྐབས་འདིར་ཁ་དོག་སྣ་ཚོགས་པ། ལྷ་མོའི་བརྒྱན་དང་གོས་ཅན། ཐལ་མོ་སྦྱར་བ་སྟན་ནང་ཚང་ཅན་ལ་འཁོད་པར་མོས་པས་འཐུས། གནོད་པ་རྣམས་ནི་ལྷའི་གདོན་སོགས་གདུགས་དཀར་ནས་བཤད་པ་རྣམས་ཡིན་པས་ཆ་ལུགས་མ་ངེས་པར་བསམ་པས་ཆོག་གོ །དེ་ནས། རང་གི་སྙིང་གའི་ཧཱུྃ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲོས། སོ་སོ་ལ་ཐིམ་པར་གྱུར། ཛཿཧཱུྃ་བྂ་ཧོཿ རྒྱས་པར་སྤྲོ་ན་གོང་ལྷར་སོ་སོའི་སྔགས་ཀྱིས་བསྟིམ། དེ་ཐམས་ཅད་ཀྱི་དཔྲལ་བ ར་ༀ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱིས་གནས་ནས་གཟའ་ཡུམ་གྱི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྂ་ཧོཿ སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་མོ་ལ་རྣམ་པར་སྣང་མཛད། འཁོར་རྣམས་ལ་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་བསམ། གནས་གསུམ་བྱིན་བརླབས་མན་ཆད་མཆོད་ཆོག་ཏུ་མི་འབྱུང་མོད་ལྷན་ཐབས་སུ་ཡོད་པས་བཀོད་པའོ། །མཆོད་པ་གོང་དུ་བྱིན་གྱིས་བརླབས་ཟིན་པས། ཐལ་མོ་སྦྱར་ཏེ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གི་གུས་པས་བཤམ་པ་འདི། །ཇི་སྙེད་རྒྱལ་ཡུམ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ༀ་བྷ་ག་ཝ་ཏཱི་སརྦ་བིདྱཻ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དང་སོགས། ཞབས་བསིལ་ནས་རོལ་མོའི་བར་དུ་འདོན་པ་བསྒྱུར་ལ་དབུལ། དེ་བཞིན་དུ་རབ་འབྱམས་རྒྱ་མཚོ་དཔག་མེད་ན། ཅོད་པན་ཇི་སྙེད་སོགས་དང་། ༀ་བྷ་ག་ཝ་ཏྭི་སརྦ་བི་དྱཻ་ས་པཱ་རི་ཝཱ་ར་པ་ཊ་པཱུ་ཛ་མེ་གྷ་སོགས་ཀྱིས་སོ་སོའི་སྐུ་མདོག་མཐུན་པའི་དར་གྱི་ཅོད་པན་རེ་དང་། བ་དན་སྙེད། པ་ཏྂ་ཀ །གོས་བཟང་ཇི་སྙེད། ཝ་སྟྲ་ཞེས་པ་དག་ཀྱང་བསྒྱུར་ལ་སོ་སོའི་སྐུ་མདོག་དང་མཐུན་པ་རེ་ཕུལ་བར་བསམ་མོ། །བསྟོད་པ་ནི། རྡོ་རྗེ་དྲིལ་བུ་འཛིན་པས། བཅོམ་ལྡན་འདས་མ་གཟའ་རྣམས་ཀུན། །གདུལ་ཕྱིར་རྒྱལ་བ་གཟའ་རྣམས་ཀྱི། །ཚུལ་དུ་བསྐྱེད་མཛད་ཐུགས་རྗེ་ཅན། །ཡུམ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཡང་དག་སངས་རྒྱས་བསྟན་པ་ལ། །མ་ལུས་གཟའ་རྣམས་ལེགས་འགོད་ཕྱིར། །དེ་དག་ཐུགས་ཀྱི་སྲས་སུ་ནི། །བསྐྲུན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སྤྲོས་མེད་ནམ་མཁའི་རང་བཞིན་དུ། །པད་ཉི་སྲུང་བའི་འཁོར་ལོའི་དབུས། །རིན་ཆེན་ལས་གྲུབ་བདེ་གཤེགས་གནས། །གཞལ་མེད་ཁང་ལ་ཕྱག་འཚལ་ལོ། །དེ་དབུས་སྣ་ཚོགས་པདྨ་ཡི། །ལྟེ་བར་ཟླ་བའི་སྟེང་དུ་ཧཱུྃ། །ཡོངས་སུ་གྱུར་ལས་འཁྲུངས་པའི་སྐུ། །ཡུམ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །སྟོན་ཟླའི་མདོག་ཅན་ཞལ་གསུམ་པ། །གཡས་ཞལ་གནག་ཅིང་གཡོན་ཞལ་དམར། །སྤྱན་གསུམ་ཅུང་ཟད་འཛུམ་པ་ཅན། །ཡུམ་ཆེན༴ ཕྱག་དྲུག་དང་པོ་གཉིས་ཀྱིས་ནི། །ཆོས་འཆད་གཡས་ན་རྡོ་རྗེ་མདའ། །གཡོན་ན་པདྨ་གཞུ་འཛིན་པའི། །ཡུམ་ཆེན༴ དབུ་སྐྲ་ཐོར་ཚུགས་ལྷག་མ་གྲོལ། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་མཛད། །འདོམ་གང་འོད་ཀྱིས་རབ་མཛེས་མ། །ཡུམ་ཆེན༴ །མཚན་དང་དཔེ་བྱད་ནོར་བུས་བརྒྱན། །སྣ་ཚོགས་དར་གྱི་ལྷབ་ལྷུབ་ཅན། །རྣམ་སྣང་མཛད་ཀྱིས་དབུ་བརྒྱན་པ། །ཡུམ་ཆེན༴ དངོས་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས། །བཅོམ་ལྡན་གཟའ་ཡུམ་ཁྱེད་མཆོད་ཀྱིས། །བདག་ལ་གཟའ་རྣམས་དགྱེས་པར་མཛོད། །ཅེས་གཙོ་མོའི་བསྟོད་པ་འདི་ས་པཎ་གྱིས་མཛད་ཅེས་ལྷན་ཐབས་ལས་འབྱུང་ངོ་། །འཁོར་རྣམས་ལ། ལི་ཁྲིའི་མདོག་མཚུངས་རབ་མཛེས་ཤིང་། །ཤིང་རྟའི་སྟེང་ན་ཉི་དཀྱིལ་བཞུགས། །པདྨ་དམར་པོའི་སྡོང་བུ་འཛིན། །གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ། །ཀུནྡྷ་ལྟར་དཀར་ཟླ་བ་ནི། །བསིལ་ཟེར་བྱེད་པའི་དབུས་ན་བཞུགས། །ཀུ་མུ་ཏ་ཡི་སྡོང་བུ་འཛིན། །ཞི་མཛད་དེ་ལ་ཕྱག་འཚལ་ལོ། །མིག་དམར་པདྨ་རཱ་གའི་མདོག །ར་སྐྱེས་ཞོན་ཞིང་ཁྲོ་ཚུལ་ཅན། །གྲི་གུག་དང་ནི་མི་མགོ་འཛིན། །མཐུ་ཆེན་དེ་ལ༴ གཟའ་ལྷག་མ་རྒད་ལྟར་ལྗང་ཞིང་། །པདྨ་ལ་གནས་ཞི་བའི་སྐུ། །མཛེས་ཤིང་རབ་སྒེག་མདའ་གཞུ་འཛིན། །བདེ་མཛད་དེ་ལ༴ དྲང་སྲོང་ཕུར་བུ་གསེར་མདོག་ཅན། །གླང་ཆེན་སྟེང་ན་རོལ་པས་བཞུགས། །བགྲང་ཕྲེང་རིལ་བ་སྤྱི་བླུགས་འཛིན། །ཐུགས་རྗེ་ཅན་ལ༴ པ་སངས་གངས་རིའི་མདོག་མཚུངས་པ། །པདྨ་ལ་གནས་བཞད་པའི་ཞལ། །ཤེལ་ཕྲེང་དང་ནི་རིལ་བ་འཛིན། །ཕན་མཛད་དེ་ལ༴ སྤེན་པ་མིག་སྨན་ལྟར་གནག་ཅིང་། །ལྟོ་འཕྱེ་ལ་ཞོན་འཇིགས་པའི་གཟུགས། །ཕྲེང་བ་དང་ནི་དབྱུ་གུ་འཛིན། །མཐུ་ཆེན་དེ་ལ༴ ལྷ་མིན་དབང་པོ་སྒྲ་གཅན་ནི། །སྐུ་མདོག་དམར་ནག་འཇིགས་ཆེན་པོ། །ཕྱག་གཉིས་ཉི་མ་ཟླ་བ་འཛིན། །སྟོབས་ཆེན་དེ་ལ༴ །ཏོག་ནི་བྲག་རིའི་སྟེང་ན་བཞུགས། །ཁ་དོག་སྐྱ་སངས་དྲག་པོའི་གཟུགས། །རལ་གྲི་དང་ནི་སྦྲུལ་ཞགས་འཛིན། །གཏུམ་ཆེན་དེ་ལ༴ མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་པོ། །གདུལ་དཀའ་མ་ལུས་འདུལ་མཛད་པའི། །རྡོ་རྗེ་བསྣམས་ལ། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ༴ །གཞོན་ནུའི་སྐུ་ལུས་འཆང་པ་པོ། །ཡེ་ཤེས་སྒྲོན་མེ་རབ་ཏུ་གསལ། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ༴ རྒྱལ་བའི་བསྟན་པ་ལེགས་སྲུང་བའི། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །མིག་མི་བཟང་དང་རྣམ་ཐོས་སྲས། །འཁོར་དང་བཅས་ལ༴ །སྔོན་གྱི་ལེགས་སྤྱོད་ལས་གྲུབ་ཅིང་། ། མཐུ་དང་རྫུ་འཕྲུལ་མཐའ་ཡས་པ། །རང་རང་ཕྱོགས་དང་དུས་སྐྱོང་པའི། །རྒྱུ་སྐར་རྣམས་ལ་ཕྱག་འཚལ་ལོ། །བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། འཁོར་གྱི་བསྟོད་པ་ཕལ་ཆེར་གྲྭ་ལྔའི་དཀྱིལ་ཆོག་ལས་བཏུས་པའོ། །གཏོར་མ་རྣམས་ཆབ་གྱིས་བྲན། བསངས་སྦྱངས། རྡོ་རྗེ་བསྟམས་པའི་རྒྱ་འདེགས་པའི་ཚུལ་དང་བཅས། །ༀ་ཨཱ་ཀ་རོ་སོགས་ལན་གསུམ་གྱིས་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ༀ་སརྦ་བིདྱཻ་སརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། སརྦ་གྲ་ཧ། ནཀྵ་ཏྲ། སརྦ་བྷུ་ཏི་བྷྱཿ ཨི་དཾ་བ་ལིཾགྲྀ་ཧྞ་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་ལན་གསུམ་གྱིས་གཙོ་འཁོར་ཐམས་ཅད་ལ་དབུལ། ༀ་བྷ་ག་ཝ་ཏཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡ་པྲ་ཏིཙྪ་སྭཱ་ཧཱའི་བར་གྱིས་མཆོད། བཅོམ་ལྡན་འདས་མ་གཟའ་རྣམས་ཀུན། །འདུལ་ཕྱིར་རྒྱལ་བ་གཟའ་རྣམས་ཀྱི། །ཚུལ་དུ་བསྐྱེད་མཛད་ཐུགས་རྗེ་ཅན། །ཡུམ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །བསྟོད་པར་འོས་པ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་མ་འཁོར་དང་བཅས་པས་བདག་དང་སེམས་ཅན་ཐམས་ཅད་གཟའ་དང་རྒྱུ་སྐར་དང་། གདོན་དང་འབྱུང་པོའི་གནོད་པ་ཐམས་ཅད་ལས་སྲུང་བ་དང་ཞི་བར་མཛད་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ། ཆ་གསུམ་གཏོར་མ་སྤྱི་ལྟར་ལ་ཕྱོགས་འབྱུང་གཉིས་ཀྱི་མགོར་འབྲུ་གསུམ་ལན་གསུམ་རེ་བརྗོད་པས་བྱིན་གྱིས་བརླབས། བདེན་བ་དར་གྱི་སྔོན་དུ་ཨ་མྲྀ་ཏ་བཟླ་གཞན་པ་འདྲའོ། །སྙན་གསན་དབབ་པ་ནི། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་པས། བཅོམ་ལྡན་འདས་མ་གཟའ་རྣམས་ཡུམ། །རིག་པའི་རྒྱལ་མོར་ཕྱག་འཚལ་བསྟོད། དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། །མགོན་པོ་བདག་ནི་འདྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་ལ་མཆོད་པ་བྱ་བའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་བཀའ་དྲིན་མཛད་པར་འོས། །འགྲོ་བ་འཁོར་ལོའི་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང་། །སྔགས་ཀྱི་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་སུ་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །རིག་པ་ཆེན་མོའི་དཀྱིལ་འཁོར་འདི། །འགྲོ་བ་དག་ཕྱིར་བདག་འབྲི་བས། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེས་ཐུགས་དཔག་མཛད་ནས་ཀྱང་། །དཀྱིལ་འཁོར་པར་བཅས་ཐམས་ཅད་ཀྱིས། །ཐུགས་རྗེས་དགོངས་ཏེ་གནང་བར་མཛོད། ཅེས་ལན་གསུམ་གྱིས་སྙན་གས ན་ཕབ་པའི་མཐར། རིག་པ་འཛིན་པ་ཁྱོད་གཞན་དོན་རྒྱ་ཆེ་བར་གྱིས་ཤིག །ཅེས་གནང་བ་བྱིན་པར་བསམ་མོ། །བུམ་པ་སྟ་གོན་ནི་རྣམ་རྒྱལ་བུམ་པའི་སྟེང་དུ་མཆོད་ཡོན་གཟུངས་རྡོར་བཅས་བཞག་ལ། བསང་སྦྱང་། སྟོང་པའི་ངང་ལས་པྂ་ལས་པདྨ་དང་། ཨ་ལས་ཟླ་བའི་གདན་གཉིས་ཀྱི་སྟེང་དུ་བྷྲཱུྂ་ལས་རིན་པོ་ཆེའི་བུམ་པ་གཉིས་ཡངས་ཤིང་རྒྱ་ཆེ་བ་ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་ཡོངས་སུ་གྱུར་པ་སོགས་ནས་སོ་སོ་ལ་ཐིམ་པར་གྱུར། ཛཿཧཱུྃ་བྂ་ཧོཿ ཞེས་པའི་བར་གོང་བཞིན་ལ། སྒོ་ཞེས་པའི་ཚིག་རྣམས་དོར་ལ། ཕྱོགས་བཞིར་པདྨ་དང་ཟླ་བའི་གདན་རེ་རེའི་སྟེང་དུ་ཤར་དུ་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་སོགས་དང་། ལྷོར་ཕྱག་ན་རྡོ་རྗེ་སོགས། ནུབ་ཏུ་འཇིག་རྟེན་དབང་ཕྱུག་སོགས། བྱང་དུ་འཇམ་པའི་དབྱངས་སོགས་བརྗོད། དེ་དག་གི་ཕྱི་རོལ་གྱི་ཕྱོགས་བཞིར་རིན་པོ་ཆེའི་ཁྲི་སོགས་བརྗོད་པ་མ་གཏོགས་གཞན་འདྲའོ། །ལས་བུམ་དུ་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ་གཡས་སྣ་ཚོགས་རྡོ་རྗེ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ་ཅུང་ཟད་ཁྲོས་པའི་ཉམས་ཅན། དར་གྱི་ཤམ་ཐབས་དང་། རིན་པོ་ཆེས་སྤྲས་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་གཟའ་ཡུམ་གྱི་ལྷ་ཚོགས་བདུད་རྩི་འཁྱིལ་པ་དང་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་སོགས་ནས། གཙོ་མོ་ལ་རྣམ་པར་སྣང་མཛད། འཁོར་རྣམས་ལ་རྡོ་རྗེ་སེམས་དཔའ། བདུད་རྩི་འཁྱིལ་པ་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་ཞེས་བརྗོད། ༀ་བྷ་ག་ཝ་ཏི་སརྦ་བིདྱཻ་ས་པའི་རི་ཝཱ་ར་རེ་རེའི་མགོར་སྦྱར་བའི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་བར་དང་། དྷརྨ་ར་ཎིི་ཏ་སོགས་བརྗོད། བཅོམལྡན་འདས་མ་གཟའ་རྣམས་ཀུན་སོགས་དང་། བསྟོད་པར་འོས་པ་སོགས་དང་། འཇིགས་པའི་ཧཱུྃ་སྒྲ་སོགས་ཀྱིས་བསྟོད། བདག་གི་ཞལ་ནས་འོད་ཟེར་དམར་པོ་བྱུང་། གཟུངས་ཐག་ལ་ཞོན་ཏེ་སོང་། བུམ་ནང་གི་ལྷ་ལ་ཕོག་པས་བདག་གི་དབང་དུ་འདུས་ཤིང་། བ་སྤུའི་བུ་ག་ནས་བདུད་རྩི་རྒྱུན་འཛག་པས་བུམ་པ་གང་བར་བསམས་ལ། རྣམ་རྒྱལ་ལ། ༀ་སརྦ་བིདྱཻ་སོགས་སྔགས་ཚང་མ་དང་། ལས་བུམ་ༀ་ཨམྲྀ་ཏེ་ཧཱུྃ་ཕཊ་ཅེས་པ་རྣམས་ཅི་ནུས་རེ་བཟླ། གོང་ལྟར་མཆོད་ཅིང་བསྟོད། བཅོམ་ལྡན་འདས་མ་འཁོར་དང་བཅས་པས་སོགས་གོང་ལྟར་གསོལ་བ་གདབ། ཡིག་བརྒྱ་ལན་གསུམ་དང་མ་འབྱོར་པ་སོགས་ཀྱི་མཐར། ༀ་ཨཱཿཧཱུྃ་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་ལས་བུམ་པའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར་ཅེས་བརྗོད། སློབ་མ་སྟ་གོན་ནི། ཚོམ་བུའི་དཀྱིལ་འཁོར་ཡོལ་བས་བསྒྲིབས་ཏེ་སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱས། གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་གྲུབ་ནས་སེམས་བསྐྱེད་གསལ་གདབ་ལ། དེ་ཡང་རྒྱལ་བ་ཐབས་མཁས་ལ། ཐུགས་རྗེ་ཆེན་པོ་དང་ལྡན་པ། དེ་ཉིད་ཀྱིས་གདུལ་བྱའི་ཁམས་དང་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་སྤྲོ་བར་མཛད་པ་ཐམས་ཅད་ཀྱང་ཐེག་པ་ཆེ་ཆུང་གཉིས་སུ་འདུ་ལ། ཐེག་ཆེན་ལའང་ཕ་རོལ་དུ་ཕྱིན་པ་དང་སྔགས་ཀྱི་འཇུག་སྒོ་གཉིས་སུ་ཡོད་ཅིང་། ཕྱི་མ་ལའང་རྒྱུད་ཐ་དད་ཀྱི་ཚིག་ཟིན་པ་ལྟར་གྲུབ་པའི་སློབ་དཔོན་རྣམས་ཀྱིས་རྒྱུད་སྡེ་གཉིས་དང་གསུམ་དུ་བསྒྲུབ་དང་། བཞི་དང་ལྔ་སོགས་སུ་ཕྱེ་བ་སྟེ་འཇོག་ཚུལ་དུ་མ་ཞིག་མཛད་མོད། ཡོངས་སུ་གྲགས་པ་རྒྱུད་སྡེ་བཞིར་བཞེད་བའི་ལུགས་ལྟར་ན། འདིར་རིག་སྔགས་འཆང་གི་སྡེ་སྣོད་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་པ་བྱ་བའི་རྒྱུད་ཡིན། དེའང་རིགས་དྲུག་ཏུ་ཡོད་པ་ལས་དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་ཡིན། དེ་ལའང་དུ་མ་ཞིག་ཡོད་པ་ལས་འདིར་གཟའ་ཐམས་ཅད་ཀྱི་ཡུམ་གྱི་གཟུངས། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིརླུ་པའི་ཞལ་སྔ་ནས་བཀྲལ་ཞིང་། ཟ་ཧོར་གྱི་པཎྜི་ཏ་ཆེན་པོ་ཞི་བ་འཚོ་ནས་འཁོན་ནཱ་གེཎྡྲ་རཀྵི་ཏ་ལ་བརྒྱུད་དེ་འཁོན་གདུང་རབས་གོང་མ་རྣམས་ལ་བཀའ་བབས་པའི་རྗེ་བཙུན་མ་རིག་པ་ཆེན་མོའི་དཀྱིལ་འཁོར་དུ་སྤྱོད་བརྒྱུད་དང་མཐུན་པའི་ཆོ་གས་མངོན་པར་དབང་བསྐུར་སྒྲུབ་པར་བྱེད་པ་ལ་སྟ་གོན་དང་དངོས་གཞི་གཉིས་ཀྱི་དང་པོ་ལའང་ས་གཞི་རུ་ཡོད་པ་ལས། ས་ལྷ་དང་། ལྷ་དང་། བུམ་པ་སྟ་གོན་གསུམ་ནི་ཁོ་བོས་སྔོན་དུ་ལེགས་པར་གྲུབ་ཟིན་པ་ཡིན། ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མ་སྟ་གོན་ལ་ཆོས་བཅུ་བཞི་ཡོད་པ་ལས། དང་པོ་ལུས་ཀྱི་བྱ་བ་ཁྲུས་བྱས། ཕྱག་དང་འཇུག་པའི་ཡོན་ཕུལ་ནས་རང་རང་གི་གྲལ་ལ་སྙིམ་པ་མེ་ཏོག་དང་བཅས་པས་འཁོད་དེ། སློབ་དཔོན་ལ་རྗེ་བཙུན་གཟའ་ཐམས་ཅད་ཀྱི་ཡུམ་རིག་པ་ཆེན་མོ་དངོས་ཡིན་སྙམ་པས་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གཉིས་པ་རྣ་བ་གཏད་བར་བསྐུལ་བར་ནི། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པ་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་དང་། །བདེ་བར་གཤེགས་པ་རྣམས་ཀྱི་བྱིན་མི་རློབས། །ཞེས་གསུངས་པ་ལྟར། ཆོས་ཀྱི་ཚིག་དོན་ལ་ཡིད་མི་གཏོད་པ་སྣོད་ཁ་སྦུབས་ལྟ་བུའི་སྐྱོན་དང་། ཡིད་གཏད་ཀྱང་ངན་པ་དང་ཤེས་བཞིན་གྱིས་མི་འཛིན་པ་སྣོད་ཞབས་རྡོལ་ལྟ་བུའི་སྐྱོན་དང་། དྲན་པ་ཤེས་བཞིན་གྱིས་བཟུང་ཡང་རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་པ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ཡིད་བསྡུས་དང་། །སྐྱོ་བས་ཉན་པའི་དྲི་མ་ཡིན། །ཞེས་འབྱུང་བ་ལྟར་དྲི་མ་དྲུག་པོ་གང་རུང་དང་ལྡན་པ་ནི་སྣོད་དྲི་མ་ཅན་གྱི་སྐྱོན་ཏེ་སྣོད་ཀྱི་སྐྱོན་གསུམ་སྤངས་ནས་གཞན་ཕན་བྱང་ཆུབ་སེམས་དང་ལྡན་པས་ལེགས་པས་གསན་འཚལ་ཞེས་པའི་དོན་ཡིན། གསུམ་པ་མྱང་འདས་ཀྱི་བསམ་པ་བརྟན་པོ་བསྐྱེད་དུ་གཞུགས་པ་ནི། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདི་ནི་གཞུགས་པར་བྱ། །བསོད་ནམས་འདོད་པ་དེ་ལས་གཞན། །བདག་གཞན་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུང་བྱ་སྟེ། འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །འབད་པ་མེད་པ་འདི་འབྲས་འགྲུབ། །ཞེས་གསུངས་ཏེ། དེའི་དོན་ནི་དཀྱིལ་འཁོར་དུ་བཞུགས་པའི་སྐབས་ཀྱི་དོན་ཚེ་འདིར་ཚེ་རིང་བ་དང་ཕྱི་མ་ལྷ་མིའི་གོ་འཕང་ཙམ་དང་། འཁོར་བ་སྤངས་པའི་ཉན་རང་ཙམ་དོན་དུ་གཉེར་བའི་སྒོ་ནས་མ་ཡིན་པར་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་སླད་དུ་དཀྱིལ་འཁོར་འདིར་བཞུགས་ལ་དབང་བླངས་ཏེ་དམ་ཚིག་ལ་སྲུང་སྡོམ་བགྱི་སྙམ་པར་མཛོད། བསམ་པ་དེ་ལྟ་བུ་ཞིག་སྐྱེས་ན་ཚེ་འདིའི་ནད་གདོན་ཞི་བ་དང་ཕྱི་མ་ལྷ་མའི་གོ་འཕང་ཞར་བྱུང་བ་ཡིན་ནོ། །བཞི་པ་ཁྱད་པར་ཅན་གྱི་དོན་ཞུ་བའི་སླད་དུ་བླ་མ་དང་རྗེ་བཙུན་མ་གཟའ་ཐམས་ཅད་ཀྱི་ཡུམ་རིག་པ་ཆེན་མོ་གཉིས་སུ་མེད་པར་བཞུགས་པ་ལ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་། རིགས་འཛིན་སྔགས་ཀྱི་དམ་ཚིག་རྣམས་ཀྱང་སྩལ་དུ་གསོལ་སྙམ་པས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས། ལན་གསུམ་མཛོད། དགའ་ཆེན་ཁྱོད་བདག །སོགས་ལན་གསུམ་ལྔ་པ་སྔགས་ཀྱི་ཐེག་པ་ལ་སྤྲོ་བ་བསྐྱེད་པ་འདི་ལ་གསན་པས་ཁྱད་པར་གདའ་སྟེ། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ཏེ། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དོ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེས་བཅོམ་སྟེ། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་གསུངས་ཏེ། དེའི་དོན་ནི་ཁྱེད་རྣམས་ལ་བུ་ཞེས་ཉེ་བའི་ཚིག་གིས་བོས་ཏེ། ཁྱེད་རྣམས་ཆེན་པོ་བདུན་དང་ལྡན་པའི་ཐེག་ཆེན་གྱི་ཆོས་ཀྱི་སྣོད་ཡིན་ལ། ཐེག་ཆེན་ལའང་རྒྱུ་འབྲས་གཉིས་ལས་མཆོག་ཏུ་གྱུར་པ་རྡོ་རྗེ་ཐེག་པ་ཁོ་བོས་ཁྱོད་ལ་བསྟན་པར་བྱ་སྟེ། རྡོ་རྗེ་ཐེག་པ་འདིར་ནི་སྤྱིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་ཞིང་། ཁྱད་པར་དུའང་འོ་སྐོལ་རྣམས་ཀྱི་སྟོན་པ་ཤཱཀྱའི་རྒྱལ་པོ་འདི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་སྔགས་ཀྱི་ལམ་ལ་བརྟེན་ནས་བདུད་བཏུལ་ཞིང་འོག་མིན་དུ་སངས་རྒྱས་སུ་ཟིན་ཀྱང་འཇིག་རྟེན་པ་རྣམས་དྲང་བའི་ཕྱིར་དུ་སངས་རྒྱས་པའི་ཚུལ་བསྟན་པ་ཡིན་པས་ཆོས་ཀྱི་བུར་གྱུར་པ་ཁྱེད་རྣམས་སྔགས་ཀྱི་ཐེག་པ་ལས་བློ་གྲོས་གཞན་དུ་མི་འགྱུར་བ་གྱིས་ཤིག །ཅེས་པའི་དོན་ཡིན་ནོ། །དྲུག་པ་རྒྱུན་བཤགས་སྔོན་དུ་འགྲོ་བའི་སེམས་བསྐྱེད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་མ་གཟའ་ཐམས་ཅད་ཀྱི་ཡུམ་རིག་པ་ཆེན་མོའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བར་མོས་ནས། དེ་དག་གི་སྤྱན་སྔར་བདག་དང་མཐའ་ཡས་པའི་སེམས་ཅན་རྣམས་འཁོད་ནས་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱིད་སྙམས་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་བགྱིད་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་སོ་སོར་བཤགས་ཤིང་ཡང་མི་བགྱིད་དོ། །ཞེས་ལན་གསུམ། འཁོར་འདས་དུས་གསུམ་གྱི་དགེ་རྩ་ལ་དགའ་ཞིང་། ཕྲག་དོག་མེད་པར་རྗེས་སུ་ཡི་རང་བར་བགྱིའོ། །སྙམས་པས་འདིའི་རྗེས་ཟློས། ཕྱོགས་བཅུ་ན་བཞུགས་པའི་སོགས་ནས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སོ་སོའི་སྐྱེ་བོ་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ལ་དགའ་ཞིང་ཡི་རངས་བར་བགྱིའོ། །ཞེས་ལན་གསུམ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་ལ་སོགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་དེ་དག་ལ་སེམས་ཅན་གྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། དགོངས་སུ་གསོལ་དང་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་ལྷ་དང་མི་རྣམས་ཀྱི་སྟོན་པ་སྲས་དང་བཅས་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་དེ་དག་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་སོ་ལན་གསུམ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ་སྙམ་པས་འདིའི། དགོངས་སུ་གསོལ་དང་། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་ལ་དེ་དག་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ་ལན་གསུམ། རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་ལ་དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་དེའི་བསླབ་བྱ་ལ་སློབ་སྙམ་པས་འདིའི། དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་ཚོགས་ཀྱི་མཆོག་དགེ་འདུན་ལ༴ གསང་སྔགས་དང་རིགས་སྔགས་དང་ཡི་དམ་གྱི་ལྷ་དང་བླ་མ་དམ་པ་རྣམས་ལ། ལན་གསུམ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པས་འདིའི། དགོངས་སུ་གསོལ་དང་། བདག་མིང་འདི་ཞེས་བགྱི་བ་ནས་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་གྲོལ་བར་བགྱི་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་འབྱུང་བ་དང་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པར་བྱ་བའི་ཕྱིར་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བྱང་ཆུབ་ཆེན་པོ་སྨོན་པའི་སེམས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་སེམས་བསྐྱེད་པར་བགྱིའོ། །ལན་གསུམ། དེའི་ཆེད་དུ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབས་ཅིང་རྡོ་རྗེ་ཐེག་པའི་ཐབས་ཚུལ་རྣམས་ལ་རིམ་པ་བཞིན་དུ་བསླབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དགོངས་སུ་གསོལ་དང་། བདག་མིང་འདི་ཞེས་བགྱི་བས་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་ལ་ཇི་ལྟར་བསླབ་པ་དང་། མ་བྱོན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་སློབ་པར་འགྱུར་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསླབ་པ་དེ་བཞིན་དུ་བདག་གིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པར་བྱ་བ་ལ་བསླབ་པར་བགྱིའོ། །ལན་གསུམ། སྨོན་འཇུག་བརྟན་པའི་ཕྱིར་དུ་འདིའི་རྗེས་ཟློས། ཇི་ལྟར་དུས་གསུམ་མགོན་པོ་རྣམས་སོགས་ནས། སོ་སོར་བརྟན་པོ་བཟུང་བར་བགྱི། ལན་གསུམ། དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་དེས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་པས་འདིའི། འཇམ་དཔལ་དཔའ་བོས་སོགས་ནས། རབ་ཏུ་བསྔོ། ལན་གསུམ། ཞེས་རྒྱུད་དག་པར་བྱས་ནས་བདུན་པ་སེམས་བསྐྱེད་པའི་སློབ་མ་ལ་བར་ཆད་བསྲུང་བའི་སླད་དུ་སློབ་དཔོན་གྱི་རྡོ་རྗེ་དང་བཅས་པའི་དྲི་ཆུའི་ཁྱེད་རང་རྣམས་ཀྱི་སྤྱི་བོར་རེག་ཅིང་། ༀ་ཨམྲྀ་ཏེ་ཧཱུྃ་ཕཊ་ཅེས་བརྗོད་ཅིང་། སློབ་དཔོན་གྱི་ཐུགས་ཀ་ནས་ནས་འོད་ཟེར་བྱུང་སློབ་མ་རྣམས་ཀྱི་སྤྱི་བོར་ནས་ཞུགས་པས་མ་དག་པ་སྡིག་སྒྲིབ་སྦྱང་བར་བསམ། འདིར་སློབ་དཔོན་གྱི་རྡོ་རྗེ་ཕྱིར་བསྔམས་གུང་མི་གཉིས་སྤྲེང་སྟེ་སློབ་མའི་སྙིང་ཁར་གཏད་ཅིང་། ༀ་སརྦ་བིདྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཞེས་བརྗོད་པའི་རྐྱེན་གྱིས་ཁྱེད་རང་རྣམས་སྐད་ཅིག་གིས་རྗེ་བཙུན་མ་རིག་པ་ཆེན་མོ་སྐུ་མདོག་སྟོན་ཟླ་ལྟར་དཀར་བ་ཞལ་གསུམ་ཕྱག་དྲུག་མ། རྩ་ཞལ་དཀར་བ། གཡོན་ཞལ་དམར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མངའ་བ། ཕྱག་དང་པོ་གཉིས་ཀྱི་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་ཀྱི་གཉིས་པ་ན་རྡོ་རྗེ། གསུམ་པ་ན་མདའ། གཡོན་གྱི་གཉིས་པ་ན་པདྨ། གསུམ་པ་ན་གཞུ་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུ་ཅན་དུ་གྱུར་པ་ལ་སློབ་དཔོན་གྱིས་དྲིའི་ཆུ་ཁྱེད་རང་གི་གནས་གསུམ་དུ་རེག་ཏེ་ༀ་ཨཱཿཧཱུྃ་ཞེས་བརྗོད་པས་དཔྲལ་བར་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་ཨཱཿཡིས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་རྣམས་ལམ་གྱིས་བྱུང་བར་མོས་པ་མཛོད། བརྒྱད་པ་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་གྱིས་བརླབས་པ་དེ་མཆོད་ཡུལ་དུ་བཟུང་བ་ཡིན་པས་སློབ་དཔོན་གྱི་མེ་ཏོག་དབུ་ལ་ཕུལ་ཏེ་མཆོད་པའི་མོས་པ་མཛོད། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་དང་། བདུག་སྤོས་ཤངས་ལ། དྷུཔྤེ། མར་མེ་སྤྱན་ལམ་དུ། ཨ་ལོ་ཀེ །དྲིའི་བྱུགས་པ་ཐུགས་ཀར། གནྡྷེ། ཞལ་ཟས་ལྗགས་ལ་ཕུལ་ཏེ། ༀ་བཛྲ་ནཻ་ཝི་དེ་ཨཱཿཧཱུྃ། ཞེས་པས་མཆོད་ནས། དགུ་པ་དངོས་གྲུབ་ཀྱི་མཚན་ལྟས་བརྟགས་པའི་ཕྱིར་སོ་ཤིང་སྤྱིན་པ་ནི། སོ་ཤིང་ལས་བུམ་གྱི་ཆུ་དང་ཨམྲྀ་ཏས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སོ་ཤིང་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་གི་ཅོད་པན་དང་བཅས་པ་རྡོ་རྗེ་སློབ་མ་རྣམས་ཀྱི་དངོས་གྲུབ་ཀྱི་མཚན་ལྟས་བརྟགས་པའི་ནུས་པ་དང་ལྡན་པར་གྱུར། ༀ་ཨཱཿཛི་ཧཱ་བཾ་ཝརྡྷ་ནི་སྭཱ་ཧཱ། ཞེས་པས་བྱིན་གྱིས་རླབས་པ་དེ་ཁྱེད་རྣམས་ཀྱི་ཕྱག་ཐལ་མོ་སྦྱར་བའི་བར་དུ་དངོས་གྲུབ་ཀྱི་མཚན་མ་བརྟགས་པའི་སླད་དུ་བྱིན་པར་མོས་པ་མཛོད། ཞེས་དང་གོང་གི་སྔགས་བརྗོད་ཅིང་བྱིན། དེས་སོ་དྲུད་བས་རྩེ་མོའི་མེ་ཏོག་ལས་འོད་ཟེར་བྱུང་བ་ཞལ་ནས་བརྒྱུད་དེ་ཁོང་པར་སོང་ནས་ཚེ་ཐོག་མ་མེད་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྨན་པ་མཁས་པས་སྐྱུགས་སྨན་བཏང་བ་བཞིན་སྐྱུགས་པར་མོས་ཏེ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དྲི་བཟང་གི་མཎྜལ་ཁྲུ་གང་གྲུ་བཞི་པ་མེ་ཏོག་གི་ཚོམ་བུ་ལྔ་བཀོད་པའི་སྟེང་དུ་ཁྱེད་རང་རྣམས་ཁ་ཤར་རཾ་བྱང་དུ་ཕྱོགས་པས་ༀ་བཛྲ་ཧ་ས་ཧ་ཞེས་བརྗོད་ཅིང་ཐལ་མོ་ཁ་ཕྱེས་ལ་ལྟོས་པ་མེད་པར་དོར་ཤིག །དེ་ལྟར་དོར་བས་རྩེ་མོ་ཤར་དུ་བསྟན་ན་ཞི་བ། ལྷོར་མངོན་སྤྱོད། ནུབ་ཏུ་དབང་། བྱང་དུ་རྒྱས་པ། མཚམས་རྣམས་སུ་ཕྱོགས་ན་བུམ་པ་བཟང་པོ་ལ་སོགས་པའི་དངོས་གྲུབ་ཕྲན་ཚེགས། འོག་ཏུ་ཕྱོགས་ནས་འོག་གི་དངོས་གྲུབ། སྟེང་ངམ་རང་དང་བླ་མ་ལ་བལྟས་ན་མཆོག་འགྲུབ་བོ། །ཞེས་བརྗོད། བཅུ་པ་རྨི་ལམ་གསལ་པོ་འབྱུང་བ་དང་སྒོ་གསུམ་གྱི་དྲི་མ་སྦྱངས་བའི་ཕྱིར་ཁྱོར་ཆུ་སྦྱིན་པ་ནི། དུང་ཆོས་སུ་དྲི་བཟང་སྦྱར་བ། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཞེས་ཉེར་གཅིག་གིས་བྱིན་གྱིས་རླབས་ནས། ༀ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཿསརྦ་པཱ་པཾ་ནིཤྩ་སྱཱ་སཾ་ཤོདྷ་ཡ་བ་ཀ་ཝཱན་ཨ་པ་ན་ཡེ་ཧཱུྃ་ཞེས་པའི་གཡས་པའི་ཁྱོར་བར་ལན་གསུམ་སྦྱིན། བཅུ་གཅིག་པ་བར་ཆད་བསྲུང་བའི་སླད་དུ་སྲུང་སྐུད་སྦྱིན་པ་ནི། བུམ་ཆུ་གཏོར་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲད་བུ་དམར་པོ་སློབ་མའི་ལུས་ཚད་དང་མཉམ་པའི་སུམ་བསྒྲིལ་བྱས་པར་རྡོ་རྗེའི་མདུད་པ་གསུམ་གྱིས་བཏབ་པ་རྡོ་རྗེ་སློབ་མ་རྣམས་ཀྱི་སྒོ་གསུམ་གྱི་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་གྱུར་། སློབ་དཔོན་གྱི་སྙིང་གིའི་ཧཱུྃ་ལས་འོད་ཟེར་འཕྲོས་སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུའི་ཚོགས་སྤྱན་དྲངས་ཏེ་དམ་ཚིག་གི་སྲད་བུ་ལ་ཐིམ་པར་བསམ་ལ། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ལན་གསུམ་བཟླས་པས་བྱིན་གྱིས་རླབས་ནས་གཙོ་བོའི་སྔགས་ཀྱིས་དཔུང་པ་གཡོན་དུ་ཉིས་སྐོར་གྱིས་འཆིངས། ལས་བུམ་གྱི་ཆུས་གཏོར་ལ། ཡི་གེ་བརྒྱད་པའམ། ༀ་སརྦ་བུདྡྷ་མེ་྄རཀྵཿརཀྵ་ཀུ་རུ་ཧཱུྃ། ཅེས་དང་། སརྦ་བུདྡྷ་ཨདྷིཥྛ་ན་ཨདྷིཥྛི་ཏེ་སྭཱ་ཧཱ། ཞེས་བརྗོད། བཅུ་གཉིས་པ་རྨི་ལམ་མི་འཁྲུགས་པའི་ཕྱིར་ཀུ་ཤའི་སྔས་སྦྱིན་པ་ནི་བསངས་སྦྱངས། སྟོང་པའི་ངང་ལས་དྷིཿདང་ཧ་ལས་བྱུང་བའི་ཀུ་ཤ་ཆེ་ཆུང་རྩ་བ་དང་རྩེ་མོ་མ་ཉམས་པ་རྡོ་རྗེ་སློབ་མ་རྣམས་ཀྱི་རྨི་ལམ་མི་འཁྲུགས་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར་ཞེས་པས་བྱིན་གྱིས་རླབས་པའི་ཀུ་ཤ་ཆུང་བ་སྔས་ཀྱི་དོན་དུ་དྷིཿཞེས་པས་ལག་པ་གཡས་དང་ཆེ་བ་སྟན་གྱི་དོན་དུ་ཧ་ཞེས་པས་གཡོན་དུ་སྦྱིན་ནོ། །བཅུ་གསུམ་པ་ཆོས་ཟབ་མོ་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་བ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་པ་ཆེན་པོ་བ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་གསུངས་ཏེ། དེའི་དོན་ནི་འཇིག་རྟེན་ན་ཨུ་དུམ་ཝཱ་རེའི་མེ་ཏོག་དཀོན་པ་ལྟར་སངས་རྒྱས་བྱོན་པ། བྱོན་ནས་ཆོས་གསུངས་པ། གསུང་པའི་བསྟན་པ་ལ་གནས་པ། །བསྟན་པའི་རྗེས་སུ་བདག་གཞན་འཇུག་པ་ཡོད་པ་རྣམས་དཀོན། དེའི་ནང་ནས་ཀྱང་གསང་སྔགས་ཀྱི་ཐེག་པ་དང་མཇལ་བ་ཤིན་ཏུ་དཀོན་ཞིང་། དཀོན་པ་དེ་ཡང་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་ཏེ། དཀྱིལ་འཁོར་དུ་ཞུགས་ཏེ་དབང་བླངས་ནས་དམ་ཚིག་ལ་བསྲུང་སྡོམ་དང་ལམ་ལ་འབད་པར་བྱས་ན་བརྩོན་འགྲུས་བསྟན་པའི་བྱེ་བྲག་གིས་ཚེ་འདི་འམ་བར་དོའི་སྐྱེ་བ་བདུན་ནམ། བཅུ་དྲུག་ཚུན་ཆད་ན་འབྲས་བུ་འགྲུབ་པར་གསུངས་པས། མཐའ་ཐུགས་ཀྱི་འབྲས་བུ་ལ་ཉེ་ཞིང་གནས་སྐབ་ལས་ཀྱི་འབྲས་བུ་ཚེ་འདིར་ཚེ་རིང་པ་དང་ནད་དང་སྡུག་བསྔལ་ཞི་བ་ལ་སོགས་པའང་སྩོལ་སྒྲུབ་ལོགས་ནས་མི་དགོས་པར་ཞར་ལས་འབྱུང་བའི་ཚུལ་གྱིས་བསྒྲུབས་པ་ཡིན་རྙེད་དཀའ་བ་ལ་ཕན་ཡོན་ཆེ་བའི་གསང་སྔགས་ཀྱི་ཐེག་པ་དང་མཇལ་བ་འདི་སྐལ་པ་བཟང་བ་ཡིན་སྙམ་དུ་ཤེས་པའི་སྒོ་ནས་ལམ་ལ་འབད་པ་དང་དམ་ཚིག་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱི་སྙམ་པར་གྱིས། བཅུ་གཅིག་པ་རྨི་ལམ་བརྟགས་ཅིང་ངན་ན་བསྲུང་བ་ན། དོ་ནུབ་ཉལ་བའི་ཚེ་ན་ཉོན་མོངས་པ་དུག་གསུམ་གྱི་རྟོག་པ་སྤངས་ལ་ལྷ་དང་བླ་མ་ཡིད་ལ་དྲན་པའི་སྒོ་ནས་གློ་གཡས་ས་ལ་ཕབ་སྟེ། མགོ་ཤར་རམ་བྱང་དུ་སྟོན་ལ་ཉོལ་ཞིག །ལུང་སྟོན་པའི་རྨི་ལམ་འབྱུང་བར་འགྱུར་རོ། །དེ་ཡང་རྨི་ལམ་བཟང་བའི་ལྟས་ནི། སྤྱི་རྒྱུད་ལས། རྨི་ལམ་སངས་རྒྱས་མཐོང་ན་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་མཐོང་། །དེ་ལ་མཆོད་པ་བརྩམ་པ་དང་། །ཞེས་དང་ཁྱད་པར་མདོ་སྡེ་ཀློགས་པ་དང་། ཞེས་སོགས་གསུངས་པ་ལྟར། དེ་བཞིན་གཤེགས་པའི་སྐུ་གཟུགས་དང་། མཆོད་རྟེན་མཐོང་བ། དམ་པའི་ཆོས་ཀྱི་གླེགས་བམ་ལག་ཏུ་ཐོག་པ། འཕགས་པའི་དགེ་འདུན་གྱི་ལྔའི་དབུས་སུ་བཞུགས་པ། རང་གི་བླ་མ་དང་མཇལ་བ། དེ་ལས་ཆོས་ཉན་པ་ཉི་ཟླ་ཤར་བ། རྒྱལ་པོར་དབང་བསྐུར་བ་རྟ་གླང་པོ་ཆེ་ཞོན་པ་ལ་སོགས་པ་བྱུང་ན་བཟང་བ་ཡིན་པས་ཞེན་པ་མེད་པའི་དགའ་བ་སྒོམ་ཞིང་དགའ་སྟོན་བྱ། གལ་ཏེ་ངན་པ་ཡང་འབྱུང་སྲིད་དེ་དེའི་ལྟས་ནི། རྒྱ་སྐྱེག་གྱི་རི་ལ་འཛེགས་པ་ཀ་ར་ཝི་རའི་མེ་ཏོག་འཐུ་བ་མཆོད་སྡོང་དང་བྱེ་མ་དང་ཐལ་ཕུང་ལ་འཛེགས་པ། སྤྲེའུ་བོང་བུ་ཞོན་ནས་ཁ་ཕྱིར་ཕྱོགས་ཏེ་འགྲོ་བ་ཆུས་ཁྱེར་བ་སྐྲ་བྲེག་པ། ལུས་ལ་ཏིལ་མར་གྱི་བྱུག་པ་ལ་སོགས་པ་བྱུང་ན་ཅུང་ཟད་ངན་པ་ཡིན་པས་གཉིད་སད་མ་ཐག་ཏུ་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་དང་ཁྱད་པར་མེད་དོ། །དོན་ལ་གྲུབ་པ་ཅི་ཡང་མེད་ཅེས་བདེན་མེད་ཀྱི་སྦྱང་བས་རྒྱས་འདེབས་པ་དང་གཙོ་བོའི་སྔགས་དང་ལས་ཐམས་ཅད་པ་བརྒྱ་རྩ་བརྒྱད་བཟླ་བ་དང་ཞི་བའི་སྦྱིན་སྲེག་བླུགས་པ་ལ་སོགས་པའི་རྨི་ལམ་ངན་པ་བཟློག་པའི་ཐབས་ལ་འབད་པར་བྱ་དགོས་པ་ཡིན་ནོ། །དེ་རྣམས་ཀྱིས་སློབ་མ་སྟ་གོན་གྱི་ཆོས་རྣམས་སོང་ནས་འདིའི་དངོས་གཞི་སང་ཉིན་འབྱུང་བ་ཡིན་ནོ། །ཞེས་བརྗོད་ལ་སློབ་མ་རང་གནས་སུ་གཏང་ངོ་། །རྗེས་ནི་མཆོད་པ་རྣམས་ཁ་གསོས་ལ་བསང་སྦྱང་བྱིན་གྱིས་བརླབ། མཆོད་བསྟོད། འདོད་དོན། གསོལ་གདབ། ཡིག་བརྒྱ་ནོངས་པ་བཟོད་གསོལ་བཅས་གོང་གི་བུམ་ཆོག་ལྟར་བྱས་ལ། རྡོ་རྗེ་དྲིལ་བུ་འཛིན་པས་མཐེའུ་ཆུང་སྦྲེལ། མཛུབ་མོ་བརྐྱངས་ཏེ་རྩེ་སྤྲད་པ་སྤྱི་བོར་བཟློག་ཅིང་། ༀ་བཛྲ་བེ་གཱ་ཀྲ་མ་ཧོཿ སྟ་གོན་གྱི་ལྷ་རྟེན་དང་བརྟེན་པར་བཅས་པ་ནམ་མཁར་བཞུགས་པར་གྱུར། རང་གི་དཔྲལ་བར་ༀ་སོགས་ཀྱིས་བསྲུང་བ་དང་། བསྔོ་བ་བཀྲ་ཤིས་བཅས་བྱ་བ་ནི་སྟ་གོན་ནོ། །གཉིས་པ་དངོས་གཞི་ནི། སྔར་གྱི་ཚོམ་བུའི་ཤུལ་དུ་འདིའི་རས་བྲིས་རབ་གནས་ཅན་ཞལ་ཤར་དུ་ཕྱོགས་པར་བཀྲམ་པའི་མཐར་མཆོད་གཏོར་སྟ་གོན་ལྟར་ལས། ཆ་གསུམ་ཕྱི་རོལ་དུ་བཏང་བའི་དབང་དུ་བྱས་ནས་འདིར་བཤམ་མི་དགོས། སློབ་མ་ལ་དགོས་པའི་རིན་ཆེན་སྲོག་ཞུ། རྩ་ཆིངས། དར་དཔྱངས་བཅས་དང་། ཤོག་བུ་ལ་མཚལ་གྱིས་བྲིས་པའམ་པར་བཏབ་པའི་རྡོ་རྗེ་དྲིལ་བུ་ཆུང་ངུ་རེ། མིག་རས། མེ་ཏོག་གུ་གུལ་དཀར་པོ། ཉེར་སྤྱོང་ཚན་པ་ལྔ། མིག་ཐུར། མེ་ལོང་། འབུད་དུང་། འཁོར་ལོ། པུསྟི། དྲིལ་བུ་སོགས་འདུ་བྱས་ལ་སྔོན་འགྲོའི་གཏོར་མ་མཆོད་པ་བྱིན་རླབས། བདག་བསྐྱེད་རྣམས་གོང་བཞིན་དང་། མདུན་བསྐྱེད་ནི་རས་བྲིས་བསང་སྦྱང་ནས་ཐུགས་ཀར་ཧཱུྃ་ཞེས་གནས་གསུམ་བྱིན་གྱིས་བརླབ་པའི་བར་འདྲ། དེ་ནས་ནམ་མཁའི་སྟ་གོན་གྱི་ལྷ་ལ་མཚན་སྔགས་རེ་རེ་ནས་སྦྱར་བའི་ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད་ལ་ཛཿཧཱུྃ་བྂ་ཧོཿམདུན་བསྐྱེད་ལ་བསྟིམ། ཆོ་ག་ཞག་སྦྲེལ་བྱེད་ན་དངོས་གཞི་གཉིས་པ་མན་ཆད་ལ་འདི་མི་དགོས་སོ། །གང་ལྟར་ཡང་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་སོགས་ནས་རྡོ་རྗེ་སེམས་དཔའ་དབུར་བརྒྱན་ཞེས་པའི་བར་དང་། མཆོད་བསྟོད་རྒྱས་པ་སྟ་གོན་བཞིན་བྱས་ལ་མདུན་བསྐྱེད་ལ་དམིགས་ཏེ་ལྷ་སོ་སོའི་སྔགས་ཅི་ནུས་བཟླས་པའི་མཐར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བ་ཐམསཅད་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད། སྐབས་འདིར་གཟའ་ཡུམ་གྱི་གཟུངས་ཤེས་རབ་སྙིང་པོ་འདོན། ཁང་པའི་ཕྱི་རོལ་ལམ་དཀྱིལ་འཁོར་དང་ཡོལ་བས་ཆོད་པའི་སར་སྟེགས་ཀྱི་ཁར་གཏོར་མ་ཆ་གསུམ་ཞལ་ཟས་མ་གཏོགས་པའི་ཆུ་གཉིས་ཉེར་སྤྱོད་བཅས་བཤམས་ལ། འདས་གཏོར་ལྟར་བྱིན་གྱིས་རླབས་ཏེ་ཕྱོགས་སྐྱོང་འབྱུང་པོ། བགེགས་རྣམས་ལ་སྤྱི་ལྟར་བ་སྔོན་ནས་གཏོར་མ་རྣམས་གཙང་སར་དོར་རོ། །སྒོ་དྲུང་དུ་ཉེ་རེག་ཕྲེང་བ་བཞིན་བྱ་བའམ། མ་གྲུབ་ན་ཆུས་ཁ་བཤལ་ཙམ་བྱས་ལ་ནང་དུ་ལོག །དྲིལ་བུ་བསིལ་ཤིང་ཡིག་བརྒྱ་བཟླ་བ་དང་བཅས་པས་དཀྱིལ་འཁོར་པ་གསུམ་བྱས་པའི་མཐར། ཤར་སྒོ་ནས་མ་འབྱོར་པ་དང་ཉམས་པ་སོགས་ཀྱིས་བཟོད་པར་གསོལ་ཏེ་ཕྱག་བྱའོ། །དབང་བསྐུར་ཞག་སྦྲེལ་དགོས་ན་དངོས་གཞི་གཉིས་པ་མན་ཆད་ལ་སྐབས་འདིར་བུམ་པ་སྟ་གོན་ལྟར་སྒྲུབ། བདག་འཇུག་ནི། ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་། ཇི་ལྟར་བསྟམས་པ་སོགས་ནས་ཤྲཱི་ཡེ་ཧཱུྃ་ཞེས་པའི་བར་དང་། ༀ་བཛྲ་བྷུ་མི་སོགས་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་འབུལ་བར་བགྱིའོ་སོགས་དང་། དགའ་ཆེན་ཁྱོད་བདག་སོགས་ཀྱིས་གསོལ་བ་གདབ་པ་ནས་བཟུང་སློབ་མ་ལ་ཇི་ལྟར་བསྐུར་བའི་དབང་རྣམས་བདག་འཇུག་གི་ཚུལ་དུ་བླངས་ཏེ། སློབ་དཔོན་ཞེས་པའི་གནས་སུ་གཙོ་མོ་ཞེས་དང་། ཁྱེད་རང་རྣམས་ཞེས་པའི་ཚབ་ཏུ་རང་ཉིད་ཅེས་བསྒྱུར་པ་མ་གཏོགས་འདྲའོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པ་དེ་ཡིས་མགོན་པོ་ཁྱོད། །འདོད་པ་བདག་ལ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང་། །དེ་བཞིན་དེ་ཉིད་ངེས་པར་འབྱུང་། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །ཅེས་བདེན་པའི་སྟོབས་ལན་གསུམ་བརྗོད། འདས་གཏོར་ཆབ་ཀྱིས་བྲན་ལ་སྟ་གོན་གྱི་སྐབས་ལྟར་མདུན་བསྐྱེད་ལ་ཕུལ། དེ་ནས་དཀྱིལ་འཁོར་ཡོལ་བས་བཅད་ལ་སློབ་མ་རྣམས་ཁྲུས་བྱས་མེ་ཏོག་བཀྱེ་བསྡུ་གྲུབ་པ་དང་། སློབ་དཔོན་གྱིས་སེམས་བསྐྱེད་གསལ་འདེབས་དང་། འདིར་གཟའ་ཐམས་ཅད་ཀྱི་ཡུམ་རྗེ་བཙུན་མ་རིག་པ་ཆེན་མོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སྟ་གོན་དང་དངོས་གཞི་གཉིས་ལས་དངོས་གཞི་སྐབས་ཡིན། དེ་ལ་གཟུངས་འདིའི་ངོ་བོ་བྱ་རྒྱུད་དུ་བཞེད་ཀྱང་། དབང་གི་བབས་སྤྱོད་རྒྱུད་དང་མཐུན་པ་ཡིན་ཏེ། སྤྱོད་རྒྱུད་ཐམས་ཅད་ཀྱི་རྩ་བ་རྣམ་སྣང་མངོན་བྱང་ལས་ཆུ་དབང་དང་། ཐུར་མ་དང་། མེ་ལོང་དང་། ཆོས་བཤད་པའི་རྗེས་གནང་ཙམ་ཞིག་ལས་མ་གསུངས་ཀྱང་། བརྒྱུད་པའི་ཕྱག་བཞེས་ལ། ཡེ་ཤེས་ཐིག་ལེའི་ལུང་བཞིན་ཕྱག་རྡོར་དབང་བསྐུར་བའི་རྒྱུད་ནས་བསྟན་པའི་ཅོད་པན་དང་། རྡོ་རྗེ་དྲིལ་བུ་དང་། མིང་གི་དབང་རྣམས་དང་། སྔགས་ཀྱི་བཟླས་ལུང་དང་། དམ་ཚིག་བསྒོ་པ་བཅས་ཁ་བསྐངས་པ་མཛད་པ་ལ། སློབ་དཔོན་གྱི་བྱ་བ་འོས་པ་རྣམས་ནི་སྔོན་དུ་ལེགས་པར་གྲུབ་ཟིན་པ་ཡིན། ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ་འཇུག་པ་དང་བསྐུར་བ་གཉིས་ལས། དང་པོ་ནི། སློབ་དཔོན་ལ་རྗེ་བཙུན་མ་རིག་པ་ཆེན་མོའི་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པའི་སྒོ་ནས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བ ར་ཞུ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དགའ་ཆེན་ཁྱོད་བདག་སོགས། སློབ་དཔོན་གྱི་ཐུགས་ཀ་ནས་བདུད་རྩི་འཁྱིལ་པ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་དབང་ལེན་པ་ལ་བར་དུ་གཅོད་པའི་བགེགས་དང་ལོག་འདྲེན་ཐམས་ཅད་རྒྱང་རིང་དུ་བསྐྲོད་པར་མོས་པ་མཛོད། ཅེས་དང་ལས་བུམ་གྱི་ཆུ་འཐོར་ཞིང་ༀ་ཨམྲྀ་ཏེ་ཧཱུྃ་ཕཊ་ཅེས་བརྗོད། སླར་ཡང་གུ་གུལ་དཀར་པོས་བདུག་སྟེ་སྦྱངས་པའི་མོས་པར་མཛོད། ཧཱུྃ་ཧཱུྃ་ཞེས་བརྗོད་ཅིང་བདུག་སྤོས། དེ་ནས་སྔོན་ཆད་རྗེ་བཙུན་མའི་དཀྱིལ་འཁོར་དུ་མ་ཞུགས་པའི་བརྡར། རས་ཡུག་དམར་པོ་རེས་གདོང་བར་བཅིང་མོས། ༀ་ཙཀྵུ་བནྡྷ་ཝ་ར་མ་ནཱ་ཡ་ཧཱུྃ། ཞེས་པས་མིག་རས་དང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བ་ན་ཕྱག་སྟོང་པས་མཇལ་དུ་མི་བཏུབ་པས་ཕྱག་རྟེན་གྱི་སླད་དུ་མེ་ཏོག་ཕྲེང་བ་རེ་ཡང་བྱིན་པར། ཨཱ་ཁཾ་ཝཱི་ར་ཧཱུྃ། ཞེས་པས་སྦྱིན། རྒྱུན་བཤགས་སྔོན་དུ་འགྲོ་བའི་སོགས་ནས་རབ་ཏུ་བསྔོ་ཞེས་པའི་སྟ་གོན་ལྟར་རམ། དེ་ཙམ་མི་ནུས་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་གྱིས་ཆོག །བདེན་གཉིས་སེམས་བསྐྱེད་པའི་སླད་དུ་ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྗོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པ་ཞིག་གསལ་བཏབ་ནས། དེ་གཉིས་དབྱེར་མེད་དུ་སེམས་བསྐྱེད་སྙམ་དུ་མོས་པ་མཛོད། དེ་ཉིད་བརྟན་པའི་སླད་དུ་སྙིང་གར་རྡོ་རྗེ་བཞག་སྟེ། སུ་ར་ཏི་ས་མ་ཡ་སྟྭཾ་ཧོཿ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད། སེམས་བསྐྱེད་པ་དེ་དང་། འོག་ནས་འབྱུང་བའི་གསང་སྔགས་ཀྱི་ཀུན་དུ་སྤྱོད་པ་རྣམས་དཀྱིལ་འཁོར་དུ་མ་ཞུགས་པ་ལ་མ་སྨྲ་ཞིག་ཅེས་གསང་བར་གདམས་པ་ནི། རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་རབ་ཏུ་ཞུགས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་མ་དད་པ་རྣམས་ལའང་མ་ཡིན་ནོ། །ཞེས་གསང་བར་གདམས་པ་དང་བཅས་པ་ནི་ཕྱིའི་འཇུག་པ་ཡིན། ནང་གི་འཇུག་པ་ལ་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་དྲུང་དུ་ཁྲིད་པར་མོས་ཏེ་དཀྱིལ་འཁོར་གྱི་ཕྱོགས་ལ་མགོ་བོ་དུད་ཙམ་དང་བཅས་པས་འདིའི་རྗེས་ཟློས་མཛོད། ཧཱུྃ་ཛཿཧཱུྃ་ཞེས་པས་དཀྱིལ་འཁོར་གྱི་ཤར་སྒོར་བཞག་པའི་མོས་པ་མཛོད། གནས་དེ་ཉིད་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཕྱག་བྱས་པར་མོས་ཏེ་ཐལ་མོ་གནས་གསུམ་དུ་སྦྱར་ཏེ་འདིའི་རྗེས་ཟློས་མཛོད། ༀ་ན་མ་སྟེ་ཧཱུྃ། ན་མ་མི་ཧཱུྃ། ན་མོ་ན་མ་ཧཱུྃ། ཞེས་ཕྱག་བྱས་ནས། ནང་འཇུག་གི་དངོས་བཞི་ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ཡིག་དཀར་པོ་ཞིག་གསལ་བཏབ། དེ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། སྤྱི་བོ་ནས་ཞུགས་པས་ལུས་ཀྱི་ནང་ཐམས་ཅད་གང་བས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་ཅིང་ལུས་འོད་ཀྱི་རང་བཞིན་དུ་གྱུར་པ་ལས་རྗེ་བཙུན་མ་རིག་པ་ཆེན་མོའི་སྐུ། ཐུག ས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃཿཡིག་དཀར་པོ་ཞིག་དང་བཅས་པ་གསལ་བཏབ་ནས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཐུགས་ཀར་ཕོག་པས་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཕོ་ཉ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་ལ་ཐིམ་པར་མོས། དེ་བཞིན་དུ་མདུན་བསྐྱེད་དང་སློབ་དཔོན་གྱི་ཐུགས་ཀ་ནས་དེ་འདྲ་བ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་ཁྱེད་རྣམས་ཀྱི་སྙིང་གའི་ཧཱུྃ་ཡིག་ལ་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུའི་ངོ་བོར་བྱིན་གྱིས་བརླབས་པར་མོས་པ་མཛོད། ཅེས་དང་ལག་པ་གཉིས་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བསྒྲེང་བ་སློབ་མའི་སྤྱི་བོར་རེག་ཅིང་ༀ་སརྦ་བིདྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཞེས་མང་དུ་བརྗོད་པ་ལས་རོལ་མོ་སོགས་མི་དགོས་སོ། །དེ་ཉིད་བརྟན་པའི་ཆེད་དུ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ་ཞེས་བརྗོད། དཀྱིལ་འཁོར་ལ་གསོལ་བ་གདབ་པ་ནི། སློབ་དཔོན་ཤར་སྒོར་ལངས་ཏེ་རྡོ་རྗེ་དྲིལ་བུ་འཛིན་པས། རྣམ་དག་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང་། །བསོད་ནམས་ཇི་ལྟར་དེ་ལྟ་ཤོག །འདི་ཡི་དངོས་གྲུབ་ཇི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བར། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་ལན་གསུམ་གྱིས་གསོལ་བ་གདབ་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་ལ་མེ་ཏོག་དབུལ་བ་ནི། དཀྱིལ་འཁོར་བ་རྣམས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་གཅིག་གི་རྣམ་འཕྲུལ་ཡིན་པས་ངོ་བོ་ལ་བཟང་ངན་མེད་མོད་རང་གིས་ལས་བསགས་པའི་ལྷ་ཞིག་ལ་འབབ་པར་ཤོག་ཅིག་སྙམ་པས་རིམ་པར་བྱོན་ཏེ། ༀ་པྲ་ཏཱིཙྪ་བཛྲ་ཧོཿཞེས་གསུང་ཞིང་མེ་ཏོག་འབུལ་བའི་ཚུལ་མཛོད་ཅེས་མེ་ཏོག་འདོར་དུ་གཞུག །དེ་ཉིད་སློབ་དཔོན་གྱིས་བླངས་ནས་ཁྱེད་རྣམས་ཀྱི་སྤྱི་བོར་བཞག་སྟེ་བྱིན་གྱིས་བརླབས་པའི་མོས་པ་མཛོད། ༀ་པྲ་ཏི་གྲྀ་ཧྞ་བཛྲ་ས་མ་ཡ་ཧཱུྃ་ཞེས་པས་མེ་ཏོག་ཕྲེང་བའི་དབང་བསྐུར་ནས། རིག་པ་ཆེན་མོ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛོད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པཱ་ཤྱ། ཞེས་པས་མིག་རས་དང་མ་རིག་པའི་ལིང་ཏོག་དུས་མཉམ་དུ་བསལ་ནས་དཀྱིལ་འཁོར་ལ་བལྟ་བར་བསྐུར་བ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བའི་ཕུན་ཚོགས་དངོས་གྲུབ་ཀྱང་། །ཐམས་ཅད་ཁྱེད་ལ་མངོན་དུ་འགྱུར། །དངོས་གྲུབ་ཕྱིར་ན་དམ་ཚིག་སྲུང་། །གསང་སྔགས་དག་ལའང་བརྩོན་པར་གྱིས། །ཞེས་བལྟ་བར་བསྐུལ་ནས། དཀྱིལ་འཁོར་གྱི་ལྷ་ངོ་བསྟན་པ་ནི། འདི་ན་རྗེ་བཙུན་མ་རིག་པ་ཆེན་མོའི་དཀྱིལ་འཁོར་བཞུགས་པ་ཡིན་ཏེ། ཕྱི་རོལ་དུ་མེ་རི་རབ་ཏུ་འབར་བས་བསྐོར་བའི་སྲུང་བའི་འཁོར་ལོའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེའི་སྟེགས་བུ་ལ་གནས་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་མཛེས་པ། སྟེང་ཐོག་རིམ་པ་གསུམ་དུ་ཕུབ་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྷ་རྣམས་ཕྱོགས་ཀྱི་མདོག་ཅན་གྱི་དབུས་སུ་སྡོང་བུ་ཅུང་ཟད་དང་བཅས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་སོ་སོའི་གདན་དང་བཅས་པ་ནི་རྟེན་གཞལ་ཡས་ཁང་པ་ཡིན་ལ། དབུས་སུ་རྗེ་བཙུན་མ་རིག་པ་ཆེན་མོ་སྐུ་མདོག་སྟོན་ཟླ་ལྟར་དཀར་བ་ཞལ་གསུམ་ཕྱག་དྲུག་མ། དེའི་མདུན་དུ་གཟའ་ཉི་མ་དམར་པོ་བཀའ་ནོད་པའི་ཚུལ་དུ་གནས་པ། འདབ་མ་བརྒྱད་ལ་ཤར་དུ་ཟླ་བ་དཀར་པོ། ཤར་ལྷོར་མིག་དམར་པོ་ལྷོར་གཟའ་ལྷག་ལྗང་གུ། ལྷོ་ནུབ་ཏུ་ཕུར་བུ་སེར་པོ། ནུབ་ཏུ་པ་ཝ་སངས་དཀར་པོ། ནུབ་བྱང་དུ་སྤེན་པ་ནག་པོ། བྱང་དུ་སྒྲ་གཅན་དམར་ནག །བྱང་ཤར་དུ་འཇུག་རིངས་དུད་སྤྲིན་གྱི་མདོག་ཅན། ཤར་སྒོར་སངས་རྒྱས་བཅོམ་ལྡན་འདས་སྐུ་མདོག་གསེར་བཙོ་མ་ལྟ་བུ། ལྷོ་སྒོར་ཕྱག་ན་རྡོ་རྗེ་སྔོན་པོ། ནུབ་སྒོར་འཇིག་རྟེན་དབང་ཕྱུག་དཀར་པོ། བྱང་སྒོར་འཇམ་དཔལ་གུར་གུམ་གྱི་མདོག་ཅན། ཕྱིའི་ཁོར་ཡུག་ལ་ཤར་དུ་ཡུལ་འཁོར་སྲུང་ལྗང་གུ། ལྷོར་འཕགས་སྐྱེས་པོ་སྔོན་པོ། ནུབ་ཏུ་མིག་མི་བཟང་དམར་པོ། བྱང་དུ་རྣམ་ཐོས་སྲས་སེར་པོ་བྱང་ཤར་དུ་གཟའ་རྣམས་དང་། ཤར་ལྷོར་ཁྱིམ་དང་རྒྱུ་སྐར་རྣམས་དང་། ལྷོ་ནུབ་ཏུ་གནོད་པ་རྣམས་དང་། ནུབ་བྱང་དུའང་རྗེ་བཙུན་མ་ཉིད་བཞུགས་པ་ནི་བརྟེན་པ་ལྷ་སྟེ། མདོར་ན་རྗེ་བཙུན་མ་གཟའ་ཐམས་ཅད་ཀྱི་ཡུམ་རིག་པ་ཆེན་མོའི་དཀྱིལ་འཁོར་པ་དང་མངོན་སུམ་དུ་མཇལ་སྙམ་དུ་མོས་པ་མཛོད། དེ་འཇུག་པའི་ཆོས་རྣམས་གྲུབ། ཞུགས་ནས་མངོན་པར་དབང་བསྐུར་བ་ལ་གཉིས་ལས། དང་པོར་རྡོ་རྗེ་སློབ་མའི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེ་སོགས་ལན་གསུམ། ཞེས་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་དུ་མཛོད། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཁྲུ་དོ་ཙམ་སྤགས་པའི་དབང་སྟེགས་ཀྱི་དཀྱིལ་འཁོར་གྲུ་བཞི་རྟ་བབས་དང་བྲལ་བ་དཀར་དམར་ནག་པའི་ར་བ་རིམ་པ་གསུམ་དང་ལྡན་པའི་ནང་དུ་པདྨ་འདབ་མ་བརྒྱད་པར་བཀྲ་ཤིས་རྟགས་ཀྱིས་མཛེས་པའི་དབུས་སུ་ཤིང་སྟན་ཟླ་བའི་དཀྱིལ་འཁོར་དང་བཅས་པའི་སྟེང་དུ་བླ་བྲེ། གཡས་སུ་གདུགས། གཡོན་དུ་རྒྱལ་མཚན་མཐའ་སྐོར་དུ་དུང་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་ལ་སོགས་པ་མཆོད་པའི་ཚོགས་ཀྱིས་གང་བའི་སྟེང་དུ་ཧཱུྃ་དཀར་པོ་ལས་ཁྱེད་རང་རྣམས་རྗེ་བཙུན་མ་རིག་པ་ཆེན་མོ་སྐུ་མདོག་སྟོན་ཟླ་ལྟར་དཀར་བ་ཞལ་གསུམ་ཕྱག་དྲུག་མ། རྩ་ཞལ་དཀར་བ། གཡས་ཞལ་གནག་པ། གཡོན་ཞལ་དམར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མངའ་བ། ཕྱག་དང་པོ་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་ཀྱི་གཉིས་པ་ན་རྡོ་རྗེ། གསུམ་པ་ན་མདའ། གཡོན་གྱི་གཉིས་པ་ན་པདྨ། གསུམ་པ་ན་གཞུ་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེ་བཙུན་མ་རིག་པ་ཆེན་མོའི་རྣམ་པར་ཨཱོཾ་བཛྲ་ས་མ་ཛཿ ཛཿཧཱུྃ་བྂ་ཧོཿ ཁྱོད་རྣམས་ལ་ཐིམ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ལྷ་དང་། དྲང་སྲོང་རིག་པ་འཛིན་པའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མ་ཛཿ དེ་ལ་སློབ་དཔོན་གྱིས་ༀ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏི ཙྪ་སྭཱ་ཧཱའི་བར་གྱིས་མཆོད་ནས། དེ་རྣམས་ཀྱི་ཁྱེད་རྣམས་ལ་རྒྱལ་བར་གྱུར་ཅིག །རྒྱལ་བར་གྱུར་ཅིག་ཅེས་བརྗོད་པ་དང་། སློབ་དཔོན་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པས་རྣམ་པར་རྒྱལ་བའི་བུམ་པ་བཏེགས་ཏེ་མེ་ཏོག་གི་ཆར་ཕབ་ཅིང་བཀྲ་ཤིས་ཀྱིས་མངའ་གསོལ་བའི་མོས་པ་མཛོད། ཅེས་དང་མཆོད་གཡོག་པས་བུམ་པ་འདེགས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ་ཞེ་ཤཱོ་ཀ་གསུམ་གྱི་མཐར། རྡོ་རྗེ་སློབ་མ་རྣམས་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད། དེ་ནས་ནམ་མཁར་བཞུགས་པའི་དབང་གི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱི། །ཁྱེད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ཏེ་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་ནས་ཤྲཱི་ཡེ་ཧཱུྃ་ཞེས་གསུང་ཞིང་དབང་བསྐུར་བས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག་ནས་རྗེ་བཙུན་མའི་སྐུར་བརྟེན་པར་བྱས་པའི་མོས་པ་མཛོད། དེ་ལ་སློབ་དཔོན་གྱི་ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ནས་ནཻ་ཝི་དྱེ་ཨཱཿཧཱུྃ་ཞེས་མཆོད་པ་དང་བཅས་པ་ནི་ཆུའི་དབང་ངོ་། །ཅོད་པན་གྱི་དབང་ཞུ་བའི་སླད་དུ་ནམ་མཁར་བཞུགས་པའི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་དང་། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རིན་པོ་ཆེའི་རྩེ་ཕྲན་རེ་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད། ཐོར་ཅོག་ཅོད་པན་གྱིས་བརྒྱན་པའི། རིན་ཆེན་རྩེ་ཕྲན་དམ་པ་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །སངས་རྒྱས་དབང་བསྐུར་རབ་སྒྲུབ་ཕྱིར། །བུ་ཡིས་ཡང་དག་གུས་པས་ཟུངས། །ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་པས་ཅོད་པན་བཅིངས་ལ། སླར་ཡང་མེ་ཏོག་གི་ཕྲེང་བ་དང་དར་དཔྱངས་ཀྱང་བྱིན་པའི་མོས་པ་མཛོད། ༀ་སརྦ་ཏ་ཐཱ་ག་ཏ་པུཥྤཾ་མཱ་ལ་པ་ཊ་ལཾ་ཨབྷི་ཥིཉྩ་ཧཱུྃ། དེ་ལ་ༀ་བཛྲ་པུཥྤེ་སོགས་ལྔས་མཆོད་པ་དང་བཅས་པ་ནི་ཅོད་པན་གྱི་དབང་ངོ་། །རྡོ་རྗེ་དྲིལ་བུའི་དབང་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོགས་ཞེས་གསོལ་པས། བསྐུར་བྱེད་ནམ་མཁའི་དཀྱིལ་འཁོར་དང་སློབ་དཔོན་ལྷན་ཅིག་པས་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་དང་དྲིལ་བུ་ནས་འབྲས་ཙམ་རེ་བྱུང་སྟེ། ཁྱེད་རྣམས་ཀྱི་ཕྱག་གཡས་དང་གཡོན་གྱི་སྲིན་ལག་གི་རྩ་བར་བྱིན་པའི་མོས་པ་མཛོད། ༀ་མ་ཧཱ་བཛྲ་ཧཱུྃ་ཨ་བྷི་ཥིཉྩ་ཞེས་པས་རྡོ་རྗེ་དང་། ༀ་བཛྲ་གྷ་ཎྜེ་ཨཿཨ་བྷི་ཥིཉྩ་ཞེས་པས་དྲིལ་བུ་བྱིན། དེ་ལྟར་ན་རྡོ་རྗེ་དྲིལ་བུ་ནས་འབྲས་ཙམ་པ་ནི་གསང་བའི་དབང་སྟེ་ཁྱོད་རྣམས་ཀྱི་རྒྱུད་ལ་སྙིང་རྗེ་དང་སྟོང་པ་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་མཚན་གྱི་དབང་ཐོབ་པའི་མོས་པ་མཛོད། དེ་ལ་ༀ་བཛྲ་པུཥྤེ་སོགས་ལྔས་མཆོད་དང་བཅས་པ་ནི་རྡོ་རྗེ་དང་དྲིལ་བུའི་དབང་ངོ་། །མིང་གི་དབང་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་སོགས། ཞེས་གསོལ་བ་བཏབ་ནས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་དང་སློབ་དཔོན་ལྷན་ཅིག་པས་མིང་གི་དབང་བསྐུར་བའི་མོས་པ་མཛོད། རྡོར་དྲིལ་ལྷན་ཅིག་ཏུ་སྤྱི་བོར་དཀྲོལ་ཏེ་ༀ་སརྦ་བིདྱཻ་ནཱ་མ་ཞེས་བརྗོད། དེ་ལ་ༀ་བཛྲ་པུཥྤེ་སོགས་ལྔས་མཆོད་པ་དང་བཅས་པ་ནི་མིང་གི་དབང་ངོ་། །གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། གང་གི་བདག་ཉིད་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །ཐུགས་རྗེའི་གཏེར་གྱི་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་ནས་གོང་དུ་སྨོས་པའི་དབང་སྟེགས་ཀྱི་སྟེང་དུ་ཁྱེད་རང་རྣམས་ཐུབ་པ་རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པ། སྟེང་དུ་བླ་བྲེ་གཡས་གཡོན་དུ་གདུགས་དང་རྒྱལ་མཚན་ལ་སོགས་པ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་བཞུགས་པ་ལ། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་དང་། སློབ་དཔོན་ལྷན་ཅིག་པས་ཆུ་དང་ཅོད་པན་གྱི་དབང་བསྐྱར་ནས་བསྐུར་བའི་མོས་པ་མཛོད། རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་སྟེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་རྒྱ། །གནས་ལས་བྱུང་བ་སྦྱིན་པར་བྱ། །ༀ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་བརྗོད། རྒྱས་པར་སྤྲོན། བུམ་ཆུ་འཐོར་ཞིང་ལྷ་སོ་སོའི་སྔགས་ལ་ཨ་བྷི་ཥིཉྩ་ཞེས་བཏགས་པ་བརྗོད་པ་ནི་ཆུ་དབང་ངོ་། །སློབ་དཔོན་གྱི་ལག་པ་གཉིས་རྡོ་རྗེ་བསྡོམས་པ་ལས་གུང་མོ་གཉིས་བསྒྲེང་བ་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཁྱེད་རྣམས་ཀྱི་སྤྱི་བོར་བཞག་སྟེ། ༀ་སརྦ་ཏ་ཐཱ་ག་ཏོ་བྷ་ཝ་ཨ་བྷི་ཥིཉྩ། ཞེས་དབང་བསྐུར་བས་སྤྱི་བོར་རྡོ་རྗེ་སེམས་དཔས་དབུ་བརྒྱན་པའི་མོས་པ་བྱ་བ་ནི། ཅོད་པན་གྱི་དབང་ངོ་། །དེ་ལ་ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པས་རབ་ཏུ་གནས་པར་བྱས་པའི་མོས་པ་མཛོད། སློབ་དཔོན་གྱིས་མངའ་དབུལ་གྱི་ཚུལ་དུ་ༀ་བཛྲ་པུཥྤེ་སོགས་ལྔས་མཆོད་ནས། རྗེས་སུ་གནང་བ་མདོར་བསྡུས་ཏེ་སྤྱིན་པ་ནི། དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱི་བཞེད་པ་ཡིན། །ཞེས་ཏེ་དེའི་དོན་ནི་ཁྱེད་རྣམས་སྔགས་རྒྱུད་མན་ངག་འཛིན་པའི་རྡོ་རྗེ་སློབ་དཔོན་ཆེན་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་མཐུན་པར་བཞེད་པ་ཡིན་ཞིང་། བུ་སྡུག་པ་ལྟར་ཡོངས་སུ་དགོངས་པའི་ཕྱིར། དེང་ཕྱིན་ཆད་སེམས་ཅན་རྣམས་ལ་སྙིང་བརྩེའི་སྒོ་ནས། རྡོ་རྗེ་སློབ་དཔོན་གྱི་ལས་སུ་བྱ་བ་རྣམས་ཚུལ་བཞིན་དུ་སྒྲུབས་ཏེ། སེམས་ཅན་གྱི་དོན་རྒྱ་ཆེན་པོ་གྱིས་ཤིག་ཅེས་པའི་དོན་ཡིན་ནོ། །སྐབས་འདིར་ཅོད་པན་སོགས་བསྡུའོ། །མཐའ་རྟེན་ལ་ཟོག་མར་སྔགས་ཀྱི་བཟླས་ལུང་ནི། སློབ་དཔོན་ལ་མོས་གུས་བྱས་པས་སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་མཐར་སྔགས་ཀྱིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་འཐོན། ཁྱེད་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཧཱུྃ་ཡིག་གི་མཐར་འཁོད་པའི་མོས་པ་བྱས་ཏེ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་ལན་གསུམ་མཛོད། ༀ་སརྦ་བི་དྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་དང་དེ་ལྟར་བྱས་པའི་དང་པོར་རྒྱུད་བྱིན་གྱིས་རླབས། གཉིས་པས་དཔྱོད་དུ་བྱས། གསུམ་པས་བརྟན་པར་བྱས་པ་མོས་ནས་དྲིན་ལན་གྱིས་ཚུལ་དུ་མེ་ཏོག་གཏོར་ནས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་པར་མཛད་དུ་གསོལ། །ཞེས་ལན་གསུམ། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་ཀྱི་རང་བཞིན་དུ་བྱས་ཏེ་ཁྱེད་རྣམས་ཀྱི་དབུ་ལ་བཞག་པའི་མོས་པ་མཛོད། །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། རྗེས་སུ་གནང་བ་ནི། མིག་ཐུར་རམ་མེད་ན་རྡོ་རྗེ་ལ་ༀ་སརྦ་བིདྱཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པས་མངོན་པར་བསྔགས་པའི་བྲི་ལས་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རང་བཞིན་ཅན་གྱི་ཐུར་མས་ཁྱེད་རྣམས་ཀྱི་སོགས་དང་། ཐུར་མ་མེད་ན་ཧཱུྃ་ལས་བྱུང་བའི་ཡེ་ཤེས་ཀྱི་རྡོ་རྗེས་ཁྱེད་རྣམས་ཀྱི་མིག་གི་ཐད་ཀར་བྱུགས་པས་མ་རིག་པའི་ལིང་ཐོག་བསལ་ནས་སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་དང་ལྡན་པར་བྱས་པ་ཡིན་སྙམ་དུ་མོས་པ་མཛོད། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ནེ་ཏྲ་ཨ་ཧ་ར་ཊ་ཧྲཱིཿཔྲཾ། ཞེས་པས་སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་དང་ལྡན་པར་བྱས་ནས་ཆོས་ཅན་གྱི་སྣང་བ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་ཤེས་པའི་སྒོ་ནས་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་ཤེས་པའི་སླད་དུ་ཨ་ལས་སྐྱེས་པའི་མེ་ལོང་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོགས་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་པ་དེ་དག་ནི་ཆོས་བཤད་པའི་རྗེས་གནང་ངོ་། །དེ་ནས་ༀ་བཛྲ་ཧེ་མཱ་ཞེས་པས་ཞབས་ཀྱི་འོག་འཁོར་ལོ་བྱིན་ཏེ་སེམས་ཅན་འཁོར་བ་ལས་དྲངས་ཤིག་ཅེས་པའི་དོན་ཡིན། འདྲེན་ལུགས་ཇི་ལྟར་བྱེད་ཅེ་ན་ༀ་བཛྲ་བྷ་གྷ་རཾཿ ཞེས་པས། ཕྱག་གཡས་སུ་དུང་བྱིན་ཏེ། དུང་བུས་ལ་སེམས་ཅན་འཁོར་དུ་སྡུས་ཤིག་ཅེས་པའི་དོན་ཡིན། འཁོར་དུ་བསྡུས་ནས་ཅི་བྱེད་ཅེ་ན། ༀ་བཛྲ་གྷཎྜེ་ཨཱཿ ཞེས་པས་ཕྱག་གཡོན་དུ་དྲིལ་བུ་བྱིན་ཏེ་ཆོས་ཀྱི་སྒྲ་སྒྲོགས་ཤིག་ཅེས་པའི་དོན་ཡིན། ཆོས་ཇི་འདྲ་ཞིག་གི་སྒྲ་སྒྲོགས་ན་ཨཱཿཞེས་པས་ལག་དར་གྱི་སྟེང་དུ་རྒྱུད་ཀྱི་གླེགས་བམ་བྱིན་ཏེ་འདིའི་སྒྲ་སྒྲོགས་པར་གྱིས་ཤིག་ཅེས་པའི་དོན་ཡིན་པས་ན། དེ་ལྟར་ངེས་པའི་སྒོ་ནས་དུང་འབུད་པ་དང་། དྲིལ་བུ་འཁྲོལ་བ་དང་གླེགས་བམ་ཀློག་པའི་ཚུལ་མཛད་དོ ། །ཅེས་དང་། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱེད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱོད་ལ་རྟག་ཏུ་བསྲུང་བར་མཛོད། །ཅེས་པ་ན་ཆོས་བཤད་པའི་རྗེས་གནང་ངོ་། །དེ་ནས་ཁྱེད་རྣམས་རྗེ་བཙུན་མའི་ང་རྒྱལ་གྱིས་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་རེ་ཐོགས་ཏེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་པའི་རྗེས་སུ་ཤར་སྒོ་ནས་གདུགས་གཡས་ལོགས་སུ་བཞག་སྟེ་ལུས་ཀྱི་ཕྱག་བྱས་པའི་མཐར་སློབ་དཔོན་གྱིས་ཁྱེད་རང་རྣམས་དཀྱིལ་འཁོར་བ་ལ་ཕུལ་བར་མོས་ཏེ་དབུ་དུད་ཙམ་རེ་མཛོད། སྔགས་དང་རྒྱུད་རྣམས་འཛིན་འགྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། །ཞེས་ཕུལ་བས་དཀྱིལ་འཁོར་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ད་ནི་དཀྱིལ་འཁོར་སློབ་དཔོན་གྱུར། སྔགས་དང་རྒྱུད་རྣམས་འཛིན་འགྱུར་བ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱི་ནི་ཀུན་གྱིས་བསྐུར། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་དྲི་བར་བྱོས། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་དབུགས་ཕྱུང་བའི་མོས་པ་མཛོད། །དེ་ལྟར་དབང་ཐོབ་ནས་བསྲུང་རྒྱུའི་དམ་ཚིག་ནི་འདི་རྣམས་ཡིན་ནོ་ཞེས་ངོ་ཤེས་པར་བྱ་བའི་ཕྱིར་དམ་ཚིག་བསྒོ་བཞི་རྣམ་སྣང་མངོན་བྱང་ལས། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ཆད། །ཡོངས་སུ་བཏང་བར་མི་བྱའོ། །ཁྱོད་ཀྱིས་སེར་སྣ་དག་དང་གང་། །སེམས་ཅན་གནོད་པ་མི་བྱའོ། །དམ་ཚིག་འདི་དག་སངས་རྒྱས་ཀྱི། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བཤད། །ཇི་ལྟར་རང་གི་སྲོག་བསྲུང་བ། །དེ་ལྟར་ཁྱོད་ཀྱིས་འདི་དག་བསྲུང་། ཞེས་གསུངས་ཏེ་སྤྱོད་པའི་རྒྱུད་འདིར་དམ་པའི་ཆོས་དང་བྱང་ཆུབ་ཀྱི་སེམས་སྤོང་བ་དང་། སེར་སྣ་དྲག་པོས་ཆོས་དང་ཟང་ཟིང་མི་སྟེར་བ། སེམས་ཅན་ལ་གནོད་པར་འགྱུར་བའི་བྱ་བ་སྟེ་རྩ་བའི་ལྟུང་བ་བཞི་པོ་འདི་དག་སྲོག་ལ་བབ་ཀྱང་སྤྱད་པར་མི་བྱའོ། །གཞན་ཡང་བྱ་རྒྱུད་དང་ཐུན་མོང་བའི་དམ་ཚིག་རྣམས་ཀྱང་སྲུང་དགོས་ཏེ། གང་ཞེ་ན་གསང་བ་སྤྱི་རྒྱུད་ལས་ཤེས་རབ་ཕ་རོལ་ཕྱིན་བཀླག་ཏེ། །དམ་ཚིག་འདི་དག་བསྒོ་བར་བྱ། །དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱི། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རིག་སྔགས་གསང་སྔགས་ཚིག་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ཡང་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང་། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པར་བྱ། །སྟོན་པ་གཞན་གྱིས་གཞུང་མི་མཆོད། །རྟག་ཏུ་གློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པར་ཉེ་བར་བཞག །ཐེག་པ་ཆེ་ལ་དགའ་རྣམས་ཀྱི། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བ་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་མོ། །གསང་སྔགས་རྒྱུད་ལ་ལེགས་པར་བསྲུང་། །དེ་ཡང་བདག་གི་བསྲུང་བར་བྱ། །ཞེས་གསུངས་པའི་དོན་ལ་གཉིས་ཏེ། དང་པོ་སྤྱིའི་དམ་ཚིག་གསུམ་གྱི་དང་པོ་ནི། ཐེག་ཆེན་གྱི་དཀོན་མཆོག་གསུམ་པོ་དུས་ཐམས་ཅད་དུ་མི་བཏང་ཞིང་། སྐྱབས་འགྲོའི་བསླབ་བྱ་རྣམས་ཀྱང་གཟུང་བར་བྱའོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་དང་། དེའི་སྡེ་སྣོད་དུ་གསུངས་པའི་ཚུལ་ཁྲིམས་གསུམ་ལ་སོགས་པའི་བསླབ་པ་ལ་དད་ཅིང་གུས་པ་དང་ཡང་དག་པར་བསླབ་པོ། །གསུམ་པ་ནི། རིགས་སྔགས་སྟེ་ལྷ་མོ་དང་། གསང་སྔགས་ལྷ་ཕོ་སྟེ་དེ་གཉིས་ཀྱིས་བསྡུས་པའི་ལྷ་ཚོགས་ལ་བཟང་ངན་དང་མཆོག་དམན་དུ་འཛིན་པའི་མ་དད་པ་སྤངས་ཏེ་དད་པ་དང་གུས་པ་རབ་ཏུ་བརྟན་པར་བྱའོ། །འདི་གསུམ་ལ་སྤྱིའི་དམ་ཚིག་ཏུ་འཇོག་པའི་རྒྱུ་མཚན་ཡོད་དེ་དབང་ཐོབ་པའི་གང་ཟག་དང་། མ་ཐོབ་པའི་གང་ཟག་བྱ་རྒྱུད་ལ་འཇུག་པའི་སྔོན་དུ་ལམ་ཐུན་མོང་བ་ལ་སྤྱོད་པ་དག་གིས་ཀྱང་དམ་ཚིག་འདི་གསུམ་ལ་བསླབ་དགོས་པའི་ཕྱིན་རོ། །གཉིས་པ་དབང་གི་དམ་ཚིག་བཅུ་གསུམ་གྱི་དམ་ཚིག་དང་པོ་ནི། དུས་རྟག་པར་ཕྱག་རྒྱ་ཆེན་པོ་སྟེ་རང་གི་འདོད་པའི་ལྷ་ལ་ལྷ་གཞན་ལས་ལྷག་པའི་གུས་པ་བྱ་ཞིང་། ལྷ་བསྒྲུབས་པས་མ་གྲུབ་ན་དེ་ལ་ཁྲོ་བས་སྤོག་ཆོག་སོགས་བྱར་མི་རུང་ངོ་། །གཉིས་པ་ནི། དམ་ཚིག་ཅན་ཏེ་དབང་ཐོབ་པའི་གང་ཟག་དང་། གསུམ་པ་ནི། མཛའ་བོ་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པའི་གང་ཟག་དང་། བཞི་པ་ནི། བླ་མ་སྟེ་རང་ལ་དབང་དང་། རྒྱུད་དང་། མན་ངག་སྟེར་བའི་གང་ཟག་གོ །དེས་ན་དེ་རྣམས་ལ་ཤིན་ཏུ་གུས་པར་བྱ་ཞིང་། བརྙས་པ་དང་། སྨོད་པ་དང་། ཐོ་འཚམས་པ་ལ་སོགས་མི་བྱའོ། །ལྔ་པ་ནི། དབང་དང་ནོར་རྒྱས་པ་ལ་སོགས་པའི་ཕྱིར་གནོད་གནས་ལ་སོགས་པ་བསྒྲུབས་པས་མ་གྲུབ་ན་ལྷ་ལ་ཁྲོས་ཤིང་ཞེ་སྡང་བའི་སེམས་མི་བྱའོ། །དྲུག་པ་ནི། ཆོས་བརྒྱད་ལ་སོགས་པའི་དུས་མཚམས་བཟང་པོ་ལ་འདོད་པའི་ལྷ་དང་དཀོན་མཆོག་ལ་མཆོད་པ་རྒྱ་ཆེར་བྱའོ། །བདུན་པ་ནི། དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་པའི་སྟོན་པ་གཞན་གྱི་གཞུང་ནས་འབྱུང་བ་ལྟར་མི་མཆོད་ཅིང་། དེ་དག་གི་མན་ངག་དང་རྣལ་འབྱོར་སོགས་ལ་ཉམས་ལེན་མི་བྱའོ། །བརྒྱད་པ་ནི། དུས་རྟག་ཏུ་གློ་བུར་དུ་འོང་པའི་མགྲོན་ལ་ཁ་ཟས་དང་། གནས་མལ་ལ་སོགས་པའི་མཆོད་པ་ཅི་འགྲུབ་བྱ་སྟེ་བསོད་ནམས་ལྷག་པར་ཆེ་བའི་ཕྱིར་རོ། །དགུ་པ་ནི། སྲོག་ཆགས་ཆེ་ཕྲ་ཐམས་ཅད་ལ་བྱམས་པའི་སེམས་རབ་ཏུ་བརྟན་པོས་ཕན་པ་ཁོ་ན་བྱའོ། །གནོད་པའི་ལས་རྣམ་པ་ཐམས་ཅད་དུ་མི་བྱེད་པའི་སྡོམ་སེམས་འཆང་ངོ་། །བཅུ་པ་ནི། ཐེག་པ་ཆེན་པོ་གསང་སྔགས་ལ་ཞུགས་པའི་གང་ཟག་བྱང་ཆུབ་ཀྱི་སྤྱོད་པ་ལ་དགའ་བ་རྣམས་ཀྱི་བསོད་ནམས་འཕེལ་བའི་ཐབས་བཟླས་བརྗོད་དང་སྡོམ་པ་བཟུང་བ་སོགས་ལ་ནན་ཏན་བསྐྱེད་དོ། བཅུ་གཅིག་པ་ནི། བཟླས་བརྗོད་བྱེད་པ་ལ་འབད་པའི་རྣལ་འབྱོར་པས་བཟླས་པའི་སྤྱོད་ལམ་སྤང་བླང་རྒྱུད་ནས་གསུངས་པ་དང་ལྡན་པས་བཟླ་དགོས་སོ། །བཅུ་གཉིས་པ་ནི། གསང་སྔགས་སོ་སོའི་རྒྱུད་དམ་ཚིག་གསུམ་བཀོད་ལ་སོགས་པ་ན་བསྟན་པའི་དམ་ཚིག་རྣམས་ཀྱང་སྲུང་དགོས་སོ། །བཅུ་གསུམ་པ་ནི། དམ་ཚིག་མེད་པ་སྟེ། དབང་བསྐུར་མ་ཐོབ་པའམ། ཐོབ་ཀྱང་ཉམས་པ་རྣམས་ལ་གསང་སྔགས་ཀྱི་ཆོ་ག་ཞིབ་མོ་དང་། རྒྱུད་དང་མན་ངག་རྣམས་རབ་ཏུ་གསང་ཞིང་སྦ་བར་བྱའོ། །མཇུག་གི་ཚིག་རྐང་གཉིས་ནི། དེ་ཐམས་ཅད་བདག་ཉིད་ཀྱིས་ཉམས་སུ་བླང་རྒྱུའི་དམ་ཚིག་ཏུ་རྟོག་པར་བྱའོ་ཞེས་མཇུག་སྡུད་ཀྱི་དོན་ནོ། །དེ་ལྟར་ཤེས་པར་བྱས་ནས་དབང་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་བསྡོམས་ཚུལ་བཞིན་དུ་བགྱིད་སྙམས་པས་འདིའི་རྗེས་བཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་གི་མཎྜལ། དེང་ནས་སོགས་སྤྱི་དང་འདྲའོ། །རྗེས་ཆོག་ལ་མ ཆོད་པ་རྣམས་ཁ་གསོས་ལ་བསང་སྦྱངས་བྱིན་གྱིས་རླབས་མཆོད་བསྟོད་འདོད་དོན་གསོལ་གདབ་བཅས་བུམ་སྐྱེད་ལྟར་བྱ། ཡིག་བརྒྱ་ལན་གསུམ་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ཕྱོགས་བཅུ་ན་བཞུགས་སོགས་ཀྱིས་རས་བྲིས་ལ་བརྟན་བཞུགས་བྱ། གནས་གསུམ་བསྲུང་བ་དང་། བསྔོ་བ་ཤིས་བརྗོད་རྒྱས་པར་བྱའོ། །གལ་ཏེ་རྡུལ་མཚོན་ལ་བརྟེན་ནས་བསྐུར་ནས་སའི་ཆོ་ག་དང་ཐིག་ཚོན་གྱི་བྱ་བ་སོགས་ཁོ་བོས་བསྒྲིགས་པའི་ཨ་ར་པ་ཙ་ན་ལྷ་ལྔའི་དཀྱིལ་ཆོག་གིས་རྟོགས་ནུས་ཤིང་ལྷ་སྔགས་ཙམ་བསྒྱུར་དགོས་པ་ནི་ཁྱད་པར་རོ། །སྨྲས་པ། འཇིག་རྟེན་དར་རྒུད་བྱེད་པ་གཟའ་སྐར་རྣམས། །འཕགས་མའི་ཐ་ཚིག་རྡོ་རྗེའི་ཁོར་ཡུག་ལས། །གཞར་ཡང་མི་འདའ་དེ་ཕྱིར་ཡུམ་སྲས་ཀྱི། །དཀྱིལ་འཁོར་བསྙེན་དང་མཆོད་ལ་ཅིས་མི་བརྩོན། །འོན་ཏང་འཇུག་ཅིང་མངོན་པར་དབང་བསྐུར་བའི། །ཆོག་གཞུང་རང་རྐྱ་ཐུབ་པ་མི་སྣང་བ། །སྔགས་གྲྭའི་སྲོལ་དང་བརྒྱུད་པའི་གསུང་སྒྲོས་ལས། །འཇམ་དབྱངས་ལྷ་ལྔའི་དབང་དང་མཐུན་ཞེས་འབྱུང་། །དེ་བཞིན་གཡར་ཁྲལ་ཙམ་མིན་ལྷག་བསམ་གྱིས། །སྡེབས་པའི་དགེ་བས་འགྲོ་རྣམས་རྫོགས་ལྡན་གྱི། །དུས་སྟོན་གསལ་པར་རོལ་ཞིང་སྒྲིབ་བྲལ་དབྱིངས། །ཐམས་ཅད་རིག་པའི་ཡེ་ཤེས་སྒྲུབ་གྱུར་ཅིག །ཅེས་རྗེ་བཙུན་མ་གཟའ་ཐམས་ཅད་ཀྱི་ཡུམ་རིག་པ་ཆེན་མོའི་དཀྱིལ་འཁོར་སློབ་མ་དབང་བསྐུར་བའི་ཆོ་ག་ཕན་བདེའི་ཉི་མ་ཞེས་བྱ་བ་འདི་ནི་སྔོན་ཆད་བརྒྱུད་པའི་ཕྱག་བཞེས་ཀྱིས་ཨ་ར་པ་ཙ་ན་ལྷ་ལྔའི་དབང་ཆོག་ལ་ཕྲི་བསྣན་ཁ་བསྒྱུར་གང་དགོས་མཛད་པ་ལས་དཀྱིལ་ཆོག་རང་རྐྱ་ཐུབ་པ་མེད་པར་བརྟེན། དབང་རྒྱུན་ཡང་ཤིན་ཏུ་དཀོན་པས་ཁོ་བོ་སྤྲང་བཙུན་ངག་དབང་ལེགས་གྲུབ་ཀྱིས་ཀུན་གཟིགས་འཇམ་དབྱངས་བླ་མའི་ཞབས་དྲུང་དུ་འབད་པ་ཆེན་པོས་ཞུས་པའི་རྗེས་སུ། སྔགས་གྲྭ་ཆེན་པོ་གོང་དཀར་རྡོ་རྗེ་གདན་གྱི་སྒྲུབ་མཆོད་རྣམས་ཀྱི་ངག་འདོན་ཐོ་ཆུང་ཞིག་འདུག་པ་དང་། འཇམ་དབྱངས་ལྷ་ལྔའི་དཀྱིལ་ཆོག་སྔ་ཕྱི་རྣམས་ལ་བརྟེན་ནས་མདོ་སྨད་ཤར་ཁམ་ལྷ་མོ་བུར་ཆས་པའི་ལམ་བར་རྣམས་སུ་བྲིས་པའོ། །འདིའི་ཡན་ལག་ཏུ་གཟུངས་ནས་བཤད་པའི་ཕན་ཡོན་དུ་གཉེར་བས་མཆོད་ཆོག་ཉམས་སུ་ལེན་པར་འདོད་ན་འཇམ་དབྱངས་ས་པན་གྱི་གསུང་རབ་ཤིན་ཏུ་གསལ་མོད། །ངག་འདོན་ལྟབས་བདེའི་དབང་དུ་བྱས་ན་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་ཡིག་ཐོག་ནས་ལེགས། །འོན་ཀྱང་དེར་སྔགས་མ་ཧཱ་བིདྱཻ་ཞེས་ཡོད་པ་ན་ི ཀྲྀ་ཡས་མུཙྪར་ཡང་སྣང་མོད་གཟུངས་འདི་ལ་བརྟེན་པ་ཡིན་མིན་དང་། རྒྱ་གར་གྱི་དཔེ་ལ་ཅི་ཡོད་བརྟགས། གཟུངས་འགྱུར་སྔ་ཕྱི་གཉིས་དང་། ཆོས་རྗེ་ཁུ་དཔོན་གྱིས་སརྦ་བིདྱཻ་ཞེས་བཤད་པ་གཙོ་བོར་བྱ། བོད་སྐད་དུ་རིག་པ་ཆེན་མོར་གྲགས་པ་དང་ཡང་མི་འགལ་ཏེ། སརྦ་ཞེས་པ་མང་ཚིག་གིས་ཆེ་བ་ལ་རང་ཁྱབ་ཅིང་གཞི་མཐུན་དུ་རུང་བས་སོ། །ཡིག་ཆ་སྤར་མར་མདུན་བསྐྱེད་ཀྱི་གཙོ་མོ་ལ་ཡེ་ཤེས་པ་གཞུག་པ་ཆད་འདུག་པ་འདི་བཞིན་དགུག་བསྟིམ་བྱེད་དགོས་ལ། མཆོད་རྫས་དངོས་འཛིན་ཡིག་ཆུང་རྗེ་ཀུན་གཟིགས་བླ་མས་མཛད་ཡོད་པ་དེར་བལྟའོ། །དབང་གི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། རྣམ་འབྱོར་གྱི་དབང་ཕྱུག་བི་རཱུ་པ། མཁན་ཆེན་ཞི་བ་མཚོ། མཁན་པོ་ཀླུའི་དབང་པོ་སྲུང་བ། རྡོ་རྗེ་རིན་ཆེན། ཤེས་རབ་ཡོན་ཏན། ཚུལ་ཁྲིམས་རྒྱལ་པོ། རྡོ་རྗེ་གཙུག་ཏོར། དགེ་སྐྱབས། དགེ་མཐོང་། མཁན་པོ་ཐལ་པོ། ཤཱཀྱ་བློ་གྲོས། ཤེས་རབ་ཚུལ་ཁྲིམས། མཁན་པོ་དཀོན་མཆོག་རྒྱལ་པོ། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་པན་འཕགས་པ་རིན་པོ་ཆེ། ཤར་པ་ཤེས་རབ་འབྱུང་གནས། རྡོ་རྗེ་འོད་ཟེར། ཨེ་བ་འཇམ་དབྱངས། བག་སྟོན། གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ཀུན་མཁྱེན་པ། ནམ་མཁའ་འོད་ཟེར། ལོ་ཆེན་ཤེས་རབ་རིན་ཆེན། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། བསོད་ནམས་རྒྱ་མཚོ། ཚེ་དབང་བཀྲ་ཤིས། ཨོ་རྒྱན་རྒྱལ་པོ། བསོད་ནམས་རྒྱལ་པོ། ཚུལ་ཁྲིམས་བཀྲ་ཤིས། དགེ་བའི་དབང་པོ། ཕྲིན་ལས་རྣམ་རྒྱལ། བསོད་ནམས་མཆོག་ལྡན། མང་ཐོས་རིན་ཆེན་རྒྱ་མཚོ། སྙན་མཁར་སློབ་དཔོན་ངག་དབང་། ཀུན་དགའ་ཆོས་དར། ཀུན་དགའ་བསྟན་དར། ཀུན་དགའ་དབང་རྒྱལ། གོང་དཀར་པོ་ཏཱ་ལས་མཁན་ཆེན་ཚུལ་ཁྲིམས། ལྷ་བཙུན་ཡེ་ཤེས་དོན་འགྲུབ་བསྟན་པའི་རྒྱལ་མཚན། དེ་གཉིས་ཀ་ལས་ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་བཀའ་དྲིན་གཞལ་དུ་མེད་པ་གང་ཞིག་ཞལ་སྔ་ནས་བདག་ལ་སྩལ་པའོ། །ཕྱི་འགྱུར་གྱི་བརྒྱུད་པ་ལྟར་ན། རྫོགས་པའི་སངས་རྒྱས། རྡོ་རྗེ་གདན་སར། བ་རི་ལོ་ཙ་བ། ས་ཆེན་མན་འདྲའོ། །དཀྱུས་སུ་བཤད་ཚོད་ལྟར་དུ་དངོས་སྔ་ཞག་གཅོད་ཀྱི་ལུགས་སུ་བྲིས་ཡོད་མོད། ཞྭ་ལུ་བ་སོགས་སྔགས་གྲྭ་ཕལ་མོ་ཆེར་དཀྱིལ་འཁོར་ཆུང་གྲས་རྣམས་དངོས་སྟ་སྦྲེལ་མ་མཛད་པ་ཤས་ཆེ་ལ། ལྷག་པར་རྡོ་རྗེ་གདན་པའི་ཕྱག་བཞེས་སུ་དབང་བསྐུར་ཐམས་ཅད་ལ་དངོས་སྟ་སྦྲེལ་མ་ཁོ་ན་གནང་བས་དེའི་ཚུལ་ནི། སློབ་དཔོན་གྱིས་ལྷག་གནས་དང་པོ་གསུམ་ཚར་བ་དང་རྗེས་ཆོག་བྱས་ཏེ། དཀྱིལ་འཁོར་བྲི་བའམ་རས་བྲིས་བཀྲམ་ལ་དངོས་གཞི་སྒྲུབ་མཆོད་ལ་འཇུག །སློབ་མ་དབང་བསྐུར་གྱི་འགོར་རྨི་ལམ་བརྟག་ཅིང་སྲུང་བ་ཙམ་མ་གཏོགས་སྟ་གོན་གྱི་ཆོས་རྣམས་ཚང་བར་བྱས་ལ། དེས་སློབ་མ་སྟ་གོན་གྱི་ཚོག་གྲུབ་པ་ལགས། དངོས་གཞི་དབང་བསྐུར་བའི་ཆོ་ག་ལ། གཟུངས་འདིའི་ངོ་བོ་བྱ་རྒྱུད་དུ་བཞེད་ཀྱང་ཞེས་པ་མན་ཆད་སྤེལ་བས་ཁྱབ། ཡང་མཁན་ཆེན་ངག་དབང་ཆོས་གྲགས་སོགས་ཀྱི་གསུངས་ལས། རྨི་ལམ་བརྟག་པ་ནི། ཆོས་ཐམས་ཅད་བསམ་པའི་རང་གཟུགས་ཡིན་པས། དཀྱིལ་འཁོར་གྱི་ཁང་པ་འདི་ཉིད་དུ་ཀུ་ཤའི་སྔས་སྟན་ལ་གཉིད་ལོག་པས། ཡིད་ལ་འདོད་པའི་དངོས་གྲུབ་དང་མཐུན་པའི་རྨི་ལྟས་རེ་ཡང་བྱུང་བའི་མོས་པ་མཛོད་ཅེས་འབྱུང་བ་བཞིན་གོང་དཀར་རྡོ་རྗེ་གདན་པའི་གསུང་རྒྱུན་ལའང་དེ་བཞིན་འབྱུང་བ་ལྟར་བརྗོད་ཀྱང་ལེགས་ཏེ་ས་བཅད་ཚང་པ་དང་། ནམ་མཁའི་ཁ་དོག་བརྟག་པ་མ་བྱུང་ནའང་སྣ་ཚོགས་མཐོང་ཞིང་བརྗོད་སྲོལ་འདུག་པས་མཚོན་ནོ། །ཞེས་པའང་བཱ་གིནྡྲས་པའོ། །ཤུ་བྷམ་སྟུ་སརྦ་ཛཱ་ག་ཏྲཾ། །དགེའོ།། །།

སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ཀླུ་དབང་དགོངས་རྒྱན། རིག་འཛིན་འཇིགས་མེད་གླིང་པ།

སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ཀླུ་དབང་དགོངས་རྒྱན་བཞུགས། དེ་མཚན་དེ་ཡི་ཨུཏྤལ། རྣ་ལུང་དཔྱངས་པའི་གདེང་ཀ་ནི། །འཇིགས་པ་བརྒྱད་ཀྱི་མི་མཐུན་ཕྱོགས། །ཁོ་ནར་ངེས་པས་ཕྱག་བགྱིའོ། །འདིར་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པའི་འགལ་རྐྱེན་ཐམས་ཅད་ཞི་བར་བྱེད་པ་སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི་གཙུག་ལག་ཁང་དང་དགོན་པ་སོགས་གནས་གཙང་ཞིང་ཡིད་དུ་འོང་བར་རྟེན་གསུམ་སྤྱི་དང་། ཁྱད་པར་རྗེ་བཙུན་མའི་སྣང་བརྙན་བྱིན་རླབས་ཅན་བཤམས་པའི་ཟུར་བཞིར་མཎྜལ་བཞི་དང་། ལོགས་བཞིར་མཆོད་པ་སྣ་ལྔ་བྲེང་ཆགས་རེ། ཅི་རིགས་པར་གཏོར་མ་དཀར་ཟླུམ། དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་ཚར་བཞི་ཡང་བཤམས། གཞན་ཡང་བུམ་པ་བཅུད་ལྡན་ལ་སོགས་པའི་ཁྲུས་ཀྱི་ཡོ་བྱད་དང་། ཚར་རེ་བཞིན་གསོ་རྒྱུའི་མཆོད་པ་སོགས་ཉེར་བར་འདུ་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། དཀོན་མཆོག་སྤྱི་ལ་བརྟེན་ནས་ཚོགས་བསག་པ་དང་། རྗེ་བཙུན་མ་སྒོས་ལ་བརྟེན་ནས་ཚོགས་བསག་པའོ། །དང་པོ་ལའང་རྣམ་གྲངས་བཅུ་གཅིག་ལས། དང་པོ་ནི་རང་ཉིད་ཀྱང་ཁྲུས་བྱ་ཞིང་གཙང་སྦྲ་ལ་གནས་པས་སྐྱབས་སུ་འགྲོ་བ་དང་སྨོན་སེམས་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་ཀྱི་ཤློ་ཀ་ལན་གསུམ། གཉིས་པ་བྱང་སྡོམ་བླང་བ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ཕྲད་པར་གྱུར་ཅིག །སོགས་ཚད་མེད་བཞི་བསྒོམ་པ་ལན་གསུམ་གྱི་མཐར། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་སྔོན་དུ་བཏང་ནས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །གསུམ་གྱི་མཐར། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་གྱུར། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་བགྱི། །ཞེས་པས་དགའ་བ་བསྒོམ། གསུམ་པ་ས་གཞི་བྱིན་བརླབ་ནི། ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻཌཱུརྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །བཞི་པ་མཆོད་པ་བྱིན་བརླབ་ནི། ༀ་ཧཱུྃ་ཏྲྃ་ཧྲཱིཿཨཿ ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པ་ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་རོལ་དུ་རྒྱས་པར་གྱུར་ཅིག །ༀ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུཾ་དང་། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་འདོན། ལྔ་པ་སྤྱན་འདྲེན་གྱི་སྔ་རོལ་དུ་དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པར་བྱ་བ་ནི། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཏེ་དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། བཟོད་པས་རབ་ཏུ་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣསམ་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་བརྫི་བ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། །འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ་སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུངས་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་ལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེར་བ་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། སྡུག་བསྔལ་དག་ལས་རྣམ་པར་གྲོལ་བ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲིད་པ་ལས་གྲོལ་བ། ཆུ་བོ་ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་བརྟེན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ། རྟེན་པ་ཡོད་པ། རྒྱུ་བ་བཅད་པའོ། །ཐེག་པ་ཆེན་པོའི་དགེ་འདུན་ནི་ལེགས་པར་ཞུགས་པ། རིག་པ་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་། ཡོན་ཡོངས་སུ་བྱང་བ་ཆེན་པོ། སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །དྲུག་པ་སྤྱན་འདྲེན་དངོས་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེའི་རྣམ་དགོངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱོད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམ་བསྒྲལ་བའི་ཕྱིར། །ཡང་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿ ཞེས་རོལ་ཆེན་བྱ། བདུན་པ་བཞུགས་གསོལ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡེ་སྟཱཾ། ཞེས་གདན་འབུལ། བརྒྱད་པ་ཁྲུས་གསོལ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་ལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམ་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོར་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཞེས་བརྗོད་ཅིང་ཚིག་དོན་འབྲེལ་བར་གོས་ཟུང་འབུལ་བ་དང་། དྲིའི་བྱུག་པ་འགྱེད་པ་ཡང་བྱའོ། །བརྒྱད་པ་མཆོད་པ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །སོགས་ཕལ་པོ་ཆེ་ལས་བྱུང་བའི་ཡན་ལག་བདུན་པ་དང་། སྤྲོ་ན། ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡྷ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བྱ། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །འཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་བལྟ་ན་སྡུག་པ་སྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་ལྟར་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །དུས་གསུམ་གཤེགས་པའི་སངས་རྒྱས་ཀུན། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་གྱིས། །ལུས་བཏུད་པ་ཡིས་བདག་ཕྱག་འཚལ། །བྱང་ཆུབ་སེམས་ཀྱི་གཞི་རྣམས་དང་། །མཆོད་རྟེན་རྣམས་ལ་བདག་ཕྱག་འཚལ། །མཁན་པོ་དེ་བཞིན་སློབ་དཔོན་དང་། །བརྟུལ་ཞུགས་མཆོག་ལ་ཕྱག་འཚལ་ལོ། །དགུ་པ་བསྟོད་པ་ནི། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །སྤྲོ་ན། དགའ་བ་བརྒྱ་ལྡན་འཆི་མེད་གྲོང་ཁྱེར་ནས། །བྱང་ཆུབ་སེམས་ཀྱི་དམ་པ་ཏོག་དཀར་པོ། །ཤཀྱའི་རིགས་ཀྱི་ཐིག་ལེར་འཛིན་པའི་སྣོད། །སྒྱུ་འཕྲུལ་ལྷ་མོ་རི་དྭགས་མིག་ཅན་ཡིན། །འོད་སྟོང་ཤར་གྱི་རི་ལ་ཆས་པ་བཞིན། །ལྷུམས་ཀྱི་གེ་སར་བཞད་པ་ལུམྦིའི་ཚལ། །ཚངས་དང་དབང་པོས་སྲི་ཞུས་མཛེས་བྱས་ཤིང་། །བྱང་ཆུབ་རིགས་སུ་ལུང་བསྟན་ལ་ཕྱག་འཚལ། །ལང་ཚོས་དྲེགས་པའི་ཤཱཀྱ་གཞོན་ནུའི་དབུས། །སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་རོལ་རྩེད་མཐུ། །ཀུན་གྱིས་ཁྱོད་ལ་བཏུད་ཅིང་གྲགས་པ་ཡིས། །སྐྱེ་དགུའི་རྣམ་ཤེས་མིག་དང་རྣ་བར་རྫོགས། །འདོད་སྲེད་ཞགས་པས་གཞན་དབང་མ་གྱུར་བཞིན། །ཡབ་གཅིག་དགྱེས་སླད་བཙུན་མོའི་སྒྱུ་མ་ལ། །སྒྱུ་མའི་ལྟ་བས་བལྟས་ནས་རྒྱལ་པོའི་ཁབ། །བསྐྱངས་པས་དོན་ཀུན་གྲུབ་པ་ལ་ཕྱག་འཚལ། །ཤིན་ཏུ་གཡོ་ཞིང་འཇིགས་པ་རྒྱལ་སྲིད་ཀྱི། །ལྕགས་ཀྱུའི་དབང་དུ་མ་གྱུར་འགའ་མེད་ཀྱང་། །ངེས་པར་འབྱུང་བའི་རྐྱེན་བཞིས་ཁྱོད་ཀྱི་ཐུགས། །ཕྲོགས་ནས་རང་བྱུང་དགེ་སློང་ཉིད་དུ་བསྟན། །བརྩོན་འགྲུས་རླབས་ཀྱིས་མི་ངལ་ནི་རེཉྫར། །དཀའ་ཐུབ་གདུང་བ་བཟོད་པའི་སྙིང་སྟོབས་དང་། །ཀུན་རྟོག་འདུལ་བ་འཛིན་པའི་བསམ་གཏན་ལ། །ཕྱོགས་བཅུའི་བདེ་གཤེགས་དགྱེས་ལ་ཕྱག་འཚལ་ལོ། །གྲངས་མེད་གསུམ་གྱི་སྲིད་དུ་རྣམ་རིག་ཀུན། །ཚོགས་གཉིས་ཐ་གུས་བཅིངས་པ་དོན་ཡོད་ཕྱིར། །བྱང་ཆུབ་ཤིང་དྲུང་བདུད་རྣམས་སྐྲག་བྱས་ནས། །མངོན་པར་རྫོགས་སངས་རྒྱ་བ་རྒྱལ་ཀུན་གཤིས། །འཁོར་བ་གཏིང་མཐའ་མེད་པའི་གཡང་ས་ལ། །རྒྱུག་པའི་འགྲོ་བ་འཁོར་ལོ་གསུམ་གྱིས་གྲུས། །བསྒྲལ་ནས་ཐར་པ་དང་ནི་རྣམ་མཁྱེན་གྱི། །གོ་འཕང་བཀྲི་བ་ཁྱོད་ལ་ཕྱག་འཚལ་ལོ། །རྟོག་ཅིང་དཔྱོད་ཀྱང་སྡོམ་པ་མིན་པའི་ཆར། །འཐུངས་པས་ཆེས་གཟིར་མུ་སྟེགས་སྟོན་པའི་ལྕེ། །མཉན་དུ་ཡོད་པའི་ཆོ་འཕྲུལ་མཐུས་བཅས་པས། །སྐྱེངས་དང་གཟི་བརྗིད་ཉམས་པའི་ཆོ་ག་རྫོགས། །རྫུ་འཕྲུལ་རྐང་པ་བཞི་ལ་མཆོག་ཐོབ་ཁྱོད། །སྐྱེ་རྒ་ན་འཆིའི་ཚོར་བ་མི་མྱོང་ཡང་། །ངེས་པར་ཕ་རོལ་འགྲོ་འདི་མི་སེམས་རྣམས། །སྐྱོ་སླད་མྱ་ངན་འདའ་སྟོན་དེར་ཕྱག་འཚལ། །བསོད་ནམས་ཉམ་ཆུང་གྱུར་པའི་འགྲོ་བ་རྣམས། །དཀར་པོའི་ཆོས་རབ་འཕེལ་བའི་ཚོང་ཟོང་ནི། །འཛད་པ་མེད་པའི་རིང་བསྲེལ་ཆ་བརྒྱད་དུ། །བཞག་སྟེ་ཆོས་ཀྱི་དབྱིངས་སུ་གཟིམས་པ་ལྟར། །བདག་ཀྱང་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ནས། །ཁམས་གསུམ་ལས་འདས་འོག་མིན་ཆེན་པོ་རུ། །མངོན་པར་སངས་རྒྱས་སྤྲུལ་པའི་མཛད་པ་བཅུས། །ཀུན་མཁྱེན་ཁྱེད་དང་འགྲོ་དོན་མཉམ་པར་ཤོག །བཅུ་པ་མཎྜལ་འབུལ་བ་ནི། ༀ་བཛྲ་བྷཱུ་མི་ཨཱ༔ཧཱུྃཿསོགས་ཀྱིས་དབུལ། བཅུ་གཅིག་པ་འདོད་དོན་གསོལ་བ་ནི། ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་། །བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །སྐུ་ཚེའི་རྒྱལ་མཚན་བརྟན་གྱུར་ཅིག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །གཙུག་ལག་རྣམས་ནི་ཀློགས་པ་དང་། །ཁ་ཏོན་གྱིས་བརྒྱན་ལེགས་གནས་ཤིང་། །རྟག་ཏུ་དགེ་འདུན་མཐུན་པ་དང་། །དགེ་འདུན་དོན་ཡང་འགྲུབ་པར་ཤོག །ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གིས་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག །དེ་དག་འཁོར་བ་ཇི་སྲིད་དུ། །ནམ་ཡང་བདེ་ལས་ཉམས་མ་གྱུར། །འགྲོ་བས་བྱང་ཆུབ་སེམས་དཔའ་ཡི། །བདེ་བ་རྒྱུན་མི་འཆད་ཐོབ་ཤོག །འཇིག་རྟེན་ཁམས་ན་དམྱལ་བ་དག །གང་དག་ཇི་སྙེད་ཡོད་པ་རྣམས། །དེ་དག་ཏུ་ནི་ལུས་ཅན་རྣམས། །བདེ་ཆེན་བདེ་བས་དགའ་བར་ཤོག །གྲང་བས་ཉམ་ཐག་དྲོ་ཐོབ་ཤོག །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་ལས། །བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། །ཚ་བས་ཉམ་ཐག་བསིལ་བར་ཤོག །དུད་འགྲོ་རྣམས་ནི་གཅིག་ལ་གཅིག །ཟ་བའི་འཇིགས་དང་བྲལ་བར་ཤོག །སྒྲ་མི་སྙན་པའི་མི་བཞིན་དུ། །ཡི་དྭགས་རྣམས་ནི་བདེ་བར་འགྱུར། །ལོང་བ་རྣམས་ཀྱིས་མིག་མཐོང་ཞིང་། །འོན་པས་རྟག་ཏུ་སྒྲ་ཐོས་ཤོག །ལྷ་མོ་སྒྱུ་འཕྲུལ་ཇི་བཞིན་དུ། །སྦྲུམ་མའང་གནོད་མེད་བཙའ་བར་ཤོག །གཅེར་བུ་རྣམས་ཀྱིས་གོས་དག་དང་། །བཀྲེས་པ་རྣམས་ཀྱིས་ཟས་དང་ནི། །སྐོམ་པ་རྣམས་ཀྱིས་ཆུ་དག་དང་། །བཏུང་བ་ཞིམ་པོ་ཐོབ་པར་ཤོག །བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག །མྱ་ངན་ཉམ་ཐག་དགའ་ཐོབ་ཤོག །ཡི་ཆད་རྣམས་ཀྱང་ཡིད་སོས་ཤིང་། །བརྟན་པ་ཕུན་སུམ་ཚོགས་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །སྐྲག་པ་རྣམས་ནི་འཇིགས་མེད་ཤོག །བཅིངས་པ་རྣམས་ནི་གྲོལ་བར་འགྱུར། །མཐུ་མེད་རྣམས་ནི་མཐུ་ལྡན་ཞིང་། །སེམས་ནི་ཕན་ཚུན་མཉེན་གྱུར་ཅིག །འགྲོན་པོ་དག་ནི་ཐམས་ཅད་ལ། །ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག །གང་གི་དོན་དུ་འགྲོ་བྱེད་པ། །དེ་འབད་མི་དགོས་འགྲུབ་གྱུར་ཅིག །གྲུ་དང་གྲུ་ཆེན་ཞུགས་པ་རྣམས། །ཡིད་ལ་བསམ་པ་འགྲུབ་གྱུར་ཏེ། །ཆུ་ཡི་ངོགས་སུ་བདེར་ཕྱིན་ནས། །གཉེན་དང་ལྷན་ཅིག་དགའ་བར་ཤོག །མྱ་ངན་ལམ་གོལ་འཁྱམས་པ་རྣམས། །འགྲོན་པོ་དག་དང་འཕྲད་གྱུར་ནས། །ཆོམ་རྐུན་སྟག་སོགས་འཇིགས་མེད་པར། །མི་ངལ་བདེ་བླག་འདོང་བར་ཤོག །དགོན་སོགས་ལམ་མེད་ཉམ་ང་བར། །བྱིས་པ་རྒན་པོ་མགོན་མེད་དང་། །གཉིད་ལོག་མྱོས་ཤིང་རབ་མྱོས་རྣམས། །ལྷ་དག་སྲུང་བ་བྱེད་པར་ཤོག །ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག །འཇིག་རྟེན་དག་ཀྱང་དར་བར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང་། །གསང་སྔགས་བཟླས་བརྗོད་འགྲུབ་པར་ཤོག །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པར་ཡང་། །ལྷ་བས་ལྷག་པའི་ལུས་ཀྱིས་ནི། །དེ་དག་སངས་རྒྱས་མྱུར་ཐོབ་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །ཅེས་བརྗོད། གཉིས་པ་མཎྜལ་བསྙེན་པ་ཚར་གསུམ་གྱི་དང་པོ་ལ་རྣམ་གྲངས་བཅུ་གཉིས་ལས། དང་པོ་རྟེན་བསྐྱེད་པ་ནི། ༀ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་གྲངས་གསོགས་བརྟེན་བསྐྱེད་ཚར་གཅིག་སོང་རྗེས་པོ་ཏ་ལ་ཡི་སོགས་ནས་སྤྱན་འདྲེན་གྱི་འཐུས། ཀོ྅་ཧཾ། ཞེས་པས་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རྟོགས་པས་ཡེ་ཤེས་ཀྱི་ཚོགས་དང་། དེ་ལྟར་མ་རྟོགས་པས་རྣམས་ལ་སྙིང་རྗེ་ཆེན་པོའི་ངང་ནས་སྒྱུ་མ་ལྟ་བུའི་ལྷ། སྐུར་ལངས་ཏེ་གཞན་དོན་བྱེད་ལ་བསོད་ནམས་ཀྱི་ཚོགས་སུ་ངེས་པས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དལ་གྱི་སྟེང་དུ་ཏཱཾ་ལས་ཨུཏྤལ་ཏཱཾ་གྱིས་མཚན་པ་དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་ཀྱི་དོན་བྱས་ཚུར་འདུས་པ་ལས་མདུན་གྱི་རྟེན་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་གུ་བཅུ་དྲུག་ལོན་པའི་རྣམ་པ་མཛེས་ཤིང་། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། སྟོད་གཡོགས་དང་དར་སྲབ་མོས་ནུ་མ་བཀབ་པ། དབུ་སྐྲ་ལི་བའི་གཡོན་ཕྱོགས་གྱེན་དུ་བརྫེས་ཤིང་གཡས་ངོས་ནས་ཐུར་དུ་ཅུང་ཟད་འཕྱང་བ། ཕྱག་གཡས་མཆོག་སྦྱིན་དང་གཡོན་པ་ཐུགས་ཀར་ཨུཏྤལའི་རྩ་བ་ནས་བཟུང་བའི་མེ་ཏོག་འཁོར་ལོས་མཚན་པ་རྣ་བའི་ཐད་ཀར་སླེབ་པ། ཟླ་བའི་རྒྱབ་ཡོལ་ཅན། དེའི་མཐའ་སྐོར་དུ་པད་འདབ་བཅུ་པ་ཉིས་རིམ་ལ་སྒྲོལ་མ་གཞན་ཉི་ཤུ་པོ་བཞུགས་སྟངས་གཙོ་མོ་དང་འདྲ་བ་ལ་སྐུ་མདོག་དང་ཕྱག་མཚན་གྱི་ཁྱད་པར་མདུན་ནས་རིམ་པས་གཡས་སྐོར་དུ་མྱུར་མ་དཔལ་མོ་དམར་ལ་ཁྲོ་འཛུམ་ཆགས་པའི་ཉམས་ཅན་ཨུཏྤལའི་སྟེང་ན་དུང་གཡས་འཁྱིལ་འཛིན་པ། དེ་བཞིན་དུ་དབྱངས་ཅན་མ་སྟོན་ཟླའི་ཞལ་མེ་ལོང་ཧྲིཾ་གྱིས་མཚན་པ། སེར་སྔོ་བསོད་ནམས་མཆོག་སྟེར་རིན་པོ་ཆེ། གཙུག་ཏོར་རྣམ་རྒྱལ་གསེར་མདོག་ཚེ་བུམ། རིག་བྱེད་མ་ལེ་བརྒན་མདོག་མདའ་གཞུ། འཇིགས་བྱེད་ཆེན་མོ་དམར་ནག་ཕུར་བུ། གཞན་གྱིས་མི་ཐུབ་མ་ནག་མོ་ཁྲོ་གཉེར་ཅན་རལ་གྲི། གཞན་མི་རྒྱལ་བ་དམར་ནག་ཁྲོ་གཉེར་ཅན་རྡོ་རྗེ། འཇིག་རྟེན་གསུམ་རྒྱལ་དམར་མོ་རྒྱལ་མཚན། ནོར་གཏེར་དམར་མོ་ཁྲོ་གཉེར་ཅན་གཏེར་བུམ། བཀྲ་ཤིས་དོན་བྱེད་མ་སེར་མོ་དཔལ་བེ། དགྲ་དཔུང་འཇོམས་མ་དམར་མོ་རྡོ་རྗེར་གདེངས། ཁྲོ་གཉེར་ཅན་མཛད་ནག་མོ་གཏུན་ཤིང་། རབ་ཏུབ་ཞི་བ་དཀར་གསལ་སྤྱི་བླུགས། འབར་བའི་འོད་ཅན་དམར་མོ་རྒྱ་གྲམ། དཔག་མེད་གནོན་མ་ངུར་སྨྲིག་མཆོད་རྟེན། རྨ་བྱ་ཆེན་མོ་དཀར་གསལ་ཟླ་བ། མི་ཕམ་རྒྱལ་མོ་དཀར་གསལ་གདུགས་དཀར། རི་ཁྲོད་ལྷ་མོ་དམར་སེར་ཟ་མ་ཏོག །འོད་ཟེར་ཅན་མ་དཀར་དམར་གསེར་ཉ་འཛིན་པ། ཐམས་ཅད་ཀྱང་རྟ་བབས་ཀྱི་སྐྱིལ་མོ་ཀྲུང་དང་ཐུགས་ཁར་པདྨ་དང་ཟླ་བའི་དལ་པ་ཏཾཾ་ཡིག་རེ་རེས་མཚན་པ་དེའི་འོད་ཟེར་གྱིས་རི་བོ་པོ་ཏ་ལ་ནས་རྗེ་བཙུན་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛ༔ གཉིས་པ་སྤྱན་འདྲེན་པ་ནི། པོ་ཏ་ལ་ཡི་གནས་མཆོག་ནས། །ཏཱྃ་ཡིག་ལྗང་གུ་ལས་འཁྲུངས་ཤིང་། །འོད་དཔག་མེད་པས་དབུ་ལ་བརྒྱན། །དུས་གསུམ་སངས་རྒྱས་ཕྲིན་ལས་མ། །འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ གསུམ་པ་དབང་བསྐུར་བ་ནི། མེ་ཏོག་དམ་པ་ཕྲེང་བ་དམ་པ་སོགས་ཤློ་ཀའི་མཐར། པུཥྤེ་སོགས་དང་གསོལ་བ་གདབ་ནི། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱིས། །བདག་ལ་དབང་བསྐུར་མཛད་དུ་གསོལ། །ཅེས་བརྗོད་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པ་བདུད་རྩིའི་གང་བ་ཕྱག་ན་བསྣམས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྷར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་གདག་གིས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུའི་ལྷ་མ་ཡལ་ལུད་པ་ལས་གཙོ་མོ་ལ་དོན་ཡོད་གྲུབ་པ་དང་། གཞན་རྣམས་ལ་སོ་སོའི་རིགས་ཀྱིས་དབུ་བརྒྱན། དབང་གི་ལྷ་རྣམས་སྒྲོལ་མར་གྱུར་ནས་ཛཿཧཱུྃ་བཾ་ཧོཿ ཞེས་པས་གཉིས་མེད་དུ་ཐིམ་པར་གྱུར། བཞི་པ་ཕྱག་རྒྱས་བཅིང་བས་རྒྱས་གདབ་པ་ནི། ཐལ་མོ་ཁ་སྦྱར་ནས་གུང་མོ་གཡས་པས་ཅིག་ཤོས་ཀྱི་སེན་མོ་བཀབ། སྲིན་ལག་གཉིས་ནང་དུ་བཀུག་ལ་མཐེ་བོང་མནན་པ་ཨུཏྤལ་ཁ་བྱེ་བའི་རྒྱ་དཔྲལ་བ་མགྲིན་པ། སྙིང་ག །པུས་མོ་གཡས་གཡོན་དུ་འཇོག་པ་དང་སྦྲག །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེན་ལན་རེ་བརྗོད། ལྔ་པ་ཡན་ལག་བདུན་པ་ནི། ལྷ་དང་ལྷ་མོན་ཅོད་པོན་གྱི། །ཞབས་ཀྱི་པདྨོ་ལ་བཏུད་ཏེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དངས་བས་ཕྱག་བགྱིའོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོའི་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པ། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་པར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིངས་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །དྲུག་པ་ཁྲུས་གསོལ་ནི། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡན་པ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །བདུན་པ་མཆོད་པ་ནི་ལྷ་གྲངས་གསོག་གི་ཚེ་མེ་ཏོག་དམ་པ་སོགས་ཤློ་ཀ་གསུམ་གྱིས་འཐུས། མོ་བཅུ་དྲུག་གི་མཆོད་ཕྲེང་བྱ། བརྒྱད་པ་ནི་མཎྜལ་རྒྱས་པ་འབུལ། དགུ་པ་བསྟོད་པ་ནི། ཐུགས་རྗེ་ཆེན་པོའི་བདག་ཉིད་ནི། །ཆུ་སྐྱེས་ཞལ་གྱི་གེ་སར་ལས། །རྣམ་སྤྲུལ་ལྷ་མོ་མྱུར་དཔའ་སྒྲོལ། །འཇིག་པ་ཐམས་ཅད་སྐྱོབས་ལ་འདུད། །ཉོན་མོངས་ཆུ་གཏེར་ཆེན་པོའི་ཀློང་། །རྣམ་པར་འཁྱམས་པའི་སེམས་ཅན་ཀུན། །གཏི་མུག་གླང་པོའི་གཞན་དབང་གིས། །ཟིལ་གྱིས་ནོན་སྐྱོབ་མ་ལ་འདུད། །འདོད་སྲེད་གོམས་དང་ཆོས་ཉིད་དོན། །ཡུལ་ལ་འཆིང་བའི་ལྕགས་སྒྲོག་དང་། །ཀུན་ནས་དཀྲིས་པའི་ཐེ་ཚོམ་གྱི། །ཤ་ཟའི་འཇིགས་པ་སྐྱོབས་ལ་འདུད། །འདོད་པ་ཆུ་བོའི་དབའ་རླབས་དང་། །དེ་བཞིན་ཞེ་སྡང་གོམས་པ་ལས། །གྱུར་པའི་རྒྱུ་མཐུན་གཏུམ་པོའི་མེ། །ཅིག་ཅར་བྱང་མཛད་མ་ལ་འདུད། །གོ་འཕང་མཆོག་ལ་ཆོམ་རྐུན་གྱི། །བརྟུལ་ཞུགས་འཇིག་ཚོགས་ལ་བལྟ་དང་། །སྣང་བ་དགྲར་གྱུར་ཁྲག་དོག་གི། །ལྟོ་འགྲོའི་འཇིགས་པ་སྐྱོབ་ལ་འདུད། །ང་རྒྱལ་སེང་གེའི་སྡེར་མོ་ཡིས། །ཚུལ་ཁྲིམས་ལྟ་བ་མཆོག་འཛིན་དང་། །རྒྱལ་པོའི་ཆད་པ་དགྲ་གདོན་མཛེ། །བཤེས་བྲལ་དབུལ་ཕོངས་གནམ་ལྕགས་ཐོག །དོན་ཉམས་ལ་སོགས་འཇིགས་པའི་ཚོགས། །མ་ལུས་སྐྱོབ་ལ་བདག་བསྟོད་དོ། །ཞེས་དང་བཅུ་པ་ཕྱག་འཚལ་བ། ཕན་ཡོན་དྲན་པའི་སྒོ་ནས་ཕྱག་དང་བཅས། ༀ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔལ་མོ། །སོགས་ནས། འཇོམས་པ་ཏུ་རེའི་རབ་མཆོག་ཉིད་མ། ཞེས་པའི་བར་གྱི་ཕྱག་འཚལ་ཚར་གཉིས་བྱ། བཅུ་གཅིག་པ་མཎྜལ་བསྙེན་པ་ནི། རྗེ་བཙུན་མའི་ཐུགས་ཀར་པདྨ་དང་ཟླ་བའི་དལ་ལ་ཏཱཾ་ཡིག་ལྗང་གུའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལ་དམིགས་ནས། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་ཡི་གེ་བཅུ་པའི་བསྙེན་པ་སྟོང་ཕྲག་བཅུ་སྔོན་དུ་སོང་ན་རབ་མ་སོང་ན་སྟོང་ཕྲག་གཅིག་བཟླས་བརྗེས། ཕྲིན་ལས་ཁ་བསྒྱུར་གྱི་བཟླས་པ་ནི། དང་པོར་བསོད་ནམས་འཕེལ་བའི་རྒྱུ་བྱང་ཆུབ་ཀྱི་སེམས་རྒྱས་པར་འདོད་ན། རྩ་སྔགས་ལ། བྷོ་དྷི་ཙིཏྟ་སྭཱ་ཧཱ། ཞེས་པ་དང་། དེ་བཞིན་དུ་འཇིགས་པ་ཆེན་པོ་བརྒྱད་སྐྱོབས་པར་འདོད་ན་སྭཱ་ཧཱའི་གོང་དུ། དཱ་ན་ཏྲ་ཡ་སྦྱར། ཤེས་རབ་འཕེལ་བ་ལ། པྲཛྙ་ཧྲིཾ་ཧྲིཾ། བསོད་ནམས་བསྐྱེད་པ་ལ། མ་ཧཱ་པུཎྱཻ། ཚེ་སྒྲུབ་ན། ཨཱ་ཡུར་ད་ཏེ་བྷྲཱུྃ། དབང་བྱེད་ལ། ཀུ་རུ་ཀུ་ལླེ་ནྲི་ཛཿ གདོན་ལ། སརྦ་བིག་ནན་བཾ་ཧཱུྃ་ཕཊཿ གཡུལ་ངོ་སོགས་ལ། བཛྲ་ཏ་ཀི་ཧ་ན་ལི་ཙ་ཕཊཿ མཚང་འབྲུ་བ་ལ། ད་ཧ་པ་ཙ་ཧཱུྃ་ཕཊཿ འཇིག་རྟེན་དབང་དུ་བྱེད་ན། ལོ་ཀ་པཱ་ཤཾ་ཀུ་རུ། དབུལ་བ་སེལ་ན། མ་མ་བ་སུ་པུཥིཾཏྲ྅྅྅ཀུ་རུ། བུ་དཔལ་ཆར་ཆུ་སྤེལ་ན། མངྒ་ལ་ཤྲཱི་མ་ཧཱ་པ་ནི། འགྱེད་པ་ལ། བཛྲ་ཛྭ་ལ་ཕཊ་ཕཊཿརཀྴ་རཀྴཿ ཕུང་བྱེད་ལ། ཧཱུྃ་ཧཱུྃ་ཧཾ་ཤཾ་ཏྲིག་ནན་ཕཊཿ སྡིག་པ་ལ། སརྦ་པཱ་པཾ་ག་ཏེ་ག་ཏེ། བྱང་ཕུར་ལ། ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཕཊཿ དགྲ་ཇག་དང་གཅན་གཟན་ལ། ཧཱུྃ་ཧཱུྃ་བཾ་ཧོཿ དུག་རིགས་ལ། སརྦ་བི་ཥ་ཏ་ར་ཕཊཿ རྩོད་དང་རྨི་ལམ་ངན་པ་ལ། ཧཱུྃ་ཧཱུྃ་ཕཊ་ཕཊཿརཀྴ་རཀྴ་མཱཾ། རིམ་ནད་ལ། ནཱ་མ་ཏཱ་རེ་མ་ནོ་ཧ་ར་ཧཱུྃ་ཧ་ར་སྭཱ་ཧཱ། ནད་པའི་བླ་བསླུ་ན། མ་རི་ནྱཻ་བྷཱུྃ་ནྲི་ཛཿསྭཱ་ཧཱཿ དེ་དག་གི་དམིགས་གནད་ཁྱད་པར་བ་ནི་བདེ་སྙིང་གཏེར་བུམ་ལས་རྟོགས་པར་བྱ་ཞིང་། ལས་སྒྲུབ་སོ་སོའི་ཕྱག་འཚལ་ཁོལ་བཏོན་བརྒྱ་རྩ་བརྗོད་པ་མན་ངག་གོ། །བཅུ་གཉིས་པ་གསོལ་བ་གདབ་པ་ནི། ཏཱ་རེ། ཞེས་མཚན་སྔགས་བརྒྱ་ཕྲག་གསུམ་གྱིས་བོས་ནས། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་གཅོད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པའི་ནད་རྣམས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་ཀུན། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱེད་སྒྲུབ་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་དཔལ། །ཡུམ་མཆོག་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །ཅེས་དང་། ཕན་བདེ་འབྱུང་བའི་གནས་གཅིག་པུ། སོགས་དང་། ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་པ་དང་། །འཇིག་རྟེན་དག་ཀྱང་དར་བར་ཤོག །སོགས་ཀྱིས་སྨོན་ལམ་གདབ་བོ། །མཎྜལ་གཉིས་པ་ནི། ལྷ་དང་ལྷ་མིན་ཅོད་པན་གྱིས། །སོགས་དང་རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །སོགས་པའི་ཡན་ལག་བདུན་པ་ནས། ཁྲུས་གསོལ་མཆོད་ཕྲེང་། མཎྜལ། བསྟོད་པ། ཕྱག་འཚལ་ཉེར་གཅིག་ཚར་གསུམ་བཟླས་པ། གསོལ་གདབ་སྨོན་ལམ་གྱི་བར་སྔར་བཞིན་བལྡབ། དེ་བཞིན་དུ་མཎྜལ་གསུམ་པ་ལའང་ཕྱག་འཚལ་ཉེར་གཅིག་ཚར་བདུན་སྤར་བའི་ཁྱད་པར་ཙམ་མོ། །གྲངས་གསོག་བྱེད་ན་འདི་ཡན་ཆད་བལྡབ། གསུམ་པ་རྗེས་ཀྱིས་རིམ་པ་ལ་ལྔ་ལས། དང་པོ་གཏོད་མ་འབུལ་བ་ལ། ཆ་བཞིའི་དང་པོ་རྗེ་བཙུན་མ་ལ་འབུལ་བ་ནི། ཁ་པོ་ཏ་ལར་བལྟས་པའམ། འདུན་པ་བཅོས་ཏེ། ལག་པ་རྡོ་རྗེ་ཐལ་མོ་སྙིང་ཁར་སྦྱར་ནས། གཏོར་མ་བསང་སྦྱོང་། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཨཱ༔ཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་གྱུར། འབྲུ་གསུམ་ལན་བདུན་གྱིས་བརླབས། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུ་དྲངས་ཏེ་གསོལ་བར་བསམ། ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏེ་མ་ཧཱ་ས་ཏྭ། སརྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ། མ་བི་ལཾ་པ་མ་བི་ལཾ་པ། ཨི་དཾ་བ་ལིང་གྲྀཧྣ་པ་ཡ་གྲྀཧྣ་པ་ཡ་ཧཱུྃ་ཧཱུྃ་ཛ་ཛ་སརྦ་བི་པཉྩ་རེ་སྭཱ་ཧཱ། ཞེས་ལན་གསུམ་གྱི་མཐར། རྗེ་བཙུན་མ་སྒྲོལ་མས་བདག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་། འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པ་ལས་ཐར་བར་མཛད་དུ་གསོལ་སྲིད་པའི་དུཿཁ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཆ་གཉིས་པ་ཨ་ཀ་རོ་མུ་ཁཾ་གསུམ་གྱིས་རྡོ་རྗེའི་ཆོས་སྐྱོང་རྣམས་ལ་འབུལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུང་། །དངོས་གྲུབ་ཀུན་གྱིས་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཤིང་ཕྱུགས་འཕེལ་བ། །དགེ་ལེགས་ཕུན་སུམ་ཚོགས་པའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གིས་ཕྲིན་ལས་བཅོལ། ཆ་གསུམ་པ། ཨ་ཀཱ་རོ་གསུམ་དང་། གཞི་བདག་གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །གནས་མགྲོན་གྱི་དམ་ཚིག་བསྲུང་བ་དང་འགོ་ཞིང་སྡོང་གྲོགས་གཉེན་པོ་མཛད་དུ་གསོལ། ཆ་བཞི་པ། ན་མཿསརྦ་ཏ་ཐ་ག་ཏ་ཨ་ཝ་ལོ་ཀི་ཏེ༴ སོགས་གསུམ། རིགས་དྲུག་སྙིང་རྗེའི་མགྲོན་ལ་བསྔོའོ། །མྱུར་དུ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག༴ དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ༴ དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ༴ དེ་བཞིན་གཤེགས་པ་འཇིགས་པ་དང་༴ སྡིག་པ་ཅི་ཡང་མི་བྱ་ཞིང་སོགས་དང་། སྦྱིན་པ་རྒྱ་ཆེན་གྱུར་པ༴ སོགས་སྨོན་ལམ་གདབ། གཉིས་པ་ནོངས་བཤགས་ནི། མ་འབྱོར་པ་དང་ཉམས་པ་དང་། །གཙོ་བོ་ནུས་པ་མ་མ ཆིས་པས། །འདིར་ནི་བགྱི་བ་གང་བགྱིས་པ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཆད་པ་དང་ནི་ལྷག་པ་དང་། །ཆོ་གའི་ཡན་ལག་ཉམས་པ་སོགས། །བདག་གིས་བརྗེད་ངོས་ཅི་མཆིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་པར་གསོལ། །ཅེས་དང་། ཡི་གེ་བརྒྱ་པ་ལན་གསུམ་བརྗོད། གསུམ་པ་ནི་རྟེན་ལ་བརྟན་བཞུགས་དང་། གློ་བུར་བ་རྣམས་ལ། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གཤེགས་གསོལ་བྱ། བཞི་པ་དགེ་བ་བསྔོ་བ་ནི། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །བསོད་ནམས་སྟོབས་ཆེན་འདི་ཡིས་མཐུས། །སྦྱིན་བདག་འཁོར་དང་བཅས་རྣམས་ལ། །ཚེ་འདིར་བསམ་པའི་དོན་གྲུབ་ཅིང་། །བར་ཆད་ཞི་གནས་བཀྲ་ཤིས་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །གཞན་ཡང་སྐྱེ་བ་འདི་ཉིད་དུ། །མི་མཐུན་ཕྱོགས་ཀུན་ཞི་བ་དང་། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །གཏན་དུ་བདེ་བ་ཐོབ་པར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་དང་། །ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །བརྗོད། ལྔ་པ་ཤིས་བརྗོད་ནི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་ཀྱིས་མཐའ་རྒྱས་སུ་བྱའོ། །དེ་ལྟར་སྒྲོལ་མ་མཎྜལ་བཞི་པར་གྲགས་པའི་ཆོ་ག་ལ་ཡིག་ཆ་མང་དུ་སྣང་ཡང་རྩ་བའི་ཁུངས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྒྲོལ་མ་ལ་མངོན་པར་འབྱུང་བའི་རྒྱུད་ལ་བརྟེན་ནས་བསྡུ་བ་མཛད་པ་ཉིད་ཀྱང་དེ་ཉིད་ཀྱི་མངོན་རྟོགས་རང་ས་མ་ཟིན་པ་དང་། ཚིག་ཚོགས་ལ་ཐལ་བ་རྣམས་བཏང་སྙོམས་སུ་བྱས་ཤིང་། མན་ངག་ལས་བྱུང་བ་འགའ་ཞིག་གསར་དུ་བསྣན་ནས་བཀླགས་ཆོག་ཏུ་བཀོད་པ་འདི་ཡང་མདོ་ཁམས་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་ནན་ཏན་ཆེན་པོའི་ངོར་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ།། །།

སྒྲོལ་མ་མཎྜལ་བཞི་ཆོག་ཀླུ་དབང་དགོངས་རྒྱན་སྐབས་བཤམས་བཀོད། ལེགས་བཤད།

སྒྲོལ་མ་མཎྜལ་བཞི་ཆོག་ཀླུ་དབང་དགོངས་རྒྱན་སྐབས་བཤམས་བཀོད། ༈ སྒྲུབ་གནས་གཙང་མ་བྱི་དོར་ལེགས་པར་བྱས་ལ། འཕྲུལ་སྟེགས་ལ་དཀྱིལ་ཐང་ནི། མུ་ཁྱུད་རིམ་པ་བཞི་བསྐོར་བའི། ལྟེ་བ་ལྗང་སྐྱ་ལ་ཨུཏྤལ་ཏཱཾ་ཡིག་ལྗང་གུས་མཚན་པ། མུ་ཁྱུད་སེར་པོ་དེའི་ཕྱིར། པད་འདབ་བཅུ་པའི་ཁ་རིས་ལྗང་གུ་ནང་ཁོངས་ལི་ཁྲི། དེའི་ཕྱིར་པད་འདབ་བཅུ་པའི་ཁ་རིས། ལི་ཁྲི་ནང་ཁོངས་ལྗང་། ཀུན་ལ་ཏཱཾ་ཡིག་རེས་མཚན། དེའི་ཕྱིར་པ་ཏྲ་སེར་པོ་ཕྱི་མཐའ་རྣམས་ལྗོན་ཤིང་མེ་ཏོག་གིས་མཛེས་པར་བྱས་པ་བཤམས། རུ་ཤིང་བཞི་ལ་བརྟེན་ཏེ་བླ་བྲེ་དང་ཕུར་མ་འཕེན་དང་རྒྱལ་མཚན་སོགས་བརྒྱན། དབུས་སུ་མཉྫི་ལ་སྒྲོལ་མ་གཙོ་སྐུ་བྱིན་ལྡན་ན་བཟའ་བཅས། པད་འདབ་ནང་མ་བཅུའི་ཤར་ན་མྱུར་མ་དཔའ་མོ་སོགས་བཅུ་དང་། ཕྱི་མའི་ཤར་ནས་བཀྲ་ཤིས་དོན་བྱེད་མ་སོགས་བཅུ་སྟེ། ཉི་ཤུ་པོ་གཡས་བསྐོར་དུ་ནས་གཙོ་མོ་ལ་ཕྱོགས་པར་བཤམས། དེའང་ཙཀླའི་ཡིན་ན་འཛུགས་གདན་གྲངས་མཉམ། ལུགས་སྐུ་ཡིན་ན་ན་བཟའ་བཅས། གྲྭ་བཞིར་མཎྜལ་རེ། རུ་ཤིང་གི་ལྡིང་ཁྲི་ལ། གཡས་ཕྱོགས་བརྒྱད་སྟོང་ལྟ་བུའི་གླེགས་བམ། དབུས་སུ་སྟོན་པའི་སྐུ། གཡོན་ཕྱོགས་སུ་མཆོད་རྟེན་རྟེན་གསུམ་ན་བཟའ་བཅས། ཤར་དུ་ཁྲུས་བུམ་ཉེར་ལྔའི་བཅུད་ལྡན་མེ་ལོང་ཞུས་དར་བཅས་ཕྱོགས་བཞི་གར་རྣམ་ལྔ་ཚར་རེ། ཕྱི་མཐའི་མཆོད་སྟེགས་སྟེང་མ་ལ་ཞལ་ཟས་བར་མ་ལ་མར་མེ་ཐོག་མ་ལ་ཡོན་ཆབ་དེ་རྣམས་མང་ཉུང་འབྱོར་པ་དང་བསྟུན་ཏེ། བརྒྱ་རྩ་ལ་མཚམས་ན། ཚར་དང་པོར་ངོས་རེར་བདུན་རེ་ཙམ་བཤམས་ནས་གཞན་རྣམས་ལོགས་སུ་བཞག་སྟེ། ཚར་རེ་བཞིན་དུ་མཆོད་པ་ཁ་གསོས་སུ་རིམ་པར་བསྣན་ཏེ་གྲལ་དུ་བསྒྲིགས། སྤོས་དང་མེ་ཏོག་སྣ་ཚོགས་གང་བདེར་བཤམས། ལྕོགས་ན་ཚར་རེ་བཞིན་དུ་མཆོད་པ་ཚང་མ་བརྗེ། རྗེས་ཆོག་གི་གཏོར་མ་ནི་ཕྱོགས་རེར་བླ་གཏོར་པད་འདབ་བཞི་པ་རེ་སྟེ། ཤར་གཏོར་ལ་རིལ་བུ་ཉེར་གཅིག །ལྷོ་གཏོར་ལ་ཐེབ་ཀྱུ་དང་རིལ་བུ། ནུབ་གཏོར་ལ་ཐེབ་སྐྱུ་གཅིག །བྱང་གཏོར་མདུན་དུ་ལན་ཆགས་གཅིག །ཤར་གཏོར་མ་གཏོགས་གཞན་གསུམ་ཕྱིར་མཆོད། གཞན་ཡང་། མཆོད་རྫས་དང་། རྟེན་གསུམ་རྒྱ་ཆེར་བཤམས་པས་བག་དྲོ་བར་བྱའོ། །སྒྲུབ་པ་པོ་དགེ་འདུན་བཞི་སྡེ་ཡན་ཐམས་ཅད་ཤ་ཆང་སྤང་བའི་དཀར་སྤྱོད་ཁྲུས་དང་གཙང་སྦྲ་ལ་གནས་ཏེ། ཆོས་གོས་གྱོན་ནས་ལག་ཏུའང་མཆོད་པའི་མཎྜལ་རེ་བཅས་དབྱངས་རོལ་གྱིས་སྒྲིགས་སུ་འཇུག །ཚར་རེའི་མཐར་མཆོད་པ་བརྗེས་ལ་བྱིན་བརླབས་ནི། ༀ་ལྷ་རྫས་སོགས་ནས་ཨ་ཧཱུཾ། པོ་ཊ་ལ་ཡི༴ ཏཱཾ་ཡིག༴ ཏཱ་ཡིག་འོད་ཀྱི༴ སྒྲོལ་མ། ལྷ་དང་ལྷ་མིན༴ སོགས་སོ། །ཚར་རྗེས་མ་ལ་བསྟོད་པའི་མཐར་ལྷ་མོ་ལ་གུས༴ སོགས་ཕན་ཡོན་བརྗོད་ལ་ཕྱག་འཚལ། བསྙེན་པའི་སྐབས་སྨྲ་བཅད་གལ་ཆེ་བ་དང་། རྗེས་སུ་སྤྱོད་འཇུག་སྨོན་ལམ་ཡང་གདབ་པར་སུཀྟཱས་གསུངས་སོ། །

ལས་སྒྲིབ་རྒྱུན་གཅོད་ཀྱི་སྔགས་བརྒྱ་པ། མི་ཕམ་འཇམ་དབྱངས་རྣམ་རྒྱལ།

ལས་སྒྲིབ་རྒྱུན་གཅོད་ཀྱི་སྔགས་བརྒྱ་པ་བཞུགས་སོ། །ཡིད་བཞིན་ནོར་བུ་ཆེན་པོ་འདི་ཁོ་ནའོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཛྙཱ་ན་ས་ཏྭཱ་ཡ། རརྣམ་པ་ཐམས་ཅད་པ་ཡི་ཡེ་ཤེས་ཉིད། །ཡི་གེའི་རོལ་པར་སྣང་བས་འགྲོ་ཀུན་ལ། །ཕན་དང་བདེ་བའི་དཔལ་རྣམས་ལེགས་སྩོལ་པ། །རིག་སྔགས་རྒྱལ་པོའི་ཚོགས་རྣམས་གུས་པས་ཟུངས། །ༀ་ཨཱཿཧཱུྃ། འདི་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དངོས་ཡིན་ཏེ། དུས་གསུམ་རྒྱལ་བས་གསུངས་པའི་སྔགས་ཐམས་ཅད་ཀྱི་རྒྱལ་པོ་དང་རྩ་བར་གྱུར་པ། གང་བཟླས་པས་སྔགས་ཐམས་ཅད་གྲུབ་པར་བྱེད་པ། སྔགས་གང་གི་མགོ་ལ་གདགས་ཀྱང་ཡེ་ཤེས་ཀྱི་སྔགས་སུ་གྱུར་ཏེ་ལས་ཐམས་ཅད་མ་གྲུབ་པ་གྲུབ་པར་བྱེད་པ། མི་ཤིས་པ་ཤིས་པར་བྱེད་པ། ཉེས་པ་མེད་པར་བྱེད་པ་སྟེ། གསང་བ་འདུས་པ་དང་བཀའ་བརྒྱད་ཀྱི་རྒྱུད་སོགས་ལས་འདི་ཁོ་ན་བསྔགས། །རྫོགས་ཆེན་གྱི་རྒྱུད་སོགས་ལས་འདིས་རིགས་དྲུག་གི་ས་བོན་སྲེག་སྦྱོང་བྱེད་པར་གསུངས། བཟླས་པ་ཙམ་གྱིས་འཁོར་བའི་སྒྲིབ་པ་ཟད་པར་བྱེད་ཅིང་། དུས་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་སྔགས་བཟླས་པའི་གོ་ཆོད་པ་སོགས་ཡོན་ཏན་ཚད་མེད་པ་རྒྱུད་རྣམས་ནས་ཡང་ཡང་གསུངས་སོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ལས། སྙིང་པོ་དུས་གསུམ་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་ནི་མཉེས་བྱེད་པ། །ༀ་ཡིག་སངས་རྒྱས་སྐུ་ཡི་མཆོག །ཨཱཿཡིག་སངས་རྒྱས་གསུང་གི་ལམ། །ཧཱུྃ་ཡིག་ཡེ་ཤེས་མཛིངས་ནི་ཐུགས། །འདི་ནི་བྱང་ཆུབ་ཚུལ་མཆོག་ཡིན། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ། །ཡེ་ཤེས་རྡོ་རྗེས་སྤྲུལ་པ་སྟེ། །སངས་རྒྱས་རྒྱུ་དང་འབྲས་བུ་འབྱུང་། །འདི་དག་སངས་རྒྱས་སྐྱེས་བུ་ཉིད། །སྔགས་དང་རིག་པ་ཞེས་བསྒྲགས་པ། །བསྐྱེད་པ་ལ་སོགས་དམ་ཚིག་དག །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པས། །ཞེས་དང་། ༀ་ཡིག་ཡེ་ཤེས་སྙིང་པོ་སྟེ། །རྡོ་རྗེ་སྐུ་ནི་འཐོབ་བྱེད་པའོ། །ཨཱཿཡིག་བྱང་ཆུབ་སྤྲུལ་པའི་བདག །རྡོ་རྗེ་གསུང་ནི་ཐོབ་བྱེད་པའོ། །ཧཱུྃ་ཡིག་སྐུ་གསུང་ཐུགས་ཡིན་ཏེ། །རྡོ་རྗེ་གསུམ་ནི་མི་ཕྱེད་འཐོབ། །ཅེས་དང་། བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱུད་ལས། ཕྱོགས་བཅུའི་སངས་རྒྱས་དེ་བཞིན་གཤེགས། །རིགས་བརྒྱ་རིགས་ལྔ་ཇི་སྙེད་རྣམས། །གསང་ཆེན་རིགས་གཅིག་འདི་ལ་འདུས། །སྙིང་པོ་ཡི་གེ་འབྲུ་གསུམ་གྱིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །ཅེས་དང་། དུས་གསུམ་འབྱུང་བའི་བདེ་གཤེགས་ཚོགས། །མ་ལུས་སྐུ་གསུང་ཐུགས་བསྡུས་པའི། །གསང་བའི་སྙིང་པོ་འདི་ཉིད་ནི། །ༀ་ཨཱཿཧཱུྃ་ཞེས་བྱ་བ་སྟེ། །སྒྲ་དང་སྐབས་སུ་རྡོ་རྗེས་བཟླ། །ཞེས་དང་། ཇི་སྙེད་པ་དང་ཇི་ལྟ་བའི། །ཆོས་ཀུན་འབྲུ་གསུམ་ངང་ཉིད་དུ། །མ་ལུས་འདུས་པའི་སྐུ་གསུང་ཐུགས། །གཏན་ལ་དབབ་པའི་གནད་བསྡུས་ལ། །རབ་འབྲིང་ཐ་མའི་བློ་ཡི་ཆོས། །ཟབ་ཅིང་རྒྱ་ཆེའི་གནད་འདིར་འདུས། །ཁམས་གསུམ་སྐྱེ་འགྲོ་གནས་གསུམ་དང་། །མཐོང་བྱ་བསྒོམ་བྱ་དག་པ་གསུམ། །སྨོན་ལམ་ཡེ་ཤེས་འགྲོད་པའི་ས། །གནས་གསུམ་སྤྱོད་པ་འབྲས་བུ་དང་། །བསྲུང་བྱ་དགག་བྱ་དཀྱིལ་འཁོར་གསུམ། །ཏིང་འཛིན་རིགས་དང་མ་ལུས་སྐུ། །གསུང་དང་ཐུགས་ཀྱི་མཐར་ཐུག་གསུམ། །བདེ་དང་རིག་པ་སྣང་བ་ཡིས། །དབྱེར་མེད་གསལ་བ་སྟོང་པ་དང་། །ཐབས་དང་ཤེས་རབ་དབྱིངས་ཡེ་ཤེས། །དོན་དམ་ཀུན་རྫོབ་མ་བཅོས་པའི། །དབྱེར་མེད་གསལ་བ་རང་གི་དང་། །ལུས་གནད་རྩ་དང་དེར་བརྟེན་པའི། །དངོས་མེད་རྒྱུ་དང་ཟླུམ་པོའི་དངོས། །ཡོན་ཏན་ཕྲིན་ལས་མཉེས་བྱེད་དང་། །བསོད་ནམས་མཐར་ཐུག་མཆོད་སྦྱིན་ལས། །དངོས་གྲུབ་སྔགས་དང་ཕྱག་རྒྱའི་ཚོགས། །སྒྲུབ་བྱེད་བསྙེན་པ་བྱིན་རླབས་བཅས། །མཐུ་དབང་དམ་ཚིག་ཆོ་ག་དང་། །སྐྱོབ་བྱེད་ཡུལ་དང་དམ་པའི་སེམས། །གཏན་འཕོ་རིག་པ་འཛིན་པའི་ས། །དགྲ་གསུམ་བདུད་བཞི་དྲོད་ཚད་རྟགས། །མཚན་མར་བཅས་པའི་གནད་ཡིན་ནོ། །འབྲུ་གསུམ་རྒྱུ་བ་དང་བཅས་པ། །རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས། །རང་བཞིན་ཉིད་དུ་ཡེ་ནས་གནས། །འཁོར་འདས་མ་ལུས་ཀུན་གྱི་སྲོག །གཅིག་ཏུ་གནས་པ་ཁོ་ན་སྟེ། །སྒོ་གསུམ་འདི་ལ་གང་གནས་པ། །རབ་ཏུ་ལྕི་བའི་སྡིག་པ་དང་། །གནས་ངན་ལེན་གྱི་རྒྱུ་བསགས་སྦྱང་། །སོ་སོར་ཐར་པ་རིགས་བདུན་དང་། །སྨོན་འཇུག་བསླབ་པ་ཉི་ཤུར་བཅས། །ཀུན་བཟང་ཚོགས་ཀྱི་སར་བཤད་པའི། །ཕྱི་ནང་གསང་བའི་ཁྱད་པར་དང་། །གཞི་དང་ཡན་ལག་བསླབ་བྱ་ལས། །གང་འདས་སོར་འཇུག་ཁྱད་པར་སྟོབས། །ངན་འགྲོའི་སྲིད་ལས་རབ་ཏུ་བཟློག །གཤིས་ངན་དང་ནི་དུས་མིན་དུ། །འཆི་དང་འཇིགས་པ་བརྒྱད་ལས་སྐྱོབ། །དཔལ་འབྱོར་ཕུན་སུམ་ཚོགས་འགྲུབ་ཅིང་། །མྱུར་དུ་མཐར་ཐུག་སར་གནས་བྱེད། །བྲིས་བཏགས་མཐོང་དང་བཟླས་པ་ཡིས། །ཡོན་ཏན་ཚད་བཟུང་ཡོད་མ་ཡིན། །མཆོད་སྦྱིན་མཉེས་ཤིང་ཚིམ་པ་དང་། །ལོངས་སྤྱོད་པར་འཐོབ་འདི་ཡིས་འགྲུབ། །འཇིག་རྟེན་པ་དང་འདས་པ་ཡི། །ལྷ་རྣམས་བསྙེན་ཅིང་བསྲུང་བཟློག་ནུས། །ད་ལྟ་དང་ནི་མ་འོངས་པའི། །མི་འདོད་སྡུག་བསྔལ་ཕྱོགས་སྤང་ཞིང་། །བདེ་འདོད་ཐར་པ་མ་ལུས་འགྲུབ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །ༀ་ཨཱཿཧཱུྃ་སྭཱ་ཧཱ། འདི་ནི་དཔའ་བོ་འབྲུ་ལྔ་རིགས་ལྔའི་སྙིང་པོ། རྒྱུད་ལྔའི་གནས་སྟོང་པར་བྱེད་པ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བྱེད་པ་ཕན་ཡོན་ཚད་མེད་པའོ། །ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ འདི་ཡང་གོང་འདྲ་ཞི་ཁྲོ་རིགས་ལྔའི་སྙིང་པོ་སྟེ། དེའི་སྔགས་ཀྱི་འབྲུ་རེ་རེས་ཀྱང་མཆོག་ཐུན་དངོས་གྲུབ་འགྲུབ་པའི་ཚུལ་དཔལ་མཆོག་དང་པོ་སོགས་ལས་རྟོགས་པར་བྱའོ། །འཿཨཿཧཿཤཿསཿམཿ འདི་ནི་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྩ་བ་བཟླས་པ་ཙམ་གྱིས་ལོངས་སྐུར་གྲོལ་བྱེད། འདས་དུས་གདུང་དང་རིང་བསྲེལ་འབྱུང་བ་སྟེ། དེའི་ནང་གི་ཨ་གཅིག་པུ་ལའང་གཞན་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་གཅིག་མ་ཞེས་གསུངས་པ་བཞིན་ནོ། །རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། ཆོས་ཉིད་སྐྱེ་མེད་མཚོན་པའི་ཡི་གེ་ཨ། །འགག་མེད་དོན་ལ་མི་གནས་ཡི་གེ་འ། །སྐྱེ་བ་མེད་པར་སྣང་ཚུལ་ཡི་གེ་ཧ། །དག་པའི་ཞིང་དུ་སྒྲོལ་མཛད་ཡི་གེ་ཤ། །འགྱུར་མེད་ས་ལ་གནས་བྱེད་ཡི་གེ་ས། །རིག་པ་མ་བཅོས་ཡི་གེ་མ་ཡི་ངང་། །ཡི་གེ་དྲུག་གི་དོན་རྟོགས་གསང་སྔགས་རྒྱུད་ཆེན་འགྲོལ། །ཡིག་དྲུག་དོན་གནས་སྐྱེས་བུ་མྱ་ངན་འདའ། །གསང་སྔགས་ཐམས་ཅད་ཡི་གེ་དྲུག་ལ་རྫོགས། །ཞེས་གསུངས་སོ། །ཞེན་ལོག་ཡི་གེ་ཉེར་ལྔ་འདིར་བཟླ་བར་བྱའོ། །མཆན། ༀ་བཛྲ་སཏྭ་ཧཱུྃ། འདི་ནི་རྡོ་རྗེ་སེམས་དཔའི་སྙིང་པོ་ཡི་གེ་དྲུག་པ་སྟེ། འབུམ་དུ་བརྗོད་ན་རྩ་བའི་དམ་ཚིག་ཉམས་པའང་ཞི་བར་འགྱུར་རོ་ཞེས་ཕྱག་རྡོར་དྲག་པོ་གསུམ་འདུལ་གྱི་རྒྱུད་ལས་གསུངས་ལ་གསང་སྔགས་ཡི་གེ་བརྒྱ་པ་ཡང་དོན་གྱི་སྙིང་པོ་འདིར་འདུས་པས་ཉམས་ཆག་ཐམས་ཅད་སྦྱོང་བའི་སྔགས་ཀྱི་རྒྱལ་པོ་སྟེ། སྔོན་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་གང་ཉམས་ཆག་སྡིག་སྒྲིབ་ཅན་རྣམས་ཀྱི་མདུན་དུ་བདག་གནས་ནས་སྒྲིབ་པ་ཐམས་ཅད་སྦྱང་བར་ཤོག་ཅེས་སྔོན་གྱི་སྨོན་ལམ་དང་ཞལ་བཞེས་ཡིན་པའི་ཕྱིར་རོ། །མདོ་དགོངས་པ་འདུས་པ་ལས་གསང་བའི་བདག་པོའི་ཞལ་ནས། ད་ལྟ་མི་མཇེད་འདིར་སངས་རྒྱས་ཤཱཀྱ་ཐུབ་པ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་སུམ་ཅུ་རྩ་དྲུག་གི་ཞིང་ན་ཐུབ་པ་ཆེན་པོ་རེ་རེར་ཡང་། རིགས་དྲུག་གི་གནས་སུ་མཚན་གྱི་རྣམ་གྲངས་སོ་སོར་གྲགས་པས་མཚོན་ཏེ། དུས་གསུམ་དུ་ཕྱོགས་བཅུའི་འཇིག་རྟེན་ནམ་མཁའི་མཐའ་ཀླས་པར་འཇིག་རྟེན་གྱི་སྒྲོན་མ་རྣམ་པར་བཀོད་པའི་སངས་རྒྱས་སུ་སྣང་ཞིང་མཚན་དང་སྐུ་ཡི་རྣམ་འགྱུར་ཐ་དད་པ་སེམས་ཅན་ཐམས་ཅད་ཀྱི་བློ་དང་འཚམས་པར་སྣང་བ་དེ་ཐམས་ཅད་རྡོ་རྗེ་སེམས་དཔའ་གཅིག་པུའི་རྣམ་པར་རོལ་པའོ། །སངས་རྒྱས་དེའི་མཚན་གྱི་མཐའ་བརྗོད་པས་ནམ་ཡང་མཐར་མི་ཕྱིན་ནོ། །སངས་རྒྱས་རྡོ་རྗེ་སེམས་དཔའི་མཚན་གང་གིས་ཐོས་པ་དེས་སངས་རྒྱས་མང་པོ་ལ་སྔོན་དུ་བྱ་བ་བྱས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའི་ཞིང་ཁམས་ཉིད་དུ་ངེས་པར་འབྱུང་བ་དང་། རྒྱལ་བ་རྣམས་ཀྱི་བྱིན་གྱིས་བརླབས་པ་དང་། ཐེག་པ་ཆེན་པོར་ངེས་པར་འབྱུང་བ་དང་། མངོན་ཤེས་དང་ལྡན་ཞིང་། ལྷག་མཐོ ང་གི་མིག་དང་ལྡན་པ་དང་། སངས་རྒྱས་ཀྱི་སྲས་སུ་ངེས་པ་དག་ཡིན་ནོ་ཞེས་གསུངས་ཤིང་། ཆོས་ཉིད་བྱང་ཆུབ་ཀྱི་སེམས་རང་བཞིན་འོད་གསལ་ནམ་མཁའ་ལྟ་བུ་འཕོ་འགྱུར་མེད་པའི་རྡོ་རྗེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཉིད་ལ་རྡོ་རྗེ་སེམས་དཔའ་ཞེས་པའི་མཚན་དུ་བསྟན་པ་དེ་བཟུང་བས་སངས་རྒྱས་ཐམས་ཅད་ཀྱི་མཚན་བཟུང་བར་འགྱུར་བ་ཡིན་ནོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨཱ་བཱི་ར་ཧཱུྃ་ཁཾ། འདི་ནི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་རྡོ་རྗེའི་ཚིག་བདུད་བཞི་ལས་རྒྱལ་བར་བྱེད་པ། རྒྱུད་དྲུག་ལས་སྒྲོལ་བར་བྱེད་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་ཞེས་གསུངས་ཤིང་། འདིའི་དང་པོར་ན་མཿས་མནྟ་སོགས་སྔགས་ཀྱི་མགོན་པོ་སྟེ། སྔགས་དངོས་དཔའ་བོ་འབྲུ་ལྔ་པོ་ཡིན་ལ། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་དུས་གསུམ་མཉམ་པ་ཉིད་ཀྱི་སྙིང་པོ། ཞེས་གསུང་སྟེ། ཕན་ཡོན་ཚད་མེད་ཅིང་ཡི་གེ་སོ་སོའི་ལས་ཀྱང་། ཨ་བརྒྱ་བཟླས་ཏེ་སྨན་ལ་བཏབ་ན་སྔོན་གྱི་ལས་ཀྱི་ནད་ཀྱང་བྱང་བ་དང་། ར་བྲང་གི་ཐད་དུ་བསྒོམས་ནས་འབུམ་བཟླས་ན་མཚམས་མེད་ལྔའི་ལས་སྒྲིབ་ཀྱང་མོད་ལ་ཟད་པར་གསུངས་ཏེ་ཡི་གེ་རེ་རེས་ཀྱང་ལས་བྱེད་ཚུལ་གསུངས་སོ། །དམ་ཚིག་གསུམ་བཀོད་ལས་ཀྱང་སྔགས་ལྔ་པོ་འདི། དབེན་པར་རས་བྲིས་མེད་ཀྱང་སེམས་ཅན་གྱི་ཁམས་དག་པའི་ཕྱིར་དངོས་གྲུབ་ལ་དམིགས་ཏེ་འབུམ་ཕྲག་གསུམ་བཟླས་ན་དེ་བཞིན་གཤེགས་པ་བྱོན་ནས་མགོ་ལ་རེག་ཅིང་མངོན་ཤེས་དང་གཟུངས་ཐོབ། འབུམ་བཟླས་པས་རྫས་གང་དང་གང་འདོད་པ་དེ་གྲུབ་པས་རིག་པ་འཛིན་པའི་རྒྱལ་པོར་འགྱུར། བྱམས་པ་ཕྱག་རྡོར་ཀུན་བཟང་སོགས་ལ་ལྟ་ཞིང་འབུམ་བཟླས་པས་དེ་དང་དེ་དག་མཐོང་བ་རྩོལ་ཞིང་དངོས་གྲུབ་སྦྱིན། སྙིང་པོ་འདི་ནི་རང་བཞིན་གྱིས་གྲུབ་པ། །ཆགས་པ་མེད་པ་དོན་ཡོད་པ། །མྱུར་དུ་འགྲུབ་པ། སྒྲིབ་པ་མེད་པར་འགྲུབ་པ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི་ཆོ་ག་གང་ཡིན་པ་དེ་རྟོག་པ་འདིའི་ཡིན་ནོ། །མདོར་ན་གང་འདོད་པ་དེ་སྒྲུབ་པར་བྱེད་པར་ནི་དུས་གསུམ་མཉམ་པ་ཉིད་ཀྱི་དམ་ཚིག་ཅེས་བྱ་བ་ཡི་གེ་ལྔ་པོ་ཡིན་ནོ། །ཞེས་གསུངས་སོ། །འཇམ་དཔལ་རྩ་བའི་རྟོག་པ་ལས། ༀ་ཨཱཿཝཱི་ར་ཧཱུྃ་ཁེ་ཙ་རཿ འདི་ནི་ཕྱག་རྒྱ་ཐམས་ཅད་ཀྱི་སྙིང་པོ་དཔའ་བོ་ཆེན་པོ་ཡི་གེ་བརྒྱད་པ་སྟེ། གསང་བའི་སྙིང་པོའི་བདག་ཉིད། སངས་རྒྱས་ཉིད་བཞིན་དུ་ཉེ་བར་གནས་པ། དཔལ་མཆོག་ཏུ་བྱེད་པ་དག་བྱེད་ཆེན་པོ་སྲིད་པ་གསུམ་གྱི་ཆོས་ཉེ་བར་གཅོད་བར་བྱེད་པ། ངན་འགྲོ་ཐམས་ཅད་ཟློག་པར་བྱེད་པ། ཞི་བ་ཐམས་ཅད་བྱེད་པ། ལས་ཐམས་ཅད་བྱེད་པ། མྱ་ངན་ལས་འདས་པའི་བདེ་བ་འཐོབ་པར་བྱེད་པ། སངས་རྒྱས་མངོན་སུམ་མཐོང་བ་བཞིན་དུ་ཉེ་བར་གནས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ཉིད་བཞིན་དུ་ཉེ་བར་གནས་པ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་མཆོག་ཏུ་གསང་བའི་ངོ་བོས་ཉེ་བར་གནས་པ། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། གང་དུ་དྲན་པ་ཙམ་གྱིས་མཚམས་མེད་པ་ལྔ་ཡང་ཡོངས་སུ་སྦྱོང་བར་བྱེད་ན་བཟླས་པས་ལྟ་སྨོས་ཀྱང་ཅི་དགོས་ཏེ། མདོར་ན་བྱ་བ་ཐམས་ཅད་ལ་ཡོན་ཏན་གྱི་མཐའ་རྒྱ་ཆེན་པོ་བརྗོད་པ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་ཡང་མི་ནུས་སོ། །ཞེས་གསུངས་སོ། །ཡང་རྒྱུད་དེ་ལས་གཞན་ཡང་ཇི་ལྟར་ཐམས་ཅད་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་ཡིན་པ་དེ་བཞིན་དུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་ཐམས་ཅད་ཀྱི་རྒྱལ་པོ། བསྟན་པ་ནུབ་པ་རྩོད་པའི་དུས་འདི་ལ་བཅོམ་ལྡན་འདས་གཙུག་ཏོར་འཁོར་ལོས་བསྒྱུར་བ་ཉིད་སྲུང་བ་གཅིག་པུར་འགྱུར་ཞིང་དུས་ཐམས་ཅད་དུ་གྲུབ་པར་འགྲོ་བ་སངས་རྒྱས་བཅོམ་ལྡན་འདས་མངོན་སུམ་པ། དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་འདུས་པ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་གཅོད་པ་འདི་ལན་གཅིག་བཟླས་པས་སྡིག་པ་ཐམས་ཅད་ཞི་ཞིང་རེ་བ་ཡིད་བཞིན་དུ་རྫོགས་པར་བྱེད་པ་སོགས་ཕན་ཡོན་དང་། དེ་ལ་བརྟེན་པའི་ལས་ཀྱི་ཚོགས་ཤིན་ཏུ་མང་པོར་གསུངས་པ་ནི་འདི་ལྟ་སྟེ། བྷྲཱུྃ། འདི་ལ་རྡོ་རྗེ་སྙིང་པོ་རྒྱན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འཁོར་ལོས་བསྒྱུར་བ་ཆེན་པོ་ཞེས་པ་དང་གསང་འདུས་ལས་ཡེ་ཤེས་རྡོ་རྗེའི་སྙིང་པོ་ཞེས་གསུང་པའི་སྔགས་འདི་ལན་གཅིག་གིས་བདག་སྲུང་། གཉིས་པས་གཞན་སྲུང་། གསུམ་པས་རྫས་སྲུང་། བཞི་པས་ཡུལ་སོགས་འདོད་པ་བཞིན་དུ་སྲུང་སྟེ། འདིས་དཔག་ཚད་ལྔའི་ནང་ཚུན་ཚད་དུ་རང་གིས་འདོད་པའི་ལྷ་མ་གཏོགས་པ་ལྷ་གཞན་དག་ཀྱང་གནས་པར་མི་འགྱུར་ན་བགེགས་ལྟ་ཅི་སྨོས་ཞེས་སོགས་གསུངས་སོ། །ཡང་དེ་ལས་དེ་བཞིན་གཤེགས་པ་ཀུན་གྱི་སྔགས་དང་རྒྱུད་ཀྱི་སྙིང་པོར་གྱུར་པ། བསྟན་པ་འདི་ལ་དེ་བཞིན་གཤེགས་པ་ཀུན་གྱི་ནོར་དུ་གྱུར་པ། ཆོས་ཀྱི་མཛོད། འཇིག་རྟེན་པ་རྣམས་ཀྱི་བསམ་པ་འབྲས་བུར་བཅས་པར་བྱེད་པའི་ནོར་བུ་རིན་པོ་ཆེ་ལྟ་བུ། མ་འོངས་པ་རྩོད་དུས་བསྟན་པ་སྲུང་བའི་ལས་བྱེད་པ། ཡི་གེ་འབྲུ་གཅིག་པ་འཇམ་དཔལ་གྱི་སྙིང་པོ་ནི། མུ། འདི་ནི་གཙུག་ཏོར་འཁོར་ལོས་བསྒྱུར་བ་ཇི་ལྟ་བ་བཞིན་ཏེ། འདི་མ་བསྒྲུབ་ཀྱང་བཟླས་པ་ཙམ་གྱིས་ལས་བྱེད་པ་ཇི་ལྟར་འདོད་པའི་འབྲས་བུ་འཐོབ་ཅིང་ངེས་པར་བྱང་ཆུབ་ལ་གཞོལ་བར་བྱེད་པ། ཁྱིམ་གྱི་རྩོམ་པ་ལ་གནས་ཤིང་ཤ་ཆང་གྲོང་ཆོས་ལ་ཞུགས་པས་ཀྱང་འགྲུབ་སྟེ། ལན་གཅིག་བཟླས་པས་བདག་སྲུང་། གཉིས་པས་གཞན་སྲུང་། གསུམ་པས་སྲུང་བ་དམ་པར་འགྱུར་ཏེ། འདིས་སྲུང་བ་བྱས་པ་ནི་བྱང་སེམས་ས་བཅུ་ལ་གནས་པའི་མཐུས་ཀྱང་བསྐྱོད་པར་མི་ནུས་ན་གཞན་པས་ལྟ་ཅི་སྨོས་ཞེས་སོགས་ལས་ཀྱི་ཚོགས་མང་པོ་དང་བཅས་པར་བསྟན་ཏོ། །འཇམ་དཔལ་གྱི་རྩ་བའི་རྟོགས་པ་ལས་གསུང་བ། ན་མཿསརྦ་བུདྡྷཱ་ནཱཾ་ཨཾ་མཾ། འདི་ནི་འཇམ་དཔལ་གྱི་སྙིང་པོ་ཐམས་ཅད་ཀྱི་མཆོག་སྟེ་ལས་ཐམས་ཅད་བྱེད་པའོ། །ཞེས་གསུང་པས་སྔགས་ཀྱི་མགོན་པོ་དང་བཅས་པའི་ཡི་གེ་གཉིས་པོ་འདི་ནི་འཇམ་དཔལ་གྱི་སྔགས་ཐམས་ཅད་ཀྱི་རྩ་བ་སྟེ་ཕན་ཡོན་བྱིན་རླབས་དངོས་གྲུབ་ཀུན་གྱི་གཞིར་ཤེས་པས་བཟླས་པ་ལ་འབད་པར་བྱའོ། །སྙིང་པོ་རྒྱན་དང་རྣམ་སྣང་མངོན་བྱང་སོགས་ལས་གསུངས་པས། ན་མཿས་མནྟ་བུདྡྷཱ་ནཱཾ་ཨཾ། འདི་ནི་གསང་སྔགས་ཐམས་ཅད་ཀྱི་མགོན་པོ་གཟི་བརྗིད་ཆེན་པོ་སངས་རྒྱས་ཀྱི་ཆོས་ཀུན་གྱི་དབང་ཕྱུག་ཐུབ་པ་དངོས་ཡིན་ལ། སངས་རྒྱས་འདོད་པས་རབ་ཏུ་བརྩོན་པར་བྱ་ཞེས་དང་། དངོས་གྲུབ་སྒྲུབ་པ་རྣམས་ཀྱི་སྲོག་འདྲ་བ། ཡི་གེ་ཐམས་ཅད་ཀྱི་སྲོག་དང་འཚོ་བ་སྐྱབ་དང་དཔུང་གཉེན་དུ་གྱུར་པ། སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབ་པ། བྱང་ཆུབ་སེམས་དཔའ་གང་ཞིག །སངས་རྒྱས་མཐོང་བ་དང་མཆོད་པ་དང་སེམས་ཅན་གྱི་དོན་བྱ་བ་དང་། སངས་རྒྱས་ཐོབ་པར་འདོད་པས་སྙིང་པོ་འདི་ལ་བརྩོན་པར་བྱ་སྟེ། ཆོས་ཐམས་ཅད་ཨ་ཞེས་བྱ་བའི་སྒོ་ནས་འཇུག་པ་སྟེ་ཞེས་དང་། ཨ་ཞེས་བྱ་བ་སྔགས་ཀུན་གྱི། སྙིང་པོ་ཡིན་པར་ཡང་དག་བཤད། །དེ་ལ་གསང་སྔགས་ཀུན་གནས་ཏེ། །དེ་ལྟར་སྔགས་རྣམས་རྣམ་པར་ངེས། །ཞེས་གསུངས་ཏེ། འདིར་བཟླ་བྱའི་སྔགས་ཀྱི་གཙོ་བོ་ཨ་གཅིག་པུ་དེ་ཉིད་ཡིན་ལ། དེ་ལ་ཚིམ་པར་བྱེད་པའི་དོན་གྱིས་ཐིག་ལེས་བརྒྱན་ཅིང་། གོང་དུ་སྔགས་ཀྱི་མགོན་པོ་དང་བཅས་ཏེ་བཟླ་བར་བྱའོ། །ཨ། འདི་ནི་སྔགས་ཐམས་ཅད་ཀྱི་རྩ་བ་ཡིན་ལ། །དེ་གྲུབ་ན་སྔགས་ཐམས་ཅད་ཅིག་ཆར་འགྲུབ་པའོ། །དེའི་ཕྱིར་གསུང་གི་སྙིང་པོ་ཨ་བཟླ་བ་ལ་འབད་པར་བྱའོ། །དོན་ཞགས་ལས་ཀྱང་། ཡི་གེ་གཅིག་པོ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་། པདྨ་ཡངས་པའི་དཀྱིལ་འཁོར་སྤྱིའི་རིགས་སྔགས་བཀླག་པས་གྲུབ་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་ཕྱག་རྒྱ་དང་རིག་པས་ཕྱེ་བ་ཐམས་ཅད་ཡི་གེ་གཅིག་པའི་རྗེས་སུ་ཞུགས་པ་སྟེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་གཅིག་པོ་འདིའི་རྗེས་སུ་ཞུགས་པས། འདི་རྟག་ཏུ་བཟླས་པས་གྲུབ་པར་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་ཡིན་ནོ། །འདི་གང་གིས་དྲན་པ་ཙམ་གྱིས་སྤྱན་རས་གཟིགས་མདུན་དུ་བཞུགས་ཏེ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ཅེས་གསུངས་ཤིང་ཚུལ་དེ་དང་འདྲ་བར་རྒྱུད་དུ་མ་ལས་ཀྱང་གསུངས་སོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ལས་གསུང་པ། འཇམ་དཔལ་གཞོན་ནུར་གྱུར་པའི་སྙིང་པོ། གང་བརྗོད་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད། ཡི་གེས་མཉམ་པ་ཉིད། སེམས་ཅན་ཐམས་ཅད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གྲུབ་པ་ཐོབ་པར་འགྱུར་བ་བཤད་དོ། །ཨ་ར་པ་ཙ་ན་ཞེས་བྱ་བ་སྟེ་འདོད་པ་ཐམས་ཅད་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཨ་ཞེས་བྱ་བ་ནི་འདོད་པའོ། །ར་ཞེས་བྱ་བ་ནི་ཆགས་པའོ། །པ་ཞེས་བྱ་བ་ནི་དོན་དམ་མོ། །ཙ་ཞེས་བྱ་བ་ནི་སྤྱོད་པའོ། །ན་ཞེས་བྱ་བ་ནི་རང་བཞིན་མེད་པའོ། །དེ་ལྟར་འདོད་པ་དང་ཆགས་པ་དང་དོན་དམ་པ་དང་སྤྱོད་པ་དང་རང་བཞིན་མེད་པ་ཉིད་ཀྱི་སྙིང་པོ་འདི་བསྒོམ་སྟེ་བསྒྲུབས་ན། འདོད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནི་འདོད་པ་ཐམས་ཅད་ཀྱི་སྣོད་ཡིན་ཏེ་དེ་བས་ན་སྙིང་པོ་འདིས་དེ་བཞིན་གཤེགས་པ་དང་། རྡོ་རྗེ་འཛིན་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ། །རྡོ་རྗེའི་དཀྱིལ་འཁོར་བྲིས་ལ་དེའི་དབུས་སུ་རལ་གྲི་བཞག་སྟེ་མདུན་དུ་སྙིང་པོ་འདི་སྒྲུབ་ན་འཇམ་དཔལ་བསྒྲུབ་པར་འགྱུར་རོ། །དེ་ནས་མ་བསྒྲུབས་ཀྱང་ལས་སུ་འགྱུར་བ་ནི། ལན་གཅིག་བཟླས་པས་སྡུག་བསྔལ་ཐམས་ཅད་ལས་གྲོལ་ལོ། །གཉིས་བཟླས་པས་མཚམས་མེད་པ་མ་ལུས་པ་ལྷག་མ་མེད་པར་ཟད་པར་འགྱུར་རོ། །གསུམ་བཟླས་པས་ཏིང་ངེ་འཛིན་མངོན་དུ་འགྱུར་རོ། །བཞི་བཟླས་པས་དྲན་པ་དང་ལྡན་པར་འགྱུར་རོ། །ལྔ་བཟླས་པས་མྱུར་དུ་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །སྐུ་གདུང་དང་བཅས་པའི་མཆོད་རྟེན་ལ། ཡི་གེའི་ཕྲེང་བ་གཡས་ཕྱོགས་ནས་ཨ་ཞེས་བྱ་བའི་དྲུང་དུ་ན་ཞེས་བྱ་བ་ཕྱིན་གྱི་བར་དུ་བྲིའོ། །དེ་ནས་བསྐོར་ཞིང་ཡི་གེ་འབུམ་བཟླས་ཏེ། ཡི་གེ་རེ་རེ་འབུམ་རྫོགས་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་། འཇམ་དཔལ་དང་། ཕྱག་ན་རྡོ་རྗེ་ཅིག་ཆར་འགྲུབ་སྟེ། ཉིན་རེ་ཞིང་མཐོང་བ་བསྟན་ནས་ཆོས་བཤད་དེ་སླར་གཤེགས་སོ། །ཚེ་འདི་ཉིད་ལ་སངས་རྒྱས་པ་མན་ཆད་ཀྱང་སྩོལ་ལོ། །ཞེས་གསུངས་སོ། །ༀ་ཨ་ར་པ་ཙ་ན་དྷཱིཿ དེ་བཞིན་དུ་སྤྱན་རས་གཟིགས་ཀྱི་སྙིང་པོ། ཨཱ་རོ་ལིཀ྄ །གང་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་མངོན་སུམ་དུ་གྲུབ་པ་དང་། འཇིགས་པ་དང་གནམ་དལ་དང་འཚེ་བ་དང་ནད་ཐམས་ཅད་འཇིག་པར་འགྱུར་རོ། །མ་བསྒྲུབ་ཀྱང་ལས་སུ་གྱུར་པ་ནི། དང་པོ་བརྗོད་པས་བདག་སྲུང་། གཉིས་བརྗོད་པས་གཞན་དང་གྲོང་དང་གྲོང་ཁྱེར་སྲུང་། གསུམ་བརྗོད་པས་ལས་ཐམས་ཅད་བྱེད་དོ་ཞེས་གསུངས། གཞན་ལས་སྔགས་འདི་ནད་དང་སྡུག་བསྔལ་ཞི་བ་དང་དབང་གི་ལས་ལ་མཆོག་ཏུ་བསྔགས་པ་སོགས་ཡོན་ཏན་ཚད་མེད་དོ། །འདི་དུས་གསུམ་དུ་བཟླས་ན་སྤྱན་རས་གཟིགས་ཀྱིས་རྨི་ལམ་དུ་ལུང་སྟོན་པར་གསུངས་སོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། འཇིག་རྟེན་དབང་ཕྱུག་ཐུབ་ཆེན་པོ། །བཅོམ་ལྡན་རྣལ་འབྱོར་ཅན་བསྒྲུབས་ན། །དཔའ་བོ་ཐམས་ཅད་སྩོལ་འགྱུར་ཞིང་། །རང་གི་དངོས་གྲུབ་མཆོག་རྣམས་དང་། །རྣལ་འབྱོར་ཐམས་ཅད་འཛིན་ཉིད་དང་། །རྣམ་པར་རྒྱལ་བའི་ནོར་སྟེར་འགྱུར། །རིག་པ་འཛིན་དང་འཁོར་ལོ་ཅན། །ས་དང་ཕ་རོལ་ཕྱིན་སོགས་དང་། །སངས་རྒྱས་རྣམས་ཀྱང་སྩོལ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་དང་། དཔལ་ལྡན་གསང་སྔགས་མཆོག་འདི་ནི། །རང་ཉིད་ཁམས་གསུམ་རྣམ་པར་རྒྱལ། །ལོངས་སྤྱོད་ཐམས་ཅད་ཀུན་ནས་ནི། །སྐད་ཅིག་ཙམ་གྱིས་རྣམ་པར་སྟེར། །པདྨའི་གྲུབ་པའི་སྦྱོར་བ་ཡིས། །བདག་ཉིད་འཇིག་རྟེན་དབང་ཕྱུག་བསྒྲུབ། །འཇིག་རྟེན་གསུམ་གྱི་རྒྱལ་སྲིད་ནི། །སྲིད་པར་ཀུན་ནས་རྣམ་པར་སྟེར། །ཞེས་གསུངས་སོ། །ཧཱུྃ་བཛྲ་བིད་སྭཱ་ཧཱ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སྟེ། ལས་མཆོག་ཏུ་བྱེད་པའོ། །རྒྱུད་གཞན་ན་འདི་ལ་རྡོ་རྗེའི་རིགས་ཀྱི་རིག་པ་ཆེན་པོ་ཞེས་བསྔགས་པ་ཚད་མེད་དོ། །ༀ་ཊུཾ། འདི་ནི་སྙིང་པོ་གང་གིས་སེམས་ཅན་ཐམས་ཅད་བརྒྱལ་བ་དང་བཅོས་པ་དང་བཅོམ་པ་ཀུན་འཚོ་བར་འགྱུར་བ་དང་གཞན་དག་ཀྱང་རྡོ་རྗེའི་ལུས་ཐོབ་པར་འགྱུར་བ་རྡོ་རྗེའི་གོ་ཆའི་ཕྱག་རྒྱ་འདིས་བདག་ཉིད་གོ་བགོས་ན་རྡོ་རྗེའི་ལུས་དང་རྡོ་རྗེའི་ཚེ་ཐོབ་ཅིང་ནམ་འཚོའི་བར་དུ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། ༈ །ཕྱག་ན་རྡོ་རྗེའི་སྙིང་པོ་ནི། ཌཱཀྐི་ཧཱུྃ་ཛཿ སྙིང་པོ་གང་བརྗོད་པ་ཙམ་གྱིས་རྡོ་རྗེའི་རི་ལྟར་མི་གཡོ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་བསྐྱོད་ཅིང་འདྲེན་ན་སེམས་ཅན་གཞན་ལྟ་ཅི་སྨོས། གང་དྲན་པ་ཙམ་གྱིས་ཀྱང་འཇིགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །གང་བརྗོད་པ་ཙམ་གྱིས་ཀྱང་མཚམས་མེད་པ་ཐམས་ཅད་ལྷག་མ་མ་ལུས་པ་བྱང་བར་འགྱུར་བ་དང་། ཐམས་ཅད་ལ་སྲུང་བར་འགྱུར་བ་དང་། ཕྱག་ན་རྡོ་རྗེས་ཀྱང་འདོད་པ་ཐམས་ཅད་རྩོལ་བར་འགྱུར་བ་དང་། མཆོག་རྩོལ་བ་དང་། དོན་ཐམས་ཅད་སྒྲུབ་པ་དང་། དགོས་པ་ཐམས་ཅད་བྱེད་ཅིང་རྟག་པར་ཕྱི་བཞིན་འབྲང་བར་འགྱུར་བ་དང་། གང་བཟླས་པ་ཙམ་གྱིས་གྲུབ་པ་ཐམས་ཅད་མངོན་དུ་འགྱུར་བར་སྩལ་བར་བགྱིའོ་ཞེས་དང་། འདི་བརྗོད་པས་འཇིག་རྟེན་གྱི་ཁམས་གཡོ་བ་སོགས་ཆོ་འཕྲུལ་ཆེན་པོ་འབྱུང་ཚུལ་བཅས་གསུངས། རྒྱུད་གཞན་ན་ཁྲོ་བོ་འདོད་པའི་རྒྱལ་པོའི་གསང་སྔགས་དང་། དགུག་པའི་རྒྱལ་པོར་གསུངས་ཤིང་བསྔགས་པ་རྒྱ་ཆེ། ཐོག་མར་ༀ་སྦྱར་བའང་ཡོད་དོ། །རྒྱུད་འདི་ལས། འདི་བསྒྲུབས་ན་བཅོམ་ལྡན་འདས་སེམས་དཔའི་མཆོག་གྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་གྲུབ་པས་ན་འདོད་པའི་ཁྲོ་བོ་གྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྙིང་པོ་འདི་བདག་ཉིད་ཆེ་བ་སྟེ། ཌཱཀྐི་ཞེས་བྱ་བ་ནི་འདོད་པའོ། །ཧཱུྃ་ཞེས་བྱ་བ་ནི་ཁྲོ་བོའོ། །དེ་གཉིས་དགུག་པའི་ཕྱིར་ཛཿ ཞེས་བྱ་བ་འདི་ཁྱོད་ཀྱིས་བསྒྲུབ་པར་བྱའོ་ཞེས་དང་། དེའི་ལས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྙིང་དུ་སྡུག་པ། སྙིང་ཤེས་པ། དེའི་སྙིང་ལས་རྡོ་རྗེ་འབྱུང་སྟེ་སེམས་ཅན་ཐམས་ཅད་ཀྱིས་མི་སོད་པ་མི་ཚུགས་པ་རྡོ་རྗེའི་ལུས་སུ་འགྱུར་བ་དང་ལན་གཅིག་བཟླས་པས་གྲུབ་པར་གསུངས་སོ། །རིག་པ་མཆོག་གི་རྒྱུད་སོགས་ལས་ཀྱང་ཕྱག་ན་རྡོ་རྗེའི་སྙིང་པོར་འདི་བསྔགས་ཤིང་ལས་མང་པོ་དང་བཅས་པར་བསྟན་ཏོ། །ནམ་མཁའ་སྙིང་པོའི་སྙིང་པོ་ནི། ཏྲཱཾ་བཱ་བཱ་ཊ་ཊ་ཧ་ཧ། འདིས་སེམས་ཅན་ཐམས་ཅད་དབང་བསྐུར་བ་ཐོབ་པ་ལ་སོགས་པ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་མ་བསྒྲུབ་པར་ཡང་ལས་སུ་གྱུར་པ་ནི། འབུམ་བཟླས་ན་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །ཕྱག་རྡོར་སྤྱན་སྔར་འབུམ་བཟླས་ན་གཏེར་ཆེན་རྙེད། དེ་བཞིན་སྤྱན་རས་གཟིགས་ཀྱི་སྤྱན་སྔར་འབུམ་བཟླས་པ་སོགས་ཀྱི་ཕན་ཡོན་གསུངས་སོ། །རྡོ་རྗེ་ཁུ་ཚུར་གྱི་སྙིང་པོ་ནི། ༀ་རུ་ཊུ་རུ་ཊུ་ཧཱུྃ་ཕཊ། བྱང་སེམས་དེས་བསྐལ་པ་སྟོང་ཕྲག་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ་རྡོ་རྗེའི་རི་རབ་ལས་བླང་སྟེ། དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་སྙེད་ཀྱི་སེམས་ཅན་རྣམས་མ་འགྲུབ་པ་ཐམས་ཅད་གྲུབ་པར་བྱས་ཏེ། དེས་བསྐྱེད་པ་ནས་དེ་བཞིན་གཤེགས་པ་རྫོགས་ཀྱི་བར་དུའོ། །མ་བསྒྲུབ་པའི་ལས་རྣམས་འབྱུང་བ་ནི། རྡོ་རྗེ་དམ་ཚིག་གི་ཁུ་ཚུར་བཅིང་ནས་འབུམ་བཟླས་ན་ནམ་མཁའ་ལ་འགྲོ་བ་སོགས་ལས་སྣ་ཚོགས་བྱེད་པར་འགྱུར་བའི་ཚུལ་དང་ཉིན་ཞག་གཅིག་ལ་སྨྱུང་བར་བྱས་ཏེ་ལག་གཉིས་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་འབུམ་བཟླས་ན། དེ་ཕྱིན་ཆད་ཁུ་ཚུར་བཅིངས་པས་ཇི་ལྟར་འདོད་པ་བཞིན་ལས་ཐམས་ཅད་བྱེད་དོ། ༈ །བྱང་ཆུབ་སེམས་དཔའ་རྡོ་རྗེ་འཁོར་ལོའི་སྙིང་པོ་ནི། ༀ་བཛྲ་ཙཀྲ་ཧཱུྃ། གང་བརྗོད་པ་ཙམ་གྱིས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། ༈ །བྱང་སེམས་ནམ་མཁའི་མཛོད་ཀྱི་སྙིང་པོ་ནི། ༀ་ག་ག་ན་སཾ་བྷ་བ་བཛྲ་པཱ་ཙ་ཧོ། སྙིང་པོ་གང་བརྗོད་པ་ཙམ་གྱིས་མཆོད་པ་ཐམས་ཅད་ཀྱི་གནས་སུ་གྱུར་པའོ། །རྡོ་རྗེ་ཀུན་གྱི་ཕྱག་རྒྱ་བཅིངས་ནས་འབུམ་བཟླས་ན་ནམ་མཁའ་ལས་མཆོད་པའི་རྣམ་པ་ཐམས་ཅད་དང་དོན་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་འབྱུང་བར་འགྱུར་རོ། ༈ །བྱང་ཆུབ་སེམས་དཔའ་བྱམས་པའི་སྙིང་པོ་ནི། ༀ་མཻ་ཏྲི་དྲྀཌྷ་ཙིརྟེ་ཏིཥྛ་ཧོ། གང་བརྗོད་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་སྐྱེ་བར་འགྱུར་རོ། །འདི་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བཞུགས་སོ། །བྱམས་པ་བསྒོམས་པས་གྲུབ་པ་ཐམས་ཅད་ཇི་འདོད་པ་སྒྲུབ་བོ། །ལས་རྣམས་ཀྱང་ཡིད་ཀྱིས་དད་པའི་ཆོ་ག་དང་བྱམས་པས་སྒྲུབས་ཤིག །ཞེས་འདི་རྣམས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོ་ཉིད་ལས་བྱུང་བའོ། །འཕགས་པ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས། འཇམ་དཔལ་གཞོན་ནུར་གྱུར་པའི་སྙིང་པོ་ཡི་གེ་དྲུག་པ། འགྲོ་བ་དྲུག་ལས་གྲོལ་བར་བྱེད་པའི་བདག་ཉིད་བསམ་གྱིས་མི་ཁྱབ་པ། མི་མཉམ་པ། ཟླ་མེད་པ། རྫུ་འཕྲུལ་ཆེ་བ། སྲིད་པའི་རྒྱ་མཚོ་ཐམས་ཅད་དང་། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ལས་གྲོལ་བར་བྱེད་པ། འབྱུང་པོ་ཐམས་ཅད་ཀྱིས་བཟོད་པར་དཀའ་བ། འཇིག་རྟེན་ཐམས་ཅད་ཀྱིས་མ་གོས་པ། འབྱུང་པོ་ཐམས་ཅད་ཀྱིས་མི་ཐུབ་པ། སྲིད་པའི་ལས་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པར་བྱེད་པ། མ་རུངས་པ་ཐམས་ཅད་ཟློག་པར་བྱེད་པ། སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་ཡི་རངས་པར་མཛད་པ། ཕུན་སུམ་ཚོགས་པ་ཐམས་ཅད་བྱེད་པ། འཇམ་དཔལ་གྱིས་བསྟན་པ་ལ་སྔགས་ཐམས་ཅད་ཀྱི་མཆོག་དེ་གང་ཞེ་ན། ༀ་ཝཱ་ཀྱེ་དཾ་ན་མཿ ཞེས་གསུངས་ཤིང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། གསང་སྔགས་འདི་ནི་མཆོག་ཏུ་གསུང་། །གསང་ཆེན་གྱི་ནི་དམ་པར་བཞེད། །རྣམ་ཐར་གསུམ་གྱི་སྒོ་ལ་གནས། །ཕ་རོལ་ཕྱིན་དྲུག་རབ་ཏུ་དག །ཅེས་དང་། སངས་རྒྱས་རྣམས་ཀྱི་ཡེ་ཤེས་མཆོག །འཇམ་པའི་དབྱངས་ཞེས་རབ་ཏུ་གྲགས། །ཞེས་དང་། འདི་ནི་བསྒྲུབ་པ་ཙམ་གྱིས་ནི། །ཤེས་རབ་དྲི་མ་མེད་པར་འགྱུར། །བསྟན་བཅོས་ཐམས་ཅད་རབ་སྨྲ་ཞིང་། །དབང་ཕྱུག་ཐམས་ཅད་མདུན་ན་གནས། །ཀུན་གྱི་རྒྱལ་པོ་སྔགས་པ་ཉིད། །རང་ཉིད་ཀུན་གྱི་རྒྱལ་པོ་མཚུངས། །རིག་པ་འཛིན་པ་ཐམས་ཅད་དང་། །བྱང་ཆུབ་ཀུན་གྱི་ཕ་རོལ་སོན། །དབང་ཕྱུག་ཀུན་དང་བདེ་བ་ཆེ། །ཆོས་རྣམས་ཀུན་གྱི་ཡོན་ཏན་མཆོག །རྡོ་རྗེ་འཛིན་པ་ཐམས་ཅད་དང་། །ཡང་ན་སངས་རྒྱས་ཐམས་ཅད་ཀྱི། །ཀུན་ཏུ་འགྲོ་བ་འཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །དངུལ་ཆུ་བཅུད་ལེན་དེ་ཉིད་དང་། །རྐང་པས་སྤྱོད་པ་དྲི་མེད་མཆོག །རིལ་བུ་དང་ནི་མི་སྣང་བ། །ཐམས་ཅད་དུ་ནི་སྟེར་བར་འགྱུར། །དཔལ་ལྡན་འཇམ་པའི་མཆོག་འདི་ནི། །ཆོས་ཀྱི་གསུང་གི་མཆོག་ལས་འཁྲུངས། །སངས་རྒྱས་རྣམས་ཀྱི་ཚངས་པའི་དབྱངས། །འཇམ་པའི་དབྱངས་ཞེས་རབ་ཏུ་གྲགས། །འདི་ནི་བསྒྲུབ་པ་ཙམ་གྱིས་ནི། །བསམ་པ་ཕུན་སུམ་ཚོགས་ཀུན་གྱི། །སངས་རྒྱས་ཀུན་དུ་བརྟེན་འགྲོ་ན། །གཞན་པའི་ལྷ་ལྟ་སྨོས་ཅི་དགོས། །ཞེས་གསུངས་ཤིང་། རྒྱུད་གཞན་ལས་ཀྱང་སྔགས་འདི་བྱུང་བའོ། །ༀ་ཨཱཿམུ་ཧཱུྃ་སྭཱ་ཧཱ། གདན་བཞི་པ་ལས། ས་བོན་འདི་ནི་བཟླས་བྱས་ན། །སྡིག་པ་ཐམས་ཅད་ཐག་བསྲིངས་ཤིང་། །རང་འདོད་ལས་ནི་འགྲུབ་པར་འགྱུར། །སྡིག་པ་ཀུན་ལས་གྲོལ་བར་འགྱུར་ཞེས་གསུངས་སོ། །སྒྲིབ་སེལ་གྱི་མཚན་བརྒྱ་རྩ་བརྒྱད་པ་ལས། ༀ་ཨ་མྲྀ་ཏ་བིནྡུ་ཛཱ་ཝཱ་མ་ཧཱ་སུ་ཁ་སྭཱ་ཧཱ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ། ཁྱོད་ཀྱི་ཡོན་ཏན་རིན་པོ་ཆེའི་ཚོགས་ཅན་གྱི་གཟུངས་སེམས་ཅན་རྣམས་ཀྱི་ཡིད་བདེ་བ་ཆེན་པོ་སྐྱེད་པ་ལེགས་སོ། །འདི་ཐོས་པས་སངས་རྒྱས་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་སྤྱན་སྔར་དགེ་རྩ་བསྐྱེད་པ་དང་ལྡན་ནོ། །གང་གི་རྣ་ལམ་དུ་གྲགས་པས་སྒྲིབ་པ་ཐམས་ཅད་བྲལ་བར་འགྱུར། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ཡར་ཚེས་བརྒྱད་དམ་བཅོ་ལྔར་སྨྱུང་བར་གནས་ལ་གསོ་སྦྱོང་དང་ལྡན་པས་སྤོས་དང་མེ་ཏོག་མར་མེ་སོགས་ཀྱིས་མཆོད་ནས་བསྐོར་བ་བྱས་ཏེ་བཟླས་ན་ཅི་འདོད་པ་འཐོབ་པར་འགྱུར། སྡིག་པ་དང་སྡུག་བསྔལ་འཇིགས་པ་ཐམས་ཅད་སེལ། སྒྲིབ་པ་རྣམ་སེལ་ལ་སྤོས་སོགས་མཆོད་པ་ཕུལ་ཏེ་འདི་བཟླས་ན་རྨི་ལམ་དུ་མཐོང་བ་སྟོན་ཅིང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད། ཉོན་མོངས་པ་དང་སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་དོ། །ཅེས་གསུངས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་འདིའི་མཚན་ཐོས་པ་ཙམ་གྱིས་སྒྲིབ་པ་ཐམས་ཅད་བྱང་བ་དང་། མཚན་བརྗོད་པ་ཙམ་གྱིས་ས་གཡོ་བར་མདོ་ལས་གསུངས་སོ། །ༀ་བཛྲ་པཱ་ཎི་ཧཱུྃ། འདི་ནི་ཕྱག་ན་རྡོ་རྗེའི་སྙིང་པོར་རྒྱུད་དུ་མར་གསུངས་པ་སྟེ། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས། ལྷ་མོ་སྔགས་ནི་ཡི་གེ་དྲུག །ཐམས་ཅད་འདོད་པའི་དོན་སྒྲུབ་བྱེད། །གདུག་པ་ཐམས་ཅད་འཇིགས་བྱེད་ཅིང་། །ནད་རྣམས་ཀུན་ནི་ཟད་པར་བྱེད། །དངོས་གྲུབ་ཐམས་ཅད་རབ་ཏུ་སྦྱིན། །ཐམས་ཅད་མཁྱེན་པས་མི་ཐུབ་བོ། །ཁྲོ་བོའི་ལྟ་བས་བཟླས་པ་ན། །སྐད་ཅིག་གིས་ནི་ཐམས་ཅད་གསོད། །ཞི་བའི་ལྟ་བས་བཟླས་པ་ན། །མཐའ་ཡས་པ་ཡི་ནད་ཞི་བྱེད། །ཅེས་གསུངས་སོ། །ༀ་སྭཱཾ་ཧྲཱིཿཀཱ་ཡ་སྭཱ་ཧཱ། འདི་ནི་འཕགས་པ་ཀུན་ཏུ་བཟང་པོའི་གསང་སྔགས་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །ཀུན་ཏུ་བཟང་པོ་འོད་བཟང་བ། །འདི་ཡི་སྔགས་ཆེན་བཟླ་བར་བྱ། །ཡང་ན་འདི་ནི་ལྷ་གཞན་གྱི། །རྟག་ཏུ་སྔགས་སུ་གྱུར་པའོ། །གསང་སྔགས་རྒྱལ་པོ་ཆེར་གསང་ཞིང་། །གདོད་ནས་དག་ཅིང་རང་བྱུང་བ། །འདི་ནི་བསྒྲུབ་པ་ཙམ་གྱིས་ནི། །ཤེས་རབ་དྲི་མ་མེད་པར་འགྱུར། །དེ་ཡི་ཡེ་ཤེས་དྲི་མེད་ཅིང་། །གཟུགས་མཛེས་པ་ནི་དེ་དང་མཚུངས། །བསྟན་བཅོས་ཐམས་ཅད་རབ་སྨྲ་བ། །ཀུན་བཟང་མཆོག་ཏུ་བདག་འགྱུར་རོ། །ཞེས་གསུངས་སོ། །ༀ་བཛྲ་གརྦྷ་ཧཱུྃ། རྡོ་རྗེ་སྙིང་པོའི་སྔགས་ཏེ། འདི་ནི་སྔགས་མཆོག་གཙོ་བོ་སྟེ། སངས་རྒྱས་བྱང་ཆུབ་སྒྲུབ་ཅིང་ཡེ་ཤེས་ཡངས་པ་སྩོལ། ཕུན་སུམ་ཚོགས་པ་ཐམས་ཅད་སྦྱིན། དགུག་སོགས་ཐམས་ཅད་འགྲུབ། ཐུགས་ཀྱི་རྡོ་རྗེ་ཆོས་ཀྱི་དབྱིངས་དང་མཉམ་པ་ཐོབ་ཅེས་རྡོ་རྗེ་སྙིང་པོའི་རྒྱུད་ལས་སོ། །ༀ་སརྦ་བིདྱཱ་སྭཱ་ཧཱ། རིག་པ་ཆེན་པོའི་སྔགས་ཏེ། སྔགས་ཀྱི་རྒྱལ་པོ་ཕན་ཡོན་ཚད་མེད་པའི་མངའ་བདག་དངོས་གྲུབ་ཐམས་ཅད་སྦྱིན་པའོ། ༀ་སརྦ་བིད་ཧཱུྃ། འདི་ནི་རྣམ་སྣང་ཀུན་རིག་ཆེན་པོའི་སྙིང་པོ་དམ་པ་སྟེ་རྟོག་པ་དེ་ལས་མཐོང་ཐོས་ཐམས་ཅད་ངན་སོང་དང་དུས་མིན་འཆི་བ་རྨི་ལམ་དུ་ཡང་མི་མཐོང་། རྒྱུད་ངེས་པར་འགྱུར། ཕྱིར་མི་ལྡོག་ཅིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་བདེ་ཐམས་ཅད་མྱོང་བར་འགྱུར་བ་སོགས་ཕན་ཡོན་ཚད་མེད་གསུངས་སོ། །ༀ་ཏྲ་ཊ་ཧཱུྃ། འདི་ནི་སྡིག་པ་ཐམས་ཅད་གཞོམ་པའི་སྔགས་ཏེ་སོ་སོར་ཉེ་སྙིང་དུ་ཡང་གསུངས་པ་ཕན་ཡོན་ཚད་མེད་པའོ། །ༀ་སརྦ་ནི་ཝ་ར་ཎ་བིཥྐཾ་བྷི་ནི་སྭཱ་ཧཱ། འདི་ནི་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་སྙིང་པོ་སྟེ་སྡིག་སྒྲིབ་ཐམས་ཅད་སེལ་ཞིང་དངོས་གྲུབ་ཐམས་ཅད་རྩོལ་བའི་སྔགས་སུ་རྡོ་རྗེ་སྙིང་པོ་རྒྱན་སོགས་རྒྱུད་ལས་གསུངས་སོ། །ༀ་ནཱི་ས་རཱ་ཡ་སྭཱ་ཧཱ། འདི་ནི་སྒྲིབ་སེལ་དེའི་ཉེ་བའི་སྙིང་པོ་ཕན་ཡོན་གོང་བཞིན་ནོ། །དེ་ཡང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། གསང་སྔགས་འདི་ཡིས་སྦྱོར་བ་དང་། །བཅུད་ཀྱི་ལེན་གྱིས་བདེ་བླག་ཏུ། །རིང་པོ་ཉིད་དུ་མི་ཐོགས་པར། །སྒྲིབ་པ་རྣམ་སེལ་མཚུངས་པར་འགྱུར། །ཞེས་དང་། གཙོ་བོ་གསང་སྔགས་འདི་འཛིན་ལ། །རྣམ་པར་སེལ་བར་གྲགས་པ་སྟེ། །དངོས་གྲུབ་འདི་ནི་གཟི་བརྗིད་ཆེ། །རྣམ་སེལ་མཆོག་གི་དབང་ཕྱུག་ནི། །མཐའ་ལས་འདས་པའི་དངོས་གྲུབ་མཆོག །ཐམས་ཅད་ནས་ནི་སྩོལ་བ་ཉིད། །ཞེས་གསུངས་སོ། །ༀ་ཨཀྵ་ཧཱུྃ་ཕཊ། འདི་ནི་འཁོར་ལོ་བདེ་མཆོག་ཟ་བྱེད་ཀྱི་སྔགས་བཀླག་པ་ཙམ་གྱིས་འགྲུབ་པ་སྟེ། སྡིག་སྒྲིབ་ཐམས་ཅད་དང་། སྡུག་བསྔལ་བ་དང་། མཚམས་མེད་པའི་ལས་དང་སྲིད་པ་ཐམས་ཅད་ཟད་པར་བྱེད་ཅིང་གདུག་པ་ཐམས་ཅད་འབྲོས་པར་བྱེད་པའོ། །ཞེས་མངོན་འབྱུང་གི་རྒྱུད་ལས་སོ། །མགོན་པོ་ནག་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས་ཨ་ཐ་ཐརྦ་ཤ་བ་རིའི་སྔགས་གསུངས་པ། ༀ་སརྦ་མནྟ་ཎི་དཱ་ནཾ་ཀྵེ་མྃ་རྃ་ཧཱུྃ་ཀྵཿཧཿ སྔགས་ཀྱི་རྒྱལ་པོ་འདི་ལན་གཅིག་བཟླས་པ་ཙམ་གྱིས་སྒྲུབ་པ་པོ་རྣམས་ཀྱི་སྡིག་པ་ཐམས་ཅད་ཚེགས་མེད་པར་ཟད་པར་འགྱུར་རོ། །ཞེས་གསུངས་སོ། །ༀ་ཨཱ་ཀཱ་ཤ་གརྦྷ་ཡ་སྭཱ་ཧཱ། ནམ་མཁའི་སྙིང་པོ་སྟོབས་པོ་ཆེ། །བཅོམ་ལྡན་རྣལ་འབྱོར་འགྲུབ་པར་འགྱུར། །རང་གི་དངོས་གྲུབ་ཐམས་ཅད་ནི། །སྟེར་བར་འགྱུར་ཏེ་དཔྱད་མི་དགོས། །དཔའ་བོ་སངས་རྒྱས་ཐམས་ཅད་ཀྱིས། །དངོས་གྲུབ་ཇི་སྙེད་བཀའ་སྩལ་པ། །ནམ་མཁའི་སྙིང་པོ་བསྒྲུབས་པ་ཡིས། །དེ་དག་ཐམས་ཅད་མྱུར་དུ་སྟེར། །ཞེས་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་གསུངས་སོ། །ༀ་ཀྵི་ཧཿརཱ་ཛཱ་སྭཱ་ཧཱ། འདི་ནི་ས་ཡི་སྙིང་པོའི་སྔགས་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་གསུངས་པ་སྟེ། བསམ་ཡས་སྔགས་མཆོག་འདི་ཡིས་ནི། །དངོས་གྲུབ་ཐམས་ཅད་རབ་སྩོལ་མཛད། །ས་ཡི་སྙིང་པོ་ཞེས་གྲགས་པ། །དམ་པའི་དོན་དུ་རྣལ་འབྱོར་པས། །ཞེས་སོ། །ༀ་ཨཀྵ་ས་མ་ཏི་སྭཱ་ཧཱ། འདི་བློ་གྲོས་མི་ཟད་པའི་སྔགས་ཏེ་བློ་གྲོས་དང་ཡེ་ཤེས་མི་ཟད་པར་འདོད་པས་འབད་པས་བསྒྲུབ་པར་བྱ་སྟེ་སངས་རྒྱས་ཀྱང་འཐོབ་ན་དངོས་གྲུབ་གཞན་ལྟ་ཅི་སྨོས་ཞེས་སྙིང་པོ་རྒྱན་ལས་སོ། །ༀ་ག་ག་ན་གཉྫོ་གཾ་སྭཱ་ཧཱ། འདི་ནི་ནམ་མཁའ་མཛོད་ཀྱི་སྔགས་ཏེ་མཁའ་ལས་ནོར་བུ་བུམ་བཟང་དཔག་བསམ་ཤིང་སོགས་ཅི་འདོད་ཆར་དུ་འབེབ་པས་རེ་བ་ཐམས་ཅད་རྫོགས་པ་སོགས་ཕན་ཡོན་རྒྱ་ཆེ་སྟེ་སྙིང་པོ་རྒྱན་ལས་སོ། །ༀ་རཏྣ་པཱ་ཎི་ར་མུ་སྭཱ་ཧཱ། འདི་ནི་ལག་ན་རིན་ཆེན་གྱི་སྔགས་ཏེ་འགྲོ་བ་ཀུན་གྱི་ལག་ཏུ་འདོད་པའི་དངོས་གྲུབ་ཐམས་ཅད་ཀྱི་རིན་པོ་ཆེའི་ཆར་འབེབ་པ་སྙིང་པོ་རྒྱན་ལས་སོ། །ༀ་སཱ་ག་ར་མ་ཏི་ས་ར་སྭཱ་ཧཱ། འདི་ནི་རྒྱ་མཚོའི་བློ་གྲོས་སམ་བློ་གྲོས་རྒྱ་མཚོའི་སྔགས་ཏེ་བཟླས་ན་ཤེས་རབ་འཇམ་དབྱངས་དང་བློ་གྲོས་རྒྱ་མཚོ་དང་མཚུངས་ལ། ཐུགས་རྗེ་འཇིག་རྟེན་དབང་ཕྱུག་དང་མཚུངས་པ་ཐོབ་ཅེས་སྙིང་པོ་རྒྱན་ལས་སོ། །ༀ་རཏྣཱ་ཀཱ་རཿཧྲཱིཿརཏྣཾ་དད་སྭཱ་ཧཱ། རིན་ཆེན་འབྱུང་གནས་ཀྱི་སྔགས་འདིས་ས་ཡི་དབང་ཕྱུག་དང་རིན་ཆེན་ནོར་གྱི་ཆར་འབེབ་ཅིང་ལམ་རྫོགས་པར་འགྱུར་རོ་ཞེས་སྙིང་པོ་རྒྱན་ལས་སོ། །ༀ་ས་མནྟ་བྷ་དྲ་སཾ་སྭཱ་ཧཱ། འདི་ནི་འཕགས་པ་ཀུན་ཏུ་བཟང་པོའི་སྙིང་པོ་སེམས་ཅན་ཐམས་ཅད་སྨིན་པར་བྱེད་པའོ། །ༀ་ཀྵི་ཏི་གརྦྷ་ཀྵིཾ་སྭཱ་ཧཱ། འདི་ནི་འཕགས་མཆོག་ས་ཡི་སྙིང་པོའི་སྙིང་པོ་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡིད་བཞིན་དུ་རྫོགས་པར་བྱེད་པའོ། །ༀ་མ་ཎི་བཛྲོ་ཧཱུྃ། འདི་ནི་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པའི་རིགས་སྔགས་ཀྱི་རྒྱལ་པོ་ཕན་ཡོན་ཚད་མེད་པའི་སྙིང་པོ་བསྔགས་པ་ཚད་མེད་པ། འཇིགས་པ་དང་སྡིག་པ་དང་། དུག་དང་བྱད་དང་ནད་དང་རྒོལ་བ་སོགས་མི་མཐུན་པ་ཐམས་ཅད་ཞི་ཞིང་ཕར་ཕྱིན་དྲུག་དང་ཇི་ལྟར་འདོད་པའི་ཡོན་ཏན་ཐམས་ཅད་འགྲུབ་ཅིང་། བཀླག་པ་ཙམ་གྱིས་གྲུབ་པ་ལས་ཐམས་ཅད་བྱེད་པ། སངས་རྒྱས་སུ་འགྲུབ་པར་བྱེད་པ་སྟེ། གཞན་ན་དྲི་མེད་འོད་ཀྱི་སྙིང་པོར་ཡང་གསུངས། སྔགས་ཀྱི་རྟོགས་པ་དུ་མར་འབྱུང་བའི་གསང་སྔགས་ཁྱད་པར་ཅན་ནོ། །འདི་ནི་འབུམ་བཟླས་ན་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་། ཉིས་འབུམ་བཟླས་ན་སངས་རྒྱས་ཀྱི་ཞིང་ཐམས་ཅད་མཐོང་བ་སོགས་གོང་ནས་གོང་དུ་ཡོན་ཏན་གྱི་ཁྱད་པར་དང་ལས་མང་དུ་གསུངས་སོ། །ༀ་མ་ཎི་དྷཱ་རི་ཧཱུྃ་ཕཊ། འདི་ཡང་ནོར་བུ་རྒྱས་པའི་ཉེ་སྙིང་སྟེ་ཕན་ཡོན་གོང་མ་ཇི་ལྟ་བཞིན་ནོ། །ན་མ་སྟྲཻ་ཡ་དྷཱི་ཀཱ་ནཱཾ་ཏ་ཐཱ་ག་ཏཱ་ནཱཾ། ༀ་ཨསྟ་པ་རི་བྷོ་གི་སྭཱ་ཧཱ། འདི་ནི་འཕགས་པ་ཀུན་ཏུ་བཟང་པོའི་གསང་སྔགས་ཏེ། འདི་བཀླག་པས་འཕགས་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་ཕྱིར་མི་ལྡོག་པར་བྱིན་གྱིས་རློབ་པའི་ཡོན་ཏན་ལ་འཇུག་པ་རབ་ཏུ་འཐོབ་པར་འགྱུར་རོ་ཞེས་དམ་ཚིག་གསུམ་བཀོད་ལས་གསུངས་སོ། །ༀ་སྭ་སྟི་ཀ་མཱ་ལཱཀྵི་བི་པུ་ལ་སཾ་བྷ་བ་དྷ རྨ་དྷཱ་ཏུ་གོ་ཙ་རེ་སྭཱ་ཧཱ། འདི་ནི་ནམ་སྙིང་གི་མཚན་བརྒྱ་རྩ་བརྒྱད་པ་ལས་ནམ་མཁའི་སྙིང་པོའི་སྙིང་པོ་དཀྱིལ་འཁོར་མངོན་སུམ་པ་རྣམས་ཀྱི་སྭཱ་ཧཱའི་མཆོག་གི་གཟུངས་ཤིན་ཏུ་འབྱུང་བར་དཀའ་བ་སྡིག་པ་དང་ཉོན་མོངས་པ་ཐམས་ཅད་བསྲེགས་པ། བསོད་ནམས་ཆེན་པོ། བྱང་སེམས་རྣམས་ཀྱི་མ། རིན་པོ་ཆེའི་ཕུང་པོར་གྱུར་པ། འདི་ཐོས་པས་ཤིན་ཏུ་དྲི་མེད་རྣམ་དག་ཁྲུས་བྱས་པར་འགྱུར། པདྨ་ལྟ་བུར་འཁོར་བས་མི་གོས། ཉི་མ་ལྟ་བུར་སེམས་ཅན་སྣང་བར་བྱེད། །ཟླ་བ་ལྟ་བུར་སེམས་ཅན་སིམ་པར་བྱེད། །ནམ་མཁའ་ལྟ་བུར་ངན་སོང་གིས་མི་གོས། །ས་གཞི་ལྟ་བུར་མཐོ་དམན་མེད། །ལྷུན་པོ་ལྟ་བུར་ཀུན་གྱིས་མི་བསྐྱོད། །ཐར་པ་ལྟ་བུར་བདེ་སྡུག་གིས་མི་གོས་སོ། །དེ་སོགས་ཡོན་ཏན་སྟོང་ཕྲག་བགྲང་བ་ཚད་མེད་གྲངས་མེད་ཐོབ་སྟེ། ཉན་འཆང་བརྗོད་པ་ཙམ་གྱིས་གང་ཅི་ཡང་རུང་བའི་འདོད་སྨོན་རེ་བ་དེ་དག་འགྲུབ་བོ། །བཟླས་པ་ཙམ་གྱིས་ཆར་ཆེས་ཆར་ཆུང་སྡང་བ་རྨི་ངན་མི་ནད་གནོད་པ་འཆི་བ་ཆོམ་རྐུན་གཡུལ་གཅན་གཟན་མུ་གེའི་འཇིགས་པའི་དུས་ལས་སྲུང་ཞིང་བདེ་འབྱོར་ཅི་འདོད་པ་དང་དགའ་བ་འགྲུབ་བོ་ཞེས་གསུངས་སོ། །ༀ་བཛྲ་ཙཎྜ་སརྦ་དུཥྚཱ་ན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། འདི་ནི་ཕྱག་ན་རྡོ་རྗེའི་སྙིང་པོ་མཆོག་སྟེ། དེའི་མཚན་བརྒྱ་རྩ་བརྒྱད་པ་ལས། གཟུངས་འདི་ནི་མཆོག་ཏུ་གསང་བ། རིག་སྔགས་ཐམས་ཅད་ཀྱི་མཆོག །བགེགས་ཐམས་ཅད་བཟློག་པ། སྡང་བ་ཐམས་ཅད་སེལ་བ། དམ་པ་དང་འབྱོར་པ་སྩོལ་བ། སྡང་བ་རྣམས་དགའ་བར་བགྱིད་པ། ཐོས་པ་དང་བརྗོད་པ་དང་། བསྙེན་བཀུར་བགྱིས་ན་དོན་མཆིས་པ་སྟོབས་དང་སྤོབས་པ་བསྐྱེད་པ། གཟུགས་བཟང་བ་དང་ནོར་དང་དབང་ཕྱུག་དང་། དབང་བགྱིད་པ་ཐོབ་པར་བྱེད་པ། སྡང་བ་འཇོམས་ཤིང་འཇིགས་ལ་ང་རྒྱལ་འཇོམས་ཤིང་ཕ་རོལ་ཕམ་པར་བྱེད་པ། དུག་དང་ཉོན་མོངས་མཚམས་མེད་ཀྱི་ལས་སོགས་སྡིག་པ་རྨི་ལམ་ངན་པ་བཀྲ་མི་ཤིས་པ་ནོངས་པ་བགྱིས་པ་ཐམས་ཅད་ཞི་ཞིང་སྦྱོང་བ། དཔལ་དང་སྐལ་བ་བཟང་པོ་དང་རྒྱལ་བ་དང་དགའ་བ་དང་མཆོག་ཏུ་དགའ་ཞིང་དང་བ་དང་སེམས་ཅན་ཐམས་ཅད་དགའ་བ་དང་དབང་བྱེད་པ། ཅི་འདོད་སྩོལ་བ་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པར་བགྱིད་པ། ཆར་ཆེས་པ་དང་མི་འབབ་པ་སོགས་དུས་ཀྱི་གནོད་པ་ཞི་བ། གཡུལ་ཆེན་པོ་དང་། མི་ནད་དང་། རྩོད་པ་ཆེན་པོ་མི་མ་ཡིན་ལ་སོགས་པའི་འཇིགས་པ་དང་སྡང་བ་དང་བྱད་སྟེམས་དང་། རོ་ལངས་ཀྱི་སྦྱོར་བ་ཆེན་པོ་དང་། སྐྲོད་པ་དང་། སྲོག་འཇིག་པའི་འཇིགས་པ་ཆེན་པོ་བྱུང་བ་ན་ནང་པར་ལངས་ནས་ཁྲུས་བྱས་ཤིང་གོས་དཀར་པོ་བཙལ་ཏེ་ཁ་ཤར་དུ་བལྟས་ལ་རྡོ་རྗེ་འཆང་གི་གདོང་དུ་ལྟ་ཞིང་ལན་བདུན་བརྗོད་ན། བརྗོད་པ་ཙམ་གྱི་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་ཞིང་གྲུབ་པ་ཆེན་པོ་ཡང་ཐོབ་པར་འགྱུར་རོ། །ཐམས་ཅད་དུ་ཡང་རྒྱལ་བར་འགྱུར་ཏེ། སེམས་ཅན་རྣམས་ལ་སྲུང་སྐྱོབ་བྱེད་པ་ནི་གཟུངས་ཆེན་པོ་འདི་ལས་ལྷག་པ་མ་མཆིས་སོ། །ཞེས་གསུངས་སོ། །གཞན་ཡང་ཕྱག་རྡོར་རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས། བཅོ་བརྒྱད་སྔགས་ཀྱི་རྒྱལ་པོ་འདི། །མ་བྱུང་མི་འབྱུང་འབྱུང་མི་འགྱུར། །འདི་བཟླས་མངོན་དུ་གྲུབ་པར་འགྱུར། །རྟག་ཏུ་མཚན་མ་བཟང་པོ་འབྱུང་། །གཞན་གྱི་སྦྱོར་བ་འོང་མི་འོང་། །རང་ལ་ངེས་པར་སྟོན་པར་འགྱུར། །ཞེས་གསུངས་ཤིང་སྔ་འགྱུར་བའི་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་སྤྱི་དྲིལ་གྱི་གསང་སྔགས་ཁྱད་པར་ཅན་དུའང་གསུངས་སོ། །ༀ་སུཾ་བྷ་ནཾ་སུཾ་བྷ་ཧ་ར་ཙ་ར་མ་ཧཱ་པཱ་ཤ་མ་རུ་ཏ་ཨ་མོ་གྷ་བཛྲ་ས་ཏྭ་སྭཱ་ཧཱ། འདི་ནི་འཕགས་པ་ས་ཡི་སྙིང་པོའི་ཡོན་ཏན་སྦྱིན་པ་ཞེས་བྱ་བའི་གཟུངས་འདི་དེའི་མཚན་བརྒྱ་རྩ་བརྒྱད་པ་ལས་གསུང་པ་སྟེ། གཟུངས་འདི་ནི་ཡོན་ཏན་དཔག་ཏུ་མེད་པ་བསྐྱེད་པ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་། ཉེས་པ་ཐམས་ཅད་ཟློག་པར་བྱེད་པ། ཇི་ལྟར་འདམ་ལས་པདྨ་བཞིན་དུ་འཁོར་བར་རྒྱུ་ཚེ་ཉེས་པ་ཀུན་གྱིས་མི་གོས་པར་བྱེད་པ། སེམས་ཅན་སུ་ཡང་རུང་བ་གསང་སྔགས་འདི་འཆང་བར་བྱེད་པ་ལས་གཅིག་ཀྱང་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ། འདི་ཐོས་ནས་མོས་པ་ལ་ངེས་པར་ཡོན་ཏན་ཐོབ་སྟེ་ཐེ་ཚོམ་མེད་དོ། །ཅེས་གསུངས་སོ། །ༀ་མུ་ནི་མུ་ནི་སྨ་ར་སྭཱ་ཧཱ། འདི་ནི་འཕགས་པ་བྱམས་པ་མགོན་པོའི་ཉེ་བའི་སྙིང་པོ་སྟེ། འདི་ཉན་ཀློག་སེམས་ན་བྱམས་པ་སངས་རྒྱས་པའི་ཚེ་བྱང་ཆུབ་ཏུ་ལུང་སྟོན་པ་དང་། འདི་ཐོས་པས་ངན་སོང་དུ་མི་འགྲོ་ཞིང་མངལ་དུ་མི་སྐྱེ་ལ་བྱང་ཆུབ་ཏུ་ལུང་བསྟན་འཐོབ་པ་དང་། ལྷའི་བསྐལ་བ་སྟོང་དུ་འཁོར་སྒྱུར་དུ་འགྱུར་ཞིང་། དགེ་བཅུའི་ལམ་དང་ལྡན་པ་དང་། ཇི་ལྟར་བསམ་པའི་ལོངས་སྤྱོད་འགྲུབ་བོ་ཞེས་གསུངས་སོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་བྱམས་པའི་གསང་སྔགས་རང་བཞིན་གྱིས་གྲུབ་པ་ནི། ༀ་ཨ་ཛི་ཏཉྫ་ཡ་སརྦ་ས་ཏྭ་ས་མ་ཡ་མ་ནུ་ག་ཏ་སྭཱ་ཧཱ། གསང་སྔགས་བདག་ཉིད་རྒྱལ་པོ་འདི། །བྱམས་པ་ཞེས་ནི་གྲགས་པ་སྟེ། །ཆོས་ཀྱི་དབྱིངས་དང་མཚུངས་པར་ཁྱབ། །བྱམས་པའི་ཐུགས་ནི་ཡིད་དུ་འོང་། །འདི་ནི་བསྒྲུབ་པ་ཙམ་གྱིས་ཀྱང་། །དགའ་ལྡན་དུ་ནི་གནས་པར་འགྱུར་ཞེས་དང་། སྒྲིབ་བྲལ་ལྷའི་བུའི་ལུས་ཀྱིས་བྱམས་པའི་མདུན་དུ་ཆོས་ཉན་པ་དང་ཕར་ཕྱིན་དབང་དང་ཏིང་ངེ་འཛིན་ཐོབ་པ་བྱམས་པ་ལྟ་བུའི་བྱང་ཆུབ་སེམས་དཔར་གྱུར་ནས་མཐར་སངས་རྒྱས་པར་གསུངས་སོ། །སྤྱན་རས་གཟིགས་ཀྱི་རྩ་རྒྱུད་པདྨ་དྲྭ་བ་སོགས་ལས་གསུངས་པའི་ཕྱོགས་བཅུའི་སྤྱན་རས་གཟིགས་མཚན་དང་སྐུ་ཡི་རྣམ་པ་ཐ་དད་པ་བཅུའི་སྙིང་པོ་ནི། ༀ་ཨཱ་ཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། འདི་ནི་ཤར་ཕྱོགས་ཀྱི་སྤྱན་རས་གཟིགས་སེང་གེ་སྒྲའི་སྙིང་པོ་སྟེ་འོད་དཔག་མེད་སོགས་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་པའི་སྙིང་པོ། ལན་གཅིག་བརྗོད་པས་སྡིག་པ་ཀུན་བྱང་། ནད་དང་ཆོམ་པོ་དགྲ་མཚོན་སོགས་ཀྱི་འཚེ་བ་དང་། ཁྱད་པར་ཀླུའི་གནོད་པ་དང་། སྙིང་གི་ནད་ཞི། སྲིད་པ་ཉམ་ང་བ་དང་བུད་མེད་ཀྱི་ལུས་སུ་མི་སྐྱེ། ཚེ་རབས་དྲན། རྟག་ཏུ་དཔལ་དང་ལྡན་ཞིང་ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་སེང་གེའི་སྒྲའི་གཟུངས་ལས་གསུངས་ཤིང་། རྒྱུད་ལས་འདིས་ཤེས་རབ་གསལ་བར་བྱེད་པར་གསུངས་སོ། །ༀ་པདྨ་དྷཱ་རདྷཱ་ཀི་ཧཱུྃ་ཕཊ། འདི་ལྷོ་ཕྱོགས་ཀྱི་སྤྱན་རས་གཟིགས་ཡིད་བཞིན་ནོར་བུ་འཁོར་ལོས་སྒྱུར་བའི་སྙིང་པོ་སྟེ་འགྲོ་བའི་སེར་སྣ་བཅད་ནས་སྦྱིན་པའི་འབྱུང་གནས་གཏེར་ཆེན་པོ་རྡོལ་བར་བྱེད་པའོ། །སྙིང་པོ་འདི་རེ་རེ་བཞིན་ཕན་ཡོན་ཚད་མེད་པ་ཡོད་པ་ནི་འོག་གི་པདྨ་ཨུཥྞིའི་མཚོན་ཏེ་ཤེས་ལ། སོ་སོར་རྒྱུད་ལས་མ་གསུངས་པས་འདིར་ཡང་བརྗོད་པར་རྔོ་མ་ཐོག་ཀྱང་ཐམས་ཅད་ཀྱང་སྔགས་ཀྱི་སྙིང་པོ་ཕན་ཡོན་ཚད་མེད་པ་ཉིད་དུ་ཤེས་པར་བྱའོ། །ༀ་པདྨ་ནི་ར་ཏེ་ཤྭ་ར་ཧྲཱིཿཧཱུྃ་ཕཊ། འདི་ནུབ་ཕྱོགས་ཀྱི་སྤྱན་རས་གཟིགས་པདྨ་གར་གྱི་དབང་ཕྱུག་གི་སྙིང་པོ་སྟེ། འདིས་འདོད་ཆགས་ཀྱི་འདམ་རྫབ་བསྐམ་ནས་ཚུལ་ཁྲིམས་ཕར་ཕྱིན་ཐོབ་ལ་འཇིག་རྟེན་དབང་ཕྱུག་གི་རྟོག་པ་ལས་སྙིང་པོའི་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ན་སྡིག་པ་བྱང་། ལྔ་བརྒྱས་ནད་ཐམས་ཅད་གྲོལ་བ་སོགས་བྱེད་པའི་བར་དུ་བཟླས་གྲངས་ཀྱི་ཕན་ཡོན་ཡོད་དོ། །ༀ་རཏྣ་ཨ་གྲ་ཨ་པྲ་ཏི་ཧ་ཏ་ཧཱུྃཿཕཊ། འདི་ནི་བྱང་ཕྱོགས་ཀྱི་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་མི་གཤོལ་བ་ཞེས་བྱ་བའི་སྙིང་པོ་སྟེ་འདིས་འགྲོ་བའི་ལེ་ལོའི་ནགས་ཚལ་བསྲེགས་ནས་རྨད་དུ་བྱུང་བའི་བརྩོན་འགྲུས་ཀྱི་མེ་སྦར་བར་བྱེད་དོ། །ༀ་ཧྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧ་ཧཱུྃ་ཕཊ་སྭཱ་ཧཱ། འདི་ནི་བྱང་ཤར་གྱི་སྤྱན་རས་གཟིགས་དོན་ཡོད་ཞགས་པའི་སྙིང་པོ་སྟེ། འདིའི་མཐུས་འགྲོ་བའི་ཞེ་སྡང་གི་རི་བོ་བཅོམ་ནས་བཟོད་པ་ཉི་མ་ལྟ་བུར་ལྷང་ངེར་བྱེད་པའི་སྙིང་པོ་ཡིན་ལ། ཕན་ཡོན་གྱི་རྣམ་པ་ཚད་མེད་པ་དོན་ཞགས་ཀྱི་རྟོག་པ་ལས་ཤེས་པར་བྱ་སྟེ་ཤིན་ཏུ་མང་བས་འདིར་བྲི་མ་ནུས་སོ། །ༀ་ཧ་ལ་ཧ་ལ་ཧྲཱིཿཔདྨ་གརྦྷ་ཧཱུྃ་ཕཊ་སྭཱ་ཧཱ། འདི་ནི་ཤར་ལྷོའི་སྤྱན་རས་གཟིགས་ཧ་ལ་ཧ་ལའི་སྙིང་པོ་སྟེ་འགྲོ་བའི་ཕྲག་དོག་དུག་སྦྲུལ་ལྟ་བུ་ཞི་ནས་བསམ་གཏན་བདུད་རྩིའི་རྒྱ་མཚོ་སྒྲུབ་པར་བྱེད་པའོ། །ༀ་པདྨ་ཨ་ལཾ་ཀཱ་ར་ཧཱུྃ་ཕཊ། འདི་ནི་ལྷོ་ནུབ་ཕྱོོགས་ཀྱི་སྤྱན་རས་གཟིགས་པདྨ་རྒྱན་གྱི་ལུང་གི་སྙིང་པོ་སྟེ་འདིས་རྨོངས་པའི་རི་བོ་འཇོམས་ཤིང་ཐབས་ལ་མཁས་པ་རྫོགས་པར་བྱེད་དོ། །ༀ་བཛྲ་དྷརྨ་དྷཱ་ཏུ་ཧཱུྃ་སྭཱ་ཧཱ། འདི་ནི་ནུབ་བྱང་གི་ཕྱོགས་ཀྱི་སྤྱན་རས་གཟིགས་རྗེ་བཙུན་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་གི་སྙིང་པོ་སྟེ། འདིས་འགྲོ་བའི་མནར་སེམས་དང་ཞེན་པ་བསལ་ནས་མཐུ་སྟོབས་ཆེན་པོའི་རྡོ་རྗེ་འཐོབ་པར་བྱེད་དོ། །ༀ་བྷྲཱུྃ་ཧྲཱིཿཧ་ཧཱུྃ་སྭཱ་ཧཱ། འདི་ནི་སྟེང་ཕྱོགས་སྤྱན་རས་གཟིགས་ཧ་རི་ཧ་རི་ཧ་རི་ལ་ཞོན་པའམ་རྗེ་བཙུན་ཆོས་ཀྱི་གཙུག་ཏོར་ཞེས་བྱ་བའི་སྙིང་པོ་སྟེ་འདིས་ལོག་ལྟའི་སྒྲིབ་གཡོགས་སེལ་ཞིང་། ཡོངས་སུ་དག་པའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་འཁོར་ལོ་བསྐོར་བ་འཐོབ་བོ། །ༀ་མ་ཎི་པདྨེ་ཧཱུྃ། འདི་ནི་འོག་ཕྱོགས་ཀྱི་སྤྱན་རས་གཟིགས་རྗེ་བཙུན་མགྲིན་པ་སྔོན་པོའི་རིག་སྔགས་ཏེ། ཤེས་བྱའི་སྒྲིབ་པ་བསལ་ནས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཐོབ་པར་བྱེད་པའོ། །སྙིང་པོ་འདི་ལ་སྤྱན་རས་གཟིགས་ཀྱི་སྙིང་པོ་ཡི་གེ་དྲུག་མ་ཞེས་བཟླས་པ་ཙམ་གྱིས་ལས་ཉོན་གྱིས་མི་གོས་ཤིང་། བྱང་སེམས་བདུན་པ་དང་སྐལ་བ་མཉམ་པར་བྱེད་ལ། མཐོང་ཐོས་དྲན་རེག་གྲོལ་བའི་ཕྲིན་ལས་རྨད་དུ་བྱུང་བའི་བསྔགས་པ་རྒྱ་ཆེན་པོ་ནི་ཟ་མ་ཏོག་སོགས་ལས་རྒྱ་ཆེར་གསལ་བ་བཞིན་ནོ། །འདིའི་རྩ་བའི་གསང་སྔགས་རྒྱས་པ་ནི་ཕྱག་སྟོང་སྤྱན་སྟོང་གི་གཟུངས་ཉིད་དོ། །ༀ་པདྨོ་ཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ། འདི་ནི་དོན་ཡོད་ཞགས་པ་ལས་གསང་སྔགས་ཡི་གེ་གཅིག་པ་ནས་བཅུ་པའི་བར་དག་གིས་ས་བཅུ་ཐོབ་བྱེད་ཀྱི་རིག་སྔགས་ཕན་ཡོན་ཚད་མེད་པ་བཅུ་གསུངས་པའི་ཐ་མ་ཡི་གེ་བཅུ་པ་འདི་ནི་དོན་ཡོད་ཞགས་པ་པདྨ་གཙུག་ཏོར་གྱི་སྙིང་པོ་བཟླས་བརྗོད་ཙམ་གྱིས་གྲུབ་པ་སྟེ། འབུམ་བཟླས་ན་ཕྱིར་མི་ལྡོག་པ་ཉིད་དུ་གྱུར་ནས་ས་བཅུ་པ་ཐོབ་ཅིང་དོན་ཡོད་ཞགས་པ་པདྨ་གཙུག་ཏོར་གྱི་འཁོར་ལོས་བསྒྱུར་བ་ཉ ིད་དུ་འགྱུར་བར་ཐེ་ཚོམ་མེད་ལ། འཇིག་རྟེན་ལྷ་དང་མིས་སངས་རྒྱས་ཞེས་བརྗོད་པར་བྱེད་དོ་ཞེས་དང་། ལན་གཅིག་ཙམ་སྙིང་རྗེ་དང་བྱམས་པ་ལྷག་བསམ་གྱིས་སེམས་ཅན་ལ་དམིགས་ཤིང་དྲན་ན་ངན་སོང་དུ་སྐྱེ་བ་གནས་མེད་དེ་དགེ་རྩ་རྒྱ་ཆེན་པོ་དང་ལྡན་ནོ། །གཉིས་བརྗོད་པས་ནད་ཐམས་ཅད་རབ་ཏུ་ཞི། གསུམ་བརྗོད་པས་དུག་དང་འབྲུམ་ལྷོག་རྐང་ཤུ་མཛེ་གཡན་པ་སོགས་ཞི། བཞི་བརྗོད་པས་དབྱིག་དུག་དང་བྱད་ཐམས་ཅད་སེལ། ལྔ་བརྗོད་པ་ཙམ་གྱིས་འཐབ་མོ་དང་རྩོད་པ་འགྱེད་པ་ཐམས་ཅད་ཞི། དྲུག་བརྗོད་པ་ཙམ་གྱིས་འཇིགས་པ་དང་གདོན་དང་རིམས་ཐམས་ཅད་ཞི། བདུན་བརྗོད་པས་དུས་མིན་འཆི་བ་དང་། སེམས་ཅན་ཐམས་ཅད་ཀྱི་ནད་དང་། ཡམས་ནད་ཐམས་ཅད་ཞི། དེའི་ཕྱིར་ཉིན་རེ་ཞིང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་མི་སྨྲ་བར་ལན་བདུན་དྲན་པར་བྱའོ། །སེམས་ཅན་དམྱལ་བར་གཞོལ་བ་ཤི་བ་དང་། བསླབ་ཉམས་མཁན་པོ་སོགས་ལ་མ་གུས་པར་བྱས་པ་ཤི་ན་ལན་བདུན་བཟླས་པའི་བྱེ་མ་དུར་ཁྲོད་དམ། རོ་བསྲེགས་སའམ། དུར་ས་དེར་གཏོར་ན། མཆད་པ་ཟེར། རུས་པ་ལ་ཕོག་ཚད་དེའི་མོད་ལ་ངན་སོང་ལས་འཕོས་ནས་མཐོ་རིས་སུ་སྐྱེ། གྲོ་ག་ལ་བྲིས་ཏེ་མཆོད་རྟེན་ནང་དུ་བཅུག་ན་དེའི་གྲིབ་མས་ཕོག་པ་ཙམ་གྱིས་སེམས་ཅན་སུ་ཡང་རུང་སྟེ་སྒྲིབ་པ་ཐམས་ཅད་དག་ཅིང་མཐོ་རིས་སུ་གཞོལ། དུང་ལ་ལན་བདུན་བཟླས་ཏེ་བུས་ན་ཐོས་ཚད་ཀྱང་དེ་བཞིན་ནོ། །དགེ་བ་ཅན་གྱི་སྒྲ་དེ་ཐོས་ན་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་བཞིན་ཙན་དན་ལ་སྔགས་པའི་དྲི་ཚོར་བ་དང་། ཆོས་གོས་ལ་སྔགས་ཏེ་གྱོན་པ་རྣམས་ཀྱང་དེ་བཞིན་དང་། བཟླས་པས་མཁའ་འགྲོ་མ་དང་། འཇིག་རྟེན་གྱི་ལྷ་ཐམས་ཅད་དབང་དུ་བྱེད་པ་སོགས་དང་ཐིག་ལེའི་རིལ་བུ་བཅུད་ལེན་མི་སྣང་བ་སོགས་དང་མིག་འཕྲུལ་སོགས་ལས་ཀྱི་རྣམ་གྲངས་སྣ་ཚོགས་ཚད་མེད་པ་བྱེད་པར་གསུངས་སོ། །ༀ་ཨ་མོ་གྷ་ཙིནྟ་མ་ཎི་པ་ར་ད་པདྨེ་ཛྭ་ལ་ཛྭ་ལ་ན་བྷུ་ཛེ་ཧཱུྃ། འདི་ནི་དོན་ཡོད་ཞགས་པའི་རྟོག་པ་ལས་གསུངས་པ་དོན་ཡོད་པ་པདྨ་དྲི་མ་མེད་པའི་ཆུ་སྐྱེས་ཀྱི་ཞགས་པའི་རྩ་བའི་སྙིང་པོ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱི་བརླབས་པའི་རྡོ་རྗེ་གསང་བའི་སྙིང་པོ། རིག་སྔགས་རྒྱལ་པོ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་མཆོག་སྦྱིན་པར་བྱེད་པ་ཤིན་ཏུ་དཀོན་པ་སྟེ། དྲན་པ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་ཚད་མེད་སྐྱེད་པ། སངས་རྒྱས་པ་དང་མཚུངས་པར་གྱུར་པའི་རིགས་སྔགས། གངྒཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུའི་དུས་གསུམ་མཉམ་པ་ཉིད་ཀྱི་དེ་བཞིན་གཤེགས་པ་རྣམས་མཐོང་བ་དང་། བསྙེན་བཀུར་དང་། དཀྱིལ་འཁོར་ཕྱག་རྒྱ་དམ་ཚིག་སྔགས་ཀྱི་ཆོ་ག་མ་ཐོས་ཤིང་མ་ཞུགས་པ་དེའི་ལག་ཏུ་རིག་སྔགས་འདི་ཕྱིན་པར་མི་འགྱུར་ཏེ་མིང་གི་སྒྲ་ཙམ་ཡང་མི་གྲགས་སོ། །འདི་གང་གི་ལག་ཏུ་སོན་པ་དེའི་ལག་ཏུ་གོང་གིས་སངས་རྒྱས་དེ་སྙེད་ལག་ཏུ་སོན་པ་དང་སངས་རྒྱས་དེ་དག་གི་དྲུང་དུ་དཀྱིལ་འཁོར་ཕྱག་རྒྱས་སྔགས་དང་སྙིང་པོ་ཐམས་ཅད་ལག་ཏུ་སོན་པ་དང་། སངས་རྒྱས་ཀྱི་སྲས་ཀྱི་གཙོ་བོ་རིག་སྔགས་འཆང་བ་རྣམས་ཀྱི་གཙོ་བོ་དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་བསྟན་པ་དང་། བསོད་ནམས་དང་ཡོན་ཏན་གཞལ་མེད་པ་འཐོབ་པ་སྟེ་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་རྙེད་པར་འགྱུར་རོ། །རིག་པའི་རྒྱལ་པོ་འདིས་ཕྱི་མའི་དུས་ན་སངས་རྒྱས་ཀྱིི་མཛད་པ་བྱེད་དེ་སེམས་ཅན་རྣམས་ཀྱི་སྐྱབས་དང་སྣང་བར་བྱེད་ཅིང་རེ་བ་རྫོགས་པར་བྱེད། སྡིག་པ་དང་དགྲ་དང་བགེགས་དང་ནད་དང་རླུང་སད་སེར་སོགས་མི་མཐུན་པ་ཐམས་ཅད་ཟློག་པར་བྱེད། ཚེ་རིང་བ་དང་ནད་མེད་པ་དང་དབང་ཕྱུག་དང་ནོར་དང་འབྲུ་སོགས་འདོད་པ་ཐམས་ཅད་འཕེལ་བར་བྱེད་དོ། །འདི་བཀླག་པས་འགྲུབ་སྟེ། འདིས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འགུགས་ཤིང་། འབུམ་བཟླས་པས་པདྨོ་ཡངས་པའི་དཀྱིལ་འཁོར་དང་། སངས་རྒྱས་ཐམས་ཅད་དང་། སྤྱན་རས་གཟིགས་དང་། གཞན་ཡང་དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་པདྨ་དང་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་རྨི་ལམ་དུ་རིམ་པས་མཐོང་ཞིང་དེ་དག་གི་དཀྱིལ་འཁོར་དུ་ཞུགས་ནས་དམ་ཚིག་བཟུང་བ་དང་སྔགས་དང་ཕྱག་རྒྱས་དབང་བསྐུར་བ་དང་དངོས་གྲུབ་ཐོབ་བོ། །ཚེ་བརྗེས་པའི་འོག་ཏུ་བདེ་བ་ཅན་དུ་སྐྱེ་ལ་བསྐལ་པ་བརྒྱ་སྟོང་གི་བར་དུ་སྔོན་གྱི་སྐྱེ་བ་དྲན། དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་དང་གསང་སྔགས་སོགས་མངོན་དུ་འགྱུར་ཞིང་སྐྱེ་བ་སྐྱེ་བར་རང་གི་དགེ་རྩ་རྗེས་སུ་དྲན་ཅིང་ཡོངས་སུ་དག་པའི་ལས་ཀྱི་དངོས་གྲུབ་ཏུ་འགྱུར་བ་སོགས་ཕན་ཡོན་ཚད་མེད་པ་འཐོབ་བོ། །འདི་བརྒྱ་རྩ་བརྒྱད་བཟླས་པས་སྔོན་གྱི་སྡིག་པ་ཐམས་ཅད་ཟད་ནུས་ལ། དེ་ནས་ཉི་མ་བདུན་གྱིས་སྡིག་པ་ཐམས་ཅད་ཟད་ཅིང་དགེ་རྩ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། བཟླས་པ་ཙམ་གྱིས་བདག་ཞུམ་པ་དང་འཁྲུགས་པ་མཐའ་དག་མི་སྣང་བར་བྱེད་དོ། །གཞན་ཡང་ནད་ཐམས་ཅད་ལ་བྱབ་པ་དང་། སྐུད་པ་ལ་སྔགས་པས་རིམས་ཐམས་ཅད་ཞི་བ་སོགས་ཞི་བའི་ལས་དང་དབང་དང་བསྐྲད་པ་སོགས་ལས་ཤིན་ཏུ་མང་པོ་གསུངས་སོ། །ༀ་ཨ་མོ་གྷ་བཻ་རོ་ཙ་ན་མ་ཧཱ་མུ་དྲཱ་མ་ཎི་པདྨེ་ཛྭ་ལ་པྲ་བརྟ་ཡ་ཧཱུྃ། འདི་ནི་དོན་ཡོད་པའི་ཕྱག་རྒྱ་དབང་བསྐུར་བའི་གཟུངས་ཞེས་བྱ་བ་སྟེ། གཟུངས་འདི་དྲན་པ་ཙམ་དང་བཀླག་པ་ཙམ་གྱིས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱས་མངོན་པར་དབང་བསྐུར་བར་འགྱུར་རོ། །འདི་སྟོང་ཕྲག་གཅིག་བཟླས་པས་དེ་བཞིན་གཤེགས་པའི་རིགས་དང་། གཉིས་བཟླས་པས་པདྨའི་རིགས་དང་། གསུམ་བཟླས་པས་རྡོ་རྗེའི་རིགས་དང་། བཞི་བཟླས་པས་ནོར་བུའི་རིགས་དང་། ལྔ་བཟླས་པས་དཀྱིལ་འཁོར་མཐའ་དག་ཏུ་ཕྱིར་མི་ལྡོག་པར་དཀྱིལ་འཁོར་ཆེན་པོར་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་དབུགས་དབྱུང་སྔགས་དང་ཕྱག་རྒྱ་སོགས་ཀྱི་གསང་བའི་བྱིན་གྱིས་རློབ་ཅིང་སངས་རྒྱས་ཚད་མེད་པ་རྗེས་སུ་འབྲང་ཞིང་དགོངས་པར་མཛད་དེ། དེ་དག་རྨི་ལམ་དུ་མཐོང་ངོ་། །སྟོང་ཕྲག་དྲུག་གིས་སངས་རྒྱས་ཐམས་ཅད་བྱང་ཆུབ་སྙིང་པོར་རྡོ་རྗེའི་གདན་ལ་བཞུགས་ཏེ་དབང་བསྐུར་བ་དང་། ཆེར་དགོངས་ཤིང་བྱང་ཆུབ་མཐར་ཐུག་གི་བར་དུ་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་འབྲང་བར་བྱེད་དོ། །བཟླས་པ་བདུན་པས་དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་ཏེ་ཆོས་འཁོར་བསྐོོར་བ། བདུད་བཏུལ་བ། དམ་ཆོས་ཀྱི་ཆར་འབེབས་ཤིང་། ཆོས་ཀྱི་སྒྲོན་མེ་སྦར་བས་མངོན་པར་དབང་བསྐུར་བ་དང་། ལེགས་སོའི་སྒྲ་བརྗོད་པ་དང་ཕྱག་རྒྱ་སོགས་ཀྱིས་དབང་བསྐུར་བ་དང་དངོས་གྲུབ་སྦྱིིན་པ་རྨི་ལམ་དུ་མཐོང་བར་འགྱུར་རོ། །དེ་བཞིན་དུ་བཀླག་པ་དང་བཟླས་པ་ཙམ་གྱིས་ཆོ་ག་དང་། ལས་ཀྱི་འབྲས་བུ་སྟོན་པར་མཛད་དོ། །དོན་ཡོད་པའི་ནོར་བུ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བའི་གཟུངས་འདི་བཀླག་པ་དང་དྲན་པ་ཙམ་གྱིས་རྣམ་སྣང་ཆེན་པོའི་དཀྱིལ་འཁོར་ཆེན་པོར་ཞུགས་ལ་དམ་ཚིག་ཤེས་པར་འགྱུར། བཟླས་པ་ཙམ་གྱིས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཚན་ནས་སྨོས་ནས་མངོན་སུམ་དུ་སྟོན་པར་མཛད་དོ། །མཚམས་མེད་ལྔ་སོགས་སྔོན་གྱི་ལས་སྒྲིབ་གང་ཡོད་པ་ཐམས་ཅད་ལན་གཅིག་བཀླག་པ་དང་བཟླས་པ་ཙམ་གྱིས་ཡོངས་སུ་ཟད་པར་འགྱུར་རོ། །སེམས་ཅན་སྡིག་པའི་ཆོས་སྤྱད་པ་དང་། མཚམས་མེད་ལྔ་བྱེད་པ་མནར་མེད་པ་ལ་གཞོལ་བའི་སྔོན་དུ་སྔགས་འདི་སྐད་གསང་མཐོན་པོས་ལན་གསུམ་བརྗོད་ན་དེའི་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར། སྡིག་ཅན་ཤི་བའི་རོའམ་རུས་པའམ་བསྲེགས་ཤུལ་ལམ་དུར་ཁྲོད་དུ་ཡུངས་ཀར་ལ་སྔགས་འདི་ཉེར་གཅིག་བཟླས་པས་གཏོར་ན་དེའི་མོད་ལ་གནས་ངན་ལས་ཐར་ནས་སྡིག་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་ཞིང་བདེ་བ་ཅན་དུ་སྐྱེའོ། །ནད་དྲག་པོས་ཐེབ་པ་ལ་བརྒྱ་རྩ་བརྒྱད་དེའི་རྣ་བར་བཟླས་པས་ནད་ཡུན་རིང་ལས་གྲོལ་ཏེ་སྔ་མ་བཞིན་དུ་འགྱུར། དེའི་སྤྱི་གཙུག་ཏུ་ཕྱག་རྒྱས་བཏབ་སྟེ་ལན་ཉེར་གཅིག་བརྗོད་པས་ཕྲལ་དེ་ཉིད་དུ་གྲོལ་ལོ། །ཚོན་སྣ་ལྔའི་སྐུད་པར་ཉེར་གཅིག་བཟླས་ཏེ་བཏགས་ན་གདོན་དང་རྗེད་བྱེད་ཐམས་ཅད་ལས་གྲོལ་ལོ། །སྐུད་པ་དཀར་པོས་བཅིང་བར་བྱས་པས་ནད་ཐམས་ཅད་ལས་གྲོལ་ལོ། །འཐབ་རྩོད་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་ཁ་ཐོན་དུ་བཟུང་ན་སྨྲ་བའི་མཆོག་ཏུ་འགྱུར་རོ། །དེ་བཞིན་གདོན་དང་རིམས་གྲོལ་བ་ཤི་བ་སློང་བ། ཁྲོས་པ་ཞི་བ་སོགས་ཀྱི་ལས་ཡོད་དོ། །ༀ་ཨ་མོ་གྷ་མཎྜ་ལ་པདྨ་ཨ་བྷི་ཥེ་ཀཾ་མ་ཎི་བཛྲེ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀེ་ཧཱུྃ། འདི་ནི་དོན་ཞགས་ལས་གསུངས་པ། དོན་ཡོད་པའི་དཀྱིལ་འཁོར་ཆེན་པོ་པདྨའི་དབང་བསྐུར་བའི་ནོར་བུའི་གཟུངས་ཀྱི་སྙིང་པོ་ཞེས་བྱ་བ་སྟེ་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རིགས་ཐུན་མོང་བར་རྗེས་སུ་འཇུག་པར་འགྱུར་བའོ། །འདི་སྟོང་བརྒྱ་རྩ་བརྒྱད་བཟླས་པས་མི་འཕོ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་པདྨ་ཆེན་པོས་དབང་བསྐུར་བ་ཡིད་བཞིན་ནོར་བུས་པདྨ་བཅིངས་པས་སྤྱི་བོར་དབང་བསྐུར་བར་འགྱུར་རོ། །དེ་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་བཟླས་པའི་མོད་ལ་རྨི་ལམ་དུ་མཐོང་བ་སྟོན་ནོ། །དཀྱིལ་འཁོར་ཆེན་པོ་ཡངས་པའི་རྣམ་འཕྲུལ་གཞལ་ཡས་ཁང་དང་ལྷ་རྣམས་སྟོན་པར་བྱེད་དེ། །རིགས་བཞིའི་དཀྱིལ་འཁོར་དང་རྣམ་སྣང་དང་། རིག་པའི་རྒྱལ་པོ་རྣམས་དང་། སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་མཐོང་ཞིང་སོ་སོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་རྨི་ལམ་མཐོང་ནས་དགའ་བ་དང་མགུ་བའི་སེམས་ཀྱིས་ཏིང་ངེ་འཛིན་ཐོབ་ལ་སངས་རྒྱས་རྣམས་ཀྱིས་ལེགས་སོའི་དབུགས་དབྱུང་བར་མཛད་ཅིང་། སླར་ཡང་གོང་ནས་གོང་དུ་རྣམ་པར་འཕྲུལ་པ་སྟོན་པར་བྱེད་དོ། །སྔགས་འདིས་བགྲང་ཕྲེང་ངམ། དབུ་རྒྱན་ནམ། ཅོད་པན་ནམ། དར་དཔྱངས་ལ་སྟོང་བརྒྱ་རྩ་བརྒྱད་བཟླས་ཏེ་དེ་བཞིན་གཤེགས་པའི་དབུ་ལ་བཅིངས་ན་རྣམ་པར་སྣང་མཛད་ཀྱི་ཡིད་བཞིན་ནོར་བུའི་དབུ་རྒྱན་འོད་ཟེར་བརྒྱ་སྟོང་ཕྲག་འབར་བ་དང་། དར་དཔྱངས་ཀྱི་དབང་བསྐུར་བས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་སེམས་ཐམས་ཅད་ལ་མཆོད་པ་དང་། དབང་བསྐུར་བའི་བསྙེན་བཀུར་ཆེན་པོ་བྱས་པར་འགྱུར་རོ། །སྙིང་པོ་འདི་བཟླས་པ་ཙམ་གྱིས་རིག་སྔགས་འཆང་དེའི་སྡིག་སྒྲིབ་གདུག་པ་ཐམས་ཅད་རབ་ཏུ་ཞི་ཞིང་སྒོ་གསུམ་ཡོངས་སུ་དག་ཉོན་མོངས་དང་སྒྲིབ་པ་ཐམས་ཅད་ལས་གྲོལ་ཞིང་བསོད་ནམས་རྒྱ་ཆེན་པོ་སོགས་པར་འགྱུར། དགེ་རྩ་རྒྱ་ཆེན་དང་དངོས་གྲུབ་ཆེན་པོ་འཐོབ་བོ། །ཐམས་ཅད་དུ་ཐོགས་པ་མེད་པ་དང་མཆོད་པ་དང་བསྙེན་བཀུར་ཐོབ་ཅིང་ཚིག་བཙུན་པར་འགྱུར་རོ། །ལུས་ལ་ཙན་དན་གྱི་དྲི་བཟང་འབྱུང་བ་དང་། ཁ་ནས་ཨུཏྤལ་གྱི་དྲི་འབྱིན་པ་དང་། སེམས་ཅན་ཐམས་ཅད་མཆོག་ཏུ་བྱམས་པ་དང་། མཆོད་པའི་འོས་སུ་བྱེད་དོ། །ཐམས་ཅད་དུ་དངོས་གྲུབ་ཆེན་པོའི་མཆོག་ཏུ་འགྱུར་རོ། །བགེགས་དང་ལོག་འདྲེན་འབྱུང་པོ་ཐམས་ཅད་རིང་དུ་འབྲོས་ཤིང་ཇི་སྲིད་འཚོའི་བར་དུ་གནོད་པར་མི་ནུས་སོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་རིག་པའི་རྒྱལ་པོ་རྟག་ཏུ་མཐོང་ཞིང་རྗེས་སུ་འབྲང་བ་དང་ཐམས་ཅད་དུ་དོན་ཡོད་པའི་དངོས་གྲུབ་ཀྱི་མཆོག་སྦྱིན་ཞིང་དཀྱིལ་འཁོར་གྱི་སློབ་དཔོན་དུ་དབང་སྐུར་བར་འགྱུར་རོ། །ཞེས་སོ། །ༀ་ཨ་མོ་གྷ་པཱུ་ཛ་མ་ཎི་པདྨེ་བཛྲེ་ཏ་ཐཱ་ག་ཏ་བི་ལོ་ཀི་ཏེ་ས་མནྟ་པྲ་ས་ར་ཧཱུྃ། འདི་ཡང་དོན་ཞགས་རྟོག་པ་ལས་གསུངས་པ། དོན་ཡོད་པའི་ནོར་བུའི་མཆོད་པའི་སྤྲིན་གྱི་སྙིང་པོ་ཞེས་བྱ་བ་སྟེ་དྲན་བཀླག་བཟླས་པ་ཙམ་གྱིས་གཞལ་མེད་ཁང་ཡངས་པ་ཆེན་པོ་མཆོད་པའི་སྤྲིན་གྱི་ཆར་ཆེན་པོ་བསོད་ནམས་ཀྱི་ཚོགས་ཀྱི་རྣམ་འཕྲུལ་ཆེན་པོ། མེ་ཏོག་སྣ་ཚོགས་དང་། ལྷ་རྫས་སྣ་ཚོགས་དང་། གོས་རྒྱན་ཡོ་བྱད་དྲི་དང་སྒྲོན་མེ་ཞལ་ཟས་རོལ་མོ་དང་བསྟོད་པ་ལ་སོགས་པ་ཇི་ལྟར་སྲིད་པའི་དངོས་པོ་རྨད་དུ་བྱུང་བའི་མཆོད་པའི་སྤྲིན་གྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གི་དཀྱིལ་འཁོར་ཀུན་དུ་རིག་པ་འཛིན་པ་ཉན་རང་དང་བཅས་པ་ཐམས་ཅད་ལ་དགྱེས་དགུར་མཆོད་པའི་ཆར་འབེབས་པར་བྱེད་དོ། །མཆོད་པའི་སྤྲིན་བླ་མེད་ཡངས་པ་རྨད་བྱུང་འབྱུང་ཞིང་རྣམ་འཕྲུལ་སྒྱུ་མ་ལྟ་བུའི་བྱིན་རླབས་སྟོན་པའི་གཟུགས་འདི་ནི་རིག་སྔགས་འཆང་རྣམས་ཀྱི་མཆོག་གི་དངོས་གྲུབ་ཀྱི་གཏེར། སེམས་ཅན་ཐམས་ཅད་ཀྱི་ཕ་དང་མ་ལྟ་བུ། བསམ་པ་རྫོགས་པར་བྱེད་པ། དབུགས་འབྱིན་པ། གྲོལ་བར་བྱེད་པ། ནད་དང་སྡུག་བསྔལ་སྡིག་སྒྲིབ་ཉོན་མོངས་ཐམས་ཅད་ཟད་པར་བྱེད་པ། རིགས་སྔགས་འཆང་རྣམས་ཀྱི་བཀྲ་ཤིས་པ་དང་ཡིད་ཀྱི་ཤིང་རྟ་འགེངས་པ། སངས་རྒྱས་ཐམས་ཅད་བསྐུལ་བར་བྱེད་པ། བྱང་སེམས་ཐམས་ཅད་དབུགས་འབྱིན་ཅིང་། རིག་སྔགས་ཀྱི་ལྷ་ཐམས་ཅད་སྤྱན་འདྲེན་པ། ཐམས་ཅད་འགུག་པ། འབྱུང་པོ་ལོག་འདྲེན་ཐམས་ཅད་བཟློག་པར་བྱེད་པ། སེམས་ཅན་ཐམས་ཅད་ལ་དངོས་གྲུབ་མཆོག་སྦྱིན་པར་བྱེད་པ། སྐྱབས་མེད་པའི་སྐྱབས། བསྙེན་གནས་ཚངས་སྤྱོད་གཙང་སྦྲ་བརྟུལ་ཞུགས་མ་བྱས་པ་རྣམས་ཀྱི་བསྙེན་གནས་དང་ཚངས་སྤྱོད་སོགས་སུ་གྱུར་པ། དབང་པོ་ཉམས་པ་རྣམས་ལ་དབང་པོ། ཕྱིན་དྲུག་ལས་ཉམས་པ་རྣམས་ལ་ཕར་ཕྱིན་གྱི་ཡོན་ཏན་སྟེར་བ། འཆི་དང་མུ་གེ་ལམ་ཉམས་སོགས་ཀྱི་འཇིགས་རྒུད་ཐམས་ཅད་སེལ་བ། སྔགས་ཕྱག་རྒྱ་རིག་པ་ལ་མི་མཁས་པ་ལ་སྔགས་སོགས་སྦྱིན་པ། མཚམས་མེད་དམ་ཉམས་རྣམས་དག་པར་བྱེད་པ། བཀྲེས་སྐོམ་གཅེར་བུ་ནད་ཅན་རྨི་ངན་སོགས་ཀྱི་ཉེས་པ་སེལ་ཞིང་། མཆོག་གསུམ་ལ་རྒྱབ་ཀྱིས་ཕྱོགས་པ་ཡང་དག་པར་གཞུག་པ། མ་གྲུབ་པ་རྣམས་ལ་གྲུབ་པ་སྩོལ་བ། འཇིགས་པ་ཐམས་ཅད་ལས་དབུགས་དབྱུང་ཞིང་། རྒུད་པ་ཐམས་ཅད་ལས་སློང་བ། ལོག་པའི་མུན་པར་ལྟུང་བའི་སྒྲོན་མ། ཉོན་མོངས་པའི་སེམས་ཐམས་ཅད་ཞི་བར་བྱེད་པ། གཞན་དབང་སོགས་ཉེས་པའི་ཕྱོགས་ཐམས་ཅད་ལས་སྐྱོབ་པ། དབང་པོ་ཡན་ལག་སོགས་རང་གི་ཡོན་ཏན་ཐམས་ཅད་རྫོགས་ཤིང་། ལྷ་དང་བྱང་ཆུབ་སེམས་དཔས་ཡོངས་སུ་འཛིན་པ་སོགས་ཕན་ཡོན་རྒྱ་ཆེར་གསུངས་སོ། །དེའི་ལས་ཆར་དབབ། འཐབ་པ་སོགས་ཀྱི་འཇིགས་པ་ཞི་བ། མཁའ་ལ་འགྲོ་བ་མིག་འཕྲུལ་ལ་སོགས་པའི་ལས་རྒྱས་པར་བསྟན་པར་མཛད་དོ། །གང་ཞིག་བཟླས་པ་ཙམ་གྱིས་ཏིང་ངེ་འཛིན་གྱི་སྒོ་མང་པོ་དང་། གཟུངས་སོགས་ཡོན་ཏན་རྒྱ་མཚོ་ཐོབ་ལ། འདི་ནི་བརྗོད་པ་ཙམ་གྱིས་མོད་ལ་སྤྱན་རས་གཟིགས་དགྱེས་པའི་སྐུས་མངོན་སུམ་ཕྱག་སྤྱི་བོར་འཇོག་པར་མཛད་དོ། །གཟུངས་འདི་ནི་སྤྱན་རས་གཟིགས་ཀྱི་རང་བཞིན་གྱི་ལུས་ཡོངས་སུ་དག་པ་གཟུང་བའི་གཟུངས་ཀྱི་སྙིང་པོ་ཡིན་པ་དང་། དོན་ཡོད་པའི་རང་བཞིན་གྱི་སྙིང་པོ། སྒྱུ་མ་ལྟ་བུའི་ཏིང་འཛིན་གཟུངས་ཀྱི་རྣམ་པར་འཕྲུལ་པ་སྟེ། འདི་མཐོང་བས་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྐུ་དང་། དེའི་གཟུགས་སྣ་ཚོགས་དང་། སྤྲུལ་པའི་སྤྲིན་དང་། མགྲིན་སྔོན་དང་། རྟ་མགྲིན་སྲེད་མེད་བུ་དང་འཇིག་རྟེན་གསུམ་དང་། པདྨོ་ཡངས་པའི་དཀྱིལ་འཁོར་རྣམས་མངོན་སུམ་མཐོང་བ་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་སྤྲིན་གྱི་རྣམ་པར་འཕྲུལ་པ་འདི་ནི་རྡོ་རྗེའི་སྙིང་པོ་ཆེན་པོ་སྟེ། བརྗོད་པ་ཙམ་གྱིས་དུས་གསུམ་སངས་རྒྱས་ཀྱི་ཐུགས་ཀྱི་སྲས་གཅིག་པུར་འགྱུར་ཞིང་ལུང་སྟོན་ལ། བྱང་སེམས་དང་ལྷ་རྣམས་མཐོང་ཞིང་དབུགས་འབྱིན་པར་འགྱུར་རོ། །འདོད་པའི་དངོས་པོ་ཐམས་ཅད་ཡིད་བཞིན་འགུག་པས་ན་དོན་ཡོད་པའི་ཞགས་པ་སྟེ། འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་དགའ་ཞིང་དབང་དུ་བྱེད་པ། ཚེ་དང་དཔལ་དང་བསོད་ནམས་དང་ནོར་དང་འབྲུ་སོགས་དགོས་པ་ཐམས་ཅད་འཕེལ་བར་བྱེད་པ། ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པར་བྱེད་པ། འཆི་བའི་ཚེ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་གཉིས་མངོན་སུམ་མཐོང་སྟེ། རིགས་ཀྱི་བུ་བདེ་བ་ཅན་དུ་ཚུར་ཤོག་ཅེས་པའི་དབུགས་དབྱུང་ཞིང་། ཞིང་དེར་པདྨ་ལས་བརྫུས་ཏེ་སྐྱེས་ནས། དེ་བཞིན་གཤེགས་པ་ཐསམ་ཅད་ལས་ཕྱིར་མི་ལྡོག་པར་བླ་མེད་བྱང་ཆུབ་དུ་ལུང་བསྟན་པ་འཐོབ་པར་འགྱུར་རོ། །གཟུངས་འདི་སྔ་དྲོ་གཅིག་བཟླས་པ་ཙམ་གྱིས་མཚམས་མེད་ལྔའི་སྡིག་པ་དང་། མནར་མེད་དུ་སྐྱེ་བའི་བར་གྱི་སྡིག་པ་ཐམས་ཅད་དང་། རི་རབ་ལྷུན་པོ་བདུན་གྱི་ཚད་ཙམ་པ་བ་སྤུའི་ཁུང་བུ་རེ་རེར་བསགས་པ་དང་། བསྐལ་པ་སྟོང་དུ་བསགས་པའི་སྡིག་སྒྲིབ་ཐམས་ཅད་ལྷག་མ་མ་ལུས་པར་ཟད་དེ། དམྱལ་ཁམས་བཅུ་དྲུག་ཏུ་སྐྱེ་བ་ལས་གྲོལ་ལོ། །སྨྱུང་བར་གནས་པ་གཅིག་གི་བཟླས་པས་དུས་གསུམ་སངས་རྒྱས་ཀྱི་ཞིང་དུ་ཀུན་ཏུ་བཟང་པོ་ཆེན་པོ་ཉིད་འཐོབ་ཅིང་། སྤྱན་རས་གཟིགས་དང་དུས་གསུམ་གྱི་སངས་རྒྱས་དང་པདྨོ་ཡངས་པ་སོགས་ཀྱི་ལྷ་དང་རིག་པའི་རྒྱལ་པོ་ལ་སོགས་པ་ཐམས་ཅད་རྗེས་སུ་འབྲང་ཞིང་དངོས་གྲུབ་རྩོལ་ཏོ། །བརྒྱ་སྟོང་བཟླས་པ་ཙམ་གྱིས་ལྕེ་རྡོ་རྗེ་ལྟར་བརྟན་པར་འགྱུར་ཏེ། རྡོ་རྗེ་སྙིང་པོ་དང་མཚུངས་པ་པདྨའི་འདབ་མ་ལྟ་བུའི་ཁ་དོག་དང་ལྡན་པ། དེའི་ལུས་ཡོངས་སུ་དག་པ། རྡོ་རྗེ་ལྟ་བུ་སུས་ཀྱང་མི་ཚུགས་པ། གཞོན་ཅིང་དབང་པོ་ཐམས་ཅད་རྫོགས་ལ། དྲི་ང་བ་མེད་པ་ཤིན་ཏུ་དྲི་བཟང་ཞིང་མཆོག་ཏུ་ཡིད་དུ་འོང་བ། དབྱངས་སྙན་ཞིང་ཐམས་ཅད་ཀྱིས་ལྟ་ཞིང་མཆོད་པའི་གནས་སུ་འགྱུར་ལ། ཚེ་བརྗེས་པའི་འོག་ཏུ་འོད་དཔག་མེད་ཀྱི་སྤྱན་སྔར་ཡོངས་སུ་དག་པའི་ལུས་དང་ཡོན་ཏན་ཐམས་ཅད་དང་ལྡན་པའི་རྒྱལ་བའི་སྲས་སུ་གྱུར་ནས་བྱང་ཆུབ་ཆེན་པོར་ལུང་བསྟན་པ་འཐོབ་བོ། །འདི་བཟླས་པ་ཙམ་གྱི་བསོད་ནམས་ཀྱི་ཕུང་པོ་དཔེར་བྱ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནོར་བུ་རིན་པོ་ཆེ་སྣ་བདུན་གྱིས་བཀང་ལ། གསེར་དང་དངུལ་གྱི་མེ་ཏོག་གིས་གཏམས་ཏེ་ཉི་མ་རེ་རེ་བཞིན་ཡང་དུས་གསུམ་དུ། དེ་བཞིན་གཤེགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བ་ལ་ཕུལ་བ་དེས། འདི་བཟླས་པ་ཙམ་གྱི་བསོད་ནམས་ཀྱི་ཕུང་པོའི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །འདི་བཟླས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པའི་སྤྲིན་མཐའ་ཀླས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཁྱབ་ཅིང་ནམ་ཡང་མི་ཟད་པར་འགྱུར་བས་ན་དེ་ལྟ་བུའི་དགེ་རྩ་ཆེན་པོ་དང་ལྡན་ནོ། །གཟུངས་འདི་པོ་ཏི་ལས་ཡི་གེར་བྲིས་པ་ལ་ལྟ་བའམ། རྩིག་པའམ། གྱང་ལ་བྲིས་པ་ལྟ་བར་བྱེད་ན། དེས་མཚམས་མེད་པ་སོགས་མནར་མེད་དུ་གཞོལ་བའི་ལས་ཐམས་ཅད་ཀྱང་ལྷག་མེད་དུ་བྱང་ནས་བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་ཞིང་། ཕྱིས་ནམ་ཡང་མངལ་དུ་མི་སྐྱེ་སྟེ། བྱང་ཆུབ་མཐར་ཐུག་གི་བར་དུ་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བ་དེར་པདྨ་ལས་བརྫུས་ཏེ་སྐྱེ་ཞིང་ཚེ་རབས་དྲན་པར་འགྱུར་རོ། །གཟུངས་འདི་བྲིས་པའི་ཕན་ཡོན་ནི་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པར་ཆུ་ཞེང་མཉམ་པའི་རྒྱ་མཚོའི་ཐིགས་པ་དང་། རི་རབ་ལྷུན་པོའི་རྡུལ་ཕྲན་བགྲང་ནུས་ཀྱི། གཟུངས་འདི་དང་འདིའི་ཆོ་ག་སོགས་བྲིས་པའི་ཕན་ཡོན་བགྲང་མི་ནུས་སོ་ཞེས་གསུངས་སོ། །ཏདྱ་ཐཱ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། འདི་ནི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྙིང་པོ་སྟེ། ཤེར་ཕྱིན་ཡི་གེ་ཉུང་དུ་ཞེས་པ་ལས། སངས་རྒྱས་ཐམས་ཅད་འདི་ལས་བྱུང་ཞིང་། གཟུངས་འདི་རྙེད་པའི་མཐུས་ཤཱཀྱ་ཐུབ་པ་སངས་རྒྱས་ཤིང་སྤྱན་རས་གཟིགས་བྱང་ཆུབ་སེམས་དཔའི་མཆོག་ཏུ་གྱུར། འདི་ཐོས་པ་ཙམ་གྱིས་བསོད་ནམས་རྒྱ་ཆེན་པོ་ཚེགས་མེད་པར་འཐོབ་ཅིང་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བ་དང་། སྔགས་སྒྲུབ་པ་ན་བགེགས་མ་མཆིས་པར་གྲུབ་པར་འགྱུར་རོ། །ཞེས་དང་། གཞན་ན་ལན་གཅིག་བཟླས་པས་བསྐལ་པ་བྱེ་བ་བརྒྱ་ཕྲག་བརྒྱད་ཁྲིའི་བར་དུ་བྱས་པའི་སྡིག་པ་ཐམས་ཅད་བྱང་བར་གསུངས་སོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་གཟུངས་ནི། ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀ་སཾ་བུད་དྷཱ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུད་དྷེ་བི་ཤུད་དྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུད་དྷེ་སྭཱ་ཧཱ། ངན་སོང་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་རྟོག་པ་ལས་གསུངས་པ་གཟུངས་འདི་ནི་དྲན་པ་ཙམ་གྱིས་བསོད་ནམས་ཆུང་ངུའི་སེམས་ཅན་རྣམས་ཀྱང་ངན་སོང་གི་རྒྱུ་ཐམས་ཅད་ལས་བདེ་བླག་ཏུ་གྲོལ་བར་བྱེད་པ་སྟེ། འདི་མིང་ཙམ་ཉན་ནམ་བཅང་བའམ། བཀླག་པའམ་བྲིས་ཏེ་ལུས་ལ་བཏགས་ན་ཚེ་འདིར་དུས་མིན་འཆི་བ་བརྒྱད་དང་། དེ་དང་འབྲེལ་བའི་རྨི་ལམ་གྱི་རྣམ་པ་དང་། ངན་སོང་དང་འབྲེལ་བའི་མཚན་མ་ཐམས་ཅད་རྨི་ལམ་དུ་ཡང་མི་འབྱུང་ན། འདིའི་དཀྱིལ་འཁོར་དུ་ཞུགས་ནས་སྔགས་བཟླས་བསྒོམ་བྱེད་པ་ལྟ་ཅི་སྨོས། དེ་དག་ལ་སྡིག་པ་གང་ཡང་མི་ཉེ་ཞིང་ངན་སོང་དུ་འགྲོ་བར་མི་འགྱུར། སེམས་ཅན་སུ་ཡང་རུང་བ་ཤི་བའི་ལུས་དཀྱིལ་འཁོར་དུ་བཅུག་སྟེ། དབང་བསྐུར་ན་ངན་འགྲོ་ལས་ཐར་ཏེ་ལྷའི་རིགས་སུ་སྐྱེ་ཞིང་ཕྱིར་མི་ལྡོག་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་བདེ་ཐམས་ཅད་མྱོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེའི་མཚན་དང་གཟུངས་འདི། དགེ་བཅུ་དང་ལྡན་ལ་སེམས་ཅན་བསམ་པ་ངེས་པ། ཕྱིར་མི་ལྡོག་པའི་ཡོན་ཏན་མང་པོ་འདོད་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྟེན་པ་རྣམས་མ་གཏོགས་གཞན་པའི་རྣ་ལམ་དུ་མི་འགྲོ་སྟེ། གང་ཐོས་པ་རྣམས་གདོན་མི་ཟ་བར་སངས་རྒྱས་ཉིད་དུ་འགྲུབ་པའི་སྣོད་དུ་གྱུར་པར་གསུངས་སོ། །སྔགས་ཀྱི་མགོན་པོ་དེ་བཞིན་གཤེགས་པའི་མཚན་ནས་བརྗོད་དེ་ཕྱག་འཚལ་བ་དང་བཅས་པ་རྩ་བའི་རིག་པ་ཡིན་ལ། ༀ་ཤོ་དྷ་ནི་མན་ཆད་སྙིང་པོ་ཡིན་པས་གང་ལྟར་བཟླས་ཀྱང་རུང་ལ། འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་སྒྲིབ་སྦྱོང་བའི་རིགས་སྔགས་ཁྱད་པར་ཅན་ནོ། །གཞན་ཡང་འདི་བཟུང་བས་བསྐལ་པ་འབུམ་ཕྲག་བཅུ་བཞིར་ཚེ་རབས་དྲན་པ་དང་། ལས་སྒྲིབ་ཐམས་ཅད་བྱང་ནས་ཕྱིར་མི་ལྡོག་པ་ཐོབ་པ་དང་། བྱང་ཆུབ་སྙིང་པོའི་བར་དུ་བསོད་ནམས་མི་ཟད་པར་འགྱུར་རོ། །ན་མོ་རཏ་ཎ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན ། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭ་ནཉྩ་སྭཱ་ཧཱ། འདི་ནི་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བའི་གཟུངས་ཞེས་བྱ་བ་རྡོ་རྗེའི་རིགས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་རིག་སྔགས་ཏེ། སྦྱོང་རྒྱུད་ལས་ཀྱང་གསུངས་ལ། གཞན་དུ་གཟུངས་རང་གི་ཕན་ཡོན་ནི་ལན་གཅིག་བཟླས་ན་ལྟས་ངན་རྨི་ལམ་ངན་པ་རྣམས་མེད་པར་འགྱུར། རྟག་ཏུ་བཟླས་ན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཇི་སྙེད་པ་ཐམས་ཅད་རྣམ་པར་དག་པར་འགྱུར། དུས་གསུམ་དུ་བཟླས་ན་མཚམས་མེད་ལྔ་ཡང་བྱང་བར་འགྱུར། འདི་བྲིས་ཏེ་ལུས་ལ་བཅངས་ན་དུས་མིན་འཆི་བ་རྣམས་གཏན་དུ་མི་འབྱུང་། བྱ་དང་རི་དྭགས་མི་མ་ཡིན་ཀྱང་རུང་སྟེ། སེམས་ཅན་གང་འཆི་བའི་རྣ་ལམ་དུ་བརྗོད་ན་དེ་ངན་སོང་དུ་མི་འགྲོ། ཤི་བའི་རྗེས་སུ་དེའི་མིང་ནས་སྨོས་ཏེ་བྱམས་སྙིང་རྗེས་ལན་བརྒྱ་འམ་སྟོང་ངམ་འབུམ་དུ་བརྗོད་ན་དམྱལ་བར་སྐྱེས་སུ་ཟིན་ཀྱང་དེའི་མོད་ལ་ཐར་བར་འགྱུར། སའམ་ཏིལ་ལམ་ཡུངས་ཀར་རམ་ཆུ་གང་རུང་གཅིག་ལ་བཟླས་ཏེ་ཤི་བའི་ལུས་ལ་གཏོར་རམ་ཁྲུས་བྱས་ནས་དེ་རྗེས་བསྲེགས་པའམ། མཆོད་རྟེན་ནང་དུ་བཅུག་ཏེ་རིག་སྔགས་འདི་བྲིས་ཏེ་མགོར་བཏགས་ན་དེ་ངན་སོང་དུ་སྐྱེས་ཟིན་ཀྱང་ཞག་བདུན་གྱིས་གདོན་མི་ཟ་བར་ཐར་ཏེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ནམ། ཡང་ན་རང་གང་སྨོན་པར་སྐྱེའོ། །ཟླ་བ་ཉ་བའི་ཚེ་ཁྲུས་བྱས་ཏེ་གོས་གཙང་མ་བརྗེ་ཞིང་ཟས་མི་ཟ་བའམ། ཡང་ན་ཟས་དཀར་བག་བཟའ་ཞིང་། སྐུ་གདུང་དང་ལྡན་པའི་མཆོད་རྟེན་ལ་བསྐོར་བཞིན། གང་གི་མིང་དང་ལྡན་པས་འབུམ་ཕྲག་གཅིག་བཟླས་ན་དེ་ངན་སོང་དུ་སྐྱེས་ཟིན་ཀྱང་ཐར་ཏེ་གནས་གཙང་མའི་ལྷའི་རིགས་སུ་སྐྱེས་ནས་སྒྲུབ་པ་པོའི་ཐད་དུ་འོངས་ཏེ་ལུས་སྟོན་ལ་མཆོད་ཅིང་བསྐོར་བ་བྱས་ཏེ་ལེགས་སོ་བྱིན་ནས་མི་སྣང་བར་འགྱུར་རོ། །ཡང་ན་དེའི་མིང་བྲིས་ལ་གཟུངས་སྔགས་བཟླས་བརྗོད་བྱེད་ཅིང་མཆོད་རྟེན་འབུམ་བྱས་ལ། གདུགས་རྒྱལ་མཚན་བ་དན་ལ་སོགས་པས་མཆོད་ནས་རྒྱ་མཚོའམ་ཆུ་ཀླུང་དུ་བཏང་ན་དེས་དམྱལ་སོགས་ལས་ཐར། ཡང་ན་དེ་ལྟར་མཆོད་དེ། མཇུག་ཏུ་ལམ་བཞི་མདོར་མཆོད་རྟེན་ཆེན་པོ་བྱས་ཏེ་གདུགས་སོགས་ཀྱིས་མཆོད་ལ་དགེ་འདུན་ལ་ཡང་མཆོད་སྟོན་གསོལ་ནས། ཡོན་གྱི་ལེགས་པར་མཆོད་ལ་འདི་ཆེ་གེ་མོ་དེའི་དགེ་བའི་རྩ་བར་གྱུར་ཅིག །འདི་ཁོ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག་ཅེས་ཀྱང་བྱས་ན་དེ་ཁོ་ན་ལྟར་སྐྱེས་ནས་ལུས་སྟོན་པ་སོགས་སྔར་བཞིན་ནོ། །མཚམས་མེད་ལྔ་བྱེད་པ་དང་། དམ་པའི་ཆོས་སྤོང་བ། འཕགས་པ་ལ་སྐུར་པ་བཏབ་པ་ཡིན་ཡང་རུང་སྟེ། འཆི་ཁར་རྩིག་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ན་དེའི་ལས་སྒྲིབ་ཐམས་ཅད་ཟད་པར་འགྱུར་ན་བཟླས་བརྗོད་བྱེད་པ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་ཉིད་བྱོན་ནས་རིགས་ཀྱི་བུ་ཚུར་ངའི་གམ་དུ་ཤོག་ཅེས་ཀྱང་གསུང་བར་འགྱུར་རོ། །ཞེས་གསུངས། གཟུངས་ཀྱི་མེ་ཞེས་པའི་རྗེས་སུ་སརྦ་སཏྭ་ན་མ་ཞེས་པ་སེམས་ཅན་ཐམས་ཅད་ཀྱི་མིང་སྦྱར་བ་ཡིན་ལ། གང་ལ་ཆེད་དུ་བྱེད་ན་དེར་དེའི་མིང་གཞུག་པ་ཤེས་པར་བྱའོ། །ཡོན་ཏན་བསྔགས་པ་དཔག་ཏུ་མེད་པའི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ༀ་ཨ་མི་ཏེ། ཨ་མི་ཏཱ། ཨ་མི་ཏོད་བྷ་བེ། ཨ་མི་ཏ། སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་བི་ཀྲཱ ནྟ་ག་མི་ནི། ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། འདི་ནི་པདྨའི་རིགས་མཆོག་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་གཟུངས་ཏེ། སྣང་མཐའ་རྗེས་སུ་དྲན་པས་བཟླས་པར་བྱ་ལ། ༀ་མན་ཆད་བཟླས་ཀྱང་རུང་སྟེ་སྙིང་པོའོ། །ན་མོ་རཏྣ་སོགས་སྔགས་ཀྱི་མགོན་པོ་སྦྱར་ཏེ་བཟླས་ཀྱང་མཆོག་ཏུ་འགྱུར་རོ། །འདི་ལན་གཅིག་བརྗོད་པས་བསྐལ་པ་འབུམ་དུ་བསགས་པའི་ལས་སྒྲིབ་བྱང་། ཉིན་རེ་བཞིན་དུས་གསུམ་དུ་བཟླས་བརྗོད་བྱས་ན། སྡིག་པ་ཐམས་ཅད་ལྷག་མེད་དུ་བྱང་། སངས་རྒྱས་སྟོང་ལས་བསྐྱེད་པའི་དགེ་བའི་རྩ་བ་འཐོབ། ལན་ཉེར་གཅིག་བརྗོད་ན་རྩ་བའི་ལྟུང་བ་བཞི་པོ་བྱང་། འབུམ་བཟླས་ན་འཕགས་པ་བྱམས་པ་མཐོང་། ཉིས་འབུམ་གྱིས་སྤྱན་རས་གཟིགས་མཐོང་། སུམ་འབུམ་བཟླས་ན་དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་བར་འགྱུར་ལ། ཕན་ཡོན་གཞན་དཔག་ཏུ་མེད་ཀྱང་མདོར་བསྡུས་པའོ། །ཞེས་གསུངས་སོ། །ཡང་སྒྲིབ་པ་མ་ལུས་པ་འཇོམས་པའི་གཟུངས་ནི། ༀ་རཏྣེ་རཏྣེ། མ་ཧཱ་རཏྣེ། རཏྣ་སཾ་བྷ་བེ། རཏྣ་ཀི་རཏྣེ། རཏྣ་མཱ་ལཱ། བི་ཤུད་དྷེ་ཤོདྷ་ཡ་སརྦ་པཱ་པཾ་ཧཱུྃ་ཏྲཊ། འདིས་བདུད་ཀྱི་གནས་ཐམས་ཅད་བཅོམ་ཞིང་རིན་ཆེན་རིགས་ཀྱི་སྙིང་པོ་ལས་སྒྲིབ་འཇོམས་པ་ཕན་ཡོན་ཟུར་དུ་བཤད་པ་མ་མཐོང་ཡང་གོང་མ་རྣམས་དང་ཁྱད་པར་མེད་པར་རིག་པར་བྱའོ། །ཡང་གཞོམ་པར་དཀའ་བའི་སྒྲིབ་པ་ཐམས་ཅད་གདོན་མི་ཟ་བར་རྣམ་པར་འཇོམས་པའི་གཟུངས་ནི། ༀ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ། སརྦ་ཨཱ་བ་ར་ཎ། བི་ནཱ་ཤ་ནི་ཞེས་ཀྱང་འདུག །མཆན། བི་ཤོདྷ་ནི། ཧ་ར་ཧ་ར་ཧཱུྃ་ཕཊ། འདི་ནི་ལས་ཀྱི་རིགས་དོན་ཡོད་པའི་སྙིང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་སྔགས་ཕན་ཡོན་གོང་བཞིན་ནོ། །གཟུངས་འདི་ལྔ་ངན་སོང་སྦྱོང་བའི་རྒྱུད་ལས་གསུངས་ལ་གོང་མ་གསུམ་ཟུར་དུའང་གཟུངས་ཚན་དུ་བྱུང་ངོ་། །ༀ་བཛྲ་དྷཱ་ཏཱི་ཤྭ་རཱི་སྭཱ་ཧཱ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་སྙིང་པོ་སྡིག་པ་ཐམས་ཅད་བྱང་ཞིང་མཆོག་སྦྱིན་པའོ། །ༀ་ལོ་ཙ་ནེ་བ་སུ་དེ་སྭཱ་ཧཱ། སངས་རྒྱས་སྤྱན་མའི་སྙིང་པོ་སྡིག་པ་ཞི་ཞིང་ཚེ་ནོར་སོགས་རྒྱས་པར་བྱེད་པའོ། །ༀ་པཱ་ཎ་ཌ་རི་བཱ་སི་ནི་བར་དེ་སྭཱ་ཧཱ། གོས་དཀར་མོའི་སྙིང་པོ་འདི་ལན་གཅིག་བརྗོད་པས་སྡིག་པའི་ཚོགས་སྲེག་པར་བྱེད་ཅིང་བཟླས་པ་ཙམ་གྱིས་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་སྐལ་པ་དང་ལྡན་པར་འགྱུར་རོ་ཞེས་འཇིག་རྟེན་དབང་ཕྱུག་གི་རྟོག་པ་ལས་གསུངས་ཤིང་དབང་དུ་བྱེད་པ་སོགས་ཀྱི་མཆོག་གོ། །ༀ་མཱ་མ་ཀཱི་ཀི་རི་ཀི་རི་སྭཱ་ཧཱ། མཱ་མ་ཀཱི་ཡི་སྙིང་པོ་སྡིག་པ་ཐམས་ཅད་འཇོམས་ཤིང་བགེགས་སྲུང་བ་དང་སྟོབས་སྦྱིན་པའི་མཆོག་གོ། །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྒྲོལ་མའི་སྙིང་པོ་ཡི་གེ་བཅུ་པ་སྡིག་པ་དང་རྒུད་པ་ཐམས་ཅད་ལས་སྒྲོལ་བ་འཇིག་རྟེན་གསུམ་དགུག་ཅིང་བྲན་དུ་བྱེད་པ་ལས་སྣ་ཚོགས་འགྲུབ་པའོ། །རྒྱུད་སྣ་ཚོགས་ལས་གསུངས་པའི་རིགས་ཀྱི་ཡུམ་ལྔའི་གཟུངས་འདི་དག་རིག་སྔགས་ཐམས་ཅད་ཀྱི་རྒྱལ་མོའི་སྙིང་པོ་སྟེ་ཕན་ཡོན་ཚད་མེད་པ་དང་དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད་པའོ། །ཏདྱ་ཐཱ། ༀ་ཧྲཱིཿཤུ་ཏི་སྨྲྀ་ཏི་བི་ཛ་ཡེ་སྭཱ་ཧཱ། པྲཛྙཱ་པཱ་ར་མི་ཏཱ་ཡེ་སརྦ་དུརྒ་ཏི་ཤོ་དྷ་ཡ་རཱ་ཛཱ་ཡ་སྭཱ་ཧཱ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྔགས་ཏེ་རྒྱུད་དུ་མར་ༀ་ཧྲཱིཿསོགས་ཤེས་རབ་ཕ་རོལ་ཕྱིན་མའི་སྔགས་སུ་གསུངས། དེ་རྗེས་པྲཛྙཱ་སོགས་ངན་སོང་སྦྱོང་བའི་ཤམ་དང་བཅས་པ་འདི་འཕགས་པ་བརྒྱད་སྟོང་པ་བཟུང་བར་འགྱུར་བའི་གཟུངས་སུ་གསུངས། འདི་ལྟས་ངན་པ་སྣ་ཚོགས་ཀྱང་བཟློག་ལ། ལས་ཀྱི་སྒྲིབ་པ་དང་། ངན་སོང་ཐམས་ཅད་རྣམ་པར་སྦྱོང་བར་འགྱུར་རོ། །ཞེས་གསུངས་ཤིང་གཞན་དུ་དྲན་པ་དང་ཤེས་རབ་འཕེལ་བའི་སྔགས་ཁྱད་པར་ཅན་ཡང་ཡིན་ནོ། །ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་གསང་བའི་ཆོ་ག་ཞིབ་མོ་ལས་གསུང་པ། ༀ་མ་ཎི་བཛྲ་ཧྲི་ད་ཡ་བཛྲ་མཱ་ར་སིནྱ་བི་དྲ་པ་ཎི། ཧ་ན་ཧ་ན་བཛྲ་གརྦྷེ། ཏྲཱ་ས་ཡ་ཏྲཱ་ས་ཡ། སརྦ་མཱ་ར་བྷུ་བ་ནཱ་ནི་ཧཱུྃ་ཧཱུྃ། སཾ་ངྷ་ར་སཾ་དྷ་ར་བུདྡྷ་མཻ་ཏྲི་སརྦ་ཏ་ཐཱ་ག་ཏ། བཛྲ་ཀལྤ་ཨ་དྷིཥྛི་ཏེ་སྭཱ་ཧཱ། འདི་ནི་རྡོ་རྗེ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་ཞེས་བྱ་བའི་གཟུངས་ཏེ་སྟོན་པ་སངས་རྒྱས་པའི་ཚེ་གཟུངས་འདིས་སྟོང་གསུམ་རྡོ་རྗེའི་རང་བཞིན་དུ་བསྒྱུར་ནས་མཚོན་ཆའི་ཆར་རྣམས་མེ་ཏོག་ཏུ་གྱུར་ཏེ་བདུད་ཀྱི་འཁོར་བཅོམ་པར་མཛད། སངས་རྒྱས་ཀྱི་ཞལ་ནས། དཀའ་བ་བརྒྱ་ཕྲག་བྱས་ཀྱང་གཟུངས་འདི་མ་ཐོབ་པར་བྱང་ཆུབ་པ་དང་། བདུད་ཕམ་པ་སོགས་བྱ་མི་ནུས་པར་གསུངས་ཤིང་། འདིས་སངས་རྒྱས་ཀྱི་སྐུ་སྒྲུབ་པར་བྱེད་ལ། གཟུངས་འདིའི་མིང་བཟུང་བ་ཙམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་མཚན་བཟུང་བ་དང་། འདི་བརྗོད་པ་ཙམ་གྱིས་སངས་རྒྱས་ཐམས་ཅད་ལ་མཆོད་ཅིང་བསྙེན་བཀུར་དང་ཕྱག་བྱས་པར་འགྱུར་རོ། །གཟུངས་འདི་ཉན་འཆང་ཀློག་སོགས་དང་། རྩིག་པ་ལ་བྲིས་པ་མཐོང་བས། མཚམས་མེད་པ་ལྔ་དང་། མནར་མེད་དུ་སྐྱེ་བ་དམ་པའི་ཆོས་སྤངས་པ། འཕགས་པ་ལ་སྐུར་པ་བཏབ་པ་དང་། ཤན་པ་གདོལ་པ་སོགས་ལས་ངན་ལ་ཞུགས་པ་དང་། འོན་ལོང་ཞར་སྒུར་སོགས་སྔོན་ལས་ཀྱི་སྒྲིབ་པ་ཅན་དང་། བདུད་ཀྱི་ཞགས་པས་ཟིན་པ། ལྟ་བ་ངན་པས་བསླུས་པ། ལོག་འདྲེན་གྱིས་བརླམ་པ་རྣམས་ཀྱི་སྐྱོན་དེ་དག་ཞི་ནས། ཐམས་ཅད་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །དུད་འགྲོའི་རིགས་རྣམས་ཀྱིས་མཐོང་ངམ་ཐོས་ཀྱང་དེ་བཞིན་དུ་འགྱུར་རོ། །སྙིགས་མའི་དུས་སུ་ཕ་དང་མར་མི་འཛིན་པ། འཕགས་པ་དང་དམ་ཆོས་ལ་སྐུར་པ་སོགས་མི་དགེ་བ་སྣ་ཚོགས་བྱེད་པ་དེ་དག་གིས་ཀྱང་། གཟུངས་འདི་ཉན་པ་དང་བཀླག་པ་དང་བྲིས་ན་གང་ཟག་དེར་མ་ཟད་དེ་མཐོང་ཐོས་དང་དེའི་གྲིབ་མས་ཕོག་པ་ཐམས་ཅད་སྡིག་པ་མ་ལུས་པར་བྱང་ནས་ཚེ་འདིར་ཡོན་ཏན་བརྒྱ་སྟོང་འཐོབ་པ་དང་། གཟུངས་འདིས་སྡིག་པ་ཐམས་ཅད་དང་བྲལ། དགེ་རྩ་ཐམས་ཅད་དང་ལྡན། བདུད་ཐམས་ཅད་མཐར་བྱེད། འཇིག་རྟེན་པ་ཐམས་ཅད་དགའ། དུག་དང་མཚོན་སོགས་གནོད་པ་ཐམས་ཅད་ཀྱིས་མི་ཚུགས། འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་མི་མྱོང་། ལུས་གཞོན་ཤིང་མཛེས་ལ་ངག་སྙན། ནད་ཐམས་ཅད་མི་འབྱུང་། ཞར་ལོང་འོན་སོགས་དབང་པོ་ཉམས་པར་མི་འགྱུར། འཆི་བའི་ཚེ་སྤོབས་པ་མི་ཟད་ལ། སེམས་མི་འཁྲུགས་ཤིང་སངས་རྒྱས་ཐམས་ཅད་མཐོང་ནས་དབུགས་འབྱིན། འདི་འཛིན་པ་ལ་བྱད་སོགས་ཀྱིས་མི་ཚུགས། རྨི་ལམ་དུ་སངས་རྒྱས་བྱང་སེམས་མཐོང་། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཕར་ཕྱིན་དང་རྫུ་འཕྲུལ་སོགས་ཆོས་ཐམས་ཅད་ཀྱི་གསང་བ་ཡིན་ནོ། །ཞེས་གསུངས་སོ། །ཡང་ཆོ་ག་དེ་ལས་གསུངས་པ། ༀ་བི་པུ་ལ་གརྦྷེ། མ་ཎི་པྲ་བྷེ། ཏ་ཐཱ་ག་ཏ་ནི་རྡེ་ཤ་ནི། མ་ཎི་མ་ཎི་སུ་པྲ་བྷེ། བི་མ་ལེ། སཱ་ག་ར་གམྦྷི་རེ་ཧཱུྃ་ཧཱུྃ། ཛྭཱ་ལ་ཛྭཱ་ལ། བུདྡྷ་བི་ལོ་ཀི་ཏེ། གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ། ནོར་བུ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ། གསང་བ་དམ་པའི་གཟུངས་འདི་ནི། སྡིག་པ་དང་སྡུག་བསྔལ་སེལ་ཞིང་འཚང་རྒྱ་བར་བྱེད་པ་སྟེ། འདིའི་ཕན་ཡོན་ནི་བསྐལ་པ་བརྒྱ་སྟོང་དུ་བརྗོད་པར་མི་ནུས་ལ། བཟླས་པའི་མོད་ལ་ཕྱིར་མི་ལྡོག་པར་འགྱུར་ཞིང་། བདུད་སོགས་ཕྱིར་རྒོལ་བ་ཀུན་གྱིས་གླགས་མི་རྙེད་པ་དང་དགེ་བའི་རྩ་བ་ཚད་མེད་པར་འཕེལ་བར་བྱེད། ལན་གཅིག་དྲན་པ་ཙམ་གྱིས་ཀྱང་ཡོན་ཏན་ཚད་མེད་པ་ཐོབ་པར་གསུངས་ལ། ཐུགས་རྗེ་ཆེན་པོའི་རྒྱུད་གཞན་དུའང་གཟུངས་འདི་བྱུང་ཞིང་། སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་ཞེས་གྲགས་པ་ནི་གཟུངས་སྔ་མའི་མཇུག་ཏུ། ༀ་པདྨ་དྷཱ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ། ཞེས་དོན་ཞགས་ཀྱི་སྙིང་པོ་བཏགས་པ་ཡོད་ལ། དེའི་ཕན་ཡོན་གསུངས་པ། ཉིན་རེ་ཞིང་བརྒྱ་རྩ་བརྒྱད་བཏོན་ན་མི་མཐུན་པའི་ཕྱོགས་བཅུ་གསུམ་འཇིག་སྟེ། གང་ཞེ་ན། མེ་ཆུ་དུག་མཚོན་རླུང་དང་ཐོག་རྡིབ་གཡང་ལྷུང་གཟའ་དང་བྱད་སྟེམས་རིམས་དྲག་པོ་ཕ་རོལ་གྱི་དམག་རྒྱལ་པོའི་ཆད་པ་དུག་སྦྱར་མ་རྣམས་ཀྱིས་མི་ཚུགས་སོ། །གཟུགས་བཟང་དབྱངས་སྙན་ཏིང་ངེ་འཛིན་དང་སེམས་ཅན་གྱི་དོན་བྱེད་པ་དང་། ཕྲིན་ལས་ཐོགས་པ་མེད་པར་འབྱུང་། ལས་ཀྱི་རྣམ་སྨིན་བྱང་། ཚེ་རིང་། འཁོར་མང་ལོངས་སྤྱོད་ཟད་མི་ཤེས། བསྟན་བཅོས་ཐམས་ཅད་ཤེས། སངས་རྒྱས་ཐམས་ཅད་མཆོད། སངས་རྒྱས་ཀུན་གྱི་སྲས་སུ་གྱུར། ཡིད་ལ་རེ་བ་ཐམས་ཅད་རྫོགས་པ་དང་སྐྱེ་བ་འདིའི་འོག་ཏུ་བདེ་བ་ཅན་དུ་སྐྱེས་ནས་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པ་སྟེ་དེ་ལྟར་ཡོན་ཏན་བཅུ་གསུམ་པོ་འཐོབ་བོ། །རིག་སྔགས་འདི་འབུམ་བཟླས་ན་གང་ཟག་དེའི་ལུས་ཀྱི་སྒོ་ནས་ཉོན་མོངས་པ་དང་། བརྡེག་པ་དང་། མི་སྡུག་པ་བསྟན་པ་དང་། ངག་གིས་བསྒོ་བ་དང་མཚང་བྲུས་པ་དང་མི་སྙན་པ་བརྗོད་པ། ཡིད་ཀྱིས་གཞན་ལ་བརྣབ་སེམས་དང་གནོད་སེམས་དང་ལོག་ལྟ་བྱས་པའི་སེམས་ཅན་དེ་དག་ཀྱང་ཐར་པ་ཐོབ་ན། གཞན་ལྟ་ཅི་སྨོས་ཏེ། གང་དེའི་གཟུགས་མཐོང་བ་དང་། ངག་གི་སྒྲ་ཐོས་པ། ལུས་ཀྱི་ཟག་པའམ་དྲི་མས་ཕོག་པ་ཐམས་ཅད་ངན་སོང་ལས་ཐར་བར་འགྱུར་ཞིང་། འཆི་ཀ་མའི་རྣ་ལམ་དུ་ལན་བདུན་བརྗོད་པའམ། ཤི་བའི་རུས་པ་ལ་ལན་ཉེར་གཅིག་བཏབ་ན་དེ་ངན་སོང་ལས་གྲོལ་ལོ། །ཕྱོགས་བཅུའི་དགེ་འདུན་གྱི་དཀོར་ལ་འབག་པ་ལ་སངས་རྒྱས་སྟོང་གིས་བཤགས་པ་མ་གནང་ཡང་གཟུངས་འདི་སྟོང་རྩ་བརྒྱད་བཟླས་པས་འདག་པར་འགྱུར་རོ། །སྟོང་གསུམ་མེ་འོབས་ཀྱིས་གང་བ་ཡང་བརྒལ་ནས་ཆོས་འདི་བཙལ་བར་འོས་སོ། །སྡིག་པས་མི་གོས་པར་བྱེད་པའི་སྔགས་འདིའི་ཕན་ཡོན་བསྐལ་པར་བརྗོད་ཀྱང་ཟད་པར་མི་འགྱུར་རོ། །ཞེས་གསུངས་སོ། །ༀ་བྷྲཱུྃ་སྭཱ་ཧཱ། ༀ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། འདི་ནི་གཙུག་ཏོར་རྣམ་རྒྱལ་མའི་སྙིང་པོ་དང་ཉེ་སྙིང་སྟེ་ངན་སོང་གི་རྒྱུད་ཐམས་ཅད་ལས་གྲོལ་ཞིང་ཚེ་དང་བསོད་ནམས་མཆོག་ཏུ་འཕེལ་བ་སོགས་ཕན་ཡོན་ཚད་མེད་པའོ། །ༀ་ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། གརྦྷེ་ཛྭ་ལ་ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ་སཾ་བྷ་ར་མ་མ་ཨཱ་ཡུཿསཾ་ཤོ་དྷ་ཡ་སཾ་ཤོ་དྷ་ཡ། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ས་མནྟོ་ཥྞཱི་ཥ་བི་མ་ལ་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཧཱུྃ། ཨྃ་བྃ་སྃ་ཛཿསྭཱ་ཧཱ། འདི་ནི་གཙུག་ཏོར་དྲི་མེད་ཀྱི་སྙིང་པོ་སྟེ་མཐོང་ཐོས་ཙམ་གྱིས་ལས་སྒྲིབ་ཐམས་ཅད་འདག །དྲན་པ་ཙམ་གྱིས་ཚེ་ཟད་པ་ལས་ཀྱང་བཟློག་པ་དང་། བསོད་ནམས་ཚད་མེད་པ་སྐྱེད་ཅིང་བསམ་པ་ཡིད་བཞིན་དུ་འགྲུབ་ལ། ཕྱིན་ཆད་འཆི་བའི་སྒོའི་སྡུག་བསྔལ་མི་མྱོང་བ་དང་མངལ་དུ་མི་སྐྱེ་ལ་ཚེ་རབས་དྲན་པ་སོགས་ཕན་ཡོན་ཚད་མེད་པའོ། །ༀ་སརྦ་ཏ་ཐཱ་ག་ཏོཥྞི་ཥ་དྷཱ་ཏུ་མུ་དྲཱ་ཎཱི་སརྦ་ཏ་ཐཱ་ག་ཏ་དྷརྨ་དྷཱ་ཏུ་བི་བྷཱུ་ཥི་ཏ་ཨ་དྷིཥྛི་ཏེ་ཧུ་རུ་ཧུ་རུ་ཧཱུྃ་ཧཱུྃ་སྭཱ་ཧཱ། གསང་བ་རིང་སྲེལ་གྱི་གཟུངས་ཀྱི་སྙིང་པོ་སྟེ། འདི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་མངོན་སུམ་པ་སྲིད་པའི་ལས་དང་སྡུག་བསྔལ་ཟད་པར་བྱེད་ཅིང་། སྲིད་པ་དང་ཞི་བའི་ཡོན་ཏན་ཐམས་ཅད་ཐོབ་པར་བྱེད་པའི་ཕན་ཡོན་ཚད་མེད་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་བྱཱ་ར་ལོ་ཀི་ཏེ་ཛ་ཡ་ཛ་ཡ་སྭཱ་ཧཱ། ༀ་ཧུ་རུ་ཧུ་རུ་ཛ་ཡ་མུ་ཁེ་སྭཱ་ཧཱ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། འདི་ནི་བྱང་ཆུབ་ཀྱི་སྙིང་པོ་རྒྱན་འབུམ་གྱི་སྙིང་པོ་དང་ཉེ་བའི་སྙིང་པོ་དང་བཅས་པ་སྟེ། ཚེ་འཕེལ་ཞིང་འདོད་པ འི་དོན་ཐམས་ཅད་འགྲུབ་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཡུད་ཀྱིས་བྱང་ནས་བསོད་ནམས་ཚད་མེད་དཔག་ཏུ་མེད་པ་སྐྱེད་ཅིང་། སངས་རྒྱས་ཀྱི་ཆོས་རྡོ་རྗེ་ལྟ་བུ་ཐོབ་པར་བྱེད་པའི་སྔགས་ཀྱི་རྒྱལ་པོ་ལས་ཐམས་ཅད་བྱེད་པའོ། །གཙུག་ཏོར་རྣམ་རྒྱལ་ལ་སོགས་པ་འདི་རྣམས་ཀྱི་ཕན་ཡོན་རྒྱས་པ་རང་རང་གི་གཟུངས་ཀྱི་སྐབས་སུ་གསུང་པ་ལས་ཤེས་པར་བྱའོ། །ༀ་ན་མཿས་མནྟ་བུདྡྷཱ་ནཱཾ་སརྦ་བུདྡྷ་བོ་དྷི་ས་ཏྭ་ཧྲྀ་ད་ཡཾ་ནི་བི་ཤ་ནི་ནི་མཿ སརྦ་བིཪྱཱ་སྭཱ་ཧཱ། འདི་ནི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་གསུངས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱིའི་སྙིང་པོ་དམ་པར་གསུངས་ཏེ། སངས་རྒྱས་བྱང་སེམས་ཐམས་ཅད་མ་ཚང་བ་མེད་པའི་རྗེས་སུ་སོང་བའི་ཕན་ཡོན་ཚད་མེད་པ་ཡོད་པར་ཤེས་པར་བྱའོ། །ཡང་ལུང་གཞན་ལས། ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ། ༀ་ཀུ་རུཾ་གི་ནི་སྭཱ་ཧཱ། དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་འདི་ལན་གཅིག་བཟླས་པས་ཀྱང་བསྐལ་པ་འབུམ་ཕྲག་བརྒྱད་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཡང་ཟད་པར་འགྱུར་རོ། །ཞེས་གསུངས་སོ། །ༀ་ཨཱཿལི་ཀཱ་ལི་ཛྙཱ་ན་པཉྩ་སཏྭ་ཀྲོ་ཏ་མུ་ན་ཡེ་སྭཱ་ཧཱ། འདི་ནི་སྔ་འགྱུར་བའི་ཆོས་སྡེ་བཀའ་བརྒྱད་བདེ་གཤེགས་ཐམས་ཅད་འདུས་པའི་རྒྱུད་ལས་གསུང་སྟེ། ཐོག་མཐར་ༀ་དང་ཧཱ་བཞག་ནས། །བར་ན་ཡིག་འབྲུ་བཅུ་དྲུག་གནས། །དམ་པ་རིགས་བརྒྱ་འདུས་པའི་སྔགས། །ཐམས་ཅད་འགྲུབ་པར་བྱེད་པ་ཡིན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས། །ངེས་དོན་དམ་པ་རིགས་བརྒྱར་འདུས། །བདེ་གཤེགས་ཀུན་གྱི་དངོས་གྲུབ་ཐོབ། །ཅེས་གསུངས་པ་ཡི་དམ་ཞི་ཁྲོ་ཡོངས་རྫོགས་ཀྱི་སྙིང་པོ་ཁྱད་པར་ཅན་ཏེ། ཨཱ་ལི་ཀཱ་ལི་ཀུན་བཟང་ཡབ་ཡུམ། །ཛྙཱ་ན་པཉྩ་རིགས་ལྔ་ཡབ་ཡུམ། །སཏྭ་སེམས་དཔའ་སེམས་མ། །ཀྲོ་དྷ་ཁྲོ་བོ་ཁྲོ་མོ་ཐམས་ཅད། །མུ་ན་སྤྲུལ་སྐུ་ཐུབ་པ་དྲུག་གི་སྔགས་ཏེ་རིག་པའི་གསང་སྔགས་ཁྱད་པར་ཅན་ནོ། །ༀ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ འདི་ནི་སྒྲུབ་པ་བཀའ་བརྒྱད་ཀྱི་ནང་ཚན་རིག་འཛིན་བླ་མ་བསྒྲུབ་པའི་སྙིང་པོ་དམ་པ་སྟེ། དུས་གསུམ་གྱི་བླ་མ་རིག་འཛིན་ཐམས་ཅད་ཀྱི་སྙིང་པོ་འདི་ཁོ་ན་ལ་འདུས་པ། བྱིན་རླབས་ཀྱི་རྩ་བ་བླ་མ་རྣམས་ཀྱི་སྔགས་འདི་ནི་བཟླས་པ་ཙམ་གྱིས་ཕན་ཡོན་དཔག་ཏུ་མེད་པ་འཐོབ་བོ། །ༀ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ འདི་བཀའ་བརྒྱད་ཞི་ཁྲོ་བདེ་གཤེགས་འདུས་པའི་རྒྱུད་ལས་གསུངས་པ་བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྤྱིའི་སྙིང་པོ་སྟེ། ཡི་དམ་ཞི་བ་གང་ཅི་ཡང་རུང་བ་ཐམས་ཅད་ཀྱི་སྙིང་པོ་དམ་པ་འདི་ཡིན་པས་ཕན་ཡོན་བྱིན་རླབས་རྨད་དུ་བྱུང་བ་འདི་ཉིད་གུས་པས་བཟླས་པར་བྱའོ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུྃ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཡང་དག་ཧེ་རུ་ཀའི་སྙིང་པོ་ཆེས་གསང་བ་དམ་པ་སྟེ། ཡི་དམ་ཁྲོ་བོ་མཐའ་དག་གི་སྔགས་ནི་སྙིང་པོ་དམ་པ་དེ་ལ་མཐར་ཐུག་པས་ཁྲོ་བོ་སྤྱིའི་གསང་སྔགས་དུ་ཡང་གསུངས་ཏེ་གསང་སྔགས་རྣལ་འབྱོར་མ་ཡི་རྒྱུད་ཐམས་ཅད་ཀྱི་ཟབ་པ་མཐར་ཐུག་པ་བདེ་མཆོག་ཡིན་ཞིང་བདག་ཅག་གི་སྟོན་པས་ཀྱང་ཞིང་འདིར་གནས་ཉེར་བཞིར་སྤྲུལ་པའི་སྐུ་ཉིད་བཀོད་པ་མ་བསྡུས་པར་ད་ལྟ་ཡང་བཞུགས་པ་དང་། ཞིང་གཞན་ན་སངས་རྒྱས་ཀྱི་མཛད་པས་བདེ་མཆོག་གི་རྒྱུད་འཛམ་བུའི་གླིང་དུ་ཞལ་ཕྱོགས་ཏེ་གསུང་བཞིན་བཞུགས་པས། ཞིང་འདིར་དེའི་སྔགས་ཀྱིས་གྲུབ་པ་འགྱུར་ཞེས་གྲགས་ལ། བདེ་མཆོག་དེ་ལའང་། ཧེ་རུ་ཀའི་གལ་པོ་ཞེས་པའི་རྒྱུད་ལས། སྐུ་སངས་རྒྱས་མཉམ་སྦྱོར། གསུང་འཁོར་ལོ་བདེ་མཆོག །ཐུགས་ཡང་དག་གྲུབ་པ་ཞེས་གསུངས་ཏེ། དེ་ལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ལ་ནི་མཁའ་འགྲོ་བདེ་མཆོག་དང་། འཁོར་ལོ་སྡོམ་པ་ལ་འཁོར་ལོ་བདེ་མཆོག་དང་། ཡང་དག་གྲུབ་པ་ལ་སྒྱུ་མ་བདེ་མཆོག་ཞེས་གྲགས་ཤིང་། སྦྱར་བདེ་མཆོག་གི་ལྷ་སྔགས་རྣམས་གྲུབ་པ་མྱུར་ཞིང་བཀླག་པས་གྲུབ་པར་གསུངས་ལ་དེ་ཐམས་ཅད་ཀྱི་ནང་ན་ཟབ་པའི་མཐར་ཐུག་པ་ཡང་དག་སྒྱུ་མ་བདེ་མཆོག་འདི་ཡིན་པས་མཆོག་སྒྲུབ་པ་ལ་ཟབ་པ་ཡང་དག་ཞེས། རྒྱ་བོད་ཀྱི་རིག་འཛིན་རྣམས་ལ་གྲགས་ཤིང་ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། སྟོང་གསུམ་སྟོང་གི་འཇིག་རྟེན་ན། སྐུ་ཡི་དཀྱིལ་འཁོར་བསམ་ཡས་ཀྱང་། ཧེ་རུ་ཀ་ནི་སྐུ་ཡི་མཆོག །ཅེས་དང་། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཐུགས་ཀྱི་སྤྲུལ་པ་བསམ་ཡས་ཀྱང་། །ཡེ་ཤེས་སེམས་དཔའ་ཐུགས་ཀྱི་མཆོག །ཅེས་གསུངས་པ་ལྟར་དཀྱིལ་འཁོར་རབ་འབྱམས་ཀྱི་སྒྲུབ་ཐབས་ཐམས་ཅད་ཀྱི་ནང་ན་ཟབ་པའི་མཐར་ཐུག་རྡོ་རྗེ་ཐུགས་ཀྱི་སྒྲུབ་པ་ཞེས་བྱའོ། །སྔགས་འདི་ཡང་སྔོན་དྲེག་པའི་རུ་ཏྲ་ཆེན་པོའི་བརླིང་ཚིག་གི་ང་རོ་དཔལ་ཆེན་པོའི་ཡེ་ཤེས་ཀྱི་སྔགས་སུ་བྱིན་གྱིས་བརླབས་པས་དེ་བཞིན་གཤེགས་པའི་བརྡའ་ཁྱད་པར་ཅན་དོན་ཟབ་པ་བཟླས་པ་ཙམ་གྱིས་ཡེ་ཤེས་ཀྱི་ལྷ་རྣམས་ཀྱིས་བྱིན་གྱིས་རློབ་ཅིང་མ་མོ་མཁའ་འགྲོ་རྣམས་དབང་མེད་འདུ་བར་བྱེད་པའི་སྔགས་ཁྱད་པར་ཅན་ཏེ་རྒྱུད་ལས། རུ་ལུ་འདི་ནི་ཡ་མཚན་ཆེ། །རུ་ལུ་འདིས་ནི་རྟོགས་པ་སྐྱེ། །རུ་ལུ་འདི་ནི་སྒྲིབ་པ་སྤོང་། །རུ་ལུ་འདི་ནི་དངོས་གྲུབ་ཐོབ། །བསམ་འཕེལ་འབྲུ་བརྒྱད་རིན་པོ་ཆེ། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་དབྱིག །གདོད་ནས་ཡེ་ཤེས་སྙིང་པོ་བས། །བྱིན་རླབས་འབྲུ་བརྒྱད་ཕྱག་རྒྱར་གསལ། ཞེས་དང་། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །གསུང་གི་དཀྱིལ་འཁོར་བསམ་ཡས་ཀྱང་། །ཡི་གེ་འབྲུ་བརྒྱད་གསུང་གི་མཆོག །དེ་ཡང་སྐལ་ལྡན་པ་ཡི་གསུང་། །ཞེས་གསུངས་ཏེ། ཡེ་ཤེས་ཀྱི་རྣམ་པར་རོལ་པའི་སྙིང་པོ་འདི་ནི་ལྷ་དང་དཀྱིལ་འཁོར་ཐམས་ཅད་ཀྱི་རྩ་བར་སྣང་ཞིང་། ཆོས་ཉིད་དུ་ཤེས་པར་བྱས་ཏེ་བཟླས་ན་ཉམས་ཆག་སྡིག་སྒྲིབ་ཐམས་ཅད་མེ་ཡིས་རྩ་སྦུར་ལྟར་མྱུར་དུ་བསྲེགས་ནས། ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་རབ་འབྱམས་མྱུར་དུ་གྲུབ་པ་རྩོལ་བས་དབང་ནོད་ཅིང་དམ་ཚིག་དང་ལྡན་པས་ཤིན་ཏུ་གསང་སྟེ་བསྒྲུབ་པར་བྱ་བ་ཁོ་ནའོ། །ཨ་ཧ་རི་ནི་ས་ཧཱུྃ། འདི་ནི་ཕྲིན་ལས་ཀྱི་མངའ་བདག་མཁའ་འགྲོ་མ་ཐམས་ཅད་ཀྱི་སྲོག་གི་སྙིང་པོ་སྟེ། ཧ་རི་ནི་སའི་ཡི་གེ་བཞི་པོ་འདི་རིགས་བཞིའི་མཁའ་འགྲོ་མ་ཐམས་ཅད་འདུས་པའི་སྙིང་པོ། མཁའ་འགྲོ་མའི་བརྡ་ལས་ཐམས་ཅད་གང་ཅི་ཡང་རུང་སྟེ། ཇི་ལྟར་དམིགས་པ་བཞིན་དུ་འདི་ཁོ་ན་བཟླས་པས་འགྲུབ་པར་གསུངས་ལ། ཐོག་མཐར་ཨ་དང་ཧཱུྃ་བཞག་པའི་ཡིག་དྲུག་འདི་བཟླས་པས་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་མཁའ་འགྲོ་འབུམ་ཕྲག་ཡངས་པ་ཆེན་པོའི་སྲོག་ལ་དབང་བསྒྱུར་བར་གསུངས་པས་ཤིན་ཏུ་ཟབ་པའི་གསང་སྔགས་སྡིག་པ་ཐམས་ཅད་འཇོམས་ཤིང་དངོས་གྲུབ་ཐམས་ཅད་གྲུབ་པའོ། །ༀ་ཨཱཿ པྲཛྙཱ་དྷྲྀ་ཀ་ཧཱ་ཧཱུྃ། འདི་ནི་དམ་ཚིག་ཉམས་ཆག་སྦྱོང་བ་ལ་མཆོག་ཏུ་ཟབ་པ་དམ་ཚིག་རྡོ་རྗེའི་བཟླས་པའོ། །མངའ་བདག་ཉང་དང་ཉི་མ་གྲགས་པ་སོགས་ཀྱི་གཏེར་ཁ་ནས་ཡང་ཡང་བྱུང་བ། གུ་རུ་རིན་པོ་ཆེས་འཕགས་པ་སྤྱན་རས་གཟིགས་ལ་ཞུས་ཏེ། ཐོས་བསམ་སྒོམ་སྒྲུབ་སོགས་རྩོལ་བས་འབད་པ་ལ་མི་ལྟོས་པར་ངན་སོང་གི་སྒོ་ཆོད་ཅིང་། སངས་རྒྱས་ཀྱི་ཞིང་དུ་འགྲོ་བའི་ཐབས་ཐོས་གྲོལ་ཚོར་བ་རང་གྲོལ་ཞེས་བྱ་བ་ནི། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ༀ་བཻ་རོ་ཙ་ན་ཧཱུྃ་ཨཀྵོ་བྷྱ། རཏྣ་སམྦྷ་ཝཿ ཨ་མི་དྷེ་ཝཿ ཨ་མོ་གྷ་སིདྡྷི་ཧཱུྃ། ༀ་པདྨ་ཧསྟ་མ་ཧཱ་ཨ་མོ་གྷ་པཱ་ཤ་སཱ་དྷ་ཡ་ས་མ་ཡ་ཧྲྀ་ད་ཡཱཾ་ཙ་ར་ཙ་ར་ཧཱུྃ༔ ན་མོ་བྷ་ག་ཝ་ཏེ་ཨཱཪྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ་མ་ཧཱ་ས ཏྭ་ཡ་མ་ཧཱ་ཀ་རུ་ཎི་ཀཱ་ཡ༔ སིདྡྷི་མནྟྲ་ཡ་ཡ་ནི་སྭཱ་ཧཱ། སྒྲ་དག་དབྱངས་གསལ་སྙན་པའི་གླུས༔ སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས༔ ཀུན་གྱི་ཐོས་པར་འདི་བརྗོད་ན༔ སྒྲ་ཐོས་སེམས་ཅན་ཐམས་ཅད་ཀུན༔ སྡིག་ཅན་དམྱལ་བའི་རིགས་ཡིན་ཀྱང༔ སྒྲ་འདི་ལན་གཅིག་ཐོས་གྱུར་ན༔ སངས་རྒྱས་ཐོབ་པ་སྨོས་ཅི་དགོས༔ གྲོལ་བར་འགྱུར་བར་གདོན་མི་ཟ༔ རྒྱུན་དུ་བཟླས་བརྗོད་བྱས་གྱུར་ན༔ གདུང་དང་རིང་སྲེལ་འབྱུང་བར་འགྱུར༔ དེ་ཕྱིར་གཅེས་སོ་རྣལ་འབྱོར་རྣམས༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ བརྡ་ཡིག་ལེགས་པར་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཞེས་གསུངས་པ་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་གཏེར་ནས་གདན་དྲངས་པའོ། །འཇམ་དཔལ་རྩ་བའི་རྟོག་བ་ལས་སྤྱོད་པ་ཐམས་ཅད་ལ་ཞུགས་པ་དང་། བྱང་ཆུབ་ཀྱི་ལམ་ཐམས་ཅད་ཤེས་པ་དང་། ཆོས་ཀྱི་དབྱིངས་ལ་འཇུག་པ་དང་། འཕགས་པ་འཇམ་དཔལ་གྱི་སྐུ་ལ་གནས་པར་འདོད་པ་རྣམས་ཀྱིས། རིག་པའི་རྒྱལ་པོ་མཆོག་ཏུ་གསང་བ། འཆི་བའི་དུས་སུ་དྲན་པར་བྱ་བ་གང་ཞེ་ན། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ་སརྦ་ཏ་ཐཱ་ག་ཏེ་བྷྱ༔ ཨརྷ་ཏེ་བྷྱཿ སམྱ་ཀྶཾ་བུདྡྷེ་བྷྱཿ ཏདྱ་ཐཱ། ༀ་ཀུ་མ་རཱུ་བི་དྷཱ་ར་ཎཱི། བི་ཤྭ་སཾ་བྷ་བ། ཨཱ་གཙྪ་ཨཱ་གཙྪ། ལ་ཧུ་ལ་ཧུ། བྷྲཱུྃ་བྷྲཱུྃ། ཧཱུྃ་ཧཱུྃ། ཛི་ན་ཛིཀ །མཉྫུ་ཤྲཱི་ཡེ། སུ་ཤྲཱི་ཡེ། ཏཱ་ར་ཡ་མཱྃ། སརྦ་དུ་ཁེ་བྷྱཿཕཊ་ཕཊ། ཤ་མ་ཡ་ཤ་མ་ཡ། ཨ་མྲྀ་ཏོདྦྷ་པ། ཨུ་ཏ་བྷ་ཝེ། སརྦ་པཱ་པཾ་མེ་ནཱ་ཤ་ཡ་སྭཱ་ཧཱ། འཇམ་དཔལ་གྱི་སྙིང་པོ་དམ་པ་འདིས་ཞི་བ་ཐམས་ཅད་བྱེད་ཅིང་། སྡིག་པ་ཐམས་ཅད་ཟད་པར་བྱེད། སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་བྱེད། ཚེ་རིང་བ་དང་ནད་མེད་པ་དང་། དབང་ཕྱུག་དང་སྐལ་བ་བཟང་པོ་མཆོག་དང་། ངག་གི་དབང་ཕྱུག་སྐྱེད་པར་བྱེད། རིག་པའི་རྒྱལ་པོ་ཐམས་ཅད་གཟེངས་བསྟོད་པར་བྱེད། འདི་གསུང་བའི་ཚེ་ས་གཡོས་ཤིང་རིགས་དྲུག་གི་སེམས་ཅན་རྣམས་བདེ་བ་ཐོབ་པའི་ཆོ་འཕྲུལ་བྱུང་ངོ་། །འདི་ཡིད་ལ་བྱེད་ཅིང་ཆོས་སྤོང་བའི་སེམས་མེད་ན་བདུད་སྡིག་ཅན་གྱིས་ཀྱང་གླགས་མི་རྙེད་ཅིང་ལོག་འདྲེན་ཐམས་ཅད་བྱེར་བར་འགྱུར་རོ། །དེ་ལྟར་ཕན་ཡོན་བསམ་གྱི་མི་ཁྱབ་སྟེ། སངས་རྒྱས་དང་ཆོས་བསམ་གྱིས་མི་ཁྱབ་པས། སངས་རྒྱས་ཁོ་ནས་མཁྱེན་ནོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཞེས་གསུངས་སོ། །དེང་སང་གི་འཇམ་དཔལ་རྩ་རྒྱུད་ཀྱི་བོད་དཔེའི་སྔགས་ལས་རེ་ཟུང་མང་བ་ཡི་གེ་བརྒྱ་པ་ཅན་འདི་ནི། གཟུངས་འདིའི་ༀ་མན་ཆད་ལ་སྡིག་པ་ཐམས་ཅད་རབ་ཏུ་ཞི་བའི་གཟུངས་ཞེས་ཁོལ་ཕྱུང་གཅིག་དང་། མི་གཡོ་བའི་རྟོག་པ་ལས་ཀྱང་བྱུང་བ་དང་བསྟུན་ཏེ་ཤིན་ཏུ་དག་པར་བགྱིས་པའོ། །དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་རྒྱུད་ལས་དེ་བཞིན་གཤེགས་པའི་སྙིང་པོ་ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པ་གསུངས་པ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ་ཏ་ཐཱ་ག་ཏཱ་ནཱཾ་སརྦ་ཏྲཱ་པྲ་ཏི་ཧ་ཏཱ་བཱ་པྟི། དྷརྨ་ཏཱ་བཱ་སི་ནཱཾ། ཨཾ་ཨ། ས་མ་ས་མ་ས་མནྟ་ཏོ། ཨཱ་ནནྟཱ་པཱ་པྟི་ཤཱ་ས་ནི་ཧ་ར་ཧ་ར་སྨ་ར་སྨ་ར་ཎི་བི་ག་ཏ་རཱ་ཱག་བུད་དྷ་དྷརྨ་ཏེ། ས་ར་ས་ར་ས་མ་བ་ལ་ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ཎ་ལ་ཀྵ་ཎེ་ཛྭཱ་ལ་ཛྭཱ་ལ་ན་སཱ་ག་རེ་སྭཱ་ཧཱ། དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པ་སྟེ། ཐབས་ཤེས་དང་ལྡན་པའི་བྱང་སེམས་སྔགས་ཀྱི་སྒོར་སྤྱོད་པ་ལ་སྔགས་འདིས་ལས་གང་ཞིག་བྱེད་པ་དེ་ནི་བསྐལ་པ་བརྒྱར་ཡང་། དེ་བཞིན་གཤེགས་པས་བསྟན་པར་མི་སྤྱོད་ཀྱི་མདོར་བསྡུས་ན་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་སྟོབས་དང་སྟོབས་སྣ་ཚོགས་སྒྲུབ་པར་བྱེད་པའི་སྙིང་པོ་འདི་སངས་རྒྱས་རྗེས་སུ་དྲན་པས་བཟླས་ན། སངས་རྒྱས་འབྱུང་བའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་མཐོང་ཞིང་། གསུང་གི་འཁོར་ལོའི་སྒྲ་འབྱིན་པ། རིན་པོ་ཆེའི་ཆར་འབེབ་ཅིང་། སྐྱེས་བུ་དམ་པ་དེ་ནི་སྒོ་མཐའ་ཡས་པས་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་སེམས་ཅན་འདུལ་བའི་སྦྱོར་བ་དང་། ལས་ཐམས་ཅད་རྗེས་སུ་དྲན་པའི་ཆོ་ག་ཡང་དག་པར་སྦྱོར་བའི་གཟུངས་དང་། སེམས་ཅན་ཐམས་ཅད་ཀྱི་ཁམས་དབང་མོས་པ་དང་རྗེས་སུ་མཐུན་པའི་གཟུགས་སྣ་ཚོགས་མངོན་པར་སྒྲུབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྷག་པར་དམིགས་པའི་རྣམ་པར་ཐར་པའི་སྒོ་ལ་སོགས་པ། རྣམ་པར་ཐར་པའི་སྒོ་སྣ་ཚོགས་ཀྱི་རྗེས་སུ་འཇུག་ཅིང་། སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཡི་དྭགས་རྣམས་ལ་བཟའ་བཏུང་གི་ཆར་དང་། དམྱལ་བ་རྣམས་ལ་གྲང་བ་དང་དྲོ་བའི་རེག་བྱ་འབྱུང་ཞིང་། དུད་འགྲོ་རྣམས་ལ་གཅིག་གིས་གཅིག་ཟ་བའི་སྡུག་བསྔལ་ཞི་བ་སོགས་སེམས་ཅན་མོས་པའི་སྒོ་སྣ་ཚོགས་པའི་ཁམས་སྦྱོང་ཞིང་བྱིན་གྱིས་རློབ་པར་བྱེད། སྨིན་པར་བྱེད། དགའ་བར་བྱེད། གྲོལ་བར་བྱེད། བྱང་ཆུབ་ཀྱི་ཐེག་པ་ལ་འགོད་ཅིང་ས་དང་ཕར་ཕྱིན་གྱི་མན་ངག་སྟོན་ཅིང་མཐར་གྱིས་བྱང་ཆུབ་ལ་དགོད་པར་བྱེད། སྡུག་བསྔལ་དང་ཉོན་མོངས་ཐམས་ཅད་ཟད་པར་བྱེད། དགེ་བ་སྒྲུབ་པ་ལ་གནས་པ་སྐྱེད་པར་བྱེད། མདོར་ན་རང་གི་སྨོན་ལམ་དང་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་དང་དེ་བཞིན་གཤེགས་པའི་བྱིན་རླབས་ཀྱི་སྟོབས་ཀྱིས་སེམས་ཅན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་མཛད་པ་ཡང་བྱེད་པར་འགྱུར་རོ། །ཞེས་གསུངས་ཤིང་། དེའི་ཆོ་ག་དང་། དེ་ལ་བརྟེན་པའི་རིག་འཛིན་སྒྲུབ་པ་སོགས་ལས་ཀྱི་ཚོགས་ཤིན་ཏུ་མང་པོ་གསུངས་ཤིང་། སྙིང་པོ་འདི་ནི་དད་པ་དང་བྱང་ཆུབ་ཀྱི་སེམས་མ་སྤང་པས་བཟླས་ན་བསོད་ནམས་དང་ལྡན་རུང་མི་ལྡན་རུང་། ཚུལ་ཁྲིམས་ལྡན་རུང་མི་ལྡན་རུང་། ཐབས་མཁས་པ་དང་ལྡན་ནམ་མི་ལྡན་རུང་། བྲིས་སྐུ་དང་མཆོད་པ་ཁྲུས་སོགས་གཙང་སྦྲ་དང་ལྡན་རུང་མི་ལྡན་རུང་། ཉ་ཤ་དང་ཤ་སོགས་མ་སྤངས་ཀྱང་རུང་སྟེ་ངེས་པར་འགྲུབ་སྟེ་སངས་རྒྱས་བྱང་སེམས་ལ་དམིགས་པའི་སེམས་ཁོ་ནས་འགྲུབ་བོ། །གལ་སྟེ་བྲིས་སྐུ་སོགས་བསྒྲུབ་པར་འདོད་པ་ལ་དེའི་ཆོ་ག་སོགས་རྒྱས་པར་གསུངས་ཤིང་། སྔགས་འདིས་སངས་རྒྱས་དང་བྱང་སེམས་མཆོད་པ་དང་། སེམས་ཅན་གྱི་ཁམས་ལ་དམིགས་ཏེ་འདི་བསྒྲུབ་པ་ལ་བགེགས་མི་འབྱུང་ཞིང་ཚེགས་ཆུང་ངུས་འགྲུབ་པ་དང་། ནད་མེད་པ་དང་། ཚེ་རིང་བ་ཉོན་མོངས་ཞི་བ་ངན་སོང་གི་སྡུག་བསྔལ་ཞི་བ། བདེ་བ་རྒྱས་པ་སོགས་ཇི་ལྟར་འདོད་པའི་དོན་གང་ཡིན་པ་ལ། དམིགས་ཏེ་བཟླས་ན་དེ་དང་དེ་ལྟར་གྲུབ་པ་རབ་འབྲིང་ཐ་མའི་ཚུལ་དུ་མངོན་པར་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །དེ་ལྟར་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ལས་གསུངས་པའི་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་བཤད་ནས། ཡང་རྒྱུད་དེ་ལས་གསུངས་པ་བྱང་ཆུབ་སེམས་དཔའི་ཡི་གེ་བརྒྱ་པ་འདི། སངས་རྒྱས་བྱང་སེམས་རྣམས་ཀྱི་བྱ་བ་ལ་སྒྲིབ་པ་མེད་པ། སྔོན་གྱི་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པར་བྱས་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལྷན་ཅིག་ཏུ་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ་པ་ར་པ་ར། སརྦཾ་སརྦཾ། ས་མ་ས་མ། ཀཱ་རུ་ཎཱཾ་ཀཱ་རུ་ཎཱཾ། ཏཱ་རཱ་ཏཱ་རཱ། སཱ་རཱ་སཱ་རཱ། ཨ་ཏཱི་ཨ་ཏཱི། ཨཱ་མཱི་ཏཱཾ་ཨཱ་མཱི་ཏཱཾ། ཨ་ཏཱི་ཨ་ཏཱི། བཱི་རཱཾ་བཱི་རཱཾ། ཨཱ་ཏཱི་ཨཱ་ཏཱི། ཤཱུ་རཾ་ཤཱུ་རཾ། ཧ་ཧ་ཧ་ཧ། མ་ཧཱ་ས་མ་ཡ། ན་མཿཏྲ། ཨ་མ་ལ་སིདྡྷི་དཱ་ཡ་ཀ་བྷྱཿ སརྦ་བུ་དྡྷ་བོ་དྷི་ས་ཏྭ་བྷྱཿ སརྦ་ཨ་ནནྟ་མ། དྷྱེ་བྷྱཿམ་ཧཱ་ཀཱ་རུ་ཎཱི། མཱ་ལཱི་ནཱི། ཏྲི་ས་མ་ཡེ་ཛྭ་ལ་སྭཱ་ཧཱ། འདི་གསུམ་བསམ་གྱིས་མི་ཁྱབ་སྟེ། །སངས་རྒྱས་རྣམས་ཀྱི་གྲོལ་བ་དང་། །མཆོག་ཏུ་རྣམ་དག་སེམས་ཅན་རྣམས། །བྱེད་པའང་བསམ་གྱི་མི་ཁྱབ་པ། །དཔའ་བོ་ཀུན་གྱིས་འདིར་ཐམས་ཅད། །འདི་ཡི་སྟོབས་ཀྱིས་དོན་ཐམས་ཅད། །བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས། །གསང་བ་བདག་ཉིད་ཆེན་པོ་འདི། །དཔག་མེད་ཅེས་བྱའི་ཐུགས་རྗེའི་བདག །ཀུན་གྱི་སྤྱོད་ཡུལ་འདི་ཡིན་ཏེ། །དེ་ཕྱིར་འདི་དང་འདྲ་བ་མེད། །བློ་ལྡན་དད་པས་སྙིང་པོ་འདི། །འགྲོ་ཀུན་འདུལ་བར་འདོད་པ་ཡིས། །ཡང་དག་ཉིད་དུ་བསྒྲུབ་པར་བྱ། །ཞེས་གསུངས་སོ། །འདི་ལ་ཡི་གེ་བརྒྱ་དང་བཅུ་བདུན་འདུག་གོ། །སྔ་འགྱུར་གྱི་ཆོས་སྡེ་ཆེན་པོ་དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས་དཔལ་རྡོ་རྗེ་སེམས་དཔའི་ཞལ་ནས། བདག་གིས་ཀྱང་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སེལ་བར་བྱེད་པ་འདི་བརྗོད་ཀྱི། རྣལ་འབྱོར་པ་ཉམས་ཆག་དང་རྟོག་སྒྲིབ་ཅན་གསོག་འཇོག་དང་བག་ཆགས་ངན་པ་ཅན་ཁྱེད་རྣམས་ཉོན་ཅིག །ༀ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ། འདི་དག་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ན་ཉམས་ཆག་ཐམས་ཅད་བསྐངས་ཏེ་ངན་སོང་གསུམ་དུ་ལྟུང་བ་ལས་ཐར་བར་འགྱུར་རོ། །རྣལ་འབྱོར་པ་གང་ཞིག་གི་ཡི་དམ་དུ་བཅས་ནས་འདོན་ན། མི་དེ་ཚེ་འདི་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་དམ་པར་དགོངས་ནས་སྲུང་སྐྱོབ་མཛད་ལ། ཚེ་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་དམ་པ་ཉིད་དུ་གདོན་མི་ཟ་བར་འགྱུར་རོ། །ཞེས་གསུངས་ཤིང་། རྟ་མཆོག་རོལ་པའི་རྒྱུད་ལས། གསང་སྔགས་རྒྱལ་པོ་བླ་མེད་པ། །ལན་གཅིག་བརྗོད་པ་ཙམ་གྱིས་ཀྱང་། །སྡིག་པ་མ་ལུས་ཟད་བྱེད་ཅིང་། །ལས་རྣམས་ཐམས་ཅད་འགྲུབ་པར་བྱེད། །ཅེས་དང་། དབང་མཆོག་རྒྱལ་པོའི་རྒྱུད་ལས་ཀྱང་། །རྡོ་རྗེ་སེམས་དཔས་འདི་སྐད་གསུངས། །མཚམས་མེད་ཉེས་བྱས་རྣམ་སྨིན་བྱང་། །གསང་སྔགས་དམ་ཚིག་སོ་རུ་ཆུད། །མི་དགེ་ཕལ་པ་སྨོས་ཅི་དགོས། །གང་ཞིག་ནད་ཀྱིས་ཉེན་གྱུར་ཀྱང་། །སྡུག་བསྔལ་དེ་ལས་ངེས་པར་གྲོལ། །འགོ་བའི་ནད་རིམས་བྱུང་བའི་ཚེ། །བདག་ཉིད་ཡི་དམ་གསལ་བ་ཡིས། །སྙིང་པོ་འདི་བརྗོད་དེས་མི་ཚུགས། །གང་ཞིག་ངན་སྔགས་མཚོན་བརྡེག་ཀྱང་། །སྙིང་པོ་འདི་བརྗོད་རང་ལ་ལྡོག །དོན་གཉེར་ལམ་འགྲོ་འདི་བརྗོད་ན། །འཇིགས་པའི་དགྲ་ལས་ངེས་པར་གྲོལ། །གདོན་འཇིགས་བགེགས་ཀྱིས་འཚེ་བའི་ཕྱིར། །རིག་པ་འདི་བརྗོད་གདོན་དེ་འཇིལ། །སེམས་ཅན་གང་ཞིག་བུ་འདོད་ཀྱང་། །རིག་པ་འདི་ལས་རབས་དེ་ཟིན། །ཉོན་མོངས་དབུལ་ཞིང་ཕོངས་པས་ཀྱང་། །སྙིང་པོ་འདི་བརྗོད་རིན་ཆེན་རྙེད། །གང་ཞིག་འཁོར་སྡུད་འདི་བརྗོད་ན། །སྲིད་པ་གསུམ་ཡང་འཁོར་དུ་འདུ། །ཕྲིན་ལས་རྣམ་བཞི་ངེས་པར་འགྲུབ། །ཉམས་གྲིབ་ཐམས་ཅད་འདག་བྱེད་པའི། །ཡི་གེ་བརྒྱ་པ་བདག་གིས་བརྗོད། །ཆགས་ཉམས་ཐམས་ཅད་འདི་ཡིས་བསྐང་། །ངན་སོང་དོང་སྤྲུགས་འདི་བརྗོད་དོ། །འདི་ནི་དུས་ལ་བབ་པའི་ཚེ། །གསུམ་མམ་བདུན་ནམ་བཅུ་བཞིའམ། །ཉི་ཤུ་རྩ་གཅིག་བརྒྱ་རྩ་བརྒྱད། །ལྟ་སྒོམ་གསལ་བས་བརྗོད་བྱས་ན། །ཆགས་ཉམས་ཐམས་ཅད་སྐོང་བར་བྱེད། །ངན་སོང་གསུམ་ལས་ཐར་བར་འགྱུར། །ཡི་དམ་ངག་ཏུ་འདི་བརྗོད་ན། །དུས་གསུམ་རྒྱལ་བའི་སྲས་སུ་འགྱུར། །ཞེས་གསུངས་སོ། །དེ་ཉིད་བསྡུས་པ་ལས་ཀྱང་གསང་སྔགས་འདི་གསུངས་ཏེ། དེས་ནི་མཚམས་མེད་བྱས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་དང་། དམ་པའི་ཆོས་ལ་སྨོད་པ་དང་། ཉེས་པ་ཐམས་ཅད་བྱས་པ་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྒྲུབ་པ་པོ་རྡོ་རྗེ་སེམས་དཔའ་བརྟེན་པར་བྱས་པས། ཚེ་འདི་ཉིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་དམ། དངོས་གྲུབ་མཆོག་གམ། རྡོ་རྗེའི་དངོས་གྲུབ་བམ། རྡོ་རྗེ་སེམས་དཔའི་དངོས་གྲུབ་བམ། དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་བར་དུ་མྱུར་དུ་འགྲུབ་བོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔས་གསུངས་སོ། །ཞེས་གསུངས་སོ། །དེ་ལྟར་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་འདི་ནི་རྒྱུད་དུ་མར་བྱུང་ཞིང་སྔགས་ཀྱི་དམ་ཚིག་ཉམས་པ་སོགས་ཉེས་པ་ལྕི་བ་རྣམས་ཀྱི་གཉེན་པོ་བླ་ན་མེད་པ། བརྗོད་པ་ཙམ་གྱི་སྔར་གྱི་སྡིག་པ་ཐམས་ཅད་ལྷག་མེད་དུ་བྱང་ཞིང་། ཕྱིིས་འཕེལ་བའི་རྒྱུན་གཏན་དུ་འགོག་པར་བྱེད་ཅིང་དངོས་གྲུབ་ཐམས་ཅད་ཀྱི་མངའ་བདག་ཆེན་པོ་གསང་སྔགས་ཐམས་ཅད་ཀྱི་རྒྱལ་པོའོ། །སུ་པོ་ཥྱོ་སོགས། ཨ་ནུ་རཀྟོའི་གོང་དུ་བྱས་པའང་ཡོད་དེ་གང་ལྟར་བྱས་ཀྱང་ཁྱད་མེད་པར་མངོན་ནོ། །ༀ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨཻ་ཨཻ་ཨོ་ཨ་ཨཾ་ཨཿསྭཱ་ཧཱ། དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་འདི་ཤེས་རབ་ཀྱི་ཆ་འཛིན་པ། བཟླས་པ་ཙམ་གྱིས་སྡིག་པ་ཞི་ཞིང་སྔགས་འགྲུབ་པར་བྱེད་པ་སོགས་ཕན་ཡོན་ཆེན་པོ་སྟེ། རྫོགས་པ་ཆེན་པོའི་རྒྱུད་རྣམས་སུ་ཆོས་སྐུ་སྐྱེ་མེད་དུ་གྲོལ་བར་བྱེད་པའི་སྙིང་པོ་ཞེས་གསུང་ལ། རྡོ་རྗེ་གུར་ལས། ཐོག་མཐར་ༀ་དང་སྭཱ་ཧཱ་བཞག་པའི་ཨཾ་གི་བར་གྱི་དབྱངས་བཅོ་ལྔ་པོ་བཟླས་པར་གསུངས་ཏེ། གང་ཞིག་འདས་པ་བསྐུལ་བར་བྱེད་པའི་རྒྱལ་བའི་སྲས་དེ་རྣམས་ཀྱི་ལག་ཏུ་བུད་མེད་ཀྱི་སྒྱུ་མའི་བདེ་བ་ཡང་དག་པར་གནས་ཀྱིས་འདུག་གོ་ཞེས་གསུངས་ཤིང་དེ་སོགས་རྣལ་འབྱོར་མ་དང་ལྷ་རྣམས་ཀྱི་ས་བོན་ཁྱད་པར་ཅན་གྱི་གསང་སྔགས་སོ། །ༀ་ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་སྭཱ་ཧཱ། གསལ་བྱེད་ཀྱི་ཕྲེང་བ་འདི་དག་ཀྱང་ཐབས་ཀྱི་ཆ་འཛིན་པ་སྤྲུལ་སྐུ་འགག་མེད་དུ་གྲོལ་བར་བྱེད་པ་གདོད་ནས་གྲུབ་པའི་གསང་སྔགས་ཁྱད་པར་ཅན་ཏེ་བཟླས་པ་ཙམ་གྱིས་སྡིག་པ་ཟད་ཅིང་དངོས་གྲུབ་ཐོབ་པར་བྱེད་པའོ། །དེ་ལྟར་དབྱངས་དང་གསལ་བྱེད་འདི་དག་ནི་སྔགས་ཐམས་ཅད་ཀྱི་རྩ་བ། ཤེས་རབ་ཕར་ཕྱིན་དང་སྔགས་ཀྱི་རྒྱུད་དུ་མར་ཡི་གེ་རེ་རེ་བཞིན་གཟུངས་ཀྱི་སྒོ་དང་ཆོས་སྣང་བའི་སྒོ་ཚད་མེད་པའི་འབྱུང་གནས་དང་ལྷ་ཐམས་ཅད་ཀྱི་ས་བོན་དང་ལས་ཐམས་ཅད་སྒྲུབ་པའི་སྔགས་སུ་གསུངས་ལ་བཏགས་གྲོལ་གྱི་སྐབས་སུ་སྤྲུལ་སྐུ་འགག་མེད་ཀྱི་ཡི་གེ་ཞེས་སུ་གསུངས། སྔགས་ཐམས་ཅད་འདི་ལས་མ་བྱུང་བ་མེད་བས་རིག་སྔགས་ཐམས་ཅད་ཀྱི་རྩ་བ་འདི་དག་བཟླས་ན་སྔགས་མ་དག་པ་སོར་ཆུད་པ་དང་། སྔགས་ཀྱི་ནུས་པ་མཆོག་ཏུ་འཕེལ་བ་དང་། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབས་པར་ཡང་གསུངས་ལ། རྣལ་འབྱོར་མའི་རྒྱུད་ཀུན་སྤྱོད་ལས་ཀྱང་། ཨ་ཀྵ་ལྔ་བཅུ་པོ་འདི་བཤད་ན། འདི་ནི་བཅོམ་ལྡན་ལྷ་དེ་ཡིན། །མཆོག་ཉིད་ལྷག་པར་གནས་པ་ཡིན། །ལྷ་ཀུན་གྱི་ནི་སྐྱེད་པ་དང་། །སྔགས་རྣམས་ཀྱི་ནི་རྒྱུ་ཉིད་ཡིན། །གང་ཞིག་འདི་རྟག་སྒོམ་པ་དང་། །རྟག་ཏུ་ཀློག་ཅིང་སེམས་པ་དང་། །རྣལ་འབྱོར་པ་ཡིས་དང་པོར་བརྗོད། །ཧེ་རུ་ཀ་དཔལ་གཉིས་མེད་འགྱུར། །ཞེས་གསུངས་སོ། །ༀ་ཡེ་དྷརྨྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ། སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་། མཆོད་རྟེན་ཆུང་ངུ་བུམ་པ་སྐྱུ་རུ་རའི་འབྲུ་ཙམ་ལའང་གཟུངས་འདི་བཅུག་ན་ཚེ་འདིར་ཚངས་པའི་བསོད་ནམས་སྐྱེ། སྙིང་པོ་འདི་ལན་གཅིག་བརྗོད་པས་སྡིག་པ་ཐམས་ཅད་བྱང་བར་འགྱུར། མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་བཟློག་པར་འགྱུར། དངོས་པོ་གང་ལ་དམིགས་ཏེ་བརྗོད་ན་དེ་སངས་རྒྱས་ཀྱི་སྐུའམ་མཆོད་རྟེན་དུ་བྱས་པར་འགྱུར། མཆོད་པ་གང་ལ་དམིགས་ཏེ་བརྗོད་ན་འཇིག་རྟེན་གྱི་ཁམས་གང་བ་ཙམ་ཕུལ་བར་འགྱུར། རྟག་ཏུ་བཟླས་ན་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། གནོད་པ་གང་གིས་ཀྱང་མི་ཚུགས་ཤིང་དམ་པའི་ཆོས་མཐའ་དག་ཡོངས་སུ་གཟུང་བར་འགྱུར་རོ། །འབུམ་བཟླས་ན་དགོས་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །ཞེས་དང་། དེའི་ལས་ཀྱི་ཆོ་ག་སྣ་ཚོགས་ཀྱང་གསུངས་སོ། །རྫོགས་ཆེན་བཏགས་གྲོལ་སྔགས་ཀྱི་སྐབས་ན། འདི་ཡང་སྤྲུལ་སྐུ་ཐོབ་བྱེད་གནས་པ་རྒྱུན་གྲོལ་གྱི་སྙིང་པོ་ཞེས་སུ་གསུངས། མདོར་ན་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆོས་ཐམས་ཅད་ཀྱི་སྲོག་ལྟ་བུ་ཕན་ཡོན་བསམ་གྱིས་མི་ཁྱབ་པའོ། །དེ་ལྟར་རིག་པའི་གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་ཡིད་བཞིན་ནོར་བུའི་རྒྱལ་པོ་བརྒྱ་ཕྲག་གཅིག་གོ། །འདི་དག་ནི་དཀྱིལ་འཁོར་ཆེན་པོར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་ལྷ་སྔགས་ལ་མཆོག་ཏུ་དད་ཅིང་ཐེ་ཚོམ་མི་ཟ་བ་དང་། སེམས་ཅན་གྱི་ཁམས་ལ་ལྷག་པར་དམིགས་པའི་སྙིང་རྗེ་ཆེན་པོས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གང་གིས། སྔགས་སོ་སོའི་ལྷའི་སྒྲུབ་ཐབས་བཞིན་བཟླ་བའམ། མིན་ཡང་ཀུན་ཏུ་བཟང་པོའམ་རྡོ་རྗེ་སེམས་དཔའ་འམ་རང་གི་ཡི་དམ་གང་ཡང་རུང་བའི་མངོན་རྟོགས་བསྒོམས་ལ། སྔགས་གང་བཟླ་བའི་ལྷ་དེ་གཙོ་བོར་གྱུར་པའི་སངས་རྒྱས་དང་བྱང་སེམས་མ་ལུས་པ་མདུན་གྱི་ནམ་མཁར་བཞུགས་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་བདུད་རྩིའི་རྒྱུན་གྱིས་བདག་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉོན་མོངས་བག་ཆགས་ཐམས་ཅད་སྦྱང་བར་བསམ་ལ་བཟླ། ཡང་ན་དམ་ཚིག་གསུམ་བཀོད་ལས་ཐབས་ལ་མཁས་པའི་སེམས་ཀྱི་མོས་པ་ཙམ་གྱིས་ཆོ་ག་བཞིན་དུ་བ ཟླས་ཀྱང་རུང་སྟེ། སྐབས་སྐབས་སུ་སངས་རྒྱས་ཀྱི་ཞིང་ཀུན་ཏུ་མཆོད་པའི་སྤྲིན་རྒྱ་ཆེར་འབྱུང་བས་མཆོད་ཅིང་ཐུགས་དམ་བསྐུལ་བ་དང་། སེམས་ཅན་གྱི་ཁམས་ཀུན་ཏུ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པའི་སྤྲིན་གྱིས་རྒུད་པ་ཐམས་ཅད་བསལ་ཞིང་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་པའི་དམིགས་འདུན་ནན་ཏན་བྱས་ལ་ཐུགས་རྒྱུད་བསྐུལ་བའི་ཚུལ་དུ་བཟླས་ཀྱང་རུང་སྟེ་སྔགས་ཚན་བརྒྱ་ཕྲག་གཅིག་པོ་འདི་ལ་རེ་རེ་བཞིན། ཐ་མས་བརྒྱ། འབྲིང་གིས་སྟོང་། རབ་ཀྱིས་ཁྲི་ཕྲག་རེ། ཡང་རབ་འབུམ་ཕྲག་རེ་བཟླས་ན་སྔགས་འགྲུབ་པའི་གེགས་ཐོགས་མེད་ཀྱི་སྒྲིབ་པ་ཤིན་ཏུ་ཚན་ཆེ་བ་རྣམས་ཀྱང་ཚེ་འདི་ལ་བྱང་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་དགའ་སྟོན་མཐོང་བའི་ཆོས་ལ་མྱོང་བར་ཐེ་ཚོམ་མེད་དེ་གང་གི་ཕྱིར་ན་སངས་རྒྱས་ཀྱི་བཀའ་ནམ་ཡང་མི་བསླུ་བས་གོང་དུ་རིག་སྔགས་རྣམས་ཀྱི་ཕན་ཡོན་བསྟན་པ་དེ་ཉིད་ཀྱི་ཕྱིར་རོ། །དེས་ན་ཇི་སྐད་བསྟན་པ་ལ་སོམ་ཉི་མེད་པར་གྱུར་ན། དེས་སྔགས་འགྲུབ་པ་ལ་ཐེ་ཚོམ་མེད་པས་ཡིད་ཆེས་ཀྱི་དད་པ་གལ་ཆེའོ། །སྤྱིར་སངས་རྒྱས་བྱང་སེམས་ཀྱི་མཚན་དང་སྔགས་གང་ཡང་སྒྲིབ་པ་མི་སེལ་བ་མེད་མོད། སྔགས་ཀྱི་རྒྱལ་པོ་འདི་རྣམས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱོང་བའི་འདུན་པས་ནན་ཏན་བཟླ་བ་གལ་ཆེ་སྟེ། ཉེས་པ་དང་རྒུད་པ་ཇི་སྙེད་པའི་རྩ་བ་སྒྲིབ་པ་ཡིན་ལ། དེ་དག་པར་གྱུར་ན་གང་འདོད་པའི་དངོས་གྲུབ་ཚེགས་མེད་པར་འཐོབ་པར་ངེས་པ་ཉིད་དོ། །རིག་སྔགས་བརྒྱ་པོ་འདིའི་ཁོངས་སུ་རྫོགས་ཆེན་གྱི་རྒྱུད་ལས་གསུངས་པ་ཞེན་ལོག་གི་ཡི་གེ་ཉེར་ལྔ་པོ་དེ་ནི་འཁོར་བའི་འཁྲུལ་སྣང་གི་སྒྲིབ་པ་ཐམས་ཅད་མྱུར་དུ་རང་སར་གྲོལ་ནས། དག་པ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབད་མེད་དུ་རྒྱས་པར་བྱེད་པའི་ཆོས་ཉིད་རྡོ་རྗེའི་རང་སྒྲ་ཁྱད་པར་ཅན་ཡིན་ཕྱིར་དེ་རྣམས་དང་། ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་དང་བཅས་པ་ཆོས་སྐུར་གྲོལ་བྱེད་ཀྱི་སྔགས་དེ་རྣམས་ཀྱང་ནན་ཏན་ཆེན་པོས་བཟླ་བར་བྱ་སྟེ། དེ་དག་ནི་ཟུར་དུ་ཤེས་སོ། །གཞན་ཡང་རྒྱལ་བའི་བཀའ་མདོ་སྡེ་དང་རྒྱུད་སྡེ་རྣམས་ལས་གཟུངས་སྔགས་དང་གསང་སྔགས་ཀྱི་རྣམ་པ་ཚད་མེད་པ་གསུངས་པ་རྣམས་གང་བསྒྲུབ་ཀྱང་ཕན་ཡོན་ཚད་མེད་པ་སྨོས་ཅི་དགོས་ཀྱང་། འདིར་ནི་སྔགས་ཀྱི་སྙིང་པོ་འདི་ཙམ་ཞིག །རང་ཉིད་དང་རང་དང་སྐལ་བ་མཉམ་པ་གཞན་ལ་ཕན་པའི་བློས་དེ་བཞིན་གཤེགས་པའི་བཀའ་ལུང་ཟབ་མོ་རྣམས་ལས་བཏུས་ཏེ་རབ་བྱུང་བཅོ་ལྔ་པའི་ནང་ཚན་རྣམ་འཕྱང་ས་ཁྱིའི་ལོ་ཡི་ཁྲུམས་ཟླའི་མགོ་ནས་བྲིས་ཏེ་ཟླ་བ་དེ་ཡི་ཚེས་བཅུ་ལ་གྲུབ་པར་བགྱིད་པ་པོ་ནི་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་སྟེ། འདིས་ཀྱང་མཐའ་ཡས་པའི་འགྲོ་བ་སེམས་ཅན་འཁྲུལ་སྣང་ལས་ཉོན་སྡུག་བསྔལ་གྱི་རྒྱ་མཚོར་ཆུད་ཅིང་རང་དབང་མེད་པ་རྣམས་བདེ་ནས་བདེ་བར་སྒྲོལ་བའི་མགོན་པོ་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་བདག་གཅིག་པུས་བསྒྲུབས་ནས། ཕྱོགས་དང་དུས་ཀྱི་ཁོངས་སུ་བསྡུས་པའི་སེམས་ཅན་གཅིག་ཀྱང་མ་ལུས་པ་བདེ་བ་ཆེན་པོ་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པ་དང་། དེ་ལྟར་མངོན་དུ་མ་གྱུར་པའི་གནས་སྐབས་སུ་ཡང་ཕྱོགས་དུས་ཀུན་ཏུ་ཁྱབ་པར་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། ཀུན་ཏུ་བཟང་པོའི་རྣམ་པར་ཐར་པའི་ཚུལ་དང་མཉམ་པ་ཉིད་དུ་ཞུགས་པའི་རྣམ་འཕྲུལ་མཐའ་ཀླས་པས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མ་ལུས་པ་སེལ་ཞིང་ཕན་བདེ་མ་ལུས་པ་སྒྲུབ་པར་ཤོག་ཅིག །སྭ་སྟི་སིདྡྷཾ་མངྒ་ལཾ།། ༈ ༀ་སྭསྟི། སྒྲིབ་པའི་གདུང་བ་ཀུན་བཅོམ་པའི། །རྒྱལ་དང་བྱང་སེམས་འཕགས་པ འི་ཚོགས། །གཞན་གྱི་དོན་ལ་རབ་དགོངས་པའི། །འཕགས་པའི་ཚོགས་ཀྱི་མཁྱེན་པར་མཛོད། ༡ །ལས་སྒྲིབ་ཟད་མི་ཤེས་པ་རྣམས། །ཐུགས་རྗེའི་ཆབ་ཀྱིས་སྐད་ཅིག་རེར། །བཀྲུ་བའི་ཐབས་མཁས་ཆོ་ག་ནི། །གཟུངས་དང་རིག་སྔགས་འདི་ཁོ་ན། ༢ །བསྐལ་པའི་དུས་ནས་སྔགས་མཆོག་ལ། །རྒྱལ་བ་རྣམས་ཀྱི་རྗེས་སུ་སྒྲུབ། །སེམས་ཅན་སྒྲོལ་བའི་ཕྱག་མཚན་ཡང་། །སྔགས་ཀྱི་ཚོགས་རྣམས་འདི་དག་ཡིན། ༣ །དེ་ཕྱིར་གཅིག་ཏུ་སྤུངས་པ་ཡི། །བྱེད་པོ་འཇམ་དབྱངས་མི་ཕམ་མགོན། །བཀའ་བགྲོས་ལས་སྒྲིབ་རྒྱུན་གཅོད་ཞེས། །ངན་སོང་སྐྱོབས་པའི་དཔུང་གཉེན་འདི། ༤ །ལྷ་ཡི་ཟླ་བའི་མ་མ་ནི། །རྨོ་རྨོར་ཞེས་པའི་དགེ་ལྡན་མས། །སྡེ་བཞི་དགེ་བཅུ་ལྷུན་གྲུབ་སྟེང་། །འཛད་མེད་སྤར་དུ་བསྐྲུན་པའི་དགེས། ༥ །ཡིད་ཅན་ནམ་མཁའི་མཐའ་མཉམ་པ། །སྔགས་ཀྱི་ཚོགས་འདིས་སྒྲོལ་གྱུར་ནས། །བདེ་གཤེགས་ཀུན་གྱི་སྨོན་ལམ་རྣམས། །བྱེད་པོ་གང་དེས་འགྲུབ་པར་ཤོག ༦ །ཅེས་ཕྱིན་དྲུག་གི་གྲངས་ལྡན་འདིའང་འཇམ་དབྱངས་བློ་གྲོས་སམ་མིང་གཞན་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེང་གེས་སྨོན་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །སརྦ་ཛག་ཏཾ། །མཤུ་བྷཾ།། ༈ བྱང་ཆུབ་སེམས་ཀྱི་གཞི་རྩར་ལེགས་བཟུང་ནས། །བྱང་ཆུབ་སྤྱོད་པའི་ཟབ་ལམ་གཅིག་བུ་ཞིག །བྱང་ཆུབ་མཆོག་གི་འབྲས་བུ་ལ་གཞོལ་ཕྱིར། །བྱང་ཆུབ་རྒྱ་མཚོས་པར་དུ་བསྐྲུན་སྤེལ་དགེ། །