cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ལྔ་པ།

གླེགས་བམ། ཅ༽

རྒྱལ་སྲས་གཞན་ཕན་མཐའ་ཡས། འགྱུར་མེད་རྡོ་རྗེ། འགྱུར་མེད་ཚེ་དབང་མཆོག་གྲུབ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ།

སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་བཞུགས་སོ། །རྒྱ་གར་སྐད་དུ། སརྦ་བུདྡྷ་ས་མ་ཡོ་ག་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ། བཅོམ་ལྡན་འདས་ཡེ་ཤེས་དབུགས་འབྱིན་གྱི་རྒྱལ་པོ་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་གོ་བ་ཉིད་ཀྱི་ཐོས་པའི་དུས་ན། དུས་གསུམ་སངས་རྒྱས་འདུས་པའི་སྐུ། །སྣ་ཚོགས་སྣང་བ་གཅིག་པུ་ཉིད། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །རྨོངས་པ་གདུང་བ་སེལ་བའི་འོད། །རང་རིག་དཀྱིལ་འཁོར་འོད་གསལ་ཞིང་། །བརྗིད་མདངས་གཟི་ཆེན་རབ་ཏུ་ཆེ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །དཔལ་ལྡན་དགྱེས་པ་ཡེ་ཤེས་སྐུ། །ངོ་བོ་ཉིད་ལས་མ་གཡོས་བཞིན། །གཅིག་ནི་ཀུན་ཏུ་སྣང་བ་དེ། །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །སོ་སོར་རང་རིག་འདུས་པའི་དཔལ། །སྐུ་དང་གསུང་དང་ཐུགས་དང་སྐུ། །ཡོན་ཏན་ཕྲིན་ལས་ཕྱོགས་དུས་ཀུན། །མ་ལུས་མི་ལུས་ལུས་མེད་གནས། །འོག་མིན་རང་བྱུང་ཆོས་ཀྱི་དབྱིངས། །གསང་བ་མཆོག་གི་དགྱེས་པ་ན། །དུས་གསུམ་བདག་པོ་རྡོ་རྗེ་འཆང་། །རྣམ་པར་ཐར་པའི་དབུ་མངའ་ཞིང་། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་འབར། །བརྟུལ་ཞུགས་མཉམ་ཉིད་སྐྱིལ་མོ་ཀྲུང་། །ཡེ་ཤེས་སྐུ་ནི་ཟང་ཐལ་ཞལ། །གཏི་མུག་གདུང་དང་ཞེ་སྡང་གདུང་། །ཤིན་ཏུ་གདུག་པ་འདུལ་བའི་གདུང་། །སེར་སྣའི་གདུང་དང་འདོད་ཆགས་གདུང་། །ཕྲག་དོག་གདུང་དང་ཤིན་ཏུ་སྤྲོ། །སྤྲིན་ཕུང་འཁྲིགས་པའི་དམ་ཚིག་ཅན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཡང་དག་བསྒྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་སྟེ། །དགའ་དང་མཆོག་དགའ་དགའ་བ་དང་། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཅན། །སྒྱུ་མ་ཆེན་པོ་ཆོས་ཀྱི་སྐུ། །གསང་བ་ཤེས་རབ་བདེ་ཆེན་པོ། །བསྟན་པར་བཞེད་ནས་དཀྱིལ་འཁོར་སྤྲོ། །སྟོང་པ་ཡེ་ཤེས་རབ་སྣང་བ། །ཚོགས་པའི་དུས་ན་རྣམ་པར་དག །དེ་ནས་ཉིད་ཀྱི་བདེ་འབྱིན་མས། །ཀླུ་ཡི་རྣམ་པར་བསྐུལ་མཛད་དོ། །མི་འདའ་སྟོང་ཉིད་གར་གྱི་བདག །གཡར་དམ་སྙིང་པོ་དངོས་གྲུབ་མཛོད། །དམ་ཚིག་ཆེན་པོ་ངོ་བོ་ཉིད། །ཡེ་ཤེས་ཅན་དུ་གྲུབ་པར་མཛོད། །ཧོཿ ཨེ་མ་ངོ་མཚར་ཡ་མཚན་ཅན། །རིག་པའི་རྣམ་པ་སྟོང་ཉིད་ཐུགས། །ཡེ་ཤེས་རོལ་པ་རྣམ་པར་རོལ། །རོལ་པའི་ངང་ནས་དམ་ཚིག་འབྱིན། །པདྨ་རྒྱས་པར་གར་མཛད་དེ། །རིག་པ་ཉིད་དུ་མཇལ་བར་བྱེད། །ཅེས་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་། །རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་མཉམ་སྦྱོར་ལས། རྒྱུད་འབྱུང་བའི་གཞི་རྣམ་པར་བཀོད་པ་སྟེ་རྟོག་པ་དང་པོའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་བཀའ་བགྲོས་པ་ཞེས་བྱ་བའི་སྤྲུལ་པ་རྣམ་པར་ཕྱུང་སྟེ་འདུལ་བར་དགོངས་ནས། ཐུགས་རྗེས་སྤྲོ་བ་འདི་གསུངས་སོ། །རིག་པ་ཉིད་ལས་སྐྱེས་པའི་ཕྱིར། །སྐུ་གསུམ་ཡོན་ཏན་ཕྲིན་ལས་ཐུགས། །རིག་པ་ཤེས་པ་རྣམ་དྲུག་ཆེ། །ཆོས་ཉིད་ངང་དུ་ཡེ་ཤེས་གནས། །མི་སྐྱེའི་ཆོས་ཅན་སྐྱེ་ཚུལ་སྟོན། །ཐབས་དང་ཤེས་རབ་མཉམ་སྦྱོར་མཛད། །དུག་ལྔ་ཡེ་ཤེས་ལྔ་ཡིས་འཇོམས། །ཅི་ཡང་མི་གསུང་མཉམ་པར་གནས། །འཁོར་བ་ཕྱུང་ནས་སྐམ་སར་འདོན། །དབྱིངས་ལ་ཡེ་ཤེས་རོལ་རྩེད་མཛད། །ནམ་མཁའ་ལྟ་བུར་སྣ་ཚོགས་སྟོན། །བདུད་རྩི་དམ་པའི་ཆུ་བོ་འབེབས། །མ་རིག་སེལ་བའི་སྒྲོན་མེ་མཛད། །འཁོར་བའི་ནང་ནས་བྱུང་ཚུལ་སྟོན། །རྡོ་རྗེའི་གདན་ལ་རྡོ་རྗེ་འཇོག །བྱེ་བ་ཁྲག་ཁྲིག་གདུལ་བྱ་ལ། །དེ་དང་མཐུན་པར་སྤྲུལ་པ་འགྱེད། །དཔའ་བོར་མོས་ལ་དཔའ་བོ་དང་། །དཔའ་མོར་མོས་ལ་དཔའ་མོ་དང་། །མཐུན་བྱས་མཐུན་པས་དོན་མཛད་པ། །པདྨ་འདམ་སྐྱེས་སྐྱོན་མ་གོས། །འཇའ་ཚོན་འདྲ་སྟེ་དངོས་མེད་གསལ། །ཞེས་གསུངས་སོ། །དེ་ནས་གདུལ་བྱ་འདུལ་དཀའ་བ་དག་དབུགས་དབྱུང་བའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་དམ་པ་གསང་བ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །མཐུན་བྱས་སྐུ་ཡི་དོན་མཛད་པ། །རིགས་དྲུག་དམ་ཚིག་ལས་སྦྱང་ཕྱིར། །ཡེ་ཤེས་ངང་ལས་དམ་ཚིག་ཆེན་པོས་བསྐུལ། །བདེ་གཤེགས་ཐམས་ཅད་རྣམ་པར་བཀའ་བགྲོས་མཛད། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་རྡོ་རྗེ་ཞེ་སྡང་ཆེན་པོ་ལ་བསྐུལ་བ། རྗེས་སུ་ཆགས་པ་རྣམ་མང་པདྨོ་རྣམ་དག་པ། མཆོད་པ་གསལ་བར་རྗེས་སུ་མཆོད་བྱས་ནས། མཆོག་ཏུ་རྟག་པའི་རྣལ་འབྱོར་བདེ་བས་བདེ་བ་གྲུབ་པར་མཛོད། བདེ་མཆོག་དམ་ཚིག་ཉིད། མཆོག་ཏུ་བདེ་བའི་རྣལ་འབྱོར་ཤིན་ཏུ་སྐལ་བཟང་མཆོག་མཉེས་པ། རང་གི་དམ་ཚིག་སྐྱོན་མེད་པར་རོལ་ཅིག །ཧོཿཨེ་མ་ཧོཿ བདེ་མཆོག་བདེ་དྲོངས་རྣམ་པར་སྤྲུལ། །ཛཿཧཱུྃ་བཾ་ཧོཿཧཱུཾ་གནང་བར་མཛོད། ཨ་ལ་ལ་ཧོཿ དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་འཁོར་གཏི་མུག་ཆེན་པོ་ལ་བསྐུལ་བ ཨེ་མ་ཧོཿ མཆོག་ཏུ་གསང་བའི་དམ་ཚིག་ཡིན་པའི་ཕྱིར། རབ་ཏུ་གསང་བའི་ལྷ་མོ་མཆོག་རྣམས་སོ། །འགྲོ་བའི་རྒྱུན་ནི་རྣམ་པ་སྣ་ཚོགས་འདུལ་བ་རབ་གསལ་མཁྱེན། དམ་ཚིག་ཐམས་ཅད་དངོས་པོའི་བརྟན་གཡོ་ཀུན་གྱི་ངོ་བོར་འགྱུར། རྒྱལ་བ་ཀུན་གྱི་བདག་ཉིད་རྣལ་འབྱོར་བདེ་བའི་མཁའ་འགྲོ་སྒྱུ་མ་རྣམ་སྤྲུལ་ཧོཿ ཀྱེ་མ་དམ་པ་རྟག་པའི་དངོས་གྲུབ་ཆེན་པོ་རབ་ཏུ་བསྒྲུབ་པ་སྟོན། ཨེ་མ་ཧོཿ བདེ་མཆོག་བདེ་དྲོངས་རྣམ་པར་སྤྲུལ། །ཧཱུྃ་རྣམ་པར་སྣང་མཛད་ཨ་ལ་ལ་ཧོཿ ཛཿཧཱུཾ་བཾ་ཧོཿ དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཤིན་ཏུ་ཁྲོ་གཏུམ་གདུག་པ་ཆེན་པོ་ལ་བསྐུལ་བ། རྣམ་པ་མང་པོ་ཁྲོ་བོའི་རྒྱུད་ཀྱིས་སེམས་ཅན་མ་ལུས་པ། །ལུས་པ་མེད་པ་ཐུགས་རྗེའི་ཐུགས་ཀྱིས་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་ཡི། །བདེ་མཆོག་སྒྱུ་མ་ཐམས་ཅད་རྣམ་སྤྲུལ་རྣམ་པར་སྤྲུལ། །རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་རིན་ཆེན་སེར་སྣ་ཆེན་པོ་ལ་བསྐུལ་བ། རྣམ་པ་མང་པོ་རབ་ཏུ་དགའ་བའི་རྒྱུད་ཀྱི་སེམས་ཅན་ལ། །མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་ལ། །སྒྱུ་མ་བདེ་མཆོག་སྒྱུ་མས་རྣམ་སྤྲུལ་རྣམ་པར་སྤྲུལ། ཧཱུཾ་ཧཱུཾ་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་པདྨ་འདོད་ཆགས་ཆེན་པོ་ལ་བསྐུལ་བ། རྣམ་པ་མང་པོ་འདོད་ཆགས་རྒྱུད་ཀྱི་སེམས་ཅན་ལ། །མ་ལུས་ལུས་པ་མེད་པས་འདུལ་མཁས་པའི། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་ཡི། །བདེ་མཆོག་སྒྱུ་མས་ཐམས་ཅད་རྣམ་པར་སྤྲུལ། །ཏེ་ན་ཏེ་ཏེ་ཧཱུྃ། དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྲག་དོག་རྒྱ་གྲམ་ཆེན་པོ་ལ་བསྐུལ་བ། རྣམ་པ་མང་པོས་སྲོག་གི་རྒྱུད་ཀྱིས་སེམས་ཅན་ལ། །མ་ལུས་ལུས་པ་མེད་པ་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་ཡི། །བདེ་མཆོག་སྒྱུ་མས་རྣམ་སྤྲུལ་རྣམ་པར་སྤྲུལ། །ཧཱུྃ་བི་ཤྭ་བི་ཤྱ་ཧཱུཾ། དེ་ནས་བཅོམ་ལྡན་འདས་འགྲོ་དྲུག་སྦྱོང་བའི་རྒྱལ་པོ་རྣམས་སྐུ་རྣམ་པར་སྤྲུལ་ཅིང་ཕྱུང་བ། འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡིས། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །མངོན་པར་ཞེན་ཅིང་ལྟུང་བར་གྱུར། །དེ་བཞིན་གཤེགས་པའི་རྣམ་སྤྲུལ་གྱིས། །ཆོ་ག་སྣ་ཚོགས་འདོད་རྣམས་ལ། །ལས་ཀྱི་སྦྱོར་བ་སྣ་ཚོགས་ཀྱིས། །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །འདུལ་བའི་ཕྱིར་ན་སྤྲུལ་པ་ཡིན། །སངས་རྒྱས་ལ་སོགས་བརྟན་གཡོ་ཀུ། །ཀུན་གྱི་དངོས་པོར་འདི་འགྱུར་རོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །སྒྱུ་མ་སྦྱོར་བ་འདི་ཡིས་ནི། །རྣམ་པ་སྣ་ཚོགས་ཀུན་གྱི་མཆོག །སེམས་ཅན་ཀུན་གྱི་དོན་མཆོག་རྣམས། །སངས་རྒྱས་མཛད་པའི་འདུལ་བས་འགྲུབ། །ཅེས་དཔལ་རྡོ་རྗེ་སེམས་དཔའ་དབུགས་ཕྱུང་བའོ། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡིས། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་སྟོང་པ་ཉིད་ལ་བརྩོན། །འགོག་པའི་ཆོས་ཉིད་ལ་སྦྱོར་བས། །འགོག་ཤིང་ཡོངས་སུ་མྱ་ངན་འདས། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །འགྲོ་བ་ཐམས་ཅད་རྣམ་སྦྱང་ཕྱིར། །སངས་རྒྱས་སྤྲུལ་པ་ཀུན་ཏུ་འགྱེད། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མར་ཡང་ནི་མི་དམིགས་ཏེ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །ཐབས་ཀྱི་སྙིང་རྗེའི་བདག་ཉིད་རྣམས། །དེ་བས་དེ་ནི་སྙིང་རྗེའི་ཐབས། །ཤེས་རབ་ཕ་རོལ་ཕྱིན་པར་གསལ། །རྟོག་པ་མེད་པའི་ཆོས་རྣམས་ལས། །སེམས་ཅན་དོན་དུ་ཡང་རྟོག་པ། །རྣམ་པར་མི་རྟོག་ལ་མོས་པས། །ཐམས་ཅད་རྟོག་པས་རྟག་པར་བྱ། །ཞེས་རྣམ་པར་སྣང་མཛད་ཀྱིས་དབུགས་ཕྱུང་བའོ། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡིས། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། །ཤིན་ཏུ་ཁྲོ་གཏུམ་གདུག་པར་གྱུར། །ཤིན་ཏུ་གདུག་ཅིང་ཁྲོས་པ་ཡིས། །འོ་དོད་འབོད་ཅིང་ལྟུང་བར་གྱུར། །ཤིན་ཏུ་གདུག་ཅིག་ཁྲོ་བ་ལ། །ཞི་བས་ཕན་པས་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་པས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་བསྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དམ་ཚིག་ལ་སྡང་རྣམ་སྦྱང་ཕྱིར། །དུར་ཁྲོད་གར་གྱི་ཕྱག་རྒྱ་གསལ། །ཐར་པ་ནག་པོ་དྲེགས་ལྡན་དང་། །ཚངས་ཆེན་འཇུག་སེལ་ལྷ་ཆེན་དང་། །གུ་ལང་དབང་ཆེན་ཉེ་དབང་བཅས། །ཉི་ཟླ་གཤིན་རྗེ་ཚངས་པ་རྣམས། །བསྒྲལ་ནས་ཐལ་བ་རྡུལ་དུ་བཤིག །རྡོ་རྗེ་ཁ་ཊྭཱཾ་དྲིལ་གསིལ་ཤིང་། །ཐལ་བར་གྱུར་པ་འཚོ་བར་བྱས། །སེམས་ཅན་ཁམས་ནི་རྣམ་སྦྱངས་ནས། །དག་པའི་སངས་རྒྱས་ཞིང་རྣམས་སུ། །སངས་རྒྱས་བྱང་ཆུབ་དག་ལ་བཀོད། །རྡོ་རྗེ་འདོད་ཁྲོ་ལ་སོགས་ཀྱི། །རྟོག་པ་བླ་མེད་ཐམས་ཅད་ནི། །ནམ་མཁའི་དབྱིངས་ཀྱི་མཁའ་ཀླས་པའི། །སེམས་ཅན་ཁམས་ནི་རྣམ་པར་སྦྱངས། །ཞེས་ཧེ་རུ་ཀས་དབུགས་ཕྱུང་བའོ། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ལོག་པར་བལྟ་ལ་གནས་པར་གྱུར། །ལྟ་བ་ཤིན་ཏུ་ངན་པ་ཡིས། །འོ་དོད་འབོད་པ་ཆེན་པོར་གྱུར། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །བྱང་ཆུབ་སེམས་ནི་རྣམ་སྦྱང་ཕྱིར། །ཆགས་པའི་པདྨོ་རྡོ་རྗེ་ཆོས། །ཧེ་རུ་ཀར་གནས་ཉེས་སྐྱོན་བྲལ། །ཁམས་གསུམ་ཉེས་སྦྱངས་སྤྱན་རས་གཟིགས། །པདྨ་གར་དབང་ཕྱག་རྒྱར་གསལ། །འདོད་ཆགས་ཐམས་ཅད་དག་པ་ན། །པདྨར་སྦྱོར་བའི་འདོད་ཆགས་ཀྱིས། །འདུལ་བར་གསལ་བས་དོན་ལ་སྦྱོར། །པདྨ་གར་གྱི་དབང་ཕྱུག་གིས། །ནམ་མཁའི་མཐའ་ཀླས་རྟོག་པ་རྣམས། །སེམས་ཅན་ཁམས་རྣམས་སྦྱང་བའི་ཕྱིར། །ཆགས་པའི་དོན་གྱིས་རྣམ་པར་སྦྱང་། །ཞེས་པདྨ་གར་གྱི་དབང་ཕྱུག་གིས་དབུགས་ཕྱུང་བའོ། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་གདུག་ཅིག་བརྐམ་པར་གྱུར། །བརྡུངས་ཤིང་བརྐམ་པས་ཡི་དྭགས་ལྟུང་། །དེ་ནས་འཕོས་ནས་དབུལ་པོར་སྐྱེས། །དེ་ཡི་སྐྱོན་གྱིས་གསོད་པར་བྱེད། །ཤིན་ཏུ་གདུག་པ་སྦྱང་བའི་ཕྱིར། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །དམ་པའི་དོན་ཆེན་ཉི་མ་བྱུང་། །ནམ་མཁའི་སྙིང་པོའི་རིན་ཆེན་གྱི། །རེ་བ་ཀུན་ཡང་ཡོངས་རྫོགས་མཛད། །ཁྲོ་གཏུམ་ཞི་བས་མི་འདུལ་ཕྱིར། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་པ། །རྡོ་རྗེ་ཉི་མའི་ཕྱག་རྒྱར་གསལ། །འཇིག་རྟེན་གསུམ་སོགས་རྟོག་པ་ཀུན། །སྦྱངས་ནས་ཡོན་ཏན་རྒྱས་ཤིང་འཕེལ། །རྡོ་རྗེ་ཉི་མས་དབུགས་ཕྱུང་བའོ། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །བརྩོན་འགྲུས་ཤིན་ཏུ་ཆུང་བར་གྱུར། །ཤིན་ཏུ་བརྩོན་འགྲུས་ཆུང་བ་ཡིས། །མནར་མེད་པ་ཡི་དམྱལ་བར་ལྟུང་། །རྣལ་འབྱོར་དེ་ནི་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དྲག་ཤུལ་སྦྱོར་བའི་ཚུལ་དག་ཏུ། །རྟ་མཆོག་དཔལ་དུ་རྣམ་པར་སྣང་། །ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཁྲོ་བོ་དེ་བཞིན་གཤེགས་པ་ཡིས། །སྡིག་མེད་སྟོབས་ཀྱིས་ངོ་མཐོན་དུ། །དྲེགས་པ་ཕོ་ནི་མནན་ནས་སུ། །དེ་ཚེ་ཡུམ་རྣམས་རང་གིས་སྤྱད། །ཞི་རྒྱས་དབང་དྲག་ལྷུན་གྲུབ་ཀྱིས། །རྟ་མཆོག་རྣམ་པར་འཕྲུལ་པ་ཡིས། །མ་ལུས་ལུས་པ་མེད་པ་ཡི། །སེམས་ཅན་རྣམས་ཀྱི་དོན་ཡང་བྱེད། །རྟ་མཆོག་དཔལ་གྱི་རྒྱལ་པོ་ཡིས། །ནམ་མཁའི་དབྱིངས་ཀྱི་མཐའ་དོན་བསྒྲུབས། །ཞེས་དཔལ་རྟ་མཆོག་གིས་དབུགས་ཕྱུང་བའོ། །རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་མཉམ་སྦྱོར་ལས། རིགས་དྲུག་གི་འགྲོ་བ་ལ་སྤྲུལ་པ་རོལ་པའི་ལོ་རྒྱུས་བཀོད་པས་རྟོག་པ་སྟེ་ལེའུ་གཉིས་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་འདུས་པ་ལས་འདི་དག་ཕྱུང་ངོ་། །ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཧཱུཾ་ཙིཏྟ་པྲ་བེ་སྥ་ར་ཎ་ཕཊ། ཨེ་ཨཱ་ཀ་ཤ་མཎྜ་ལ། ཡཾ་ཀརྨ་རཀྵ་ཧཾ། བཾ་མཱ་མ་ཀི་རི། སུ་རུ་མེ་སུཾ་ལཾ་ཏིཥྛ་མཎྜ་ལ། རཾ་ཛྙཱ་ནྱཾ་མཎྜ་ལ། རཀྟ་མཱཾ་ས་ཀེཾ་རཾ་བྷྲཱུཾ་ཙཀྲ་མཎྜ་ལ། བྷྲཱུཾ་བཛྲ་མཎྜ་ལ། བྷྲཱུཾ་རཏྣ་མཎྜ་ལ། བྷྲཱུཾ་པདྨ་མཎྜ་ལ། བྷྲཱུཾ་བཛྲ་བི་ཤྭ་མཎྜ་ལ། བྷྲཱུཾ་ཨེ་མཎྜ་ལ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཱཻ། ཨོ་ཨཱ། ཨཾ་ཨཱཿཧཱུཾ། ཨཱོཾ་ཧེ་ཧྲཱིཿཏྲཱཾ་ཨཱ། ༀ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་ཛཿཧཱུཾ་བཾ་ཧོཿ སུ་ར་ཏ་སྟྭཾ་ཛ་བཛྲ་དྲྀཥྚི་སྭ་ཡེ་ཀ་མཊྚ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལི་ཧཱུཾ། བཾ་བཛྲི་ནིརྨ་ར་ར་ཏ་ཧོཿ བཛྲ་ཀཱ་ལེ་ཤྭ་རི་ཏྲི། ཨཱོཾ་ཨཱཿམ་དྷུ་བཛྲེ་གྷུཾ་གྷུཾ། ཨཱོཾ་བཛྲ་མེ་གྷ་ག་གྷུ་ལུ་གྷུ་ལུ་བྷྲཱུཾ། ཨཱོཾ་ཧ་ཤ་རསྟ་བཛྲེ་ནི་ཨི་ཨི། ༀ་ཁཾ་བཛྲ་ཤི་ཤི་རི་ཧཱུཾ་ཧཱུཾ། ཨཱོཾ་བྷུ་ཁཾ་ༀ་བཛྲ་ས་ར་ཤཾ། ཨཱོཾ་བཛྲ་རཏྣ་རཾ། ཨཱོཾ་བཛྲ་དྷརྨཱ་བཾ། ཨཱོཾ་བཛྲ་ཀརྨ་ཐཾ། ཧཾ་སརྦ་བཛྲ་ཚེ་བཛྲ་ཏ་ཏྲེ། ཏྲཾ་བཛྲ་པཱ་དཾ། དྷཾ་བེ་ཤ་བཛྲ། ཨཱོཾ་ཧེ་རུ་ཀ་བཛྲ་ས་མ་ཡཱ་ཧི། སརྦ་དུཥྚ་ས་མ་ཡ་མུ་དྲ་པྲ་བྷཉྫ་ཀ་ཧཱུྃ་ཕཊ། ཨཱོཾ་བཛྲ་གུ་ཧྱ་སིདྡྷི་པ་ར་མ་ཡོ་གཱི་ཤྭ་རི་ཧྲཱི་ཧཱུྃ་ཧཱུྃ། བཛྲ་ཙཾ་རེ་ཤཱ་རི་ཁ་ཌཾ་གི་མ་ཧི། བཛྲ་ཀ་པ་ལཱ་མ་ཀུ་ཌི་རུ་ལུ་རུ་ལུ་ཧི་ན། ཧཱུྃ་བཛྲ་ན་ད་ཡ་ནི་ཛ་ཛྷི། ཨཱོཾ་བཛྲ་ས་ཏྭ་ཀེ་ཛི་ཧཱུྃ་བཛྲ་པྲ་ཧ་ར་ཎ་མ་དྷ། ཨཾ་བཛྲ་ཤུ་ལཱི་གྲ་བྷི་བྷ་ཧཱུྃ་ཕཊ། ཧཱུྃ་བཛྲ་ཡོ་ཤེ་ཙིནྡྷ་མ་ཌ། ཧཱུྃ་བཛྲ་མེ་ལ་ད་ཤེ་མ་ཌ། ཧེ་བཛྲ་ར་ཏི་པཾ། པ་མ་ཧཱ་ར་ཏི་བཛྲི་ཧེ། ༀ་བཛྲ་ལོ་ཙ་ན་ཡཾ། རཾ་མ་ཧཱ་ཤྭི་བཛྲ་ཧི། ༀ་སི་དྷྱ་བྷུ་སི་དྷྱ་བྷ་བ་སི་དྷྱ། མ་ཧཱ་བཛྲ་རཏྣ་བ་བ་ཌ་ཌ་རཾ། བཛྲ་ས་ཏྭ་ཛཿ བཛྲ་རཏྣ་ཧཱུྃ། བཛྲ་དྷརྨ་བཾ། བཛྲ་ཀརྨ་ཧོཿ ༀ་པྲི་ཏི་བཛྲ་ནི་མ་ཌ་ས། ༀ་བཛྲ་པྲི་ཏི་ཧྲིཿ ༀ་བཛྲ་ཙི་ཏྲ་མ་ནི་ཧོཿ ༀ་བཛྲ་མ་ཧཱ་མ་ཧོ་ཧཱུཾ། ༀ་སྭ་བྷཱ་ཝ་ཤུདྡྷ་པདྨ་ན་ཏེ་བ་ཤ་ཧྲཱིཿ ༀ་སརྦ་ཏ་ཀ་གཱ་ར་པདྨ་ཛ་ཧཱུཾ། བཛྲ་པདྨི། ཧི་པདྨི་པདྨི་བཾ། ཧོ་པདྨ་ཎི་ར་ཛཿ ཧཱུྃ་པདྨ་ཙཾ་དེ་ཤྭ་རི་ཧཱུྃ་ཕཊ། ཧེ་མ་ཧཱ་བི་ཤྭ་པདྨ་མུ་ཏེ་སིདྡྷི་ཧཱུྃ་ཕཊ། ཧྲཱིཿཔདྨི་པདྨི་ཧཱུྃ་ཨཾ། ཧོ་པདྨི་བི་ཤྭ་ཀྲི་མ་ཀྲ་མ་ཧཱུཾ་ཛ། ༀ་སུམྦྷ་ནི་སུམྦྷ་ནི་ཧཱུཾ། ༀ་བི་ཤྭ་བཛྲེ་དྷརྨཱ་བཛྲཱི། ༀ་བི་ཤྭ་བཛྲ་ས་ཏྭ་ཧ། ༀ་ཧེ་ར་ཏི་བཛྲ་བི་ལཱ་སི་ནི་དྲ་ཌ། ཧེ་ར་ཏི་བཛྲ་གི་ཏེ་ཏེ་ཏེ་ཏེ། ཧེ་ར་ཏི་བཛྲ་ཧཱ་སེ་ཧ་ཧ་བཾ། ཧེ་རི་ཏི་བཛྲ་ནྲྀ་ཏྱེ་པི་བ་བེ་བ་དྷ། ༀ་ཤཱནྟི་གྲཱི་བ་ཧཱུཾ། ཨ་བཛྲ་པུཥྤེ། ཨ་བཛྲ་དྷུ་པེ། ཨ་བཛྲ་ཨཱ་ལོ་ཀེ། ཨ་བཛྲ་གནྡྷེ། ཨཱོཾ་ཧ་ཡ་གྲཱི་བ་སྤུཥྚི་ཧཱུཾ། གཱིརྟི་ཧྲཱིཿ ལཱ་སྱེ་ཧཱུཾ། མཱ་ལེ་ཏྲཾ། ནྲྀ་ཏྱེ་ཨཱ། ཨཱོཾ་ཧུ་ལུ་གྲཱི་བ་བ་ཤཾ་ཧཱུཾ། རུ་པ་ཧཱུཾ། ཧེ་ར་ཏི་ཧཱུཾ། ཛི་བི་ཧཱུཾ། ཙི་པི་ཏི་ཧཱུཾ། ཨཾ་ཨེ་མ་ར་ཧུ་ལུ་ཧཱུཾ། ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨཱོཾ་བཛྲ་པཱ་ཤ་ཧཱུཾ། ཨཱོཾ་བཛྲ་སྥོ་ཊ་བཾ། ཨཱོཾ་གྷཎྜེ་ཧོཿ ཨཱོཾ་པ་ན་པེཾ། པེ་ནུ་སུ་ར་ཏ། ཏི་པུ་པ་ར་མུ། ཏ་ཐཱ་ག་ཏ་སིདྡྷི་ཧུ། སརྦ་སིདྡྷི་ཧུ་ས་མ་ཡོ་ཏ་མུ། མ་ཧཱ་སུ་ཁ་སིདྡྷི་ཧུ། ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པས། སྟོང་གསུམ་ཐམས་ཅད་སྐུས་གང་། རབ་ཏུ་གང་། ཀུན་ཏུ་གང་ངོ་། །དེ་ནས་དེ་བཞིན་གཤེགས་པས་ཐམས་ཅད་ཀྱི་སྐུའི་སྙིང་པོ་ཞེས་བྱ་བ་འདི་ཕྱུང་ངོ་། །ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་གསུངས་པའི་ཞི་བའི་ཚོགས་ཐམས་ཅད་དགྱེས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་སྙིང་པོ་འདི་ཕྱུང་ངོ་། །ༀ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་གསུངས་པས་གསུང་གི་ཚོགས་ཐམས་ཅད་དགྱེས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་འདི་ཕྱུང་ངོ་། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་གསུངས་པས་ཁྲོ་བོའི་ཚོགས་ཐམས་ཅད་དགྱེས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་སྙིང་པོ་འདི་ཕྱུང་ངོ་། །ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐཱ། ཞེས་གསུངས་པས་ཡོན་ཏན་གྱིས་རབ་ཏུ་གང་ངོ་། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་སྙིང་པོ་འདི་ཕྱུང་ངོ་། །ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན། བིདྱཱ་ར་ཛ་ཧཱུཾ་ཕཊ། ཅེས་གསུངས་པས་ཕྲིན་ལས་ཡོངས་སུ་གྲུབ་བོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་གསང་བ་ཞེས་བྱ་བ་འདི་གསུངས་སོ། །ཛཿཧཱུཾ་བཾ་ཧོཿ ཨེ་ཧྱེ་ཧི་བྷ་ག་ཝཱན། མ་ཧཱ་ཀ་རུ་ཎི་ཀ །དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ༀ་སརྦ་ཏ་ཐཱ་ག་ཏ་ཚ་ཡ་ཏིཥྛ་ལྷན། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི། ༀ་ན་མ་ཏེ་ཧཱུཾ། ན་མ་མི་ཧཱུཾ། ན་མོ་ན་མཿཧཱུཾ། ༀ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་ༀ་ཨཱཿཧཱུཾ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་ཨུ་ག་ཏ་ཨ་བྷི་ཥིཉྩ་མི། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀ་ཙིཏྟ་ཧཱུཾ། ཨེ་ཨཱ་ར་ལི་ཧྲིཾཿ ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱཀྐི་ནི་ས་མ་ཡ་ཧཾ་དྲྀ་ཤྱ་ཧོཿ ༀ་བཛྲ་ཌཱཀྐི་ནི་ཨི་དཾ་བ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ། ༀ་བུདྡྷ་ཌཱཀྐི་མི་ཨི་དཾ་བ་ལིཾ་གྲྀཧྣནྟུ་ས་མ་ཡ་རཀྵནྟུ། ༀ་རཏྣ་ཌཱཀྐི་ནི་ཨི་དཾ་བ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ། ༀ་བྷནྡྷ་ཡ་བྷནྡྷཡ། ཏོ་ཥ་ཡ་ཏོ་ཥ་ཡ། མོ་ཧ་ཡ་མོ་ཡ། སརྦ་ཌཱཀྐི་ནི་ཨེ་ཨཱ་རལླི་ཧྲཱིཿ ༀ་པདྨ་ཌཱ་ཀྐི་ནི་ཨི་དཾ་བ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ། ༀ་ཀརྨ་ཌཱཀྐི་ནི་ཨི་དཾ་བ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ། ༀ་སརྦ་ཌཱཀྐི་ནི་ཨི་དཾ་བ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ། ༀ་ཤྨ་ཤ་ན་ཌཱཀྐི་ནི་ཨི་དཾ་བ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟ། ཞེས་གསུངས་པས་ཐམས་ཅད་མཉེས་པར་གྱུར་ཏོ། །རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་མཉམ་སྦྱོར་ལས། གསུང་གི་འཁོར་ལོའི་རྟོག་པ་སྟེ་ལེའུ་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་གསུངས་སོ། །སངས་རྒྱས་འདི་ཚེ་བསྒྲུབ་བྱའི་ཕྱིར། །སྐུ་གསུམ་པ་ལ་གོམས་པར་བྱ། །དང་པོ་ཆོས་ཀྱི་དབྱིངས་ཉིད་ལས། །དམིགས་པ་མེད་པའི་དོན་གྱིས་བསྒོམ། །བསྒྲུབ་མེད་ཡུམ་གྱི་བྷ་ག་ལ། །བརྗོད་མེད་སེམས་ཀྱི་ངང་དུ་གསལ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་ཀུན་ལ་ཁྱབ་པར་བྱ། །རྩོལ་མེད་མ་བསྒྲུབས་ཇི་ལྟར་ལས། །ཀུན་སྣང་ནམ་མཁའི་ངང་ཉིད་འབྱུང་། །མེད་པའི་རྒྱུ་ལས་མངོན་གསལ་བ། །སེམས་ཀྱི་རང་བཞིན་ཡེ་ཤེས་གསལ། །དམ་པའི་ཡི་གེ་ༀ་ལས་ནི། །ཡེ་ཤེས་སེམས་དཔའ་གསལ་བར་ཤར། །འབྱུང་ལྔའི་དམ་པ་རིན་ཆེན་དབྱིངས། །སྟོང་གསལ་གཡོ་ཞིང་སྡུད་པའི་ཆུ། །སྲ་མཁྲེགས་སྲེག་བྱེད་འབར་བའི་མེ། །བྷྲཱུཾ། ཅིར་ཡང་འགྱུར་བའི་ཡིག་འབྲུ་བསམ། །བཞུགས་གནས་འབར་བ་ཆོས་ཀྱི་དབྱིངས། །ཡེ་ཤེས་དྲུག་གི་གཞལ་ཡས་ཁང་། །རང་གནས་མཛེས་པའི་དབྱིངས་དང་ལྡན། །ཧཱུཾ་འབར་སྒེག་པའི་ཉམས་ཅན་ཞལ། །རྡོ་རྗེ་ཁ་ཊྭཱཾ་དྲིལ་བུ་འཁྲོལ། །ཐབས་དང་ཤེས་རབ་མདའ་གཞུ་འཛིན། །མཐིང་ག་མཚན་དང་དཔེ་བྱད་རྫོགས། །བདེ་མཆོག་དཀར་མོ་ཛཿལས་སྐྱེས། །ཐབས་དང་ཤེས་རབ་མདའ་གཞུ་འཛིན། །ཧཱུཾ་སྐྱེས་གསེར་མདོག་ཨེ་མ་བདེ། །འཁྱུག་འགྱིང་རྡོ་རྗེ་རིན་ཆེན་བསྣམས། །བཾ། སྣང་མཛད་དམར་པོ་རྡོ་རྗེ་ཐོད། །ཐབས་ཀྱི་ཁ་ཊྭཱཾ་རབ་ཏུ་འཁྲོལ། །ཧོ་སྐྱེས་ལྗང་གུ་སློབ་མ་མོ། །འཁྱུད་ཅིང་བདུད་རྩི་རབ་ཏུ་གསོལ། །ཤར་ཕྱོགས་རིམ་བཞིན་བྱང་དུ་འཁོད། །ༀ། སངས་རྒྱས་བྱང་ཆུབ་དཀར་མོ་ཆེ། །དུས་གཅིག་ཚངས་མགོ་མདའ་གཞུ་འཕེན། །བྷྲཱུཾ། ཆོས་ཀྱི་འཁོར་ལོ་དཀར་སེར་མ། །དམར་སྐྱ་རྣམ་རྒྱལ་ཧ་ལས་བྱུང་། །ཏྲི་ཤཱུལ་རྡོ་རྗེ་གསུམ་ལྔ་འཛིན། །ཁཾ། འདོད་པའི་དབང་མོ་ལྗང་གུ་ཞལ། །དཔག་བསམ་ལྕུག་མ་རླུང་གིས་བསྐྱོད། །ཤར་ལྷོ་ནུབ་བྱང་རིམ་སྐྱེས་སོ། །རྡོ་རྗེ་འཛིན་རྒྱལ་འཁོར་ལོ་ཆེ། །དཀར་འབར་སྣང་མཛད་དགེ་སློང་ཅན། །ཆོས་ཀྱི་འཁོར་ལོ་གླེགས་བམ་དང་། །མཁར་གསིལ་ལྷུང་བཟེད་མཚན་དཔེར་ལྡན། །ཀྵཾ། སྔོ་སངས་སངས་རྒྱས་བྱང་ཆུབ་མ། །རྡོ་རྗེ་ལྕེ་ཡི་རྣམ་པར་བསྒོམ། །རཾ། དཔའ་མོ་གསེར་མདོག་ཆ་ལང་འཁྲོལ། །ཏྲཾ། ཀུན་བཟང་དམར་མོ་རིན་ཆེན་འཛིན། །དཾ། མི་བཟད་ལྗང་གུ་དུང་འཛིན་མ། །དབུས་ཀྱི་འཁོར་ལོ་ཤར་ནས་འཁོད། །ཀྵཾ། སྤྲིན་ཆེན་དམར་མོ་སྤྲིན་ཆེན་འབེབས། །དཾ། ནམ་མཁའི་སྤྱན་མ་པདྨ་དཀར། །ཧཾ། སངས་རྒྱས་དབྱངས་མ་སེར་མོ་ཞགས། །ཚ་སྐྱེས་དབང་མོ་པདྨ་ལྗང་། །དཀྱིལ་འཁོར་རེའུ་མིག་ཕྱོགས་བཞིར་རྫོགས། །དེ་བཞིན་གཤེགས་མཛད་ཀུན་ཏུ་འཁྲིལ། །ཧི་སྐྱེས་ཧེ་རུ་མཐིང་གའི་སྐུ། །གཡས་པ་ཞི་ལ་གཡོན་པ་ཆགས། །རྨོངས་བྱེད་ཞལ་ནི་རྒྱབ་ན་འབྱུང་། །རྡོ་རྗེ་ཁ་ཊྭཱཾ་དྲིལ་བུ་འཁྲོལ། །གཡང་གཞི་འཇིགས་བྱེད་པགས་པ་བརྡེབ། །མདའ་གཞུ་ཐོད་པ་སྙིང་ཁྲག་བཀང་། །གར་གྱི་ཉམས་དགུ་འགྱིང་བའི་ཞལ། །ཧྲཱིཿ དཀར་མོ་མདའ་འཛིན་ཀོའུ་རཱི་མ། །ཧི་སྐྱེས་ཙོའུ་རཱི་དམར་མོ་ཞལ། །ལྕགས་ཀྱུ་ཁ་ཊྭཱཾ་ཆོས་འཁོར་བརྒྱད། །ཛིཿ བེ་ཏ་བ་དན་ཁམ་ཕོར་དཀར། །ཛིཿ པྲ་མོ་དམར་མོ་ཕྱག་བཞི་མ། །རྡོ་རྗེ་ཁམ་ཕོར་འཁོར་ལོ་འདེབས། །ཛཾ། པུཀྐ་སྣ་ཚོགས་ལྕུག་མ་འཛིན། །ཧཱུཾ། ཙཎྜ་ནག་མོ་རྡོ་རྗེ་འཕེན། །བ་དན་ཏྲི་ཤཱུལ་རབ་ཏུ་ཁྲོས། །ཏ། གྷསྨ་ནག་མོ་རལ་གྲི་མེ། །ཧཱུཾ། སྨེ་ཤ་སྔོན་མོ་ཐོད་ཁྲག་གསོལ། །རྡོ་རྗེ་ཁ་ཊྭཱཾ་ཐོད་པ་ཞགས། །འགྱིང་མཛེས་ཁྲོ་བས་ཕྱོགས་སུ་འཁོད། ། ཀ །དཀར་མོ་མཚོན་ཆ་མདའ་གཞུང་དཀར། །བཾ། སེར་མོ་ཁ་ཊྭཱཾ་དྲིལ་བུ་འཁྲོལ། །ཡཾ། དམར་སེར་འཁོར་ལོ་རྩིབས་བརྒྱད་བསྐོར། །རཾ། སྣ་ཚོགས་ལྗང་གུ་བ་དན་འཛིན། །འདི་དག་འཁྱུད་ཚུལ་མདུན་ནས་འཁོད། །ཧེ་རུ་ཀ་ཡི་ཟླ་གམ་རྫོགས། །ཏྲཱཾ། ཉི་མ་སེར་པོ་མདའ་གྲི་གཡས། །གཞུ་པད་ཉི་མ་རྡོ་རྗེས་མཚན། །ཨཱཾ། དབང་བསྐུར་དཀར་མོ་དབུ་རྒྱན་འཛིན། །ཧྲཱིཿ གསེར་ལྡན་སེར་མོ་རིན་ཆེན་སྒྲོམ། །ཧོཿ རྒྱལ་མཚན་དམར་མོ་རིན་ཆེན་རྒྱལ། །ཧཾ། མཆོད་ཆེན་ལྗང་གུ་རིན་ཆེན་སྣོད། །གཙོ་ལ་འཁོར་ཞིང་ཕྱོགས་བཞིར་གནས། །ཛཿ མདའ་འཛིན་དམར་སེར་མདའ་གཞུ་ཅན། །ཧཱུཾ། སྔོན་མོ་ཁ་ཊྭཱཾ་རལ་གྲི་འཛིན། །ཝ། དམར་སེར་ཉི་མིའི་དཀྱིལ་འཁོར་ཅན། །རྡོ་རྗེ་ལྗང་སེར་མཆོད་སྡོང་ཅན། །རྡོ་རྗེ་ཉི་མ་རིན་ཆེན་རྫོགས། །ཧྲཱིཿ གར་དབང་དམར་པོ་པདྨ་འཛིན། །ཞལ་གཅིག་ཕྱག་གཉིས་རྣམ་པར་མཛེས། །ཡང་ན་རྡོ་རྗེ་དྲིལ་མཚན་པ། །ཉི་ཤུ་གཅིག་དང་ལྔ་བཅུ་གཉིས། །ཛཿ རྣམ་གཟིགས་དཀར་པོ་པདྨ་འབྱེད། །ཧཱུཾ། སྒྲོལ་མ་དམར་སྐྱ་ཨུཏྤལ་སྐུ། །ཝཾ། ས་འཛིན་དཀར་མོ་འཁོར་ལོ་འཛིན། །ཧོཿ ཁྲོ་གཉེར་རྡོ་རྗེ་ཨུཏྤལ་ལྗང་། །ཧཱུཾ། གཏུམ་པོ་པདྨ་རྡོ་རྗེ་མཐིང་། །ཧེ། སྣ་ཚོགས་པདྨ་འཁོར་ལོ་སྔོ། །ཨཱཿ པདྨ་ཆུ་སྲིན་རྒྱལ་མཚན་དཀར། །ཧོཿ པདྨ་ལྗང་གུ་པདྨ་བསྒྲུབ། །ཕྱེད་ཕྱེད་ཕྱི་ནང་རེའུ་མིག་རྫོགས། །པདྨ་གར་དབང་ཆུ་སྐྱེས་རྫོགས། །ཨཱཿ ལྗང་སེར་རྟ་མཆོག་རྟ་གདོང་ལྗང་། །བ་དན་གསུམ་པ་སྣ་ཚོགས་ཐུགས། །རལ་གྲི་མདའ་ནི་བཞི་པར་འཆང་། །སྣ་ཚོགས་པདྨ་མདུང་རྩེ་གསུམ། །བེ་ཅོན་གཞུ་ནི་བཞི་པར་འཛིན། །འགྱིང་བརྗིད་གར་གྱི་སྐུར་ལྡན་དགྱེས། །ཛི། སྣ་ཚོགས་པདྨ་དཀར་ལྗང་གཡས། །ཧ། སྔོ་ལྗང་རྡོ་རྗེ་སྣ་ཚོགས་གཡས། །ལས་བཞི་རྟ་མཆོག་རིམ་པར་སྦྱར། །རྒྱ་གྲམ་རྟ་ཡི་འཁོར་ལོར་རྫོགས། །ཧཱུཾ་སྐྱེས་དཀར་པོ་རྟ་ཞལ་འགུགས། །ཨ་སྐྱེས་སྔོན་མོ་གླིང་བུ་འབུད། །ཏཾ། སེར་མོ་རྡོ་རྗེ་པི་ཝང་འདྲེན། །བཾ། རྔ་ཆེན་དམར་མོ་རྔ་རིང་བརྡུངས། །ཛྷི། རྫ་རྔ་ལྗང་གུ་རྡོ་རྗེ་མཚོན། །ཟླུམ་ཞིང་འཁྱིལ་ནས་གྲྭ་ལ་རྫོགས། །ཛྷ་སྐྱེས་སེར་པོ་རྟ་ཞལ་ཞགས། །ཨ། དམར་སེར་རྡོ་རྗེ་མེ་ཏོག་སྣོད། །སྤོས་སྣོད་དཀར་མོ་ཨ་སྐྱེས་མ། །ཨཱཿ དམར་སྐྱ་མར་མེ་བ་དན་འཛིན། །ཨ། གནྡྷེ་ལྗང་གུ་དུང་ཆོས་འཛིན། །མཆོད་པའི་དཀྱིལ་འཁོར་ཐིག་ལེ་རྫོགས། །བཾ་སྐྱེས་དམར་མོ་རྟ་ཞལ་ལྕགས། །ཧཱུཾ་སྐྱེས་དཀར་མོ་ལ་སོགས་གཟུགས། །མཱ་ལེ་ཕྲེང་བ་ཏྲཾ་སྐྱེས་སྔོ། །གཱིརྟི་དམར་མོ་གླུ་ལེན་ཧྲཱིཿ ཨ་སྐྱེས་ནཱིརྟི་ལྗང་གུ་གར། །དབང་མཆོག་རྒྱལ་པོ་གྲྭ་ལ་རྫོགས། །ཧཱུཾ་སྐྱེས་བྱུང་བ་ལྗང་གུ་དྲིལ། །རཱུ་སྐྱེས་དཀར་མོ་མེ་ལོང་གཟུངས། །ཧི་སྐྱེས་སེར་མོ་དྲི་སྣོད་མ། །ཛི་སྐྱེས་དམར་མོ་དྲི་བསུང་སྣོད། །ཙི་སྐྱེས་ལྗང་གུ་ཞལ་ཟས་སོ། །དཀྱིལ་འཁོར་ཨེ་ཡི་འཁོར་ལོ་རྫོགས། །དཀར་མོ་རྟ་གདོང་ལྕགས་ཀྱུ་ཤར། །ཛཿལས་བྱུང་བས་འགུགས་བྱེད་བྱམས། །ཕག་གདོང་ནག་མོ་ཞགས་ཐོགས་ལྷོ། །ཧཱུཾ་ལས་སྐྱེས་པ་སྙིང་རྗེ་བདག །སེང་དམར་ཐབས་ཤེས་ལྕགས་སྒྲོ་ནུབ། །བཾ་ལས་བྱུང་བ་དགའ་བ་དམར། །ལྗང་གུ་ཐལ་བྱེད་སྤྱང་དྲིལ་བྱང་། །ཧོཿལས་སྐྱེས་པ་བཏང་སྙོམས་ལས། རིག་པ་ལས་སྐྱེས་ཡེ་དག་ཕྱིར། །རྫོགས་ཆེན་རྣལ་འབྱོར་དུས་གཅིག་རྫོགས། །ཀུན་ཏུ་དམིགས་ལ་རིག་པར་ལྡན། །གཏི་མུག་ཅན་ལ་གཏི་མུག་སྟེ། །ཞེ་སྡང་ཅན་ལ་ཞེ་ཡང་སྡང་། །གདུག་པ་ཁྲོ་གཏུམ་འདོད་པ་བཞིན། །སེར་སྣ་ཅན་ལ་སེར་སྣས་བསྡམས། །འདོད་ཆགས་ཅན་ལ་འདོད་ཆགས་སྦྱོར། །ཕྲག་དོག་ལ་ཡང་ཕྲག་དོག་གོ། །འདུལ་ཕྱིར་རིགས་སུ་བསྡུས་པ་དང་། །བྱེ་བྲག་རྣམས་ལ་བྱེ་བྲག་སྟོན། །རྒྱལ་བ་རྫོགས་པའི་དཀྱིལ་འཁོར་ལ། །བསམ་ཡས་འདོད་པ་ཀུན་སྟེར་ཕྱིར། །རིག་པའི་སྤྲུལ་པ་རྒྱ་ཆེན་མཆོད། །གདུང་བའི་གླུ་དང་མཛེས་པའི་གར། །རོལ་མོ་ལས་ཀྱི་ཀརྨས་དབུལ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་མཉམ་སྦྱོར་ལས། ལྷ་རྣམ་པར་བཀོད་པའི་ལེའུ་སྟེ་རྟོག་པ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་མཉེས་པར་བྱེད་པ་ཀུན་ཏུ་རྣམ་པར་སྤྲུལ་པའི་རོལ་པ་ཆེན་པོ་རོལ་མོའི་རྒྱན་ཞེས་བྱ་བ་འདི་གསུངས་སོ། །རིག་པ་རིག་པ་ཉིད་ལ་གནས། །དེ་ཕྱིར་རིག་པ་རིག་པའི་སྤྲུལ་པ་སྟེ། །དམིགས་མེད་མཁའ་ལྟར་དག་པས་ཁྱབ་པའི་སྐུ། །སྤྱན་དྲངས་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཆེན་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །བསྙེངས་པ་མི་མངའ་སྟོབས་བཅུའི་ཤུགས་མངའ་བ། །མ་འདྲེས་སངས་རྒྱས་ཆོས་རྣམས་རབ་ཏུ་རྫོགས། །དཔལ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ། །རྔམས་པའི་ཞལ་ནས་འབྲུག་སྒྲོག་ཅིང་། །སེང་གེའི་ང་རོས་ཀྱང་ནི་བསྐྱོད་དུ་མེད། །གདུག་པའི་ཚོགས་རྣམས་ཟིལ་གྱིས་གནོད་མཛད་པ། །བཅོམ་ལྡན་འགྲོ་ལ་བརྩེ་སླད་གཤེགས་སུ་གསོལ། །མཁའ་འགྲོ་ཀུན་དང་ཐབས་ཅིག་གཤེགས་སུ་གསོལ། །སྒྱུ་མ་གར་གྱི་རོལ་བས་འདྲེན། །རིག་པ་ཉིད་ལ་ཡེ་ཤེས་འཇུག །མཐུ་ལྡན་ནུས་པ་རྟོག་པ་སེལ། །མཆོད་པའི་རྣམ་པ་ཐམས་ཅད་ལ། །མཱཾ་ས་ཆུ་དང་ཟིལ་པ་དང་། །གྲུབ་པ་བཞི་ཡིས་རབ་བརྒྱན་པ། །ཏིང་འཛིན་མཐུ་དང་ངོ་བོས་གྲུབ། །སངས་རྒྱས་རྣམས་ལ་ཙནྡན་སྤྲོས། །རྡོ་རྗེ་ཅན་ལ་གུར་གུམ་ཡིན། །སྤྱན་རས་གཟིགས་ལ་ཙནྡན་དམར། །ག་བུར་རྡོ་རྗེ་ཉི་མ་ལ། །མེ་ཏོག་ཀུན་དང་བདུག་པ་ཀུན། །དེ་བཞིན་མར་མེ་ཐམས་ཅད་དང་། །སྤོས་རྣམས་ཐམས་ཅད་ཇི་སྙེད་པ། །རྡོ་རྗེ་འཆང་ལ་དབུལ་དུ་རུང་། །སྨིན་དང་གཡོ་བའི་དཀྱིལ་འཁོར་དུ། །ཡཀྴ་འབར་བའི་མགོ་ཐོད་བཞག །རང་བྱུང་བི་མུ་མ་ར་ཤུ། །གོ་ཀུ་ད་དང་ཧ་ནའི་རྒྱན། །ཧཱུཾ་བྷྲཱུཾ་ཨཱཾ་ཛྲིཾ་ཁཾ་ཞེས་པ། །དབུས་ཤར་ལྷོ་ནུབ་བྱང་དུ་གནས། །ཡེ་ཤེས་འོད་ལྔ་ཁ་དོག་འབར། །དག་ཤུ་སྤེལ་བས་ཁ་དོག་དྲིལ། །ཧྲཱིཿལས་བྱུང་བ་ཡེ་ཤེས་མེ། །སྟོང་ཉིད་རྡོ་རྗེ་ཁོང་སེང་ཅན། །ཁམས་གསུམ་ཚེ་འཛིན་རྒྱ་མཚོར་འཁྱིལ། །སངས་རྒྱས་སྤྲིན་ཚོགས་སྦྱིན་པར་བསྟིམ། །ལུག་ངག་མཐུ་ལྡན་ནུས་པ་ཆེ། །བགེགས་རྣམས་འཇོམས་པས་མཚམས་ཀྱི་མཆོག །ཤངས་ཀྱི་འོད་ཟེར་རླུང་སྒྲོམ་ནས། །འཁྱིལ་ཞིང་སྤྲོ་བ་གསལ་བྱེད་དབྱངས། །ཀེང་ཞེས་རུལ་སྦལ་ཁ་འདྲ་བ། །ཁ་ནི་བུམ་པ་འབབ་པ་སྟེ། །ག་ནི་བསེ་ཡི་ཁ་དང་མཚུངས། །གྷ་ནི་བུམ་པ་ལྟ་བུ་སྟེ། །ང་ནི་ཀང་ཀ་ཉིད་དང་འདྲ། །ཙ་ནི་ཙ་ཤ་ཉིད་དང་མཚུངས། །ཚ་ནི་གདུགས་ཀྱི་སྦ་བ་འདྲ། །ཛ་ནི་རྔ་མོའི་མགོ་བོ་བཞིན། །ཛྷ་ནི་རྔ་ཆེན་གཟུགས་ལྟ་བུ། །ཊ་ནི་སྐེད་ཉག་ལྟ་བུ་སྟེ། །ཋ་ནི་པུ་ཤུད་འགྲོ་བ་འདྲ། །ཌ་ནི་ཐི་བའི་ཁ་ཉིད་དེ། །ཌྷ་ནི་མཁའ་འགྲོ་ཉིད་དུ་གོ། །ཎ་ནི་སྦྱིན་བདག་དང་འདྲ་བ། །ཏ་ནི་སྡང་དང་འདྲ་བ་སྟེ། །ཕ་ཝང་ཁ་འདྲ་ཡི་གེ་ཐ། །ད་ནི་མཆེ་བ་ཅན་དང་མཚུངས། །དྷ་ཉིད་གཞུ་ཡི་ངོ་བོ་ཉིད། །ན་ནི་མ་ཧེའི་ཁ་འདྲ་བ། །རི་སྐེགས་འགྲོས་ནི་པ་ཞེས་བྱ། །ཕ་ནི་ཁྲུང་ཁྲུང་མགོ་དང་མཚུངས། །འདམ་བྱ་བ་སྟེ་སྐྱེ་ག་བྷ། །མ་ནི་སྤྲེའུའི་མཚུལ་པའི་གཟུགས། །ཕུག་རོན་དུར་པ་ཡ་དང་ར། །ཁུ་བྱུང་བྱ་རོག་ལ་དང་ཝ། །ཤ་ཥ་རི་བོང་ཞི་བའི་སྤྱན། ས་ཧ་སྤྱང་ཀུ་འཕྲོག་མ་དང་། །ཀྵ་ནི་སྲིན་བུའི་ཁ་ལྟ་བུ། །དེ་རྣམས་ཁ་དང་འགྲོས་ཀྱིས་དབྱིབས། །མཚོན་པས་ཕྲིན་ལས་རྣམ་བཞི་བསྡུས། །ཨ་ནི་ཁྱིམ་བྱའི་མགོ་བོའི་གཟུགས། །ཨཱ་ཉིད་དེ་དང་ཅུང་ཟད་འདྲ། །ཨི་ནི་གླང་ཆེན་སྣ་ལྟ་བུ། །ཨཱི་ནི་དབང་ཕྱུག་ཆེན་པོ་འདྲ། །ཨཱུ་ནི་རྔ་མོའི་མགོ་བོ་བཞིན། །ཨཱུ་ནི་ཤ་བའི་ཁ་འདྲ་བ། །རྀ་ནི་རི་བོང་མགོ་བོ་འདྲ། །ཡི་གེ་རཱྀ་ནི་སེང་མགོ་བཞིན། །ཡི་གེ་ལྀ་ནི་གླང་ཆེན་ལ། །ལཱྀ་ནི་དབང་ལྡན་ཞལ་དང་མཚུངས། །ཨེ་ནི་མ་ཧེའི་ཁ་འདྲ་བ། །ཨཻ་ནི་རྨ་བྱའི་ཁ་དང་མཚུངས། །ཨོ་ནི་བྱི་ལའི་ཁ་དང་མཚུངས། །ཨ་ནི་ཁྱིམ་བྱའི་ཁ་བཞིན་ནོ། །ཨཾ་ནི་ཆུ་སྲིན་མགོ་བོ་འདྲ། །ཚེག་དྲག་ཨཿནི་རྟ་མགོ་བཞིན། །སྤྱིར་ན་བསམ་ཡས་དབྱིབས་གསུངས་པ། །རང་བཞིན་ཉིད་ཀྱིས་རྣམ་བཞིར་འདུས། །ཐབས་དང་ཤེས་རབ་འཐབ་པ་ཡིས། །རིང་ཐུང་གར་དང་ལྕོང་དུ་འབྱུང་། །དེ་ཉིད་སྒྲ་ཡི་འབྱུང་གནས་སུ། །ཧ་པ་ལྔར་ཀ་སོརྒ་རྟ། །ཤ་ར་པ་དང་གར་ར་པ ། །བྲེང་ངེ་བ་དང་དུང་ངེ་བ། །པང་གེ་དེའུ་དང་ཅང་ཀ་དེའུ། །དེ་བཞིན་གཤེགས་དང་རྡོ་རྗེ་འཛིན། །རྡོ་རྗེ་ཧེ་རུ་ཉི་མ་དང་། །པདྨ་གར་དབང་རྟ་མཆོག་དཔལ། །ཚངས་པའི་དབྱངས་ཀྱིས་འདྲེན་པ་དང་། །མཁུན་ཅིང་གདུངས་པའི་སྒྲ་འབྱིན་ཅིང་། །རྡོ་རྗེ་སྲིན་པོའི་དུར་སྒྲ་འདོན། །རྡོ་རྗེ་དྲག་པོ་གད་མོ་ཆེ། །འཁུར་བ་དབུགས་ཀྱི་རླུང་འབྱིན་ཅིང་། །འབྲུག་གི་སྒྲ་ལྟར་ཟབ་པ་ཡིས། །རུ་ལུ་རུ་ལུའི་སྒྲ་ཕྱུང་ནས། །གླུ་དྲུག་བླངས་པས་དོན་དྲུག་རྫོགས། །ཡོན་ཏན་རྣམ་བཅུ་རེ་རེར་ལྡན། །གསུང་དབྱངས་ཡན་ལག་དྲུག་ཅུ་ཡིས། །འགྲོ་དྲུག་རིགས་དང་བྱེ་བྲག་ལ། །དཀྱིལ་འཁོར་འདུལ་ཞིང་དོན་མཛད་པ། །སྒྲ་ཡི་བྱེ་བྲག་ཇི་སྙེད་པ། །རོལ་མོའི་སྒྲ་ལས་འབྱུང་བ་ནི། །སྙིང་པོ་ཕྱག་རྒྱ་སྔགས་རིགས་དང་། །རིག་པའི་སྒྲ་ནི་ངང་གིས་འབྱུང་། །ཛཿཧཱུཾ་བཾ་ཧོཿ དུང་རྟ་མདར་རྨ་ར་ཏད་ར། རུ་ལུ་རུ་ལུ། པྲ་པིཪྱ་ཏ་ཀི་ཧཱུཾ་ཛཿ ཀི་ནི་དུ་ནི་ཧཱུཾ་དྲུཾ། ཏ་ཀི་ཧཱུཾ་ཛཿ ཧུ་ལུ་ཧུ་ལུ། ཨ་ལ་ལ་ཧོཿ ཤུདྡྷ་སིདྡྷར་རི་ཤ་ཡ། སརྦ་ན་ཏ་གྷེན་གེ། ཏ་ཏ་གེ་གེ། ཏ་ཏ་གྷེ་གྷེ། ཏ་གེཾ་གེཾ། ཏ་གྷེ་རྟ་གྷེ། གྷེ་གྷེ་ཏ་ཏ་གེ་ཏ་གྷེ་ཧེ་ན། དོན་ཏ་ཀི་ཧཱུཾ་ཛ། གྷེ་ཏ་གྷེ། དོན་ཏ་ཀི་ཧཱུཾ་ཛ། དྲན་ཨ་ལ་ལ་ཧོཿ རུ་ཏ་མ་ཏ། ཐལ་མོ་བརྡབ་པའི་རྟག་པའོ། །ཏ་གྷེ་གྷེ། ཏ་གྷེ་གྷེ། ཏ་གྷེ་ཏ་གྷེ་ན། ཏ་གྷེན་ཏ་གྷེན། གྷེན་གྷེན། རྒྱུད་ཀྱི་རྔའོ། །ཨཾ་ཨཾ་ཨཾ། ཧཾ་ཧཾ་ཧཾ། བཾ་བཾ་བཾ། དྷཾ་དྷཾ་དྷཾ། དམ་ཚིག་གསུང་བ་ལྔའོ། །དེ་ཀོང་དེ་ཀོང་དེ་ཀོང་ཏེ་བཛྲ། བཛྲ་ཕྱེ་ཕྱར་ཀོང་། ཀོཾ་ཀོཾ་ཀོཾ། ཧཱུཾ་བྷྱོ་ཧཱུཾ་བྷྱོ། ཧཱུཾ་བྷྱོ་ཧཱུཾ་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ། དྷྱེ་ཀོཾ་ཀོཾ་གོང་གོང་། དེ་གོཾ་གོཾ་གོཾ། དཔལ་ཧེ་རུ་ཀའི་རྔའི་ཕྱག་རྒྱའོ། །པདྨ་བྷནྡྷ་དིང་། པདྨ་བྷནྡྷ་ཏྲིང་། པདྨ་པདྨ་ཏྲིང་། དཔལ་པདྨ་ཐལ་མོ་བརྡབ་པའི་རྔའོ། །ཏྲཾ་ཏྲཾ་ཏྲཾ་ཏྲཾ། བ་བ་བ་བ། བ་བ་བ་བ། ཊ་ཊ་ཊ། ཊ་ཊ་ཊ་ཊ། ཏྲ་ཏྲ་ཏྲ་ཏྲ་ཏྲནྟ་ཏེ། ཌ་དུར་ཏྲ་རུད་ཏྲ་ཏྲ། རྒྱལ་པོའི་རྔའོ། །ཏ་ཀི་ཧཱུཾ་ཛ་ཏ་ཀི་ཧཱུཾ་ཛ། སྙེམས་པའི་འགྲོས་སོ། །ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲ་ཏྲ་ཏྲ། མྱུར་ཞིང་རབ་ཏུ་མྱུར་བའོ། །བ་ཏ་བ་ཏ་ཏུ་ཏུན་ཏ་ཊ་པ་ཊ། ཏ་ཊ་ཏ་བ་ཏ་བ་རུ་འུན་ཏ་ཊ་བ་ཏ། ཏ་ཊ་བེ་ཏ་བ་ཧེ་དོན། དཔལ་རྣམ་པར་རོལ་པའོ། །བ་ཏ་བ་ཏ་བ་ཏ་ཕཊ་ཏྲ་ཊ། ཤིན་ཏུ་མྱུར་བའི་རྔའི་ཕྱག་རྒྱ་ཤེས་པ་སྟེ། སིལ་སྙན་གྱི་ཕྱག་རྒྱ་ཤེས་པའོ། །སིལ་སྙན་དོན་ལ་བྲག་ཆའི་སྒྲ། །རང་བཞིན་མེད་པར་གསན་ཞུགས་པ། །སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང་། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །ཡེ་ཤེས་ངང་དུ་མི་གཉིས་གཅིག་པས་ན། །འདུ་འབྲལ་མེད་པའི་ངང་གསལ་ཆོས་ཉིད་དུ། །མི་གཉིས་དོན་ཕྱིར་མཆོག་གི་དངོས་གྲུབ་རྣམས། །བདག་ལ་སྩོལ་ཅིང་བརྟན་པར་བཞུགས་སུ་གསོལ། །གླུ་ཡི་ཕྱག་རྒྱ་འདི་དག་གིས། །གླུ་ཡི་ཕྱག་རྒྱ་གར་བྱའོ། །བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེ་དགྲ་ཟུན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལ་མི་འདའ་བས། །མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོས་པས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་ལོ། །འདོད་པའི་ཡོན་ཏན་ལྔ་དང་རིན་ཆེན་བདུན། །མ་རྨོངས་རྨོངས་པ་ཀུན་གྲོལ་རྒྱལ་བའི་གནས། །རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དགའ་རབ་མཛོད་ཅིག་དམ་ཚིག་དམ་པ་གྲུབ། །སྒྱུ་མ་ཉིད་ལ་སྒྱུ་མ་སྤྱོད། །སྒྱུ་མ་ཆེན་པོ་རིགས་ཀྱི་ཡུམ། །སྒྱུ་མས་སྒྱུ་མ་དགའ་མཛད་མ། །ཙནྡན་དཀར་དམར་ཉི་ཟླའི་སྐད། །པདྨ་རྡོ་རྗེ་ཐབས་ལས་བྱུང་། །དགའ་དང་མཆོག་ཏུ་དགའ་དང་བྲལ། །སྐྱེས་པ་ལྷན་ཅིག་དགའ་བའི་རོ། །རང་བཞིན་དངོས་པོ་རྣམ་གཉིས་ཀྱིས། །མྱུར་དུ་དངོས་གྲུབ་སྐྱེད་བྱེད་དེ། །འཕྲལ་དུ་ཡིད་ཆེས་བྱེད་པ་ཡིན། །ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒོམ་པར་བྱ། །རང་རྫས་ཐིག་ལེ་ཕྱིར་ཕྱུང་ནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་མཆོད། །ཧེ་ནི་བདེ་ཆེན་ལས་བྱུང་བ། །རུ་ནི་རིན་ཆེན་ཆགས་དང་བྲལ། །ཀ་ནི་རབ་ཏུ་རྨོངས་པ་སྤངས། །ཧེ་རུ་ཀ་སོགས་དགྱེས་མཆོད་རོལ། །སྐྱེ་བ་བདུན་པ་དག་པའི་ཞིང་། །ཞིང་བཅུ་བསྒྲལ་བ་བསྟན་པའི་དགྲ། །ངན་སོང་གསུམ་ནི་སྙིང་རྗེའི་གནས། །ཏིང་འཛིན་བརྟན་ཐོབ་རྣལ་འབྱོར་པས། །ཐུགས་རྗེའི་དམ་ཚིག་སྙིང་རྗེས་བཟུང་། །ལོངས་སྤྱོད་ཕུང་པོ་ཚོགས་ལ་རོལ། །དག་པ་འོད་གསལ་ཆོས་སྐུར་སྦྱོར། །འོག་མིན་བྷ་ག་ལིངྒར་བཏབ། །བསོད་ནམས་ཡེ་ཤེས་ཚོགས་འགྱུར་བ། །གསང་བའི་དམ་ཚིག་མི་བཅག་ཕྱིར། །དངོས་གྲུབ་སྙིང་རྗེ་མཆོད་པས་རོལ། །གཟུགས་མེད་དང་ནི་གཟུགས་སྣང་བ། །གཟུགས་ཀྱི་མཐའ་ནི་རྣམ་པར་རིག །སྒྲ་མེད་སྒྲ་ནི་བྲག་ཆའི་སྒྲ། །རིག་སྟོང་སྒྲ་ནི་ཆོས་ཉིད་གསུང་། །དྲི་མེད་དྲི་བྲལ་སྟོང་པའི་དྲི། །རང་བཞིན་སྦྱོར་བ་སྣ་ཡི་ཡུལ། །མྱོང་བ་མེད་པ་མྱོང་བའི་རོ། །མེད་པར་མྱོང་བ་བ དུད་རྩིའི་ཆུ། །རེག་མེད་རེག་ན་བདེ་འཇམ་ཞིང་། །རེག་པ་བཞི་བསྡུས་ལུས་ཀྱིས་གནས། །ཆོས་མེད་ཆོས་ཏེ་ཆོས་ཀྱི་མཆོག །ཡོད་མེད་འཁོར་འདས་བསྡུས་པའི་ཆོས། །ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ། །ཡུམ་གྱི་བྷ་ག་ཆོས་ཀྱི་དབྱིངས། །དམ་ཚིག་དྲི་མེད་ཡོན་ཏན་དྲུག །ཐུགས་དམ་བཞིན་དུ་ལོངས་སྤྱོད་རོལ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་མཉམ་སྦྱོར་ལས། མཆོད་པའི་སྤྲིན་རྣམ་པར་བཀོད་པའི་ཕྱག་རྒྱའི་ལེའུ་སྟེ་རྟོག་པ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཀུན་ཏུ་འགྲོ་བ་ཞེས་བྱ་བ་འདི་གསུངས་སོ། །སྐལ་བཟང་བསྒོམ་པའི་རྣལ་འབྱོར་པ། །མཆོད་རྟེན་དབེན་གནས་སྐྱེད་མོས་ཚལ། །གཙུག་ལག་ཀུན་དགའ་ར་བ་རུ། །སེམས་དཔའ་རྡོ་རྗེ་དཔའ་བོ་བསྒྲུབ། །དགོན་པ་མཆོད་རྟེན་གཙུག་ལག་ཁང་། །དེར་ནི་རྣམ་པར་སྣང་མཛད་བསྒོམ། །རྒྱལ་པོའི་ཕོ་བྲང་པདྨའི་ཚལ། །རྡོ་རྗེ་ཉི་མ་རབ་ཏུ་བསྒོམ། །པདྨའི་ཚལ་ལམ་ཆུ་འདབ་ཏུ། །པདྨ་འཛིན་པ་རབ་ཏུ་བསྒྲུབ། །སྣ་ཚོགས་མཁར་རམ་ཆུ་བོའི་འགྲམ། །རྒྱལ་ཁམས་གཞན་དུ་རྟ་མཆོག་བསྒྲུབ། །དུར་ཁྲོད་ལྷ་རྟེན་མ་མོའི་གནས། །ཧེ་རུ་ཀ་ནི་རབ་ཏུ་ཤིས། །ཉམས་དགའ་ཡིད་འོང་བསམ་གཏན་འཕེལ། །པདྨ་འཁོར་ལོ་རྣམ་པའི་དབྱིབས། །སྐྱོན་རྣམས་བྲལ་ཞིང་ཡོན་ཏན་ལྡན། །ཚོམ་བུ་རྒྱས་པ་བསྒྲུབ་པར་ཤིས། །ཤིས་པའི་འཁོར་རྫས་དུས་འཛོམ་ན། །ཕུན་སུམ་ཚོགས་པ་རབ་ཏུ་གཅེས། །མཐོ་དམན་གསེག་མ་གྱོ་མོ་དང་། །ཚྭ་སྒ ོ་ཤིང་དུམ་རོ་ལྔ་བྲལ། །བླང་བརྟག་བཟུང་དང་སྦྱང་བ་དང་། །བསྐྲད་གསུང་སྦྱོར་བས་ཆོ་ག་རྫོགས། །ཉིས་འགྱུར་དཀྱིལ་འཁོར་ཚད་ཡིན་ཏེ། །མཛེས་ཤིང་འཚམས་པ་རབ་ཏུ་ཤེས། །སེམས་དཔའི་སྐྱིལ་ཀྲུང་ལ་གནས་ནས། །རྡོ་རྗེ་སེམས་དཔའི་གར་བྱས་ཏེ། །སྔགས་དང་ཕྱག་རྒྱ་ལྡན་པ་ཡིས། །བགེགས་རྣམས་ཐམས་ཅད་གཞིག་པར་བྱ། །རྡོ་རྗེ་པུས་མོ་གཉིས་བཅིངས་ཏེ། །རྡོ་རྗེེ་སྐྱིལ་མོ་ཀྲུང་བཅས་ནས། །བདག་ཉིད་སྟན་ལ་འདུག་ནས་ནི། །བགེགས་རྣམས་ཐམས་ཅད་གཞིག་པར་བྱ། །དྲག་ཤུལ་ཅན་ལ་དྲག་ཤུལ་སྦྱོར། །ཞལ་བཞི་པ་ལ་ཕྱག་བཞི་པ། །ཞབས་བཞི་པ་ལ་རྨིག་པ་བཞི། །རྟ་མགྲིན་རྒྱལ་པོ་བགེགས་རྣམས་འཇོམས། །པདྨའི་སྐྱིལ་ཀྲུང་བཅས་ནས་ནི། །ལག་པ་པདྨ་བསྐོར་བ་དང་། །སྔགས་དང་ཕྱག་རྒྱ་ལྡན་པ་ཡིས། །བགེགས་རྣམས་ཐམས་ཅད་གཞིག་པར་བྱེད། །རྡོ་རྗེའི་ཉི་མ་གཡོན་བརྐྱང་བས། །རྒྱས་བཏབ་རྨོངས་བྱས་ཐལ་བར་བྱས། །ཁམས་གསུམ་པ་ཡང་འཚོ་བར་བྱེད། །བགེགས་རྣམས་ཐམས་ཅད་གཞིག་པར་བྱ། །ཧེ་རུ་ཀ་ནི་རྡོ་རྗེའི་འགྲོས། །གདུག་པ་ཐམས་ཅད་སྤ་ཡང་བཀོང་། །རྡོ་རྗེ་སེམས་དཔའ་སྒེག་པ་སྟེ། །དཔའ་ལ་དཔའ་བོ་དེ་བཞིན་གཤེགས། །རྡོ་རྗེ་འཛིན་པ་སྙིང་རྗེའི་བདག །རྒོད་པ་འཇིག་རྟེན་དབང་ཕྱུག་མཆོག །རྡོ་རྗེ་ཉི་མ་ཁྲོ་བོའི་ཉམས། །རྟ་མཆོག་དྲེགས་པ་འཇིག་པར་བྱེད། །ཤཱཀྱ་ཐུབ་པ་མི་སྡུག་པས། །ངོ་མཚར་ལ་ནི་ཨ་ལ་ལ། །རབ་ཏུ་ཞི་བ་སངས་རྒྱས་སོ། །འཁྲུལ་འཁོར་འཕང་བ་མདའ་དང་ནི། །མ་འཕངས་རལ་གྲིའི་ཕྱག་རྒྱ་དང་། །ལག་པས་འཕངས་པ་མདུང་ཐུང་སོགས། །འཕངས་ནས་སླར་བཟུང་ཞགས་པ་དང་། །རྐང་པ་གྱད་ཀྱི་སྟོབས་འགྱེད་པས། །རྐང་པ་གཤིབས་པས་ས་གནོད་ཅིང་། །རྐང་པ་བསྐྱེད་པས་ས་མནན་པ། །དཀྱིལ་འཁོར་གྲུ་བཞིར་མནན་པ་དང་། །བརྐྱང་བསྐུམ་ཚུལ་གྱིས་གནས་གསུམ་མནན། །དབྱིངས་ཀྱི་ཕྱག་རྒྱ་ཤེས་པར་བྱ། །མི་ལྷོད་པ་ལ་སྲན་གཟུགས་དང་། །མཉེན་ཞིང་ཡན་ལག་བསྟན་པ་དང་། །རྒྱ་ཆེར་ས་བཞི་རྣམ་པར་དག །ལུས་ཀྱི་ཕྱག་རྒྱ་བདེ་བླག་ཅན། །རྐང་པ་མནན་ཅིང་རྨིག་པ་མནན། །མདའ་གཞུ་འདྲེན་པའི་ཕྱག་རྒྱ་ཡིས། །ཁམས་གསུམ་རྒྱལ་སྲིད་ཆེན་པོ་དག །རྣམ་པར་བཏུལ་ནས་དགའ་བར་སྤྱོད། །ཉུང་དཀར་གུ་གུལ་རྫས་དག་དང་། །རྒྱལ་ཆེན་མངའ་གསོལ་ཕྱོགས་སྐྱོང་མནན། །ཁྲོ་བཅུ་བཀོད་དེ་དམ་སྲི་མནན། །ཆོས་རྒྱལ་མངའ་གསོལ་སྒོ་བྱང་གདགས། །བགེགས་དང་ལན་ཆགས་སྦྱིན་པ་དགྱེ། །ས་ཡི་རི་མོ་བྱ་བ་དང་། །དུར་ཁྲོད་ཐལ་བའི་རི་མོ་བྱ། །དཀྱིལ་འཁོར་སྣ་ཚོགས་དྲིས་བྱུགས་ཏེ། །མེ་ཏོག་དྲི་ནི་ལྷ་གྲངས་མཐུན། །མཆོད་སོགས་ལྷ་ཡི་ལྷག་པར་གནས། །སྒྲུབ་པའི་བུམ་པ་ལྷ་གྲངས་མཉམ། །གང་བའི་བུམ་པ་དག་དང་ནི། །ཐམས་ཅད་ལས་ཀྱི་བུམ་པ་དང་། །རྣམ་པར་རྒྱལ་བའི་བུམ་པའོ། །སྦྱངས་ནས་བསངས་ཏེ་གཞལ་ཡས་ཁང་། །བསྐྱེད་དྲང་བསྟིམ་མཆོད་བསྟོད་པ་དང་། །བསྙེན་པ་ཉེ་བའི་བསྙེན་པ་དང་། །བསྒྲུབ་པ་བསྒྲུབ་པ་ཆེན་པོ་བཞི། །དཀྱིལ་འཁོར་རབ་ཏུ་བསྒྲུབ་པར་བྱ། །གཙོ་དང་འཁོར་གྱི་བསྙེན་པ་བསྐྱར། །སྦྱིན་སྲེག་བྱ་ཞིང་ལས་སྒྲིབ་བཤགས། །སྐལ་ལྡན་བུ་མཆོག་ལ་སོགས་པ། །རྟགས་གདབ་དམ་ཚིག་བསྲེ་བསྣན་བྱ། །སེམས་བསྐྱེད་སྡོམ་པ་བཟུང་བ་དང་། །བདུན་པོ་རྣམ་དག་སྤྲོ་བ་བསྐྱེད། །སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང་། །རྡོ་རྗེའི་ཁུ་ཚུར་གནས་གསུམ་གཏུག །སྤྱི་བོར་བདུན་དམིགས་སྙིང་མཆོད་དབུལ། །མཎྜལ་པདྨ་འདབ་བརྒྱད་ལ། །རྣམ་ལྔ་བ་ཀོ་ཙམ་བྱུགས་ཏེ། །ཨུ་དུམྺ་ར་ལས་བྱས་པ། །སྡིག་སྤངས་བཅུ་གཉིས་མེ་ཏོག་ཐོད། །དོར་ཏེ་པྲ་བརྟག་སྲུང་སྐུད་གདགས། །དག་པའི་སྔགས་ཀྱི་ཁྱོར་ཆུས་བཀྲུ། །རིགས་ལྔར་ཀུ་ཤ་རྨི་ལམ་བརྟགས། །ཞི་བ་རྒྱས་པ་དབང་དྲག་དང་། །རྫས་དང་མཆོད་པའི་རིམ་པ་ཡིས། །ངན་པའི་ལྟས་ལ་བསྲེགས་སྦྱངས་ཤིང་། །སར་བའི་རྒྱུ་ལས་ཁ་བསྒྱུར་ཏེ། །ལྔའམ་ཉི་ཤུའི་ཁ་དོག་ཅན། །རྡོ་རྗེ་རྒྱུན་ཐག་ལ་སོགས་པ། །གསང་བའི་སྔགས་ཀྱིས་བསྒྲིལ་ནས་ནི། །མཚན་ལྡན་མཛེས་མ་ལྷར་གསལ་ནས། །ཛཿཛཿཞེས་ནི་གཏད་པར་བྱ། །ནམ་མཁའ་གང་བའི་བདེ་གཤེགས་རྣམས། །ཁྱེད་ཀྱི་འགྲོ་དོན་མཛད་དུས་ལགས། །ཐིག་ལེ་སྒྲ་འདིས་བསྐུལ་ནས་ཀྱང་། དེ་རྣམས་འདིར་ནི་གཤེགས་སུ་གསོལ། །གསང་བའི་སྔགས་དང་ཕྱག་རྒྱ་དང་། །དཀྱིལ་འཁོར་ཐིག་གདབ་ཤེས་རབ་ཅན། །ཕྱོགས་ཀུན་མཉམ་པ་ཉིད་དམིགས་ནས། །ཤར་ལྷོ་ནུབ་བྱང་ཕྱོགས་རྣམས་སུ། །ཐིག་བཞི་བཏབ་པས་དཀྱིལ་འཁོར་དགུ། །དཀྱིལ་འཁོར་ཟླུམ་པོ་སངས་རྒྱས་ཀྱི། །འདུས་པའི་བདག་པོ་འཁོར་ལོ་ཅན། །རྡོ་རྗེ་ཅན་གྱི་ཟླ་གམ་དགུ། །པདྨ་དབང་གི་ཆུ་སྐྱེས་བརྒྱད། །རྡོ་རྗེ་ཉི་མ་རིན་ཆེན་དབྱིབས། །སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ཅན། །རྟ་ཡི་རྒྱལ་པོ་ཡང་དག་གནས། །ཇི་སྲིད་འདོད་པ་ཅི་འབྱོར་པ། །ཇི་ལྟར་དུས་དང་ཅི་བདེ་བའི། །དཀྱིལ་འཁོར་ཀུན་ཏུ་གནས་པ་དཔལ། །ཕྲིན་ལས་ཀརྨའི་རིགས་ཡིན་ཕྱིར། །རྟ་མཆོག་ཕྱག་རྒྱ་ཅིར་ཡང་གསལ། །མཚམས་བཞི་ལས་བཞི་དཀྱིལ་འཁོར་དུ། །ལས་བཞིའི་རིགས་ཀྱི་རྒྱལ་པོ་ལ། །ལྷ་མོ་བཅུ་དྲུག་འཁོར་ལོ་ཆེ། །རྟ་བབས་བརྒྱད་ལྡན་ཏཱ་ར་ཎ། །མཛེས་པའི་རྒྱན་བཞི་འདེབས་པའི་ཚུལ། །ཕྱོགས་མཚམས་སྟེང་འོག་མཉམ་གནས་པས། །དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར། །མ་མོ་བརྒྱད་དང་ལྷ་ཆེན་བརྒྱད། །ཞིང་སྐྱོང་ཤིང་དང་ཀླུ་ཆེན་བརྒྱད། །ཤཱཀྱ་ཐུབ་མཛད་མཐར་ཕྱིན་ཅིང་། །མཆོད་རྟེན་བརྒྱད་ནི་བསྒོམ་ཚུལ་མཛད། །ཡེ་ཤེས་མེ་བརྒྱད་རབ་ཏུ་འབར། །བྱམས་པའི་ཆུ་ཆེན་བརྒྱད་འབབ་ཅིང་། །སྙིང་རྗེའི་བྲག་བརྒྱད་མཛེས་པར་བརྩེགས། །དགའ་བའི་སྤྲིན་བརྒྱད་ཀུན་ཏུ་འཐིབས། །བཏང་སྙོམས་རླུང་བརྒྱད་རབ་ཏུ་འབུད། །ཕྱོགས་སྐྱོང་བཅུ་ནི་རབ་ཏུ་གནས། །རབ་འབྲིང་ཐ་མའི་ཚོན་ཕྱེ་ལ། །སྔགས་ཀྱིས་བྱིན་བརླབས་པྲ་བརྟགས་ཏེ། །རིགས་ཀྱི་མདོག་ལ་གནས་འགྱུར་ཚོན། །ཚོམ་བུ་དགུ་པའི་དཀྱིལ་འཁོར་ནི། །རིགས་བསྡུས་ཆེན་པོར་བྲི་བ་དང་། །གདུལ་བྱ་འདུལ་ཕྱིར་རེ་རེ་བཞེངས། །རབ་གནས་རྫོགས་པའི་དཀྱིལ་འཁོར་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དང་། །འབྱོར་བའི་ལོངས་སྤྱོད་གང་ཡིན་པ། །རྒྱན་དང་མཚོན་ཆ་རིག་པས་སྦྱར། །སློབ་དཔོན་ཞུགས་ནས་སློབ་མ་འཇུག །གང་ལ་བབས་པའི་རིགས་ཀྱི་ལྷ། །སྤྱན་དབྱེ་གསང་བའི་དཀྱིལ་འཁོར་ལྟོས། །རིགས་དང་སྦྱར་ནས་དབང་ཡང་རྫོགས། །རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་མཉམ་སྦྱོར་ལས། །དཀྱིལ་འཁོར་རྣལ་འབྱོར་སྤྲོས་པའི་ལེའུ་སྟེ་དྲུག་པའོ།། །།དེེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བ་སྦྱིན་པ་ཞེས་བྱ་བ་འདི་གསུངས་སོ། །ལུས་ཀྱི་དཀྱིལ་འཁོར་གྲུ་བཞི་ལ། །རྡོ་རྗེེ་མཆུ་དང་རྡོ་རྗེ་བཅས། །མཚོན་ཅན་པོ་དག་བསྒྲུབ་པ་ནི། །མཐུ་ཡིས་རབ་ཏུ་གྲུབ་པ་སྟེ། །པདྨའི་སྣོད་ཀྱི་ནང་དུ་གཞུག །ཆགས་པ་ཆེན་པོ་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སངས་རྒྱས་ཀུན་གྱི་རྡོ་རྗེའི་ཐུགས། །དམ་ཚིག་འདི་ནི་འདའ་བར་དཀའ། །དེ་ཡི་མཚལ་དང་ཁུ་བ་དང་། །མཚལ་ཆེན་པོ་ཡི་བསྒྲུབ་པ་དག །ཆགས་པ་ཆེན་པོ་ལས་བྱུང་བས། །དམར་ཆེན་པོ་ཞེས་བྱ་བར་བཤད། །དམར་ཆེན་པོ་དང་ག་བུར་བཅས། །ཙནྡན་དམར་པོ་སྦྱར་བ་དག །ཚོགས་ཀྱི་དབུས་སུ་བཞག་པ་ནི། །ར་ས་ཡ་ན་ཀུན་སློང་བས། །རང་གི་ལྷ་ཡི་སྦྱོར་ལྡན་པས། །སྲིན་ལག་མཐེ་བོའི་རྩེ་མོ་ཡིས། །ཞིམ་པའི་བཏུང་བ་བཞིན་མྱངས་ན། །རྟག་པ་ཡི་ནི་དངོས་གྲུབ་ཐོབ། །བྷ་ག་པདྨའི་དཀྱིལ་འཁོར་དུ། །སྐལ་ལྡན་གསོལ་གདབ་དམ་ཚིག་སྦྱིན། །དེ་ནས་ཁྲུས་བྱས་དྲིས་ལུས་བྱུག །ཅི་འབྱོར་བ་ཡི་གོས་དང་རྒྱན། །སྣ་ཚོགས་གོས་དག་བགོས་ནས་ནི། །ཁ་དྲི་ཞིམ་པའི་མེ་ཏོག་ཕྲེང་། །སྣ་ཚོགས་སྐལ་པ་བཟང་པོ་ཅན། །སློབ་མ་དལ་གྱིས་དལ་གྱིས་སུ། །གོས་དག་བཀབ་པའི་སྦྱོར་བ་ཡིས། །བདག་གི་འབྱུང་བ་བསྐུལ་བར་བྱ། །རྫོགས་པའི་སངས་རྒྱས་ཉི་ཟླ་རྣམས། །ཤར་བ་དག་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང་། །བསོད་ནམས་ཐམས་ཅད་འགྲུབ་པར་འགྱུར། །རྣལ་འབྱོར་བདེ་ཆེན་དབང་འདོད་པ། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །རིམ་དང་ཅིག་ཆར་འཇུག་པ་ཡིས། །དེ་ཉིད་ཡང་དག་བསྒོམ་པ་ནི། །རིག་པ་རང་བཞིན་འོད་གསལ་བ། །དངོས་མེད་རྟོག་པའི་བག་ཆགས་དག །སྒྱུ་མ་མེ་ལོང་གཟུགས་བརྙན་འདྲ། །སྒྱུ་མས་སྒྱུ་མ་སྟོང་པས་ན། །སྒྱུ་མའི་རང་བཞིན་མི་དམིགས་ཕྱིར། །ཆོས་ཀྱི་སྐུ་འདི་ཤེས་པར་གྱིས། །ཇི་ལྟར་ནམ་མཁའ་དྭངས་པ་ལ། །རང་བཞིན་མེད་ལྟར་རང་སེམས་ཞོག །འོད་གསལ་ཆོས་སྐུ་རྟོག་མེད་ལ། །བསླད་པས་དྲི་མས་གོས་འགྱུར་ཕྱིར། །མ་བསླད་བུ་གཅིག་རང་སར་ཞོག །བརྗིད་པ་ཆེན་པོའི་ཁྲི་སྟེང་ན། །སྐལ་ལྡན་ཆེན་པོ་བཞག་ནས་ནི། །གདུགས་དང་རྒྱལ་མཚན་བ་དན་དང་། །རོལ་མོ་རྣམས་ཀྱིས་རྣམ་བརྒྱན་ནས། །བདུད་རྩི་རྣམ་རྒྱལ་བུམ་པའི་ཆུ། །རིགས་ཀྱི་ཅོད་པན་མཛེས་པར་བཅིང་། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང་། །དབང་བསྐུར་བ་ཡི་རྡོ་རྗེ་ཆེ། །མི་ལྡོག་པ་ཡི་དབང་བསྐུར་རོ། །སྐུ་དབང་མདའ་གཞུ་གཏད་པ་དང་། །ཤེས་རབ་དྲིལ་བུ་གསུང་གི་དབང་། །ཐུགས་ཀྱི་དབང་དུ་མེ་ལོང་བསྟན། །ཡོན་ཏན་ཡངས་པ་མིག་ཐུར་དབང་། །ཕྲིན་ལས་བརྟུལ་ཞུགས་ཆེན་པོའི་དབང་། །གདམས་ངག་འདེབས་པ་ཚིག་གི་དབང་། །གསང་བའི་མཚན་རྟགས་མིང་གི་དབང་། །ཉན་དང་འཆད་དང་བསྒྲུབ་པ་དང་། །ཕྲིན་ལས་དབང་རྣམས་རྫོགས་པར་བསྐུར། །འཁོར་ལོ་རྐང་པར་བཞག་བྱས་ནས། །ལག་པ་གཡས་པར་དུང་སྦྱིན་ཏེ། །གཡོན་པར་ལྕེ་ནི་སྦྱིན་པར་བྱ། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །ཁྲོ་བོའི་འཁོར་ལོ་རབ་ཏུ་བསྐོར། །ནོར་བུའི་འཁོར་ལོ་རབ་ཏུ་བསྐོར། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར། །བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ལ། །འཁོར་ལོ་རབ་ཏུ་བསྐོར་བ་དང་། །བླ་མེད་རྣལ་འབྱོར་ཆེན་པོ་ལ། །མ་ཧཱ་ཨ་ནུ་ཨ་ཏི་ལ། །བློ་དང་མཐུན་སྦྱར་འཁོར་ལོ་བསྐོར། །འགྲོ་དྲུག་སེམས་ཅན་དབུགས་ཕྱུང་ཞིང་། །དྲི་ལྡན་ཡེ་ཤེས་མཉེས་བྱའི་ཕྱིར། །གང་ལ་ཡོངས་སུ་བཏང་དཀའ་བ། །གང་ཡིན་དེ་ནི་མཆོག་ཏུ་བཤད། །གང་དང་གང་ལ་ཡིད་འོང་མཆོག །དེ་དང་དེ་ནི་བླ་མར་དབུལ། །ཡང་ན་ཤིན་ཏུ་ཁྱད་པར་ཅན། །བླ་མའི་སེམས་ལ་དགོས་པ་གང་། །དེ་དབུལ་ཡང་ན་ཞོ་ཤ་དབུལ། །དངོས་པོ་ཆུང་ལ་མཉེས་པ་མཆོག །རྡོ་རྗེ་སེམས་དཔའི་ཡོན་དབུལ་བའོ། །བུ་མོ་ཤིན་ཏུ་བརྒྱན་པའམ། །དེ་བཞིན་ཆུང་མ་སྡུག་པ་གང་། །ཕུལ་ནས་ཡོན་གྱིས་བསླུ་བ་ཡིན། །སངས་རྒྱས་བྱང་ཆུབ་མཆོག་ཡིན་ནོ། །རྡོ་རྗེ་རིགས་ལ་བདག་ཉིད་དབུལ། །སླར་ཡང་རིན་གྱིས་བསླུ་བར་བྱ། །རྡོ་རྗེ་འཛིན་པ་དཔལ་སྦྱོར་བའི། །འབུལ་བ་ཡོན་གྱི་མཆོག་ཡིན་ནོ། །མུ་ཏིག་བཟང་པོ་ནོར་བུ་དང་། །ཤིན་ཏུ་དཀར་བའི་རས་ཟུང་དང་། །དེ་བཞིན་རྟ་ནི་དཀར་པོ་དག །པདྨ་ཅན་གྱི་ཡོན་མཆོག་ཡིན། །རྒྱལ་རིགས་ལོངས་སྤྱོད་གཏེར་རྣམས་དང་། །གོས་དང་རྒྱན་གྱི་ཚོགས་རྣམས་དང་། །དེ་བཞིན་མཆོད་པ་ཐམས་ཅད་ནི། །རྡོ་རྗེ་ཉི་མའི་ཡོན་ཡིན་ནོ། །ཤིན་ཏུ་བརྒྱན་པའི་རྟ་དག་དང་། །གླང་པོ་ཤིན་ཏུ་བརྒྱན་པ་ཡང་། །ཤིང་རྟ་རིན་ཆེན་གང་བ་དང་། །རྟ་དག་རྟ་མཆོག་ཡོན་ཡིན་ནོ། །བླ་མ་མཉེས་པར་གང་བྱས་པ། །དེ་ནི་ཆུང་ཡང་མཆོག་ཡིན་ཏེ། །ཆེ་སྟེ་རིན་ཆེན་རི་རབ་ཙམ། །ཆུང་སྟེ་ཁབ་སྐུད་ཡན་ཆད་ལ། །བླ་མ་མཉེས་པ་གང་འབུལ་བ། །དཀྱིལ་འཁོར་དགུ་ཡི་ཡོན་ཡིན་ནོ། །རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་མཉམ་པར་སྦྱོར་བ་ལས། །དབང་བསྐུར་ཕྱག་རྒྱའི་ལེའུ་སྟེ་རྟོག་པ་བདུན་པའོ།། །།དེ་ནས་ཐབས་ཡོད་པར་བྱིན་གྱིས་བརླབས་པ་ཞེས་བྱ་བ་འདི་གསུངས་སོ། །བླ་མེད་གསང་ཞུགས་སྐལ་བཟང་པོ། །ཇི་ལྟར་རྒྱུད་འཕེལ་གྲུབ་འཛིན་པ། །རྩ་བ་སྐུ་གསུང་ཐུགས་རྣམས་བསྲུང་། །དུས་བཞིར་རིགས་དྲུག་སྐུར་བསྒོམ་ཞིང་། །གསང་སྔགས་ཕྲེང་བ་ངག་ལ་འཆང་། །རྫོགས་པའི་རིམ་པ་སྒོམ་བྱེད་པ། །སྦྱོར་ལམ་ཀུན་ལས་ཉམས་པ་མེད། །ཞིང་དང་སྔགས་དང་ལས་སྐྱེས་མ། །མཚན་བཟང་གང་ཡིན་བདེ་བ་སྐྱེ། །དམ་ཚིག་གསང་བ་ཀུན་ཏུ་བསྲུང་། །ཞིང་བཅུའི་ཚོགས་ལ་གནས་སྤོར་ཅིང་། །འགལ་བ་དག་ལ་མཚོན་ཆའི་ཆར། །ཕབ་ནས་བདེ་བར་གཤེགས་ལ་འབུལ། །ཡུམ་དྲུག་དམ་ཚིག་ལ་གནས་ཕྱིར། །དམ་ཚིག་དམ་པ་སྔགས་ཀྱི་སྒྲ། །ན་མོཤྟུ་སརྦ་བྷུདྡྷེ་བྷྱཿ ཞེས་པའི་ཕྱག་རྒྱ་ལ་གནས་ན། །ལས་དང་མཆོད་པ་མ་ལུས་པ། །ལུས་པ་མེད་པ་ཐམས་ཅད་འགྲུབ། །རབ་བྱུང་རྣམས་ཀྱི་གྲུབ་པ་ཀུན། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །ལན་གཅིག་བརྗོད་པས་འགྲུབ་པའི་ཕྱིར། །དམ་ཚིག་ཆོས་ཀྱི་ཕྱག་རྒྱ་འདིས། །གང་དག་བྱས་པར་མ་གྱུར་ཅིག །སྤེལ་བ་དག་ཀྱང་མ་གྱུར་ཅིག །དམ་པ་རྒྱ་ཆེན་དེ་དག་མེད། །ༀ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ན་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཆོས་ཀྱི་ཕྱག་རྒྱ་མཆོག་འདི་ནི། །སེམས་ཅན་ཐམས་ཅད་བྱ་བྱེད་པ། །སྟོབས་ཀྱིས་མྱུར་དུ་བཀུག་ནས་ནི། །བྲན་བཞིན་དེ་ནི་བྱེད་དུ་འཇུག །དྷུ་བ་བྷ་ག་ཏ་མ་ཧཱ་དེ་བི་ཧི་རི་མི་རི་ནི་ཤྲེ་ཡ། ཆོས་ཀྱི་དམ་པ་ཕྱག་རྒྱ་འདི། །འདོད་པ་བདེ་བ་ཀུན་སྦྱིན་པའོ། །ཨཱོཾ་ཏཱ་རེ་ཏུ ཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཆོས་ཀྱི་ཕྱག་རྒྱ་ལ་གནས་པ། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་ནས། །བུད་མེད་གཞན་ལྟ་ཅི་ཞིག་སྨོས། །ཏྲཾ་བ་བ་ཏ་ཏ་ཊ་ཊ་ཊ། རེ་བ་ཐམས་ཅད་ཀུན་རྫོགས་པ། །ཆོས་ཀྱི་ཕྱག་རྒྱ་དམ་པ་འདི། །རེ་བ་ཐམས་ཅད་རྫོགས་བྱེད་པའོ། །ཤྲཱི་བཛྲ་པདྨ་བ་ཏ་བ་མུ་ཁ་ཡོ་གཱི་ཤྭ་རི་ཧི་ཧི་ཧི་ཧི་ཧི། ཆོས་ཀྱི་ཕྱག་རྒྱ་དམ་པ་འདི། །འཇིག་རྟེན་ཐམས་ཅད་རབ་ཏུ་འཇིག །འདི་རྣམས་དམ་ཚིག་མཆོག་ཡིན་ཏེ། །ཆོས་ཀྱི་ཕྱག་རྒྱ་ཤེས་པའོ། །ཞེ་སྡང་ཆེན་པོས་ཞེ་སྡང་བ། །གཏི་མུག་ཆེན་པོས་གཏི་མུག་ཆེ། །ང་རྒྱལ་ང་རྒྱལ་དག་ལ་གནས། །འདོད་ཆགས་ཅན་ལ་འདོད་ཆགས་སྦྱོར། །དེ་བཞིན་ཕྲག་དོག་ཕྲག་དོག་ཉིད། །ཁོང་ཁྲོ་རབ་ཏུ་གཏུམ་གདུག་ཅན། །དྲག་པོ་འཇིགས་བྱེད་འཇིགས་པར་བྱེད། །རིགས་ཀྱི་དམ་ཚིག་ཆེན་པོ་ནི། །རིགས་དྲུག་འགྲོ་དྲུག་ཐབས་ཀྱིས་འདུལ། །དམ་ཚིག་རྣམ་པ་ཅིར་སྣང་ཡང་། །ཆོས་ཉིད་ངང་ལས་མ་ཡེངས་པར། །རྩ་བ་ཡན་ལག་མི་འདའ་བར། །གྲུབ་པ་ཐམས་ཅད་ཡོངས་སུ་རྫོགས། །སློབ་དཔོན་ལ་ནི་རྟག་ཏུ་གུས། །མཆེད་ལ་གདུང་ཞིང་གསང་བ་ཐུབ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །རིག་པ་ཉིད་དེ་སྐྱེས་པའོ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་མཉམ་སྦྱོར་ལས། ཐམས་ཅད་ཡོད་པ་དམ་ཚིག་གི་ལེའུ་སྟེ་རྟོག་པ་བརྒྱད་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་སྣ་ཚོགས་རབ་ཏུ་གསལ་བ་ཞེས་བྱ་བ་འདི་གསུངས་སོ། །འགྲོ་བའི་འཁོར་ལོ་མཆོད་པ་ནི། །ཡོངས་གྲུབ་འདོད་ཡོན་ལྷ་སྐུར་གསལ། །གཞན་ཡང་འདོད་ཡོན་ལྷ་མོར་བཅས། །རིགས་དྲུག་ལྷ་ཚོགས་རྣམ་པར་མཆོད། །འདུག་པའི་འཁོར་ལོ་བསྒོམ་པ་ནི། །དཔྲལ་བ་མགྲིན་པ་སྙིང་ག་སྤྱི། །ལྟེ་བ་ལྐོག་མ་གསང་བ་རུ། །རྣལ་འབྱོར་འཁོར་ལོ་དྲུག་བསྒོམ་སྟེ། །ལག་པ་གཟར་བུ་རྣམ་གཉིས་ཀྱིས། །ལུས་ཀྱི་དཀྱིལ་འཁོར་མཆོད་ནས་ནི། །ཡེ་ཤེས་མེས་ནི་བག་ཆགས་བསྲེག །ཐལ་བ་བཤང་ལམ་ལས་ཕྱུང་བ། །ནང་གི་སྦྱིན་སྲེག་མཆོད་པའོ། །ཕྲིན་ལས་འཁོར་ལོ་བསྒོམ་པ་ནི། །དགེ་དང་མི་དགེ་ལུང་མ་བསྟན། །ལུས་ངག་སྤྱོད་པ་རྣམ་དག་པ། །འོད་གསལ་ཆོས་སྐུ་བསྒོམ་པར་བྱ། །ཕྲིན་ལས་སྒྲིབ་དག་མཆོད་པའོ། །ཉམས་ཆག་སྐོང་བའི་འཁོར་ལོ་བསྐོར་བ་ནི། །རིགས་དྲུག་ལྷ་ཡི་ཐུགས་ཀ་རུ། །རྟ་མཆོག་འཁོར་ལོ་ཉིད་བསྒོམས་ནས། །དེ་ལ་དབང་ལྔ་བསྐུར་བྱས་ན། །ཉམས་པ་དག་པར་བྱེད་པ་སྟེ། །དམ་ཚིག་ཉམས་པ་དབང་བསྐུར་མཆོད་པའོ། །རྟོག་པ་འཁྲུལ་པའི་འཁོར་ལོ་བསྒོམ་པ་ནི། །རྣམ་རྟོག་ཤས་ཆེའི་རྣལ་འབྱོར་པས། །ཁྲུས་ཀྱི་འཁོར་ལོ་བསྒོམ་པ་སྟེ། །རིགས་དྲུག་མདུན་དུ་འཁོར་ལོ་དྲུག །བུམ་པ་དྲུག་ནི་རྫས་དང་ལྡན། །ལྷ་བསྒོམས་སྔགས་ནི་གྲངས་རྫོགས་ནས། །བཀྲུས་པས་འདག་པའི་མཆོད་པའོ། །ལེ་ལོ་གཞོམ་པའི་འཁོར་ལོ་ནི། །ལེ་ལོ་ཤས་ཆེའི་རྣལ་འབྱོར་པས། །རྒྱུན་ཆད་མེད་པ་ཐུན་བཞི་རུ། །ལྷ་ཡི་འཁོར་ལོ་སྤྲོ་བསྡུ་བསྒོམ། །ལྡང་བ་སྤྲུལ་པའི་སྐུ་ཡིན་ཏེ། །རྨི་ལམ་ལོངས་སྤྱོད་རྫོགས་པའི་སྐུ། །གཉིད་ལོག་ཆོས་སྐུར་བསྒོམ་པར་བྱ། །ལེ་ལོ་འཇོམས་པའི་མཆོད་པའོ། །ཡིད་སྐྱོ་གསང་བའི་འཁོར་ལོ་ནི། །ཡིད་ནི་སྐྱོ་བའི་རྣལ་འབྱོར་པས། །རྒྱུན་དུ་ལྷ་ཡི་རྣལ་འབྱོར་གོམས། །དང་པོའི་ལས་ཀྱི་རྣལ་འབྱོར་པས། །གྲངས་དུས་མཚན་མའི་བསྙེན་པ་སྐྱོལ། །ཡིད་སྐྱོ་བསེང་བའི་མཆོད་པའོ། །མི་བརྟན་པ་ཡི་འཁོར་ལོ་ནི། །མཚན་མ་ཐོབ་པའི་རྣལ་འབྱོར་པས། །མཚན་མ་བརྟན་པར་བསྒོམ་པར་བྱ། །བརྟན་པ་ཐོབ་པའི་མཆོད་པའོ། །བརྟན་པ་ཡང་དག་སྦྱོར་བའི་འཁོར་ལོ་ནི། །མཚན་ཐོབ་མངོན་ཤེས་སྐྱེས་པའི་རྣལ་འབྱོར་པས། །མཆོག་གི་དངོས་གྲུབ་ཡང་དག་ཡེ་ཤེས་བསྒོམ། །ཡང་དག་དབང་བར་བསྒོམ་པའི་མཆོད་པའོ། །འདི་ལྟར་གནས་པའི་རྣལ་འབྱོར་གང་ཡིན་པ། །རབ་ནི་སྐུ་ལྔ་ལྷུན་གྲུབ་ཐོབ། །འབྲིང་ནི་རིག་འཛིན་རྣམ་བཞིའི་ལུས། །ཐ་མ་ལྷ་མིའི་མཚན་རྫོགས་པ། །འགྲུབ་པར་འགྱུར་བ་གདོན་མི་ཟ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་གསུངས་སོ། །རང་གི་ལྷ་ཡི་རྣལ་འབྱོར་པས། །གདོང་རྒྱན་གོན་ཏེ་བསྒྲུབ་པ་ནི། །གསང་སྔགས་བརྗོད་ན་འགྲུབ་པ་སྟེ། །ༀ་ཊྭཱཾ་ཀི་ཧཱུཾ་ཛཿ ལྷར་གསལ་ཉིན་རེ་དེ་བརྗོད་ན། །རྡོ་རྗེ་སེམས་དཔའི་དངོས་གྲུབ་ཐོབ། །རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་ནི། །བདེ་མཆོག་མ་ཡི་ཏིང་འཛིན་གྱིས། །ཙྪིར་བཟླས་བསྒྲུབ་བྱའི་སྙིང་གཅོད་འགྱུར། །རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱིས། །ཙི་གིས་བསྒྲུབ་བྱའི་སྙིང་བཅད་ནས། །ༀ་ཙྪི་དཾ་ཙྪི་དཾ་ཧཱུཾ་ཕཊ། བཟླས་ན་བསྒྲུབ་བྱ་གང་ཡིན་པ། །མ་ཤིའི་བར་དུ་འགུགས་པར་བྱེད། །ཁྲག་འཐུང་ཆེན་པོ་སྨེ་ཤ་ནི། །བསྒོམས་ཏེ་འདི་ཉིད་ངག་ཏུ་བརྗོད། །ༀ་ཤུ་ཥི་མུ། བཟླས་ན་མཁའ་འགྲོ་ཐམས་ཅད་འགྲུབ། །བྱིན་རླབས་མངོན་སུམ་ལམ་མཁས་པ། །རྣལ་འབྱོར་ཅན་གྱི་སྒྲུབ་པ་པོས། །ༀ་ཌཱཀྐི་ནི་ཧཱུཾ་ཛ། བཟླས་ན་ཉེས་པ་ཀུན་ལས་གྲོལ། །རིགས་དྲུག་བསྒོམ་པའི་རྣལ་འབྱོར་པས། །དགེ་བའི་བརྟུལ་ཞུགས་བྱས་ནས་ནི། །སྭོ་བསྡམས་ལྕེ་རྩེ་རྐན་གཏད་ནས། །ༀ་ཨཱཿཧཱུྃ་ཞེས་བརྗོད། རྡོ་རྗེའི་བཟླས་པ་དེ་ཡིས་ནི། །རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །ཐིག་ལེ་སྟོང་པ་ཡི་གེ་གསུམ། །ཀུན་དང་མཐུན་པ་དེ་ཉིད་ཐོབ། །བཞེངས་བཞུགས་སྤྱོད་ལམ་ཐམས་ཅད་དུ། །ཧཱུཾ་ལས་བྱུང་བའི་ཧེ་རུ་ཀ །མཐིང་ནག་ཞལ་གཅིག་ཕྱག་བཞི་པ། །སྟོང་ཉིད་རྡོ་རྗེ་ཐབས་ཀྱི་མདའ། །སྐུ་ཡི་ཁ་ཊྭཱཾ་ཤེས་རབ་གཞུ། །རང་གི་ཕྱག་ཏུ་རྣམ་པར་འཛིན། །ཀོའུ་རཱི་ལ་སོགས་མ་མོ་བརྒྱད། །ཟླ་གམ་དགུ་པའི་དཀྱིལ་འཁོར་མཆོག །འབྲུ་བརྒྱད་བསྙེན་པ་ངག་ཏུ་བརྗོད། །སྔགས་འདིས་ཡོངས་རྫོགས་ཆུ་བུར་བ། །ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་མ་དྷ་སརྦ་དུཥྚན། སྐུར་གསལ་རྣལ་འབྱོར་དེ་ཉིད་ལ། །བཀའ་ཉན་གོ་བགོས་བཅིངས་པ་ན། །བགེགས་ཀྱི་སྦྱོར་བ་ཀུན་དང་བྲལ། །ཀཾ་ལས་རྡོ་རྗེ་གོ་ཁྲབ་སྟེ། །ཧཾ་ཞེས་རྡོ་རྗེ་རྒྱུན་ཐག་བསྡམས། །ༀ་ལས་རིན་ཆེན་ཧཱུཾ་རིན་ཆེན། །ཐག་གཉིས་མཛུབ་གུ་ལ་བཅིང་ངོ་། །རཏྣ་མཱ་ལེ་ཨ་བྷི་ཥིཉྩ། །རིན་ཆེན་ཕྲེང་བས་བཅིང་བ་དང་། །པ་ཊ་ལཾ། དར་དཔྱངས་དཀར་པོ་གཡས་སུ་འཕུར། །ཨ་བྷི་ཥིཉྩ་ལཾ། དར་དབྱངས་དམར་པོ་གཡོན་དུ་འཕུར་བའོ། །དུར་ཁྲོད་ཐོད་པའི་ཁང་པ་རུ། །ཧཱུཾ་ཡིག་རྡོ་རྗེ་ཡོངས་གྱུར་པས། །ༀ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཞེས་པ། །བརྗོད་འགྱིང་ནག་པོ་རྡོ་རྗེ་འཕྱར། །དུར་དམར་བ་དན་ཁ་ཊྭཱཾ་བཅས། ཨཱོཾ་བཛྲ་ཧེ་རུ་ཀ་ཀྴ་པ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། གསང་སྔགས་འདི་ལ་གནས་གྱུར་ན། །ད་ལྟ་ཉིད་དུ་སངས་རྒྱས་པའོ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་མཉམ་སྦྱོར་ལས། །ལས་སྣ་ཚོགས་པར་ལས་ཀྱི་ཕྲེང་བའི་ལེའུ་སྟེ་རྟོག་པ་དགུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་ཡོངས་སུ་བརྗོད་པ་ཞེས་བྱ་བ་འདི་གསུངས་སོ། །ༀ། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་ཉིད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་ལ་ཡང་ཀུན་ཏུ་ཡོད་པ་མིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བའི་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་འགྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོང་འཕང་དམ་པ་ཤིན་ཏུ་མཉེས་གྱུར་ཀྱང་། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་རྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡང་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་མཉེས་པས། །ཁམས་གསུམ་ཀུན་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཤིན་ཏུ་གདུག་པ་འདུལ་བའི་ཚོགས་རྣམས་ལ་ཡོན་ཏན་བསྔགས་པ་འདི་གསུངས་སོ། །སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །རྒོད་དང་གཤེ་དང་རྔམས་པའི་ང་རོ་དང་། །སྙིང་རྗེ་རྔམ་དང་ངོ་མཚར་ཆེན་པོ་དང་། སྐུ་ཡི་དངོས་པོ་ཤིན་ཏུ་འགྱུར་བའི་གར། །དུར་ཁྲོད་རུས་པའི་རྒྱན་རྣམས་རབ་ཏུ་མཛད། །ཐེག་མཆོག་གླང་ཆེན་ཀོ་བ་བརྗིད་དང་ལྡན། །ཐབས་མཁས་ཞིང་ཆེན་པགས་པ་མཛེས་པའི་རྒྱན། །འཇོ་སྒེག་སྟག་གིས་པགས་པ་ཆོས་ཉིད་རྒྱན། །རཀྟ་ཐལ་ཆེན་ཞག་གིས་མི་སྲུན་དབང་དུ་སྡུད། །བདུད་དང་སྲིན་པོ་ཚར་གཅོད་རཱུ་ཏྲ་སྒྲོལ། །དཔའ་རྟགས་མཚོན་ཆ་ཐབས་ཀྱི་ཡེ་ཤེས་མེ། །བདུད་ཀྱི་བདུད་འཇོམས་བདུད་དཔུང་ཐལ་བར་རློག །དྲག་པོ་དྲག་ཆེན་དྲག་རྒྱལ་ཧེ་རུ་ཀ །མཚན་དཔེས་རྒྱན་ལྡན་འགྲོ་བའི་དོན་མཛད་པ། །སྐུ་ཡི་གར་མཛད་གསང་སྒོར་འགྲོ་བ་འཇུག །ཏུག་ཆོམ་འབྲུག་སྒྲ་སྟོང་ཁམས་བགེགས་ལ་སྒྲོགས། །གད་རྒྱངས་གད་མོས་གསང་བའི་བཤུགས་གླུ་ལེན། །རྟག་ཆད་མུ་སྟེགས་འགོག་པ་ཉན་ཐོས་བུ། །དམན་པའི་ཐེག་པ་ལོག་ལྟ་འབྱུང་པོ་འདུལ། །སེང་གེའི་ང་རོས་གཅན་གཟན་གདུག་པ་འདུལ། །ཚངས་པའི་དབྱངས་ཀྱིས་སྐལ་ལྡན་རྣལ་འབྱོར་སྐྱོང་། །ཆོས་འཆད་ལོག་ལྟ་ཚར་གཅོད་བདུད་དྲེགས་འདུལ། །ངན་སོང་སྟོངས་མཛད་ཐར་པའི་ལམ་ལ་འགོད། །ཐུགས་རྗེས་འདྲེན་པ་སྙིང་རྗེའི་རྒྱུན་ཐག་ཅན། །སྨོན་འཇུག་སེམས་ལྔ་བསྐྱེད་ཅིང་ཉོན་མོངས་འདུལ། །ཞི་དེས་བྱམས་པའི་གསང་བ་ཀུན་ལ་སྒྲོགས། །འདུལ་སྤྲུལ་མ་ངེས་ངེས་པའི་སྐུར་སྟོན་ཅིང་། །ངོ་མཚར་གཟུགས་སྣང་ཁང་སྟོང་ནམ་མཁའི་འཇའ། །སེམས་ཅན་དོན་མཛད་འདུལ་སྒོ་ཉོན་མོངས་ཞི། །རིག་པའི་རྒྱལ་པོ་བླ་མེད་ཧེ་རུ་ཀ །རིག་འཛིན་རྣལ་འབྱོར་དངོས་གྲུབ་མཆོག་སྩོལ་མཛད། །རྣམ་དག་སྐུ་ལྔ་འཇིགས་པས་ནམ་མཁའ་འདྲ། །ཤ་དང་ཁྲག་མེད་སྟོང་པ་ཡེ་ཤེས་སྐུ། །གདོས་བཅས་དུག་འཇོམས་དཔའ་བོ་འཇིགས་པ་བྲལ། །སྐུ་གསུམ་ལྷུན་གྲུབ་བརྡལ་བ་ཐིག་ལེ་ཆེ། །སྣང་སྟོང་དབྱེར་མེད་ཤེས་རབ་ཐབས་ལྡན་སྐུ། །འཁོར་དང་མྱ་ངན་འདས་པ་རྫོགས་པར་རོལ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སངས་རྒྱས་མཉམ་སྦྱོར་ལས། ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ་སྟེ་རྟོག་པ་བཅུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་སྲས་སངས་རྒྱས་བྱང་ཆུབ་སྐལ་ལྡན་མ་དང་། ཞལ་བཟང་མ་དང་། ཀུན་བཟང་མ་དང་། མི་བཟང་མ་དང་། སྤྲིན་ཆེན་མ་དང་། ནམ་མཁའ་སྤྱན་མ་དང་། སངས་རྒྱས་དབྱངས་མ་དང་། དབང་མོ་དང་། བདེ་མཆོག་མ་དང་། ཨེ་མ་བདེ་བ་དང་། སྒྲོལ་མ་དང་། ཟླ་བ་མོ་དང་། སངས་རྒྱས་བྱང་ཆུབ་མ་དང་། ཆོས་ཀྱི་འཁོར་ལོ་མ་དང་། ཀུན་བཟང་མ་དང་། ཀ་རཱི་མ་དང་། ཙཽ་རཱི་དང་། པྲ་མོ་ཧཱ་དང་། བེ་ཏ་ལཱི་དང་། པུཀྐ་སཱི་དང་། གྷསྨ་རཱི་དང་། ཙནྡྷ་ལཱི་དང་། སྨ་ཤ་ནཱི་དང་། མདའ་འཛིན་མ་དང་། ཁ་ཊྭཱཾ་འཛིན་མ་དང་། འཁོར་ལོ་འཛིན་མ་དང་། སྣ་ཚོགས་བ་དན་འཛིན་མ་དང་། དབང་སྐུར་མ་ད་ང་། གཏེར་ལྡན་མ་དང་། རྒྱལ་མཚན་མཆོག་དང་། མཆོད་རྟེན་མ་དང་། མདའ་གཞུ་འཛིན་མ་དང་། རལ་གྲི་འཛིན་མ་དང་། ཉི་མ་འཛིན་མ་དང་། སྦྱིན་སྲེག་མ་དང་། རྣམ་གཟིགས་མ་དང་། སྒྲོལ་མ་རི་མི་དང་། ས་འཛིན་མ་དང་། ཁྲོ་གཉེར་མ་དང། གཏུམ་པའི་དབང་ཕྱུག་མ་དང་། སྣ་ཚོགས་པདྨ་དང་། པདྨའི་ན་བཟའ་མ་དང་། འདོད་པའི་དབང་མོ་དང་། སྣ་ཚོགས་པདྨ་རྒྱ་གྲམ་མ་དང་། སྣ་ཚོགས་རྡོ་རྗེ་མ་དང་། གླིང་བུ་མ་དང་། པི་ཝང་མ་དང་། རྔ་ཆེན་མ་དང་། རྫ་རྔ་མ་དང་། མེ་ཏོག་མ་དང་། བདུག་པ་མ་དང་། མ་མེ་མ་དང་། དྲི་ཆབ་མ་དང་། ལ་སྱཱེ་མ་དང་། མཱ་ལེ་མ་དང་། གཱིརྟི་མ་དང་། ནཱིརྟི་མ་དང་། གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་དང་། ལྕགས་ཀྱུ་འཛིན་མ་དང་། ཞགས་པ་འཛིན་མ་དང་། ལྕགས་སྒྲོག་འཛིན་མ་དང་། དྲིལ་བུ་འཛིན་མ་དང་། གཞན་ཡང་དཔའ་བོ་ཐམས་ཅད་དང་། དཔའ་མོ་ཐམས་ཅད་དང་། རིག་འཛིན་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་རིགས་སུ་གྱུར་པ་ཐམས་ཅད་དང་། །གསང་བའི་རིགས་སུ་གྱུར་པ་ཐམས་ཅད་ཀྱིས་མཉེས་པ་ཆེན་པོའི་མཆོད་པས་མཆོད་དོ། །རྟོག་པའི་རྒྱལ་པོ་ཉིད་ལ་རྗེས་སུ་ཡི་རང་བར་མཛད་པའི་ཕྱིར། ཉིད་ལ་ཉིད་སྣང་ངོ་། །ཉིད་ལ་ཉིད་སྤྱོད་དོ། །ཉིད་ལ་ཉིད་གནས་སོ། །ཉིད་ལ་ཉིད་སྡུད་དོ། །ཉིད་ལ་ཉིད་སྤེལ་ལོ། །ཉིད་ལ་ཉིད་སྒྲོགས་སོ། །ཡོངས་སུ་སྤྲོའོ། །ཤིན་ཏུ་སྤྲོའོ། །ཡོངས་སུ་ཤིན་ཏུ་སྤྲོའོ། །སྤྲོ་བ་དེ་ཉིད་དབྱེར་མེད་པར་གྱུར་ཏེ། གཞི་འདུས་པའི་རྒྱུད་བསྟན་ཏོ། །ལམ་སྤྲོས་པའི་རྒྱུད་དུ་སྟོན་ཏོ། །འབྲས་བུ་ཡོངས་སུ་འདུས་པའི་རྒྱུད་དུ་སྟོན་ཏོ། །མང་དུ་བསྐྱེད་པའི་རྒྱུད་དུ་བསྟན་ཏོ། །ཉུང་ངུ་སྡུད་པའི་རྒྱུད་དུ་བསྟན་ཏོ། །ཡོངས་སུ་འདུས་པ་རྩ་བར་བསྟན་ཏོ། །ཡོངས་སུ་བཀོད་པ་བཤད་པར་བསྟན་ཏོ། །ལྐོག་ཏུ་གྱུར་པར་སྟོན་པ་ཁ་སྐོང་བསྟན་ཏོ། །མདུད་པ་དགྲོལ་བར་དཀའ་བ་གཅོད་པ་བསྟན་ཏོ། །དེས་དེ་བཞིན་དུ་གསུངས་སོ། །དེ་ནས་དེ་བཞིན་དུ་མཁྱེན་ཏོ། །དེ་རྣམས་དེ་བཞིན་དུ་ཡི་རང་བར་གྱུར་ཏོ། །མངོན་པར་འདུད་པར་གྱུར་ཏོ། །དེ་ཉིད་དེ་བཞིན་དུ་གྱུར་ཏོ། །དེ་ཉིད་དེ་བཞིན་སྡུད་དོ། །དེ་ཉིད་དེ་བཞིན་བསྡུས་ནས་དེ་བཞིན་དུ་གསུངས་སོ། །ཡོངས་སུ་གསུངས་སོ། །རྣམ་པར་གསུངས་སོ། །དེ་ཉིད་གསུངས་པ་བཞིན་འཛིན། ཡོངས་སུ་འཛིན་ཏོ། །རྣམ་པར་འཛིན་ཏོ། །རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་མཉམ་སྦྱོར་ལས། ཡོངས་སུ་བཀོད་པའི་རྟོག་པ་ལ་རྗེས་སུ་ཡི་རང་ཞིང་བསྟན་པ་གཏན་པའི་ལེའུ་སྟེ་རྟོག་པ་བཅུ་གཅིག་པའོ།། །།སྡུད་པའི་རྒྱུད་དམ་པ་གསང་ཆེན་གྱི་རྟོག་པ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་བྱ་བ། མཁའ་འགྲོ་སྒྱུ་མ་བདེ་མཆོག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་འདུས་པ་ཆེན་པོའི་རང་བཞིན་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་རྫོགས་སོ། །རྒྱ་གར་གྱི་པཎྜི་ཏ་སངས་རྒྱས་གསང་བ་དང་། བོད་ཀྱི་ལོ་ཙཱ་བ་འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས་བལ་ཡུལ་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

སངས་རྒྱས་མཉམ་སྦྱོར་གྱི་བླ་བརྒྱུད་གསོལ་འདེབས། རྒྱལ་སྲས་གཞན་ཕན་མཐའ་ཡས།

སངས་རྒྱས་མཉམ་སྦྱོར་གྱི་བླ་བརྒྱུད་གསོལ་འདེབས་ནི། ཀུན་བཟང་རིགས་ལྔ་གསང་བདག་དྲི་མེད་གྲགས། །ཨིནྡྲ་བྷུ་ཏི་ཨུ་པ་རཱ་ཛ་དང་། །ཀུ་ཀུ་རཱུ་ཛ་མུ་དི་ཏ་རྣམས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨརྐ་སོ་མ་བཛྲ་བ་ཧུ་ཏ། །མུས་ཏོ་བ་ཧུ་ཏཿདང་གུས་ཀོ་ཏ། །དྲི་མེད་བཤེས་གཉེན་རྨ་ལོ་རིན་མཆོག་ལ། །གསོལ་བ༴ མཁས་པའི་དབང་པོ་གཙུག་གྱེར་རྣམ་གཉིས་དང་། །ཚུལ་ཁྲིམས་བྱང་ཆུབ་ཐུགས་སྲས་རྣམ་པ་གསུམ། །ཅོག་རོ་རྒྱལ་བའི་ཡོན་ཏན། ལ་གསུམ་གཞོན་ནུ་མཆོག །རྡོ་རྗེ་འཇམ་དཔལ་དང་གསུམ་མོ། །མཆན། བྱང་ཆུབ་འོད་དང་བློ་གྲོས་རྒྱལ་མཚན་ལ། །གསོལ་བ༴ རིན་ཆེན་ཚུལ་ཁྲིམས་རོང་སྟོན་ཆོས་བཟང་དང་། །ཡམ་ཤུད་བློ་བཟང་འགོས་སྟོན་ཟླ་བ་འབར། །ཟླ་བ་འབུམ་གྲགས་དངོས་གྲུབ་རྒྱལ་མཚན་ལ། གསོལ་བ༴ འགོས་སྟོན་ཆོས་རྡོར་འགོས་པ་དངོས་གྲུབ་མགོན། །དབུས་པ་སངས་འབུམ་གསེར་སྟེང་ཆོས་འོད་བཟང་། །མི་བསྐྱོད་རྡོ་རྗེ་མཁན་ཆེན་བསོད་འཕེལ་ལ། །གསོལ་བ༴ བག་སྟོན་ཚུལ་རྒྱལ་བླ་ཆེན་བསོད་ནམས་དཔལ། །འཇམ་དབྱངས་ཀུན་བློ་ནམ་མཁའ་ཚུལ་ཁྲིམས་དང་། །རོང་པ་བློ་བཟང་མཁྱེན་རབ་ཆོས་རྗེ་ལ། །གསོལ་བ༴ སཾ་བྷ་ཤྲཱི་ཚུལ་ཁྲིམས་འོད་ཟེར་འབར། །བསོད་ནམས་དཔལ་འབྱོར་རིན་ཆེན་བཀྲ་ཤིས་སྡེ། །བློ་གསལ་རྒྱ་མཚོ་འཇམ་དབྱངས་མཁྱེན་བརྩེ་ལ། །གསོལ་བ༴ དབང་ཕྱུག་རབ་བརྟན་བསོད་ནམས་མཆོག་ལྡན་དཔལ། །ངག་དབང་ཨོ་རྒྱན་རིག་འཛིན་གཏེར་བདག་གླིང་། །འགྱུར་མེད་རྒྱ་མཚོ་རིན་ཆེན་རྣམ་རྒྱལ་ལ། །གསོལ་བ༴ ཨོ་རྒྱན་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ། །ཕྲིན་ལས་ཆོས་སྒྲོན་སངས་རྒྱས་ཀུན་དགའི་ཞབས། །བསྟན་འཛིན་ནོར་བུ་ཕན་བདེའི་འོད་ཟེར་ལ། །གསོལ་བ༴ བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་དང་། །བདེ་གཤེགས་སྒྱུ་མ་བདེ་མཆོག་ཡི་དམ་ལྷ། །མ་སྲིང་མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ། །གསོལ་བ༴ རིག་འཛིན་བླ་མ་ལྷ་དང་མཁའ་འགྲོའི་ཚོགས། །འབྲལ་མེད་ཡིད་ལ་རྩེ་གཅིག་བསྒོམས་པའི་མཐུས། །རིགས་ལྔའི་བདེ་གཤེགས་བསྙེན་པ་ཡོངས་རྫོགས་ནས། །ཧེ་རུ་ཀ་དཔལ་མངོན་དུ་འགྲུབ་པར་ཤོག །ཅེས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་མཛད་པའི་བརྒྱུད་འདེབས་ལ་བརྒྱུད་པའི་ཁྱད་པར་གྱིས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ནས་བདག་གི་རིགས་བདག་འགྱུར་མེད་ཕན་བདེའི་འོད་ཟེར་བར་ཁ་བསྒྱུར་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །།

དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་རིགས་བསྡུས་པའི་སྒྲུབ་ཐབས་བདེ་ཆེན་འདོད་འཇོ། འགྱུར་མེད་རྡོ་རྗེ།

དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་རིགས་བསྡུས་པའི་སྒྲུབ་ཐབས་བདེ་ཆེན་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་རིགས་བསྡུས་པའི་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས་བདེ་ཆེན་འདོད་འཇོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་དངོས། །མཚན་མའི་རྟོག་པ་ཀུན་ལས་རྣམ་གྲོལ་ཡང་། །ཡེ་ཤེས་སྒྱུ་མ་རིགས་དྲུག་དཀྱིལ་འཁོར་གྱི། །འཁོར་ལོར་སྣང་མཛད་རྡོ་རྗེ་སེམས་དཔར་འདུད། །སྤྲོས་བྲལ་དེ་བཞིན་ཉིད་ཀྱི་གནས་ལུགས་གང་། །རྣམ་འགྱུར་དབྱིབས་ཀྱི་རྣལ་འབྱོར་བརྡ་ཉིད་ལས། །དོན་མཚོན་བྱེད་པའི་སྒྲུབ་ཐབས་བདེ་ཆེན་གྱིས། །རྣལ་འབྱོར་འདོད་པ་འཇོ་བ་འདིར་གསལ་བྱ། །འདི་ལ་གསུམ། སྒྲུབ་པ་པོ་གང་ཟག །བསྒྲུབ་པ་ལམ་རིམ། གྲུབ་པ་འབྲས་བུའོ། །དང་པོ་ནི། རེ་ཞིག་རྩ་བའི་རྒྱུད་ལས། དང་པོ་ལས་ཅན་རྣལ་འབྱོར་པས། །རྒྱུ་རྐྱེན་ལམ་དང་འབྲས་བུ་དང་། །རྒྱ་ཆེན་ཐུན་མོང་སྤྱོད་པ་སྤྱད། །ཐམས་ཅད་ཅིག་ཆར་རྫོགས་པའི་ཚུལ། །ཞེས་གསུངས་པ་ལྟར། རྟེན་གྱི་སྒྲུབ་པ་པོ་དང་པོའི་ལས་ཅན་གྱི་དབང་དུ་བྱས་ཏེ། ལམ་ཐུན་མོང་པས་རྒྱུད་སྦྱངས་བ་དཀྱིལ་འཁོར་འདིར་ཞུགས་ཤིང་དམ་ཚིག་ལ་གནས་པ། གསང་བའི་ཆོ་ག་ལ་མཁས་པ་སོགས་ཀྱི་སྣོད་དུ་རུང་བའོ། །གཉིས་པ་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། སྔོན་འགྲོ་ལའང་བདུན་གྱི། དང་པོ་བྱ་བའི་སྔོན་འགྲོ་ནི། ཕུན་སུམ་ཚོགས་པའི་གནས་ཁང་མཛེས་པར་བརྒྱན། བྲིས་སྐུ་དང་མཆོད་གཏོར་ལ་སོགས་པ་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་མོ། །གཉིས་པ་སྔོན་འགྲོ་གཏོར་མ་ནི། གཏོར་མ་རྒྱན་ལྡན་བཤམས་ལ་བྱིན་གྱིས་བརླབས་ནས། སྠཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །ཞེས་སོགས་ཀྱིས་འདོད་དོན་གསོལ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། བདག་ཉིད་རྡོ་རྗེ་རྟ་མཆོག་ཏུ་གྱུར་པའི་ཐུགས་ཀ་ནས་ཁྲོ་བོའི་སྤྲིན་སྤྲོས་པས་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་བསྐྲད་ཅིང་མཚམས་བཅད་པར་བསམ་ལ། ཡང་དག་གསང་བའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདུ་བའི་ལྷ་ནི་མ་གཏོགས་པ། །གསང་བ་ཉན་པར་མི་དབང་བའི། །བགེགས་དང་འབྱུང་པོ་ཐམས་ཅད་ཀུན། །ད་ལྟ་ཉིད་དུ་སོ་སོར་དེངས། །ཧཱུཾ་མཛད་ཀྱི་ཡན་ལག་བཞི་པ་ལས། ཅི་སྟེ་བཀའ་ལས་འདས་གྱུར་ན། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང་། །རྡོ་རྗེ་མཚོན་ཆེན་འབར་བ་ཡིས། །རྟག་ཏུ་བརླག་ཅིང་ཕུང་བར་འགྱུར། །ༀ་བཛྲ་ཛྭ་ལ་རཾ་ཡཾ་ཁཾ་ཙཀྲ་བི་ཤྭ་ཧཱུཾ་ཕཊ། ཅེས་དྲག་ཏུ་བརྗོད་པས་མཚམས་བཅད། གསུམ་པ་ཚོགས་བསགས་པ་ནི། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་པའི་ལག་པ་གཡས་པར་ཉི་མའི་དཀྱིལ་འཁོར་དྲུག་གི་སྟེང་དུ་ཧཱུཾ་ༀ་ཧི་ཧྲཱིཿཏྲཾ་ཧཱཾ་རྣམས་ལས། རྡོར་སེམས་རྣམ་སྣང་ཁྲག་འཐུང་དང་། །གར་དབང་ཉི་མ་རྟ་མཆོག་གོ། །ལག་པ་གཡོན་པ་ཟླ་བའི་དཀྱིལ་འཁོར་དྲུག་གི་སྟེང་དུ་ཨ་ཡིག་དཀར་པོ་དྲུག་ལས། བཟང་མོ་སྤྱན་མ་ཀྲོ་དྷི་མ། །གོས་དཀར་མཱ་མ་ཀཱི་སྒྲོལ་མ། །ལྕེ་ལ་ན་མསྟུ་བུདྡྷེ་བྷྱཿ ཞེས་པས་མཚན་པ། ༀ་ཨཱཿཧཱུཾ། བཅུད་རྩི་མྱང་། བདག་ཉིད་སེམས་དཔའ་སུམ་བརྩེགས་སུ་གྱུར། དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། མཛོད་སྤུ་ནས་སྤྲོས་པའི་འོད་ཟེར་གྱིས་སྲིད་པ་གསུམ་སྦྱངས། རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད། རང་གི་ཚངས་བུག་ཏུ་ཞུགས་ཤིང་ཐིམ། སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་པར་བསམ་ལ། ཛཿཧཱུཾ་བཾ་ཧོཿ ༀ་བཛྲ་ས་མཱ་ཛཿ ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་སྤྱན་དྲངས་པ་ནམ་མཁར་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བསམ་ཞིང་། མ་ཧཱ་ས་མ་ཡ་སྟྭཾ། ལན་གཉིས་ཀྱིས་ཆུ་གཉིས་ཕུལ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། བགེགས་ཐམས་ཅད་བཤིག་ཅིང་སྲུང་བའི་འཁོར་ལོས་མཚམས་བཅད། ༀ་ཨཱཿཧཱུཾ་གིས་མཆོད་སྤྲིན་སྤྲུལ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝ་ཀྩིཏྟ་བྷནྡྷ་ནཾ་ཀ་རོ་མི། ཞེས་ཕྱག་བྱ། ༀ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ཞེས་པའི་གླུ་སྔོན་དུ་བཏང་ནས། ༀ་བཛྲ་པུཥྤེ་ༀ། ༀ་བཛྲ་དྷཱུ་པེ་ཧཱུཾ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ༀ་བཛྲ་གནྡྷེ་ཧཱུཾ། ༀ་བཛྲ་ནཻ་ཝི་དྱེ་ཏྲཾ། ༀ་བཛྲ་ཨ་ཧ་ར་ཧྲཱིཿ ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ཨ་ལངྐ་ར་པ་ན་བཻ་ཧཱུྃ་སྭཱ་ཧཱ། བྷྱོ་དྷྱཾ་རཏྣ་མེ་གྷ་སྥ་ར་ཎ་ཧཱུཾ། ཞེས་ཕྱི་མཆོད་དང་། ༀ་ན་མཿསརྦ་པཉྩ་རཱ་ས་ཡ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་ནང་མཆོད་དང་། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ། ཞེས་གསང་མཆོད་དང་། བླ་མ་ཀུ་ཀུ་རཱ་ཛའི་ཆོ་ག་ལྔ་པ་ལས། སངས་རྒྱས་ཆོས་དགེ་འདུན། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །རྣམ་ཀུན་བཏུད་དེ་སྐྱབས་མཆི་ཞིང་། །མཆོད་འོས་གཞན་ལའང་ཕྱག་འཚལ་ལོ། །སྡིག་པ་ལས་ནི་ལྡོག་བགྱི་ཞིང་། །བསོད་ནམས་ཐམས་ཅད་ཡོངས་སུ་བཟུང་། །ལུས་ཅན་རྣམས་ཀྱི་བསོད་ནམས་དག །ཀུན་ལ་རྗེས་སུ་ཡི་རང་ངོ་། །བདག་ནི་ལུས་བཏུད་ཐལ་སྦྱར་ནས། །གསང་བའི་ཐེག་ཆེན་བཤད་པ་དང་། །འགྲོ་གནས་བར་དུ་བཞུགས་སླད་དུ། །རྫོགས་པའི་སངས་རྒྱས་རྣམས་ལ་གསོལ། །དེ་ལྟར་བགྱིས་པའི་བསོད་ནམས་གང་། །བདག་གིས་བགྱིས་དང་མ་བགྱིས་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱང་། །བླ་མེད་བྱང་ཆུབ་གནས་ཐོབ་ཤོག །ཅེས་དང་། ཡི་གེ་བརྒྱ་པའི་མཐར་ༀ་ཨཱཿཧཱུཾ་ཞེས་བཏགས་པ་བཟླ། རྡོ་རྗེ་ཁུ་ཚུར་གཉིས་གཤིབས་པའི་མཐེ་བོང་བསྒྲེངས་ནས་གཡོབ། རྡོ་རྗེ་ཐལ་མོ་སྨད་མི་དྲག་པར་ལན་གསུམ་བརྡབ་ཅིང་། ༀ་བཛྲ་གཙྪ་མུཿ ༀ་བཛྲ་ཏུཥྱ་ཧོཿ ཞེས་ཚོགས་ཞིང་གཤེགས་སུ་གསོལ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོག་པར་ཤོག །ཅེས་ཚད་མེད་བཞི་བསྒོམ་སྟེ་ཡུལ་མཆོག་དམན་ལ་ཚོགས་བསགས་པའོ། །བཞི་པ་མཚམས་བཅད་པ་ནི། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་པད་ཉི་ལ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་རེ་ཕྱི་རོལ་བསྐལ་པའི་མེ་དཔུང་འབར་བའི་དབུས་སུ་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའོ། །དཔུང་པ་གཉིས་རྡོ་རྗེ་བཅིངས་པའི་ཚུལ་དུ་བསྣོལ་ཏེ། སེ་གོལ་གཏོགས་བའི་སྒྲ་དང་། བཛྲ་ས་མཱ་ཛཿསངས་རྒྱས་ཐམས་ཅད་སད་པར་བྱས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་གང་བར་བཞུགས་པ་རྣམས་ཀྱིས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ཡིས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཞེས་བཀའ་བགྲོ་བ་མཛད་ནས་གཅིག་ཏུ་འདུས་པ་བདག་ཉིད་ལ་ཐིམ་པར་གྱུར། ཧཱུྃ་རིང་པོ་གསུམ་སྣ་བུག་ནས་བརྗོད། རང་ཉིད་ཁྲོ་བོ་ཐམས་ཅད་ཀྱི་རྒྱལ་པོ་དཔལ་ཧེ་རུ་ཀར་གྱུར་པ་ནི། སྐུ་མདོག་སྔོན་པོ་རབ་ཏུ་ཁྲོས་པའི་རྩ་ཞལ་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན། གཡས་དཀར་གཡོན་དམར་རྒྱབ་སེར་བ་སྟེ་ཞལ་བཞི་པ། ཕྱག་བརྒྱད་ཀྱི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་ཁ་ཊྭཱཾ་ཀ་དྲིལ་བུ་གསིལ་བ་དང་བཅས་པ། གཉིས་པས་ལྕགས་ཀྱུ་དང་ཞགས་པ། གསུམ་པས་རལ་གྲི་དང་ཐོད་པ། བཞི་པ་གཉིས་ཀྱིས་ཕྱག་མཚན་འདི་དག་ཡན་ལག་བཞི་པ་ལས་སོ། །མདའ་དང་གཞུ་འཛིན་པ། དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས་ཤིང་། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་གཅེར་བུ་ཐོད་པ་དང་བ་དན་གསུམ་པའི་ཕྱག་རྒྱ་ཅན་གྱིས་འཁྱུད་པ། དེའི་ཐུགས་ཀ་ནས་ཁྲོ་བོ། འདོད་པའི་རྒྱལ་པོ་སྤྲོས། ཕྱོགས་བཅུའི་བགེགས་ཚོགས་ཐམས་ཅད་བཀུག་སྟེ་ཕོ་མོ་བསྣོལ་མར་ཉི་མ་ལ་མྱོས་ཤིང་འཁོད་པར་གྱུར། ༀ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞ་པ་ཡ་གྲྀ་ཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། ༀ་ཨིནྡྲ་ཡ་ཛཿ ཡ་མ་ཡཱ་ཛཿ བ་རུ་ཎ་ཡ་ཛཿ ཀུ་བེ་རཱ་ཡ་ཛཿ ཨགྣ་ཡ་ཛཿ ནི་རི་ཏྱ་ཡ་ཛཿ བྷི་རཾ་པཱ་ཡ་ཛཿ ཨི་ཤ་ནཱ་ཡ་ཛཿ ཙནྡྲ་ཡ་ཛཿ སུ་ཏི་ཏ་ཡ་ཛཿ ཨེ་ར་པ་ཏ་ཡཻ་ཛཿ ཞེས་བགེགས་སོ་སོའི་མིང་སྔགས་བརྗོད་ཅིང་དྲན་པས་གདན་གསལ་བཏབ། སླར་ཡང་རང་གི་སྙིང་ག་ནས་ཁྲོ་བོ་བཅུ་སྤྲོས། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷི་ཡ་མཱནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཚིནྡ་ཚིནྡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨཪྱ་ཨཱ་ཙ་ལ་ཧཱུཾ་བནྡྷ་བནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་པ་ར་ཛཱི་ཏ་ཧཱུཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཏྲེ་ལོཀྱ་བི་ཛ་ཡ་ཧཱུཾ་བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བཱ་ལ་ཧཱུཾ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཐམས་ཅད་ཀྱང་སྐུ་མདོག་མཐིང་ནག་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། གཡས་གསུམ་རྡོ་རྗེ་རལ་གྲི་ཐོ་བ། གཡོན་གསུམ་ཐོད་ཁྲག་ཞགས་པ་ལྕགས་ཀྱུ་འཛིན་པ། སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར། དེ་ནས་ཁྲོ་བོ་བདུད་རྩི་འཁྱིལ་བ་ཐོ་བ་ཐོགས་པ་སྤྲུལ་ཏེ། ༀ་གྷ་གྷ་གྷ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚན་ཕཊ། ཀཱི་ལི་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་དྷཱ་ར་ཨཛྙཱ་པ་ཡ་ཏི་སརྦ་བིགྷྣཱཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་ཁྲོ་བོ་རྣམས་ཕྱོགས་བཅུའི་བགེགས་ལ་ཕུར་བུའི་ཚུལ་དུ་བཏབ་པས་དེ་རྣམས་ཀྱི་ལུས་ཕུག་སྟེ་གཡོ་འགུལ་མེད་པར་བྱས་ནས། འོད་ཟེར་རྣོན་པོ་འཁྲུག་ཅིང་འབར་བས་ཀྱང་བགེགས་ཐམས་ཅད་བསྲེགས། རྡོ་རྗེའི་གུར་གྱི་དབུས་སུ་འཁོར་ལོ་རྩིབས་བཅུ་པའི་རྩིབས་རྣམས་ལ་ཁྲོ་བོ་རྣམས་བཞུགས་ཤིང་སྤྲུལ་པ་དང་ཡང་སྤྲུལ་ནམ་མཁའ་གང་བས་བགེགས་ཐམས་ཅད་བསྲུང་བའི་ལས་མཛད་པར་བསམ་ཞིང་། དོན་དམ་པར་བསྲུང་བྱ་སྲུང་བྱེད་སོགས་མཚན་མའི་དམིགས་ཡུལ་དང་བྲལ་བའི་ངང་ལ་མཉམ་པར་འཇོག་པ་སྟེ་ཀུན་རྫོབ་དང་དོན་དམ་པའི་སྲུང་འཁོར་ལོ། །ལྔ་པ་བཤགས་པ་བྱ་བ་ནི། སྔར་གྱི་ཚོགས་བསག་གི་ཁོངས་སུ་བསྡུས་ཀྱང་རུང་མོད། སྤྲོ་ན་ཚོགས་ཞིང་སྔར་བཞིན་སད་པའི་སྤྱན་སྔར་བཤགས་སྡོམ་གྱི་བསམ་པ་དྲག་པོས་ཐལ་མོ་སྦྱར་ཏེ། ཧཱུཾ། ཡན་ལག་བཞི་པ་ལས། གསང་ལྡན་རྡོ་རྗེ་ཆེ་གེ་མོས། །རྡོ་རྗེ་སློབ་དཔོན་དམོད་འགལ་ཞིང་། །ལྷ་དང་མཆེད་ལ་འཁུས་པ་དང་། །སྔགས་དང་ཕྱག་རྒྱ་སྤངས་པ་དང་། །སྣོད་མིན་གསང་བ་བསྒྲགས་ལ་སོགས། །གཉིས་གསུམ་ཉི་ཤུ་རྩ་བརྒྱད་ཚོགས། །ཡན་ལག་ཆ་ཤས་ཉམས་ལས་འདས། །འགྱོད་སེམས་ངེས་པས་བཤགས་པར་བགྱི། །ༀ་ན་མཿཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་པཱ་པཾ་བི་ཤུདྡྷེ་ཧཱུཾ་སྭཱ་ཧཱ། ཞེས་དང་། སྤྲོ་ན་སྤྱི་བཤགས་ཀྱང་སྦྱར་རོ། །དྲུག་པ་དམ་བཅའ་བ་ནི། ལྷག་པའི་བསམ་པ་བརྟན་པོས། ཇི་ལྟར་ཡན་ལག་བཞི་པ་ལས། སྔོན་གྱི་དེ་བཞིན་གཤེགས། །རྒྱལ་བ་སྲས་བཅས་ཚོགས་གྱུར་པས། །བླ་ན་མེད་པའི་བྱང་ཆུབ་ཏུ། །ཐུགས་མཆོག་རིན་ཆེན་བསྐྱེད་པ་ལྟར། །བླ་མེད་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཆེན་པོར་སེམས་བསྐྱེད་དེ། །རྒྱལ་བ་རྣམས་ཀྱི་རྗེས་སུ་སློབ། །མདོར་ན་འགྲོ་བ་མ་ལུས་པ། །སྐུ་གསུམ་འབྲས་བུ་ཐོབ་བྱའི་ཕྱིར། །དཀྱིལ་འཁོར་དྲུག་གི་སྤྲུལ་པ་ཡིས། །རྣམ་པར་རོལ་པའི་དོན་གནས་བྱའོ། །ཞེས་དམ་བཅའ། བདུན་པ་བྱིན་དབབ་པ་ནི། ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་བྱས་ལ། ༀ་ཧཱུཾ་ཨ་ལ་ལ་ཧོཿ བྷ་ག་ཝཱན་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། འཕགས་ཡན་ལག་བཞི་པ་ལས། མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི༴ མཐུ་རྩལ་འབྱུང་བའི༴ བྱིན་གྱིས་བརླབ་པའི༴ དབང་མཆོག་བསྐུར་བའི༴ དངོས་གྲུབ་སྩོལ་བའི༴ མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ༴ དབང་ཆེན་དབང་བསྐུར༴ དངོས་གྲུབ་མཆོག་སྩོལ༴ བདག་ཅག་ལས་འབྲས་མཆིས་པར་མཛོད། །ཅེས་རོལ་མོའི་སྒྲ་དང་སྤོས་ཆེན་གྱིས་བདུག་ཅིང་། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བྱིན་བསྡུས་ལ། ནམ་མཁའ་གང་བའི་ལྷ་ཚོགས་རྣམས་བདག་གནས་ཡོ་བྱད་ཐམས་ཅད་ལ་ཐིམ་པར་བསམ་མོ། །བརྒྱད་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། རྫས་ཐམས་ཅད་ལ་དམིགས་ཏེ། ༀ་མ་ཧཱ་ཀྲོ་དྷ་ཤྭ་རཱི་སརྦ་དྲ་བྱཾ་བི་ཤྭ་དྷ་ནི་ཧཱུཾ་ཕཊ་ཀྱིས་བསང་། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་གྱུར། བྱེ་བྲག་ཏུ་བདུད་རྩི། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པ། དེའི་སྟེང་དུ་ཀཾ་ལས་བྱུང་བའི་ཐོད་པ་ནང་འོད་གསལ་ཆགས་ཐོགས་མེད་པ་ལ་གནས་པའི་བདུད་རྩི་ལྔ་དང་སྒྲོན་མ་ལྔ་ལ་ཧཱུཾ་ༀ་ཧྲཱིཿཏྲཱཾ་ཧཱཾ་ཡེ་ཤེས་ལྔའི་རང་བཞིན་གྱི་མཚན་པ། དེའི་སྟེང་དུ་ཨ་ལས་ཟླ་བ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ། རླུང་གཡོས་མེ་སྦར་རྫས་དང་ཡི་གེ་རྣམས་ཞུ་ཧཱུཾ་ༀ་ཧི་ཧྲཱིཿཏྲཾ་ཧཱཾ། ཞེས་བརྗོད་པས་རིགས་དྲུག་གི་ས་བོན་ལས་ཕྱག་མཚན། དེ་ལས་སྐུར་གྱུར་པའི་འཕྲོ་འདུས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་རྡོ་རྗེ་ལ་ཞུགས། རྡོ་རྗེ་དང་ཟླ་བ་སྣོད་དུ་ལྷུངས་པ་ཞུ་བ་ལས། ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་འོད་ཟེར་གྱི་ཕུང་པོར་འབར་བར་གྱུར། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿ ཞེས་ཉེར་གཅིག་བཟླ། ༀ་མ་ཧཱ་བཛྲ་ཙཀྲ་མཎྜ་ལ་ཧཱུཾ། གཏོར་གཞོང་པདྨའི་སྣོད་དུ། གཏོར་རྫས་ཧཱུཾ་ༀ་ཧི་ཧྲཱིཿཧཱཾ་ལས་ཡེ་ཤེས་ལྔའི་རོལ་པ་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་ཞིང་། ༀ་ཨཱཿཧཱུཾ་ཏེ་ཛྭ་བ་ལིཾ་ཏ་བ་ལ་ཝ་ཏེ་གུ་ཧྱེ་ས་མ་ཡ་སྭཱ་ཧཱ། ཞེས་བདུན་བཟླ། རིགས་རྐྱང་ཁྲོ་བོའི་དཀྱིལ་འཁོར་གཉིས་དང་རིགས་བསྡུས་ཀྱི་སྐབས་འདིར་རཀྟ་ཡང་བཤམས་ལ། རཀྟའི་སྣོད་ཨ་ལས་བྷཉྫ་འབར་བའི་སྣོད་དུ་རཀྟ་ལ་ར་ཡིག་དམར་པོས་མཚན་པ་ལ་ཁམས་གསུམ་གྱི་རཀྟ་ཐམས་ཅད་ཞུགས་ཤིང་འདྲེས་པ་ལས་དམར་གྱི་རྒྱ་མཚོ་འདོད་ཡོན་གྱི་རླབས་ཕྲེང་འཁྲུག་པར་བསམ་ཞིང་། ༀ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱིཿཋཱ། ཞེས་བདུན་བཟླ། རྫས་ཐུན་མོང་བ་རྣམས་ལ། སྟོང་པའི་ངང་ལས་བྷྲཱུཾ་དང་ཨ་ལས་བྱུང་བའི་སྣོད་བཟང་པོར་ༀ་ཨཱཿཧཱུཾ་ལས་བྱུང་བའི་མཆོད་པའི་རྫས་རྣམས་འདོད་ཡོན་གྱི་ཁྱད་པར་མཐའ་ཡས་པར་རང་བཞིན་བདེ་སྟོང་གི་ཡེ་ཤེས། རྣམ་པ་མཆོད་རྫས་ཀྱི་སྤྲིན་ཕུང་། བྱེད་ལས་དབང་པོ་དྲུག་ཟག་མེད་ཀྱི་བདེ་བས་ཚིམ་པར་ནུས་པ་ནམ་མཁའ་གང་བ་རྣམས་སུ་གྱུར་བར་བསམ་ཞིང་། ༀ་བཛྲ་པུཥྤེ་ཨཱཿཧཱུཾ་ནས། ཤབྡའི་བར་དང་། ༀ་བཛྲ་ཨ་ཧ་ར་ཧྲཱིཿ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ཨ་ལངྐ་ར་པ་ན་བཻ་ཧཱུཾ་སྭཱ་ཧཱ། བྷྱོ་དྷྱཾ་རཏྣ་མེ་གྷ་སྥ་ར་ཎ་ཧཱུཾ། ཞེས་རོལ་མོའི་སྒྲ་སྦྱར་རོ། །དེ་དག་ནི་སྔོན་འགྲོའི་ཆོ་གའོ། །གཉིས་པ་དངོས་གཞི་ལ། མཚན་བཅས་ཀྱི་རྣལ་འབྱོར་དང་། མཚན་མེད་ཀྱི་རྣལ་འབྱོར་རོ། །དང་པོ་ལ་རྣལ་འབྱོར་དངོས་དང་། རྣལ་འབྱོར་གྱི་ཡན་ལག་གཉིས། དང་པོ་རྣལ་འབྱོར་དངོས་ལ། གཞིའི་ཏིང་ངེ་འཛིན་དང་། རྟེན་གྱི་ཏིང་ངེ་འཛིན་དང་། སྦྱོར་བའི་ཏིང་ངེ་འཛིན་དང་གསུམ་ལས། དང་པོ་ནི། འདི་ལྟར་དམིགས་པའི་ཡུལ་བྲལ་སེམས་ཀྱི་དབྱིངས། །མཚན་རྟོག་ཀུན་ལས་འདས་པ་ཡེ་ཤེས་ཆེ། །མ་བཅོས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ། །སྣང་སྟོང་བཏང་སྙོམས་ཆེན་པོའི་ངང་དུ་གསལ། །ༀ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཆོས་ཐམས་ཅད་ཀྱི་གནས་ལུགས་མཚན་མའི་དམིགས་ཡུལ་དང་བྲལ་བའི་སེམས་ཀྱི་དབྱིངས་སྟོང་ཉིད་དེ་བཞིན་ཉིད་དུ་བསྒོམ་པའོ། །འགྲོ་ལ་ཁྱབ་པའི་ཐུགས་རྗེ་ཆེན་པོ་ནི། །རྩོལ་བྲལ་གསལ་བའི་ཡེ་ཤེས་ལྔ་ལས་བྱུང་། །སྟོང་གསལ་བྱང་ཆུབ་སེམས་ཀྱིས་ཀུན་ཏུ་ཁྱབ། །དམིགས་མེད་སྙིང་རྗེ་ཆེན་པོ་ཀུན་ཏུ་སྣང་། །ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མ་རྟོགས་པའི་འགྲོ་ལ་སྙིང་རྗེ་ཆེན་པོ་རྩོལ་བྲལ་ཡེ་ཤེས་ཀྱི་རང་རྩལ་ཀུན་ཏུ་ཁྱབ་པར་སྣང་བའོ། །འཕྲུལ་དགའི་ཚུལ་བྱུང་རྡོ་རྗེ་སེམས་དཔའ་ནི། །སྟོང་གསུམ་ཡང་ཐོག་དག་ཏུ་གནས་མཛད་དེ། །རང་ཉིད་རྡོ་རྗེ་སེམས་དཔའི་སྐུར་ཤར་བ། །སྟོང་གསུམ་གྱི་ནི་ཡང་ཐོག་ཏུ་གནས་པའོ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡཱ་མི་མཎྜལ་ཧཱུཾ་བྷྲཱུཾ། ཞེས་བརྗོད་པས། སྐད་ཅིག་ཙམ་གྱིས་ཨེ་ལས་ནམ་མཁའི་རང་བཞིན་ཆོས་འབྱུང་དཀར་པོ་ཀུན་ཏུ་བཟང་མོའོ། །དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་རྡོ་རྗེ་རྒྱ་གྲམ་དང་བ་དན་གྱིས་མཚན་པ་སྒྲོལ་མའོ། །དེའི་སྟེང་དུ་བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་མཱ་མ་ཀཱིའོ། །དེའི་སྟེང་དུ་ལྃ་ལས་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེས་མཚན་པ་སྤྱན་མའོ། །དེར་ཁཾ་ལས་བྱུང་བའི་འོ་མའི་རྒྱ་མཚོའི་དབུས་སུ་སུྃ་ལས་བྱུང་བའི་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་རོལ་མཚོ་རི་དང་བཅས་པས་བརྒྱན། དེའི་སྟེང་དུ་རྃ་ལས་ཡེ་ཤེས་གསལ་བའི་མེ་འོད་དཀར་པོ་འབར་བའི་རྩེ་མོ་གསུམ་པ་གོས་དཀར་མོའོ། །དེ་དག་ནི་གཞིའི་ཏིང་ངེ་འཛིན་ནོ། །གཉིས་པ་ནི། དེའི་སྟེང་དུ་པྃ་ལས་རིན་པོ་ཆེའི་པདྨ་ལ་གསེར་གྱི་འཁོར་ལོ། དེའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེའི་དབུས་སུ་བྷྲཱུཾ་ལས་གཞལ་ས་ཡས་ཁང་ཆེན་པོ་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། ནང་ནས་རིམ་པ་བཞིན་དུ་དཀར་མཐིང་དམར་སེར་ལྗང་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ་ལས་རང་བྱུང་ཉི་ཤུ་རྩ་ལྔའི་འོད་ཟེར་འཕྲོ་བ། ཕ་གུ་དང་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་འདོད་པའི་སྣམ་བུ་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱིའི་ཁོར་ཡུག་ལ་འཇིག་རྟེན་པའི་ལྷ་སྣམ་དཀར་པོ་དང་། པདྨ་དང་འཁོར་ལོ་རྡོ་རྗེའི་ར་བ་མེ་དཔུང་འབར་བས་བསྐོར་བ། ཕྱི་རོལ་ཕྱོགས་ཀྱི་མདོག་དང་མཚུངས་པའི་གཞི་ལ་དུར་ཁྲོད་ཆེན་པོ་བརྒྱད་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་འཇིགས་པར་བྱས་པ། དེའི་ཕྱིར་དཔག་བསམ་གྱི་ཤིང་དང་། བུམ་པ་བཟང་པོ་དང་། ཁྲུས་ཀྱི་རྫིང་བུ། འདོད་འཇོའི་བ། རིན་པོ་ཆེའི་ཕུང་པོ་སོགས་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་སྣམ་བུ་སེར་པོ། ཕྱི་ནས་རྡོ་རྗེའི་ར་བ་སྔོན་པོས་བསྐོར་བ། གཞལ་ཡས་ཁང་ཆེན་པོ་དེའི་ནང་གི་སྟེང་འོག་རྣམས་ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་སེར་དབུས་ལྗང་གུའོ། །ནང་གི་ཕྱོགས་བཞིར་ཀ་བ་གཉིས་གཉིས་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་བཞི་དང་། གདུང་ཟླུམ་གྱིས་བྲེས་བའི་ཕྱོགས་མཚམས་ལྟེ་བ་དང་བཅས་པའི་རེའུ་མིག་དགུ་ལ་རིགས་དྲུག་གི་དཀྱིལ་འཁོར་དགུ་གནས་པ་ནི། གཞལ་མེད་ཁང་གྲུ་བཞི་སྒོ་བཞི་སོགས་མཚན་ཉིད་ཐམས་ཅད་རྫོགས་པ་དགུ་ལས། ཕོ་བྲང་དབུས་མ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་དབུས་སུ་ཟླུམ་པོ་རྡོ་རྗེའི་མུ་ཁྱུད་ཅན། ཤར་དུ་རྣམ་སྣང་གི་དཀྱིལ་འཁོར་ཟླུམ་པོ་འཁོར་ལོའི་མུ་ཁྱུད་ཅན། ལྷོར་ཧེ་རུ་ཀའི་དཀྱིལ་འཁོར་ཟླ་གམ་སྒོ་གཅིག་ཤར་དུ་བལྟ་བ་ཐོད་པའི་རྩིག་པ་དང་ཁྲོ་བོའི་རྡོ་རྗེའི་མུ་ཁྱུད་ཅན། ནུབ་ཏུ་གར་དབང་གི་དཀྱིལ་འཁོར་པདྨ་འདབ་མ་བརྒྱད་པའི་དབྱིབས་ཅན་ཀ་བ་དང་མུ་ཁྱུད་ལ་པདྨའི་ཕྲེང་བ་ཅན། བྱང་དུ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་རིན་པོ་ཆེ་ཟུར་བརྒྱད་པའི་དབྱིབས་ཅན་རིན་པོ་ཆེའི་མུ་ཁྱུད་ཅན། མཚམས་བཞིར་རྟ་མཆོག་རིགས་བཞིའི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེའི་མུ་ཁྱུད་ཅན་ཕྲིན་ལས་བཞིའི་ཁྱད་པར་ལས་ཤར་དང་ཤར་ལྷོ། ལྷོ་དང་ལྷོ་ནུབ། ནུབ་དང་ནུབ་བྱང་། བྱང་དང་བྱང་ཤར་རྣམས་མཚུངས་པ་སྟེ། ཐམས་ཅད་ཀྱང་ལིང་ཚེ་དགུ་དགུ་དང་ལྡན་པ་ལས། ལྷོ་དང་ལྷོ་ནུབ་ཀྱི་ལིང་ཚེ་དགུ་ལ་ཟླ་གམ་ནང་བསྟན་དགུ་དང་ཞིང་གི་འཕན་གདུགས་སོགས་འཇིགས་པའི་རྒྱན་ཅན། ལྷོ་མའི་དབུས་སུ་པདྨ་དྲེགས་བྱེད་ཉི་ཟླ་བརྩེགས་པ་དང་། རེ་མིག་བརྒྱད་ལ་བམ་ཆེན་རེའི་གདན་གྱིས་ཁྱད་པར་དུ་བྱས་པ། དཀྱིལ་འཁོར་གཞན་རྣམས་ཀྱི་དབུས་ཀྱི་ལིང་ཚེ་ལ་པདྨ་འདབ་མ་བརྒྱད་པའི་གདན་རེ་རེ། མཚམས་ཀྱི་འདབ་མ་རྣམས་ལ་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོད་པས་ཁ་བརྒྱན་པ་རེ་རེ། ཕྱོགས་མཚམས་ཀྱི་རེའུ་མིག་བརྒྱད་དང་དཀྱིལ་འཁོར་ཐམས་ཅད་ལ་མཚུངས་པར་སྒོ་བཞི་དང་གྲྭ་བཞིར་པདྨའི་གདན་རེ་རེའོ། །དེ་དག་ནི་རྟེན་གྱི་དཀྱིལ་འཁོར་བསྒོམ་པའི་ཏིང་ངེ་འཛིན་ནོ། །གསུམ་པ་སྦྱོར་བའི་ཏིང་ངེ་འཛིན་ལ་བཞི་སྟེ། དང་པོའི་རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ་དང་བཞི་ལས། དང་པོ་ནི། དཀྱིལ་འཁོར་དབུས་མའི་གཙོ་བོའི་གནས་སུ་པདྨ་དང་ཉི་ཟླའི་གདན་ལ་རང་གི་སེམས་ཉིད་དཔལ་མཆོག་དང་པོར་བཞུགས་པར་མཛད་དེ། ཡོད་པ་མ་ཡིན་མེད་པ་མིན། །དབུ་མར་ཡང་ནི་དམིགས་སུ་མེད། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པའོ། །ཞེས་ཆོས་ཐམས་ཅད་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་རང་བཞིན་གྱིས་འོད་གསལ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་པ་ལ། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་འགྲོ་བའི་དོན་ལ་བསྐུལ་བ་ནི། རྣམ་པ་མང་པོ་འདོད་ཆགས། རྒྱུད་ཀྱིས་སེམསཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་ཏུ་སྤྲུལ། ཏེ་ན་ཏེ་ཏེ་ཧཱུཾ། རྣམ་པ་མང་པོ་རབ་ཏུ་དགའ་བའི་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་ཏུ་སྤྲུལ་རོལ་རྣམ་པར་སྤྲུལ། །ཧཱུཾ་ཧཱུཾ་ཧཱུཾ། རྣམ་པ་མང་པོ་ཁྲོ་བོའི་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་ཏུ་རྣམ་པར་སྤྲུལ། །རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རྣམ་པ་མང་པོ་སྲོག་གི་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་ཏུ་རྣམ་པར་སྤྲུལ། །ཧཱུཾ་ཤིཥྱ་བི་ཤ་ཧཱུཾ། ཞེས་བསྐུལ་བས། སྟོང་པའི་ངང་ལས། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨ། ཨཾ་ཨཿ ཟླ་བའི་དཀྱིལ་འཁོར་དབྱངས་ཀྱིས་མཚན་པ་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་དྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ྈྐ་ྈྑ་ྉྤ་ྉྥ། ང་རོ་དང་རྣམ་བཅད་རྣམས་ལས་བྱུང་བའི་ཉི་མའི་དབྱངས་གསལ་གཉིས་ཀྱང་བྱང་སེམས་གཉིས་ཚོགས་གཉིས་མཚན་དཔེ་གཉིས་ཀྱི་ངོ་བོ། མཆན། དཀྱིལ་འཁོར་གསལ་བྱེད་ཀྱིས་མཚན་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཉི་ཟླའི་འོད་ཀྱིས་འཕྲོ་འདུས་ཧཱུཾ་དུ་གྱུར། དེ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་དམར་པོ་འཕྲོ་བའི་ལྟེ་བར་ཧཱུཾ་གིས་མཚན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལས་འོད་འཕྲོས་རིགས་དྲུག་གི་དཀྱིལ་འཁོར་སྤྲུལ། སེམས་ཅན་ཐམས་ཅད་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད། སླར་འདུས་ཏེ་ཐིམ་པས་འོད་ཟེར་རབ་ཏུ་འབར་བར་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །བཛྲོ྅ཧཾ། ཞེས་ང་རྒྱལ་བཟུང་ལ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའི་སྐུ་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། ༀ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨཱཿ ཛཿཧཱུཾ་བཾ་ཧོཿ སུ་ར་ཏི་སྟྭཾ། ཞེས་ང་རྒྱལ་བཟུང་ནས་གསལ་གདབ་པ་ནི། དཀྱིལ་འཁོར་གྱི་དབུས་སུ་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་དུང་དང་ཀུནྡ་ཟླ་བའི་འོད་ལྟར་དཀར་བ་ལ་ཅུང་ཟད་དམར་བའི་མདངས་ཅན། འཇོ་སྒེག་དགྱེས་པའི་འཛུམ་མིག་གཡོ་ཞིང་ཆགས་པའི་ཉམས་རྒྱས་པ། ཞལ་བཞི་ཕྱག་བཞི་པ། རྩ་ཞལ་དཀར་པོ། གཡས་སྔོ་གཡོན་དམར་རྒྱབ་སེར་བ། ཕྱག་གཡས་ཀྱི་དང་པོས་འབར་བའི་རྡོ་རྗེ་རྩེ་ལྔ་པ་གསོར་ཞིང་། གཡོན་གྱི་དང་པོ་དྲིལ་བུ་དཔྱངས་པའི་ཁ་ཊྭཱཾ་ཀ་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་མདའ་དང་གཞུ་འཛིན་པ། མཚན་དང་དཔེ་བྱད་ཀྱིས་མཛེས་པ། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་། སྐུ་སྨད་ཚི་གུའི་ན་བཟའ་ཅན། རིན་པོ་ཆེའི་དབུ་རྒྱན་སྐེད་ཆིངས་མགུར་ཆུན་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། རང་འདྲ་བའི་ཀུན་ཏུ་བཟང་མོ་དང་མཉམ་པར་སྦྱོར་བའོ། །དེ་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་མགོ་བོའི་གནས་ལྔར་གཏུགས་ཏེ། ༀ་ནམཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ལུས་ཀྱི་བ་སྤུའི་གནས་ཐམས་ཅད་དུ་རིགས་དྲུག་གི་ལྷའི་རྡུལ་ཕྲ་རབ་ཀྱིས་ཁྱབ་པར་བསམ་ལ། རྡོ་རྗེེ་ཐལ་མོ་ལས་མཐེ་བོང་བསྣོལ་གུང་མཛུབ་རྡོ་རྗེ་རྩེ་གསུམ་པའི་ཚུལ་དུ་བྱས་པ་ནམ་མཁའ་དབྱིངས་ཕྱུག་མའི་རྒྱས་སྤྱི་མགྲིན་སྙིང་ལྟེ་སོགས་གནས་ཐམས་ཅད་དུ་རེག་སྟེ། ༀ་དྷརྨ་དྷ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་བཟུང་ལ། རང་གི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀར་ཉི་མ་ལ་རང་འདྲའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཧཱུཾ་དཀར་པོ། དེ་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་ཕཻཾ་ཞེས་སྤྱན་དྲངས། ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་ཁྲུས་གསོལ་ཞིང་དབང་བསྐུར། ཛཿཧཱུཾ་བཾ་ཧོཿ སྤྱི་བོ་ནས་ཞུགས་ཏེ་དམ་ཚིག་པ་དང་དབྱེར་མེད་དུ་གྱུར་པ་ལ་དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་བསམ་ལ་ནམ་མཁའ་དབྱིངས་ཕྱུག་མའི་ཕྱག་རྒྱ་མགོ་བོའི་གནས་ལྔར་གཏུགས་ལ། ༀ་ཨ་བྷི་ཥིཉྩ་མཾ། ལན་ལྔ། སོར་མོ་ཐམས་ཅད་ནང་དུ་བསྣོལ། །རྩེ་མོའི་ངོས་རྣམས་ཀུན་སྤྲད་ལ། །མཐེ་བོས་རྡོ་རྗེ་མནན་པ་ནི། །སྣ་དང་མིག་ཕུག་ལྟ་བུ་སྟེ། །ཞེས་པའི་ཐོད་སྐམ་གྱི་ཕྱག་རྒྱ་ཡང་གནས་ལྔར་གཏུགས་ལ། ༀ་བཛྲ་ཨ་བྷི་ཥིཉྩ་མཾ། རིན་པོ་ཆེའི་ཕྱག་རྒྱ་སྤྱི་བོར་བཏུགས་ལ། ༀ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཾ། རྡོ་རྗེ་ཁུ་ཚུར་དཔྲལ་མགྲིན་སོགས་གནས་ལྔར་རེག་ལ། ༀ་ཏྲཱུཾ་ཞེས་དང་། ༀ་ཕཊ་ལཾ་བ་ཨ་བྷི་ཥིཉྩ་ཧཱུཾ། ༀ་བཛྲ་ཏུཥྱ་ཧོཿ ཞེས་དར་དཔྱངས་འཆིང་འགྲོལ་གྱི་ཕྱག་རྒྱ་ཡང་བྱའོ། །དེ་དག་ནི་དང་པོའི་རྣལ་འབྱོར་རོ། །གཉིས་པ་ནི། རྗེས་སུ་ཆགས་པའི་རྣམ་མང་བདེ་བའི་པདྨོ་རྣམས། །དགའ་བའི་མཆོད་པས་གསལ་བར་རྗེས་སུ་མཆོད་བྱས་པས། །མཆོག་ཏུ་རྟག་པའི་རྣལ་འབྱོར་བདེ་བས་བདེ་གྲུབ་མཛད། །ཨེ་མའོ། མཆོག་ཏུ་བདེ་བའི་དམ་ཚིག་ངོ་བོ་ཉིད། །མཆོག་ཏུ་བདེ་བའི་རྣལ་འབྱོར་སྐལ་བཟང་མཆོག་དགྱེས་པ། །རང་གི་དམ་ཚིག་རྟག་པར་རོལ་ཅིག་པའོ། །ཞེས་གླུ་བླངས་ནས་ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་འབར་བ་ནོར་བུའི་རྩེ་མོ་ཅན་ཕཊ་ཀྱིས་མཚན་པ། ཡུམ་གྱི་གསང་གནས་ཨཱཿལས་པདྨ་སེར་པོ་འདབ་མ་བརྒྱད་པ་ཕྱི་རོལ་ཆོས་འབྱུང་གི་དབྱིབས་ཅན་ཟེ་འབྲུ་ཨཱཿས་མཚན་པའོ། །དེ་ནས་སྟོང་པ་ཤིན་ཏུ་ཞེས་སོགས་ཀྱི་གླུ་ལེན་པའམ། མེད་ཀྱང་རུང་སྟེ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ༀ་པྲ་བེ་ཤ་ཡ་ཕཊ། ཨ་ལ་ལ་ཧོཿ ཞེས་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་མཉེས་ཤིང་བསྐུལ། སེམས་ཅན་ཐམས་ཅད་ཀྱི་དྲི་མ་སྦྱངས་པར་བསམ་མོ། །དེ་ནི་རྗེས་སུ་རྣལ་འབྱོར་རོ། །གསུམ་པ་ནི། དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རིགས་དྲུག་གི་གསུང་ཡི་གེར་གྱུར་པ་རྣམས་རང་གི་བ་སྤུའི་སྒོ་ནས་ཞུགས། བདེ་བ་ཆེན་པོའི་གནས་སུ་འདུས་ཏེ་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་ཏུ་གྱུར་པ་འཁོར་ལོ་བཞི་ནས་བརྒྱད་བརྟག་སྟེ་ནོར་བུའི་རྩེ་མོར་ཕྱིན། ཡང་རྗེས་སུ་ཆགས་པའི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་སྦྱངས། རིགས་དྲུག་གི་དཀྱིལ་འཁོར་དང་རྡོ་རྗེ་རྣམ་པ་གསུམ་གྱི་གོ་འཕང་ལ་བཀོད། སླར་འདུས་ཏེ་ཐིམ་པ་ཡུམ་གྱི་གསང་གནས་སུ་གཞལ་ཡས་ཁང་སོ་སོའི་གདན་དང་བཅས་པའི་ལྷ་གནས་རྣམས་སུ་རང་མདོག་དང་མཐུན་པའི་ཐིག་ལེ་རེ་རེ། དེ་རྣམས་ཡོངས་སུ་གྱུར་པ་ལས་ཆོས་ཀྱི་སྙིང་པོའི་ཡི་གེ་རྣམས་སུ་གྱུར་པ་ནི། དཀྱིལ་འཁོར་དབུས་མའི་ལྟེ་བ་ལ་ཧཱུཾ་ལས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་ཏེ་རིགས་དྲུག་གི་དཀྱིལ་འཁོར་དགུའི་ལྷ་ཚོགས་རྣམས་སུ་གྱུར། དེ་དག་གཙོ་འཁོར་རིམ་པ་བཞིན་མཁའ་ནང་ནས་ཕྱིར་སྤྲོས། ༀ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨཱཿ ཛཿཧཱུཾ་བཾ་ཧོཿ སུ་ར་ཏསྟྭཾ། རང་ཉིད་ལྟ་བུའི་སྤྲུལ་པ་དཔག་ཏུ་མེད་པ་སྤྲོས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཁྱད་པར་ཅན་ཐམས་ཅད་མཛད། སེམས་ཅན་ཐམས་ཅད་རྒྱལ་བ་རིགས་དྲུག་གི་གོ་འཕང་ལ་བཀོད་ནས་རིམ་པ་བཞིན་འདུས་པ་ལས། གཙོ་བོ་རྡོ་རྗེ་སེམས་དཔའ་རང་ཉིད་ལ་ཐིམ་པར་གྱུར། དེ་བཞིན་དུ་འཁོར་གྱི་ལྷ་མོ་རྣམས་ཀྱང་རྒྱས་པར་རང་སྔགས་ཀྱིས་འབྱིན་པ་ཡིན་ཡང་། བསྡུ་ན་ས་བོན་གྱིས་ཕྱུངས་པས་ཀྱང་ཆོག་པས། དེ་ལྟར་ན། ཛཿབདེ་མཆོག་མ་དཀར་མོ་མདའ་གཞུ་འགེངས་པ། ཧཱུཾ་ཨེ་མ་བདེ་བ་མ་གསེར་མདོག་ལིངྒ་རྡོ་རྗེས་མཚན་པ་དང་བྷ་ག་རིན་པོ་ཆེས་མཚན་པ། བཾ་སྣང་མཛད་མ་དམར་མོ་སྣ་ཚོགས་རྡོ་རྗེ་དང་བདུད་རྩིའི་ཐོད་པ་འཛིན་ཅིང་ཁ་ཊྭཱཾ་གྲུ་མོར་བརྟེན་པ། ཧོཿསློབ་པ་མོ་ལྗང་གུ་གཡས་འཁྱུད་པའི་ཚུལ་གྱིས་མདའ་དང་གཡོན་སངས་རྒྱས་ཀྱི་སྐུ་གཟུགས་ཀྱིས་མཚན་པའི་བདུད་རྩིའི་བུམ་པ་འཛིན་པ་རྣམས་དཀྱིལ་འཁོར་དབུས་མའི་པདྨ་འདབ་མ་བཞི་ལ་ཤར་སོགས་གཡས་བསྐོར་གྱིས་འཁོད། ཨཾ། སངས་རྒྱས་བྱང་ཆུབ་མ་དཀར་དམར་ཚངས་པའི་མགོ་བོས་མཚན་པའི་མདའ་བཞི་དུས་གཅིག་ཏུ་འཕེན་པའི་ཚུལ་དང་གཞུ་འཛིན་པ། བྷྲཱུཾ། ཆོས་ཀྱི་འཁོར་ལོ་མ་དཀར་སེར་གཡས་པའི་གུང་མོ་ལ་འཁོར་ལོ་དམར་པོ་དང་སྔོན་པོ་གཉིས་བསྐོར་ཞིང་གཡོན་དཀུར་བརྟེན་པ། ཧཿ ཁམས་གསུམ་རྣམ་རྒྱལ་མ་དམར་སྐྱ་གཡས་མདུང་རྩེ་གསུམ་དང་གཡོན་རྡོ་རྗེ་ཐུགས་ཀར་བརྟེན་པ། ཁཾ། འདོད་པའི་དབང་མོ་ལྗང་གུ་དཔག་བསམ་ཤིང་གི་ལྕུག་མ་རླུང་གིས་བསྐྱོད་པ་འཛིན་ཅིང་གར་མཛད་པ་རྣམས་རེ་མིག་བརྒྱད་ཀྱི་ཤར་སོགས་ཕྱོགས་བཞིར་གཡས་བསྐོར་གྱིས་འཁོད། ༀ། གླིང་བུ་མ་སྔོན་མོ་གླིང་བུ་འཛིན་པ། དེ་བཞིན་དུ། ཏཾ། པི་ཝང་མ་སེར་མོ་པི་ཝང་། ཝཾ། རྔ་ཆེན་མ་དམར་མོ་རྔ་ཆེན། སཾ། རྫ་རྔ་མ་ལྗང་གུ་རྫ་རྔ་འཛིན་པ་རྣམས་རེ་མིག་གི་མཚམས་བཞིར་ཤར་ལྷོ་ནས་གཡས་བསྐོར་གྱིས་འཁོད། ཨ། མེ་ཏོག་མ་དམར་སེར་མེ་ཏོག །ཨཱཿ སྤོས་མེ་མ་དཀར་མོ་སྤོས་མེ། ཨཱཾཿ མར་མེ་མ་དམར་མོ་མར་མེ། ཨཱཿ དྲི་ཆབ་མ་ལྗང་གུ་དྲི་ཆབ་འཛིན་པ་རྣམས་ཕྱིའི་གྲྭ་བཞི་ལ་མེ་ནས་བརྩམས་ཏེ་གཡས་བསྐོར་གྱིས་འཁོད། བརྒྱད་ཀའི་ཕྱག་མཚན་རྡོ་རྗེ་མཚན་ཅིང་། ལྷ་མོ་བཅུ་དྲུག་པོ་རྣམས་སྒེག་མཛེས་ཆགས་པའི་ཉམས་ཅན་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། འོད་ཀྱི་དཀྱིལ་འཁོར་འབར་བ་འགྱིང་བག་གི་ཚུལ་དང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་དག་ནི་རྡོར་སེམས་ཀྱི་ཁྱད་པར་གྱི་ལྷ་ཚོགས་སོ། །ཛཿ རྟ་མགྲིན་འཕངས་མཐོ་མ་དཀར་མོ་རྟ་གདོང་ཅན་ལྕགས་ཀྱུ་དང་ཐོད་པ་བདུད་རྩིས་གང་བ་འཛིན་པ། ཧཱུཾ྅། ཕག་གདོང་མ་སྔོན་མོ་མཆེ་བ་དང་ཞགས་པ་འཛིན་པ། བཾ། སྣང་བ་མ་དམར་མོ་ཁྱི་གདོང་ཉི་ཟླས་མཚན་པའི་ལྕགས་སྒྲོག་འཛིན་པ། ཧོཿ ཐལ་བ་འཇིགས་བྱེད་མ་ལྗང་གུ་སེང་གེའི་གདོང་ཅན་དྲིལ་བུ་དང་འོད་དཔག་མེད་ཀྱི་སྐུས་མཚན་པའི་ཐོད་པ་བདུད་རྩིས་གང་བ་འཛིན་པ་རྣམས་ཟུང་རེ་སྤྲོས་ཏེ་དཀྱིལ་འཁོར་དབུས་མ་དང་གཞི་དཀྱིལ་གྱི་ཤར་སོགས་སྒོ་བཞི་ལ་གཡོས་བསྐོར་གྱིས་འཁོད། དེ་ཐམས་ཅད་ཀྱང་ཕྱག་མཚན་རྡོ་རྗེས་མཚན་པ་གཏུམ་ཞིང་ཁྲོས་པ་དུར་ཁྲོད་ཀྱི་ཆས་ཅན་འབར་བ་མེའི་དབུས་ན་གཡོན་བརྐྱང་གིས་གནས་པའོ། །གཞན་དུ་གཡས་བརྐྱང་དུ་བཤད་ཀྱང་རུང་། ཊཱི་ཀ་ལས་འདི་ལྟར་རོ། །དེ་དག་ནི་རྡོར་སེམས་དང་གཞི་དཀྱིལ་གྱི་སྒོ་བ་རྣམས་སོ། །ༀ་བྷྲཱུཾ་ཁཾ་ཞེས་དང་། ༀ་ཞེས་ཕྱུངས་པས་སྤྲོ་བ་དང་བསྡུ་བའི་ཕྲིན་ལས་མཛད་དེ་དཀྱིལ་འཁོར་ཤར་མའི་དབུས་སུ་འཁོད་པ་ནི། རྒྱལ་བ་རྟག་པ་རྣམ་པར་སྣང་མཛད་དཀར་ལ་སེར་བའི་མདངས་ཅན་རྩ་ཞལ་དཀར་པོ་གཡས་སེར་གཡོན་དམར་རྒྱབ་ལྗང་བ། ཕྱག་དང་པོ་གཉིས་ཀྱི་སྟོད་གཡོགས་ཆོས་གོས་ངུར་སྨྲིག་གསོལ་བའི་གྲ་དང་ལྷུང་བཟེད་བདུད་རྩིས་གང་བ། འོག་མ་གཉིས་ཀྱིས་མཁར་གསིལ་དང་གླེགས་བམ་འཛིན་པ། འཁོར་ལོས་སྒྱུར་བའི་ཆ་ལུགས་དང་རིན་པོ་ཆེས་བརྒྱན་པ། སངས་རྒྱས་སྤྱན་མ་དཀར་མོ་འཁོར་ལོ་དང་ཐོད་པ་འཛིན་པས་འཁྱུད་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་བཞིན་དུ། ཧཾ། སངས་རྒྱས་ཀུན་བརྗོད་མ་དཀར་མོ་ལྗགས་ཀྱིས་མཚན་པའི་པདྨ་འཛིན་པ། ཚཾ། ཤིན་ཏུ་རྒྱལ་བ་མ་སེར་མོ་ཕྱག་གཉིས་ཐལ་མོ་རྡེབ་པ། ཏྲཾ། ཀུན་ནས་བཟང་མོ་དམར་མོ་རྡོ་རྗེ་རྩེ་ལྔ་དང་རིན་པོ་ཆེའི་ཟ་མ་ཏོག་འཛིན་པ། དྷཾ། མི་ཟད་པའི་སྣོད་མ་སྣ་ཚོགས་མདོག་ནོར་བུས་གང་བའི་སྣོད་དང་ཆོས་དུང་འཛིན་པ་རྣམས་པདྨའི་འདབ་མ་བཞི་ལ་ཤར་སོགས་གཡས་བསྐོར་གྱིས་འཁོད། ཨཾ། སངས་རྒྱས་ཀུན་ལྡན་མ་དམར་སེར་རྒྱལ་བ་མི་བསྐྱོད་པའི་སྐུ་ཐུགས་ཀར་འཛིན་པ། བྷྲཱུཾ། ཞལ་བཟང་མ་དཀར་མོ་མེ་ལོང་གི་མདོག་ཅན་མེ་ལོང་དང་རྔ་ཡབ་འཛིན་པ། ཧཾ། སྤྲིན་ཆེན་མ་སྔོན་མོ་སེར་བ་འབེབས་པའི་རྡོ་རྗེའི་སྤྲིན་འཛིན་པ། ཁཾ། ནམ་མཁའི་སྤྱན་མ་སེར་སྐྱ་པདྨ་མིག་འབྲས་ཀྱིས་མཚན་པ་འཛིན་པ་རྣམས་རེ་མིག་བརྒྱད་ཀྱི་ཤར་སོགས་ཕྱོགས་བཞིར་གཡས་བསྐོར་གྱིས་འཁོད། ༀ། གླིང་བུ་མ་ཞེས་པ་ནས་འབར་བའི་མེའི་དབུས་ན་གཡོན་བརྐྱང་གིས་གནས་པའོའི་བར་གྱི་མཆོད་ལྷ་བརྒྱད་དང་སྒོ་མ་བཞི་པོ་སྔར་དང་འདྲ་བ་ལས། ཁྱད་པར་བདུད་རྩིས་གང་བ་འཛིན་པ་རྣམས་སྤྲོས་ཏེ་སྒོ་བཞི་ལ་གཡས་བསྐོར་གྱིས་འཁོད། ཅེས་དང་། ཕྱག་མཚན་རྡོ་རྗེས་མཚན་པ་ཞེས་པའི་གནས་སུ་འཁོར་ལོས་མཚན་པ་ཞེས་བསྒྱུར་ཏེ་རྣམ་སྣང་གི་ལྷ་ཚོགས་སོ། །ༀ་ཧེ་རུ་བཛྲ་ས་མ་ཡ་ཧྲཱིཿསརྦ་དུཥྚན་ས་མ་ཡ་མུ་དྲ་པྲ་བྷཉྫ་ཀ་ཧཱུཾ་ཕཊ། ཅེས་དང་། ཧཱུཾ་ཞེས་ཕྱུངས་པས་སྤྲོ་བསྡུའི་ཕྲིན་ལས་མཛད་དེ་དཀྱིལ་འཁོར་ལྷོ་མའི་དབུས་སུ་འཁོད་པ་ནི། དཔལ་ཆེན་ཧེ་རུ་ཀ་སྐུ་མདོག་སྔོན་པོ་རབ་ཏུ་ཁྲོས་པའི་རྩ་ཞལ་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན། གཡས་དཀར་གཡོན་དམར་རྒྱབ་སེར་བ་སྟེ་ཞལ་བཞི་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འདྲིལ་བ། སྐན་སྒྲ་སྡེབ་པ། སྤྱན་དམར་ལྡོག་ཅིང་དབུ་སྐྲ་དང་སྨ་ར་འབར་བ། རྡོ་རྗེའི་བ་སྤུ་ཅན། གར་དགུའི་ཉམས་རྒྱས་པ། ཕྱག་བརྒྱད་ཀྱི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་དཔྱངས་པའི་ཁ་ཊྭཱཾ་ཀ །གཉིས་པ་གཉིས་ཀྱིས་འཇིགས་བྱེད་ཆེན་པོའི་པགས་པ་རླུང་གིས་བསྐྱོད་པའི་ཚུལ་ཅན། གསུམ་པ་གཉིས་ཀྱིས་མདའ་དང་གཞུ། བཞི་པ་གཉིས་ཀྱིས་ཐོད་པ་ཁྲག་གིས་གང་བ་དང་། སྙིང་ཆེན་པོས་གང་བ་འཛིན་པ། དུར་ཁྲོད་རོལ་པའི་ཆས་ཅན། ཞབས་གཡས་ཅུང་ཟད་བསྐུམ་པས་ཡུམ་གྱི་བརླ་ལ་འཁྱུད་ཅིང་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་གུ་ལང་དང་དབང་ཆེན་དང་ཟླ་བ་དང་ཉི་མ་དང་གཤིན་རྗེ་དང་ཚངས་པ་ལ་སོགས་པ་དྲེགས་པ་ཅན་ཐམས་ཅད་གནོན་པ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་སྔོ་སྐྱ་ཐོད་ཁྲག་དང་བ་དན་རྩེ་གསུམ་པའི་ཕྱག་རྒྱ་ཅན་གྱིས་འཁྱུད་པའོ། །ཡང་ན། ཧེ་རུ་ཀ་ཕྱག་བཞི་པ། གཡས་གཉིས་རྡོ་རྗེ་དང་དུང་ཁྲག །གཡོན་གཉིས་གཤོལ་ཐོང་དང་ཞགས་པ། ལྷ་ཆེན་གྱི་གཡང་གཞི་སྟོད་གཡོགས་སུ་མནབ་པའོ། །བསྡུ་ན། ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དུང་ཁྲག །ཁ་ཊྭཱཾ་ཀ་སེ་རལ་ཁར་བྱས་པ། ཡུམ་ཡང་ཁ་ཊྭཱཾ་ཀ་རྒྱབ་ཕྱོགས་སུ་སེ་རལ་ཁལ་བརྟེན་པར་བྱས་ཀྱང་རུང་ངོ་། །གང་ལྟར་ཡང་སྔར་བཞིན་དུ། ཧྲཱིཿ ག་རཱི་དཀར་སེར་ཞི་བའི་མདངས་ཅན་ཞལ་བཞི་པ། ཕྱག་བརྒྱད་ཀྱིས་མདའ་གཞུ་འགེངས་པས་ཚངས་པའི་མགོ་བཞི་འབིགས་པ། ཧྣི། ཙཽ་རཱི་དམར་སེར་དྲག་མོའི་ཉམས་ཅན་གཡས་གུང་མོས་འཁོར་ལོ་རྩིབས་བརྒྱད་པ་གཏོད་ཅིང་གཡོན་ཐུགས་ཀར་ལྕགས་ཀྱུ་འཛིན་པས་ཁ་ཊྭཱཾ་ཀ་ལ་འཁྱུད་པ། ཛྫིཾ། ཕྲ་མོ་དམར་ནག་རྨོངས་བྱེད་ཀྱི་ཚུལ་ཅན་སྟེང་ཞལ་ཕག་གི་གདོང་ཅན། ཕྱག་དང་པོ་གཉིས་རྩེ་གསུམ་དང་ཐོད་པ། འོག་མ་གཉིས་འཁོར་ལོ་དང་ཁུ་ཚུར་བཅངས་པ་གཡས་བརྐྱང་བའི་སྟབས་ཅན། ཛི། བཻ་ཏ་ལཱི་དཀར་མོ་ཤི་བ་སློང་བའི་ཚུལ་ཅན། ཐོད་པ་བདུད་རྩིས་གང་བ་དང་བ་དན་གསུམ་པའི་ཕྱག་རྒྱ་མཛད་པ་རྣམས་ཕྱོགས་ཀྱི་རེ་མིག་བཞི་ལ་འཁོད། ཧཱུཾ། པུཀྐ་སཱི་སྣ་ཚོགས་མདོག་གར་གྱི་སྟངས་ཅན། རྡོ་རྗེ་རྩེ་ལྔ་དང་དཔག་བསམ་ཤིང་གི་ལྕུག་མ་འཛིན་པ། སྐུ་མདོག་གི་ཁྱད་པར་ནི། བོལ་བཞི་བརླ་དཔུང་དཀར་བ་ལ། །ལུས་སྒྲོམ་ཉྭ་བཞི་དམར་བ་སྟེ། །ཕྱག་མཆོག་ལོ་མ་སྔོན་པོ་འདྲ། །ཞེས་གསུངས་ཤིང་ཞལ་རས་སྔོན་པོ་དོན་གྱིས་ཐོབ་པའང་ཤེས་པར་བྱའོ། །ཕཊ། ཙཎྜ་ལཱི་སྔོ་ནག་དབུགས་བསྐྱོད་པའི་ཚུལ་ཅན་གཡས་རླུང་རས་རྡོ་རྗེས་མཚན་པ་དང་གཡོན་ཏྲི་ཤཱུལ་འཛིན་པ། ཧཱུཾ། གྷསྨ་རཱི་སེར་ནག་མི་རོ་ཟ་བའི་ཚུལ་ཅན་རལ་གྲི་དང་མེ་ཐབ་འཛིན་པ། ཕཊ། སྨེ་ཤ་མ་མཐིང་ནག་རྣམ་པར་གཡེང་བའི་ཚུལ་ཅན་གཡས་གཉིས་རྡོ་རྗེ་དང་དུང་དམར། གཡོན་གཉིས་གཤོར་ཐོང་དང་ཞགས་པ་ཁ་ཊྭཱཾ་ཀ་སེ་རལ་ཁར་ཐོགས་པ་རྣམས་མཚམས་ཀྱི་རེ་མིག་བཞི་ལ་འཁོད། ཁྲོ་མོ་བརྒྱད་པོ་ཞིང་ལྤགས་དང་དར་གྱི་ན་བཟའ་གསོལ་ཞིང་སྦྲུལ་དང་ཐོད་ཕྲེང་རིན་པོ་ཆེས་བརྒྱན་པ། པད་ཉི་རོའི་གདན་ལ་གར་སྟབས་ཀྱིས་བཞུགས་པའོ། །མཾ། མདའ་འཛིན་མ་དཀར་མོ་མདའ་གཞུ་ཐོགས་པ། ཝཾ། ཁ་ཊྭཱཾ་འཛིན་མ་སེར་མོ་ཁ་ཊྭཱཾ་དྲིལ་བུར་བཅས་པ་ཐོགས་པ། ལཾ། འཁོར་ལོ་འཛིན་མ་དམར་སེར་འཁོར་ལོ་རྩིབས་བརྒྱད་འཛིན་པ། ཧཾ། སྣ་ཚོགས་བ་དན་འཛིན་མ་ལྗང་གུ་བ་དན་ལ་དྲིལ་བུ་དཔྱངས་པ་འཛིན་པ་རྣམས་གྲུ་ཆད་ཀྱི་གྲྭ་བཞི་ལ་མེ་ནས་བརྩམས་ཏེ་གཡས་བསྐོར་གྱིས་འཁོད། མེ་ཏོག་མ་སོགས་བཞི་དང་། སྒོ་མ་བཞི་ནི་སྔར་དང་འདྲ་བ་ལས། སྒེག་མཛེས་ཆགས་པའི་གནས་སུ་ཁྲོ་བོའི་ཉམས་དང་ལྡན་ཅིང་ཞེས་དང་། ཕྱག་མཚན་གྱི་སྐབས་ཁྲོ་བོའི་རྡོ་རྗེས་མཚན་པ་ཞེས་བསྒྱུར། དེ་དག་ནི་ཧེ་རུ་ཀའི་ལྷ་ཚོགས་སོ། །ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་ནིཏྟེ་ཤྭ་རཱ་ཧྲཱིཿཛཿ ཞེས་དང་། ཧྲཱིཿ ཞེས་ཕྱུངས་པས་སྤྲོ་བསྡུའི་ཕྲིན་ལས་མཛད་དེ། དཀྱིལ་དཀྱིལ་འཁོར་ནུབ་མའི་དབུས་སུ་འཁོད་པ་ནི་པདྨ་གར་གྱི་དབང་ཕྱུག་དམར་ལ་དཀར་བའི་མདངས་ཅན་མཚན་དཔེའི་ལང་ཚོས་སྒེག་ཅིང་ཆགས་པའི་ཉམས་དང་ལྡན་པ། ཕྱག་བཞིའི་དང་པོ་གཉིས་ཆོས་འཆད་ཀྱིས་པདྨའི་སྡོང་བུ་གཉིས་འཛིན་པ། འོག་མ་གཉིས་ཀྱིས་མདའ་གཞུ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ། ཡུམ་གོས་དཀར་མོ་དམར་མོ་པདྨ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། ཞབས་གཡས་བརྐྱང་པའི་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའོ། །ཡང་ན། ཞལ་བཅོ་ལྔ་ཉམས་དང་ཁ་དོག་སྣ་ཚོགས་པ། རྩ་ཞལ་སྐུ་ལུས་དང་མཚུངས་པའི་མདོག་ཅན། ཕྱག་གཡས་ལྔ་བཅུས་རྡོ་རྗེ་འཁོར་ལོ་རིན་ཆེན་དབྱུག་པ་རལ་གྲི་སོགས་མཚོན་ཆ་སྣ་ཚོགས་པ་དང་། གཡོན་ལྔ་བཅུས་ཁ་དོག་སྣ་ཚོགས་པའི་པདྨའི་སྡོང་བུ་འབའ་ཞིག་འཛིན་པ། ཞབས་ཉི་ཤུ་རྩ་བཞི་གཡས་བརྐྱང་པའི་སྟབས་ཀྱིས་བཞུགས་པ། ཡུམ་སྔར་དང་འདྲ་བ་སྟེ། དེ་ལྟར་བྱས་ནའང་ལེགས་སོ། །གང་ལྟར་ཡང་འཁོར་རྣམས་སྔར་བཞིན་དུ། ཛཿ རྣམ་གཟིགས་མ་དམར་མོ་ཕྱག་གཡོན་པས་པདྨ་དམར་པོ་སྙེམས་པའི་ཚུལ་གྱིས་འཛིན་ཅིང་གཡས་པས་ཁ་འབྱེད་པ། ཧཱུཾ། སྒྲོལ་མ་ལྗང་གུ་གཡོན་པདྨ་སྔོན་པོའི་སྡོང་བུ་དཀུར་བརྟེན་ཅིང་གཡས་པས་དེ་ཉིད་འདྲེན་པ། བཾ། ས་འཛིན་མ་སྔོན་མོ་གཡས་འཁོར་ལོ་དང་གཡོན་པད་དཀར་འཛིན་པ། ཧོཿ ཁྲོ་གཉེར་མ་དཀར་མོ་གཡས་མདུང་རྩེ་གསུམ་པའི་ཕྱག་རྒྱས་གར་བྱེད་ཅིང་གཡོན་ཨུཏྤལ་སྔོན་པོ་འཛིན་པ་རྣམས་པདྨའི་འདབ་མ་བཞི་ལ་ཤར་སོགས་གཡས་བསྐོར་གྱིས་འཁོད། ཧཱུྃ། གཏུམ་པའི་དབང་ཕྱུག་མ་དཀར་མོ་གཡས་རྡོ་རྗེ་གཏོད་ཅིང་གཡོན་པདྨ་དམར་པོ་འཛིན་པ། ཧེ། སྣ་ཚོགས་པདྨོ་མ་སྔོ་ལྗང་གཡས་འཁོར་ལོ་གྱེན་དུ་གཏོད་ཅིང་གཡོན་སྣ་ཚོགས་པདྨོ་འཇིན་པ། ཨཱཿ པདྨའི་ན་བཟའ་མ་གསེར་མདོག་ཅན། གཡས་ཆུ་སྲིན་གྱི་རྒྱལ་མཚན་དང་གཡོན་པདྨ་སེར་པོ་འཛིན་པ། ཧོཿ པདྨའི་དབང་ཕྱུག་མ་དམར་མོ་གཡས་རྡོ་རྗེ་རྩེ་ལྔ་གསོར་ཞིང་གཡོན་པདྨ་དམར་པོ་འཛིན་པ་རྣམས་རེ་མིག་བརྒྱད་ཀྱི་ཤར་སོགས་འགྲེ། གླིང་བུ་མ་སོགས་སྔར་དང་འདྲ་བ་ལས། ཕྱག་མཚན་གྱི་སྐབས་པདྨས་མཚན་པ། ཆགས་པའི་ཉམས་ཅན་པདྨའི་ཕྲེང་བས་ཀླུབས་པ་དར་དང་རིན་པོ་ཆེ་ཞེས་བསྒྱུར། དེ་དག་ནི་གར་དབང་གི་ལྷ་ཚོགས་སོ། །ༀ་སིདྡྷུནྟུ། ས་མ་ཡ། སིདྡྷྱ་མ་ཧཱ་བཛྲ་རཏྣ་བ་བ་ཊ་ཊ་ཏྲཾ། ཞེས་དང་། ཏྲཾ། ཞེས་ཕྱུངས་པས་སྤྲོ་བསྡུའི་ཕྲིན་ལས་མཛད་དེ་དཀྱིལ་འཁོར་བྱང་མའི་དབུས་སུ་འཁོད་པ་ནི། རྡོ་རྗེ་ཉི་མ་སྐུ་མདོག་གསེར་གྱི་མདོག་ཅན་ཞལ་བཞི་སེར་བ་རེས་འགའ་དམར་ཞིང་ཡིད་ཙམ་ཁྲོ་བ། ཕལ་ཆེར་ལྷག་པར་འཛུམ་པས་བཞད་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་མདའ་དང་གཞུ། འོག་མ་གཉིས་ཀྱིས་རལ་གྲི་འཕྱར་ཞིང་ཉི་མའི་དཀྱིལ་འཁོར་དང་རྡོ་རྗེས་མཚན་པའི་པདྨ་བསྣམས་པ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་ཅིང་། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡུམ་མཱ་མ་ཀཱི་སྔོན་མོ་རིན་པོ་ཆེ་དང་ཐོད་པ་འཛིན་པ་དང་འཁྲིལ་བའོ། །དེ་བཞིན་དུ། ༀ། དབང་བསྐུར་མ་དམར་མོ་རྡོ་རྗེས་མཚན་པའི་རིན་པོ་ཆེའི་ཅོད་པན་འཛིན་པ། ཧྲཱིཿ གཏེར་ལྡན་མ་སེར་མོ་རིན་པོ་ཆེས་གང་བའི་བུམ་པ་འཛིན་པ། ཧོཿ རྒྱལ་མཚན་མཆོག་ལྡན་མ་དཀར་དམར་རྒྱལ་མཚན་ནོར་བུའི་ཏོག་ཅན་འཛིན་པ། ཧཾ། མཆོད་ཆེན་མ་ལྗང་གུ་ཟས་སྣ་ཚོགས་ཀྱིས་གང་བའི་སྣོད་འཛིན་པ་རྣམས་པདྨའི་འདབ་མ་བཞི་ལ་ཤར་སོགས་གཡས་བསྐོར་གྱིས་འཁོད། ཛཿ མདའ་གཞུ་མ་དམར་སེར་མདའ་གཞུ་འཛིན་པ། ཧཱུཾ། རལ་གྲི་མ་སྒོན་མོ་རལ་གྲི་ཁ་ཊྭཱཾ་འཛིན་པ། བཾ། ཉི་མ་མ་དམར་སེར་ཉི་མའི་དཀྱིལ་འཁོར་འཛིན་པ། ཧོཿ མེ་འབར་མ་ལྗང་དམར་རྡོ་རྗེས་མཚན་པའི་མེ་ཐབ་འཛིན་པ་རྣམས་རེ་མིག་བརྒྱད་ཀྱི་ཤར་སོགས་འགྲེ། གླིང་བུ་མ་སོགས་སྔར་དང་འདྲ་བ་ལས། ཕྱག་མཚན་གྱི་སྐབས་ནོར་བུ་རིན་པོ་ཆེས་མཚན་པ་དང་། ལྷ་མོ་བཅུ་དྲུག་པོ་རྣམས་སྐུ་ལ་ནོར་བུ་དམར་པོའི་མདངས་འོད་འཕྲོ་ཞིང་སྒེག་མཛེས་ཞེས་བསྒྱུར། དེ་དག་ནི་རྡོ་རྗེའི་ཉི་མའི་ལྷ་ཚོགས་སོ། །ༀ་སུམྦྷ་ནི་སུམྦྷ་ཧཱུྃ། ཞེས་དང་། ཧཾ་ཧཾ་ཧཾ་ཧཾ། ཞེས་ཕྱུངས་པས་སྤྲོ་བསྡུའི་ཕྲིན་ལས་མཛད་དེ་མཚམས་ཀྱི་དཀྱིལ་འཁོར་བཞིའི་དབུས་སུ་འཁོད་པ་ནི། རྟ་མཆོག་རོལ་པའི་སངས་རྒྱས་སྐུ་ལུས་ལྗང་གུ། རྩ་ཞལ་དམར་བ། གཡས་སྔོ་གཡོན་དཀར་སྟེང་ཞལ་རྟ་གདོང་ལྗང་གུ་མགྲིན་པ་གཏོད་དེ་སྒྲ་འབྱིན་པ། ཕྱག་བརྒྱད་ཀྱི་གཡས་བཞིས་བ་དན་རྩེ་གསུམ་པའི་ཕྱག་རྒྱ་དང་རྒྱ་གྲམ་དང་རལ་གྲི་དང་མདའ་འཛིན་པ། གཡོན་བཞིའི་སྣ་ཚོགས་པདྨ་དང་ཤཀྟི་དང་བེ་ཅོན་དང་གཞུ་འཛིན་པ། ཞབས་བཞི་གཡས་བརྐྱང་བའི་དང་པོས་སུམ་གྲུབ་མ་དང་དཔལ་མོ། གཉིས་པས་ཞི་བ་མ་དང་དགའ་བ་མ། གཡོན་བསྐུམ་པའི་དང་པོས་དྲག་པོ་དང་ཁྱབ་འཇུག །གཉིས་པས་འདོད་ལྷ་དང་ཚངས་པ་མནན་པ། ཞབས་མཐིང་ནས་རྡོ་རྗེའི་རྨིག་པ་འབྱིན་པས་དེ་དག་འཆིང་བར་མཛད་པ། ཞལ་གདངས་མཆེ་གཙིགས་སྤྱན་གསུམ་པ། སྐྲ་དམར་སེར་གྱེན་དུ་བརྫེས་ཤིང་ཁྲོ་བོ་དང་སྒེག་པ་དང་དྲག་པོ་དང་ཞི་བ་ལ་སོགས་པ་གར་གྱི་ཉམས་དགུ་དང་ལྡན་པ། གྲུ་མོ་ཕན་ཆད་ཀྱི་ཕྱག་རྣམས་དམར་ཞིང་པུས་མོ་མན་ཆད་ཀྱི་ཞབས་རྣམས་ནག་པོ། རང་འོད་ཀྱི་ཡུམ་དམ་ཚིག་སྒྲོལ་མ་ལྗང་སྐྱ་སྣ་ཚོགས་རྡོ་རྗེ་དང་ཐོད་པ་འཛིན་པས་ངེས་པར་འཁྱུད་པའོ། །དེ་བཞིན་དུ། ཛཱིཿ རྟ་མཆོག་གི་གཡས་སུ་ལྷ་མོ་སྣ་ཚོགས་པདྨ་མ་ལྗང་སེར། ཧཿ གཡོན་དུ་ལྷ་མོ་སྣ་ཚོགས་རྡོ་རྗེ་མ་ལྗང་གུ། གཉིས་ཀའང་གཡས་རང་མིང་དང་མཐུན་པའི་ཕྱག་མཚན་དང་། གཡོན་ཐོད་ཁྲག་འཛིན་པ་ཁྲོ་མོའི་ཆ་བྱད་རྫོགས་པའོ། །དེ་ལྟར་ལྷ་མོ་གཉིས་ཀྱིས་ལྷག་པ་ལས། འཁོར་གཞན་ནི་ཕྲིན་ལས་ཀྱི་བྱེ་བྲག་ལས་ཤར་ལྷོ་ཤར་དང་མཚུངས་པ་སོགས་ཕྱོགས་མཚམས་ཟུང་རེ་མཐུན་ཞིང་། ཁྱད་པར་སྐུ་དང་ཕྱག་མཚན་ལ་སྣ་ཚོགས་རྡོ་རྗེས་མཚན་ཅིང་དོན་ཡོད་གྲུབ་པས་དབུ་བརྒྱན་པའོ། །དེ་ཡང་རྡོར་སེམས་དང་རྣམ་སྣང་གི་ལྷ་རྣམས་སེམས་དཔའི་སྐྱིལ་ཀྲུང་། ཧེ་རུ་ཀའི་ལྷ་རྣམས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས། གར་དབང་གི་ལྷ་རྣམས་སྐྱིལ་ཀྲུང་ཕྱེད་པའི་རོལ་སྟབས། ཉི་མའི་ལྷ་རྣམས་རྡོ་རྗེའི་སྐྱིལ་ཀྲུང་། རྟ་མཆོག་གི་ལྷ་རྣམས་ཁྲོ་བོའི་སྐྱིལ་ཀྲུང་གིས་རོལ་པའོ། །དེ་ལྟར་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་མངོན་དུ་བཞེངས་པ་ན་ཉི་མ་དང་འོད་ཟེར་གྱི་ཚུལ་དུ། ཤར་དུ་ལྷ་ཆེན་བརྒྱད་དང་ཕྱོགས་སྐྱོང་། ལྷོར་གཤིན་རྗེ་དང་མ་མོའི་ཚོགས། ནུབ་ཏུ་ཕོ་ཉ་དང་ཀླུ་ཆེན་བརྒྱད། བྱང་དུ་གནོད་སྦྱིན་བརྒྱད་དང་འབྱུང་པོའི་ཚོགས། གཞན་ཡང་བཀའ་སྡོད་དམ་ཅན་སྲིད་པ་གསུམ་གྱི་འབྱུང་པོ་དཀྱིལ་འཁོར་ལ་མངོན་པར་དད་པ་མཐའ་ཡས་པའི་ཚོགས་རྣམས་ཀྱི་ཕྱི་རོལ་འཇིག་རྟེན་པའི་སྣམ་བུ་ལ་འཁོད་པར་གྱུར། དེ་དག་ནི་ཤིན་ཏུ་རྣལ་འབྱོར་ཞེས་བྱའོ། །བཞི་པ་ནི། དེ་ལྟར་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་མིག་དང་གཟུགས་ཕུང་ལ་རྣམ་པར་སྣང་མཛད། རྣ་བ་དང་ཚོར་བ་ལ་རྡོ་རྗེ་ཉི་མ། ལྕེ་དང་འདུ་ཤེས་ལ་པདྨ་གར་དབང་། སྣ་དང་འདུ་བྱེད་ལ་རྟ་མཆོག །ཡིད་དང་རྣམ་ཤེས་ལ་ཧེ་རུ་ཀ །ལུས་དང་ཡེ་ཤེས་ལ་རྡོ་རྗེ་སེམས་དཔའོ། །སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་རྒྱ་དང་བཅས་པས་སྤྱན་དྲངས་པར་བསམ་ལ། དམིགས་མེད་ཡན་ལག་བཞི་པ་ལས་འདི་ལྟར་རོ། །མཁའ་ལྟར་དག་པ་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །བསྙེངས་པ་མི་མངའ་སྟོབས་བཅུའི་ཤུགས་ལྡན་ཅིང་། །མ་འདྲེས་སངས་རྒྱས་ཆོས་རྣམས་རབ་ཏུ་རྫོགས། །དཔའ་བོ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། །མཁའ་འགྲོ་ཀུན་དང་ཐབས་གཅིག་གཤེགས་སུ་གསོལ། །ཐུགས་རྗེ་ཆེན་པོའི་སྐུ་མངའ་གསུང་ཉིད་རྫོགས། །མི་འཇིགས་ཐུགས་མངའ་སེངྒེས་བསྐྱོད་དུ་མེད། །གདུག་པའི་ཚོགས་མང་ཟིལ་གྱིས་གནོན་མཛད་པ། །བཅོམ་ལྡན་འགྲོ་ལ་བརྩེ་སླད་གཤེགས་སུ་གསོལ། །སྤྱན་འདྲེན་འདི་བྱེད་ན། སྟོང་པ་ཤིན་ཏུ་ཞེས་པའི་ཤློ་ཀ་གཅིག་པོ་བཞག །སྔགས་འདྲ། སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུས། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་དགོངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །ཛཿཧཱུཾ་བཾ་ཧོཿ ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་མདུན་གྱི་ནམ་མཁར་བཞུགས་པ་ལ་བཛྲ་པུཥྤེ་པུ། དྷཱུ་པེ་དྷཱུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། སརྦ་པཱུ་ཛ་སྥ་ར་ཎ་ཧཱུཾ། ཞེས་མཆོད་དེ། ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བཞིས་བདུད་རྩིའི་བུམ་པས་ཁྲུས་བྱས་ཤིང་གནས་གསུམ་དུ་དབང་བསྐུར། དྲི་མ་ཐམས་ཅད་དང་བྲལ་བར་བྱས། ལྷ་རྣམས་ཀྱི་སྤྱི་བོ་ནས་གཉིས་སུ་མེད་པར་ཐིམ་པར་བསམ་ལ། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད། བདེ་གཤེགས་ཕོ་བྲང་དམ་པ་འདིར། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །དོན་གྱི་དབང་གིས་དགོངས་ནས་ཀྱང་། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཞེས་དམ་ཚིག་པ་ལ་དབྱེར་མེད་དུ་བཞུགས་པར་གསོལ། དེ་ནས་ཕྱག་རྒྱས་དབང་བསྐུར་བའི་ཕྱིར། ནམ་མཁའ་དབྱིངས་ཕྱུག་མའི་རྒྱ་མགོ་བོའི་གནས་ལྔར་བཞག་སྟེ། ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ༀ་རཏྣ་ཨ་བྷི་ཨ་ཥིཉྩ་ཏྲཱཾ། ༀ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་རྒྱན་པར་བསམ་ལ། ༀ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཾ། པ་ཏྲ་ལཾ་བྷ་ཧཱུཾ། ཞེས་རིན་པོ་ཆེའི་ཕྲེང་བ་དང་དར་དཔྱངས་འཆིང་འགྲོལ་བྱ། ༀ་ཏྲུཾ་བཛྲ་ཏུ་ཤྱ་ཧོཿ ཞེས་དགྱེས་པའི་ཐལ་མོ་ལན་གསུམ་རྡེབ། ལཾ་ཨ་བྷི་ཥིཉྩ་མཾ། ཞེས་རིན་པོ་ཆེའི་རྒྱས་རྣམ་སྣང་དང་། ཧི་ཨ་བྷི་ཥིཉྩ་མཾ། ཐོད་པའི་རྒྱས་ཧེ་རུ་ཀ་དང་། ཧྲཱིཿཨ་བྷི་ཥིཉྩ་མཾ། པདྨའི་རྒྱས་གར་དབང་དང་། ཏྲཾ་ཨ་བྷི་ཥིཉྩ་མཾ། རིན་པོ་ཆེའི་རྒྱས་ཉི་མ་དང་། ཧཾ་ཨ་བྷི་ཥིཉྩ་མཾ། སྔ་མའི་རྒྱ་ཅི་རིགས་པས་རྟ་མཆོག་གི་དཀྱིལ་འཁོར་རྣམས་ལ་དབང་བསྐུར་རོ། །དེ་དག་ནི་རྣལ་འབྱོར་ཆེན་པོ་ཞེས་བྱའོ། །འདིར་དམ་ཡེ་གཉིས་སུ་མེད་པའི་དཀྱིལ་འཁོར་ལ་ཇི་སྲིད་མི་སྐྱོའི་བར་དུ་རྩེ་གཅིག་ཏུ་བསྒོམ་པ་ལའང་བསླབ་བོ། །གཉིས་པ་རྣལ་འབྱོར་གྱི་ཡན་ལག་ལ། མཆོད་པ། བསྟོད་པ། བཟླས་པ། ཐིག་ལེ། ཕྲ་མོ་སྟེ་ལྔ་ལས། དང་པོ་ལ་ཕྱག་དང་མཆོད་པ་གཉིས་ལས། དང་པོ་ཕྱག་བྱ་བ་ནི། གུས་པའི་ཐལ་མོ་སྦྱར་ནས། ༀ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཕྱོགས་བཞིའི་དཀྱིལ་འཁོར་དབུས་རྣམས་ཀྱི། །སྐྱེ་འགྲོ་རྡུལ་སྙེད་གནས་པ་ཀུན། །བདེ་གཤེགས་ལྷ་ཡི་དཀྱིལ་འཁོར་དབྱིངས། །ཕྱོགས་དུས་ཀུན་ནས་ཚོགས་པའི་ལྷ། །གཉིས་སུ་མེད་པར་ཕྱག་འཚལ་ལོ། །ༀ་ཨཱཿཧཱུཾ་ཨ་ཏི་པཱུ་ཧོཿ བྷནྡྷ་ཀ་རོ་མི་གུ་རུ་པ་ཏི་ཨ་ལ་ལ་ཧོཿ ཞེས་ཕྱག་བྱའོ། །གཉིས་པ་མཆོད་པ་ལྔ་ལས། དང་པོ་མཆོད་སྤྲིན་སྤྲུལ་པ་ནི། ༀ། འབྱུང་བ་ཆེན་པོ་ཐམས་ཅད་འབྱུང་། །སྟོང་གསུམ་རྡུལ་སྙེད་མ་ལུས་པའི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ལྷ་མོའི་ཚོགས་རྣམས་མ་ལུས་སྤྲོ། །མེ་ཏོག་བདུག་པ་མར་མེ་མ། །དྲི་མཆོག་ཀུན་གྱིས་མཆོད་པར་བྱ། །ༀ་པ་ན་པེཾ་པེ་ནུ་སུ་ར་ཏོ་ཏི་པུ་པ་ར་མུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུཾ། ཞེས་སྤྲུལ་ནས། གཉིས་པ་འབུལ་པ་ལས་ཕྱི་མཆོད་ནི། ༀ་བཛྲ་པུཥྤེ། བཛྲ་དྷཱུ་པེ། བཛྲ་ཨཱ་ལོ་ཀེ། བཛྲ་གནྡྷེ། པྲ་ཏཱིཙྪ་ཧོཿ ཤྲཱི་བྷ་ག་ཝཱན། ཁ་ཁ་ཁཱ་ཧི། ཞེས་དང་། ༀ། ལྷ་ཡི་མེ་ཏོག་ཤིན་ཏུ་འབར། །ལྷ་ཡི་དྲི་ཡིས་ཉེ་བར་བྱུགས། །མེ་ཏོག་བཟང་པོ་འདི་བཞེས་ལ། །གནས་འདི་ཉིད་དུ་བཞུགས་སུ་གསོལ། །བཛྲ་པུཥྤེ་ཨཱཿཧཱུཾ། ༀ། མར་མེ་འོད་བཟང་འབར་བ་ནི། །ངན་འགྲོའི་མུན་པ་འཇོམས་བྱེད་པ། །ལྷ་ཡི་མིག་འབྱེད་དམ་པ་འདི། །བདག་ལ་དགོངས་ཏེ་བཞེས་སུ་གསོལ། །བཛྲ་དཱི་པ་ཨཱཿཧཱུཾ། ༀ། ཙནྡན་གུར་གུམ་སྦྱར་བ་ཡི། །དྲི་མཆོག་བདུག་སྤོས་དམ་པ་འདི། །དབང་པོའི་སྒོ་རྣམས་ཚིམ་པའི་མཆོག །བྱིན་གྱིས་རློབ་ལ་བཞེས་སུ་གསོལ། །བཛྲ་དྷཱུ་པེ་ཨཱཿཧཱུཾ། ༀ། སྣ་ཚོགས་ལྷ་ཡི་དྲི་ལྡན་པ། །སྣ་ཚོགས་ག་བུར་གྱིས་ནི་བརྒྱན། །སྣ་ཚོགས་ཧཱུཾ་ལས་ཡང་དག་བྱུང་། །དྲི་མཆོག་འདི་དག་བཞེས་སུ་གསོལ། །བཛྲ་གནྡྷེ་ཨཱཿཧཱུཾ། ༀ། ཁ་དོག་དྲི་དང་རོ་ལྡན་པའི། །བཟའ་བའི་བྱེ་བྲག་སྣ་ཚོགས་པ། །ཞལ་ཟས་ཐམས་ཅད་ཕུན་སུམ་ཚོགས། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཛྲ་ནཻ་ཝི་དྱཱ་ཨཱཿཧཱུཾ། ༀ། དཔག་བསམ་ཤིང་སོགས་རྒྱུ་ལས་བྱུང་། །ལྷ་ཡི་ན་བཟའ་ཁྱད་པར་འཕགས། །བཙོ་མ་གསེར་གྱི་མདོག་མཚུངས་དང་། །སྣ་ཚོགས་རིན་ཆེན་རྒྱན་སོགས་འབུལ། །བཛྲ་ས་མ་ཡེ་སྭཱ་ཧཱ། ༀ། གཞན་ཡང་མཆོད་པ་རོལ་མོའི་ཚོགས། །སྣ་ཚོགས་རྣམ་པ་དུ་མ་དང་། །དགའ་བའི་གླུ་དང་དབྱངས་ཀྱི་མཆོག །ཤིས་པའི་སྒྲ་ཀུན་གྱིས་ཀྱང་མཆོད། །བཛྲ་ཤབྡ་ཨཱཿཧཱུཾ། ཞེས་མཆོད། གསུམ་པ་ནང་གི་མཆོད་པ་ནི། ལྷ་སོ་སོའི་ང་རྒྱལ་བཟུང་ནས། ཧཱུཾ་ཞེས་སྐད་གསང་མཐོ་དམན་གྲེ་འགྱུར་དང་བཅས་པའི་གླུ་བླང་སྟེ། མཛུབ་མོ་སྐྱིལ་ཀྲུང་དུ་བསྣོལ་མཐེ་བོས་བཀབ་སྟེ་མཛུབ་མོའི་རྩེ་མོའི་འབྲས་ལྟར་སྟོན་པ་རྡོ་རྗེ་སེམས་དཔའི་གླུའི་ཕྱག་རྒྱ་བཅིངས། འདི་ལ་ཆོས་ཀྱི་སྙིང་པོའི་གསལ་ཁ་དང་ཡུམ་སྔགས་ཀྱང་ལོགས་པ་མེད་ཅིང་། ཡབ་ཡུམ་གཉིས་མེད་ཀྱི་ཕྱིར། ༀ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨཿ ཛཿཧཱུཾ་བཾ་ཧོཿ སུ་ར་ཏ་སྟྭཾ། ཞེས་གཙོ་བོའི་སྙིང་པོ་བརྗོད་དོ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག་ཅག་སྒྲུབ་ལ་རྟོགས་པར་མཛད་དུ་གསོལ། ཀྱེ། དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་བདེ་བ་མཁའ་འགྲོ་སྒྱུ་མའི་ཚོགས་རྣམས་བདེ་བའི་མཆོག །འགྲོ་བའི་རྒྱུད་རྣམས་རྣམ་པ་སྣ་ཚོགས་འདུལ་མཆོག་གྲུབ་པ་བདག་ལ་གྲུབ་པར་མཛད་དུ་གསོལ། ཨ་ལ་ལ་ཧོཿ དེ་བཞིན་གཤེགས་པའི་སྦྱོར་བའི་རྣམ་པ་སྣ་ཚོགས་གང་རྣམས་བསྟན་ཏུ་གསོལ། ཛཿཧཱུཾ་བཾ་ཧོཿ ཀྱེ་མ་བདེ་མཆོག་བདེ་བས་བཟུང་ལ་རྣམ་པར་སྤྲུལ་ཧཱུཾ་སྣང་བར་མཛད་དུ་གསོལ། ཨ་ལ་ལ་ཧོཿ དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མས་སློབ་མ་བཟུང་དུ་གསོལ། །རབ་ཏུ་དགའ་བ་རྗེས་སུ་ཆགས་པའི་མདའ་གཞུ་རབ་ཏུ་ཕྲ་བས་རྒྱས་བཏབ་པའི། །རབ་ཏུ་དགའ་བའི་སྦྱོར་བའི་བདེ་བས་མྱོས་པའི་བདེ་བས་ཐམས་ཅད་བདག་ལ་གྲུབ་པར་མཛོད། །རབ་ཏུ་བདེ་མཆོག་རྣམ་པ་སྣ་ཚོགས་རྣམ་པར་རྒྱལ་བའི་རྒྱལ་ཚབ་བསྒྲེངས་པའི་ལོངས་སྤྱོད་དང་། །རབ་ཏུ་དགའ་བའི་དབང་ཕྱུག་ཆེ་མཆོག་གྲུབ་པ་དེ་བཞིན་གཤེགས་པ་རབ་ཏུ་སྣ་ཚོགས་བདེ་མཆོག་རོལ་ཅིག་ཧོཿ ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའི་གླུའོ། །ཐལ་མོ་ཁོང་སྟོང་མཛུབ་མོའི་རྩེ་མོ་བཀུག་སྟེ་མཐེ་བོང་རྩེ་དང་སྦྱར་བ་རྟག་པའི་ཕྱག་རྒྱ་བཅིངས་ལ། ༀ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་ཱདྷ་ནི་སྭཱ་ཧཱ། ཞེས་ཆོས་ཀྱི་སྙིང་པོ་ལྷ་མོ་རྣམས་ཀྱི་ལྕེ་ལ་བཀོད་དེ། ༀ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། །སོགས་དང་། ༀ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་པ་འགྲུབ་པར་མཛོད། །དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། །མཉམ་པ་ཆེན་པོའི་གནས་ལ་རོལ་དུ་གསོལ། །རྟག་པའི་གླུའོ། །རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་མཛུབ་མོ་བཀུག་མཐེ་བོང་མཆེ་བ་ལྟར་ཕྱིར་བརྐྱང་བ་ཧེ་རུ་ཀའི་རྒྱ་དང་། དྷུ་བ་བྷ་ག་ཏ་མ་ཧཱ་དེ་བི་ཧི་རི་མི་རི་ནི་ཤྲེ་ཡ། ཞེས་བཀོད་ལ། ཧཱུཾ། རྡོ་རྗེ་ལས་ཀྱི་མདའ་གཞུ་ལ་ཕྱག་འཚལ། །རྡོ་རྗེ་ཆགས་པའི་དམ་ཚིག་དཔལ་ཁྱོད་འདུད། །རྡོ་རྗེ་ཁ་ཊྭཱཾ་རབ་ཏུ་འཇིགས་ལ་འདུད། །རྡོ་རྗེ་དྲིལ་བུ་རབ་ཏུ་འཁྲོལ་བའི་དཔལ། །གཟིགས་པ་རྣམ་པ་སྣ་ཚོགས་འགྱུར་བའི་རྒྱས་ཐོབ་ལ། །རྣམ་པ་སྣ་ཚོགས་འོ་བྱེད་འཁྱུད་པས་རྨོངས་མཛད་དེ། །རྣམ་པ་སྣ་ཚོགས་བདེ་བའི་མཆོག་བརྟན་ཀུན་སྩོལ་མ། །རྣམ་པ་སྣ་ཚོགས་བདེ་མཆོག་ངོ་མཚར་བསྟན་དུ་གསོལ། །ཧེ་རུ་ཀའི་གླུའོ། །རྡོ་རྗེ་ཐལ་མོ་ལས་གུང་མོ་རྩེ་སྦྱར་མཐེ་བོང་མཐེའུ་ཆུང་འདབ་མ་བཞིར་བྱས་པ་གར་དབང་གི་རྒྱ་དང་། ༀ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཀོད་ལ། ལ་ལར་རབ་ཏུ་དྲག་ཅིང་སྐྱེ་བོ་དྲག་ལ་དྲག་པའི་བུད་མེད་སྐུ་ལྟར་སྣང་། །འགྲོ་བ་མཐའ་དག་འདུལ་ཕྱིར་ལ་ལར་རབ་ཏུ་སྣང་བའི་འཁོར་ལོ་ཕྱག་ན་བསྣམས་པའི་སྐུ། །ལ་ལར་རབ་ཏུ་དེས་ཤིང་ཞི་བར་མི་འགྱུར་སྦྱིན་པ་ཚངས་པའི་སྐུར་ཡང་སྟོན་པར་མཛད། །ལ་ལར་རབ་ཏུ་འབར་བའི་ཆགས་ལ་པདྨོའི་དམ་ཚིག་བདག་ལ་གྲུབ་པར་མཛོད། །གར་དབང་གི་གླུའོ། །རྡོ་རྗེ་ཐལ་མོ་ལས་མཛུབ་མོ་ཕྱིར་བཀུག་སྟེ། དེའི་རྩེ་མོ་མཐེ་བོས་མནན་པ་རྡོ་རྗེ་ཉི་མའི་རྒྱ་དང་། ཏྲཾ་བ་བ་ཏ་ཏ་ཊ་ཊ་ཊ། ཞེས་བཀོད་ལ། ཐམས་ཅད་དབང་བསྐུར་དབང་ཕྱུག་དམ་པ་མི་ཟད་པའི། །གཏེར་མཆོག་བདག་ལ་གྲུབ་པར་མཛད་དུ་གསོལ། །སྐུ་མཆོག་རྒྱལ་མཚན་རྒྱལ་བ་བསྒྲེང་རྡོ་རྗེ། །རིན་ཆེན་ཤིན་ཏུ་ཆེ་བ་བདག་ལ་སྩོལ། །རྡོ་རྗེ་ཉི་མའི་གླུའོ། །རྡོ་རྗེ་ཐལ་མོ་ལས་མཐེའུ་ཆུང་སྲིན་ལག་མཉམ་པར་བརྐྱང་མཛུབ་མོ་བཀུག་སྟེ་རྩེ་སྤྲད་པ་རྟའི་རྒྱལ་པོའི་རྒྱ་དང་། ཧྲཱིཿཔདྨ་བ་ཌ་པ་མུ་ཁ་ཡོ་གི་ཤྭ་ར། ཧི་ཧི་ཧི་ཧི། ཞེས་བཀོད་ལ། ལ་ལར་མཁས་པའི་གཟུགས་ཀྱང་འཛིན། །ལ་ལར་དུས་མཐའི་དུས་ལྟར་དྲག །ལ་ལར་རྒྱལ་བའི་དབང་བཞིན་ཞི། །ལ་ལར་རྟ་མཆོག་སྦྱོར་བས་གྲུབ། །མྱོས་བྱེད་སྟོང་ལས་ལྷག་པར་བདེ་བ་འདོད་པའི་གཟུགས་སྟོན་པ། །འདུལ་པའི་དབང་གིས་གཤིན་རྗེ་སྟོང་ལས་ལྷག་པར་རབ་ཏུ་འཇིགས། །ཞི་བའི་སྐུ་ནི་ཚངས་པ་སྟོང་ལས་ལྷག་པར་རབ་ཏུ་མཛེས། །དཀྱིལ་འཁོར་ཀུན་གྱི་མཆོག་ཏུ་དེ་བཞིན་གཤེགས་ཀུན་གྲུབ་པར་མཛོད། །རྟ་མཆོག་གི་གླུའོ། །གསུམ་པ་བདུད་རྩིའི་མཆོད་པ་ནི། ༀ། འབྱུང་བ་ཐམས་ཅད་ལྔ་ལས་བྱུང་། །རང་ལས་མ་བྱུང་གང་ཡང་མེད། །གཙང་རྨེའི་དྲི་རྟོག་ཀུན་བྲལ་བའི། །བདུད་རྩི་བྱང་ཆུབ་སེམས་ཆེན་པོ། །བདག་སོགས་གཉིས་སུ་མེད་པའི་ཕྱིར། །མཉམ་པ་ཆེན་པོའི་གནས་ལ་རོལ། །ༀ་ན་མཿསརྦ་པཉྩ་ཨ་མྲི་ཏ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་དང་། ཀུན་བཟང་རིགས་ལྔ་གསང་བདག་དྲི་མེད་གྲགས། །ཨིནྡྲ་བྷུ་ཏི་ཨུ་པ་རཱ་ཛ་དང་། །ཀུ་ཀུ་རཱ་ཛ་མུ་དི་ཏ་རྣམས་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཨརྐ་སོ་མ་བཛྲ་བ་ཧུ་ཏ། །མུས་ཏོ་བ་ཧུ་ཏཿདང་གུས་ཀོ་ཏཿ དྲི་མེད་བཤེས་གཉེན་རྨ་ལོ་རིན་མཆོག་ལ། །སྨན་མཆོད༴ སརྦ༴ མཁས་པའི་དབང་པོ་གཙུག་གྱེར་རྣམ་གཉིས་དང་། །ཚུལ་ཁྲིམས་བྱང་ཆུབ་ཐུགས་སྲས་རྣམ་པ་གསུམ། །བྱང་ཆུབ་འོད་དང་བློ་གྲོས་རྒྱལ་མཚན་ལ། །སྨན་མཆོད༴ སརྦ༴ རིན་ཆེན་ཚུལ་ཁྲིམས་རོང་སྟོན་ཆོས་བཟང་དང་། །ཡམ་ཤུད་བློ་བཟང་འགོས་སྟོན་ཟླ་བ་འབར། །ཟླ་བ་འབུམ་གྲགས་དངོས་གྲུབ་རྒྱལ་མཚན་ལ། །སྨན་མཆོད༴ སརྦ༴ འགོས་སྟོན་ཆོས་རྡོར་འགོས་པ་དངོས་གྲུབ་མགོན། །དབུས་པ་སངས་འབུམ་གསེར་སྟེང་ཆོས་འོད་བཟང་། །མི་བསྐྱོད་རྡོ་རྗེ་མཁན་ཆེན་བསོད་འཕེལ་ལ། །སྨན་མཆོད༴ སརྦ༴ བག་སྟོན་ཚུལ་རྒྱ་བླ་ཆེན་བསོད་ནམས་དཔལ། །འཇམ་དབྱངས་ཀུན་བློ་ནམ་མཁའ་ཚུལ་ཁྲིམས་དང་། །རོང་པ་བློ་བཟང་མཁྱེན་རབ་ཆོས་རྗེ་ལ། །སྨན་མཆོད༴ སརྦ༴ སཾ་བྷ་ཤྲཱི་ཚུལ་ཁྲིམས་འོད་ཟེར་འབར། །བསོད་ནམས་དཔལ་འབྱོར་རིན་ཆེན་བཀྲ་ཤིས་སྡེ། །བློ་གསལ་རྒྱ་མཚོ་འཇམ་དབྱངས་མཁྱེན་བརྩེ་ལ། །སྨན་མཆོད༴ སརྦ༴ དབང་ཕྱུག་རབ་བརྟན་བསོད་ནམས་མཆོག་ལྡན་དཔལ། །ངག་དབང་ཨོ་རྒྱན་རིག་འཛིན་གཏེར་བདག་གླིང་། །འགྱུར་མེད་རྒྱ་མཚོ་རིན་ཆེན་རྣམ་རྒྱལ་ལ། །སྨན་མཆོད༴ སརྦ༴ ཨོ་རྒྱན་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ། །ཕྲིན་ལས་ཆོས་སྒྲོན་སངས་རྒྱས་ཀུན་དགའི་ཞབས། །བསྟན་འཛིན་ནོར་བུ་ཕན་བདེའི་འོད་ཟེར་ལ། །སྨན་མཆོད༴ སརྦ༴ བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་དང་། །བདེ་གཤེགས་སྒྱུ་མ་བདེ་མཆོག་ཡི་དམ་ལྷ། །མ་སྲིང་མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ། །སྨན་མཆོད༴ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་ཕུལ་བའི་མཐར། ༀ་ཨཱཿཧཱུྃ་གིས་དངོས་གྲུབ་བླང་ངོ་། །སྨན་མཆོད་བརྒྱུད་འདེབས་ལྟར་ཁ་བསྒྱུར་ཛྙཱ་ནས་སོ། །མཆན། བཞི་པ་རཀྟའི་མཆོད་པ་ནི། ཧཱུཾ་མཛད་ཀྱི་ཧེ་རུ་ཀའི་སྒྲུབས་ཐབས་ལས། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་དང་བཅས། །མ་ལུས་བཞེས་ནས་བསྣམས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི། ཞེས་འབུལ། ལྔ་པ་གསང་བའི་མཆོད་པ་ནི། བྱིན་རླབས་མཚན་དང་རྒྱན་ལྡན་པའི། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །གསང་བ་ཆེན་པོ་རྣམ་པར་རོལ། །ༀ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་ལ་ལ་ཧོཿ ཞེས་མཆོད། གཉིས་པ་བསྟོད་པ་ནི། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་ཆོས་མཆོག་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྐྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། །ཁམས་གསུམ་དག་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར། །ཨེ་མའོ། ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་ཅིག་ཙམ་ཞིག་བརྗོད་པས་ཀྱང་། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །བདག་ཅག་དམ་ཚིག་འདི་ལ་མངོན་དུ་བཞུགས་པ་རྣམས། །བཅད་གཏུབ་སྡུག་བསྔལ་ལུས་ལ་བྱུང་བར་མི་འགྱུར་ཡང་། །གྲིབ་མ་ཕོག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པས། །སྐུ་ཡི་ཕྱོགས་ཙམ་མཐོང་བའི་མོད་ལ་འཚོ་བ་དང་། །གཟི་མདངས་ལུས་ལ་འཇུག་པའི་ཉི་མ་སྟོང་ཕྲག་གི། །འོད་བཞིན་འཇིག་རྟེན་ཁམས་འདིར་རྟག་ཏུ་འབྱུང་བ་དང་། །ལུས་ངག་སེམས་ལ་ཚེ་འདིར་རྡོ་རྗེ་རབ་སྣང་སྟེ། །རེ་སྨོན་ཐམས་ཅད་དུས་འདི་ཉིད་དུ་སྩལ་དུ་གསོལ། །ཞེས་བསྟོད་ཅིང་འདོད་དོན་གསོལ། གསུམ་པ་འཛབ་བྱ་བ་ལ། འཛབ་ཁང་དབྱེ་བ། འཛབ་དངོས། སྐབས་ཀྱི་མཇུག་བསྡུ་བ་དང་གསུམ་ལས། དང་པོ་ནི། དབྱེ་གཞིའི་དཀྱིལ་འཁོར་གསལ་བར་དམིགས་ནས། བྷཱུཾ་བི་ཤྭ་བི་ཤུདྡྷ་ཛྙཱ་ན་མཎྜ་ལ་ཕཊ་ཛཿ ཞེས་དང་། ཧཱུཾ་ༀ་ཧི་ཧྲཱིཿཏྲཾ་ཕཊ་ཛཿ ཞེས་བཏགས་པས་དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་བཞུགས་པར་བསམ་མོ། །གཉིས་པ་ནི། བདག་མདུན་གྱི་དཀྱིལ་འཁོར་སེམས་དཔའ་སུམ་བརྩེགས་ཀྱི་སྐུ་གསུང་ཐུགས་ས་བོན་གསུམ་གྱིས་མཚན་པ་ཐབས་དང་ཤེས་རབ་ཀྱི་ཕྲེང་བ་གཉིས་དང་ལྡན་པར་གྱུར་པ་ལ། སྔགས་ཟློས་པའི་ཚེ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས་པས། ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་དགྱེས་པ་བསྐྱེད། ཐུགས་དམ་གྱི་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་བདག་ལ་སྩལ་ཞིང་ཐིམ་པར་དམིགས་ཏེ། དམ་ཡེ་འཕྲོ་འདུ་གསལ་བ་གསུམ་དང་ལྡན་པ་གཙོ་འཁོར་ཐམས་ཅད་ལ་སྦྱར་ནས་སྐྱོན་བཅུ་སྤངས་ཏེ་བཟླའོ། །བཟླ་བྱའི་སྔགས་ནི། ༀ་བཛྲ་ས་ཏྭ་མ་ཧཱ་ས་མ་ཡ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་ཐུན་མོང་གི་ཡི་གེ་བཅུ་བཞི་པའོ། །ༀ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨཱཿཛཿཧཱུཾ་བཾ་ཧོཿ སུ་ར་ཏ་སྟྭཾ། ཞེས་ཐུན་མོང་མིན་པ་རྡོར་སེམས་ཀྱི་སྙིང་པོའི་ཡི་གེ་བཅོ་བརྒྱད་པའོ། །དེ་བཞིན་དུ། ༀ་བྷུ་ཁཾ། རྟག་པའི་འོ། །ༀ་ཧེ་རུ་ཀ་བཛྲ་ས་མ་ཡ་ཧྲཱིཿ སརྦ་དུཥྚན་ས་མ་ཡ་མུ་དྲ་པྲ་བྷཉྫ་ཀ་ཧཱུྃ་ཕཊ། ཧེ་རུ་ཀའི་འོ། །ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་ནིརྟེ་ཤྭ་ར་ཧྲཱིཿཛཿ གར་དབང་གིའོ། །ༀ་སིདྡྷནྟུ། ས་མ་ཡ། སིདྡྷྱ་མ་ཧཱ་བཛྲ་རཏྣ་བ་བ་ཊ་ཊ་ཏྲཾ། རྡོ་རྗེ་ཉི་མའི་འོ། །ༀ་སུམྦྷ་ནི་སུམྦྷ་ཧཱུཾ། རྟ་མཆོག་གིའོ། །ཁྱད་པར་གྱི་བཟླས་པ་ལ་སོགས་པ་ནི་མན་ངག་ལས་ཤེས་པར་བྱའོ། །གསུམ་པ་སྐབས་ཀྱི་མཇུག་བསྡུ་བ་ལ། མཆོད་བསྟོད་བཤགས་པ་ཡེ་ཤེས་བསྡུ་བ་དང་གསུམ་ལས། དང་པོ་ནི། ༀ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། དྷཱུ་པེ་དྷཱུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། བཛྲ་ལཱ་སྱེ་ཧཱུཾ། བཛྲ་མཱ་ལྱེ་ཏྲཱཾ། བཛྲ་གཱིརྟི་ཧྲཱིཿ བཛྲ་ནིརྟི་ཨཱཿ ཨ་ལ་ལ་ཧོཿ ཞེས་མཆོད་ནས། བསྟོད་པ་ནི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །འདི་ནི་རང་བྱུང་བཅོམ་ལྡན་འདས། །ཆེ་བའི་ལྷ་ལ་ཕྱག་འཚལ་བསྟོད། །འཁོར་བའི་ཉེས་པས་མ་གོས་ཤིང་། །འགྲོ་ལ་རྗེས་སུ་ཆགས་པའི་སྐུ། །ཟླ་བ་ལྟར་དཀར་རྩ་དམར་འགྱིང་། །རྡོར་སེམས་བདེ་བ་ཆེ་ལ་བདུད། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མའི་ལམ་ལ་རབ་འཇོག་པ། །གཏི་མུག་རྒྱ་མཚོ་ཞི་བར་མཛད། །རྒྱལ་བ་རྟག་པ་ལ་ཕྱག་འཚལ། །ཤིན་ཏུ་གདུལ་དཀའ་དྲག་པོ་ལ། །ཞི་བས་ཕན་པར་མི་འགྱུར་བས། །དེ་བཞིན་གཤེགས་ཀུན་ཁྲོ་བོར་འགྱུར། །ཁྲག་འཐུང་ལྷ་ཚོགས་ལ་ཕྱག་འཚལ། །ཆགས་ཆེན་རྡོ་རྗེ་ཆོས་ཀྱི་སྐུ། །ལྟ་བ་ངན་རྣམས་སྦྱོང་བའི་ཕྱིར། །སྒྱུ་མ་སྣ་ཚོགས་ཚུལ་སྟོན་པ། །པདྨ་གར་དབང་ལ་ཕྱག་འཚལ། །ཡིད་བཞིན་ནོར་བུ་སྦྱིན་པ་པོ། །སེར་སྣ་ཟིལ་གནོན་འགྲོ་བ་སྒྲོལ། །བསམ་པ་ཐམས་ཅད་རྫོགས་མཛད་པ། །རྡོ་རྗེ་ཉི་མ་ལ་ཕྱག་འཚལ། །རྡོ་རྗེ་ལས་ནི་བརྩོན་འགྲུས་ཆེ། །ཁྲོ་དང་ང་རྒྱལ་ལེ་ལོ་འཇོམས། །ཕ་རོལ་གནོན་པ་ཤིན་ཏུ་སྟོབས། །རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །ལྷན་ཅིག་སྐྱེས་པའི་བདེ་བ་ཆེ། །སྙིང་པོའི་ཡེ་ཤེས་ཀུན་ཏུ་སྟོན། །མཉམ་ཉིད་གསང་བ་ཆེན་པོའི་དབྱིངས། །འཁོར་ལོས་སྒྱུ་མ་རྣམས་ལ་འདུད། །འགྲོ་ཀུན་སྒྱུ་མ་བདེ་མཆོག་ལ། །བདེ་བ་ཆེན་པོའི་ཏིང་འཛིན་སྦྱོར། །ལྷ་མོ་ལྷན་ཅིག་སྤྱོད་རྣམས་ལ། །རབ་ཏུ་དང་བས་ཕྱག་འཚལ་ལོ། །སེམས་ཅན་ཚོགས་རྣམས་ཡོངས་སྦྱང་ཕྱིར། །རྗེས་སུ་འབྲང་བ་ལྷ་མོའི་སྐུ། །བདེ་བའི་གར་གྱིས་རོལ་མཛད་པ། །ལྷ་མོ་དེ་རྣམས་ལ་ཡང་འདུད། །མི་བཟད་རྡོ་རྗེ་ནམ་མཁའི་དབྱིངས། །བླ་མེད་མཆོད་པས་རྣམ་འཕྲུལ་བ། །མཆོད་པའི་ལྷ་མོ་ཐམས་ཅད་ལ། །ཚོགས་གཉིས་བསྒྲུབ་ཕྱིར་ཕྱག་འཚལ་ལོ། །དགུག་གཞུག་ལ་སོགས་ལས་མཛད་ཅིང་། །ཕྲིན་ལས་ཐམས་ཅད་སྒྲུབ་པ་པོ། །སྒོ་སྐྱོང་གནས་པ་ཐམས་ཅད་ལ། །རྟག་ཏུ་གུས་པས་ཕྱག་འཚལ་ལོ། །ཕྱི་རོལ་གནས་པའི་དམ་ཅན་ཚོགས། །སྒྲུབ་ལ་རྟག་ཏུ་ཕན་པར་བརྩོན། །གཞན་ཡང་དུར་ཁྲོད་གནས་རྣམས་ལ། །རབ་དང་སེམས་ཀྱིས་ཕྱག་འཚལ་ལོ། །ཡེ་ཤེས་ལས་གྲུབ་གཞལ་མེད་ཁང་། །བདུད་བཞིའི་སྟོབས་ནི་འཕྲོག་བྱེད་པ། །སྲུང་བའི་འཁོར་ལོར་བཅས་རྣམས་ལ། །རབ་ཏུ་གུས་པས་ཕྱག་འཚལ་ལོ། །ཞེས་བསྟོད། གཉིས་པ་ནི། ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལས། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་ནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པས། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ། །ཞེས་བཤད་པ་བྱ། གསུམ་པ་ནི། ཧཱུཾ་ཞེས་བརྗོད་པས་དཀྱིལ་འཁོར་གྱི་འཁོར་ལོ་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་གྱུར་པར་བསམ་ལ་ཡིག་བརྒྱ་བརྗོད་པས་བརྟན་པར་བྱའོ། །བཞི་པ་ཐིག་ལེའི་རྣལ་འབྱོར་ནི། སྣ་རྩེར་ཐིག་ལེ་ཕྲ་ཞིང་ཕྲ་བར་བསམ་པ་ལ་ཕྱིའི་དཀྱིལ་འཁོར་བསྡུས་ཏེ་ཇི་སྲིད་མཚན་མ་ལྔ་མཐོང་གི་བར་དུ་མཉམ་པར་བཞག་གོ། །ཡང་། སྔར་བཞིན་རང་ཉིད་རྡོ་རྗེ་སེམས་དཔའི་གསང་བའི་རྡོ་རྗེ་ཡུམ་གྱི་མཁར་རོལ་པའི་རྩེ་མོར་ཧཱུཾ་ཡིག་ཤིན་ཏུ་དཀར་བའི་རང་བཞིན་ཅན་གསལ་བར་དམིགས་ལ། དེའི་འོད་ཟེར་གྱིས་རང་འདྲའི་སྐུ་གཉིས་པ་སྤྲོས་པས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱས། སླར་འདུས་ཧཱུཾ་ལ་ཐིམ་པས་དྲི་མ་མེད་པའི་བྱང་ཆུབ་ཀྱི་སེམས་བརྟན་པར་བསྒོམས་ལ་ཇི་སྲིད་མཚན་མ་ལྔ་མཐོང་གི་བར་མཉམ་བཞག་བྱའོ། །ལྔ་པ་ཕྲ་མོའི་རྣལ་འབྱོར་ནི། སྙིང་གར་དབྱངས་གསལ་བཅུ་དྲུག་པོ་ཚན་གསུམ་བསྐོར་བའི་དབུས་སུ་ཨ་ཡིག་ཟླ་ཕྱེད་ཐིག་ལེར་ལྡན་པའམ་ཕྱག་མཚན་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཤིན་ཏུ་ཕྲ་བ་ལ་མཚན་མ་ལྔ་མཐོང་གི་བར་དུ་བསྒོམ་པར་བཤད་དོ། །གཉིས་པ་ལ་མཚན་མེད་ཀྱི་རྣལ་འབྱོར་དང་དག་དྲན་གཉིས་ལས། དང་པོ་ནི། གསང་དོན་ལས། མཉམ་ཉིད་དཀྱིལ་འཁོར་ཀུན་གྱི་མཆོག །དོན་དམ་བདེ་བ་ཆེན་པོའི་སྐུ། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཀྱི། །ལྷ་ཉིད་བརྩོན་པས་བསྒོམ་པར་བྱ། །ཞེས་པས་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་དཀྱིལ་འཁོར་དུ་དོན་དམ་བདེ་བ་ཆེན་པོའི་སྐུ་གཟུང་འཛིན་གྱི་མཚན་མ་ཐམས་ཅད་དང་བྲལ་བ་དེ་བཞིན་ཉིད་ཀྱི་དབྱིངས་དང་ཡེ་ཤེས་ཀྱི་ལྷ་དབྱེར་མེད་པ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་གོ། །གཉིས་པ་ནི། རྟེན་ནི་དགེ་བ་བཅུ་ཡིན་ཏེ། །གྲུ་བཞི་བདེན་པ་བཞི་རུ་བརྗོད། །ཡན་ལག་བཅུ་གཉིས་རྡོ་རྗེའི་རྭ། །ཡོན་ཏན་སྣ་ཚོགས་ཀུན་རྒྱས་ཤིང་། །ཚངས་པའི་གནས་བཞི་ཁྱབ་མཛད་ཟུར། །ཆོས་རྫོགས་སུམ་ཅུ་རྩ་བདུན་ལས། །ཏིང་འཛིན་བཞི་པོ་འཇུག་པའི་སྒོ། །རང་བཞིན་ཡེ་ཤེས་དྲུག་དག་པས། །རིགས་ཀྱི་མཚན་མ་སྣ་ཚོགས་རྣམས། །རྣམ་ཐར་བརྒྱད་པོ་ཀ་བར་བཅས། །རྡོ་རྗེ་ཐེག་པའི་ཚུལ་ཉིད་མཛེས། །མཉམ་ཉིད་དཀྱིལ་འཁོར་ཆེན་པོར་བརྗོད། །ཐུགས་རྗེ་ཆེན་པོའི་ཆར་ཕབ་བོ། །ཞེས་རྟེན་གྱི་རྣམ་དག་དང་། ཉོན་མོངས་དྲུག་རྣམས་རྣམ་དག་པ། །དེ་ལས་ཡེ་ཤེས་དྲུག་འཛིན་པ། །རིགས་དྲུག་འཁོར་ལོས་སྒྱུར་བ་སྟེ། །རྡོ་རྗེའི་སེམས་དཔའ་གཅིག་པུའི་ངང་། །རྟོག་པས་མ་གོས་ཐུགས་རྗེའི་བདག །ཟླ་འདྲ་དམར་བའི་མདངས་དང་ལྡན། །ཁམས་སོགས་སྤྱོད་པ་རྣམ་དག་ཅིང་། །ཐུགས་རྗེའི་སྤྲུལ་པ་རྒྱ་ཆེན་པོ། །ལྷ་མོའི་ཚོགས་རྣམས་དགོད་བྱས་ནས། །ཉོན་མོངས་ཉི་ཤུ་དག་པར་མཛད། །ཡེ་ཤེས་སྣང་བ་བསམ་ཡས་པས། །སྣ་ཚོགས་དཀྱིལ་འཁོར་ཅིར་ཡང་སྣང་། །ཞེས་བརྟེན་པའི་རྣམ་དག་བསམ་པ་སྟེ། དེ་དག་ནི་དངོས་གཞིའི་ཆོ་གའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ། ཚོགས་མཆོད་བྱ་བ། གཏོར་མ་བཏང་བ། བརྟན་མ་བསྐྱང་བ། ཉེར་བསྡུ་བྱ་བ། གོ་བགོ་ལུས་བསྲུང་། སྤྱོད་ལམ་གྱི་རྣལ་འབྱོར་དང་དྲུག་གོ། །དང་པོ་ཚོགས་མཆོད་ལ་ལྔ་ལས། དང་པོ་བཤམ་ཞིང་བྱིན་གྱིས་བརླབ་པ་ནི། དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་བཤམས་ནས་བསང་ཆུ་དང་བདུད་རྩིས་བྲན་ལ། ༀ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲྭ་བྱཾ་ཤོ་དྷ་ཡ་ཨཱཿཧཱུཾ་གིས་བསང་། རཾ་ཡཾ་ཁཾ་གིས་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་དག་པར་བྱས། སྟོང་པའི་ངང་ལས་ཚོགས་གཞོང་པདྨ་འབར་བའི་སྣོད་དུ་ཚོགས་རྫས་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་སོ་སོའི་ལྷ་མོའི་རོལ་པ་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོ་བའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་ཞིང་། ༀ་ཨཱཿཧཱུཾ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། གཉིས་པ་ཚོགས་ཞིང་སྤྱན་དྲང་བ་ནི། དམིགས་མེད་མཁའ་ལྟར་དག་པ་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ཛཿཧཱུཾ་བཾ་ཧོཿ ཞེས་སྤྱན་དྲངས། གསུམ་པ་མཆོད་པ་ལ་གཉིས་ཀྱི་དང་པོ་སྤྱིར་མཆོད་པ་ནི། ༀ་ཨཱཿཧཱུཾ་སུ་ར་ཏོ་ཨུ་པ་བྷྱཿ ཀ་མ་ལ་མཱ་ལ་ཡ་བཛྲ་ཨ་མྲྀ་ཏ་ཧ་ར་ཎ་པྲ་ཏཱིཙྪ་བྷ་ག་ཝཱན་ཛཿཧཱུྃ་བཾ་ཧོཿ ཨ་ལ་ལ་ཧོཿ ༀ་པ་ན་པེཾ་པེ་ནུ་སུ་ར་ཏོ་ཏི་བུ་པ་ར་མུཿ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུཿ ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུཿ ཞེས་དང་། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་པ་གྲུབ་པར་མཛོད། །ༀ་ཧཱུཾ། དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛོད། །ༀ་ཧཱུཾ། ཞེས་གླུ་ཚན་བཞི། མེ་ཏོག་དང་། བདུག་པ་དང་། མར་མེ་དང་། དྲིའི་ཕྱག་རྒྱ་རྣམས་བཅིངས་ཏེ་མཆོད་ཅིང་། སྤྲོན་སུ་ར་ཏོ་བཅུ་དྲུག་གིས་ཀྱང་མཆོད་པར་བྱའོ། །གཉིས་པ་བྱེ་བྲག་ཏུ་མཆོད་པ་ལ་གསུམ་ལས། ཚོགས་ཕུད་ཆ་གསུམ་མམ་བཞིར་སྤྲོས་ཏེ། དང་པོ་མཆོད་པ་ནི། ཆ་དང་པོ་སྟེགས་ལ་བཀོད། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཞེས་འདོད་ཡོན་དྲུག་གི་མཆོད་པས་དགྱེས་ཤིང་ཚིམ་པར་བསམ་མོ། །བར་པ་བཤགས་པ་ནི། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །རྩ་བ་ཡན་ལག་བཅས་པའི་དམ་ཚིག་ལ། །སེམས་ཅན་དབང་གིས་ནོར་འཁྲུལ་ཅི་མཆིས་པ། །མི་འཆབ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཞེས་དང་ཡི་གེ་བརྒྱ་པ་བརྗོད། ཐ་མ་བསྒྲལ་བ་ནི། ལིངྒ་ལོགས་སུ་བཅས་པ་མེད་ན་ཚོགས་ཟན་ཆ་གསུམ་པ་དེའི་འདོད་ཡོན་གྱི་ལྷ་མོ་རང་ལ་བསྡུས་ནས། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། བདག་ཉིད་རྟ་མཆོག་ཧེ་རུ་ཀའི་སྐུར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་འཁོར་ལོས་སྒྱུར་བ་དྲུག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་བཅུར་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ཏྲིཿཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་ལྕགས་ཀྱུའི་ཕྱག་རྒྱས་བཀུག་ལ། ཛཿཧཱུཾ་བཾ་ཧོཿས་དགུག་བཅིངས་བསྡམས་ནས་མྱོས་པར་བྱས་ཏེ། མགོན་མེད་སྐྱབས་བྲལ་རྣམ་པར་འགྱུར་བའི་ཚུལ་དུ་གནས་པ་ལ། བདག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་མཚོན་ཆ་སྣ་ཚོགས་པའི་ཆར་དུ་ཕབ་པ་དམིགས་བྱ་ལ་ཕོག །དུག་ལྔ་ཡེ་ཤེས་ལྔར་སྦྱངས། དྭངས་མ་ཧཱུཾ་དུ་གྱུར་པ་འོག་མིན་དུ་སྤར་བར་བསམ་ཞིང་། ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན་ས་མ་ཡ་མུ་དྲ་མ་ཊི་ཁ་ཁ་ཁཱ་ཧི་ཧྲི་ད་ཡ་པི་པ་ཧཱུཾ་ཕཊ། ཧཱུཾ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །སརྦ་དུཥྚན་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ཕུར་བུས་གདབ་ཅིང་རལ་གྲིས་གཏུབ་པ་དང་ཐོ་བས་བརྡུང་བ་རྣམས་བྱས་ལ། ཤ་ཁྲག་བདུད་རྩིར་སྤར་བ་སྟོབ་ཅིང་། ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ། མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁ་ལེ་ལེ་ལེ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། ཞེས་དང་། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །དགོད་དང་གཤེ་དང་འཇིགས་པར་བྱེད་པ་དང་། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིན། །གར་བྱ་སྒྲུབ་པོ་རྣལ་འབྱོར་པ། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཱཾ་ས་ལ་སོགས་རོ་མཆོག་གསོལ། །མེ་ཏོག་ལ་སོགས་ཙནྡན་ཕྲེང་། །བཟང་དགུ་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱ་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །སྒྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །ཅེས་སྟོབ་པས་དགྱེས་པར་བྱས་ལ། ༀ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨཱཿ ཞེས་རྡོར་སེམས་སུ་ང་རྒྱལ་འཕོས་ཏེ། ༀ་ཧཱུཾ། རྣམ་དག་སྒྲིབ་སྤངས་སྲིད་གསུམ་སྐྱོན་བྲལ་ཞིང་། །སྟོན་ཀའི་ཟླ་ཞལ་དྲི་མེད་ཞལ་མངའ་བ། །བཅོམ་ལྡན་བདེ་གཤེགས་ཐམས་ཅད་བསྐྱེད་པའི་ཡབ། །ཤེས་རབ་ལྷ་མོ་རིགས་ཀྱི་ཡུམ་རྣམས་དང་། །ཕྱག་བརྙན་ཁྲོ་གཏུམ་རྔམས་པའི་ཚོགས་དང་བཅས། །བསོད་ནམས་ཡེ་ཤེས་ཚོགས་ཀྱི་ཞིང་རབ་རྫོགས། །དགྱེས་པར་རོལ་ཅིག་མཆོད་པ་དམ་པ་འདི། །བཞེས་ཏེ་ཨ་ལ་ལ་ཡིས་དགྱེས་པར་མཛོད། །ༀ་བཛྲ་ཨེ་ས་ཧཱུ། པེ་ས་ཧཱུ། ས་མ་ཡ་བྷཀྵ་ཧཱུ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཛཿཧཱུཾ་བཾ་ཧོཿ ༀ་པྲ་ཏཱིཙྪ་ཧོཿ ཞེས་འཁོར་གསུམ་བདེ་བ་ཆེན་པོར་རོ་མཉམ་མོ། །བཞི་པ་ཚོགས་ལ་རོལ་པ་ནི། བརྡ་དང་བརྡའི་འབུལ་ལེན་སོགས་སྤྱི་དང་འདྲ་བར་བྱས་ནས་འདོད་པ་ལྔ་ལྡན་དུ་ལོངས་སྤྱོད་དོ། །ལྔ་པ་ལྷག་མའི་ཆོ་ག་ནི་གཏོར་ཆོག་དང་གནད་གཅིག་པས་སྦྲེལ་ཏེ་ཤེས་པར་བྱའོ། །གཉིས་པ་གཏོར་མའི་ཆོ་ག་ལ། བཤམས་ཤིང་བརླབ་པ། མགྲོན་དགུགས་ཤིང་དབང་དུ་བྱ་བ། མཆོད་པའི་ལས་རིམ་དང་གསུམ་ལས། དང་པོ་ནི། ལྷག་མ་རྣམས་སྣོད་གཅིག་ཏུ་བསྡུས་པའི་རྨེ་གཏོར་དང་། སྔར་ཟུར་དུ་བཅད་པའི་ཕུད་དང་མཆོད་པའི་རས་མ་རྣམས་དང་། ཤ་ཆང་སོགས་བཟའ་བཏུང་སྣ་ཚོགས་པའི་གཏོར་མ་གསར་པའང་ཐོད་པའི་སྣོད་དུ་བླུག་པ་དང་། སྤོས་དང་མེ་ཏོག་སོགས་ལོངས་སྤྱོད་ཀྱི་ཡོ་བྱད་སྣ་ཚོགས་པ་རྣམས་ཕྱི་རོལ་དུ་མཎྜལ་ཟླ་གམ་དམར་པོའི་དབུས་སུ་རིགས་ལྔའི་ཐིག་ལེ་ལྔ་བྱས་པའི་འགྲམ་དུ་བཤམས། མཆོད་པ་ཐུན་མོང་བའི་བྱིན་རླབས་སྤྱི་མཐུན་དང་། ཁྱད་པར་བདུད་རྩི་བྱིན་རླབས་སྔར་བཤད་པ་བཞིན་བྱས་ནས། རྩ་བའི་དཀྱིལ་འཁོར་གསལ་བ་ལས། ཁྱད་པར་གཏོར་མའི་གནས་སུ། ༀ་མ་ཧཱ་ཙཀྲ་མཎྜ་ལ་བྷྲཱུྃ། མཎྜལ་གྱི་དབུས་སུ་ཧཾ་ལས་བྱུང་བའི་རྡོ་རྗེ་རྟ་མཆོག །དེའི་མདུན་དུ་ལྷ་ཆེན་པོ། གཡས་སུ་ཚངས་པ། རྒྱབ་ཏུ་བརྒྱ་བྱིན། གཡོན་དུ་ཁྱབ་འཇུག །དེའི་ཕྱི་རོལ་ཤར་ཕྱོགས་སུ་ཕྱོགས་སྐྱོང་དང་ཞིང་སྐྱོང་། ལྷོ་ཕྱོགས་སུ་མ་མོའི་ཚོགས། ནུབ་ཕྱོགས་སུ་ལྷ་ཆེན་པོ་རྣམས་དང་ཀླུ་ཆེན་བརྒྱད། བྱང་དུ་འབྱུང་པོ་སྣ་ཚོགས་པ་དང་འགྲོ་བ་རིགས་དྲུག་གི་གཙོ་བོ་འཁོར་བཅས་གནས་པར་གྱུར། གཉིས་པ་ནི། རང་ཉིད་རྟ་མཆོག་གི་སྐུར་སྤྲུལ་པའི་སྙིང་ག་ནས་འོད་ཟེར་འཕྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མགྲོན་གྱི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་པར་བསམ་ལ་འབར་བའི་རྒྱ་དང་། ༀ་བཛྲ་ཊཱ་ཀི་ནཱི་བྷྱཿ ཨེ་ཨ་རལླི་ཧྲིང་ཧྲིང་ཛཿཛཿ ཞེས་དང་སྤྱུགས་པའི་བརྡས་སྤྱན་དྲངས། ༀ་བཛྲ་གུ་ཧྱ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ༀ་བཛྲ་གུ་ཧྱ་དྲྀ་ཤྱ་ཧོཿ ས་མ་ཡ་ཕཊ། ཅེས་དམ་ཚིག་གི་ཕྱག་རྒྱ་བསྟན་པས་དབང་དུ་འདུས་ཤིང་བཀའ་ནོད་པར་བསམ་མོ། །གསུམ་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། ༀ་ཨི་དཾ་དྷུ་པ། པུཥྤ། དཱི་པཾ། གནྡྷཾ་པཱུ་ཛ་སྥ་ར་ཎ་ཨརྒྷཾ་བ་ལིཾ་ཏ་ཁ་ཁ་ཞེས་མཆོད། གཉིས་པ་ནི། གཙང་ཕུད་ཀྱི་རས་མ་དམེ་གཏོར་དུ་བླུགས་པ་ལ་པདྨའི་རྒྱས་བྱང་སེམས་ཀྱི་ཁ་ཕྲུ་བཏབ་ནས། ༀ་གུ་རུ་ཀྲོ་དྷཱ་རཏྣ་ས་མ་ཡ་ཤྲཱི་ཤ་པུཪྺ་བུདྡྷ་ཀྵེ་ཏྲ་པཱ་ལ་ཀྵོ་བྷ་ཀ་ར་ཧཱུཾ་ཕཊ། ཅེས་པས་བྱིན་གྱིས་བརླབས་ལ། འཁོར་ལོས་སྒྱུར་བ་དྲུག་གི་སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པས་འཇིག་རྟེན་ལས་འདས་པ་ལ་ཕུལ། དེ་དང་སྦྲེལ་ནས། ༀ། འཇིག་རྟེན་ཀུན་གཙོ་མངའ་མཛད་པའི། །འཇིགས་བྱེད་དྲག་པོ་སྟོབས་ལྡན་པ། །བདེ་གཤེགས་སྲས་སོགས་བྲན་མཛད་པའི། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཅན། །དབང་ཕྱུག་ཆེན་པོ་ཆུང་མར་བཅས། །དེ་བཞིན་ཁྱབ་འཇུག་ཚངས་པ་དང་། །བརྒྱ་བྱིན་འདོད་དགའ་ཆུང་མར་བཅས། །ལྷ་ཆེན་འཁོར་བཅས་ཚོགས་རྣམས་དང་། །ཕྱོགས་སྐྱོང་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །མཁའ་འགྲོ་དྲག་མོ་གསུས་འཛིན་མ། །དུར་ཁྲོད་མ་མོའི་ཚོགས་བཅས་དང་། །གཞན་ཡང་ལྷ་སྲིན་སྡེ་བརྒྱད་དང་། །འགྲོ་བ་དྲུག་པོ་འཁོར་བཅས་རྣམས། །སྐུ་གསུང་ཐུགས་སོགས་སྦྱངས་བྱས་ནས། །རང་གི་ལྷ་ཡི་གཟུགས་འཛིན་རྣམས། །གནས་འདིར་འདུས་པའི་དམ་ཚིག་ཅན། །མཆོད་གཏོར་རྒྱན་དང་བཅས་པ་བཞེས། །དམ་ཚིག་སྲུངས་ཤིག་དམ་ཚིག་ཅན། །ལས་ལ་བརྩོན་པའི་མཁའ་འགྲོའི་ཚོགས། །མཁའ་འགྲོ་དྲག་མོ་འཁོར་བཅས་རྣམས། །རྣལ་འབྱོར་སྒྲུབ་པའི་གྲོགས་མཛོད་ཅིག །ལས་མཛད་རྡོ་རྗེ་བྲན་བཅས་པས། །ཞི་རྒྱས་དབང་དྲག་ལས་སྒྲུབ་ཅིང་། །ཐེག་ཆེན་གསང་སྔགས་བསྲུང་བ་དང་། །ནད་དང་གདོན་སོགས་ཞི་བ་དང་། །ཚེ་དབང་བཀྲ་ཤིས་སྤེལ་བ་དང་། །བདེ་ལེགས་འབྲས་བུ་སྒྲུབ་པར་མཛོད། །ༀ་ཨཱཿཧཱུཾ་པདྨ་བ་ཊ་བ་མུ་ཁ་ཧཱུཾ་ཧྲཱིཿ ཞེས་རྟའི་རྒྱས་དངོས་གྲུབ་དབང་དུ་བྱས་ནས་རྡོ་རྗེའི་ཐལ་མོ་གྱེན་དུ་ཕྱེས་ལ། ༀ་བུདྡྷ་ཌཱ་ཀི་ནཱི་ནཾ་བ་ལིཾ་ཏ་པྲ་ཏཱིཙྪ་ༀ་ཕཊ་ཁཱ་ཧི། དེ་བཞིན་དུ་ༀ་བཛྲ་ཌཱ་ཀི་ནཱི་ནཾ་བ་ལིངྟ་པྲ་ཏཱིཙྪ་ཧཱུཾ་ཕཊ་ཁཱ་ཧི། ༀ་རཏྣ་ཌཱ་ཀི་ནཱི་ནཾ་བ་ལིངྟ་པྲ་ཏཱིཙྪ་ཏྲཱཾ་ཕཊ་ཁཱ་ཧི། ༀ་པདྨ་ཌཱ་ཀི་ནཱི་ནཾ་བ་ལིངྟ་པྲ་ཏཱིཙྪ་ཧྲཱིཿཕཊ་ཁཱ་ཧི། ༀ་ཀརྨ་ཌཱ་ཀི་ནཱི་ནཾ་བ་ལིངྟ་པྲ་ཏཱིཙྪ་ཧོཿཕཊ་ཁཱ་ཧི། ཞེས་ལན་གསུམ་གྱིས་མགྲོན་སྤྱི་ལ་ཕུལ་ནས། རོལ་མོའི་སྒྲ་དང་བཅས་ཏེ། ༀ། ཐུགས་རྗེ་ཆེན་པོས་གཟིགས་ནས་ཀྱང་། །སྣ་ཚོགས་རྒྱུད་རྣམས་སྤྲུལ་མཛད་པའི། །གར་མཁན་འཁོར་ལོའི་རྒྱུད་མངའ་བ། །དྲག་པོ་ཞི་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སྣ་ཚོགས་གར་གྱིས་རྣམ་པར་སྤྲུལ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལ་སོགས་མཚོན་ཆས་རོལ་ལ་ཕྱག་འཚལ་ལོ། །མ་ལུས་ལྷ་ཡི་ལྷ་མཆོག་སྐྱོང་ལ་ཕྱག་འཚལ་ལོ། །དཔའ་བོ་རྩལ་རྫོགས་སྟོབས་བཅུའི་ཤུགས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ ཨ་ལ་ལ་ཧོཿ ཞེས་གསོལ་ནས། གཙྪ་མུཿཞེས་ཕྱི་འཁོར་གྱི་མགྲོན་རྣམས་རང་གནས་སུ་གཤེགས་ལ་གཏོར་མ་ཕྱི་དོར། ཧཱུཾ་ཞེས་ཡེ་ཤེས་ཀྱི་མགྲོན་རྣམས་རང་གི་སྙིང་གར་བསྡུའོ། །ཚོགས་མཆོད་དང་མ་འབྲེལ་ན་གཏོར་ཆོག་རང་རྐྱང་གི་གཏོར་མ་མཎྜལ་དང་བཅས་པ་བཤམས་ནས། ཁ་ཕྲུས་བྱིན་གྱིས་བརླབ་པ་སོགས་སྒོས་ཆོས་རྣམས་དོར་ལ་གཞན་ཆོ་ག་སྔར་བཞིན་བྱའོ། །གཉིས་པ་བརྟན་མ་སྐྱོང་བ་ནི། ཕྱི་རོལ་དུ་བརྟན་པའི་གཏོར་མ་སྨན་ཕུདཀྱིས་བྲན་ལ། ཏྲཱཾ་རཏྣ་ཏྲཻ་ལོཀྱ་ཕཊ། ཅེས་བརྗོད་པས་གཏོར་མའི་རྡུལ་ཕྲ་རབ་རེ་རེ་བཞིན་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམས་ལ། འབྲུ་གསུམ་གྱི་བྱིན་གྱིས་བརླབས། ཧཱུཾ། ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བོད་ཁམས་སྐྱོང་བའི་ཆེ་ཞེ་ཆེན་མོ་རྣམས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །ཆེ་ཞེ་ཆེན་མོ་ཁྱེད་རྣམས་ཀྱང་། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང་། །རླངས་ཆེན་དཔལ་གྱི་སེངྒེ་ཡིས། །ཞིང་ཆེན་སྟན་ལ་བཀོད་ནས་ཀྱང་། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །དབང་སྐུར་གསང་བའི་མཚན་ནས་བརྗོད། །རྡོ་རྗེ་འཆང་གི་གྲལ་དུ་བཞག །བོད་ཁམས་སྲུང་ཞིག་སྐྱོང་བ་དང་། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱ་ཞེས། །ཇི་ལྟར་ཁས་བླངས་དམ་བཅས་པའི། །གཡར་དམ་གཉན་པོ་རྗེས་དགོངས་ལ། །དམ་རྫས་བཀའ་ཡི་གཏོར་མ་ལོངས། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ༀ་ལ་ལ། ལེ་ལེ། ཏཾ་ཏཾ། ཏེ་ཏེ། ཁ་རཀྨ། མ་མ་སྲིང་འགྲོ་མ་ཧཱུཾ་བྷྱོ་ཧཱུཾ་ཧཱུཾ། ཞེས་དང་། མ་ཧཱ་པཉྩ་སོགས་སྨན་རཀ་གཏོར་གསུམ་གྱིས་མཆོད་ཅིང་། སྨན་རཀ་ཀྱང་སྦྲེང་། བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ། ཡ་ཧི་གཙྪས་གཤེགས་སུ་གསོལ་ནས་གཏོར་མ་གཙང་སར་བསྐྱལ་ལོ། །གསུམ་པ་ཉེར་བསྡུ་ནི། སྐབས་འདིར་མཆོད་བསྟོད་ནོངས་བཤགས་ཡོད་མེད་ཇི་ལྟར་ཡང་རུང་བ་ལས། ཡི་གེ་བརྒྱ་པ་བརྗོད་པའི་མཐར། ༀ། ཕྱོགས་བཅུ་ནམ་མཁའི་མཐའ་ཀླས་པར། །སེམས་ཅན་ཀུན་གྱི་དོན་སྒྲུབ་པ། །ཇི་ལྟར་ཐུགས་ཀྱི་དབང་ཕྱུག་བཞིན། །དེ་ཉིད་སྤྱོད་པར་བདག་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པ། །གང་གི་ལམ་གྱིས་གྲོལ་འགྱུར་བ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་བསྔོ་བ་བྱས་ནས། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་དང་། གཙྪ་མུཿཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུའོ། །ཉལ་བའམ་མཐུན་མཚམས་ལ་འཇུག་པ་ན། ཧཱུཾ་ཞེས་པས་རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དག་པའི་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ། དེ་འཁོར་རྣམས་ལ། འཁོར་རྣམས་རིམ་བཞིན་གཙོ་བོ་ཡབ་ཡུམ་ལ། ཡུམ་ཡབ་ལ། དེ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་འཛིན་སེམས་དཔའ་ཧཱུཾ་ལ། ཧཱུཾ་གྱེན་རྫོགས་ན་དའི་བར་དུ་བསྡུས་ནས་མི་དམིགས་པར་བྱའོ། །ཉལ་བ་ལས་ལངས་པའམ་སྤྱོད་ལམ་ལ་འཇུག་པ་ན། རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་མཚན་དཔེ་གསལ་རྫོགས་ཀྱི་སྐུར་ལྡང་ངོ་། །བཞི་པ་གོ་བགོ་ལུས་བསྲུང་ནི། རང་གི་སྤྱི་བོ་ལ་སོགས་པའི་གནས་བཞིར་ཀཾ་ཧཾ་ཨཾ་ཏྲུཾ་རྣམས་ཀྱིས་མཚན་བར་བསམ་ཞིང་། ༀ་ཏྲུཾ་ཞེས་ཁུ་ཚུར་གྱི་རྒྱས་གནས་བཞིར་རེག་ལ། རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཕཊ་ལཾ་ཨ་བ་ལཾ་བཾ་ཧཱུཾ། ཞེས་རིགས་ལྔའི་ཅོད་པན་གྱིས་དབུ་བརྒྱན་པར་བསམ། ༀ་བཛྲ་ཏུཥྚྱ་ཧོཿ ཞེས་ཐལ་མོས་བརྟན་པར་བྱ་ཞིང་། དགེ་བ་བསྔོ་བ་དང་ཤིས་པ་བརྗོད་པ་རྣམས་ཀྱིས་མཐའ་རྒྱས་པར་བྱའོ། །ལྔ་པ་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་ནི། སྤྱོད་ལམ་ཀུན་ཏུ་མ་ཉམས་པར། །ལྷ་ཉིད་དུ་ནི་བསྒོམ་པར་བྱ། །དབང་པོའི་སྣང་བ་ཡུལ་དུས་ཀུན། །དཀྱིལ་འཁོར་རོལ་བའི་ཚུལ་དུ་བརྟག །ཅེས་གསུངས་པས། སྣོད་བཅུད་གཞལ་ཡས་ཁང་དང་ལྷར་ཤེས་བས་དབང་པོའི་སྣང་བ་ཡུལ་དུས་ཐམས་ཅད་དཀྱིལ་འཁོར་རོལ་པའི་ཚུལ་དུ་རྣམ་པར་དག་པའི་ཟིན་ཅིང་རྒྱས་ཐེབས་པར་བྱ་ཞིང་། ཟས་ལ་འཇུག་པ་ན། བཟའ་བཏུང་བྱིན་རླབས་མ་ཉམས་བཟླས། །སྒྱུ་མ་ཡེ་ཤེས་གཉིས་མེད་རོལ། །བྱེད་སྤྱོད་ཚོགས་གཉིས་རྒྱུ་རུ་བརྟག །ཐམས་ཅད་འགྲོ་བའི་དོན་དུ་སྤྱད། །ཅེས་པས་བཟའ་བཏུང་བདུད་རྩིར་བྱས་ནས་སྒྱུ་མ་ལྟ་བུར་གཉིས་མེད་དུ་རོལ་ཞིག་བྱ་སྤྱོད་ཐམས་ཅད་ཚོགས་གཉིས་ཀྱི་རྒྱུ་སེམས་ཅན་གྱི་དོན་དུ་འགྱུར་བ་ལ་བསླབ་པར་བྱའོ། །སྤྱི་དོན་གསུམ་པ་གྲུབ་པ་འབྲས་བུའི་ཚུལ་ལ། ཇི་ལྟར་བསྒྲུབ་པ་དང་། དེས་གྲུབ་པའི་ཚད་བསྟན་པའོ། །དང་པོ་ནི། སྐལ་བ་དང་ལྡན་པས་ཚོགས་གཉིས་ཅིག་ཅར་རྫོགས་པའི་ལམ་རྒྱལ་བ་རྣམས་ཀྱིས་ཡུལ་ལ་སྦྱོར་བའི་ཆེད་དུ་བླ་མ་མཉེས་པར་བྱས་ནས་ཞལ་གྱི་བདུད་རྩི་མྱོང་བར་བྱའོ། །དེ་ཡང་ལས་དང་པོ་བས་ནི། བསམ་གཏན་གྱི་མི་མཐུན་ཕྱོགས་སྒོ་གསུམ་གྱི་རྣམ་པར་གཡེང་བ་སྤངས་ནས་སྐྱོ་བའི་མཚན་ཉིད་བསམ་པར་བྱ་སྟེ། ཀྱེ་མ་རང་བཞིན་ལྟ་རྨོངས་རྣམས། །གློ་བུར་རྟོག་པས་ཀུན་ཏུ་བསླད། །དེ་བཞིན་ཡུན་རིང་གོམས་ཤུགས་ལས། །བདེ་སྡུག་གཉིས་ཚོགས་དབང་སྤྱོད་པས། །འཁོར་བའི་ཉོན་མོངས་ཚོགས་སུ་སྣང་། །ཞེས་སོགས་གསུངས་པས་བཞིན་ངེས་འབྱུང་གིས་རྒྱུད་དག་པར་བྱ་བ་དང་། དེ་ནས་བསྐྱེད་པའི་རིམ་པ་ལ་བསླབ་པའི་ཕྱིར། སྦྱོར་བ་བཞི་ཡི་རིམ་པ་ཡིས། །དེ་ཡི་ལམ་ལ་རབ་ཏུ་སྦྱོར། །ཞེས་རྣལ་འབྱོར་བཞི་ལྡན་དུ་བསྒོམ་པར་གསུངས་ཏེ། བདག་ཉིད་ཆེ་བའི་ལྷར་སྦྱོར་བས། །བདག་ལ་བདག་གིས་རབ་ཏུ་མཆོད། །ཅེས་རྣལ་འབྱོར་དང་པོ་དང་། རྣལ་འབྱོར་ཐམས་ཅད་བདེ་བ་ཡིས། །རྗེས་སུ་སྦྱོར་བས་མཆོད་བྱེད་ཅིང་། །ཞེས་རྗེས་སུ་རྣལ་འབྱོར་དང་། རྒྱུད་ལ་མྱང་བར་བྱེད་པས་ན། །ཤིན་ཏུ་སྦྱོར་བས་འགྲུབ་པར་འགྱུར། །ཞེས་ཤིན་ཏུ་རྣལ་འབྱོར་དང་། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །ར་སཱ་ཡ་ནའི་བདེ་བ་ནི། །རྡོ་རྗེ་སེམས་དཔའི་ཚེ་དཔལ་དང་། །ནད་མེད་ལང་ཚོ་བདེ་མཆོག་འགྲུབ། །ཅེས་རྣལ་འབྱོར་ཆེན་པོ་སྟེ་རིམ་པ་དང་པོའི་ལམ་དང་། དེ་ནས། སྣང་བདེ་མཉམ་པའི་དོན་གནས་ན། །སྐུ་གསུམ་གཉིས་སུ་མེད་པའི་ལམ། །གྲོལ་ལམ་ཐབས་ལ་བརྟེན་པ་དག །བདེ་བའི་ཡེ་ཤེས་རྟོགས་བྱའི་ཕྱིར། །རྩ་རླུང་སོ་སོའི་ཐུན་མོང་གི། །ཉམས་མྱོང་བསྐྱེད་པར་བྱ་བ་ཡིན། །ཞེས་རྫོགས་པའི་རིམ་པ་བསྒོམ་པའི་ཚུལ་ཇི་ལྟར་གསུངས་པ་བཞིན་དུ་བློའི་ནུས་པ་དང་སྦྱར་ཏེ་ཉམས་སུ་ལེན་པ་ལ་བསླབ་པར་བྱའོ། །གཉིས་པ་ནི། དེ་ལྟ་བུའི་ལམ་ལ་བསླབས་ཏེ་ནན་ཏན་དུ་གོམས་པར་བྱས་པ་ལས་ཚེ་འདི་ལ་རིག་པ་འཛིན་པའི་གོ་འཕང་ལ་རེག་ཅིང་། དེ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཀྱང་ཐོབ་པར་བྱེད་དོ། །དེ་ཡང་འདིར་རིག་འཛིན་རྣམ་པ་བདུན་ཏེ། མོས་པས་སྤྱོད་པ་དང་། ལས་ལ་སྦྱོར་བའི་དང་། ལས་ལ་སྤྱོད་པའི་དང་། ལམ་ལ་སྦྱོང་བའི་དང་། ལམ་སྨིན་པའི་དང་། ཕྱག་རྒྱ་ཆེན་པོའི་དང་། བྱ་བ་མཐར་པའི་རིག་འཛིན་ནོ། །དེའི་སྒོ་ནས་སྔགས་ཀྱི་སྤྱོད་པ་སྤྱད་པས་དངོས་གྲུབ་ཀྱི་མཆོག་མི་སློབ་པའི་ས་དྲུག་རིམ་པ་བཞིན་དུ་སྦྱངས་པས་ཅིག་ཅར་ཐོབ་པར་འགྱུར་རོ། །དྲུག་གང་ཞེ་ན། སངས་རྒྱས་ཀྱི་ས་ཀུན་ཏུ་འོད་དང་། པདྨོ་ཅན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་། རྡོ་རྗེ་འཆང་ས་དང་། ཡེ་ཤེས་བླ་མ་དང་། བདེ་བ་ཆེན་པོའི་ས་རྣམས་སོ། །དེ་ལྟར་ཡང་། བསྙེན་སྒྲུབ་བཞི་ཡི་རིམ་པ་ཡིས། །འདོད་པའི་དོན་ལ་རབ་སྦྱོར་ཞིང་། །དེ་དག་དང་ནི་དགའ་སྤྱད་ན། །འདོད་པ་བཞིན་དུ་འགྲོ་འོང་ལྡིང་། །རིགས་ཀྱི་འཁོར་ལོས་སྒྱུར་བ་ཡི། །གཙོ་བོ་གང་ཡང་རུང་བ་འགྲུབ། །ཚེ་འདིས་རིག་འཛིན་ཐོབ་བྱེད་ཅིང་། །དེས་ནི་བདེ་བ་ཆེན་པོ་འགྲུབ། །ཅེས་དང་། རིག་འཛིན་རྣམ་པ་བདུན་གྱིས་ནི། །རང་གི་ཡེ་ཤེས་གནས་སྦྱོང་ཞིང་། །གསང་སྔགས་མཐུན་པའི་ཁྱད་པར་གྱིས། །མེས་པའི་བློ་དང་དོན་མཐུན་སྟོན། །རྣམ་གྲོལ་ཟག་མེད་སངས་རྒྱས་ལ། །མཐར་ཕྱིན་འདི་ཡིས་ཐོབ་པར་བྱེད། །ཀུན་ཏུ་འོད་དང་པདྨོ་ཅན། །ཡི་གེ་འཁོར་ལོ་རྡོ་རྗེ་འཆང་། །ཡེ་ཤེས་བླ་མའི་ས་ནོན་ནས། །ཟག་མེད་རྟག་ཏུ་བདེ་བས་ཞུགས། །ཞེས་གསུངས་པ་དང་། དེ་ལྟ་བུའི་རིམ་པས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་འགྲུབ་པར་འགྱུར་ཏེ། བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས། །སྒྲུབ་པ་རྣམ་བདུན་ལས་ལ་འཇུག །ཚོགས་སྒྲུབ་ཕྱག་རྒྱའི་སྒྲུབ་པ་དང་། །རྫས་དང་སྨན་དང་མངོན་ཤེས་དང་། །རིག་འཛིན་སྒྲུབ་པ་ཕྱག་རྒྱ་ཆེ། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ཤེས་པར་བྱའོ། །འདིར་སྐབས་དོན་ཉེར་མཁོའི་ཤེས་བྱེད་ཅུང་ཟད་བརྗོད་ན། རྣལ་འབྱོར་མ་རྒྱུད་ཐམས་ཅད་ཀྱི་རྩ་བ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་ལམ་འདི་ལ་འཕགས་པའི་ཡུལ་དུ་བཀའ་སྲོལ་ཇི་སྙེད་ཅིག་མཆིས་པ་ལས། ཕྱོགས་འདིར་ཡོངས་སུ་གྲགས་པ་ནི་སློབ་དཔོན་ཀུ་ཀུ་རཱ་ཛས་མཛད་པའི་གསང་དོན་རྣམ་པར་བཀོད་པ་དྲུག་དང་། ཆོ་ག་ལྔ་པ་དང་། དབང་ཆོག་རྣམས་བསྡོམས་པས་ཉམས་ལེན་གྱི་ཆ་ལག་ཚང་བ་གཅིག་ཡིན་ཅིང་། ཡང་། སློབ་དཔོན་ཧཱུཾ་ཀཱ་རས་མཛད་པའི་ཧེ་རུ་ཀའི་སྒྲུབ་ཐབས་དང་། ཡན་ལག་བཞིའི་སྣང་བ་དང་། དབང་ཆོག་སྟེ་གསུམ་བསྡོམས་པས་ཀྱང་ཆ་ཚང་བ་གཅིག་གོ། །དེ་གཉིས་ནང་གསེས་ཕྲ་མོའི་ཁྱད་པར་ལས་དོན་གྱི་རྐང་གཅིག་པར་སྣང་ཞིང་། གཞན་ཡང་། ཨིནྡྲ་བྷུ་ཏི་དང་བརྒྱ་བྱིན་སྡོང་པོའི་འགྲེལ་ཆེན་སོགས་སྔ་འགྱུར་དང་། ཁ་ཆེ་རིན་ཆེན་རྡོ་རྗེའི་དཀྱིལ་ཆོག་སོགས་ཕྱི་འགྱུར་དང་། རོང་ཟོམ་ཆེན་པོའི་རྒྱུད་འགྲེལ་སོགས་རྒྱ་བོད་ཀྱི་གཞུང་ཇི་སྙེད་པ་ལས། ཕྱོགས་འདིར་འཕེལ་བའི་སྒྲུབ་དཀྱིལ་ཕལ་ཆེར་ཀུ་ཀུ་རཱ་ཛ་དང་། ཧཱུཾ་མཛད་ཀྱི་གཞུང་རྣམས་ཀྱི་རྗེས་སུ་འབྲང་ཡང་། གསར་མའི་ཆོ་ག་ཁྲིགས་ལ་བག་ཆགས་བརྟགས་པས་དེ་དག་དང་མཐུན་པར་སྦྱར་བ་འབའ་ཞིག་ཏུ་སྣང་བས། འདིར་ནི་རྩ་བའི་ཁུངས་ཉིད་ཀྱི་ཁྲིགས་དངོས་ཤུགས་ཅི་རིགས་པ་ལས་རྙིང་མ་རང་ལུགས་ཀྱི་ཆོ་ག་རྣམས་དང་བབས་གཅིག་ཏུ་ཡོད་པས། དེ་དང་རིགས་མཐུན་བཀའ་མའི་ཆོག་ཁྲིགས་འགྲོས་གཅིག་པ་རྣམས་དོན་ལ་མི་འགལ་ཞིང་ལག་ལེན་འཇུག་པ་བདེ་བའི་དབང་དུ་བྱས་པ་ལས། དེ་ཡང་རིགས་རྐྱ྄ང་གི་དཀྱིལ་འཁོར་ཐ་དད་དུ་སྒྲུབ་པ་ནི་སྐབས་དེ་དང་དེར་ཤེས་པར་འགྱུར་ཞིང་། རིགས་བསྡུས་ཀྱི་དཀྱིལ་འཁོར་འགོད་ཚུལ་ལ། སློབ་དཔོན་ཨིནྡྲ་བྷུ་ཏིས་རྡོར་སེམས་དབུས་སུ་དང་། རྣམ་སྣང་ཤར། རྡོ་རྗེ་ཉི་མ་ལྷོ། གར་དབང་ནུབ། རྟ་མཆོག་བྱང་། ཧེ་རུ་ཀ་སྟེང་ཁང་དུ་འགོད་པར་མཛད་ཅིང་། ཕྱིས་དམར་སྟོན་རྒྱལ་མཚན་འོད་ཟེར་གྱིས་ཀྱང་ཕྱག་ལེན་དེ་ལྟར་མཛད་ཅེས་འགོས་ལོ་གཞོན་ནུ་དཔལ་གསུང་ངོ་། །ཡང་། ཧཱུཾ་མཛད་ཀྱིས་རྡོར་སེམས་སོགས་རིགས་ལྔའི་སྒོ་ནས་སྔོན་དུ་བསྙེན་པ་དང་། ཧེ་རུ་ཀའི་སྒོ་ནས་སྒྲུབ་པ་བྱ་བ་ཡིན་པས། དེ་གཉིས་དུས་ཐ་དད་དུ་བསྟན་ཀྱང་གང་ཟག་གི་བྱེ་བྲག་ཏུ་མ་གྱུར་པས་ཐབས་ཀྱི་ཆོ་ག་གཅིག་ཡིན་ནོ། །ཞེས་རོང་ཟོམ་ཆེན་པོ་གསུང་ངོ་། །ཡང་། གཞི་དཀྱིལ་གཅིག་གི་ནང་དུ་སྒོས་དཀྱིལ་དྲུག་པོ་དབུས་སུ་རྡོར་སེམས། ཤར་དུ་རྣམ་སྣང་། ལྷོར་ཧེ་རུ་ཀ །ནུབ་ཏུ་གར་དབང་། བྱང་དུ་ཉི་མ། བྱང་ཤར་དུ་རྟ་མཆོག་འགོད་པ་ལས་བྲིས་དཀྱིལ་ལ་ཡོ་སྲོང་ཆ་སྙོམས་པ་བདེ་མཆོག་འཁོར་ལོས་སྒྱུར་དྲུག་བཞིན་བྱེད་པས་ཉིད་ལ་ཕྱིས་ཀྱི་བླ་མ་རྣམས་ཕྱག་ལེན་མཛད་པ་ཤས་ཆེའོ། །ཡང་། འགའ་ཞིག་ཧེ་རུ་ཀ་དབུས་དང་། རྡོར་སེམས་མཐར་བཀོད་ནས་རིགས་བསྡུས་ལ་མཉམ་སྦྱོར་ཁྲོ་བོ་དང་། རྡོར་སེམས་རིགས་རྐྱང་ལ་ཞི་བའི་ཐ་སྙད་བྱེད་པ་མི་ལེགས་སོ། །ཡང་། གཙོ་བོ་འཕོ་བའི་དབང་དུ་བྱེད་ན་ནི་རྣམ་པ་དྲུག་ཀ་ཡང་འབྱུང་སྟེ་གུར་རིགས་བསྡུས་བཞིན་ནོ། །དེས་ན་འདིར་ནི་ཡན་ལག་བཞི་པ་ལས། ནང་གི་དཀྱིལ་འཁོར་དབྱིབས་དག་ནི། །ཐིག་བཞིའི་རྣམ་པར་ཕྱེ་བ་ལ། །སོ་སོའི་ཕོ་བྲང་ཇི་ལྟ་བར། །རིགས་བསྡུས་དཀྱིལ་འཁོར་རྒྱས་པའི་ཚུལ། །དབུས་སུ་རིགས་བདག་འཁོར་ལོ་སྟེ། །ཤར་དུ་དེ་བཞིན་གཤེགས་པའི་རིགས། །ལྷོ་ཕྱོགས་རྡོ་རྗེ་དྲག་པོའི་ཚོགས། །ནུབ་ཏུ་པདྨ་རྣམ་དག་ཆོས། །བྱང་ཕྱོགས་ཡོན་ཏན་རིན་ཆེན་མཛོད། །ཤར་མཚམས་ཞི་དཀྱིལ་སྡུད་པའི་ཚུལ། །ལྷོ་མཚམས་དྲག་པོ་སྲིད་བྱེད་ལྟར། །ནུབ་མཚམས་དབང་མཛད་གཡོ་བའི་བཞིན། །བྱང་མཚམས་རྒྱས་པ་དབང་ཆེན་ལྟར། །རང་རང་ཕྲེང་བས་མཛེས་པར་བྱ། །ཞེས་པ་ནི་གཞུང་འདིའི་རྩ་བའི་ཁུངས་ཉིད་དེ། དེ་ལྟར་བཀོད་པ་ནི་དཀྱིལ་འཁོར་རྒྱས་པའི་ལུགས་སོ། །ཡང་། རྟ་མཆོག་ལ་དཀྱིལ་འཁོར་གཅིག་བྱས་ནས་དཀྱིལ་འཁོར་དྲུག་ཏུ་བྱེད་པ་ནི་འབྲིང་པོའོ། །ཡང་། ལྷ་དགུ་དགུའི་ནང་གི་དཀྱིལ་འཁོར་ཁོ་ན་དྲུག་བཀོད་ནས་མཆོད་ལྷ་དང་སྒོ་སྲུང་གཞི་དཀྱིལ་ཁོ་ན་ལ་བཀོད་པ་ཙམ་གྱིས་ཆོག་པ་ནི་བསྡུས་པའོ། །དཀྱིལ་འཁོར་ཕྱི་ནང་ཐམས་ཅད་ལ་སྲུང་འཁོར་ཚུན་དང་། རྟ་བབས་དང་བཅས་པ་དང་། རྟ་བབས་མེད་པ་སྟེ། གསུམ་པོ་ཡང་དེ་དང་དེ་ལ་ལྟོས་པའི་རྒྱས་འབྲིང་བསྡུས་པའི་ཚུལ་ལོ། །རྟ་མཆོག་གི་ལྷ་འགོད་ཚུལ་ནི། དཀྱིལ་འཁོར་དགུ་པ་ལྟར་ན་ཤར་ལྷོ་ཤར་དང་མཚུངས་པ་སོགས་མི་འདྲ་བ་བཞི་ཡིན་ཅིང་། བཞི་ཀའང་རྟ་མཆོག་སྒོས་ཀྱི་ལྷ་མོ་གཉིས་ཀྱིས་ལྷག་པའོ། །ཡང་། དཀྱིལ་འཁོར་དྲུག་པའི་ཚེ་ན་རྟ་མཆོག་གི་འཁོར་ལས་དང་རིན་ཆེན་ཕྱོགས་མཐུན་པའི་དབང་གིས་རྡོ་རྗེ་ཉི་མ་དང་མཚུངས་པར་བྱས་ན་ཞི་བ་དང་། ཁྲོ་དཀྱིལ་དུ་བྱེད་ན་ཧེ་རུ་ཀའི་བཞིན་ཏེ། རྟ་མཆོག་ཁྲོ་བོ་གཙོ་ཆེ་བས་དེ་ལྟར་བྱས་ན་ལེགས་ཞེས་གསུང་ངོ་། །ཡང་། ལྷ་བསྐྱེད་ཚུལ་ལ། གསང་དོན་རྣམ་པར་བཀོད་པ་དྲུག་ལས་རྡོར་སེམས་ལ་རྒྱུ་འབྲས་རྡོར་འཛིན་གྱི་དབྱེ་བ་མེད་ཅིང་། རིགས་ལྷག་མ་ལྔ་ལ་རྒྱུ་རྡོར་སེམས་ལས་འབྲས་བུ་རྡོར་འཛིན་དུ་སྐད་ཅིག་གིས་བསྒྱུར་བར་མཛད་མོད། དེ་ནི་རྒྱུ་འབྲས་རྡོར་འཛིན་ཐོབ་ཐང་ཡོད་མེད་ཀྱི་དབྱེ་བ་མ་ཡིན་གྱི། གཉིས་ཀ་རུང་བའི་ཤེས་བྱེད་དོ། །རིགས་རྐྱང་ལ་དེ་ལྟར་ཡིན་པ་བཞིན་དུ་རིགས་བསྡུས་ལ་ཡང་གོ་བར་འགྱུར་རོ། །ཡང་། རིགས་བསྡུས་ཀྱི་སྐབས་འདིར་འཁོར་གྱི་ལྷ་མོ་རྣམས་ཡབ་ཅན་དུ་བྱེད་པའང་ཡོད་མོད། འོན་ཀྱང་དེ་ཐམས་ཅད་གཙོ་བོ་ཉིད་ཀྱི་ཤེས་རབ་མར་བྱས་ན་ལེགས་ཞེས་གསུང་ངོ་། །ཡང་། མཆོད་པའི་སྐབས་སུ་རིགས་རྐྱང་ཧེ་རུ་ཀའི་སྒྲུབ་ཐབས་ལས་རཀྟ་སོགས་ཁྱད་པར་གྱི་མཆོད་པ་རྣམས་བཤད་པས་དེ་དག་རིགས་བསྡུས་ལ་དོན་གྱིས་ཐོབ་ཅིང་། གཏོར་ཆོག་ལྷག་གཏོར་དང་གནད་གཅིག་ཏུ་བྱེད་པ་ཡང་རྩ་བའི་ཁུངས་ཉིད་ཀྱིས་གསལ་པོར་གསུངས་པ་དང་། དེར་མ་ཟད་སྒྲུབ་ཐབས་ཕྱི་མ་རྣམས་སུ་མ་བཀོད་པའི་བྱིན་འབེབས་དང་ཏིང་འཛིན་གསུམ་སོགས་སྔ་འགྱུར་གྱི་གསང་བ་སྤྱིའི་ཆོ་གའི་ཁྱད་ཆོས་རྣམས་ཀྱང་། གསང་དོན་དང་ཧཱུཾ་མཛད་ཀྱི་ཡན་ལག་བཞི་པ་གསལ་བར་གསུངས་པ་དང་། བརྟན་མ་མཆོད་པའང་བོད་ཀྱི་ཕྱོགས་འདིར་དཀར་ཕྱོགས་ཀྱི་ཕྲིན་ལས་བསྒྲུབ་པ་ལ་ཁྱད་པར་གྱི་དམ་ཚིག་མནོས་པས། མཐུ་ནུས་ལྷག་པར་མྱུར་བའི་ཕྱིར་རྡོ་རྗེ་སློབ་དཔོན་ཆེན་པོ་རྣམས་ཀྱིས་ཡི་དམ་ཞི་ཁྲོའི་ཆོ་ག་ཐམས་ཅད་དང་རྗེས་འབྲེལ་དུ་འགོད་པར་མཛད་པས་མཚོན་ཏེ་རྙིང་མ་རང་ལུགས་གང་ཡིན་པ་དེ་དང་མཐུན་པར་འགལ་མེད་དུ་བཀོད་པའང་ཤེས་པར་བྱའོ། །སངས་རྒྱས་ཀུན་གྱི་གསང་བ་ཟབ་མོའི་དབྱིངས། །བདེ་ཆེན་ཡེ་ཤེས་རྡོ་རྗེར་མཉམ་སྦྱོར་བས། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ཉིད་དེ། །རྣལ་འབྱོར་མ་རྒྱུད་ཀུན་གྱི་སྙིང་པོའི་ཕུལ། །ཤིན་ཏུ་རྟོགས་དཀའི་རྒྱུད་དོན་ནམ་མཁའི་མཐའ། །འཕགས་མཆོག་མཁའ་ལྡིང་དབང་པོའི་སྤྱོད་ཡུལ་ལས། །བློ་རྨོངས་སྦྲང་བུས་བགྲོད་པས་གཞལ་རློམ་པ། །སྨྱོན་པའི་ཟློས་གར་ཉིད་མཚུངས་དེ་ལྟ་ནའང་། །དེང་དུས་ཚུལ་འདིར་དོན་གཉེར་ཆེས་དཀོན་ཞིང་། །མིང་ཙམ་འཛིན་པའང་རྒྱ་ལ་རྙེད་དཀའི་ཕྱིར། །ཅུང་ཟད་འཕེལ་ཞིང་རྒྱས་པའི་རྒྱུར་དམིགས་ནས། །ལྷག་བསམ་ཁོ་ནས་གྱ་ཚོམ་ཉིད་དུ་བརྗོད། །འོན་ཀྱང་རྒྱ་བོད་མཁས་གྲུབ་ཆེ་རྣམས་ཀྱི། །གཞུང་འགྲེལ་ཕལ་ཆེར་ཟབ་བརླིང་རྟོགས་དཀའ་ཞིང་། །ཕྱོགས་འདིར་སྤེལ་བའི་སྒྲུབ་དཀྱིལ་འགའ་ཞིག་ཀྱང་། །རང་བློའི་ལམ་དུ་རིགས་འགྲེས་དྲངས་པར་མཐོང་། །དེ་ཕྱིར་སྔ་འགྱུར་གཞུང་བཟང་རྩ་བ་ཡི། །ཁུངས་དང་རྗེས་འབྲེལ་དག་གསལ་འཇུག་བདེའི་ཁྲིགས། །རྒྱ་ཆེའི་གཞུང་དོན་འཁྲུལ་མེད་མཚོན་བྱེད་པ། །གང་འདི་སྔོན་གོམས་སྐལ་བཟང་མཐུ་ལས་བྱུང་། །འདི་ལས་བསོད་ནམས་གང་ཞིག་ཐོབ་འགྱུར་དེས། །ཟབ་མོའི་ལམ་འདི་འཕེལ་ཞིང་རྒྱས་པ་དང་། །དེ་ལས་འགྲོ་ཀུན་རིགས་དྲུག་དཀྱིལ་འཁོར་ལྷའི། །བདེ་ཆེན་དབྱིངས་སུ་མཉམ་པར་སྦྱོར་གྱུར་ཅིག །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ་རིགས་བསྡུས་པའི་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས་བདེ་ཆེན་འདོད་འཇོ་ཞེས་བྱ་འདི་ནི། དེང་དུས་ཟབ་མོའི་ལམ་འདིའི་མིང་ཙམ་འཛིན་པའང་ཤིན་ཏུ་དཀོན་པར་སྣང་བས་འཕེལ་ཞིང་མི་ནུབ་པའི་སྒོར་འགྱུར་བར་བསམས་ནས་སློབ་དཔོན་ཆེན་པོ་ཀུ་ཀུ་རཱ་ཛ་དང་ཧཱུཾ་ཀཱ་ར་སོགས་ཀྱི་གཞུང་རྣམས་དང་རོང་ཟོམ་ཆེན་པོའི་རྒྱུད་འགྲེལ་སོགས་ལེགས་པར་བཤད་པ་རྣམས་ཀྱི་རྗེས་སུ་འབྲངས་ནས། ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་དཔའ་བོ་ཞེས་པ་ལྕགས་འབྲུག་ཁྲུམས་ཀྱི་ཉ་བའི་དུས་དགེ་བར་ཨོ་རྒྱན་སྨིན་གྲོལ་གླིང་གི་དགེ་གནས་སུ་སྦྱར་བ་བདེ་ལེགས་སུ་གྱུར་ཅིག །སརྦ་ཛ་ཡནྟུ།། །།

སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་ཀུན་ཏུ་བཟང་པོའི་ཞལ་ལུང་། འགྱུར་མེད་རྡོ་རྗེ།

སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་ཀུན་ཏུ་བཟང་པོའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་རིགས་བསྡུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཀུན་ཏུ་བཟང་པོའི་ཞལ་ལུང་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་མཆོག་དང་པོའི་མགོན་པོ་ཀུན་ཏུ་བཟང་། །སྐུ་དང་གསུང་ཐུགས་བཀོད་པ་མི་ཟད་སྤྲིན། །སངས་རྒྱས་ཀུན་དང་མཉམ་སྦྱོར་རིགས་དྲུག་གི། །འཁོར་ལོར་སྣང་མཛད་བླ་མར་ཕྱག་བགྱིའོ། །གང་གི་སྙིང་པོའི་དཀྱིལ་འཁོར་རབ་ཡངས་པར། །སྐལ་བཟང་མྱུར་བདེར་འཇུག་པ་ཐབས་ཀྱི་སྒོ། །རྣམ་དག་གཞུང་དོན་བླ་མའི་མན་ངག་བཞིན། །ཀུན་ཏུ་བཟང་པོའི་ཞལ་ལུང་འདིར་གསལ་བྱ། །འདི་ལ་གསུམ་སྟེ། དམིགས་པར་བྱ་བའི་ཡུལ། བསྒྲུབ་པར་བྱ་བའི་ཐབས། གྲུབ་པའི་འབྲས་བུའོ། །དང་པོ་ནི། ཇི་སྐད་དུ། བདེ་ཆེན་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ། །རྣམ་པ་སྣ་ཚོགས་ཀུན་གྱི་མཆོག །འཁོར་ལོ་ཐམས་ཅད་རྣམ་འཕྲུལ་བའོ། །གསང་བ་མཆོག་གི་དགྱེས་པར་ནི། །ཐམས་ཅད་བདག་ཉིད་རྗེས་སུ་བསྒྲུབ། །ཞེས་གསུངས་པས་གཞིའི་རྒྱུད་ཅེས་བྱ་བ་གདུལ་བྱའི་རྒྱུད་ཀྱིས་བསྡུས་པ་གཞི་འབྲས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་མངོན་དུ་བྱེད་པ་ནས་ཐུན་མོང་གི་དངོས་གྲུབ་གང་ལ་དམིགས་པ་དེའི་བར་རོ། །གཉིས་པ་ནི། རྟེན་གནས་ཕུན་སུམ་ཚོགས་ལྡན་པས། །སྔོན་འགྲོའི་བསྙེན་པ་རྫོགས་བྱས་ཏེ། །ས་གཞི་སྟ་གོན་གནས་པ་དང་། །གཟུགས་བརྙན་དཀྱིལ་འཁོར་རྩོམ་སྒྲུབ་ཅིང་། །འཇུག་པའི་སྦྱིན་སྲེག་གཏོར་མའི་ལས། །རབ་གནས་དབང་བསྐུར་ལ་སོགས་རྣམས། །བདག་གཞན་སྨིན་ཅིང་གྲོལ་བའི་ཕྱིར། །དམ་པའི་ལུང་བཞིན་བསྒྲུབ་པར་བྱ། །ཞེས་པས་གཞིའི་རྒྱུད་དེ་གློ་བུར་གྱི་དྲི་མའི་སྦུགས་ལས་གྲོལ་བར་བྱེད་པ་ཐབས་ཀྱི་རྒྱུད་ཅེས་བྱ་བ་ལམ་གྱི་དངོས་པོ་ཡན་ལག་དང་བཅས་པས་བསྡུས་པ་ལས་འདིར་དཀྱིལ་འཁོར་གྱི་བྱ་བ་སྔོན་དུ་འགྲོ་བས་དེ་ཉིད་སྒྲུབ་ཅིང་མཆོད་པའི་ཆོ་ག་བཤད་པར་བྱའོ། །དེ་ལ་ཡང་སྦྱོར་བ་དང་། དངོས་གཞི་དང་། མཇུག་གི་བྱ་བ་དང་གསུམ་དུ་གནས་པ་ལས། དང་པོ་ལ་ཡང་ལས་ཀྱི་གཞི་བཟུང་བ་དང་། ལས་ཀྱི་རིམ་པ་དངོས་ལ་འཇུག་པའོ། །དང་པོ་ནི། རྟེན་གྱི་གང་ཟག་ཞི་ཞིང་དེས་པ་སོགས་རྒྱུད་དག་ཅིང་བྱང་ཆུབ་དུ་སེམས་བསྐྱེད་པ། ཤེས་རབ་གསུམ་གྱིས་དྲང་ངེས་ཀྱི་དོན་ཁོང་དུ་ཆུད་པ། དཀྱིལ་འཁོར་འདིར་དབང་གིས་སྨིན་ཅིང་དམ་ཚིག་ལ་གནས་པ་འགྲོ་བ་སྒྲོལ་བའི་སྙིང་སྟོབས་དང་ལྡན་པས་སྒྲུབ་ཐབས་བཞིན་གཙོ་བོ་རྡོ་རྗེ་སེམས་དཔའི་བཟླས་པ་འབུམ་དང་། དཀྱིལ་འཁོར་གཞན་ལྔའི་གཙོ་བོ་ལ་ཁྲི་དང་། འཁོར་གྱི་ལྷ་མོ་རྣམས་ལ་སྟོང་ལྟ་བུའི་གྲངས་ཀྱི་བསྙེན་པ་དང་། དུས་དང་མཚན་མ་དང་གནང་བ་ཐོབ་པ་དང་འགོག་པ་མེད་པས་ཀྱང་རུང་སྟེ་སྔོན་དུ་གོམས་པར་བྱས་ནས། རྒྱལ་ཐེབས་སོགས་སྒྲུབ་པའི་གྲོགས་དང་བཅས་ཏེ་གནས་དུས་ཡོ་བྱད་སོགས་ཕུན་སུམ་ཚོགས་པའི་ཆ་རྐྱེན་ཐམས་ཅད་བཟང་ཞིང་ཚོགས་པར་བྱ་བའོ། །གཉིས་པ་ལ་སའི་ཆོ་ག་དང་། སྟ་གོན་གྱི་ཆོ་ག་གཉིས་ཀྱི། དང་པོའི་སའི་ཆོ་ག་ལ་ལྔ་ལས། དང་པོ་ལ་སྤྱིར་བརྟག་པ་དང་བྱེ་བྲག་ཏུ་བརྟག་པ་གཉིས་ཀྱི། དང་པོ་ནི། ཡིད་དང་མཐུན་པའི་གནས་ཀྱི་གཞི་པདྨ་འདྲ་བ་ལས་དབུས་མཐོ་ཞིང་ཤར་དང་བྱང་དུ་གཞོལ་བ་ནམ་མཁའི་འཁོར་ལོ་རྩིབས་བརྒྱད་པ་ལྟར་མངོན་པ་ནགས་ཚལ་བཟང་པོ་མེ་ཏོག་དང་འབྲས་བུས་བརྒྱན་པ་སོགས་སྒྲུབ་པའི་གནས་སུ་གསུང་པ་བཞིན། གཉིས་པ་ནི། གཞི་དེར་པུས་ནུབ་ཙམ་དུ་བསྐོས་ནས་སླར་ས་དེས་གང་བའམ། དྲི་བཟང་པོ་དང་སྦྱར་བའི་ཆུས་བཀང་སྟེ། མཉམ་པར་བཞག་པས་རྡོར་དྲིལ་བཟུང་ནས་རང་སྔགས་བརྗོད་བཞིན་དུ་མི་དྲག་པར་གོམ་པ་བརྒྱའི་གནས་ནས་ལོག་སྟེ་བལྟས་པས་ངན་པའི་མཚན་མ་མཐོང་ན་གཞན་དུ་སྤོ་བའམ་སྦྱིན་སྲེག་གིས་སྦྱང་བར་བྱ་ཞིང་། རྣམ་ཤེས་དང་ཡེ་ཤེས་ཀྱི་ཕྱག་རྒྱས་ཀྱང་བརྟག་པར་བཤད་དོ། །གཉིས་པ་ལ་སྣང་བ་དང་མི་སྣང་བ་ལ་བསླང་བ་གཉིས་ལས། དང་པོ་ནི། བརྟགས་པས་རུང་བའི་ས་དེ་རྒྱལ་པོ་སོགས་ལ་བསླང་བའམ་རིམ་གྱིས་ཉོས་ནས་རང་དབང་དུ་བྱས་པའོ། །གཉིས་པ་ནི། གཞི་དེ་རང་བྱུང་དང་དྲི་བཟང་བདུད་རྩི་ལྔ་ལ་སོགས་པའི་མཎྜལ་བྱས་ལ། མེ་ཏོག་གི་ཚོམ་བུ་དགོད། མཆོད་པ་རྣམ་པ་ལྔ་དང་གཏོར་མ་ཆ་གཉིས་བཤམས་ལ། བདག་ཉིད་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་བསྒོམ་པ་སྔོན་དུ་འགྲོ་བས་མཆོད་གཏོར་རྣམས་བྱིན་གྱིས་བརླབ་ནས་ས་བདག་རྣམས་ཚིམ་པར་བྱས་ཏེ། ས་བདག་ལྷ་ཀླུ་འཁོར་བཅས་རྣམས། །བདག་གི་བསྙེན་སྒྲུབ་མ་ཐོན་པར། །ཁྱེད་ལ་གནས་འདི་བདག་གཡར་གྱིས། །ཅི་བདེ་བར་ནི་གནང་དུ་གསོལ། །ཞེས་བསླང་ཞིང་བསོད་ནམས་ཀྱི་དཔུང་བསྐྱེད་པའི་ཕྱིར་རྟེན་དགྲམ། གསུང་རབ་བསྒྲག །མཆོད་སྦྱིན་སོགས་ཀྱང་ཅི་འགྲུབ་བྱའོ། །གསུམ་པ་ས་སྦྱང་ཞིང་རློབ་པ་ནི། ས་དེར་བྱིན་གྱིས་བརླབས་པའི་དྲི་ཆབ་སྔགས་ཀྱིས་གཏོར་ཞིང་། ཏིང་ངེ་འཛིན་གསལ་བའི་འཕྲོ་འདུས་བདུད་རྩིའི་རྫས་དང་ཡི་གེ་གསུམ་གྱིས་སྦྱངས་ནས། དཀྱིལ་འཁོར་གྱི་གཞི་གསར་དུ་སྒྲུབ་ན། ལྟོ་འཕྱེའི་དུས་ཚོད་ཤེས་པས། དེའི་ལྟོ་བ་ལས་ཅུང་ཟད་མདུན་གྱི་ཆ་ནས་དང་པོར་བརྐོ་ཞིང་། དེ་ནས་དཀྱིལ་འཁོར་ཇི་ཙམ་འདོད་པའི་རྒྱར་དངོས་གྲུབ་རབ་འབྲིང་གི་དོན་དུ་ཁྲུ་དོ་དང་ཁྲུ་གང་དང་སོར་བཞིའི་ཚད་དུ་བརྐོ་ཞིང་རུས་པ་དང་གསེག་མ་དང་གྱོ་མོ་དང་སོལ་བ་སོགས་རོ་ལྔ་བསལ་ཏེ། དྲི་ཞིམ་པོའི་ཆུ་དང་ས་མཉེན་འཇམ་ཞིང་སྤྱིན་པ་དག་བསྲེས་ནས་ལྔ་ཚན་ལྔའི་རྫས་རྣམས་སྙིང་པོར་བཅུག་ལ་དཀྱིལ་འཁོར་གྱི་རྒྱ་ལས་ཉིས་འགྱུར་སྙོམས་ཤིང་འཇམ་ལ་འཐས་པར་བརྩིག །སྔོན་ནས་དུལ་བའི་ས་ཡིན་ན་བརྐོ་བ་སོགས་མི་དགོས། གང་གི་ཚེ་ཡང་ཆོས་ཉིད་རྣམ་པར་དག་པའི་དོན་བསམ་ཞིང་། སྭ་བྷཱ་ཝའི་སྔགས་བརྗོད་དེ་དྲིའི་ཆུས་བྱུག་གོ། །དེར་མཆོད་གཏོར་བཤམས། རིགས་ཀྱི་རྒྱན་དང་ལྡན་པས། ༀ་བྷྲཱུཾ་ག་ག་ན་ཁཾ་ཨཱཿཧཱུཾ། ཞེས་ས་གཞི་ནམ་མཁའི་རང་བཞིན་དུ་གྱུར། དེར་འབྱུང་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་ཤིང་རྡོ་རྗེའི་ས་གཞི་རྭ་གུར་མེ་འོད་དང་བཅས་པར་བསམ་ནས་སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་བཅིངས་པ་ས་ལ་བཞག་སྟེ། ༀ་མེ་འདི་ནི་བཛྲི་བྷ་ཝ་བཛྲ་བནྡྷ་ཧཱུཾ། ཞེས་བརྗོད་དོ། །བཞི་པ་དཔང་པོ་གསོལ་བ་ནི། ཐལ་མོ་ལན་གསུམ་ས་ལ་བརྡབས་པས་རང་གི་མདུན་དུ་སའི་ལྷ་མོ་སྐུ་མདོག་སེར་མོ་བུམ་པ་འཛིན་པ་བཀའ་ཉན་པའི་ཚུལ་དུ་གནས་པ་ལ། ཞབས་བསིལ་དང་ཉེར་སྤྱོད་རོལ་མོ་གཏོར་མ་རྣམས་ཕུལ་ནས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་གྱིས་ཇི་སྲིད་ལས་མ་གྲུབ་ཀྱི་བར་དུ་བཞུགས་པར་གསོལ་བས། ལྷ་མོ་དགྱེས་པའི་མདངས་ཕྱུང་སྟེ། སློབ་དཔོན་ཆེན་པོ་དཀྱིལ་འཁོར་མཛོད། །དགའ་བ་ཆེན་པོས་ལས་སྒྲུབས་ཤིག །ཅེས་གནང་བ་བྱིན་ནས། སླར་ཡང་དེ་ཉིད་དུ་ཐིམ་པར་བསམ་མོ། །ལྔ་པ་ལ་བསྲུང་བར་གསོལ་བ་གདབ་པ་དང་བསྲུང་བ་དངོས་ལས། དང་པོ་ནི། དཀྱིལ་འཁོར་གྱི་གཞིའི་དབུས་སུ་སློབ་དཔོན་རྒྱན་བཅུ་གཉིས་ཀྱིས་བརྒྱན་ཅིང་རྡོར་དྲིལ་བཟུང་སྟེ་གཙོ་བོའི་ང་རྒྱལ་གྱིས་གནས་པ་ལ། ཕྱོགས་བཞིའི་སློབ་མ་ལྷ་མོ་བཞིའི་ང་རྒྱལ་འཛིན་པས་རིམ་བཞིན། ༀ། བྱམས་ཆེན་ནམ་མཁའི་རིགས་སྦྱོར་བ། །རྡོ་རྗེ་འཛིན་རྒྱལ་འཇིགས་པའི་སྐྱབས། །རྣམ་འབྱེད་གསལ་བའི་ཆོས་མཆོག་ཅན། །ཡང་དག་ཡེ་ཤེས་སྤྱོད་པས་གྲོལ། །ཨ་ལ་ལ་ཧོཿ ༀ། ཐུགས་རྗེའི་གནས་མཆོག་དག་པའི་དངོས། །མཉམ་ཉིད་ཆོས་ཀུན་འབྱུང་བའི་གཞི། །ཡོན་ཏན་རིན་ཆེན་མཆོག་སྟོན་པའི། །རྣམ་འཕྲུལ་ཆོས་ལས་རབ་ཏུ་གྲོལ། །ཨ་ལ་ལ་ཧོཿ ༀ། དགའ་བའི་པདྨོ་མཚན་ལྡན་པ། །ཀུན་རྟོག་དངོས་གསལ་ཆད་པ་མེད། །རྡོ་རྗེ་གསང་གསུམ་སྔགས་དོན་པའི། །བརྗོད་བྱུང་ཚིག་ལས་འདས་པའོ། །ཨ་ལ་ལ་ཧོཿ ༀ། བཏང་སྙོམས་གནས་ངན་དྲྭ་བ་སེལ། །ཕྲིན་ལས་བཞི་པོ་སྟོབས་དང་ལྡན། །བྱ་བའི་ཡེ་ཤེས་མཐར་མཛད་ཅིང་། །སྤྲུལ་པའི་དཀྱིལ་འཁོར་བསྟན་དུ་གསོལ། །ཨ་ལ་ལ་ཧོཿ ཞེས་སོ་སོ་དང་ཐུན་མོང་དུ། ༀ། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གཙོ། །སྡིག་པ་ཐམས་ཅད་ལས་གྲོལ་ཞིང་། །བསོད་ནམས་དངོས་གྲུབ་ཀུན་འབྱུང་བའི། །རྒྱལ་བ་ཀུན་གྱི་འབྱུང་གནས་མཆོག །མཐོང་དགའ་ཐོས་པས་གྲོལ་བྱེད་པ། །ལམ་མཆོག་གསང་བ་ཆེན་པོའི་ཚོགས། །བདག་ཉིད་ཆེན་པོས་བསྟན་དུ་གསོལ། །ཨ་ལ་ལ་ཧོཿ ཞེས་གསོལ་བ་གདབ་ཅིང་། བཞི་མེད་ན་གཅིག་གིས་ཀྱང་ཕྱོགས་དེ་དག་ཏུ་སོང་ནས་བྱའོ། །གཉིས་པ་སྲུང་བ་དང་མཚམས་བཅད་པ་གཉིས་ཀྱི་དང་པོ་ནི། བདག་ཉིད་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལས་སྐད་ཅིག་གིས་རྟ་མཆོག་རོལ་པའི་ཁྲོ་བོ་འཇིགས་ཤིང་རྔམས་པ་མི་བཟད་པའི་ཁྲོ་བོའི་སྤྲིན་སྤྲོ་བའི་མིག་གཡས་སུ་མ་ལས་ཉི་མ་དང་། གཡོན་དུ་ཨ་ལས་ཟླ་བ། སྣ་རྩེར་ཡཾ་ལས་བྱུང་བའི་རླུང་གིས་མཚན་པར་གྱུར། བགེགས་རྣམས་ཉི་མ་ལས་བྱུང་བའི་མེས་བསྲེག་ཟླ་བ་ལས་བྱུང་བའི་ཆུས་བཀྲུས་སྣ་རྩེའི་རླུང་གིས་བཤིག་ཅིང་འཐོར་བར་བསམ་ལ། མིག་གི་རྫི་མ་འདྲེན་པ་འབར་བའི་ལྟ་སྟངས་ཀྱིས་བལྟ་ཞིང་རྡོ་རྗེ་གསོར་བ་དང་དྲིལ་བུ་འཁྲོལ་བཞིན་པར། ༀ་སུམྦྷ་ནིསུམྦྷ་ཧཱུཾ། ཞེས་བརྗོད་པས་ཁྲོ་བོ་དང་མཚོན་ཆའི་སྤྲིན་སྤྲོ་བར་བསམ་ཞིང་། ཧཱུཾ། ལྷ་ཀླུ་གནོད་སྦྱིན་འབྱུང་པོ་དང་། །དྲི་ཟ་སྲིན་པོ་ཤ་ཟའི་ཚོགས། །གཤིན་རྗེ་མ་མོ་མཁའ་འགྲོ་གདུག །གནོད་བྱེད་དྲག་པོ་མ་ལུས་རྣམས། །གང་དག་ས་གཞི་འདིར་གནས་པ། །སྲུང་བྱེད་ས་ཡི་བདག་པོའི་བཀའ། །ཐོས་པ་ཙམ་གྱིས་མྱུར་དུ་དེངས། །ང་ཡི་བཀའ་ལས་འདའ་མ་བྱེད། །གང་ཞིག་གནས་པའི་མཐུ་བོ་ཆེ། །རྡོ་རྗེ་ཐོ་བ་ཁ་ཊྭཱཾ་ཀས། །ཐལ་བའི་ཚོགས་བཞིན་བཤིག་པར་བྱེད། །རབ་འབར་ཁྲོ་བོའི་གནས་འཇོམས་པའི། །རྡོ་རྗེ་འབར་བའི་གཟུགས་འདི་ཡིས། །གལ་ཏེ་གང་གི་དམ་ཚིག་བཅག །འདོད་གསུམ་སྐྱེས་རྣམས་འགས་བྱ་སྟེ། །འཇིག་པར་འགྱུར་ཕྱིར་གཞན་དུ་དེངས། །ཞེས་ལན་གསུམ་བརྗོད་ཅིང་ས་གཞི་བསྐོར། །རོལ་མོའི་སྒྲ་དང་ཡུངས་ཐུན་གྱིས་བྲབ་པ་སོགས་དྲག་པོའི་ཚམ་རྔམས་ཀྱང་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་ཕུར་བུ་དར་གྱི་ཅོད་པན་ཅན་བཅུ་མདུན་དུ་བཀོད། རང་གི་ཐུགས་ཀ་ནས་ཁྲོ་བོ་འདོད་པའི་རྒྱལ་པོ་སྤྲོས་ཕྱོགས་བཅུའི་བགེགས་རྣམས་སུམྦྷ་དང་རང་སྔགས་ཀྱིས་བཀུག་པའི་གཟུགས་ལ་གཞུགས་པའི་སེམས་ཕབ་སྟེ། སླར་ཡང་རང་གི་སྙིང་ག་ནས་ཁྲོ་བོ་བཅུ་སྤྲོས་ཕུར་བུ་རྣམས་ལ་བསྟིམ། ཁྲོ་བོ་སོ་སོའི་སྔགས་དང་། ༀ་གྷ་གྷ་ཏ་ཡ་སོགས་ཀྱིས་ཕྱོགས་བཅུའི་བགེགས་ལ་ཕུར་བུའི་ཚུལ་དུ་བཏབ་པས་དེ་རྣམས་ཀྱི་ལུས་ཕུག་སྟེ་གཡོ་འགུལ་མེད་ཅིང་འོད་གསལ་བར་བསམ་པ་སོགས་སྒྲུབ་ཐབས་བཞིན་དབང་ལྡན་ནས་བརྩམས་ཏེ་གདབ་པར་བྱའོ། །བསྡུ་ན་ཕྱོགས་སྐྱོང་བཅུ་གནས་ལྔར་བསྡུས་ཏེ། ཁྲོ་བོ་ཆེན་པོ་སྟོབས་ཆེན་དང་སྤྲིན་སྒྲ་ལ་སོགས་པའི་ཕུར་བུ་གྷ་ཏའི་སྔགས་ཀྱིས་བཏབ་པས་ཀྱང་ཆོག་པར་བཤད་དོ། །གང་གི་ཚེ་ཡང་ཕུར་བུས་བཏབ་པའི་རྗེས་དེ་ཉིད་དུ་ཧེ་རུ་ཀ་ལྷ་མོའི་འཁོར་དང་བཅས་པའི་ང་རྒྱལ་གྱིས། རྐང་པ་བསྐྱོད་ནས་ལག་པ་བསྐྱོད། །ཅུང་ཟད་ངོ་མཚར་ཟུར་མིག་ཚུལ། །ཞེས་སོགས་གསུངས་པ་བཞིན་རྡོ་རྗེའི་གར་དང་སྟངས་སྟབས་ཀྱི་རོལ་པ་ཅི་རིགས་པས་བཅག་ཅིང་བསྲུང་བར་བྱའོ། །གཉིས་པ་ནི། ལས་ཀྱི་རྡོ་རྗེས་ཕྱི་རོལ་གྱི་སྟེགས་བུར་མཆོད་གཏོར་བཤམས་ནས་ཕྱོགས་སྐྱོང་དང་སྡེ་བརྒྱད་ལན་ཆགས་ལ་གཏོར་མ་བསྔོ་བར་གསུངས་པ་ནི་ཆ་གསུམ་གྱི་ཆོ་ག་བཞིན་དུ་བྱས་པས་འགྲུབ་བོ། །ཁྱད་པར་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་གཏོར་མ་ཕུལ་ཞིང་རྟེན་ལ་བཞག་ནས་མངའ་གསོལ་བར་གསུངས་པ་ནི་རིགས་མཐུན་གྱི་ཆོ་ག་གང་བདེ་ནས་བླངས་ལ་བྱའོ། །སྔར་བཤད་པའི་སའི་ཆོ་ག་ཕལ་ཆེར་དཀྱིལ་འཁོར་ཁང་པ་ལོགས་སུ་བྱེད་པ་དང་། རྐོས་ནས་སྟེགས་བུ་བྱ་དགོས་པའི་སར་ཡིན་ལ། གཞན་དུ་མི་སྣང་བ་ལས་བསླང་བ་ཙམ་སྔོན་དུ་འགྲོ་བས། རྫས་སྔགས་ཏིང་ངེ་འཛིན་གྱིས་སྦྱོང་ཞིང་དཔང་པོ་གསོལ་ནས་བསྲུང་བའི་ལས་ལ་འཇུག་པ་ཡིན་ནོ། །དེ་དག་ནི་ནུབ་དང་པོའི་བྱ་བའོ། །གསུམ་པ་སྟ་གོན་ལ་ལྷ་སློབ་མ་བུམ་པ་སྟ་གོན་དང་གསུམ་ལས། དང་པོ་ནི། གཞི་དེར་རྒྱར་འདོམ་གང་ལ་སོགས་པའི་སྟེགས་བུ་བརྩིགས་པའམ། དེ་དང་མཉམ་པའི་གཞི་ལ་བ་བྱུང་ལྔ་དང་དྲི་བཟང་བསྲེས་པ་བྱུག །དེའི་སྟེང་དུ་བྱིན་གྱིས་བརླབས་པའི་བདུད་རྩིས་བྱུགས་ལ་ལྷ་གནས་མི་འཆོལ་བའི་སྐྱ་ཐིག་ཙམ་བཏབ་ནས། བདུད་རྩི་ལྔས་གཙོ་གནས་སུ་གྲུ་བཞི་དང་འཁོར་གནས་སུ་ཐིག་ལེ་ཟླུམ་པོར་བྱས་ལ་སོ་སོའི་སྔགས་ཀྱིས་མེ་ཏོག་དགྲམ། དེའི་མཐའ་མཆོད་པའི་ཚོགས་ཀྱིས་བསྐོར། སྐབས་དོན་དང་འབྲེལ་ན་རྩ་དཀྱིལ་གྱི་ཕྱོགས་བཞིར་སྦྱིན་སྲེག་གི་ཐབ་ཁུང་བཞི་དང་། མཚམས་སུ་རྟ་མཆོག་ལྷག་མའི་དཀྱིལ་འཁོར་ཡང་བཤམ་མོ། །དེ་ནས་མཆོད་པ་བྱིན་གྱིས་བརླབས་དེ་བསྲུང་འཁོར་ནས་གཞི་དང་། རྟེན་དང་བརྟེན་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསལ་བཏབ། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། མདུན་གྱི་དཀྱིལ་འཁོར་མཉེས་པར་བྱས་ནས་བསྟོད་པ་བྱ་བར་གསུངས་པ་ནི་སྒྲུབ་ཐབས་ལས་ཤེས་པར་འགྱུར་ཞིང་། སྐབས་དོན་འཇུག་པ་བདེ་བའི་དབང་དུ་ནི། དཀྱིལ་འཁོར་གྱི་གཞི་དངས་ཤིང་ཐོགས་པ་མེད་པ་ལ། ཚོམ་བུ་རྣམས་ལྷ་སོ་སོའི་གདན་ཇི་ལྟ་བ་བཞིན་འགྲུབ་པར་གྱུར། དཀྱིལ་འཁོར་དབུས་མའི་ལྟེ་བར་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཞེས་པ་ནས། བཟང་མོ་དང་མཉམ་པར་སྦྱོར་བའོའི་བར་དང་། དེའི་ཕྱོགས་བཞིར་བདེ་མཆོག་མ་སོགས་བཞི་དང་། དེའི་ཕྱིའི་ཤར་སོགས་ཕྱོགས་བཞིར་སངས་རྒྱས་བྱང་ཆུབ་མ་སོགས་བཞི། མེ་སོགས་མཚམས་བཞིར་གླིང་བུ་མ་སོགས་བཞི། གྲྭ་བཞིར་མེ་ཏོག་མ་སོགས་བཞི། སྒོ་བཞིའི་གནས་སུ་རྟ་མགྲིན་འཕང་མཐོ་མ་སོགས་བཞི་རྣམས་གཡས་བསྐོར་གྱིས་འཁོད། དཀྱིལ་འཁོར་ཤར་མའི་དབུས་སུ་རྒྱལ་བ་རྟག་པ་རྣམ་པར་སྣང་མཛད་ནས། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོའི་བར་དང་། ཕྱོགས་བཞིར་སངས་རྒྱས་ཀུན་བརྗོད་མ་སོགས་བཞི་དང་། དེའི་ཕྱིའི་ཤར་སོགས་ཕྱོགས་བཞིར་སངས་རྒྱས་ཀུན་ལྡན་མ་སོགས་བཞི་དང་། མེ་སོགས་མཚམས་བཞིར་གླིང་བུ་མ་སོགས་བཞི། གྲྭ་བཞིར་མེ་ཏོག་མ་སོགས་བཞི། སྒོ་བཞིའི་གནས་སུ་སྒོ་སྐྱོང་བཞི་རྣམས་གཡས་བསྐོར་གྱིས་འཁོད། དཀྱིལ་འཁོར་ལྷོ་མའི་དབུས་སུ་དཔལ་ཆེན་པོ་ཧེ་རུ་ཀ་ནས། བ་དན་རྩེ་གསུམ་པའི་ཕྱག་རྒྱ་ཅན་གྱིས་འཁྱུད་པའོའི་བར་དང་། དེའི་ཕྱོགས་བཞིར་གོ་རཱི་མ་སོགས་བཞི་དང་། མཚམས་བཞིར་ཙཎྜ་ལཱི་སོགས་བཞི། ཕྱིའི་མེ་སོགས་མཚམས་བཞིར་མདའ་འཛན་མ་སོགས་བཞི། གྲ་བཞིར༴ སྒོ་བཞིའི་གནས་སུ་སྒོ་སྐྱོང་བཞི་རྣམས་གཡས་བསྐོར་གྱིས་འཁོད། དཀྱིལ་འཁོར་ནུབ་མའི་དབུས་སུ་པདྨ་གར་གྱི་དབང་ཕྱུག་ནས། རོལ་པའི་སྟབས་ཀྱིས་བཞུགས་པའོའི་བར་དང་། དེའི་ཕྱོགས་བཞིར་རྣམ་གཟིགས་མ་སོགས་བཞི་དང་། ཕྱིའི་ཤར་སོགས་ཕྱོགས་བཞིར་གཏུམ་པའི་དབང་ཕྱུག་མ་སོགས་བཞི། མེ་སོགས་མཚམས་བཞིར་གླིང་བུ་མ་སོགས་བཞི། གྲ་བཞིར༴ སྒོ་བཞིའི་གནས་སུ་སྒོ་སྐྱོང་བཞི་རྣམས་གཡས་བསྐོར་གྱིས་འཁོད། དཀྱིལ་འཁོར་བྱང་མའི་དབུས་སུ་རྡོ་རྗེ་ཉི་མ་ནས། རིན་པོ་ཆེ་དང་ཐོད་པ་འཛིན་པ་དང་འཁྲིལ་པའོའི་བར་དང་། དེའི་ཕྱོགས་བཞིར་དབང་བསྐུར་མ་སོགས་བཞི་དང་། ཕྱིའི་ཤར་སོགས་ཕྱོགས་བཞིར་མདའ་གཞུ་མ་སོགས་བཞི། མེ་སོགས་མཚམས་བཞིར་གླིང་བུ་མ་སོགས་བཞི། གྲ་བཞིར༴ སྒོ་བཞིའི་གནས་སུ་སྒོ་སྐྱོང་བཞི་རྣམས་གཡས་བསྐོར་གྱིས་འཁོད། མཚམས་བཞིའི་དཀྱིལ་འཁོར་གྱི་དབུས་སུ་རྟ་མཆོག་རོལ་པའི་སངས་རྒྱས་ནས། ངེས་པར་འཁྱུད་པོའི་བར་དང་། དེའི་གཡས་གཡོན་དུ་སྣ་ཚོགས་པདྨོ་མ་དང་སྣ་ཚོགས་རྡོ་རྗེ་མ་གཉིས་ཀྱིས་ལྷག་པ་ལས་འཁོར་གཞན་རྣམས་ནི་ཕྲིན་ལས་ཀྱི་བྱེ་བྲག་ལས་ཕྱོགས་མཚམས་ཟུང་རེ་རིགས་དང་མཚུངས་པར་སྣང་བའོ། །གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲི་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་སྤྱན་དྲངས། བཛྲ་པུཥྤེ་སོགས་ཀྱིས་མཆོད། ཛཿཧཱུཾ་བཾ་ཧོཿ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཞེས་དམ་ཚིག་པ་ལ་བསྟིམ། ༀ་ཨཱཿཧཱུཾ་ཨ་ཏི་པཱུ་ཧོཿ ཞེས་པ་ནས། དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །ཞེས་པའི་བར་སྒྲུབ་ཐབས་ཀྱི་དཀྱུས་ལྟར་ལས། ཇི་ལྟར་རིགས་པས་མཆོད་ཅིང་བསྟོད་ནས། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་བཞིན་པས། ཐུགས་རྗེ་ཆེན་པོ་བཅོམ་ལྡན་འདས། །མ་ལུས་སེམས་ཅན་དོན་མཛད་པའི། །རྒྱལ་བའི་དཀྱིལ་འཁོར་སྲས་དང་བཅས། །སྟོབས་མཆོག་རྒྱལ་ཆེན་རྣམས་ལ་བསྟོད། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་ནི། །མགོན་གྱུར་ལས་རྣམས་གྲུབ་པའི་ཕྱིར། །རྡོ་རྗེ་གསང་བ་བདག་གིས་བྲི། །སློབ་མ་རྣམས་ལ་བརྩེ་ཕྱིར་དང་། །བདག་ཉིད་ཆེ་རྣམས་མཆོད་པའི་ཕྱིར། །བཅོམ་ལྡན་ཁྱོད་ལ་བདག་གུས་ཏེ། །དགྱེས་མཛད་འོས་པར་གྱུར་ལགས་པས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བྱ་བ་ཆེན་པོའི་འཁོར་ལོའི་ཕྱིར། །བྱང་ཆུབ་སེམས་དཔའ་འབྲས་གནས་དང་། །གང་གཞན་སྔགས་ཀྱི་ལྷ་རྣམས་དང་། །འབྱུང་པོ་འཇིག་རྟེན་སྐྱོང་བ་དང་། །རྫོགས་སངས་རྒྱས་ཀྱི་རྗེས་དགའ་བ། །བསྟན་ལ་གནས་པའི་འགྲོ་བ་དང་། །གངས་སུ་རྡོ་རྗེའི་སྤྱན་མངའ་བ། །རིགས་རྣམས་འདུས་པའི་དཀྱིལ་འཁོར་གཙོ། །དོན་གྲུབ་གསང་བ་བདག་གིས་བརྩམས། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །གནང་བར་མཛད་པའི་འོས་ལགས་སོ། །ཞེས་ལན་གསུམ་གྱིས་སྙན་གསན་ཕུལ་ནས། ཨརྒྷཾ་ནས། ཤཔྡའི་བར་གྱི་མཆོད་དེ་བརྟན་པར་བཞུགས་སུ་གསོལ། འགྲུབ་ན་སྐབས་འདིར་སྦྱིན་སྲེག་ཀྱང་བྱའོ། །གཉིས་པ་སློབ་མ་སྟ་གོན་ནི་དབང་ཆོག་ཏུ་ཤེས་པར་བྱའོ། །གསུམ་པ་བུམ་པ་སྟ་གོན་ནི། རིན་པོ་ཆེ་དང་ལས་བྱས་པའི་བུམ་པ་མཚན་ཉིད་དང་ལྡན་པ་ལྷ་གྲངས་དང་མཉམ་པའམ། མ་འབྱོར་ན་འཁོར་ལོ་དྲུག་ལ་རེ་རེ་དང་ལས་བུམ་སྟེ་བདུན། དེ་ཡང་མ་འབྱོར་ན་རྣམ་རྒྱལ་དང་ལས་བུམ་གཉིས་སུ་བྱས་ལ། གུ་གུལ་གྱིས་བདུག་ཅིང་བགེགས་བསྐྲད། མགུལ་ཆིངས་སོགས་ཆས་སུ་བཅུག །རྫས་ཉེར་ལྔ་དང་བཅས་པའི་དྲི་བཟང་གི་ཆུས་བཀང་བ་དཀྱིལ་འཁོར་གྱི་གནས་སུ་བཞག །མཐའ་མཆོད་པས་བསྐོར། བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ཅན་གྱི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་གི་རྣམ་རྒྱལ་བུམ་པའི་ནང་དུ་རིགས་དྲུག་གི་དཀྱིལ་འཁོར་སོ་སོའི་གདན་དང་བཅས་པར་གྱུར། དཀྱིལ་འཁོར་དབུས་མའི་གནས་སུ་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཞེས་པ་ནས། དཀྱིལ་འཁོར་བྱང་མའི་རྡོ་རྗེ་ཉི་མ་ནས། ཐོད་པ་འཛིན་པ་དང་འཁྲིལ་པའོའི་བར་སྔར་ལྟར་དང་། མཚམས་བཞིའི་དཀྱིལ་འཁོར་གྱི་གནས་དང་ལས་བུམ་གྱི་ནང་དུ་རྟ་མཆོག་རོལ་པའི་སངས་རྒྱས་ནས། ངེས་པར་འཁྱུད་པའོ་ཞེས་པའི་བར་གྱིས་གཙོ་བོ་རྣམས་ཀྱི་བསྐྱེད་ཚིག་བརྗོད་པས་འཁོར་ཞར་བསྐྱེད་བྱས་པས་ཁྱབ་ཅིང་བསྐྱེད་ཚིག་བྱེད་ན་ལྷ་སྟ་གོན་བཞིན་དང་ལས་བུམ་གྱི་ལྷ་ལ་འཁོར་མི་དགོས་སོ། །གང་ལྟར་ཡང་། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ༀ་སོགས་ནས། ཨ་ཏི་པུ་ཧོ་ཞེས་པའི་བར་གྱིས་སྤྱན་འདྲེན་མཆོད་བསྟིམ་ཕྱག་རྣམས་སྟ་གོན་གཞིན་དང་། དེ་ནས་ཇི་ལྟར་རིགས་པའི་མཆོད་པ་དང་བསྟོད་པ་བྱས་ནས་གཟུངས་ཐག་ལ་འཇུས་ཏེ། བདག་གི་ཞལ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་། བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིར་བབས་པས་བུམ་པ་གང་བར་བསམ་ཞིང་། རྣམ་རྒྱལ་དུ་འཁོར་ལོས་བསྒྱུར་བ་དྲུག་གི་སྙིང་པོ་རྣམས་གཙོ་འཁོར་གྱི་འགྲོས་སྦྱོར་བ་ཅི་ནུས་དང་། ལས་བུམ་དུ་རྟ་མཆོག་གི་སྔགས་བརྒྱ་རྩ་སོགས་བཟླས་ནས་སླར་ཡང་མཆོད་དེ་མེ་ཏོག་དང་བཅས་པའི་མཆོད་ཡོན་ཕུལ་བས། ལྷ་ཐམས་ཅད་ཆགས་པ་ཆེན་པོས་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་ཞིང་། སྤོས་ཀྱིས་བདུག་ནས་བགེགས་སྐྲོད་པ་དང་མཆོད་ཅིང་བསྲུང་བར་བྱའོ། །དེ་ཡང་སློབ་མ་དང་དབང་བསྐུར་དང་རབ་གནས་དང་བདག་འཇུག་དཀྱུས་མ་དང་། སྒྲུབ་པ་དངོས་གྲུབ་ཀྱི་དབང་ལེན་པ་རྣམས་ལ་བུམ་པ་ངེས་པར་དགོས་ལ། སྒྲུབ་མཆོད་ཙམ་པ་ནི་བུམ་པ་ངེས་པར་དགོས་པ་མིན་ཡང་འགྲུབ་ན་ནི་ལེགས་སོ། །དེ་དག་ནི་ནུབ་གཉིས་པའི་བྱ་བའོ། །གཉིས་པ་དངོས་གཞི་ལ། དཀྱིལ་འཁོར་མངོན་པར་འདུ་བྱ་བ་དང་། དེར་རང་གཞན་གྱི་དོན་སྒྲུབ་པའོ། །དང་པོ་ལ་ཐིག་གདབ་པ། ཚོན་དགྱེ་བ། རྒྱན་དགྲམ་པ་དང་གསུམ་ལས། དང་པོ་ནི། ནངས་པར་སྟ་གོན་གྱི་ལྷ་མཆོད་དེ། བེ་གཱ་པྲ་མ་ཡཾ་ཞེས་འདེགས་པའི་རྒྱས་ནམ་མཁར་བཏེགས་ནས་བཀོད་ལ། ཚོམ་བུ་དང་མཆོད་པ་རྣམས་གཞན་དུ་བསལ། ཐིག་སྐུད་ཁ་དོག་ལྔ་པ་སྲིད་དུ་དཀྱིལ་འཁོར་ལས་ཉིས་འགྱུར་སྤོམས་སུ་སྒོའི་ཉི་ཤུ་ཆ་ཡོད་པ་ཐོད་པའམ་རིན་པོ་ཆེའི་སྣོད་དུ་བཞག་པ་བསང་སྦྱངས། སྟོང་པའི་ངང་ལས་ༀ་ཧིཿཧྲཱིཿཏྲཾ་ཧཱཾ་ལྔ་ལས་བྱུང་བའི་སྲད་བུ་དཀར་སྔོ་དམར་སེར་ལྗང་ཁུ་རྣམས་དེ་བཞིན་གཤེགས་པ་རིགས་ལྔའི་སྐུར་གྱུར། རང་གི་མིག་གཉིས་ཛཿ ཡིག་ལས་བྱུང་བའི་ཉི་ཟླ་འབར་བའི་ལྟ་སྟངས་དང་། ༀ་དཱིཔྟ་དྲྀཥྚ་ཨངྐུ་ཤ་ཛ་ཛཿ ཞེས་པས། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་འོད་ཟེར་ལྔའི་རང་བཞིན་དུ་བྱུང་བ་དམ་ཚིག་པ་ལ་གཉིས་སུ་མེད་པར་གྱུར། པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། ཆོས་སྐུ་ནམ་མཁའ་མས་བསྟོད། གཙོ་སྔགས་ཀྱིས་བསྒྲིལ་ཏེ། ༀ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ༀ་ཨཱཿཧཱུཾ་གིས་བརྟན་པར་བྱས་ནས་སློབ་དཔོན་ཤར་དང་སློབ་མ་ནུབ་ཏུ་གནས་པ་ལས། ༀ་ཨཱཿཧཱུཾ་ཛཿཛཿཛཿཞེས་ཐིག་སྐུད་བརྐྱང་བ་གཏད་ལ་ཡབ་ཀྱི་གསང་བ་ནས་ཡུམ་གྱི་མཁར་བྱང་ཆུབ་སེམས་ཀྱི་ཐིག་དྲངས་པར་བསམ་ཞིང་། སྟོབས་མཆོག་དཔའ་བོ་དགོངས་སུ་གསོལ། །རྡོ་རྗེ་ཐིག་གི་སྒྲ་ལྡན་པས། །ནམ་མཁའི་དཀྱིལ་འཁོར་ལེགས་གྲུབ་ཅིང་། །འགྲོ་བའི་དོན་ལ་བསྐུལ་བར་མཛད། །ༀ་བོ་དྷི་ཙིཏྟ་སརྦ་སཏྭ་ཧཱུཾ། ཞེས་བརྗོད་ཅིང་དྲངས་ནས་ལྟེ་བའི་ཐད་ཀྱི་བར་སྣང་ལ་རྡོ་རྗེ་དང་བཅས་པའི་གཡས་པའི་མཐེབ་མཛུབ་ཀྱིས་སེ་གོལ་དང་བཅས་པས། ༀ་བཛྲ་ས་མ་ཡ་སྭཱུ་ཏྲ་མ་ཏིཀྲ་མ་ཧཱུཾ། ཞེས་ཚངས་ཐིག་དང་པོ་གདབ། དེ་བཞིན་དུ་ཚངས་ཐིག་གཉིས་པ་སོགས་བཏབ་པས་ནམ་མཁའ་ལ་གཞལ་ཡས་ཁང་ལྷུན་གྱིས་གྲུབ་པར་བསམ་ཞིང་། དེ་དང་མཐུན་པར་ས་གཞི་ལ་ཡང་གདབ་པར་བྱ་སྟེ། ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་ལས། །ཚངས་ཐིག་ནས་བཟུང་དང་པོ་དང་། །བདུན་པ་ཕྱེད་གདབ་ཕྱི་མ་བསིལ། །གཉིས་པ་བརྒྱད་པ་ཆ་བཞིར་བགོ། །དྲུག་དགུ་དབུས་དོར་མཐའ་གཉིས་གདབ། །དེ་ནི་གཞི་ཡི་དཀྱིལ་འཁོར་རོ། །ལྔ་པ་ཕྱེད་བཅས་ནང་མ་ཕན། ཕྱོགས་བཞིར་ཐིག་བཞི་གླིང་དགུར་ཕྱེ། །ནང་གི་དཀྱིལ་འཁོར་དགུ་ཡི་ས། །ཀུན་ཀྱང་སྒོ་བཞི་གྲུ་བཞིའི་དབུས། །ཟླུམ་པོ་ཟླུམ་པོ་ཟླ་གམ་དང་། །པདྨོ་རིན་ཆེན་ཆ་བརྒྱད་དང་། །རྒྱ་གྲམ་དབྱིབས་ཏེ་རིམ་པ་བཞིན། །རྡོར་སེམས་རྣམ་སྣང་ཧེ་རུ་ཀ །གར་དབང་ཉི་མ་རྟ་མཆོག་རྣམས། །དབུས་དང་ཕྱོགས་བཞི་མཚམས་བཞིའོ། །མདའ་ཡབ་ཟུར་ནས་ཆ་ཕྲན་གཅིག །གཉིས་གཅིག་གཉིས་དང་ཆ་ཆེན་གཅིག །ཆ་ཆེན་ཕྱེད་དང་ཆ་ཕྲན་གཅིག །བསྐོར་བ་ལྷ་སྣམ་པད་རྡོར་དང་། །མེ་རི་དུར་ཁྲོད་འདོད་འབྱུང་གནས། །ཁོར་ཡུག་ཉིད་དོ་གཞན་དག་ནི། །སྤྱི་དང་མཐུན་པར་ཤེས་བྱའོ། །དཀྱིལ་ཆོག་སྔ་མ་རྣམས་སུ་ཐིག་གི་དབྱེ་ཚུལ་གསུངས་པ་དག་འབྲུ་ནོན་དཀའ་བས་ལག་ལེན་ལ་འཇུག་པ་བདེ་ཕྱིར་ད་ལྟའི་ལག་ལེན་བཞིན་བྱས་པའོ། །གདབ་པའི་ཆོ་ག་དང་སྤྱོད་ལམ་ནི་ཡེ་ཐིག་གི་སྐབས་བཞིན་འདིར་ཡང་ཤེས་པར་བྱ་ཞིང་། དེ་ཡང་། ཤར་ནུབ་བྱང་ལྷོའི་ཐིག་བཞིའི་རྗེས། །ལོགས་དང་མཚམས་སུ་གདབ་པར་བྱ། །དང་པོར་ཆ་ཆེན་བཅུ་དྲུག་ལ། །ཞེས་སོགས་གསུངས་པའི་སྤྱོད་ལམ་གྱིས་གདབ་པའམ། སྤྱི་དང་མཐུན་པར་བཏབ་ཀྱང་མི་འགལ་ཏེ་དཀྱིལ་ཆོག་བདེ་འབྱུང་དེ་ལྟར་བཤད་པས་སོ། །དེ་ལྟར་ལས་ཐིག་རྫོགས་ནས་ཡེ་ཐིག་གི་དཀྱིལ་འཁོར་བསྟིམ་ནས། ཐིག་སྐུད་ཀྱི་ཡེ་ཤེས་པ་མཆོད་ཅིང་བསྟོད་ནས། བཛྲ་མུཿས་གཤེགས་སུ་གསོལ། དེ་ནས་ལྷའི་ང་རྒྱལ་གྱི་མིག་གཉིས་ཉི་ཟླའི་ལྟ་སྟངས་དང་རྡོ་རྗེ་སློང་བའི་རྒྱས། ༀ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ། ཞེས་རི་མོ་བཏེགས་ནས་ཧི་ཞེས་སྒོའི་ཐིག་དབྱི་ཞིང་། ༀ། ཐམས་ཅད་རང་བཞིན་རྣམ་འཕྲུལ་མཆོག །དངོས་མེད་ཞི་བའི་འོད་ལྡན་གསལ། །རྡོ་རྗེས་འཛིན་པ་གཏེར་ཆེན་འབྱེད། །དཀྱིལ་འཁོར་དག་པར་བྱིན་གྱིས་རློབས། །ཞེས་ཕྱོགས་ཐམས་ཅད་མཉམ་པར་ཉིད་དུ་བལྟའོ། །གཉིས་པ་ནི། ཚོན་སྣ་ལྔ་སྣོད་སོ་སོར་བླུག་པ་དབུས་དང་ཕྱོགས་བཞིར་བཞག །བསང་སྦྱངས། སྟོང་པའི་ངང་ལས་ༀ་ཧི་སོགས་ལས་དེ་བཞིན་གཤེགས་པ་རིགས་ལྔར་བསྐྱེད་མིག་གི་བལྟ་བས་ཡེ་ཤེས་པ་ཐིག་གི་སྐབས་ལྟར་དྲངས་བསྟིམ། མཆོད་ཅིང་བསྟོད། ས་བོན་ལྔ་མང་དུ་བརྗོད་དེ་ཞུ་བ་ལས་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར། ༀ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ། ཞེས་མང་དུ་བཟླས་པས་བྱིན་གྱིས་བརླབ། སློབ་དཔོན་གྱིས་ཧཱུཾ་བརྗོད་ཅིང་རྡོ་རྗེ་དང་བཅས་པའི་ལག་གཡོན་གྱི་དབང་ལྡན་གྱི་རྩིག་པ་ནང་ནས་དཀར་མཐིང་དམར་སེར་ལྗང་བའི་རེ་ཁཱ་ལྔ་སྒོ་ཚད་གཅིག་ཙམ་བྲིས་ནས་མཆོད་ལ་ཐོད་པས་བཀབ་སྟེ། འདི་ནི་ཆོས་དབྱིངས་རྣམ་པར་དག །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །དཔལ་ལྡན་རྒྱལ་པོ་རྡོ་རྗེ་སེམས། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཡང་དག་བདེན་པའི་བྱིན་རླབས་ཀྱིས། །དཀྱིལ་འཁོར་ལས་རྣམས་ཤིས་པར་མཛོད། །ཅེས་བདེན་པ་བརྗོད་ཅིང་བཏེགས་ནས་མཚན་མ་བརྟག་གོ། །དེ་ཡང་ཐིག་ཕྱི་ནས་གདབ་ཅིང་ཚོན་ནང་ནས་དགྱེ་སྟེ་དང་པོར་སློབ་དཔོན་དང་ཕྱིས་ནས་གཞན་གྱིས་ཀྱང་བྲིའོ། །དེ་ཡང་། རེ་ཁཱ་དམའ་བས་མི་འགྲུབ་ཅིང་། །ཡོན་པོས་གདུང་བ་བསྐྱེད་པར་བྱེད། །ཆད་པས་སློབ་དཔོན་སློབ་མ་དག །འཆི་འམ་ན་བར་འགྱུར་བ་ཡིན། །ཆད་ལྷག་ལས་ནི་ནད་འབྱུང་ཞིང་། །ཕྱོགས་འཁྲུལ་རྨོངས་པའི་ལས་སུ་འགྱུར། །ཞེས་དང་། སྦོམ་པོ་ཡིས་ནི་ནད་འབྱུང་ཞིང་། །ཕྲ་ན་ནོར་རྣམས་ཟད་པར་འགྱུར། །འཁྱོག་ལ་འཐབ་རྩོད་འབྱུང་འགྱུར་ཞིང་། །ཞེས་གསུངས་པ་ལྟར་ཤེས་པར་བྱས་ནས། ཚོན་ཐོབ་ནི་ཕོ་བྲང་ནང་མའི་རེ་མིག་བཞི་རིགས་ཀྱི་མདོག་དང་། ལྷོ་དང་ལྷོ་ནུབ་ཀྱི་ཟླ་གམ་དམར་པོ། ཕོ་བྲང་ནང་མའི་ཁྱམས་ནི་གཙོ་བོའི་གནས་ཤར་དུ་བཟུང་བའི་ཕྱོགས་མདོག །རྩིག་པ་གཙོ་མདོག་ནང་དུ་བྱས་པའི་ལྔ་ཕྲག་གམ་ལྗང་ཁུ། རྡོ་རྗེའི་གདུང་སེར་པོ་ལ་གཞི་སྔོན་པོ། རེ་མིག་གི་ནང་ཁོངས་དཀར་པོ། ཁྱམས་སྒོ་ཀ་བ་སྣ་ཚོགས་རྡོ་རྗེའི་རྭ་རྣམས་ཤར་ནས་རིམ་པར་དཀར་སྔོ་དམར་སེར། རྟ་བབས་ཁ་དོག་ཉི་ཤུ་རྩ་ལྔ། ཕྱི་ཁྱམས་ལྗང་གུ། པད་ར་སྣ་ཚོགས། རྡོ་ར་དཀར་པོ་གཞི་སྔོན་པོ། །མེ་རི་དམར་སེར། དུར་ཁྲོད་ཕྱོགས་མདོག །འདོད་འབྱུང་སེར་པོ། ཕྱིའི་ར་བ་སྔོན་པོ་སྟེ། ལྷའི་མཚན་མ་སོགས་ཚོན་ཐོབ་གཞན་རྣམས་སྒྲུབས་ཐབས་ལས་ཀྱང་ཤེས་པ་ཉིད་དོ། །དེ་ལྟར་བྲི་བ་རྫོགས་ནས་ཚོན་ལྷག་གི་ཡེ་ཤེས་པ་མཆོད་ཅིང་བསྟོད་ནས་གཤེགས་སུ་གསོལ། གསུམ་པ་ནི། སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་སྤོས་དང་རོལ་མོས་སྣ་དྲངས་ཏེ་དཀྱིལ་འཁོར་གྱི་བྱང་ནས་གཡོན་བསྐོར་གྱིས་རང་གནས་སུ་དགོད། གཉིས་ལས་མེད་ན་རྣམ་རྒྱལ་དབུས་དང་ལས་བུམ་བྱང་སྒོའི་ཐད་དུ་བཞག །དཀྱིལ་འཁོར་གྱི་མཐའ་བསྐོར་དྲི་བཟང་གིས་བྱུག །མེ་ཏོག་གི་སིལ་མ་དགྲམ། ཕྱོགས་ཀུན་ཏུ་བླ་རེ་དང་། ཡོལ་བ་དང་། གདུགས་དང་། རྒྱལ་མཚན་བ་དན་སྣ་ཚོགས་པ་དང་། གོས་ཟུང་དུ་མ་ཚར་དུ་དངར་བས་བརྒྱན་ཅིང་། མེ་ཏོག་དཀར་པོ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་སྣ་ཚོགས་པ། །འཇིག་རྟེན་དབང་ལ་ཁ་དོག་དཀར། །སེར་པོ་མཁའ་ལས་བྱུང་བ་ལ། །ཙནྡན་བདུག་པ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་དུ་རུ་ཀ །སྤྱན་རས་གཟིགས་ལ་ཀ་བི་ཏ། །གུ་གུལ་རྡོ་རྗེ་ཉི་མ་ལ། །མར་མེའི་ཕྲེང་བ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་མར་མེ་བདུན། །སྤྱན་རས་གཟིགས་ལ་མར་མེ་བརྒྱ། །སྟོང་ནི་རྡོ་རྗེ་ཉི་མ་ལ། །སངས་རྒྱས་རྣམ་ལ་ཙནྡན་དྲི། །རྡོ་རྗེ་ཅན་ལ་གུར་གུམ་ཡིན། །སྤྱན་རས་གཟིགས་ལ་ཙནྡན་དམར། །ག་བུར་རྡོ་རྗེ་ཉི་མ་ལ། །མེ་ཏོག་ཕྲེང་བ་བདུག་པ་ཀུན། །དེ་བཞིན་མར་མེ་ཐམས་ཅད་དང་། །སྤོས་རྣམས་ཐམས་ཅད་ཇི་སྙེད་པ། །རྡོ་རྗེ་འཛིན་ལ་འབུལ་བར་བགྱི། །ཞེས་དང་། ཞལ་ཟས་ཀྱི་ཁྱད་པར་ཡང་། ཁ་བ་ཚ་བ་རྡོ་རྗེར་འབུལ། །མངར་བ་རྡོ་རྗེ་རྟག་པ་ལ། །སྐྱུར་བ་རྡོ་རྗེ་ཉི་མ་ལ། །དེ་བཞིན་ལན་ཚྭ་འཇིག་རྟེན་རྗེར། །རྟ་ཡི་རྒྱལ་པོར་ཐམས་ཅད་དམ། །བསྐ་བ་རབ་ཏུ་རྟག་པར་བྱ། །ཞེས་གསུངས་པའི་མཚན་ཉིད་ཅན་གྱི་མཆོད་པ་དང་། གཏོར་མའི་ཁྱད་པར་ཅི་འབྱོར་པ་དག་བྱིན་གྱིས་བརླབས་ཏེ་དགོད་པར་བྱའོ། །དེ་ཡང་རྡོ་རྗེ་ཅན་ནི་ཧེ་རུ་ཀ་དང་། རྡོ་རྗེ་འཛིན་རྡོ་རྗེ་སེམས་དཔའ། སྤྱན་རས་གཟིགས་གར་དབང་ངོ་། །གཉིས་པ་ལ་རང་དོན་དང་གཞན་དོན་སྒྲུབ་པ་གཉིས་ཀྱི། དང་པོ་ལ་སྔོན་དུ་བྱ་བ་དང་། སྒྲུབ་མཆོད་དངོས་དང་དབང་བསྐུར་བའོ། །དང་པོ་ལ་སྤྱི་དང་ཁྱད་པར་གྱི་སྦྱོར་བ་གཉིས་ལས། དང་པོ་ནི། དེ་ནས་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབས་དང་ཕྱག་རྒྱ་དང་བརྡའ་སྦྱོར་དང་རྡུལ་ཕྱགས་སོགས་སོ་སོར་ཕྱེ་སྟེ་གདན་བཤམས་པ་ལ་འཁོད་ནས། སྔོན་འགྲོ་གཏོར་མ། བགེགས་སྐྲོད། མཚམས་གཅོད། ཡུལ་མཆོག་དམན་ལ་ཚོགས་བསག་པ། སྲུང་འཁོར་བསྒོམ་པ། བཤགས་པ། དམ་བཅའ་བ། བྱིན་དབབ། མཆོད་རྫས་བརླབ་པ་རྣམས་ཏེ་སྒྲུབ་ཐབས་བཞིན་ནོ། །གཉིས་པ་ལ། སྟ་གོན་གྱི་ལྷ་དགོད་པ། བརྡའ་སྒོ་དབྱེ་བ། བརྡའ་ཕྱག་བྱ་བ་དང་གསུམ་ལས། དང་པོ་ནི་མདུན་གྱི་དཀྱིལ་འཁོར་བསང་སྦྱངས། སྟོང་པའི་ངང་ལས་སྲུང་འཁོར་གཞལ་ཡས་ཁང་ལྷའི་གདན་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལ། ལྷའི་མཚན་མ་རྣམས་ལྷ་ཚོགས་སུ་གྱུར་པ་ནི། དཀྱིལ་འཁོར་དབུས་མའི་ལྟེ་བར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་། ཕྱོགས་བཞིར་བདེ་མཆོག་མ་སོགས་ནས། གཡས་བསྐོར་དུ་འཁོད་ཀྱི་བར་དང་། དཀྱིལ་འཁོར་ཤར་མའི་དབུས་སུ་རྒྱལ་བ་རྟག་པ་ཡབ་ཡུམ་དང་། ཕྱོགས་བཞིར་སངས་རྒྱས་ཀུན་བརྗོད་མ་སོགས་སོ། །དཀྱིལ་འཁོར་ལྷོ་མའི་དབུས་སུ་ཧེ་རུ་ཀ་ཡབ་ཡུམ་དང་། ཕྱོགས་བཞིར་ག་རཱི་མ་སོགས་སོ། །དཀྱིལ་འཁོར་ནུབ་མའི་དབུས་སུ་པདྨ་གར་དབང་ཡབ་ཡུམ་དང་། ཕྱོགས་བཞིར་རྣམ་གཟིགས་མ་སོགས། དཀྱིལ་འཁོར་བྱང་མའི་དབུས་སུ་རྡོ་རྗེ་ཉི་མ་ཡབ་ཡུམ་དང་། ཕྱོགས་བཞིར་དབང་བསྐུར་མ་སོགས། མཚམས་བཞིའི་དཀྱིལ་འཁོར་གྱི་དབུས་སུ་རྟ་མཆོག་ཡབ་ཡུམ་དང་། གཡས་གཡོན་དུ་སྣ་ཚོགས་པདྨོ་སོགས་ནས། རིགས་དང་མཚུངས་པར་སྣང་བའོ། །ཞེས་པའི་བར་ད ང་། དེ་ལྟར་གདོད་ནས་རྣམ་དག་དམ་ཚིག་གི་དཀྱིལ་འཁོར་མངོན་སུམ་དུ་གྲུབ་པར་གྱུར། སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ནམ་མཁར་བཞུགས་པའི་སྟ་གོན་གྱི་དཀྱིལ་འཁོར་ཐམས་ཅད་ༀ་བཛྲ་ས་མཱ་ཛཿཧཱུཾ། ཞེས་སྤྱན་དྲངས། རྟ་མཆོག་གི་སྙིང་པོ་བཟླ་ཞིང་ཕྱི་འབྲང་གི་བགེགས་བསྐྲད། ཧཱུཾ་བཞི་པའི་སྔགས་ཀྱི་རྡོ་རྗེ་གསོར་བ་དང་བཅས་སྲུང་འཁོར་གྱི་སྒོ་དབྱེ། མ་ཧཱ་ས་མ་ཡ་སྟྭཾ། ལན་གཉིས་ཀྱིས་མཆོད་ཡོན་ཕུལ། མ་ཧཱ་སུ་ཁ་ཧཱུཾ་གི་བར་ཚོགས་ཞིང་གི་སྐབས་ལྟར་མཆོད། འཁོར་ལོས་བསྒྱུར་བ་དྲུག་གི་སྔགས་མཐར། ཨ་བེ་ཤ་ཡ་ཨ་ཛཿཧཱུཾ་བཾ་ཧོཿ ཞེས་བརྟགས་པ་རོལ་མོའི་སྒྲ་དང་བཅས་པས། ཡེ་ཤེས་ཀྱི་ལྷ་རྣམས་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་བསམ་མོ། །གཉིས་པ་ནི། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ༀ་པྲ་བེ་ཤ་ཡ་ཕཊ། ཨ་ལ་ལ་ཧོཿ ཞེས་ཚད་མེད་པ་བཞིའི་འཇུག་པས་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་སྒོ་བཞི་ཕྱེ་བས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་མངོན་སུམ་དུ་བཞུགས་པར་བསམ་མོ། །གསུམ་པ་ནི། ༀ་ཨཱཿཧཱུཾ་ཨ་ཏི་པཱུ་ཧོཿ སརྦ་ཏ་ཐཱ་ག་ཏ་བྷན་དྷ་ནཾ་ཀཱ་རོ་མི། ཨ་ལ་ལ་ཧོཿ ཨོཾ་ཨ་ཏི་བྷཱུ་ཧཱུཾ། པྲ་ཏི་ༀ་ཏི་བྷཱུ། སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་ག་སིདྡྷི་ཨ་ཧཱུཾ། ཞེས་ལྷ་དང་བདག་རང་བཞིན་གཉིས་མེད་དུ་རྟོགས་པར་བརྡ་ཕྱག་བྱའོ། །དེ་ནས། ༀ་ཨཱ་ཧཱུཾ་ཞེས་པས་རང་ཉིད་རྡོ་རྗེ་སེམས་དཔའ་མདུན་བསྐྱེད་དང་རོ་གཅིག་ཏུ་འདྲེས་པར་བསམ་མོ། །སྐབས་འདིར་གདུག་པ་ཅན་འདུལ་བའི་ཕྱིར་མ་ཊཾ་སྒྲོལ་བའི་ཆོ་ག་བྱེད་པར་གསུངས་པ་བཞིན་སྤྲོ་ན་ཧཱུཾ་མཛད་ཀྱི་དཀྱིལ་ཆོག་དང་རིགས་མཐུན་གྱི་ཆོ་ག་གཞན་ནས་ཀྱང་བླངས་པས་ཁྱབ་བོ། །དེ་ལྟར་ཁྱད་པར་གྱི་སྦྱོར་བ་རྣམས་ནི་སྒྲུབ་མཆོད་ཀྱི་ཉིན་དང་པོ་ཁོ་ནའི་བྱ་བའོ། ༈ །གཉིས་པ་ལ་དཀྱིལ་འཁོར་སྒྲུབ་པ། དེ་ཉིད་མཆོད་པ། དབང་ལེན་པ་དང་གསུམ་གྱི། དང་པོ་ནི། གཞི་དང་། རྟེན་དང་། སྦྱོར་བའི་ཏིང་ངེ་འཛིན་གསུམ་གྱིས་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པར་བཤད་པ་བཞིན། འདི་ལྟར་དམིགས་པའི་ཡུལ་བྲལ་སེམས་ཀྱི་དབྱིངས། །ཞེས་པ་ནས། རྟ་མཆོག་གི་དཀྱིལ་འཁོར་རྣམས་ལ་དབང་བསྐུར་བའི་བར་སྒྲུབ་ཐབས་བཞིན་ཏེ། སྒྲུབ་གཞི་བདག་དང་། བྲིས་པའི་དཀྱིལ་འཁོར་གཉིས། སྒྲུབ་ཆོས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གཅིག་གིས་བསྡུས་པ་བདག་མདུན་དབྱེར་མེད་དུ་བསྒོམ་ཞིང་། དཀྱིལ་ཆོག་རྙིང་བ་གཉིས་ལས་དངོས་གཞིའི་སྐབས་སུ་བུམ་པ་ལོགས་སྒྲུབ་ཀྱི་གསལ་ཁ་མ་གསུངས་པ་བདག་མདུན་བུམ་གསུམ་དབྱེར་མེད་དུ་སྒྲུབ་པ་ལ་དགོངས་པ་བཞིན་ཤེས་པར་བྱའོ། །གཉིས་པ་ནི། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་ཐོན་ནས་ཕྱག་མཆོད་སོགས་ལ་འཇུག་པར་མོས་ཏེ། ཕྱག་དང་མཆོད་པ་བསྟོད་པ་སྔ་མའི་མཐར་ཐུག་པའི་བར་བྱས་ནས། རིགས་དྲུག་གི་རོལ་མོའི་མཆོད་པའང་སྤྲོ་ན་སྐབས་འདིར་བྱ་སྟེ་གཞན་ལས་ཤེས་པར་འགྱུར་ལ། དེ་ནས་འཛབ་ཁང་དབྱེ་བ་སོགས་བཟླས་པའི་རྣལ་འབྱོར་རྣམས་དང་། དབང་དང་འབྲེལ་ན་རྩ་བའི་བཟླས་པའི་རྗེས་སུ་བུམ་པའི་གཟུངས་ཐག་ལ་བརྟེན་ནས་བཟླས་པ་ཅི་རིགས་པའང་བྱ་ཞིང་། བཟླས་པའི་མཐར་མཆོད་བསྟོད་བཤགས་པ་སྟེ་སྐབས་ཀྱི་མཇུག་བསྡུ་བ་དང་། ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་དང་། མཚན་མེད་ཀྱི་རྣལ་འབྱོར་དང་། དག་པ་དྲན་པ་རྣམས་ཇི་ལྟར་ནུས་པ་སྒྲུབ་ཐབས་ཀྱི་གཞུང་བཞིན་བྱས་ནས་རྣལ་འབྱོར་པ་རྣམས་རྒྱན་དང་བཅས་པས་རྡོར་དྲིལ་ཐོགས་ནས་ཡི་གེ་བརྒྱ་བ་བརྗོད་བཞིན་དུ་སྟངས་སྟབས་ཀྱིས་དཀྱིལ་འཁོར་ལ་ལན་གསུམ་དུ་བསྐོར། སླར་ཡང་རང་གནས་སུ་ལངས་ཏེ་འཁོད་པས་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་འཁོར་ལོ་བྱིན་འབེབས་པ་དང་གནས་དང་དཀྱིལ་འཁོར་མངའ་གསོལ་བ་རྣམས་ཀྱང་བྱ་བར་གསུངས་སོ། །དེ་ནས་གཏོར་མའི་ཆོ་ག་ནི་སྒྲུབ་ཐབས་སུ་བཤད་པའི་ལྷག་གཏོར་ཉིད་སྐབས་ཇི་ལྟ་བའི་བསྒྱུར་ཁ་ཤེས་པས་ཕྱི་རོལ་གཏོར་མའི་ཚུལ་དུ་སྐབས་འདིར་བྱའོ། །གསུམ་པ་ནི། བདག་འཇུག་སྟེ་དབང་ཆོག་ལས་ཤེས་ཤིང་སྒྲུ་མཆོད་ཙམ་ལ་བདག་འཇུག་མ་གྲུབ་ཀྱང་མི་འགལ་མོད་སྤྱིར་འགྲུབ་ན་ལེགས་པ་ནི་ཡིན་ནོ། ༈ །གསུམ་པ་གཞན་དོན་དབང་བསྐུར་བའི་རིམ་པ་ཡང་དབང་ཆོག་ལོགས་སུ་བཀོད་པ་ལས་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ། ཚོགས་མཆོད་བྱ་བ། གཏོར་མ་བཏབ་པ། བརྟན་མ་སྐྱོང་བ་གསུམ་ནི་སྒྲུབ་ཐབས་ཀྱི་དཀྱུས་བཞིན་ཏེ། ཧཱུཾ་མཛད་ཀྱིས་མཁའ་འགྲོ་མ་བསྐྱང་བ་ཞེས་སྐབས་འདིར་གསུངས་པ་ཡང་བརྟན་སྐྱོང་ལས་གཞན་དུ་མེད་དོ། །བཞི་པ་ནི་དཀྱིལ་འཁོར་ཉེར་བསྡུའི་ཚེ། གཏང་རག་གི་མཆོད་པ་བཤམས་ཤིང་བྱིན་གྱིས་བརླབས་ནས་འབུལ་བ་དང་བསྟོད་པ་རྒྱས་བསྡུས་ཅི་རིགས་པས་བསྟོད། ཡི་གེ་བརྒྱ་བས་ལྷག་ཆད་བསྐང་ཞིང་བཟོད་པར་གསོལ། རས་བྲིས་ཀྱི་དཀྱིལ་འཁོར་ཡིན་ན་ཡེ་ཤེས་པ་བརྟན་བཞུགས་དང་། དམ་ཚིག་གི་དཀྱིལ་འཁོར་གསལ་བཏབ། ཧཱུཾ་ཞེས་པས་རང་གི་སྙིང་གའི་འོད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ལ། གོ་བགོ་ལུས་བསྲུང་སོགས་སྒྲུབ་ཐབས་ལྟར་བྱ། རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་ཞག་སྦྲེལ་དུ་བྱེད་པའི་ཉིན་སྔ་མ་རྣམས་ལ་ཡང་དེ་བཞིན་ནོ། །གཟུགས་བརྙན་གྱི་དཀྱིལ་འཁོར་གཤེགས་གསོལ་བྱེད་ན། སྐབས་འདིར་ལས་ཀྱི་རྡོ་རྗེས་སྦྱིན་སྲེག་དང་བསྐང་བཤགས་ཀྱང་འགྲུབ་ཏུ་རུང་ན་བྱ་ཞིང་། ཐམས་ཅད་ཀྱིས་དཀྱིལ་འཁོར་བསྐོར་ཞིང་སྨོན་ལམ་གདབ། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་ཞིང་བཤགས་པ་བྱ། ཤིས་པ་བརྗོད་ཅིང་དངོས་གྲུབ་བླངས། སླར་ཡང་མཆོད་ཅིང་བསྟོད་ནས་བྲོ་གར་དང་རྡོ་རྗེའི་གླུས་དགྱེས་པ་བསྐྱེད། དེ་ནས་བེ་གཱ་ཀྲ་མ་ཡཾ། ཞེས་པ་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཏེགས་ལ་གཏང་རག་གི་མཆོད་བསྟོད་བཟོད་གསོལ་སྔར་བཞིན་བྱས་ནས། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཞེས་སེམས་དང་། གཙྪ་མུཿཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་སྔར་བཞིན་བསྡུས་ནས་གོ་བགོ་ཞིང་ལུས་བསྲུང་བ་བྱས་ལ། ཆོས་ཐམས་ཅད་སྐྱེ་མེད་དུ་མོས་ནས། ཨ་ཀཱ་རོ་བཟླ་ཞིང་རྡོ་རྗེ་དང་བཅས་པའི་ལག་པས་ཐོག་མ་ལྷ་མཚན་ནས་ཅུང་ཟད་བླངས་པ་མགོ་བོར་བཀོད། ལྷག་མ་དབང་ལྡན་ནས་བརྩམས་ཏེ་གཙོ་གནས་ཀྱི་བར་དུ་ཕྱགས་པ་བུམ་པ་ལ་སོགས་པའི་སྣོད་དུ་བསྡུས་པ་དངོས་གྲུབ་ཀྱི་དོན་དུ་འཇོག་པའམ་ཆུ་བོ་ཆེན་པོར་བཀུར་བསྟི་དང་བཅས་པས་གཤེགས་ནས་དཀྱིལ་འཁོར་གྱི་རྗེས་མི་མངོན་པར་བྱས། ཕུར་བུའི་ཁྲོ་བོ་བཅུ་མཆོད་ནས་བསྡུ། ཅོད་པན་བཀྲོལ་ཏེ་ཁྲུས་བྱ། བརྡའ་དང་མཚམས་འགྲོལ་ཞིང་། སླར་ཡང་གཏོར་མ་བཤམས་ཏེ་མགྲོན་སྤྱི་དང་ཁྱད་པར་གྱི་སྲུང་མ་རྣམས་དང་རྟེན་ལ་བཞག་པའི་རྒྱལ་པོ་བཞི་དང་ཕྱོགས་སྐྱོང་ལ་བསྒོས་ནས་གཤེགས་སུ་གསོལ། སླར་ཡང་ཤིས་བརྗོད་དང་མཆོད་སྦྱིན་སྨོན་ལམ་གདབ་པ་རྣམས་བྱས་ན་སྤྱོད་ལམ་གྱི་རྣལ་འབྱོར་མ་ཉམས་པར་བྱའོ། །སྤྱི་དོན་གསུམ་པ་གྲུབ་པ་འབྲས་བུའི་ཚུལ་ལ། ཇི་ལྟར་སྒྲུབ་པ་དང་། དེས་གྲུབ་པའི་ཚད་བསྟན་པ་སྟེ་སྒྲུབ་ཐབས་སུ་བཤད་པ་བཞིན་ནོ། །ཚུལ་འདི་ལ་རྒྱུད་འགྲེལ་དང་སྒྲུབ་དཀྱིལ་སོགས་ཡིག་རྙིང་ངོ་མཚར་ཅན་དུ་མ་ཡོད་མོད། དེ་དག་ཏུ། རྡོར་སེམས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྙེན་པ་དང་། རྣམ་སྣང་གར་དབང་ཉི་མ་རྣམས་ཀྱི་སྒོ་ནས་ཞི་བ་དང་། དབང་དང་། རྒྱས་པའི་ལས་ཀྱི་ཉེ་བར་བསྙེན་པ་དང་། ཧེ་རུ་ཀའི་སྒོ་ནས་དྲག་པོའི་ཕྲིན་ལས་ཀྱིས་སྒྲུབ་པ་དང་། དེ་དག་གི་མཐར་སྒྲུབ་པ་ཆེན་པོའི་ལས་ཀྱིས་དངོས་གྲུབ་ལེན་པ་སྟེ་སྨིན་སློབ་སྒྲུབ་ཆེན་ཁོ་ནའི་དབང་དུ་མཛད་པའི་ཕྱིར། དེང་དུས་སྒྲུབ་ཆེན་གྱི་འདྲ་འབག་སྒྲུབ་མཆོད་དང་དབང་རྐྱང་ཙམ་སྒྲུབ་པ་ལ་ལག་ཏུ་ལེན་དཀའ་བས། ཡུལ་དུས་ཀྱི་རྐྱེན་དང་འཚམས་པའི་དབང་དུ་བྱས་པ་ནི་འདི་ཙམ་སྟེ་གཞན་དུ་སྨིན་སློབ་ཀྱི་ཚུལ་དུ་སྒྲུབ་པ་སོགས་སོ་སོའི་གནས་སྐབས་ཀྱི་བྱེ་བྲག་ཤེས་པས་དམ་པ་སྔ་མ་རྣམས་ཀྱི་ལེགས་པར་བཤད་པའི་གསུང་རབ་ལ་རྣམ་པར་སྤྱོད་པའི་བློ་གྲོས་ཀྱིས་འཇུག་པར་བྱའོ། །ཕུལ་བྱུང་དགོས་གྲུབ་རིན་ཆེན་གྱིས་གང་བའི། །ཟབ་ཡངས་རྒྱུད་སྡེའི་མཚོ་ངོས་མཐོང་ཙམ་གྱིས། །དོན་གཉེར་འདོད་པའི་ཡིད་ནི་གཡོས་གྱུར་ཀྱང་། །ཉམ་ཆུང་མཐུ་ཡིས་གྱ་ཚོམ་ཉིད་དུ་ཅི། །འོན་ཀྱང་དེད་དཔོན་མཁས་པའི་བཤེས་གཉེན་དང་། །ལྷག་བསམ་བ་དན་སྤྲོ་བའི་རླུང་ཤུགས་ཀྱིས། །བསྐུལ་བས་ཡིད་བཞིན་འདོད་འཇོའི་རིན་པོ་ཆེ། །ཆ་ཙམ་ཐོབ་འདི་ཅི་ཕྱིར་སྐལ་བཟང་མིན། །གངས་རིའི་ཁྲོད་འདིར་སྔོན་བྱོན་མཁས་རྣམས་ཀྱིས། །ཧ་ཅང་རྒྱས་དང་རིགས་འགྲེས་སྦྱར་བ་ལས། །འཇུག་བདེ་རང་གཞུང་ཚུགས་པར་མ་བཀྲོལ་བས། །ཚུལ་འདིར་འཇུག་ལ་བཏང་སྙོམས་བགྱིད་མ་སྤོབས། །ཕྱོགས་ལྷུང་རྣ་བའི་བུ་ག་འཁྱོག་པོ་ནི། །སྔོན་མེད་ལེགས་བཤད་གསར་པའི་འབྲོག་དགོན་ཏེ། །དེ་ལྟ་མོད་ཀྱི་བདག་ཡིད་དགེ་གོམས་ཕྱིར། །བརྗོད་པའི་བསོད་ནམས་འགྲོ་ལ་གསལ་གྱུར་ཅིག །བདག་ཀྱང་ཚེ་རབས་ཀུན་ཏུ་རྒྱལ་བ་ཡི། །བསྟན་ལ་རྗེས་ཞུགས་ཐུགས་ཀྱི་གསང་བའི་མཛོད། །ཡོངས་བཟུང་གསང་ཆེན་བསྟན་པ་རྒྱས་བྱེད་ཅིང་། །རིགས་དྲུག་འཁོར་ལོས་སྒྱུར་བའི་གནས་ཐོབ་ཤོག །ཅེས་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་ཀུན་ཏུ་བཟང་པོའི་ཞལ་ལུང་ཞེས་བྱ་བ། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་བརྗོད་བདེའི་ངག་གིས་སྙིང་པོར་དྲིལ་ཏེ་ཆུ་ཕོ་རྟའི་ལོ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སྦྱར་བའོ།། །།

དཔལ་སངས་རྒྱས་མཉམ་སྦྱོར་གྱི་དཀྱིལ་འཁོར་ལ་བརྟེན་པའི་མཆོག་གི་སྦྱིན་སྲེག་ཡེ་ཤེས་སྣང་བ། འགྱུར་མེད་ཚེ་དབང་མཆོག་གྲུབ།

དཔལ་སངས་རྒྱས་མཉམ་སྦྱོར་གྱི་དཀྱིལ་འཁོར་ལ་བརྟེན་པའི་མཆོག་གི་སྦྱིན་སྲེག་ཡེ་ཤེས་སྣང་བ་བཞུགས་སོ། །ༀ་སྭ་སྟི། བླ་མ་དང་དཔལ་འཁོར་ལོས་སྒྱུར་བ་དྲུག་གི་དཀྱིལ་འཁོར་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་ཡང་གསང་སྙིང་ལ། དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞལ་དུ་གྱུར་པའི་མེ་བོས་ལ། །བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱི། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་པ་ལྟར་རྒྱུད་ལུང་གི་དཀྱིལ་འཁོར་སོ་སོ་ལ་བརྟེན་པའི་ལས་བཞིའི་སྦྱིན་སྲེག་གི་རིམ་པ་ནི་གཞན་དུ་གསལ་བ་ལྟར་ཤེས་པར་བྱ་ཞིང་། འདིར་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དཀྱིལ་འཁོར་ལ་བརྟེན་ནས་བྱང་ཆུབ་ཞི་བ་དམ་པའི་གོ་འཕང་ལ་དམིགས་པའི་ཕྱིར་མཆོག་གི་སྲེག་བླུགས་ལ་འཇུག་པའི་རིམ་པ་གསལ་བར་བྱ་སྟེ། དེ་ལ་སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། གང་དུ་བྱ་བའི་གནས་དགེ་ཞིང་ཤིས་པའི་ས་ཕྱོགས་དེར་གཙོ་བོའི་རྣལ་འབྱོར་ལ་གནས་བཞིན་པས་གཞི་བདག་ལ་ཆ་གསུམ་ལ་སོགས་པའི་གཏོར་མ་བཏང་། སའི་ལྷ་མོ་ལ་དཀར་གཏོར་དང་ཉེར་སྤྱོད་བཤམས་ལ། ༀ་ཨ་ཀཱ་རོས་བརླབས། རྒྱལ་བ་ཤཱཀྱ་སེང་གེ་ཡིས། །བདུད་སྡེ་མངོན་པར་བཅོམ་པའི་ཚེ། །དབང་གྱུར་ས་ཡི་ལྷ་མོ་ཁྱོད། །གཏོར་མ་བཞེས་ལ་ས་འདི་སློང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་འབྱོར་དང་། །སོགས་ཀྱིས་ཕུལ་རྗེས། བཛྲ་མུཿས་གཤེགས། རྡོ་རྗེ་དང་བཅས་པའི་ཐལ་མོ་ས་ལ་བཀྲམ་སྟེ་ཡི་དམ་གྱི་ང་རྒྱལ་དང་། རྩ་སྔགས་ཀྱིས་སྦྱང་བ་ལན་གསུམ་གྱིས་ས་བཟུང་རྗེས། ས་གཞི་ཡང་རང་བཞིན་མེད་པར་ཤེས་པའི་ཆོས་ཉིད་ལ་དྲན་པ་མངོན་དུ་བཞག་ནས། ཤཱུ་ནྱ་ཏཱའི་སྔགས་བརྗོད་པ་ནི་བདེན་པ་གཉིས་ཀྱིས་སྦྱང་བའོ། །གཉིས་པ་དངོས་གཞི་ལའང་སྦྱོར་དངོས་གཉིས་ལས། དང་པོ་ནི། བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞིར་བྱས་པའི་སྟེང་དུ་ཐབ་ཁུང་ཟླུམ་པོ་རྒྱར་ཁྲུ་གང་། དཔངས་སུ་ཕྱེད་ལོངས་པ་ནས་ཕྱིར་འཕྱང་མུ་རན་རྒྱ་དཔངས་སོར་བཞི་པ་རེའི་ཁ་ཁྱེར་ནང་དུ་ཕགས་ཀྱིས་གཞོལ་བ་ལ་རྡོ་རྗེའི་ཕྲེང་བ་དང་། མུ་རན་ལ་མེ་རིས་བསྐོར། ཐབ་ཀྱི་དབུས་སུ་རྩེ་མོ་ཤར་བསྟན་གྱི་རྡོ་རྗེ་དཀར་པོ་སོར་བརྒྱད་པ་དང་། སྟེགས་བུའི་སྟེང་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྱ། བྲུས་ཐབ་བྱེད་ན་རྒྱ་དཔངས་དང་རྣམ་པ་དེས་མཚོན་ནས་རིགས་པས་དཔགས་ལ། བྲིས་ཐབ་བྱ་ན། སྟེགས་བུའི་སྟེང་དུ་དྲི་བཟང་བ་བྱུང་ལྔ་བདུད་རྩི་ལྔ་རྣམས་ཆང་དང་སྦྱར་བས་ཆག་ཆག་བཏབ། དེའི་སྟེང་དུ་ཚངས་ཟུར་གྱི་ཐིག་བཏབ། དབུས་ནས་མཐོ་གང་ཟླུམ་པོར་བསྐོར་བས་ནད་རྒྱ་ཁྲུ་གང་འོང་བའི་ཕྱི་རོལ་སོར་བཞི་རེ་བསྐྱོར་བས་མཆུ་དང་ཁ་ཁྱེར་གཉིས་འབྱུང་བའི་ནང་མེ་རི་དང་། ཕྱི་མར་རྡོ་རྗེའི་ཕྲེང་བ་ཟུར་བཞིར་ཟླ་ཕྱེད་རྡོ་རྗེ། ལྟེ་བར་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བྲི། འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆའམ་དགོན་པའི་བ་ལང་གི་ལྕི་བ་སྲོག་ཆགས་མེད་པས་ཐབ་ཀྱི་དཔངས་ཚད་ལས་ཅུང་ཟད་དམན་པ་ཟླུམ་པོར་བརྩིགས་པའི་ཤར་ལྷོར་མེ་ཚང་བཅའ། ཐབ་ཀྱི་གྲྭ་བཞིར་མངའ་བཞི་བཙུགས་པ་སྲད་བུ་དཀར་པོས་བསྣོལ་མར་སྒྲེལ་བ་ལ་དར་དཀར་པོས་དགག །དེའི་ཤར་ལྷོའི་ཟུར་དུ་མདའ་དར་དམར་པོ་གཟུགས། ཐབ་ཀྱི་མདུན་དུ་རང་ཉིད་འདུག་པའི་སྟན་དཀར་ཞིང་འཇམ་པ་དང་། དེའི་གཡས་གཡོན་དུ་སྟེགས་བུ་ཁེབས་དཀར་པོ་དང་ལྡན་པ་རེའི་གཡས་ཀྱི་སྟེང་ལོགས་སུ་བ་ལས་བྱུང་བའི་མར་ཁུ་དང་། འོ་མ་ཅན་ནམ་བ་ལུ་ལྕང་མ་ལ་སོགས་པའི་རུང་མཐུན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་མཐོ་གང་བའི་རྩེ་མོ་མར་ཁུས་ཉུགས་པ་དང་། མངར་གསུམ་དང་། ཞོ། འོ་མ། མར་ཁུ་སོགས་བསྲེས་པའ་ཞོ་ཟན། ཏིལ་དཀར། མངར་གསུམ། སྟར་ཀ་དང་། རྒུན་འབྲུམ་ལ་སོགས་པའི་ཤིང་འབྲས། ནས་འབྲས་དཀར་པོ་ལས་བྱུང་བའི་ཆན་སོགས་ཁ་ཟས། གཞན་ཡང་ནག་པོའི་རིགས་མ་འདྲེས་པའི་འབྲུ་སྣ། ཙན་དན་དཀར་དམར་གུར་གུམ་སོགས་དུག་རིགས་མ་འདྲེས་པའི་སྨན་སྣ། ཙམྤ་ཀ་སོགས་མེ་ཏོག་ཚོགས་རང་བཞིན་ནམ་བཅོས་བུས་ཁ་དོག་དཀར་པོ་དང་སེར་པོར་བྱས་པ་ཞི་བ་རྒྱས་པ་གཉིས་གའི་རྫས་སུ་རུང་བ་རྣམས་ཚོགས་པ་འཇིག་རྟེན་པ་དང་ཡེ་ཤེས་པ་ཕྱི་ནང་གཉིས་རིམ་དུ་བཀོད། ཁྱད་པར་གྱི་རྫས་མར་ཁུ་ལ་མངར་གསུམ་བཏབ་པ་དང་། འབྲུ་མར། ཉམས་རྟོགས་བསྐྱེད་ཕྱིར་ཆང་རག་གི་སྙིང་ཁུ་ལ་བདུད་རྩི་ཆོས་སྨན་བཏབ་པ། ཚོགས་འཁོར་ཀྱང་བཤམས། སྟེགས་བུ་ཅིག་ཤོས་ལ་བདག་བསྐྱེད་ཀྱི་མཆོད་གཏོར་སྤྱི་འགྲེ་དང་བྱེ་བྲག་སྦྱིན་སྲེག་ལ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་བསྲེས་པའི་མར་དཀར་གྱི་གཏོར་ཟླུམ་རིལ་བུ་གང་མང་གིས་བསྐོར་བ་དང་། འཇིག་རྟེན་པར་ཡང་རྒྱུ་གོང་འདྲའི་གཏོར་མ་ཟླུམ་པོ་གཅིག་དང་གཞན་ཡང་ཞབས་བསིལ་ལ་སོགས་པའི་ཉེར་སྤྱོད་རྣམས་རང་བཞིན་ནམ། བཅོས་བུས་དཀར་པོ་དང་། ཉེ་ལོགས་ཅི་བདེར། ལས་བུམ། རྡོར་དྲིལ། ཐོད་རྫ། དགང་བླུགས་དང་། ཐུགས་དམ་བསྐུལ་བའི་རྫས་ཡུངས་ཀར་རིན་པོ་ཆེ་དཀར་པོའི་སྣོད་དུ་བླུགས་པ་རྣམས་མ་ཚང་བ་མེད་པར་བཤམ་མོ། །གཉིས་པ་དངོས་གཞིའི་རིམ་པ་ནི། གཙོ་བོ་རྡོ་རྗེ་སེམས་དཔའི་ང་རྒྱལ་ལ་གནས་བཞིན་པས་རང་ཉིད་ཆས་གོས་དཀར་པོ་དང་ལྡན་པ་སྟན་ལ་རྫོགས་པའི་སྐྱིལ་མོ་ཀྲུང་གིས་འདུག་ནས་བྱང་ཆུབ་ཀྱི་སེམས་མཆོག་སྒྲུབ་པའི་བློ་དང་ལྡན་པས་རྡོར་དྲིལ་བསངས་སྦྱངས། ༀ་མ་ཧཱ་ཀྲོ་དྷཱི་ཤྭ་རི་སརྦ་དྲ་བྱཾ་བི་ཤོ་དྷ་ནི་ཧཱུཾ་ཕཊ། ༀ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། ཨཱཿལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ༀ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་གསོར། ༀ་བཛྲ་གྷཎྜེ་ཨཱཿ ཞེས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཱུྃ། ཞེས་ཐུགས་ཀར་འཁྱུང་རྒྱ་བཅའ། དེ་ནས་ཉེར་སྤྱོད་སྨན་རཀ་བཅས་ལ་དམིགས་ཏེ། ༀ་མ་ཧཱ་ཀྲོ་དྷི་ཤྭ་རི་སོགས་ཀྱིས་བསངས། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲཱུཾ་དང་ཨཱཿལས་བྱུང་བའི་སྣོད་བཟང་པོར་ༀ་ཨཱཿཧཱུྃ་ལས་ལས་བྱུང་བའི་མཆོད་པའི་རྫས་རྣམས་འདོད་ཡོན་གྱི་ཁྱད་པར་མཐའ་ཡས་པ་རང་བཞིན་བདེ་སྟོང་གི་ཡེ་ཤེས། རྣམ་པ་མཆོད་རྫས་ཀྱི་སྤྲིན་ཕུང་། བྱེད་ལས་དབང་པོ་དྲུག་ཟག་མེད་ཀྱི་བདེ་བས་ཚིམ་པར་ནུས་པས་ནམ་མཁའ་གང་བ་རྣམས་སུ་གྱུར། ༀ་བཛྲ་པུཥྤེ་ཨཱཿནས། ཤཔྟའི་བར་འགྲེས་སོ། །ༀ་བཛྲ་ཨ་ཧ་ར་ཧྲཱིཿན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ཨ་ལང་ཀཱ་ར་པ་ན་པཻ་ཧཱུཾ་སྭཱ་ཧཱ། བྷོ་བྷྱཱཾ་ག་རཏྣ་མེ་གྷ་སྥ་ར་ཧཱུཾ། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱི་ཋ། ༀ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུཾ་ཧྲཱི་ཋ། ཞེས་པས་སྨན་རཀ་གཉིས་བརླབ། བསྲེག་རྫས་རྣམས་ལ་བསངས་ཆུ་འཐོར་ཞིང་། ༀ་མ་ཧཱ་ཀྲོ་དྷཱི་སོགས། ༀ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་མ་དང་ཨ་ལས་ཉི་ཟླའི་གའུའི་སྣོད་དུ་བསྲེག་རྫས་རྣམས་སོ་སོའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་དངོས་པོ་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། ༀ་ཨཱཿཧཱུཾ། ༀ་ཧཱུཾ་སྭཱཾ་ཨཱཾ་ཧཱཾ། ཞེས་ལན་བདུན་གྱིས་བརླབ། དེ་ནས་ཐབ་ལ་དམིགས་ཏེ། ༀ་མ་ཧཱ་ཀྲོ་དྷཱི་ཤྭ་རི་སོགས་ཀྱིས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་བྷྲཱུཾ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་འཁོར་ལོའི་ལྟེ་བ་ལ་གནས་པའི་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་པ་ཁ་ཁྱེར་བང་རིམ་དང་ལྡན་པ་འོད་ཟེར་དཀར་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་དཀར་པོ་འབར་བར་བསམས་ལ། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་རྒྱུན་བཞག་གམ་གཙུབ་ཤིང་ལས་བྱུང་བའི་མེས་སྦར། ཐབ་ཀྱི་མེའི་དབུས་སུ་མ་དང་དིཿལས་བྱུང་བའི་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ༀ་ཡིག་དཀར་པོ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཨགྣི་དེ་བ་རི་ཥི་ཧཱུཾ་ཞི་བའི་མེ་ལྷ་དཀར་པོ་ཞི་ཞིང་འཛུམ་པ་དྲང་སྲོང་གི་ཆ་བྱད་ཅན་གུནྡྷེ་དང་བགྲང་ཕྲེང་འཛིན་པའི་སྐུར་གྱུར། དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམས་ལ། ཨགྣི་དེ་བ་ས་མ་ཡ་ཧཱུཾ་ཛཿ ཞེས་སེ་གོལ་བསྣོལ་མར་གདབ། མདའ་དར་དམར་པོས་གཡབས་ཤིང་། ཧཱུཾ་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨགྣི་དེ་བ་རི་ཥི་ཛཿཛཿ ཞེས་ལྕགས་ཀྱུའི་རྒྱ་དང་བཅས་དྲངས། ཛཿཧཱུཾ་བཾ་ཧོ་ས་བསྟིམས་ནས། ༀ་ཨགྣི་དེ་བ་རྀ་ཥི་ཨརྒྷཾ་པྲ་ཏཱིཙྪ་ཧོཿ དེ་བཞིན་དུ་པུཥྤེ་སོགས་ཀྱིས་མཆོད་ནས། ཇི་ལྟར་བསྟམས་པ་ཙམ་གྱིས་སོགས་མཐར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་སོགས་བརྗོད་དེ། བུམ་ཆུ་གཏོར། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར། ༀ་རཏྣ་ཨ་ལཾ་ཀཱ་ར་སྭཱ་ཧཱ། ཞེས་རྒྱན་བཏགས་པར་བསམ། མེ་ལྷ་ཞལ་འཛུམ་པ་དང་བཅས་པའི་ཅུང་ཟད་གདགས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། ལག་གཉིས་བྱང་ཆུབ་མཆོག་གི་རྒྱས་དགང་བླུགས་བཟུང་ནས། ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་པ་བདུན་གྱིས་དགང་གཟར་བཀང་ལ། ༀ་ཨགྣི་དེ་ཝ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་བདག་ཅག་དཔོན་སློབ་རྣམས་ཀྱི་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དགང་བླུགས་འབུལ། སྔགས་དེ་ཉིད་ཀྱིས་ཡམ་ཤིང་སོགས་རྫས་གཞན་རྣམས་གྲངས་ཅི་རིགས་པ་ཕུལ་རྗེས། ཧཱུཾ་ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་ཚུལ། །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པ་དྲང་སྲོང་ཚུལ། །ཉོན་མོངས་བསྲེགས་པས་ཤེས་རབ་འོད། །བསྐལ་པའི་མེ་བཞི་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པ་ཐེག་པ་ཆིབས། །བགྲང་ཕྲེང་འཛིན་ཅིང་རིག་སྔགས་གསུང་། །བདུད་རྩིའི་བཅུད་ཅན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ནས། ན་མོ་རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་བྱང་ཆུབ་བསྒྲུབ་པའི་ལམ་གྱི་བར་ཆད་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ། དེ་ནས་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་ཆེན་པོ་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཁོར་ཡུག་དུར་ཁྲོད་དང་བཅས་པའི་ནང་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་སོགས་མཚན་ཉིད་ཐམས་ཅད་རྫོགས་པ་དགུ་ལས། ཕོ་བྲང་དབུས་མ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་དབུས་སུ་ཟླུམ་པོ་རྡོ་རྗེའི་མུ་ཁྱུད་ཅན། ཤར་དུ་རྣམ་སྣང་གི་དཀྱིལ་འཁོར་ཟླུམ་པོ་འཁོར་ལོའི་མུ་ཁྱུད་ཅན། ལྷོར་ཧེ་རུ་ཀའི་དཀྱིལ་འཁོར་ཟླ་གམ་སྒོ་གཅིག་ཤར་དུ་ལྟ་བ་ཐོད་པའི་རྩིག་པ་དང་ཁྲོ་བོའི་རྡོ་རྗེའི་མུ་ཁྱུད་ཅན། ནུབ་ཏུ་གར་དབང་གི་དཀྱིལ་འཁོར་པདྨ་འདབ་མ་བརྒྱད་པའི་དབྱིབས་ཅན་ཀ་བ་དང་མུ་ཁྱུད་ལ་པདྨའི་ཕྲེང་བ་ཅན། བྱང་དུ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་རིན་པོ་ཆེ་ཟུར་བརྒྱད་པའི་དབྱིབས་ཅན་རིན་པོ་ཆེའི་མུ་ཁྱུད་ཅན། མཚམས་བཞིར་རྟ་མཆོག་རིགས་བཞིའི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེའི་མུ་ཁྱུད་ཅན་ཕྲིན་ལས་བཞིའི་ཁྱད་པར་ལས་ཤར་དང་ཤར་ལྷོ། ལྷོ་དང་ལྷོ་ནུབ། ནུབ་དང་ནུབ་བྱང་། བྱང་དང་བྱང་ཤར་རྣམས་མཚུངས་པ་སྟེ། ཐམས་ཅད་ཀྱང་ལིང་ཚེ་དགུ་དགུ་དང་ལྡན་པ་ལས། ལྷོ་དང་ལྷོ་ནུབ་ཀྱི་ལིང་ཚེ་དགུ་ལ་ཟླ་གམ་ནང་བསྟན་དགུ་དང་། ཞིང་གི་འཕན་གདུགས་སོགས་འཇིགས་པའི་རྒྱན་ཅན། ལྷོ་མའི་དབུས་སུ་པདྨ་དྲེགས་བྱེད་ཉི་ཟླ་བརྩེགས་པ་དང་རེའུ་མིག་བརྒྱད་ལ་བམ་ཆེན་རིའི་གདན་གྱིས་ཁྱད་པར་དུ་བྱས་པ། དཀྱིལ་འཁོར་གཞན་རྣམས་ཀྱི་དབུས་ཀྱི་ལིང་ཚེ་ལ་པདྨ་འདབ་མ་བརྒྱད་པའི་གདན་རེ་རེའི་མཚམས་ཀྱི་འདབ་མ་རྣམས་ལ་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོད་པས་ཁ་བརྒྱན་པ་རེ་རེ། ཕྱོགས་མཚམས་ཀྱི་རེའུ་མིག་བརྒྱད་དང་དཀྱིལ་འཁོར་ཐམས་ཅད་ལ་མཚུངས་པར་སྒོ་བཞི་དང་གྲ་བཞིར་པདྨའི་གདན་རེ་རེའོ། །སྐབས་འདིར་སྒྲུབ་མཇུག་དང་འབྲེལ་བ་སོགས་ཡིན་ན་གདན་བསྐྱེད་པའི་རྗེས་དེ་མ་ཐག་པར་སྤྱན་འདྲེན་བྱ་བ་ནི། དམིགས་མེད་མཁའ་ལྟར་དག་པ་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །བསྙེངས་པ་མི་མངའ་སྟོབས་བཅུའི་ཤུགས་ལྡན་ཅིང་། །མ་འདྲེས་སངས་རྒྱས་ཆོས་རྣམས་རབ་ཏུ་རྫོགས། །དཔའ་བོ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། །མཁའ་འགྲོ་ཀུན་དང་ཐབས་གཅིག་གཤེགས་སུ་གསོལ། །ཐུགས་རྗེ་ཆེན་པོའི་སྐུ་མངའ་གསུང་ཉིད་རྫོགས། །མི་འཇིགས་ཐུགས་མངའ་སེང་གེས་བསྐྱོད་དུ་མེད། །གདུག་པའི་ཚོགས་ཀྱང་ཟིལ་གྱིས་གནོན་མཛད་པ། །བཅོམ་ལྡན་འགྲོ་ལ་བརྩེ་སླད་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་མཎྜལ་མེ་ཏོག་གི་ཚོམ་བུ་ཅན་སོགས་ཀྱི་བརྡས་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་སློབ་དཔོན་གྱིས་མེ་ཏོག་ཐབ་ནང་དུ་དོར་བ་དང་ལྷན་ཅིག་ཏུ། ལྷ་ཚོགས་རྣམས་རང་རང་གི་གདན་ལ་བཞུགས་པར་བསམས་ཏེ། ༀ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨཱཿཛཿཧཱུཾ་བཾ་ཧོ་སུ་ར་ཏ་སྟྭཾ། ཞེས་ཐུན་མོང་མིན་པ་རྡོར་སེམས་ཀྱི་སྙིང་པོ་ཡི་གེ་བཅོ་བརྒྱད་པའོ། །དེ་བཞིན་དུ། ༀ་བྷཱུ་ཁཾ། རྟག་པའི་འོ། །ༀ་ཧེ་རུ་ཀ་བཛྲ་ས་མ་ཡ་ཧྲཱིཿསརྦ་དུཥྚན་ས་མ་ཡ་མུ་དྲ་པྲ་བྷཉྫ་ཀ་ཧཱུྃ་ཕཊཿ ཧེ་རུ་ཀའིའོ། །ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་ནརྟི་ཤྭ་ར་ཧྲཱིཿཛཿ གར་དབང་གིའོ། །ༀ་སིདྡྷིནྟུཿས་མ་ཡ་སིདྡྷྱ་མ་ཧཱ་བཛྲ་རཏྣ་བ་བ་ཊ་ཊ་ཏྲཱཾ། རྡོ་རྗེ་ཉི་མའི་འོ། །ༀ་སུམ་བྷ་ནི་སུམ་བྷ་ཧཱུྃ། རྟ་མཆོག་གིའོ། །ཞེས་སྔགས་ཙམ་མམ་མངོན་རྟོགས་ཀྱིས་གསལ་གདབ་པ་ནི། བསྡུ་ན། དཀྱིལ་འཁོར་དབུས་མའི་ལྟེ་བར་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་ལྷ་ཚོགས། དཀྱིལ་འཁོར་ཤར་མའི་དབུས་སུ་རྒྱལ་བ་རྟག་པ་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས། དཀྱིལ་འཁོར་ལྷོ་མའི་དབུས་སུ་དཔལ་ཆེན་ཧེ་རུ་ཀའི་ལྷ་ཚོགས། དཀྱིལ་འཁོར་ནུབ་མའི་དབུས་སུ་པདྨ་གར་གྱི་དབང་ཕྱུག་གི་ལྷ་ཚོགས། དཀྱིལ་འཁོར་བྱང་མའི་དབུས་སུ་རྡོ་རྗེ་ཉི་མའི་ལྷ་ཚོགས། མཚམས་བཞིའི་དཀྱིལ་འཁོར་གྱི་དབུས་སུ་རྟ་མཆོག་རོལ་པའི་སངས་རྒྱས་ཀྱི་ལྷ་ཚོགས་ཐམས་ཅད་སྐུ་དངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་བཞུགས་པའི་སྐུ་ལས་འོད་ཟེར་དཀར་པོའི་ཚོགས་མཁའ་ཁྱབ་ཏུ་སྤྲོ་བའི་བདག་ཉིད་ཅན་དུ་སྣང་བའོ། །སྲེག་རྐྱང་གི་སྐབས་སུ་གཞལ་ཡས་ཁང་གདན་བཅས་གོང་བཞིན་གྱི་རྗེས་ལས་བྱང་ནས་དེ་མན་གྱི་མངོན་རྟོགས་སྤྱན་འདྲེན་བཞུགས་གསོལ་གྲུབ་ནས། ཕྱག་འཚལ་བ་ནི། ༀ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཕྱོགས་བཞིའི་དཀྱིལ་འཁོར་དབུས་རྣམས་ཀྱི། །སྐྱེ་འགྲོ་རྡུལ་སྙེད་གནས་པ་ཀུན། །བདེ་གཤེགས་ལྷ་ཡི་དཀྱིལ་འཁོར་དབྱིངས། །ཕྱོགས་དུས་ཀུན་ནས་ཚོགས་པའི་ལྷ། །གཉིས་སུ་མེད་པར་ཕྱག་འཚལ་ལོ། །ༀ་ཨཱཿཧཱུཾ། ཨ་ཏི་བྷཱུ་ཧོཿ བནྡྷ་ཀ་རོ་མི་གུ་རུ་པ་ཏི་ཨ་ལ་ལ་ཧོཿ ཞེས་ཕྱག་བྱའོ། །མཆོད་པའི་དང་པོ་སྤྲུལ་པ་ནི། ༀ་འབྱུང་བ་ཆེན་པོ་ཐམས་ཅད་འབྱུང་། །སྟོང་གསུམ་རྡུལ་སྙེད་མ་ལུས་པའི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ལྷ་མོའི་ཚོགས་རྣམས་མ་ལུས་སྤྲོ། །མེ་ཏོག་བདུག་པ་མར་མེ་མ། །དྲི་མཆོག་ཀུན་གྱིས་མཆོད་པར་བྱ། །ༀ་པ་ན་པེ་པེ་ནུ་སུ་ར་ཏ་ཏི་པུ་བ་ར་མུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ། ཞེས་སྤྲུལ་ནས། གཉིས་པ་འབུལ་བ་ནིཿ ༀ་བཛྲ་པུཥྤེ། བཛྲ་དྷུ་པེ། བཛྲ་ཨཱ་ལོ་ཀེ། བཛྲ་གནྡྷེ། པྲ་ཏཱིཙྪ་ཧོཿ ཤྲཱི་བྷ་ག་ཝཱན། ཁ་ཁ་ཁཱ་ཧི། ཞེས་དང་། བཛྲ་པུཥྤེ་ཨཱཿཧཱུྃ། བཛྲ་དཱི་པེ་ཨཱཿཧཱུྃ། བཛྲ་དྷཱུ་པེ་ཨཱཿཧཱུྃ། བཛྲ་གནྡྷེ་ཨཱཿཧཱུྃ། བཛྲ་ནཻ་ཝིདྱ་ཨཱཿཧཱུྃ། བཛྲ་ས་མ་ཡེ་སྭཱ་ཧཱ། བཛྲ་ཤཔྟ་ཨཱཿཧཱུྃ། ཞེས་མཆོད་ནས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཀྱི་སྦུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་གྱུར་པར་བསམས་ལ། ༀ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨཱཿཛ་ཧཱུྃ་བཾ་ཧོཿསུ་ར་ཏ་སྟཾ། ལན་བདུན་གྱིས་དགང་གཟར་བཀང་ལ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་མུ་དྲ་པཱུཙྪ་ཧོ། བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་དུ་རྫོགས། །ས་བཅུ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་ནས། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ། །ཞེས་འདོད་གསོལ་སྦྱར་ལ་ལན་གསུམ་འབུལ། དེ་ནས་ཡམ་ཤིང་མར་ཁུ་སོགས་རྫས་གཞན་རྣམས་འཁོར་ལོས་བསྒྱུར་བ་དྲུག་གི་སྤྱི་སྔགས། ༀ་བཛྲ་ས་ཏྭ་མ་ཧཱ་ས་མ་ཡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་ཇི་ལྟར་རིགས་པ་འབུལ་ཞིང་། བཅུ་ཚན་རེའི་མཐར་འདོད་གསོལ་སྔ་མ་བཞིན་སྦྱར། རྫས་རྣམས་རྫོགས་ནས། ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་བྱུང་བ་རང་ལ་ཕོག་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྦྱངས། ས་དང་ལམ་གྱི་ཡོན་ཏན་མཐར་ཕྱིན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བསམ་མོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །ༀ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། ཞེས་གོས་ཟུང་ཕུལ། ༀ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ། སོ་རྩི་དབུལ། སླར་ཡང་། བཛྲ་པུཥྤེ་ཨཱཿཧཱུྃ། སོགས་ཀྱིས་རྣམ་པ་བདུན་ཕུལ། ༀ་ཤྲཱི་བཛྲ་ས་པ་རི་ཝཱ་ར་མ་ཧཱ་བྷ་ལིང་ཏ་ཁཱ་ཧི། མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། བསྟོད་པ་ནི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །འདི་ནི་རང་བྱུང་བཅོམ་ལྡན་འདས། །ཆེ་བའི་ལྷ་ལ་ཕྱག་འཚལ་མཆོད། །འཁོར་བའི་ཉེས་པས་མ་གོས་ཤིང་། །འགྲོ་ལ་རྗེས་སུ་ཆགས་པའི་སྐུ། །ཟླ་བ་ལྟར་དཀར་རྩ་དམར་འགྱིང་། །རྡོར་སེམས་བདེ་བ་ཆེ་ལ་འདུད། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མའི་ལམ་ལ་རབ་འཇོག་པ། །གཏི་མུག་རྒྱ་མཚོ་ཞི་བར་མཛད། །རྒྱལ་བ་རྟག་པ་ལ་ཕྱག་འཚལ། །ཤིན་ཏུ་གདུལ་དཀའ་དྲག་པོ་ལ། །ཞི་བས་ཕན་པར་མི་འགྱུར་བས། །དེ་བཞིན་གཤེགས་ཀུན་ཁྲོ་བོར་གྱུར། །ཁྲག་འཐུང་ལྷ་ཚོགས་ལ་ཕྱག་འཚལ། །ཆགས་ཆེན་རྡོ་རྗེ་ཆོས་ཀྱི་སྐུ། །ལྟ་བ་ངན་རྣམས་སྦྱོང་བའི་ཕྱིར། །སྒྱུ་མ་སྣ་ཚོགས་ཚུལ་སྟོན་པ། །པདྨ་གར་དབང་ལ་ཕྱག་འཚལ། །ཡིད་བཞིན་ནོར་བུ་སྦྱིན་པ་པོ། །སེར་སྣ་ཟིལ་གནོན་འགྲོ་བ་སྒྲོལ། །བསམ་པ་ཐམས་ཅད་རྫོགས་མཛད་པ། །རྡོ་རྗེ་ཉི་མ་ལ་ཕྱག་འཚལ། །རྡོ་རྗེ་ལས་ནི་བརྩོན་འགྲུས་ཆེ། །ཁྲོ་དང་ང་རྒྱལ་ལེ་ལོ་འཇོམས། །ཕ་རོལ་གནོན་པ་ཤིན་ཏུ་སྟོབས། །རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ཅིང་ལས་གཞུང་ལྟར་ཚོགས་ཀྱི་འཁོར་ལོས་དགྱེས་པ་བསྐྱེད་ནས། དགང་བླུགས་གསུམ་ཕུལ་རེས། ཧཱུྃ། བྱིན་རླབས་ཀུན་གྱི་རྩ་བ་བླ་མ་ནི། །དངོས་གྲུབ་སྩོལ་ཕྱིར་འཁོར་ལོ་དྲུག་གི་ལྷ། །རྣམ་ཐར་སྒོ་གསུམ་ཐུགས་ཀྱི་དཀྱིལ་འཁོར་ནས། །རང་བཞིན་ཡོངས་གྲུབ་བྱང་ཆུབ་སེམས་ཀྱི་དངོས། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ། །ས་བཅུ་ལམ་ལྔ་དབང་བཅུ་ཕྱི་ནང་གཉིས། །རིག་འཛིན་བཞི་དང་སྐུ་ལྔ་ཡེ་ཤེས་ལྔ། །གྲུབ་པ་བརྒྱད་དང་ཕྲིན་ལས་རྣམ་པ་བཞི། །འཁོར་བའི་རང་བཞིན་གློ་བུར་སྒྲིབ་པ་གཉིས། །ཀུན་གཞིའི་ཁམས་ལ་བག་ལ་ཉལ་གྱི་ཚུལ། །ཤིན་ཏུ་རྣམ་དག་རྣམ་ཀུན་མཆོག་ལྡན་གྱི། །དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ། །རྩ་སྔགས་མཐར། དྷརྨ་ཀཱ་ཡ། སཾ་བྷོ་ཀཱ་ཡ། ནིརྨཱ་ཀཱ་ཡ་ཙིཏྟ་སིདྡྷི་ཕ་ལ་ཧཱུཾ། དངོས་གྲུབ་བླང་། སླར་ཡང་གཏང་རག་གི་མཆོད་པ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། བཛྲ་དི་པཾ་ཨཱཿཧཱུཾ། བཛྲ་དྷུ་པེ༴ བཛྲ་གནྡྷེ༴ བཛྲ་ནཻ་ཝིཏྱ༴ བཛྲ་ས་མ་ཡེ་སྭཱ་ཧཱ། བཛྲ་ཤབྡ་ཨཱཿཧཱུཾ། ཞེས་མཆོད། བསྟོད་པ་ནི། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བརྗོད་ཅིང་། ཡི་གེ་བརྒྱ་པས་ནོངས་པ་བཟོད་པར་གསོལ་ཞིང་། སྔར་ལྟར་མེ་ཏོག་གིས་སྤྱན་དྲངས་ཏེ། དཀྱིལ་འཁོར་པའི་ལྷ་ཚོགས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས། གཞལ་ཡས་ཁང་དང་བཅས་པ་རང་ལ་ཐིམ་པར་གྱུར། སྒྲུབ་མཆོད་རབ་གནས་སོགས་དང་མ་འབྲེལ་བའི་སྲེག་རྐྱང་གི་ཚེ་གོང་གི་ཚབ་ཏུ། ༀ། ཁྱེད་ཀྱིས་སེམས་ཅན༴ སོགས་ཀྱིས་གཤེགས་གསོལ་དང་དམ་ཚིག་པ་རང་ལ་བསྟིམ། སླར་ཡང་། ༀ་ཨགྣི་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་བླུགས་གཟར་གྱི་མེ་གསོས་ནས། ༀ་ཨགྣེ་དེ་བི་ར་ཥི་ཧ་བྱ་ཀ་བྱ་དེ་བྱ་བདག་ཅག་དཔོན་སློབ་རྣམས་ཀྱི་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྫས་ལྷག་མ་རྣམས་ཕུལ། བཛྲ་ཏཾ་བུ་ལས་སོ་རྩི་ཕུལ། བཛྲ་ཝསྟྲས་མེ་དར་འབུལ། ༀ་ཨགྣེ་དེ་ཝ་རི་ཥི་ཨརྒྷཾ༴ སོགས་ཀྱིས་ཉེར་སྤྱོད་དང་། ༀ་ཨགྣེ་དེ་ཝ་རི་ཥི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། སྨན་མཆོད། མ་ཧཱ་རཀྟས་རཀྟ་མཆོད། མེ་སྟེ་སྲེག་བྱས་བསྟོད། མ་བརྙེད་ཡོངས་སོགས་ཀྱིས་བཟོད་པར་གསོལ། བཛྲ་མུཿས་ཡེ་ཤེས་པ་རང་གནས་སུ་གཤགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ། གསུམ་པ་རྗེས་ཀྱི་རིམ་པས་མཇུག་བསྡུ་བ་ནི། བསྔོ་སྨོན་དང་། ཤིས་བརྗོད་སྤྱི་ཁྱབ་ལྟར་བྱ་ཞིང་། སྲེག་རྐྱང་གི་ཚེ་བདག་བསྐྱེད་ཀྱི་མཇུག་ཆོག་ཀྱང་བྱའོ། །སྦྱིན་སྲེག་གི་མེ་རང་ཞིར་འཇོག་པའམ། ལོང་ཁྱབ་ཀྱིས་མ་ཁམས་ན་འོ་མ་དང་དྲི་བཟང་པོའི་ཆུས་གཞིལ་ནས། ཐལ་བ་འབབ་ཆུའམ་རི་མཐོན་པོའི་རྩེར་བསྐྱལ་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལྟར་མཆོག་གི་སྦྱིན་སྲེག་མཉམ་སྦྱོར་ལ་བརྟེན་པ་འདི་ནི་སྒྲུབ་མཆོད་ཆེན་མོའི་སྐབས་སུ་ཉེ་བར་མཁོ་བར་མཐོང་ནས་ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་ལས་ཚིག་ཕྲད་ཅུང་ཟད་བསྒྱུར་ནས་རིག་འཛིན་ཚེ་དབང་མཆོག་གྲུབ་ཀྱིས་བཀླག་ཆོག་མར་བཀྲལ་བ་དགེ་བར་གྱུར་ཅིག །མངྒ་ལཾ།།

དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དབང་གི་ཆོ་ག་བྱིན་རླབས་ཆར་འབེབས་འགྱུར་མེད་རྡོ་རྗེ།

དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དབང་གི་ཆོ་ག་བྱིན་རླབས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དབང་གི་ཆོ་ག་བྱིན་རླབས་ཆར་འབེབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདེ་ཆེན་འགྱུར་མེད་དཔལ་ལྡན་རྡོ་རྗེ་འཆང་། །སྟོང་ཉིད་ཀུན་བཟང་དགའ་མར་མཉམ་སྦྱོར་བའི། །རྣམ་རོལ་རིགས་དྲུག་འཁོར་ལོའི་ཕྱག་རྒྱ་ཡིས། །སྲིད་ཞིར་རྒྱས་འདེབས་དཔལ་ལྡན་བླ་མར་འདུད། །སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ཡི། །སྙིང་པོའི་དཀྱིལ་འཁོར་མཆོག་ཏུ་བཀྲི་བའི་ཐབས། །དབང་བསྐུར་ཆོ་ག་དམ་པའི་ཞལ་ལུང་བཞིན། །བྱིན་རླབས་ཆར་དུ་འབེབས་པའི་དཔྱིད་དུ་སྤེལ། །དེ་ཡང་འདིར་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་བྱ་བའི་རིམ་པ་ནི། དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དེ་ཡང་། ས་གཞི་སྟ་གོན་གནས་པ་དང་། །གཟུགས་བརྙན་དཀྱིལ་འཁོར་རྩོལ་སྒྲུབ་ཅིང་། །འཇིག་པ་སྦྱིན་སྲེག་གཏོར་མའི་ལས། །རབ་གནས་དབང་བསྐུར་ལ་སོགས་རྣམས། །བདག་གཞན་སྨིན་ཅིང་གྲོལ་བའི་ཕྱིར། །དམ་པའི་ལུང་བཞིན་སྒྲུབ་པར་བྱ། །ཞེས་གསུངས་པ་བཞིན་ཤེས་པར་བྱས་ལ། སའི་ཆོ་ག་དང་སྟ་གོན་གྱི་ཆོ་ག་གཞན་དང་། དཀྱིལ་འཁོར་འདུ་བྱ་བ་དང་། སྒྲུབ་ཅིང་མཆོད་པ་ལ་སོགས་རྣམས་ཀྱི་དཀྱིལ་ཆོག་ལས་ཤེས་པའི་དབང་དུ་བྱས་ནས། འདིར་སློབ་མར་དབང་བསྐུར་བའི་ཆོ་ག་ལ། སྦྱོར་བ་སྟ་གོན་གྱི་ཆོ་ག་དང་། དངོས་གཞི་དབང་བསྐུར་བའི་ཆོ་གའོ། །དང་པོ་ནི། ལྷ་སྟ་གོན་གྱི་རྗེས་སམ། དེ་དང་བུམ་པ་སྟ་གོན་སྦྲེལ་བའི་རྗེས་ཉིད་དུའམ། དངོས་གཞིའི་དཀྱིལ་འཁོར་བཤོམ་བཀོད་ཟིན་ནས་ནང་པར་དཀྱིལ་འཁོར་དུ་འཇུག་པ་བྱེད་རྒྱུའི་ཉིན་སྔ་མའི་དགོང་ཁའི་དུས་སུ་བྱེད་ཀྱང་རུང་སྟེ། དེ་ལྟར་ན་དཀྱིལ་འཁོར་སྒྲུབ་རྫས་རྣམས་ཡོལ་བས་བསྒྲིབས་ཏེ་མི་མཐོང་བར་བྱས། སློབ་དཔོན་གྱི་ཉེ་ལོགས་སུ། སོ་ཤིང་། ཁྱོར་ཆུ། སྲུང་སྐུད། ཀུ་ཤ །ཚོམ་བུའི་མཎྜལ། སྤོས། མེ་ཏོག །མར་མེ། དྲི་དང་བཅས་པ་རྣམས་བཤམས་ནས། ཆོ་ག་དངོས་ལ་བཅུ་གསུམ་ལས། དང་པོ་སྤྲོ་བ་བསྐྱེད་པ་ནི། མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། དེ་ནས་སློབ་དཔོན་གྱིས་ཆོས་བཤད་ཐུན་མོང་བ་རྣམས་སྔོན་དུ་འགྲོ་བས། མཚམས་སྦྱོར་གྱི་ཁྱད་པར་འདི་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ་ལས། སྐུའི་རྒྱུད་ཐམས་ཅད་ཀྱི་གཞི་དང་རྩ་བར་གྱུར་པ་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་ཆོས་ཀྱི་རྣམ་གྲངས་ཏེ། དེ་ལའང་སྨིན་གྲོལ་གྱི་རིམ་པ་གཉིས་སུ་ཡོད་པ་ལས། འདིར་སྨིན་བྱེད་ཀྱི་དབང་ཉིད་བསྐུར་བ་སྐབས་སུ་བབས་པ་ཡིན་ཞིང་། དབང་དེ་ལའང་སྦྱོར་དངོས་རྗེས་གསུམ་ལས་སྐབས་འདིར་སྦྱོར་བ་སྟ་གོན་གྱི་བྱེ་བྲག་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་སྒྲུབ་པར་བྱེད་པ་ཡིན་པས། དེའི་སླད་དུ་ཐོག་མར་ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་དུས་གསུམ་དང་འབྲེལ་བའི་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་གཅིག་ཏུ་བསྡོམས་ནས་འབུལ་བའི་མོས་འདུན་བགྱིས་ཏེ་ཞིང་ཁམས་འབུལ་མཛོད། ཅེས་མཚམས་སྦྱར་ཏེ། ཕྱག་སྔོན་དུ་འགྲོ་བས་མཎྜལ་ཕུལ་ནས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་འདུག་པ་ལ་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱའོ། །བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་གནས་བཞུགས་པ། །དེ་ཀུན་གསང་སྔགས་ཟབ་མོ་ཡི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །བཅོམ་ལྡན་རིགས་དྲུག་དཀྱིལ་འཁོར་གྱིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་མཐའ་དག་རྣམ་བཅོམ་པས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ། དེ་རྣམས་ཀྱི་དོན་ཡང་བཤད། གཉིས་པ་རྗེས་སུ་གདམས་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་སྐྱབས་སུ་འགྲོ་བར་གྱིས། །རྣལ་འབྱོར་མཁའ་འགྲོ་གསང་སྔགས་ཅན། །རིགས་ཀྱི་དཀྱིལ་འཁོར་སོ་སོའི་ཕྱིར། །འཁོར་ལོར་བཞུགས་པའི་བདག་ཉིད་རྣམས། །ཀུན་ལ་སྐྱབས་སུ་འགྲོ་བར་གྱིས། །དཔའ་བོ་དཔའ་མོ་འཁོར་བཅས་དང་། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །ཁྱོད་ཀྱིས་སྐྱབས་སུ་འགྲོ་བར་གྱིས། །ཞེས་གདམས། གསུམ་པ་དམ་འཆའ་བ་ནི། མ་ལུས་ཕྱོགས་ན་བཞུགས་པ་ཡི། །དཀྱིལ་འཁོར་བདག་ལ་དགོངས་སུ་གསོལ། །བདག་གིས་དུས་འདི་ནས་བཟུང་སྟེ། །ཇི་སྲིད་སྙིང་པོར་བྱང་ཆུབ་བར། །དེ་ཡི་ཚངས་སྤྱོད་གཉིས་མེད་པར། །བདག་གིས་སྡོམ་པ་མ་ལུས་བཟུང་། །ཞེས་དམ་འཆའ། བཞི་པ་ཚོགས་བསགས་པ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་པོ་བཟུང་བར་བགྱི། །བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་སྩལ་རྗེས་སུ་ཡི་རང་བ། །མགོན་པོའི་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །རྒྱས་བ་སྲས་བཅས་ཐམས་ཅད་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །བསྒོམ་བཟླས་ལ་སོགས་བསོད་ནམས་ལ། །དད་པས་རྗེས་སུ་ཡི་རང་ངོ་། །སེམས་ཉིད་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བྱེད་ཅིང་། །ཚོགས་སྤྱོད་བྱང་ཆུབ་སེམས་དཔའ་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །སངས་རྒྱས་རྣམས་འབྱུང་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་ཐུགས་མཆོག་རྒྱ་ཆེན་པོ། །འགྲོ་བ་རྒྱ་ཆེན་དོན་ལ་དམིགས། །མ་ལུས་ཕྱོགས་བཞུགས་དཀྱིལ་འཁོར་གྱི། །མགོན་རྣམས་བདག་ལ་དགོངས་སུ་གསོལ། །དུས་འདི་ཉིད་ནས་སངས་རྒྱས་བར། །བླ་མེད་རྒྱ་ཆེན་དད་པས་གཟིགས། །ཞེས་ལན་གསུམ་གྱིས་རྒྱུད་དག་པར་བྱའོ། །ལྔ་པ་སྡོམ་པ་བཟུང་བ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་བཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་གྲོལ་བར་ནི་དགྲོལ་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་བྱིན་པ་དབྱུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་དང་། དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་སངས་རྒྱས་མྱུར་འགྲུབ་ནས། །འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་འགོད་པར་བགྱི། །ཞེས་ལན་གསུམ་གྱིས་སྡོམ་པ་བཟུང་ངོ་། །དྲུག་པ་བྱིན་གྱིས་བརླབ་པ་ནི། སློབ་མའི་གནས་གསུམ་དུ་དྲི་བཟང་གི་ཆུས་ཐིག་ལེ་བྱས་ཏེ། སྤྱི་བོར་འཁོར་ལོར་ལྟེ་བར་ༀ་དཀར་པོ། མགྲིན་པར་པདྨའི་ལྟེ་བར་ཨཱཿདམར་པོ། སྙིང་གར་རྡོ་རྗེའི་ལྟེ་བར་ཧཱུཾ་སྔོན་པོས་མཚན་པ་དང་། སླར་ཡང་རྡོ་རྗེས་རེག་ནས། ༀ་ཨཱཿཧཱུཾ་གིས་ལྷ་གནས་བྱས་ཏེ་བརྟན་པར་བྱའོ། །བདུན་པ་མཆོད་པ་ནི། དེ་ལྟར་བྱིན་གྱིས་བརླབས་པ་ནི་མཆོད་པའི་གནས་སུ་གྱུར་པ་ཡིན་པས་དེའི་སྤྱི་བོར་མེ་ཏོག །མདུན་དུ་སྤོས་དང་མར་མེ། སྙིང་གར་དྲི་རྣམས་ཕུལ་བར་མོས་ལ། ༀ་པ་ན་བེཾ་པེ་ནུ་སུ་ར་ཏོ་ཏི་པུ་ར་མུཿསརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ་ས་མ་ཡོ་ཏ་མི་སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱི། གནྡྷེ་གན། ཞེས་སོ་སོའི་སྔགས་ཀྱིས་དབུལ་ལོ། །བརྒྱད་པ་སོ་ཤིང་སྦྱིན་པ་ནི། དངོས་གྲུབ་ཀྱི་ལྟས་བརྟགས་པའི་ཕྱིར། བླ་མའི་མདུན་གྱི་ས་དེར་བ་བྱུང་ལྔས་ཁྲུ་གང་གྲུ་བཞིར་བྱུགས་པའི་མཎྜལ་ལ་མེ་ཏོག་གི་ཚོམ་བུ་དགུ་བཀོད་ནས་སློབ་མ་ཁ་ཤར་དུ་ཕྱོགས་པ་ལ། ཨུ་དུམྺ་ར་ལ་སོགས་འོ་མ་ཅན་གྱི་སོ་ཤིང་སྲིན་བུག་མེད་པ་སོར་བཅུ་གཉིས་པའི་རྩེ་མོར་མེ་ཏོག་བཅིངས་པ་རིགས་སྔགས་ཀྱི་བྱིན་གྱིས་བརླབས་ནས་དངོས་གྲུབ་ཀྱི་དམོད་བཅུག་སྟེ་གཏད་ལ། དེས་ཀྱང་སོ་ཤིང་གི་རྩེ་མོས་སོ་དྲུག་ཅིང་། གཞན་དུ་མི་ལྟ་བར། ༀ་བཛྲ་ཧཱ་ས་ཧཱ། ཞེས་བརྗོད་ཅིང་ཚོམ་བུའི་སྟེང་དུ་དོར་བས། མེ་ཏོག་གིས་བཅིངས་པའི་རྩེ་མོ་བདག་དང་སྟེང་ངོས་སུ་བལྟས་ན་དངོས་གྲུབ་མཆོག །གཞན་དུ་འབྲིང་། མཚམས་དང་བྱང་དུ་འཇིག་རྟེན་པ། འོག་ཏུ་ས་འོག་དང་། ཕྱོགས་བཞིར་ཞི་སོགས་ཀྱི་དངོས་གྲུབ་འགྲུབ་པར་ལུང་བསྟན་ནོ། །དགུ་པ་ཁྱོར་ཆུ་བླུད་པ་ནི། རྨི་ལམ་གསལ་བའི་ཕྱིར། ལས་ཐམས་ཅད་པ་བཟླས་པའི་དྲི་བཟང་གི་ཆུ་ལག་པར་སྦྱིན་ཏེ། ༀ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨཱ་པཱ་པཾ་ནི་ཙཱ་ཤྱ་བི་ཤོ་དྷ་ཡ་སརྦ་བི་ཀལྤ་ཨ་པ་ནཱ་ཡ་ཧཱུཾ། ཞེས་བརྗོད་ནས། ཁྱོར་བ་དང་པོས་ཁ་བཤལ། གཉིས་པ་འཐུང་། གསུམ་པ་གཏོར་བར་བྱའོ། །བཅུ་པ་ཀུ་ཤ་གཏོད་པ་ནི། རྨི་ལམ་རྣོ་བར་བྱ་བའི་ཕྱིར་ཀུ་ཤ་སྔོ་ལྗང་རྩེ་མོ་མ་ཉམས་པ་ཆེ་ཆུང་གཉིས། ཧཱུཾ་ཨཿ ༀ་ཨ། ཧི་ཨ། ཧྲཱིཿཨ། ཏྲཾ་ཨ། ཧཱཾ་ཨ། སརྦ་ཏུརྟེ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབས་པ་སྔས་དང་སྟན་དུ་སྦྱིན་ནོ། །བཅུ་གཅིག་པ་སྲུང་སྐུད་གདགས་པ་ནི། རྨི་ལམ་གྱི་བར་ཆད་བསལ་བའི་ཕྱིར་སྲུང་སྐུད་སྲིད་དུ་ལུས་ཚད་སུམ་སྒྲིལ་སྤོམས་སུ་ཀུ་ཤའི་སུམ་འགྱུར་རྡོ་རྗེའི་མདུད་པ་གསུམ་ལྡན་དང་རིགས་ཀྱི་སྔགས་དང་འབྲུ་གསུམ་གྱིས་བསྔགས་པ་ཕོའི་དཔུང་པ་གཡོན་དང་མོའི་གཡས་སུ་བཅིངས་ཏེ་ཆུ་དང་བཅས་པའི་རྡོ་རྗེ་རྒྱ་གྲམ་དུ་རེག་པས་བསྲུང་བར་བྱའོ། །བཅུ་གཉིས་པ་ཆོས་བཤད་པ་ནི། ཟབ་མོའི་ལམ་ལ་སྤྲོ་བ་བསྐྱེད་པ་དེ་ཉིད་བརྟན་པར་བྱ་བའི་ཕྱིར་ཏེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྺ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རིས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །ཞེས་དང་། བསྡུ་ན། བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པ་གྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །ཞེས་བརྗོད་ནས། མདོར་ན་གསང་སྔགས་ཀྱི་ཚུལ་འདི་ནི་དཀོན་ལ་ཕན་ཡོན་ཆེ་བ་ཡིན་པས་བློ་མ་འགྱུར་བར་ཉམས་ལེན་ལ་བརྩོན་པར་གྱིས་ཤིག །ཅེས་བརྗོད་དོ། །བཅུ་གསུམ་པ་རྨི་ལམ་བརྟགས་པ་ནི། སྟ་གོན་གྱི་གནས་དེ་ཉིད་དུ་མཆོད་གཏོར་ཕུལ་ནས་སྔར་གྱི་ཀུ་ཤའི་སྔས་སྟན་ལ་མི་སྨྲ་ཞིང་དགེ་བའི་སེམས་ཀྱིས་སེངྒེའི་ཉལ་སྟབས་ཀྱིས་ཉལ་ནས་རྨི་ལམ་བརྟག་ཏུ་བཅུག་ནས། སློབ་དཔོན་ནང་དུ་ཞུགས་ཏེ་མཉམ་པར་བཞག་ལ་དཀྱིལ་འཁོར་ལ་མཆོད་བསྟོད་བྱ། ནངས་པར་རྨི་ལམ་དྲིས་ཏེ་བཟང་ན་དངོས་གྲུབ་ལུང་བསྟན་ཅིང་སྤྲོ་བ་བསྐྱེད། ངན་ན་སྦྱིན་སྲེག་དང་གཏོར་མ་དང་སྔགས་དང་ཕྱག་རྒྱས་སྦྱང་ཞིང་བ་བྱུང་དང་དྲི་བཟང་གི་ཆུ་སྔགས་ཀྱིས་སྦྱངས་བས་བཀྲུ། ནམ་མཁའ་དབྱིངས་ཕྱུག་མའི་ཕྱག་རྒྱ་དང་། ༀ་དྷརྨཱ་དྷ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་བྱིན་གྱིས་བརླབ་པར་བྱ་སྟེ། དེ་དག་ནི་སྟ་གོན་གྱི་ཆོ་གའོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ། དཀྱིལ་འཁོར་འདུ་བྱ་བ་དང་། སྒྲུབ་ཅིང་མཆོད་པ། བདག་ཉིད་འཇུག་པ། སློབ་མར་དབང་བསྐུར་བ་དང་བཞི་ལས། དང་པོ་གཉིས་དཀྱིལ་ཆོག་ལས་ཤེས། གསུམ་པ་བདག་ཉིད་འཇུག་པ་ནི། སྒྲུབ་མཆོད་ཀྱི་དགོང་ཀའི་དུས་སུ་བདག་ཉིད་བསྲུང་ཞིང་ཁྲུས་བྱ། དྲིས་བྱུགས། རྒྱན་བཏགས་ནས་སྟན་ལ་འཁོད་དེ། སློབ་དཔོན་གྱི་བྱ་བ་རྣམས་བླ་མ་དང་ཐ་མི་དད་པའི་དཀྱིལ་འཁོར་གྱི་གཙོ་བོས་མཛད་པར་བསམ་སྟེ། འཆད་པར་འགྱུར་བ་བཞིན་འཇུག་པ་ནས་བརྩམས་ཏེ། དབང་རྫོགས་པར་བླང་ཞིང་། མིག་དར་འཆིང་གྲོལ་སོགས་ནི། གཙོ་བོ་ལས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་ལས་ཀྱི་རྡོ་རྗེའི་ཚུལ་དུ་དབྱེ་བས་མཛད་པར་བསམ་མོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་འདོད་ཆགས་ཆེན་པོ་ལས་བྱུང་བའི་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་རང་བཞིན་ཅན་གཟུགས་བརྙན་བཞིན་ཤེས་ནས་སློབ་མ་གཞུག་པའི་ཕྱིར། ༀ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོགས་མ་མཐའ་མ་མེད་པའི་དབྱིངས། །རྡོ་རྗེ་སེམས་དཔའ་ཆེ་རང་བཞིན། །རིགས་མཆོག་མགོན་པོར་བདག་སྒྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མི་མངའ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དག་པ་སྟེ། །བཅོམ་ལྡན་དེ་ཉིད་ཀྱིས་སྒྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་གྱི་བདག །བྱང་ཆུབ་མཆོག་ཏུ་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་རྒྱལ། །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་ཅན་བདག་ཏུ་སྒྲུབས་ཤིག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་བྲལ་བའི་དམ་ཚིག་མཆོག །ཅེས་དང་། ༀ་ཨཱཿཧཱུཾ་གིས་མཆོད་སྤྲིན་སྤྲུལ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བནྡྷ་ནཾ་ཀ་རོ་མི། ༀ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ༀ་བཛྲ་པུཥྤེ་ༀ། ༀ་བཛྲ་དྷཱུ་པེ་ཧཱུཾ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ༀ་བཛྲ་གནྡྷེ་ཧཱཾ། ༀ་བཛྲ་ནཻ་ཝི་དྱཱ་ཏྲཾ། ཨཱོཾཿབཛྲ་ཨ་ཧ་ར་ཧྲཱིཿ ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ཨ་ལངྐ་ར་པ་ན་བཻ་ཧཱུཾ་སྭཱ་ཧཱ། བྷྱོ་དྷྱཾ་རཏྣ་མེ་གྷ་སྥ་ར་ཎ་ཧཱུཾ། ༀ་ན་མཿསརྦ་པཉྩ་རཱ་ས་ཡ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ། བླ་མ་སངས་རྒྱས་ཆོས་དགེ་འདུན། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །རྣམ་ཀུན་བཏུད་དེ་སྐྱབས་མཆི་ཞིང་། །མཆོད་འོས་གཞན་ལའང་ཕྱག་འཚལ་བསྟོད། །ཅེས་གླུ་གར་མཆོད་བསྟོད་དང་བཅས་པས་མཉེས་པར་བྱས་ནས། སླར་ཡང་། ཤེས་རབ་ཐབས་བདག་དཀྱིལ་འཁོར་མཆོག །བདེན་པའི་བྱིན་རླབས་ཆེན་པོ་ཡིས། །མགོན་ཚོགས་སྤྲུལ་པའི་དཀྱིལ་འཁོར་གྱི། །འདོད་པ་ཐམས་ཅད་སྐོང་བྱེད་ཤོག །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་འཛིན་རབ་སྤངས་བརྗོད་དུ་མེད། །རྒྱུ་དང་རྐྱེན་ལས་བྱུང་བ་དག །ཆོས་ཉིད་དེ་བཞིན་ཉིད་ལས་བྱུང་། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བ་དྲི་མེད་གནས། །སེམས་ཅན་ཀུན་གྱིས་མཐོང་བར་ཤོག །ཅེས་བདེན་པའི་སྟོབས་བརྗོད་དེ་དངོས་གྲུབ་གསོལ་བར་བྱའོ། །བསྡུ་ན། ཤེས་རབ་ཐབས་བདག་ཅེས་པས་མན་ཆད་བརྗོད་པས་ཀྱང་ཆོག་གོ། །ཡང་ན། ༀ་བཛྲ་ས་མ་ཡ་ༀ། ཨཱཾ་བཛྲ་ས་མ་ཡ་ཨཱཾཿ ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་རིག་པའི་མེ་ཏོག་དོར་ནས། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་ཧཱུཾ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧོཿ ཞེས་པས་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ནས་སློབ་མ་གཞུག་པར་གསོལ་བ་གདབ་པ་ཉིད་ཀྱིས་ཀྱང་འགྲུབ་སྟེ། རིགས་མཐུན་གྱི་གསང་བ་སྤྱིའི་ཆོ་ག་ཡིན་པའི་ཕྱིར་རོ། །བཞི་པ་སློབ་མར་དབང་བསྐུར་བ་ལ་འཇུག་པ་དང་། དབང་བསྐུར་བ་དངོས། འཇུག་པ་ལ་ཕྱི་ནང་གཉིས་ཀྱི་ཕྱི་འཇུག་ལ་བཞི་ལས། དང་པོ་ནི། ཡོལ་བའི་ཕྱི་རོལ་དུ་རྒྱུད་དག་པའི་སློབ་མ་རྣམས་ལས་བུམ་གྱི་ཆུས་བསང་། མེ་ཏོག་ལ་སོགས་མཆོད་པ་བཞིས་མཆོད་ནས། འོ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སངས་རྒྱས་ཆོས་ཀྱི་སྐུ་གང་ཞིག་ཚེ་འདིར་མངོན་དུ་བསྒྲུབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་དབང་གི་རིམ་པ་རྣམས་ལེགས་པར་ནོད་ནས་ལམ་ཟབ་མོ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་བླང་དོར་མ་འཛོལ་བར་བགྱིས་ཏེ། ལེགས་པར་གསན་འཚལ། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱང་སྤྱིར་བདག་ཅག་གི་སྟོན་པ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་སེམས་ཅན་རྣམས་ཀྱི་ཁམས་དང་། དབང་པོ་དང་། བསམ་པའི་རྗེས་སུ་འགྲོ་བའི་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་ཞིག་བསྐོར་བར་མཛད་པ་ཡིན་ཡང་། རེ་ཞིག་སྤང་གཉེན་གྱི་སྒོ་ནས་བསྡུ་ན། གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པའི་བྱེ་བྲག་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོའང་དེ་སྙེད་གཅིག་ཏུ་གྲངས་ངེས་པ་ཡིན་ཏེ། དེ་སྐད་དུའང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །མདོར་ན་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཀུན། །ཉོན་མོངས་འདུལ་བའི་གཉེན་པར་གསུངས་པར་ཟད། །ཅེས་གསུངས་པར་ལྟར་རོ། །དེ་ཡང་གཞུང་དང་མན་ངག་ཙམ་གྱི་སྒོ་ནས་བསྡུ་ན། གཞུང་མཚན་ཉིད་ཕར་ཕྱིན་གྱི་ཐེག་པ་དང་། མན་ངག་གསང་ཆེན་རྡོ་རྗེའི་ཐེག་པ་གཉིས་སུ་འདུ་བ་ཡིན་ཏེ། དེ་ཉིད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུངས་པ་ལྟར་ལས། འདིར་སྐབས་སུ་བབས་པ་ནི། ཚུལ་གསུམ་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་བཤད་པ་ལྟར་ཁྱད་ཆོས་བཞིའི་སྒོ་ནས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེའི་ཐེག་པ་ཉིད་ཡིན་ཞིང་། དེ་ལ་ཡང་ཤེས་བྱེད་རྒྱུད་སྡེའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་ལྟ་སྤྱོད་ཙམ་གྱི་སྒོ་ནས་བསྡུ་ན། སྤྱོད་པ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་དང་། ལྟ་བ་གཙོ་བོར་སྟོན་པ་རྣལ་འབྱོར་གྱི་རྒྱུད་དེ་གཉིས་སུ་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་འདུ་བ་ལས། འདིར་ཕྱི་མ་སྟེ། དེར་ཡང་རྣལ་འབྱོར་གྱི་རྒྱུད་ཙམ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་གཉིས་སུ་ཡོད་པ་ལས། ༈ །འདི་ནི་རྣལ་འབྱོར་བླ་ན་མེད་པ་ལ་ནང་གསེས་བསྐྱེད་རྫོགས་རྫོགས་ཆེན་གསུམ་སྟོན་པའི་གཞུང་རྒྱུད་ལུང་མན་ངག་གསུམ་ཡོད་པའི་དང་པོ་རྒྱུད་མ་ཧཱ་ཡོ་ག ༈ །དེ་ལའང་བསྐྱེད་རིམ་ཐབས་ཀྱི་ཆ་དང་རྫོགས་རིམ་རླུང་གཙོ་བོར་བྱེད་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་མ་ཧཱ་སྟེ་ཕ་རྒྱུད་གསང་བ་འདུས་པ་ལ་སོགས་པ་དང་། བསྐྱེད་རིམ་གྱི་སྤྲོས་པ་ཤས་ཆུང་ཞིང་ཤེས་རབ་རྫོགས་པའི་རིམ་པ་ཁམས་བྱང་ཆུབ་ཀྱི་སེམས་ཐེག་ལེ་གཙོ་བོར་བྱེད་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཚུལ་དུ་ཉམས་སུ་ལེན་པ་མ་ཧཱའི་ཨ་ནུ་སྟེ་མ་རྒྱུད་སངས་རྒྱས་མཉམ་སྦྱོར་དང་དཔལ་ཡང་དག་ལ་སོགས་པ་དང་། བསྐྱེད་རྫོགས་ཟུང་དུ་འཇུག་ཅིང་དེའང་རྫོགས་རིམ་རྩ་ཐིག་རླུང་གསུམ་ལས་བསྐྱེད་པའི་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཁྱད་པར་འོད་གསལ་ཡེ་ཤེས་ཆེན་པོ་ལ་གཙོ་བོར་བྱེད་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་ཨ་ཏི་སྟེ་གཉིས་མེད་ཀྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་ལས། འདིར་སྔ་འགྱུར་བཀའ་མའི་བཀའ་སྲོལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ་ལས་སྐུའི་རྒྱུད་ཐམས་ཅད་ཀྱི་གཞི་དང་རྩ་བར་གྱུར་པ་མ་ཧཱའི་ཨ་ནུ་སྟེ་རྣལ་འབྱོར་མའི་རྒྱུད་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེ་ལ་དབང་གི་ངོ་བོ་ནི། རྒྱུ་གཉིས་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས། རྒྱུད་ཀྱི་དྲི་མ་བྱང་བའམ་ཉམས་སྨད་པར་བྱས་ཤིང་། ཐར་པའི་མྱུ་གུ་མངོན་དུ་སྐྱེས་པའམ། སྐྱེ་ངེས་ཀྱི་ས་བོན་ཁྱད་པར་ཅན་གསོས་ཐེབས་པས་ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་མཐུ་ཅན་དུ་སྨིན་པར་བྱས་པ་སྟེ། ས་བོན་གསོས་ཐེབས་པའི་ཆ་དེ་སྔགས་ཀྱི་སྡོམ་པའང་ཡིན་ལ། དམ་ཚིག་ཀྱང་ཡིན་ནོ། །ངེས་ཚིག་ནི་ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན། མངོན་པར་གཏོར་བས་ན་དབང་སྟེ། སྦྱང་བྱ་སྒོ་གསུམ་གྱི་དྲི་མ་གཏོར་ཞིང་འཁྲུད་པར་བྱེད་པའི་ཕྱིར། ཡང་མངོན་པར་བླུགས་པས་ན་དབང་སྟེ། ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ཕྱིར། དེ་ལྟར་ཡང་བརྟག་གཉིས་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས། དབྱེ་ན། ཕྱི་ཡི་དབང་དང་། ནང་གི་དབང་དང་། གསང་བའི་དབང་དང་། གསང་ཆེན་གྱི་དབང་སྟེ་བཞིའོ། །དེ་ཡང་དབང་བསྐུར་བ་ནི་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ལ། དེ་ལའང་རྡོ་རྗེ་རྩེ་མོ་ལས། སེམས་ཅན་ཤིན་ཏུ་གདུལ་དཀའ་གང་། །སྡོམ་པ་འཛིན་པར་མི་བྱེད་ཅིང་། །དད་དང་ལྡན་པ་མེད་པ་ཡང་། །འཇུག་པ་ཉིད་ནི་དགག་མི་བྱ། །ཞེས་པས་རེ་ཞིག་དབང་གི་སྣོད་དུ་མ་གྱུར་པའི་གང་ཟག་ཡིན་ནའང་། དཀྱིལ་འཁོར་དུ་བཅུག་པ་ཙམ་ལ་འགལ་བ་མེད་པར་གསུངས་མོད། དཀྱིལ་འཁོར་དུ་མ་བཅུག་པ་ལ་དབང་བསྐུར་བ་ནི་ནམ་དུའང་མི་རུང་སྟེ། ཇི་སྐད་དུ། དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་མ་སྨྲ་ཞིང་ཞེས་གསུངས་པའི་ཕྱིར། དེས་ན། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་གཞུག་པར་བྱ། །ཞེས་གསུངས་པ་ལྟར་སྟ་གོན་དུ་གནས་པ་ཡན་ཆད་སོང་ནས། དངོས་གཞི་ལ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ཡོད་པ་ལས། སློབ་དཔོན་གྱི་བགྱི་འོས་དཀྱིལ་འཁོར་བཞེངས་པ། བསྒྲུབ་ཅིང་མཆོད་པ། བདག་ཉིད་དཀྱིལ་འཁོར་དུ་རིག་པས་འཇུག་པ་རྣམས་ཆད་ལྷག་མེད་པར་སྔོན་དུ་གྲུབ། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་དབང་ནོད་པའི་བྱ་བ་གཉིས་ལས། འདིར་འཇུག་པའི་ཡན་ལག་ཁྲུས་དང་བགེགས་བསལ་བ་སྔོན་དུ་སོང་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྗོད་དེ་སློབ་བུས་ཕྱག་བྱས་མཎྜལ་ཕུལ་ཏེ་འདུག་པ་ལ། ཨཱཿཁཾ་ཝི་ར་ཧཱུཾ། ཞེས་པས་མིག་དར་དམར་པོའམ་དཀར་པོས་བཅིངས། སྔགས་དེས་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་གཏད་ནས་ཐེག་པ་ཆེན་པོ་ལ་རྩེ་གཅིག་ཏུ་སེམས་བསྐྱེད་པར་བྱའོ། །གཉིས་པ་ནི། ཀྱེ་བུ་ཁྱོད་ཅི་ལ་དགའ་བས་འདིར་འཇུག་པ་ཡིན། ཞེས་དྲི། དེས་ཀྱང་། བདག་སྐལ་པ་བཟང་པོ་ལ་དགའ་བས་འདིར་འཇུག་གོ། །ཞེས་བརྗོད། སླར་ཡང་། དེ་ཡི་ཁྱོད་ལ་ཅི་ཞིག་བྱ། དྲིས་པ་ན། རྡོ་རྗེ་འཛིན་པའི་དངོས་གྲུབ་འདོད་པའི་ཕྱིར་རོ། །ཞེས་བརྗོད། གསུམ་པ་ནི། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བ་བཏུད་དེ། བདེ་མཆོག་མ་དང་མཉམ་སྦྱོར་བའི། །བདག་གི་སྟོན་པ་དགའ་ཆེན་ཁྱོད། །ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །སངས་རྒྱས་སྐུ་གསུམ་རང་བཞིན་མཆོག །སློབ་དཔོན་མགོན་ལ་བདག་སྐྱབས་མཆི། །སྐལ་བཟང་ལྷ་མོའི་ཚོགས་བཅས་པའི། །དཀྱིལ་འཁོར་ཚོགས་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། བཞི་པ་ནི། སློབ་དཔོན་གྱིས། རྒྱལ་བ་ཀུན་གྱི་གནས་བཞུགས་པའི། །དཀྱིལ་འཁོར་ཆེན་པོ་ཉམས་དགའ་བ། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་བརྗོད་དེ་ཕྱིར་འཇུག་གོ། །གཉིས་པ་ནང་འཇུག་ལ་དྲུག་ལས། དང་པོ་ནི། སྙིང་གར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་ཀྱི་སེམས་རྡོ་རྗེས་མཚན་པར་བསམ་ནས། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏ་ཡ་མི། ཞེས་བརྗོད་དུ་བཅུག་པས་སེམས་བསྐྱེད། ཡང་སྔགས་དེ་ཉིད་བརྗོད་ཅིང་རྡོ་རྗེ་འཛིན་པའི་རྒྱས་སློབ་མའི་ལག་ནས་འཇུས་ཏེ་ནང་དུ་ཁྲིད་པར་མོས་ཏེ་ཡོལ་བ་བསལ། དེ་ཡང་པད་སྐོར་ལན་གསུམ་བྱས་ནས་གཡོན་པའི་ཐལ་མོ་ཁ་སྦུབ་པའི་སྟེང་དུ་གཡས་པའི་ཐལ་མོ་བཀན་མཐེའུ་དང་མཐེ་བོ་བསྣོལ་མར་སྤེལ་བས་རིན་པོ་ཆེའི་ཕྲེང་བ་བཟུང་བའོ། །གཉིས་པ་ནི། དཀྱིལ་འཁོར་གྱི་ཤར་སྒོར་གནས་པས། ཐོག་མ་མེད་དུས་འཁོར་བ་རྣམས། །བདག་གིས་སྡིག་པའི་ལས་གང་བགྱིས། །བགྱིད་སྩལ་ཡི་རང་དུས་འདིར་བཤགས། །ཕྱིན་ཆད་མི་བགྱིའི་སྡོམ་པ་བཟུང་། །རྒྱལ་བ་སྲས་སོགས་དགེ་རྩ་བཞི། །འགྲོ་གཞན་ལེགས་བྱས་གང་ཡིན་པ། །དེ་དག་ཀུན་ལ་རྗེས་ཡི་རང་། །བྱང་ཆུབ་ཆེན་པོར་བདག་གིས་བསྔོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བདག་ནི་དུས་འདིར་སྐྱབས་སུ་མཆི། །ཉོན་མོངས་སྡུག་བསྔལ་བཅད་པ་དང་། །དགེ་བའི་ཚོགས་མང་སྤེལ་བའི་ཕྱིར། །བྱང་ཆུབ་གཉིས་མེད་སེམས་བསྐྱེད་ནས། །འགྲོ་རྣམས་དེ་རིང་དོན་དུ་གཉེར། །སངས་རྒྱས་གྱུར་ནས་བདག་གིས་ནི། །འགྲོ་རྣམས་སྲིད་པའི་གནས་ནས་གདོན། །ཞེས་ལན་གསུམ་མམ། ཡང་ན་རྒྱུན་བཤགས་དང་སྡོམ་བཟུང་སྟ་གོན་གྱི་སྐབས་བཞིན་བྱས་ན་ཡང་ལེགས་སོ། །གསུམ་པ་ནི། རྡོ་རྗེ་མེ་ཏོག་གི་ཕྲེང་བ་དང་བཅས་པ་སྙིང་གར་བཞག་ནས། ༀ། བདེ་གཤེགས་ཀུན་གྱི་ཁྱོད་ཉིད་ནི། །དེ་རིང་བྱིན་གྱིས་བརླབས་པས་ན། །དེ་བཞིན་གཤེགས་པའི་གསང་ཆེན་འདི། །དཀྱིལ་འཁོར་དག་ཏུ་མ་བཞུགས་ཤིང་། །དད་པ་མེད་པའི་མི་རྣམས་ལ། །ནམ་ཡང་སྨྲ་བར་བྱ་བ་མིན། །ༀ་སུ་ར་ཏ་ས་མ་ཡ་སྟྭཾ་ཧོཿ སིདྡྷི་བཛྲ་ས་མ་ཡ་ཐ་སུ་ཁཾ། ཞེས་དང་། སླར་ཡང་། ༀ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་བཞུགས་མཛད་དེ། །གལ་ཏེ་ཚུལ་འདིར་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་གསང་བར་གདམས་ནས། ༀ་མ་ཧཱ་ས་མ་ཡ་ཨུ་ད་ཀ་ཋ། ཞེས་བཟླས་པའི་མནའ་ཆུ་བླུད་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ། བཛྲ་ཨུ་ད་ཀ་ཧྲཱིཿཋཱ། རྡོ་རྗེ་མགོ་བོར་བཞག་ལ། དེ་རིང་ཕྱིན་ཆད་ཁྱོད་ཉིད་ཀྱི། །རྡོ་རྗེ་སེམས་དཔའ་ང་ཡིན་པས། །གང་ཞིག་བསྒོ་བའི་ལས་རྣམས་བྱོས། །ང་ལ་བརྙས་པར་མ་བྱེད་ཅིག །གལ་ཏེ་ཅུང་ཟད་བརྙས་ན་ཡང་། །དུས་མིན་འཆི་ཞིང་དམྱལ་བར་ལྟུང་། །ཞེས་བརྗོད་ཅིང་དམ་ལ་བཞག་གོ། །བཞི་པ་ནི། མཎྜལ་སྔོན་དུ་འགྲོ་བས། རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས། །སྐུ་དང་གསུང་སྤྲུལ་ལས་མཛད་པ། །ཕྱག་རྒྱའི་ཆོ་ག་དེ་དག་གིས། །དེ་རིང་བདག་ལ་དབབ་ཏུ་གསོལ། །ཞེས་གསོལ་བ་གདབ། དེ་ནས་སློབ་མའི་རྐང་མཐིལ་སྙིང་ག་མགྲིན་པ་སྤྱི་བོ་རྣམས་སུ་ཡཾ་རཾ་ལཾ་ཁཾ་ལས་འབྱུང་བ་བཞིའི་དཀྱིལ་འཁོར་སོ་སོའི་ས་བོོན་གྱིས་མཚན་པར་བསམ་ནས། ༀ་སུམྦྷ་ནི་སུམྦྷ་ཧཱུྃ། ཞེས་རྟ་མཆོག་གི་སྔགས་དྲག་ཏུ་བཟླས་པས་བསྲུངས་ལ། བདུད་རྩི་ལྔ་དཔའ་བོ་འབྲུ་དགུས་ལྕེ་ཐོག་ཏུ་བཞག་ནས། སྙིང་གའི་དབུས་སུ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་མམ། གསལ་བར་ནུས་ན། རིགས་དྲུག་གི་འཁོར་ལོ་སྒྱུར་བ་ཡབ་ཡུམ་རྣམས་རྗེས་སུ་ཆགས་པའི་བདེ་བའི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་རིགས་དྲུག་གི་འཁོར་ལོས་སྒྱུར་བའི་རྣམ་པར་སྤྱན་དྲངས་ཏེ་སྙིང་གར་ཐིམ་པར་བསམ་ལ། རྫས་དུད་ཀྱིས་བདུག །རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བ་དང་རོལ་མོ་སྣ་ཚོགས་པའི་སྒྲ་སྦྱར་ཏེ། ༀ་ཛྙཱ་ན་ཨ་བེ་ཤ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུཾ་ཨཱཿཧཱཿཛྷཻ། ཞེས་བརྒྱ་རྩ་སོགས་དྲུག་ཏུ་བརྗོད། དེའི་ཚེ་ལུས་འདར་ཞིང་འཕར་བ་དང་། དྲག་སྔགས་ཀྱི་ཚིག་བརྗོད་པ་དང་། སེམས་ལ་མངོན་ཤེས་འཆར་བ་སྟེ། སྐུ་གསུང་ཐུགས་བབས་པའི་རྟགས་མཐོང་བ་ནས། ༀ་ཨཱཿཧཱུཾ་ཞེས་བརྟན་པར་བྱས་ནས། ཡེ་ཤེས་ཕབ་པའི་བདེ་བ་སྦྱིན་པའི་གར་དང་བཅས་པས། སློབ་མ་དམ་པ་དེང་ཕྱིན་ཆད། །ཕྱག་རྒྱའི་ཡེ་ཤེས་རྗེས་བཟུང་བས། །རྣམ་པར་སྣང་མཛད་མཆོག་བཞིན་དུ། །སངས་རྒྱས་ཀུན་གྱི་བདག་ཉིད་འགྲུབ། །ཅེས་ཆེ་བའི་ཡོན་ཏན་བརྗོད། ལྔ་པ་ནི། མིག་དར་དང་བཅས་པས་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁར་བལྟར་བཅུག་སྟེ་སྣང་བ་དྲིས་ནས་ཁ་དོག་གང་མཐོང་བ་དེ་དང་མཐུན་པའི་ཕྲིན་ལས་འགྲུབ་པར་ལུང་བསྟན་ནོ། །དེ་ནས་བདེན་པས་བྱིན་གྱིས་བརླབ་པའི་ཕྱིར་དྲིལ་བུ་འཁྲོལ་བཞིན་དུ། མགོན་མཆོག་གསང་བའི་དཀྱིལ་འཁོར་འདིར། །སློབ་མ་མཆོག་འདི་གཞུག་པར་བགྱི། །རིགས་ཀྱི་ལྷ་ཡི་བྱེ་བྲག་དང་། །བསོད་ནམས་གང་ཡིན་དེ་བཞིན་ཤོག །ཅེས་བརྗོད་ནས་སྔར་བཟུང་བའི་མེ་ཏོག་གི་ཕྲེང་བ། ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་དཀྱིལ་འཁོར་གྱི་འཁོར་ལོ་ལ་འབུལ་བས། ལྷ་གང་ལ་བབས་པ་དེ་ཡི་དམ་དུ་སྦྱིན་ཞིང་། དེ་ཡང་གཙོ་བོའི་སྐུའི་སྟོད་སྨད་ལ་སོགས་པའི་དབྱེ་བས་དངོས་གྲུབ་མཆོག་ལ་སོགས་པ་དང་། བར་མཚམས་ལ་འབྲིང་དང་། ར་བ་ལས་འདས་ན་ལན་གསུམ་བསྐྱར་ཞིང་། དེ་ནས་ཀྱང་ཕྱིར་ལྷུང་ན་བུམ་ཆུས་ཤིས་པར་བྱས་ནས་གཏོང་བར་བཤད་དོ། །དེ་ནས་ཕྲེང་བ་དེ་སློབ་མའི་སྤྱི་བོར་འཆིང་ཞིང་། སྟོབས་ལྡན་སེམས་དཔའི་རྒྱལ་པོ་ཆེ། །ཕྲེང་བ་འདི་ནས་ལྡན་པར་གྱིས། །ༀ་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཾ། ཞེས་བརྗོད་དོ། །དྲུག་པ་ནི། ༀ་གྱིས་བསྔགས་པའི་གསེར་གྱི་ཐུར་མ་པྲ་ཡིག་གིས་མཚན་མ་ཐོགས་ནས། ༀ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །སྒྲིབ་གཡོགས་ལིང་ཐོག་ཀུན་བསལ་བས། །རྡོ་རྗེའི་མིག་ནི་བླ་ན་མེད། །ༀ་བཛྲ་ཙཀྵུ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ། ཅེས་གདོང་གཡོགས་བསལ་ནས་དཀྱིལ་འཁོར་མཚོན་པར་བྱས་ཏེ། ལེགས་པར་ལྟོས་ཤིག་སེམས་དཔའ་ཆེ། །ཐར་པ་ཆེན་པོའི་དཀྱིལ་འཁོར་དུ། །མེ་ཏོག་གང་ལ་ལྷུང་བ་ནི། །དེ་ཉིད་ཁྱོད་ཀྱི་རིགས་ཀྱི་ལྷ། །ཞེས་རྟ་མགྲིན་འཕང་མཐོ་ནས་གཙོ་བོའི་མཐར་ཐུག་པའི་བར་གྱི་ལྷ་རྣམས་སོ་སོའི་མཚན་བརྗོད་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་ལ། བཟའ་བཏུང་ལ་སོགས་པའི་མཆོད་པའི་ཚོགས་ཀྱིས་ལྷ་དང་སློབ་དཔོན་དང་རྣལ་འབྱོར་པ་རྣམས་མཉེས་པར་བྱས་ནས། སློབ་དཔོན་གྱིས། བུ་ཁྱོད་དད་པས་རབ་གུས་སྐྱེད། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་རིགས་མཆོག་འཛིན། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང་། །དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར། །དམ་ཚིག་ཏིང་འཛིན་རྗེས་ཆགས་དང་། །གསང་སྔགས་སྙིང་པོ་འཛིན་པར་གྱིས། །ཞེས་བསྒྲགས། དེ་དག་ནི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །གཉིས་པ་ཞུགས་པ་ལ་དབང་བསྐུར་བ་ནི། ཕྱི་དང་། ནང་དང་། གསང་བ་དང་། གསང་ཆེན་གྱི་དབང་བསྐུར་བ་དང་བཞི་ལས། དང་པོ་ལ་སློབ་མའི་དང་། སློབ་དཔོན་གྱི་དབང་གཉིས། དང་པོ་ལ་སྔོན་དུ་བྱ་བ་དང་། དངོས་གཞི་དབང་བསྐུར་བ། རྗེས་གདམས་ངག་བརྗོད་པ་གསུམ་ལས། དང་པོ་ནི། སློབ་མས་ཇི་ལྟར་འབྱོར་བའི་ཡོན་དང་མཎྜལ་ཕུལ་ནས་ཐལ་མོ་སྦྱར་ཏེ། རྒྱལ་བ་ཀུན་གྱི་གསང་བའི་ལམ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །མཁའ་འགྲོ་མ་ཡི་འཁོར་ལོ་མཆོག །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །དེ་རིང་དབང་བསྐུར་གནང་བ་ཡི། །དུས་ལ་བབས་པའི་འོས་པ་ལགས། །དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་རིམ་བཞིན་བདག་ལ་སྩོལ། །རིགས་པ་ཆེན་པོའི་ལས་བསྒྲུབས་ནས། །དངོས་གྲུབ་མཆོག་རྣམས་ཤེས་པ་དང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་རྡོ་རྗེ་སློབ་དཔོན་བཟུང་། །ཞེས་གསོལ་བ་གདབ། དེ་ནས་དཀྱིལ་འཁོར་གྱི་ཤར་སྒོ་ལས་ཁྲུ་དོ་ཙམ་གྱིས་ཆོང་པའི་སར་དབང་སྟེགས་རྩ་བའི་དཀྱིལ་འཁོར་གྱི་ལྟེ་བ་དང་མཉམ་པ་བརྩིགས་པའམ། བ་བྱུང་དང་དྲི་བཟང་གིས་བྱུགས་པ་ལ་པདྨ་འདབ་བརྒྱད་ཕྱི་རོལ་གྲུ་བཞི་སྒོ་དང་བཅས་པ་བྲིས་པའི་དབུས་སུ་སེང་ཁྲི་པདྨའི་གདན་ལ་སློབ་མ་གུས་པའི་སེམས་ཀྱི་གནས་པ་ལ། འཕན་གདུགས་དང་། མེ་ཏོག་གི་ཕྲེང་བ་དང་། རིན་པོ་ཆེའི་རྒྱན་དང་། གོས་སྣ་ཚོགས་ཀྱིས་མཛེས་ཤིང་མཆོད་པའི་ཚོགས་ཀྱིས་བསྐོར་བར་གྱུར་པ་ལ། ལས་སྔགས་དང་། ༀ་ཧཱུཾ་ཊ་ཊི་ཏ་ཕཊ། ཅེས་སྤོས་ཆུས་གཏོར། ༀ་སརྦ་པ་པཱཾ་ད་ཧ་ན་བཛྲ་སྭཱ་ཧཱ། ཞེས་ཡུངས་ཀར་གྱིས་བསྐོར་ནས་མེ་ནང་དུ་དོར། ༀ་སརྦ་སཱཾ་ཤོ་དྷ་ནི་སྭཱ་ཧཱ། ཞེས་ཀུ་ཤ་དང་བཅས་པའི་ཆུས་གཏོར་ཞིང་བྱབས་ལ། བྱུར་དང་སྐལ་བ་ངན་པ་དང་བཀྲ་མི་ཤིས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཡུངས་ཀར་གྱི་བཟེད་ཞལ་ཕྱིར་དོར་ཞིང་རོལ་མོའི་སྒྲ་སྦྱར། དེ་ནས་ལས་བུམ་གྱི་ཆུས་བསངས་ཤིང་རྟ་མཆོག་གི་སྔགས་ལན་གསུམ་བཟླས་པས་བསྲུངས། སླར་ཡང་བདུད་རྩི་གཏོར་ནས། ༀ་ཨཱཿཧཱུཾ། ཞེས་པས་སྦྱངས། སྭ་བྷཱ་ཝའི་སྔགས་བརྗོད་དེ། ཆོས་ཉིད་རྣམ་པར་དག་པའི་རང་བཞིན་ལས་སློབ་བུ་རྡོ་རྗེ་སེམས་དཔའ་ཡུམ་དང་བཅས་པའི་གཟུགས་སུ་གནས་པར་བསམ་མོ། །གཉིས་པ་དངོས་གཞིའི་དབང་བསྐུར་བ་ལ་ཆུ། ཅོད་པན། རྡོ་རྗེ། དྲིལ་བུ། མིང་དབང་དང་ལྔ་ལས། དང་པོ་ནི། མཆོད་དབྱངས་རོལ་མོའི་སྒྲ་དང་བཅས་པས་བུམ་ཆུ་དུང་ཞལ་དུ་བླངས་ཏེ། ༀ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རོ་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པའི་ཆོས་ལྡན་ཐོས་པ་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚས་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །ཞེས་བཀྲ་ཤིས་ཀྱི་གླུ་བླང་བ་སྔོན་དུ་འགྲོ་བས། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བའི་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཅེས་ཕྱི་བུམ་གྱིས་ཁྲུས་བྱའོ། །དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་དབང་གི་ལྷ་རིགས་དྲུག་གི་དཀྱིལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། མདུན་གྱི་ནམ་མཁར་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བསམ་ལ། མ་ཧཱ་ས་མ་ཡ་སྟྭཾ། ཞེས་ལན་གཉིས་ཀྱིས་ཆུ་གཉིས་དང་། ༀ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ཞེས་པ་སྔོན་དུ་འགྲོ་བས། ༀ་བཛྲ་པུཥྤེ་ༀ། ༀ་བཛྲ་དྷཱུ་པེ་ཧཱུཾ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ༀབཛྲ་གནྡྷེ་ཧཱཾ། ༀ་བཛྲ་ནཻ་ཝི་དྱཱ་ཏྲཱཾ། ༀ་བཛྲ་ཨ་ཧ་ར་ཧྲཱིཿ ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་ཨ་ལངྐ་ར་པ་ན་བཻ་ཧཱུཾ་སྭཱ་ཧཱ། བྷྱོ་དྷྱཾ་རཏྣ་མེ་གྷ་སྥ་ར་ཎ་ཧཱུཾ། ཞེས་པས་མཆོད། དེ་ནས་སློབ་མ་རྡོ་རྗེ་སེམས་དཔའ་ཉིད་དུ་གནས་པ་ལས་དབང་རྫས་རྣམས་སོ་སོར་བསྐྱེད་པར་བྱ་སྟེ། བུམ་པ་གཞན་གྱི་ཆུ་རྣམས་གཙོ་བུམ་དུ་བསྡུས། ༀ་མ་ཧཱ་སུ་ཥ་བཛྲ་སཏྭ་ཨ། ཛཿཧཱུཾ་བཾ་ཧོཿ སུ་ར་ཏ་སྟྭཾ། ༀ་བྷཱུ་ཁཾ། ༀ་ཧེ་རུ་ཀ་བཛྲ་ས་མ་ཡ་ཧྲཱིཿསརྦ་དུཥྚན་ས་མ་ཡ་མུ་དྲ་པྲ་བྷཉྫ་ཀ་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་ནིརྟེ་ཤྭ་ར་ཧྲཱིཿཛཿ ༀ་སིདྡྷནྟུ། ས་མ་ཡ། སིདྡྷྱ་མ་ཧཱ་བཛྲ་རཏྣ་བ་བ་ཊ་ཊ་ཏྲཾ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། ཞེས་འཁོར་ལོས་སྒྱུར་བ་དྲུག་གི་སྔགས་བརྗོད། སྭ་བྷཱ་ཝ་ས་སྦྱངས། དབང་རྫས་བུམ་པ་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧྲཱིཿལས་ཧེ་རུ་ཀ་མཐིང་ནག་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་རྡོ་རྗེ་དང་དུང་ཁྲག །གཡོན་གཉིས་གཤོར་ཐོང་དང་ཞགས་པ་འཛིན་པ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་སྔོ་སྐྱ་ཐོད་ཁྲག་དང་བ་དན་རྩེ་གསུམ་པའི་ཕྱག་རྒྱ་ཅན་དང་མཉམ་པར་སྦྱོར་བའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་ཧེ་རུ་ཀའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་ཏེ་ཞུ་བ་ལས་བྱང་ཆུབ་སེམས་ཀྱི་བུམ་ཆུར་གྱུར། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་དབང་ལྷ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བུམ་ཆུ་དང་འདྲེས་པས་གང་བའི་བུམ་པ་འཛིན་པའི་བཟང་མོ་སོགས་འཁོར་ལོའི་བདག་མོ་རྣམས་དང་བདེ་མཆོག་མ་སོགས་རིགས་ཀྱི་ལྷ་མོ་རྣམས་ཀྱི་བཀྲ་ཤིས་ཀྱི་གླུ་དབྱངས་དང་བཅས་པས་ཕྱོགས་བཞི་ནས་བཀྲུ་ཞིང་དབང་བསྐུར་བས་བསམ་ལ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་བསྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད་པ་སྔོན་དུ་འགྲོ་བས། ༀ། ལྷ་ཡི་ཆུ་ནི་རྣམ་དག་པ། །རྡོ་རྗེ་གསང་གསུམ་གནས་ལས་བྱུང་། །རིག་པའི་ལྷ་མོའི་ཚོགས་ལྡན་པའི། །རང་བཞིན་གཅིག་ཏུ་གྱུར་པ་ཡིན། །ༀ་བཛྲ་ཨ་བྷི་ཥིཉྩ་མཾ། ཞེས་དང་། འཁོར་ལོས་སྒྱུར་བ་དྲུག་གི་སྙིང་པོ་ཚང་བའམ། ༀ་མ་ཧཱ་སུ་ཥ་བཛྲ་སཏྭ་ཨཿ ཛཿཧཱུཾ་བཾ་ཧོཿ ཞེས་རྡོར་སེམས་ཀྱི་སྙིང་པོ་དང་། ཧཱུཾ་ༀ་ཧི་ཧྲཱི་ཏྲཾ་ཧཱཾ་ཧཱཾ་ཧཱཾ་ཧཱཾ། ཞེས་དཔའ་བོ་འབྲུ་དགུའི་མཐར། ཨ་བྷི་ཥིཉྩ་མཱཾ། ཞེས་བཏགས་པས་ཆུ་དབང་བསྐུར། དེ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཧེ་རུ་ཀར་མཚོན་པས་དབང་བསྐུར་བས་ཆོས་ཐམས་ཅད་ཀྱི་རང་བཞིན་ཧེ་རུ་ཀར་རྟོགས་པར་བྱའོ། །ཞེས་གོ་བར་བརྡ་སྤྲད་དོ། །གཉིས་པ་ནི། རིགས་དྲུག་སོ་སོའི་དབུ་རྒྱན་རིགས་ཀྱི་དབྱེ་བས་རྣམ་པ་མི་འདྲ་བར་བཤད་པ་ལས། རྡོ་རྗེ་སེམས་དཔའི་རིགས་ལ་དབུ་རྒྱན་རིན་པོ་ཆེ་སོགས་ལ་བྱས་པ་རྩེ་མོ་ལྔ་པ་རིན་པོ་ཆེའི་ཁང་བུ་སྒོ་ཅན་གྱི་དབུས་ན་སངས་རྒྱས་ལྔ་བཞུགས་པ་དར་དཀར་དམར་གྱི་ཁེབས་དང་བཅས་པ། སངས་རྒྱས་དྲུག་མཚོན་པའི་ཐོད་པ་དྲུག་གི་ཕྲེང་བ་ཅན་གཙུག་གི་ནོར་བུ་རྡོ་རྗེས་མཚན་པ་སྟེ། དེ་ཉིད་སྦྱངས་ནས། དབུ་རྒྱན་མི་དམིགས་ཏེ་སྟོང་པའི་ངང་ལས་ཏྲཱཾ་ལས་རྡོ་རྗེ་ཉི་མ་ཞལ་བཞི་སེར་བ། ཕྱག་བཞིའི་དང་པོ་གཉིས་མདའ་དང་གཞུ། འོག་མ་གཉིས་རལ་གྲི་དང་ཉི་མའི་དཀྱིལ་འཁོར་དང་རྡོ་རྗེ་མཚན་པའི་པདྨ་བསྣམས་པ། ཡུམ་མཱ་མ་ཀཱི་སྔོན་མོ་རིན་པོ་ཆེ་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་རྡོ་རྗེ་ཉི་མའི་རྣམ་པར་བཛྲ་ས་མ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་ཏེ་ཞུ་བ་ལས་དབུ་རྒྱན་རྒྱལ་བ་རིགས་ལྔའི་ཁང་བུ་ཅན་ཐོད་པའི་ཕྲེང་བ་དར་དཔྱངས་དང་བཅས་པར་གྱུར། ༀ། སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་ལས་བྱུང་དབུ་རྒྱན་ཆེ། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པའི། །དར་དཔྱངས་དབུ་རྒྱན་སྦྱིན་པར་བྱ། །ༀ་བཛྲ་པརྟ་ཀ །བཛྲ་ཨ་ར་ལི་ཧོཿ ཨ་བྷི་ཥིཉྩ་ཏྲཾ། ཞེས་བྱིན་ནས་ཐོད་པའི་མཚན་མ་དྲུག་དང་བཅས་པའི་དར་དཔྱངས་བཅིངས་ཏེ། ༀ། སངས་རྒྱས་ཀུན་གྱི་ཡེ་ཤེས་བརྟགས། །ཐོད་པའི་ཕྲེང་བའི་དབུ་རྒྱན་གྱིས། །རྡོ་རྗེའི་སེམས་དཔའ་བདག་སྔོན་བསྐྱེད། །རིག་པའི་ཡེ་ཤེས་མཚན་མའི་རྟགས། །ༀ་བཛྲ་ཀ་པཱ་ལ་ཨ་བྷི་ཥིཉྩ་མཱཾ། དེ་ལྟར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་ཉི་མར་མཚོན་པའི་དབང་བསྐུར་བས། ཆོས་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་ཉི་མར་རྟོགས་པར་བྱའོ། །གསུམ་པ་ནི། རྡོ་རྗེ་རྩེ་ལྔ་པ་སྦྱངས་ནས། རྡོ་རྗེ་མི་དམིགས་ཏེ་སྟོང་པའི་གང་ལས་ཧྲཱིཿལས་པདྨ་གར་གྱི་དབང་ཕྱུག་དམར་ལ་དཀར་བའི་མདངས་ཅན་ཞལ་ཅིག་ཕྱག་བཞིའི་དང་པོ་གཉིས་ཆོས་འཆད་ཀྱིས་པདྨའི་སྡོང་བུ་གཉིས་དང་། འོག་མ་གཉིས་ཀྱིས་མདའ་གཞུ་འཛིན་པ། ཡུམ་གོས་དཀར་མོ་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་པདྨ་གར་གྱི་དབང་ཕྱུག་གི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་ཏེ་ཞུ་བ་ལས་རྡོ་རྗེར་གྱུར། ༀ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་ཆེན་པོའི་དོན། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །རབ་ཏུ་གྲུབ་ཕྱིར་གཟུང་བར་གྱིས། །ༀ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མཱཾ། ཞེས་སྙིང་གར་གཏུགས་ནས་སླར་ཡང་ལག་གཡས་སུ་གཏད་ནས་དེས་ལན་གསུམ་གསོར་ཏེ་སྙིང་གར་བཟུང་ནས། ༀ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་རྡོ་རྗེ་དེ་ཁོ་ན་ཉིད་བསམ། དེ་ལྟར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་པདྨ་གར་དབང་དུ་མཚོན་པའི་དབང་བསྐུར་བས་ཆོས་ཐམས་ཅད་ཀྱི་རང་བཞིན་པདྨ་གར་དབང་དུ་རྟོགས་པར་བྱའོ། །བཞི་པ་ནི། དྲིལ་བུ་སྦྱངས། དྲིལ་བུ་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱཾ་ལས་རྡོ་རྗེ་རྟ་མཆོག་ལྗང་གུ་ཁྲོ་བོ་ཞལ་བཞི་ཕྱག་བཞི་པ། སྟེང་ཞལ་རྟ་གདོང་། ཕྱག་བཞི་དང་པོ་གཉིས་སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་པདྨ། འོག་མ་གཉིས་བ་དན་གསུམ་པ་དང་རལ་གྲི་འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་རྡོ་རྗེ་རྟ་མཆོག་གི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་ཏེ་ཞུ་བ་ལས་དྲིལ་བུར་གྱུར། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་རྟག་ཏུ་བཟུང་བར་བྱ། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ༀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མཱཾ། ཞེས་དཀྲོལ་ཞིང་ལག་གཡོན་དུ་གཏད། དེས་དཀྲོལ་ནས་དཀུར་བཟུང་བ་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ཅན་རྣམས། །དམ་པའི་སྲིད་པ་བྱེད་པར་འགྱུར། །ཞེས་དྲིལ་བུའི་དེ་ཁོ་ན་ཉིད་བཟུང་། དེ་ལྟར་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་རྟ་མཆོག་ཏུ་མཚོན་པའི་དབང་བསྐུར་བས་ཆོས་ཐམས་ཅད་ཀྱི་རང་བཞིན་རྟ་མཆོག་ཏུ་རྟོགས་པར་བྱའོ། །ལྔ་པ་ནི། རྡོར་དྲིལ་མི་དམིགས་ཏེ་སྟོང་པའི་ངང་ལས་ༀ་ལས་རྣམ་པར་སྣང་མཛད་དཀར་པོ་དཀར་སེར་དམར་བའི་ཞལ་བཞི་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་ཆོས་གོས་གསོལ་བའི་གྲྭ་དང་ལྷུང་བཟེད། འོག་མ་གཉིས་ཀྱི་མཁར་གསིལ་དང་གླེགས་བམ་འཛིན་པ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ་འཁོར་ལོ་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བའི་དཔྲལ་པར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོ། གཉིས་སུ་མེད་པར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་ཏེ་ཞུ་བ་ལས་རྡོ་རྗེ་དྲིལ་བུར་གྱུར། ཐབས་ཤེས་སྦྱོར་བ་སྟེ་འཁྱུད་རྒྱས་རྡོར་དྲིལ་སྤྱི་བོར་བཟུང་ལ། ༀ། གང་ཕྱིར་ཆོས་རྣམས་རྣམ་དག་པས། །སངས་རྒྱས་ཡེ་ཤེས་རང་བཞིན་ཉིད། །དབང་པོའི་སྤྱོད་ཡུལ་གང་དག་གང་། །བདེ་མཆོག་སྒྱུ་མའི་དཀྱིལ་འཁོར་ཉིད། །ༀ་ཀྱཻ་དཔལ་ཆེ་གེ་མོ་ཨ་བྷི་ཥིཉྩ་མཱཾ། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཡ་ཧོཿ ཞེས་བརྗོད་ཅིང་། གསང་མིང་དྲན་པར་བྱ། དེ་ལྟར་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་རྣམ་པར་སྣང་མཛད་དུ་མཚོན་པའི་དབང་བསྐུར་བས། ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་སྣང་མཛད་དུ་རྟོགས་པར་བྱའོ། །གསུམ་པ་རྗེས་ནི། དེ་ལྟར་དབང་ཐོབ་པའི་ཕན་ཡོན་དང་ཉེས་དམིགས་བསྒྲགས་ཏེ། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་ཚིག་གིས་ཀྱང་། །རྒྱས་མི་ཐེབས་ཤིང་མི་རྨོངས་ཏེ། །དེ་ལ་གནོད་པར་མི་འགྱུར་རོ། །ཞེས་དང་། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །སྡོམ་པ་ཉམས་པར་ཁྱོད་བྱེད་ན། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན། །ལྷ་རྣམས་དང་ནི་མི་དག་དང་། །དེ་བཞིན་རྣལ་འབྱོར་སྒྲུབ་པ་པོ། །དེ་དག་ལ་ནི་སྙིང་བསྲིངས་ནས། །སྙིང་ལས་ཁྲག་ཆེན་འཐུང་བར་འགྱུར། །སེམས་ཅན་ཁམས་ནི་མ་ལུས་དོན། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །མི་འགོག་ཆོས་ཉིད་སྦྱོར་བ་ཡིས། །རྟག་པ་ཉིད་དུ་བསྒྲུབ་པར་བྱ། །རང་གི་ངོ་བོ་རྣམས་སྤངས་ཤིང་། །དཀའ་ཐུབ་ཀྱིས་ནི་གཟིར་མི་བྱ། །ཅི་བདེ་བར་ནི་བདེ་བར་སྤྱད། །འདི་ནི་ཕྱི་དུས་སངས་རྒྱས་ཡིན། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །མི་འཇིགས་ཁྱོད་ལ་སྡིག་པ་མེད། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་བརྗོད་ཅིང་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་རྒྱས་པར་བསྟན་ནོ། །གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ། དབང་བསྐུར་བ། རྗེས་སུ་གནང་བ། ལུང་སྟོན་པ། དབུགས་དབྱུང་བ། གདམས་ངག་བསྟན་པ་དང་ལྔའོ། །དང་པོ་ལ་གསོལ་གདབ་བརྟུལ་ཞུགས་སྦྱིན་པ་མཆོད་པ་དང་གསུམ་གྱི། དང་པོ་ནི། རྡོ་རྗེ་སློབ་དཔོན་དུ་བྱ་ཞིང་གཞན་གྱི་དོན་བསྒྲུབ་པར་འདོད་པས་མཎྜལ་ཕུལ་ཏེ། མགོན་ཁྱོད་ཐུགས་རྗེའི་བཀའ་དྲིན་གྱིས། །དཀྱིལ་འཁོར་སློབ་དཔོན་དབང་བསྐུར་སོགས། །བདག་གཞན་དོན་གྱི་བྱ་བ་རྣམས། །འགྲུབ་བྱེད་དབང་བསྐུར་བདག་ལ་སྩོལ། །ཞེས་གསོལ་བ་གདབ། གཉིས་པ་ནི། སློབ་མ་རྡོ་རྗེ་སློབ་དཔོན་མཆོག་ཏུ་མངའ་གསོལ་བའི་ཕྱིར་དཀྱིལ་འཁོར་དབུས་སུ་དབང་སྟེགས་ཀྱི་སྟེང་དུ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པས་འཁོད་པའི་ཕྱོགས་ཐམས་ཅད་མཆོད་པའི་ཚོགས་ཀྱིས་བསྐོར་བར་གྱུར་པ་ལ། གཙོ་བོ་ཡབ་ཡུམ་གྱི་བདག་ཉིད་རྡོ་རྗེ་དང་དྲིལ་བུ་གཏད་ནས། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཆེ། །བཟུང་ཞིང་ཡང་དག་བཟུང་བར་གྱིས། །དེ་རིང་རྡོ་རྗེ་སློབ་དཔོན་ཆེ། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་ཆེད་དུ་བརྗོད་ནས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་རྟག་ཏུ་བཟུང་བར་བྱ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ༀ་མ་ཧཱ་བཛྲ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏིཥྛ་ཨི་ཥ་སྟྭཾ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུཾ། ཞེས་དེ་ཁོ་ན་ཉིད་ཀྱིས་བཟུང་ངོ་། །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅིང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ༀ་མ་ཧཱ་བཛྲ་ཧཱུཾ། བཛྲ་གཎྜེ་ཨ། ཞེས་དཀྲོལ་བར་བྱའོ། །དེ་ནས་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བར་བྱས་ཏེ། ཡིད་ཀྱི་ལུས་ནི་བརྟན་པ་ཉིད། །ཕྱག་རྒྱའི་དམ་ཚིག་ཅེས་བྱར་བརྗོད། །ལུས་ཀུན་བརྟན་བྱེད་གང་ཞིག་ནི། །ཕྱག་རྒྱར་རབ་ཏུ་གྲགས་པ་ཡིན། །ༀ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ས་མ་ཡ་ཧཱུཾ། ཞེས་ཕྱག་རྒྱའི་དམ་ཚིག་སྟེ། དམ་ཚིག་གསུམ་དང་ལྡན་པའི་སློབ་མ་རྡོ་རྗེ་སློབ་དཔོན་གྱི་གནས་ཐོབ་པ་ལ་དབང་ལྷ་ཐམས་ཅད་ཡེ་ཤེས་སེམས་དཔའི་ངོ་བོར་བསྟིམ་ནས་བཀྲ་ཤིས་ཀྱི་གླུ་དབྱངས་སྔོན་དུ་འགྲོ་བས་རོལ་མོའི་སྒྲ་དང་བཅས་ཏེ། ༀ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས་མེ་ཏོག་དོར་ཞིང་བརྟན་པར་བྱའོ། །གསུམ་པ་ནི། སློབ་དཔོན་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱི་སྙེམས་དང་བཅས་པས་མེ་ཏོག་གི་ཕྲེང་བ་སོགས་མཆོད་པས་མཉེས་པར་བྱ་སྟེ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་པ་རྣམ་རོལ་ཞིང་། །རྡོ་རྗེ་སྙེམས་པའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བའི་མཆོད་པར་གྱིས། །བཛྲ་ལཱ་སྱེ་ཧཱུཾ། སྒེག་དང་བཅས་པས་ཕྲེང་བ་འཕང་། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །བཅོམ་ལྡན་ཀུན་ཏུ་མི་འབྲལ་ཏེ། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ༀ་བཛྲ་མཱ་ལེ་ཧཱུཾ། ལུས་ཅན་རྣམས་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེ་ཡིས་བདེ་གཤེགས་དངོས་གྲུབ་ནི། །མྱུར་དུ་བདེ་བར་མྱོང་བར་འགྱུར། །ༀ་བཛྲ་གིརྟི་ཧཱུཾ། དེ་ཉིད་ཐལ་མོ་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱོས། །སངས་རྒྱས་འདུལ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་བཞིན་བསྒྱུར་བར་གྱིས། །ༀ་བཛྲ་ནིརྟྱེ་ཧཱུཾ། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོ་ལེགས་པར་ཚིམ། །ལུས་ཅན་བདེ་གཤེགས་ཆ་འདྲ་བར། །ཡེ་ཤེས་ཅན་གྱིས་མཆོད་པར་གྱིས། །ༀ་བཛྲ་དྷཱུ་པ་ཧཱུཾ། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་འགྱུར། །ༀ་བཛྲ་པུཥྤེ་ཧཱུཾ། ཆོས་ཀྱི་མིག་འབྱེད་སྒྲོན་འབར་བས། །རྡོ་རྗེ་ཆོས་གང་འདྲ་བ་རུ། །སེམས་ཅན་མ་རིག་མུན་འཐོམ་པའི། །ཡེ་ཤེས་སྣང་བ་གསལ་བར་གྱིས། །ༀ་བཛྲ་ཨཱ་ལོ་ཀེ་ཧཱུཾ། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བགོས། །ༀ་བཛྲ་གནྡྷེ་ཧཱུཾ། དེ་ལྟར་སོ་སོའི་གར་དང་བཅས་པས་མཆོད་པར་བྱའོ། །འདི་དག་ལ་གཞན་དུ་མཆོད་པའི་རྗེས་གནང་ཟེར་ཡང་འདིར་བརྟུལ་ཞུགས་ཀྱི་མཐའ་རྒྱས་སུ་བཤད་ཅིང་། ཧཱུཾ་མཛད་ཀྱི་དབང་ཆོག་ཏུ་མཆོད་པའི་སྔགས་ཚིག་མ་གསུངས་པས་མ་བྱས་ཀྱང་ཆོག་པར་མངོན་ནོ། །གཉིས་པ་རྗེས་གནང་ལ་དྲུག་གི་དང་པོ་ནི། བདག་གཞན་དོན་གྲུབ་ལས་ཀྱི་ཚོགས། །ཐུན་མོང་འབྲིང་པོ་མཆོག་གྱུར་པ། །ཞི་རྒྱས་དབང་དང་དགུག་པ་དང་། །སྡང་གནོད་རེངས་པའི་ལས་ཀུན་དང་། །དབྱེ་རྨོངས་བསྐྲད་པའི་ཆོ་ག་རྣམས། །ཐོགས་པ་མེད་པར་སྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང་། །ཐོགས་མེད་མི་འབྱིང་སྐས་འཛེག་དང་། །གསེར་འགྱུར་རིལ་བུ་ཉི་ཟླ་གསུངས། །ཆར་དབབས་ལ་སོགས་ལས་ཀྱི་ཚོགས། །རྣམ་ཤེས་སྒྲུབ་དང་ཡེ་ཤེས་སྒྲུབ། །ཕྱག་རྒྱ་ཤེས་པའི་དངོས་གྲུབ་དང་། །ཐམས་ཅད་འགྲུབ་ཅིང་གྲོལ་བ་ལས། །དེ་ཉིད་ཡང་དག་སྦྱོར་བར་གྱིས། །རྒྱལ་བ་ཀུན་གྱི་གནས་འཇུག་ཅིང་། །སྐུ་གསུང་ཐུགས་མཆོག་ཡོན་ཏན་རྒྱས། །ཕྲིན་ལས་བདག་གཞན་གནས་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དངོས་གྲུབ་སྒྲུབས། །ཞེས་ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པའི་རྗེས་སུ་གནང་བར་བྱའོ། །གཉིས་པ་ནི། མིག་སྨན་གསེར་གྱི་ཐུར་མས་བླང་བ་མིག་ལ་བྱུགས་ཚུལ་བྱས་པས་དེའི་རབ་རིབ་བསལ་བར་བསམ་ཞིང་། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ནཻ་ཏྲཱ་བ་ཧ་ར་པ་ཊ་ལིཾ་ཧྲཱིཿ ཞེས་མིག་ཕྱེས་ཏེ་མེ་ལོང་བསྟན་ནས། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དྭངས་ལ་རྙོག་པ་མེད། །གཟུང་འཛིན་རྣམ་བྲལ་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །རང་བཞིན་མེད་ཅིང་བདག་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །དེ་ནི་སངས་རྒྱས་རིགས་སུ་སྐྱེས། །ཞེས་པས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གཟུགས་བརྙན་དང་སྒྱུ་མ་ལྟ་བུར་སྣང་བ་ལ་སྤྱོད་པའི་རྗེས་གནང་ངོ་། །གསུམ་པ་ནི། དྲིལ་བུ་འཁྲོལ་བའི་སྒྲས་མཚོན་པར། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དག་དང་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་དང་། མེ་ལོང་བསྟན་ལ། ༀ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་བཞུགས། །རྡོ་རྗེ་སེམས་དཔའ་རང་ཉིད་གཙོ། །ཞེས་བརྗོད་པས་དོན་དམ་པ་དང་ཡི་དམ་གྱི་ལྷ་ཇི་ལྟར་གནས་པའི་མཚན་ཉིད་བསྟན་པའོ། །བཞི་པ་ནི། ཡང་ལྷ་མོ་པདྨ་འཛིན་མས་བྱིན་གྱིས་བརླབ་པར་བཤད་པ་བཞིན། ཛཿབཛྲ་ཌཱིཥྚ་ས་མ་ཀེ་ཕཊ། ཅེས་མདའ་གཞུ་སྦྱིན་ཏེ་དེས་ཀྱང་ཕྱོགས་བཞི་དང་སྟེང་འོག་ཏུ་འཕེན་པའི་ཚུལ་བྱ་ཞིང་སེམས་ཅན་ལ་ཆགས་པའི་རྗེས་གནང་ངོ་། །ལྔ་པ་ནི། དེ་ནས་རྐང་འོག་ཏུ་འཁོར་ལོ་བཞག །ལག་གཡས་སུ་རྒྱུད་ཀྱི་གླེགས་བམ་དང་གཡོན་དུ་འབུད་དུང་བྱིན་ཏེ་བསྒྲགས་པར་བྱ་ཞིང་། ༀ། ཕ་རོལ་ཕྱིན་དྲུག་ལས་རྣམས་ཀྱིས། །སེམས་ཅན་དོན་ཀུན་རབ་སྦྱོར་ཞིང་། །འཁོར་བའི་རྒྱུན་གཅོད་མྱ་ངན་འདས། །ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར། །ཐེ་ཚོམ་རྟོག་ཚོགས་གཅོད་མཛད་པའི། །ཆོས་ཀྱི་དུང་གི་སྒྲ་སྒྲོགས་ཤིང་། །གསང་སྔགས་གསང་ཆེན་སྙིང་པོའི་དོན། །སྣོད་ལྡན་ཀུན་ལ་རབ་ཏུ་ཤོད། །དེས་ནི་རྒྱལ་བ་ཐམས་ཅད་ལ། །ཕན་ཐོགས་དྲིན་དུ་གཟོ་ཞེས་བྱ། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གྱིས། །ཁྱོད་ལ་རྟག་ཏུ་བསྲུང་བར་མཛད། །ཅེས་པས་རྡོ་རྗེ་སློབ་དཔོན་གྱི་བྱ་བ་བསྒྲུབ་པ་ལ་རྗེས་སུ་གནང་བའོ། །དྲུག་པ་ནི། དེ་ནས་རིགས་ཀྱི་འཁོར་ལོ་ལྔ་བསྐོར་བར་གནང་བ་སྦྱིན་པ་ནི། མདོར་ན་འཇིག་རྟེན་ཁམས་རྣམས་སུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་ཀྱིས། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་རྡོ་རྗེའི་གནས་སུ། བདེ་གཤེགས། རིན་ཆེན། པདྨ། ལས་ཀྱི། ཞེས་བསྒྱུར་བས་རྗེས་སུ་གནང་བ་སྦྱིན་ནོ། །གསུམ་པ་ལུང་བསྟན་པ་ནི། དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ཚུལ་དུ་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟ་བུ་གཡོན་པའི་ཁུ་ཚུར་གྱིས་བཟུང་ཞིང་གཡས་པ་མི་འཇིགས་པའི་རྒྱས། འདི་ལྟར་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་དཔལ་ལྡན་གསང་བའི་བདག །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་གྲོལ། །ཀྱེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བྷུར་བྷུ་ཝན། ཞེས་སློབ་དཔོན་གྱིས་ལུང་བསྟན་པ་བཞིན་དུ་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་ཕྱོགས་བཅུ་ནས་གསུང་དབྱངས་མཐུན་པའི་སྒྲ་སྐད་ཀྱིས་ལུང་བསྟན་པར་མཛད་དེ། ཀྱཻ་རིགས་ཀྱི་བུ་ཁྱོད་ཀྱི་སྲིད་པ་ཐ་མ་ནི་འདི་ཡིན་ཏེ། གསང་བ་བླ་ན་མེད་པའི་ཐེག་པ་ལ་ཞུགས་པས་ཕྱག་རྒྱ་ཆེན་པོ་དང་གསང་སྔགས་ཀྱི་མཐུས་རིགས་ཀྱི་དཀྱིལ་འཁོར་དུ་གནས་པར་འགྱུར་རོ། །ཁྱོད་ཀྱི་ཆགས་པ་གཉིས་དང་བྲལ་བར་མི་བྱ་སྟེ། དེ་དག་གི་ལས་ལ་སྦྱར་བར་བྱའོ། །དེ་འདྲ་ཡང་། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་བྱ་བ་མིན། །མ་ཧཱ་ས་མ་ཡ་ཧཱུཾ་ཕཊ། ང་ནི་དཀྱིལ་འཁོར་སློབ་དཔོན་ཏེ། །སྔགས་དང་རྒྱུད་རྣམས་འཛིན་པར་གྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །རྩེ་གཅིག་ནན་ཏན་བསྐྱེད་ནས་ནི། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བརྗོད་དེ་ལུང་བསྟན་ནོ། །བཞི་པ་དབུགས་དབྱུང་བ་ལ་བཞི་ལས། དང་པོ་ནི། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞུགས་ཤིང་མཐོང་ལ་སོགས་པ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །ཁྱེད་རྣམས་རབ་ཏུ་བདེ་བར་གནས། །ཞེས་དཀྱིལ་འཁོར་མཐོང་བའི་ཕན་ཡོན་གྱིས་དབུགས་དབྱུང་བའོ། །གཉིས་པ་ནི། བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོངས་མེད་དེ། །ཚུགས་མེད་ཐུབ་པར་མི་འགྱུར་བས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་ལས་འདའོ། །ཞེས་དོན་བཞིན་སྤྱད་པའི་ཕན་ཡོན་གྱིས་དབུགས་དབྱུང་བའོ། །གསུམ་པ་ནི། རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་སྟེ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་འགྱུར་ཐེ་ཚོམ་མེད། །དམ་པའི་ཆོས་དག་མི་སྨད་ཅིང་། །མ་གུས་སྤང་ཞིང་འདོར་མི་བྱ། །མི་ཤེས་སྣོད་མིན་རྨོངས་པ་ལ། །ནམ་ཡང་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་མི་སྤང་སྟེ། །སློབ་དཔོན་དག་ལ་གུས་པར་གྱིས། །ཞེས་དམ་ཚིག་བརྗོད་པས་དབུགས་དབྱུང་བའོ། །བཞི་པ་ནི། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །བདག་པོར་རྒྱལ་ཆེན་དབང་བསྐུར་ཞིང་། །བདུད་རྣམས་ཀུན་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །འདི་ཡི་ཁྱེད་རྣམས་དུས་འདི་རུ། །སངས་རྒྱས་ཐོབ་པར་ཐེ་ཚོམ་མེད། །ཅེས་སློབ་དཔོན་གྱི་དབང་ཐོབ་པའི་ཕན་ཡོན་གྱིས་དབུགས་དབྱུང་བའོ། །ལྔ་པ་གདམས་ངག་བསྟན་པ་ནི། དཀྱིལ་འཁོར་དང་ལྷ་དང་སློབ་དཔོན་གྱི་དེ་ཁོ་ན་ཉིད་དེ་གསུམ་ལས། དེ་ལ་དང་པོ། དཀྱིལ་འཁོར་གྱི་མཚན་ཉིད་ནི་གྲུ་བཞི་པར་གནས་པས། ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་རྒྱས་པར་བྱས་ཤིང་། སྒོ་རྣམ་པ་བཞི་ཡིས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་མཚན་ཉིད་ཅན་ནོ། །རྟ་བབས་ནས་ཆོས་ཀྱི་འཁོར་ལོའི་བར་དུ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་དུ་གནས་པ་ནི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་དུ་བགྲོད་ནས་རྣམ་པར་ཐར་པའི་སྒོ་བཞིར་འཇུག་པའི་མཚན་ཉིད་ཅན་ནོ། །རིན་པོ་ཆེ་སྣ་ལྔའི་རྩིག་པ་ལས་འོད་ཁ་དོག་ཉི་ཤུ་རྩ་ལྔ་དང་བཅས་པ་འཕྲོ་བ་ནི། རང་བཞིན་ཡེ་ཤེས་དྲུག་གི་བྱིན་རླབས་ལས་རིགས་ཀྱི་མཚན་མ་སྣ་ཚོགས་སུ་སྣང་བའི་རང་བཞིན་ནོ། །རྡོ་རྗེས་མཚན་པའི་ཀ་བ་བརྒྱད་ནི་རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་ལ། རྡོ་རྗེ་ཐེག་པའི་ཚུལ་གྱིས་མཚོན་པའོ། །རིན་པོ་ཆེ་དང་། མུ་ཏིག་དང་། མེ་ཏོག་གི་ཕྲེང་བས་བརྒྱན་པ་ནི་མཛད་པ་རྒྱ་ཆེན་པོའི་ཕྲིན་ལས་རྣམས་ཡོན་ཏན་ལས་བྱུང་བའི་ཚུལ་ལོ། །འདོད་པའི་ཡོན་ཏན་དྲུག་གི་ལྷ་མོ་ནི། ཡུལ་དྲུག་རྣམ་པར་དག་པའི་སྣང་བའོ། །གདུགས་སྙིང་རྗེ་ཆེན་པོའི་ཆར་ཁེབ་དང་། རྒྱལ་མཚན་བདུད་རྣམ་བཞི་ལས་རྒྱལ་ཞིང་ཐེག་པའི་མཆོག་སྟོན་པའི་མཚན་མ་དང་། བླ་རེ་མཉམ་པ་ཉིད་དུ་ཚུལ་གཅིག་པར་སྦྱོར་བའི་ཚུལ། རྔ་ཡབ་རྣམ་པར་རྟོག་པའི་སྦྲང་མ་སེལ་བར་མཛད་པ་དང་། ཟླ་བ་ཕྱེད་པ་རྡོ་རྗེས་སྨོན་ལམ་རྒྱ་ཆེན་པོ་འགྲོ་བའི་དོན་དུ་ཐེག་པ་ཆེན་པོའི་སྔགས་ཀྱིས་སྒོ་ནས་དོན་མཛད་པ་དང་། རྡོ་རྗེ་རིན་པོ་ཆེ་དབྱིག་པ་ལ་བ་དན་དཔྱངས་པས་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པའི་རྟགས་དང་ལྡན་པའོ། །དེ་ནས་དྲིལ་བུ་སྒྲ་སྙན་པ་ཕྱོགས་བཅུར་སྒྲོགས་པ་ནི་ཐེག་པ་སྣ་ཚོགས་ཀྱི་དོན་སྟོན་པའོ། །རེའུ་ཆ་བརྒྱད་ཀྱི་མཚན་མ་ནི་སྐུའི་དབང་ཕྱུག་དང་། གསུང་གི་དབང་ཕྱུག་དང་། ཐུགས་ཀྱི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་བརྒྱད་ཀྱིས་བརྒྱན་པའོ། །ཐིག་བཞིས་ལེགས་པར་ཕྱེ་བ་ནི་ཕྲིན་ལས་བཞིའི་སྣང་བའོ། །སྣ་ཚོགས་པདྨའི་མཚན་མ་དང་། མུ་ཁྱུད་རྡོ་རྗེའི་ཕྲེང་བས་བསྐོར་བ་ནི་ཆགས་པ་མེད་པའི་ཕྲིན་ལས་ཀུན་ཏུ་དོན་སྤྱོད་ཅིང་ཉོན་མོངས་པའི་མཚན་མས་མ་གོས་ཤིང་བདེ་བ་ཆེན་པོའི་དབྱིངས་ལས་སྐུ་གསུང་ཐུགས་ཀྱི་ཐེག་པ་སྟོན་པར་མཛད་པའོ། །བུམ་པ་རྒྱན་གྱིས་མཛེས་ཤིང་བདུད་རྩིའི་བཅུད་དང་ལྡན་པས་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་འཆི་བ་མེད་པའི་བདུད་རྩི་ཡེ་ཤེས་རྣམ་པ་ལྔའི་དོན་ལས་ཡོན་ཏན་གྱི་སྣང་བ་མ་འགགས་ཤིང་འདོད་པའི་ལོངས་སྤྱོད་སྣ་ཚོགས་སུ་འཕྲོ་བའོ། །བར་དུ་རེའུ་མིག་འཁོར་ལོའི་ཚུལ་དུ་གནས་པ་ནི་ཕྲིན་ལས་དང་མཆོད་པའི་གནས་སུ་གྱུར་ཅིང་རང་གི་ཕྱག་རྒྱ་མཛེས་པར་གྱུར་པའོ། །ཕྱི་རོལ་པདྨ་ལ་སོགས་པའི་ཕྲེང་བ་དག་ནི་ཆོས་ཐམས་ཅད་རྣམ་པར་དག་པའི་ཡོན་ཏན་གྱི་སྣང་བ་སྟོན་པ་དང་། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་དང་བཅས་པའི་རྣམ་པ་དང་། ཡེ་ཤེས་ཀྱི་བྱིན་རླབས་ཀྱིས་མི་མཐུན་པའི་རྣམ་པར་རྟོག་པ་ཐམས་ཅད་སེལ་བར་མཛད་པའོ། །ཕྱི་རོལ་གྱི་དུར་ཁྲོད་ཆེན་པོ་དག་གིས་ནི་ཐམས་ཅད་གསང་སྔགས་ནི་ཐེག་པར་འདུ་ཞིང་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པའི་ཚུལ་ཁམས་གསུམ་གྱི་ཞེན་རྟོག་སྦྱང་བ་དང་། ཕུང་པོ་ལྔ་དང་འབྱུང་བ་ལྔ་རྣམ་པར་དག་པའི་ངོ་བོར་བསྟན་པའོ། །ཞིང་དང་ཞིང་སྐྱོང་དག་གིས་ཡོན་ཏན་མ་འགགས་པའི་རྟེན་ལ་སངས་རྒྱས་བརྒྱད་ཀྱི་སྣང་བ་སྟོན་པའོ། །མཚོ་དང་ཀླུ་བརྒྱད་ནི་སྲིད་པའི་གནས་ཀྱི་རྟོག་པའི་ཚོགས་དག་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་དོན་སྟོན་པའོ། །རྣལ་འབྱོར་ཕོ་མོ་དག་གིས་ནི་དབྱིངས་དང་ཡེ་ཤེས་ཟུང་དུ་འབྲེལ་བའི་དོན་གྱིས་ཆོས་ཐམས་ཅད་འདུས་པར་བསྟན་པའོ། །སྤྲིན་དང་མཆོད་རྟེན་ལ་སོགས་པའི་རྣམ་པ་དག་གིས་ནི་ཐུགས་རྗེ་ཆེན་པོའི་སྤྲུལ་པའི་འཕྲོ་འདུ་དང་ཡེ་ཤེས་ཀྱི་སྣང་བ་བརྒྱད་བསྟན་པའོ། །བྱ་ཁྱི་དང་མཁའ་འགྲོ་ལ་སོགས་པ་སྣ་ཚོགས་པས་ནི་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དང་། ཡོན་ཏན་གྱི་རྩལ་མ་འགགས་པའི་ཕྲིན་ལས་ཀྱི་ཚོགས་རྣམ་པར་འཕྲོ་བ་བསྟན་པ་ཡིན་ནོ། །དེ་ལྟར་རྟེན་གྱི་མཚན་ཉིད་རྣམས་ཤེས་པར་བྱས་ནས། གཉིས་པ་བརྟེན་པའི་རང་བཞིན་ནི། དཔལ་རྡོ་རྗེ་སེམས་དཔའ་དཀར་དམར་གྱི་མདངས་དང་ལྡན་པས་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ལ་རྟོག་པའི་མཚན་མས་མ་གོས་ཤིང་ཐུགས་རྗེ་ཆེན་པོས་ཆགས་པའི་ལས་མཛད་པའོ། །རིན་པོ་ཆེའི་ཁ་དོག་སྣ་ལྔའི་འོད་ཟེར་མཛེས་པས་བརྒྱན་པ་ནི་ཡེ་ཤེས་རྣམ་པ་ལྔའི་སྣང་བ་ལས་རིགས་ཀྱི་མཚན་མ་སྣ་ཚོགས་སྟོན་པའོ། །ཞལ་བཞི་དང་། ཕྱག་བཞིའི་རྣམ་པ་ཅན་དུ་བྱུང་བས་ཕྲིན་ལས་རྣམ་པ་བཞི་དང་། ཚད་མེད་པ་དག་གི་སྒོ་ནས་འགྲོ་བ་དབུགས་འབྱིན་པའོ། །སྒེག་པ་ལ་སོགས་པའི་ཚུལ་གྱིས་ཁམས་གསུམ་ལས་རྒྱལ་ཞིང་། རང་གི་ཆ་ལུགས་བཅོམ་པར་མཛད་པའོ། །ཕྱག་བཞིའི་མཚོན་ཆ་དག་གིས་ཡེ་ཤེས་རྣམ་པ་ལྔའི་ཆེ་བ་ལས་རིགས་ལྔའི་དཀྱིལ་འཁོར་སྣང་བར་མཛད་པ་དང་། ཐུགས་རྗེ་ཆེན་པོས་རྩེ་གཅིག་ཏུ་སེམས་ཀྱི་ལས་ལ་དགོངས་པ་དང་། སྐུ་གསུང་ཐུགས་སྣ་ཚོགས་ཀྱི་སྒོ་ནས་ཁམས་གསུམ་ལས་རྒྱལ་ཏེ། གསང་བ་བླ་ན་མེད་པའི་ཚུལ་སྟོན་པ་དང་། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལས་ཀྱིས་བསྐུལ་བ་དང་། དེའི་མཚན་ཉིད་གཞན་ལ་སྟོན་པར་མཛད་པའོ། །མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དག་གཞན་ལས་ཁྱད་པར་དུ་འཕགས་པའི་ཚུལ་གྱིས་མཛེས་ཤིང་བྱང་ཆུབ་སེམས་ཀྱི་མཆོག་ཏུ་གྱུར་པའི་ཐུགས་རྗེ་ཆེན་པོའི་རྣམ་པ་དང་མ་བྲལ་བའི་སྒོ་ནས་སྟོད་གཡོགས་དང་། མཛད་པ་སྣ་ཚོགས་ཀྱི་ལས་མངའ་བས་སྨད་གཡོགས་ཀྱི་བརྒྱན་པའོ། །བསྡུ་བའི་དངོས་པོ་བཞི་དང་། ཚད་མེད་པ་བཞིའི་ཕྲིན་ལས་དག་ལ་སྤྱོད་པས་དཔུང་པ་རིན་པོ་ཆེས་མཛེས་པའོ། །གཞན་ཡང་རིན་པོ་ཆེའི་སྐེ་རགས་དང་། མགུར་ཆུ་དང་། དོ་ཤལ་གྱིས་དགེ་བ་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དོན་སྟོན་པར་བྱེད་པའོ། །ཕྱག་དང་ཞབས་ལ་གདུ་བུས་མཛེས་ཤིང་སེ་མོ་དོ་བཅུས་མཚན་པ་ནི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། དགེ་བ་བཅུ་ཡོངས་སུ་རྫོགས་པའི་རྟགས་སོ། །དབུ་ལ་རིན་པོ་ཆེའི་རྒྱན་དང་། ཕྲེང་བ་དང་། ཐོད་པ་དང་། རིགས་ཀྱི་བདག་པོ་དག་གིས་བརྒྱན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། རིགས་རྣམ་པ་ལྔ་དང་རིགས་ཀྱི་མཚན་མས་ལྷག་པར་གྱུར་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་། ཡེ་ཤེས་སེམས་དཔའ་དང་། སངས་རྒྱས་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ་ནི་ཕྱག་རྒྱ་བཞིའི་སྒོ་ནས་དེ་ཉིད་ཀྱི་དོན་བསྟན་པར་མཛད་པ་དང་། ཕུང་པོ་ལྔ་རྣམ་པར་དག་པའི་རང་བཞིན་དུ་བཞགས་པའོ། །གཞན་ཡང་འབྱུང་བ་རྣམ་པ་བཞི་རྣམ་པར་དག་པའི་སྒོ་ནས་ཁྱད་པར་གྱི་ཕྲིན་ལས་བཞིས་འགྲོ་བའི་དོན་བྱ་བའི་ཕྱིར་རིགས་ཀྱི་ལྷ་མོ་བཞི་དང་། སྐྱེ་མཆེད་ལ་སོགས་པ་ཟག་པ་དང་བཅས་པ་རྣམ་པར་དག་པར་མཛད་ཅིང་རིགས་དང་ཡེ་ཤེས་ཀྱི་སྣང་བ་ཡོན་ཏན་གྱི་ཚོགས་རྣམ་པར་འཕྲུལ་པ་ལས་བྱུང་བའི་ཕྲིན་ལས་ཀྱིས་གཞན་གྱི་དོན་མཛད་པའི་ཕྱིར་ཕྲིན་ལས་སྣ་ཚོགས་དང་བཅས་པར་བསྟན་པ་ཡིན་ནོ། །གསུམ་པ་ནི། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་སྔགས། །དགུག་མཆོད་ལས་སྦྱོར་བསྲུང་བ་ཆེ། །ཉེར་བསྡུ་གཤེགས་སུ་གསོལ་བ་ཡི། །དེ་ཉིད་བཅུ་ལ་སོགས་ལ་མཁས། །ཁྱད་པར་ལས་ཀྱི་རིམ་པ་ཡིས། །གསལ་མཛད་རྒྱ་ཆེན་འགྲོ་བ་དམིགས། །ཞེས་སློབ་དཔོན་གྱི་དེ་ཁོ་ན་ཉིད་དེ། དེ་ལྟར་བཅུ་ནི་སློབ་དཔོན་གྱི་བྱ་བའོ། །དེ་ལྟར་ཕྱི་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོ བ་པས། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་རྟོགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱ་བའོ། །གཉིས་པ་ནང་གི་དབང་ནི། དྲིས་བྱུགས་ཤིང་མེ་ཏོག་བཀྲམ་པའི་གནས་དབེན་པར་བདེ་བའི་སྟན་ལ་སློབ་དཔོན་འཁོད་པ་ལ། ཤེས་རབ་མཚན་ལྡན་ཡོན་དང་བཅས་པ་ཕུལ། ཚོགས་ཀྱི་འཁོར་ལོའི་མཆོད་པས་མཉེས་པར་བྱས་ནས་མཎྜལ་ཕུལ་ཏེ། དཔལ་ལྡན་མགོན་པོ་བདེ་བ་ཆེ། །བདེ་ཆེན་བདེ་བའི་གནས་ལ་བཞུགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་བདེ་སྩོལ་མཛད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །ཡང་དག་དོན་མཆོག་རྣམ་དག་པ། །ཇི་ལྟར་དེ་ཉིད་བདུད་རྩི་ཡིས། །མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་བདག་སོགས་འགྲོ་ཀུན་གྱི། །སྡུག་བསྔལ་ཐམས་ཅད་སེལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །མ་རིག་རྟོག་པའི་རབ་རིབ་བསལ། །གང་གི་བྱང་ཆུབ་བླ་མེད་པ། །དེ་རིང་བདག་གིས་ཐོབ་པར་མཛོད། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་གྱིས། བུ་ཁྱོད་ཇི་ལྟར་འདོད་པ་བཞིན། །རྒྱལ་བ་ཀུན་གྱི་བདེ་ཆེན་སྦྱིན། །ཞེས་བརྗོད། དེ་ནས་ཕྱི་ནང་གི་ཁྲུས་སོགས་ཀྱིས་དམ་ཚིག་གི་ལྷ་མོ་སྦྱངས། སྔགས་དང་བཅས་པའི་ཡུངས་ཀར་གྱིས་བགེགས་བསྐྲད། རང་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་ཕྱག་རྒྱ་མཚན་ཉིད་ཐམས་ཅད་རྫོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར། རྗེས་སུ་ཆགས་པའི་རྣམ་མང་བདེ་བའི་པདྨོ་རྣམས། །དགའ་བའི་མཆོད་པས་གསལ་བར་རྗེས་སུ་མཆོད་བྱས་པས། །མཆོག་ཏུ་རྟག་པའི་རྣལ་འབྱོར་བདེ་བས་བདེ་གྲུབ་མཛོད། །ཨེ་མ་ཧོ་མཆོག་ཏུ་བདེ་བའི་དམ་ཚིག་ངོ་བོ་ཉིད། །མཆོག་ཏུ་བདེ་བའི་རྣལ་འབྱོར་སྐལ་བཟང་མཆོག་དགྱེས་པ། །རང་གི་དམ་ཚིག་རྟག་པར་རོལ་ཅིག་རོལ་ཅིག་པའོ། །ཞེས་པའི་གླུ་ལེན་སྔོན་དུ་འགྲོ་བས། ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་འབར་བ་ནོར་བུའི་རྩེ་མོར་ཅན་ཕཊ་ཀྱིས་མཚན་པ། ཡུམ་གྱི་གསང་གནས་ཨཱཿལས་པདྨ་སེར་པོ་འདབ་མ་བརྒྱད་པ་ཕྱི་རོལ་ཆོས་འབྱུང་གི་དབྱིབས་ཅན་ཨཱཿས་མཚན་པའོ། །སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གནས། །ཡེ་ཤེས་རྒྱ་མཚོ་རྣམ་པར་གྲོལ་བའི་ཀློང་། །མི་གནས་མི་དམིགས་ཆོས་ཀྱི་དབྱིངས་ནས་བཞེངས། །ཞེས་པའི་གླུ་ལེན་པའམ། མེད་ཀྱང་རུང་སྟེ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ༀ་པྲ་བེ་ཤ་ཡ་ཕཊ། ཨ་ལ་ལ་ཧོཿ ཞེས་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་མཉེས་ཤིང་བསྐུལ། སེམས་ཅན་ཐམས་ཅད་ཀྱི་དྲི་མ་སྦྱངས་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ཀུནྡ་བྱང་ཆུབ་ཀྱི་སེམས་མཐེབ་སྲིན་གྱིས་བླངས་ནས་སློབ་བུའི་ལྕེ་ཐོག་ཏུ་བཞག་སྟེ། ཇི་ལྟར་རྒྱལ་བ་བདེ་གཤེགས་ཀྱིས། །རང་གི་སྲས་མཆོག་དབང་བསྐུར་བཞིན། །བྱང་ཆུབ་སེམས་དེ་དག་པའི་ཆུས། །རྟོག་པའི་དྲི་མ་དག་པར་བྱ། །ༀ་མ་ཧཱ་བོ་དྷི་ཙིཏྟ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་པ་དང་སློབ་མས། ཨ་ཧོ་སུ་ཁ། ཞེས་མིད་དེ་ལོངས་སྤྱོད་ཀྱི་གནས་སུ་ཞུགས་པས་དུས་གསུམ་གྱི་རྣམ་རྟོག་དག །རིགས་ཀྱི་ཆ་ལུགས་གསལ་བ་ཆུའི་ཟླ་བའམ། སྒྱུ་མའི་རྣམ་པ་བཞིན་དུ་གནས་པའི་གསལ་སྟོང་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་བསམ་མོ། །དེ་ལྟར་བླ་མའི་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་བརླབ་པའི་བདེ་མཆོག་གི་ཡེ་ཤེས་མངོན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད། གསུམ་པ་གསང་བའི་དབང་ནི། རྫོགས་པའི་རིམ་པ་འདོད་པས་མཎྜལ་དང་མཆོད་པའི་ཚོགས་ཀྱིས་བླ་མ་མཉེས་པར་བྱས་ནས། ཀྱེ་ཀྱེ་མགོན་པོ་བདེ་བ་ཆེ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང་། །མི་ཕྱེད་ཕྱག་རྒྱ་རབ་བསྒྲུབ་པ། །མངོན་སུམ་ཉམས་མྱོང་བསྐྱེད་པའི་ཕྱིར། །བདག་ཉིད་ཆེ་ཁྱོད་ཅི་ལྟ་བར། །གཙོ་བོས་བདག་ལ་བཀའ་དྲིན་མཛོད། །རྟོག་པའི་དྲི་མས་བསྒྲིབ་པ་རྣམས། །བྱང་ཆུབ་ཆུ་ཡིས་དག་པར་མཛོད། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། དེས་ཀྱང་རིགས་དང་མཐུན་པའི་ཕྱག་རྒྱ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་སློབ་མའི་ལག་པ་གཡོན་པར་ཕྱག་རྒྱའི་ལག་གཡས་གཏད་དེ། དེ་ལྟར་བླ་མའི་ལག་གཡོན་པས་བཟུང་ནས། དགའ་བའི་གནས་ཆེན་ལྷ་མོ་འདི། །སྣ་ཚོགས་སྒྱུ་རྩལ་ཡིད་དུ་འོང་། །ལེགས་པར་ཟུངས་ཤིག་བློ་གྲོས་ཅན། །དགའ་བདེའི་མཆོད་པ་རབ་ཏུ་གྱིས། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །འགྲོ་བ་ཐམས་ཅད་འདིར་ལས་བྱུང་། །དེ་བས་ཁྱོད་ཀྱིས་འདི་ཉིད་དང་། །ནམ་ཡང་འབྲལ་བར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་དེ་བྱིན་པ་དང་། ལྷ་མོས་དེ་ལ་དགའ་བའི་བཞིན་གྱིས་བལྟས་ཏེ་འཛུམ་པ་དང་བཅས་པས་བྷ་ག་ཕྱེ་བ་བསྟན་ནས། ཁྱོད་ཀྱིས་ནུས་སམ་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུའི་བཟའ་བཏུང་དང་། །རཀྟ་ག་བུར་མཱཾ་ས་དང་། །བུད་མེད་རྣམས་ལ་རྟག་གུས་དང་། །བྷ་གར་འོ་བྱེད་མི་རྟོག་གམ། །སྨོས་ཤིག་གྲོགས་པོ་དགེ་བ་ཅན། །ཞེས་དྲིས་པ་ལ། སླར་སྨྲས་པ། ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཁུ་ཁྲག་ལ་སོགས་ཟ་བ་དང་། །བུད་མེད་རྣམས་ལ་རྟག་གུས་ཤིང་། །བྷ་གའི་པདྨོར་འོ་བྱེད་དོ། །ཅེས་ལན་གདབ། དེ་ནས་ལྷ་མོའི་གསང་བའི་དཀྱིལ་འཁོར་གསལ་བར་བསྟན་ནས། རྨད་བྱུང་གསང་བའི་པདྨ་འདི། །ཐམས་ཅད་བདེ་བར་ཡང་དག་ལྡན། །རྟག་ཏུ་རིམ་བཞིན་འདི་སྤྱོད་ན། །དེ་ཉིད་བདེ་ཆེན་བྲལ་མི་འགྱུར། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །བདེ་ཆེན་རྒྱལ་པོ་འདི་ཉིད་ནི། །དངོས་པོ་ཀུན་གྱི་རང་བཞིན་གནས། །ནང་གི་རྩ་ཡི་འཁོར་ལོའི་ཚོགས། །པདྨ་ལ་ཞུགས་རབ་ཏུ་རྒྱས། །བྷ་གའི་མཁའ་དབྱིངས་ནམ་མཁའ་བཞིན། །འབྱུང་བ་བཞི་པོ་རྒྱན་བཞིན་བཀོད། །ལྟེ་བའི་ཟེའུ་འབྲུ་གེ་སར་ཟླུམ། །འདབ་མ་བརྒྱད་སོགས་རྣམ་པར་མཛེས། །དེ་ཡི་དབུས་ན་གནས་པ་ནི། །དེ་ཉིད་བདུད་རྩི་བདེ་ཆེན་བཟུང་། །བྷཉྫ་མོཀྵ་ཧོཿ ཞེས་བརྗོད་པ་ངེས་པར་བྱས་ནས་དབེན་པར་རྒྱན་བཟང་པོས་སྤྲས། དྲི་ཞིམ་པོས་བྱུགས་ནས་བདེ་བའི་སྟན་ལ་མཉམ་དུ་འདུག་པ་ར་བ་དང་ཡོལ་བ་སོགས་ཀྱིས་བསྒྲིབས། སློབ་མ་རྡོ་རྗེ་སེམས་དཔའ་དང་ཕྱག་རྒྱ་ཀུན་ཏུ་བཟང་མོར་གསལ་བའི་ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་འབར་བ་ནོར་བུའི་རྩེ་མོ་ཅན་ཕཊ་ཀྱིས་མཚན་པ། ཡུམ་གྱི་གསང་གནས་ཨཱཿལས་པདྨ་སེར་པོ་འདབ་མ་བརྒྱད་པ་ཕྱི་རོལ་ཆོས་འབྱུང་གི་དབྱིབས་ཅན་ཟེའུ་འབྲུ་ཨཱཿས་མཚན་པའོ། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ༀ་པྲ་བེ་ཤ་ཡ་ཕཊ། ཨ་ལ་ལ་ཧོཿ ཞེས་ཕན་ཚུན་འཁྱུད་ཅིང་བསྒུལ་བསྐྱོད་བསྲུབ་པ་སོགས་འདོད་པའི་གཙུག་ལག་དང་མཐུན་པར་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་ཅིང་ཤིས་མ་ཤིས་ཀྱི་མཚན་མ་ཡི་གེ་ལྔ་བཅུའི་གནས་གང་ལ་བབ་པ་བརྟག་ཅིང་། མ་ནིང་གི་ཡི་གེ་རྀ་ལྀ་བཞི་ལ་བབས་ན་སླར་བསྐྱར་རོ། །དེ་ལྟར་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རིམ་པར་ཕབ་པས་འཁོར་ལོ་བཞིའི་གནས་སུ་དགའ་བ་བཞིའི་ཡེ་ཤེས་ངོས་ཟིན་པར་བྱས་ནས་སླར་ཡང་དོན་འདིས་བཏུང་བར་བྱ་སྟེ། ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ། །རྡོ་རྗེ་སྙིང་པོ་མཁའ་འདྲ་ཞིང་། །རྡུལ་བྲལ་ཐར་པ་ཞི་བའི་མཆོག །རང་གི་རང་བཞིན་དེ་ཉིད་དོ། །གལ་ཏེ་འཆིང་མ་ནུས་པར་འཛག་ན་པདྨར་སོན་པའི་ཀུནྡ་ལྷའི་ང་རྒྱལ་གྱིས་མྱང་བས་ཀྱང་བདེ་བའི་ཡེ་ཤེས་བསྐྱེད་པར་གསུངས་སོ། །དེ་ལྟར་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པས་བདེ་བ་མཆོག་གི་ཡེ་ཤེས་མངོན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད་དོ། །བཞི་པ་གསང་བ་ཆེན་པོའི་དབང་ནི། ཇི་སྐད་དུ། ཐབས་དང་ཤེས་རབ་གཉིས་མེད་པའི། །རྣམ་གསུམ་ཕྱག་རྒྱ་གང་རུང་ལས། །གཉིས་མེད་བདེ་བའི་ཡེ་ཤེས་དོན། །མངོན་སུམ་ཉམས་མྱོང་རྒྱུད་ལ་བསྐྱེད། །ཅེས་གསུངས་པས་ལས་ཀྱི་ཕྱག་རྒྱ་དང་། དེ་ཉིད་ཏིང་ངེ་འཛིན་གྱི་ལམ་དུ་བྱ་བ་གང་རུང་གིས་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོའི་གནས་ལུགས་མཚོན་པར་བྱས་ཏེ་རང་བཞིན་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་ཡེ་ཤེས་མེ་ལོང་གི་དཀྱིལ་འཁོར་དུ་ཤར་བའི་གཟུགས་བརྙན་ལྟར་གསལ་ཞིང་དྭངས་ལ་རྙོགས་པ་མེད་པའི་ངང་ལ་མཉམ་པར་བཞག་པས་ཟག་པ་མེད་པའི་ཡེ་ཤེས་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་གནས་ལུགས་མངོན་དུ་བྱེད་པར་འགྱུར་རོ། །དེའང་། རྣལ་འབྱོར་བདེ་བ་ཐམས་ཅད་ཀྱིས། །དབང་བསྐུར་བདེ་ཆེན་ལས་བྱུང་བས། །རིན་ཆེན་ཚོགས་རྣམས་ཐམས་ཅད་ཀྱི། །རབ་ཏུ་མྱོས་པར་དབང་བསྐུར་འགྱུར། །ཞེས་དང་། སེམས་དཔའ་སངས་རྒྱས་ཀུན་གྱི་གནས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་གསུངས་པ་བཞིན་ཉམས་སུ་མྱོང་བར་བྱའོ། །དེ་ནས་ཁྱད་པར་གྱི་དམ་ཚིག་བསྒྲག་པར་བྱ་སྟེ། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །འདོད་པས་ལོག་པར་གཡེམ་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །རྡོ་རྗེ་བླ་མ་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་གཏོང་མི་བྱ། །དྲན་པ་གསལ་བས་བཟུང་བྱས་ནས། །ལྷག་པའི་ལྷ་བཞིན་རིན་ཆེན་ཏོག །ཅེས་གསུངས་པ་བཞིན་ཤེས་པར་བྱའོ། །དེ་ལྟར་གསང་ཆེན་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་དུ་གསང་ཆེན་དོན་གྱི་དབང་བསྐུར་བ་ཐོབ། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་མཆོག་གི་ཡེ་ཤེས་མངོན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད་དེ། དེ་ནས་གཙོ་བོས་ཇི་ལྟར་བཀའ་སྩལ་པ། སོགས་ཀྱིས་དམ་ཚིག་ཁས་བླངས། གཏང་རག་གི་མཎྜལ་དང་ཕྱག་བྱ། མོས་པ་དང་དད་པ་དང་མགུ་བའི་སེམས་ཀྱིས་ཡོན་གྱི་དངོས་པོ་ཇི་ལྟར་འབྱོར་བ་དག་ཅི་ནུས་སུ་ཕུལ་བ་མཉེས་པར་བྱའོ། །དེ་ནས་སྦྱིན་སྲེག་དང་། གཏོར་མའི་ལས་དང་། ཚོགས་ཀྱི་མཆོད་པ་ལ་སོགས་པ་རྗེས་ཀྱི་ཆོ་ག་རྣམས་ནི་དཀྱིལ་ཆོག་སོགས་ལས་ཤེས་པར་བྱ་བ་ཡིན་ནོ། །སངས་རྒྱས་ཐམས་ཅད་མཉམ་པོར་སྦྱོར་བ་ཞེས། །རྣལ་འབྱོར་མ་རྒྱུད་ཀུན་གྱི་སྙིང་པོའི་ཕུལ། །རིགས་དྲུག་འཁོར་ལོས་སྒྱུར་བ་དབང་བཞིའི་ལམ། །མཁས་གྲུབ་བྱེ་བས་བརྟེན་པ་འདི་རྨད་བྱུང་། །ཚུལ་འདིར་འཕགས་ཡུལ་དམ་པའི་ལེགས་བཤད་ཁྲིགས། །ཕུལ་བྱུང་མཆིས་ཀྱང་དེང་དུས་འཇུག་དཀའ་ཞིང་། །བོད་གཞུང་འགའ་ཞིག་ཆེས་རྒྱལ་ལ་ལ་ནི། །ཕྱི་འགྱུར་ཆོ་གའི་རིགས་འགྲེས་རྣམ་པར་འཁྱམས། །དེ་ཕྱིར་ཇི་སྙེད་གཞུང་གི་ལེགས་བཤད་ཆ། །ཇི་ལྟའི་དོན་བཞིན་འཁྲུལ་པ་མེད་མཚོན་པ། །འདི་ནི་བློ་གྲོས་མཆོག་གི་མིག་གསལ་བའི། །སྐལ་བཟང་རྣམས་ལ་བདུད་རྩིའི་སྐྱེས་མིན་ནམ། །གང་ཞིག་རྒྱ་ཆེན་གཞུང་གི་ཚིག་དོན་མཐའ། །ཉུང་ངུའི་ཚིག་གིས་བརྗོད་པར་ནུས་མིན་ཀྱང་། །འདིར་ནི་དབང་ཆོག་སྙིང་པོ་ཉེར་བསྡུས་སུ། །བརྗོད་པའི་བསོད་ནམས་བྱང་ཆེན་རྒྱུར་གྱུར་ཅིག །དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དབང་གི་ཆོ་ག་བྱིན་རླབས་ཆར་འབེབས་ཞེས་བྱ་བ་འདི་ནི་ཀུ་ཀུ་རཱ་ཛ་དང་། ཧཱུཾ་མཛད་ཀྱིས་མཛད་པའི་དབང་ཆོག་གཉིས་རྒྱས་བསྡུས་ཅི་རིགས་པ་ལས་དོན་གྱི་དགོངས་པ་གནད་གཅིག་པ་ཉིད་དུ་བཞུགས་པས། དེ་གཉིས་ཀྱི་དགོངས་པ་གནད་བསྡུས་ནས་ལག་ལེན་འཇུག་པ་བདེ་བའི་ཆེད་དུ། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཆུ་ཕོ་རྟའི་ལོ་སྣྲོན་གྱི་ཉ་བའི་དུས་དགེ་བར་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་ཀྱི་གྲྭར་སྦྱར་བ་དགེ་བར་གྱུར་ཅིག །དེ་ལྟར་གཏེར་ཆེན་རིན་པོ་ཆེའི་གསུང་སོར་བཞག་ལས། གཞན་དུ་ཞལ་འཕེན་མཛད་པ་རྣམས་དཀྱུས་སུ་བཀོད་ནས་བཀླགས་ཆོག་མར་བགྱིས་པ་འདི་ཡང་། ཆོས་སྨྲ་བའི་བཙུན་པ་གཞན་ཕན་མཐའ་ཡས་པས། སྔ་འགྱུར་བཀའ་མའི་དབང་ཆོག་རྣམས་ཕྱོགས་གཅིག་ཏུ་བསྡུ་བའི་སྐབས་སུ་གཞུང་ཕྱི་མོ་གཉིས་དང་ཡང་ལེགས་པར་བསྟུན་ནས་ཞུས་ཤིང་དག་པར་བྱས་ཏེ་གཏན་ལ་ཕབ་པའོ།། །།

དཔལ་ཧེ་རུ་ཀའི་ཐུགས་ཀྱི་རྒྱུད་གལ་པོ།

དཔལ་ཧེ་རུ་ཀའི་ཐུགས་ཀྱི་རྒྱུད་གལ་པོ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀ་ཙིཏྟ་ཏནྟྲ་ཀལྤ་ནཱ་མ། བོད་སྐད་དུ། དཔལ་ཧེ་རུ་ཀའི་ཐུགས་ཀྱི་རྒྱུད་གལ་པོ་ཞེས་བྱ་བ། དཔལ་འཇིགས་བྱེད་ཆེན་པོ་ཁྲག་འཐུང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །དེའི་ཚེ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་འཁོར་ལ་འདི་ལྟ་སྟེ། ལྔ་དང་གསུམ་དང་བརྒྱད་གཉིས་དང་། །བཞི་དང་གཅིག་དང་བཞི་བཅུ་གཅིག །མཁའ་དང་འདེགས་དང་འབར་དང་གསལ། །རིན་ཆེན་མཆོག་ཕྲན་ཡོན་ཏན་བརྒྱན། །ཤྲཱི་ནི་གཉིས་མེད་སྟོན་པའི་དོན། །ཧེ་ནི་དགྱེས་པའི་གད་མོ་སྟེ། །རུ་ནི་ཆགས་པ་ཆེན་པོའི་དོན། །ཀ་ནི་ཡེ་ཤེས་ཕྲིན་ལས་བཞི། །ཡེ་ཤེས་ལྔ་ཡི་རང་བཞིན་སྐུ། །ལུས་ཀྱི་རྣམ་ཤེས་གཟུགས་སྐུ་རྣམ་སྣང་མཛད། །གཏི་མུག་རྣམ་དག་ཡང་དག་བཅོམ་ལྡན་འདས། །ཀུན་གཞིའི་རྣམ་ཤེས་མི་བསྐྱོད་རྡོ་རྗེ་སེམས། །ཞེ་སྡང་རབ་གྲུབ་བཅོམ་ལྡན་འདས་ཀྱི་སྐུ། །ཉོན་མོངས་རྣམ་ཤེས་ཚོར་བ་རིན་ཆེན་འབྱུང་། །ང་རྒྱལ་རང་གྲུབ་གཅིག་པུ་བཅོམ་ལྡན་འདས། །ཡིད་ཀྱི་རྣམ་ཤེས་འདུ་ཤེས་སྣང་མཐའ་ཡས། །འདོད་ཆགས་རང་བྱུང་སངས་རྒྱས་བཅོམ་ལྡན་འདས། །སྒོ་ལྔའི་རྣམ་ཤེས་འདུ་བྱེད་དོན་ཡོད་གྲུབ། །ཕྲག་དོག་རང་བྱུང་རྣལ་འབྱོར་བཅོམ་ལྡན་འདས། །ཀུན་གཞིའི་རྣམ་ཤེས་རང་བྱུང་དཔལ་ཆེན་ཉིད། །དུག་ལྔ་རང་བྱུང་ཀུན་འདུས་བཅོམ་ལྡན་འདས། །རྣལ་འབྱོར་ཟབ་མོའི་ངང་དུ་སྐུ་གསུམ་རྫོགས། །ཡང་དག་གྲུབ་པ་ཆོས་སྐུ་གཅིག་ཉིད་ནི། །ཡེ་ནས་དག་པ་ཆོས་ཀྱི་སྐུ། །ལྷུན་གྱིས་གནས་པའི་ལོངས་སྤྱོད་རྫོགས། །འཇོམས་བྱེད་ཅེས་བྱའི་དམ་ཚིག་ནི། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་དུ། །ཕུང་པོ་ལྔ་ཉིད་རྫོགས་སངས་རྒྱས། །ཉོན་མོངས་པ་ནི་གནས་སུ་དག །སྐྱེ་འཇིག་མེད་པའི་གནས་ལ་བཞུགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཚམ་རྔམས་དྲག་པོས་ལྷ་ཆེན་འདར་ཞིང་བརྫིས། །བརྟུལ་ཞུགས་རོལ་པས་རྡོས་བཅས་ཕུང་པོ་བཤིག །རྣམ་ཤེས་མི་འཆི་རྒྱལ་བའི་གནས་སུ་སྟོབས། །ཉོན་མོངས་མི་སྤང་ཤ་རུས་ཁྲག་ལ་རོལ། །སངས་རྒྱས་བདེ་ཆེན་ཀུན་འདུས་དཔལ་གྱི་སྐུ། །སྤོས་མོད་དཀར་སེར་ཆོམ་རྐུན་རྨོངས་བྱེད་མ། །མཐིང་དང་ལྗང་སོགས་ཆགས་པས་ཁྲོ་བར་བྱེད། །རྡོ་རྗེ་མཁའ་ལ་འགྲོ་བའི་ཚོགས་རྣམས་དང་། །དཔལ་གྱི་བཀའ་ཉན་ལྷག་མར་དབང་བ་བདུན། །འདུས་པའི་འཁོར་ཚོགས་ཡེ་ཤེས་ཨཱ་ར་ལི། །གཞི་ལམ་འབྲས་བུར་བཅས་པའི་ཆོས། །རྣམ་པ་གསུམ་གྱི་དོན་བཤད་དོ། །ཧེ་རུ་ཀ་ཐུགས་ཀྱི་གལ་པོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། དེ་བཞིན་གཤེགས་པ་ནམ་མཁའི་དབྱིངས་དང་མཉམ་པའི་དེ་བཞིན་གཤེགས་པའི་བཙུན་མོའི་བྷ་ག་ལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྲུ་བཞིར་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་པའི་སྐྱེས་བུ་ཆེན་པོའི་གཟུགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་བྱིན་གྱིས་བརླབས་སོ། །བྱིན་གྱིས་བརླབས་མ་ཐག་ཏུ་བྱང་ཆུབ་སེམས་ཀྱི་རྡོ་རྗེ་དེ་བཞིན་གཤེགས་པ་ཞལ་གསུམ་པ་ལྟ་བུར་གྱུར་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ། །དེའི་ཚེ་ནམ་མཁའི་དབྱིངས་ན་བཞུགས་པའི་སེམས་ཅན་ཇི་སྙེད་པ་དེ་དག །བྱང་ཆུབ་ཀྱི་སེམས་རྡོ་རྗེའི་བྱིན་གྱིས་རླབས་ཀྱིས་བདེ་བ་དང་ཡིད་བདེ་བ་ཐོབ་སྟེ། དེ་ནས་བཅོམ་ལྡན་འདས་མི་བསྐྱོད་པ་ལ་སོགས་པ་ཐམས་ཅད་ངོ་མཚར་ཆེ་སྟེ། ཕྱི་ནང་གསང་བའི་དབང་ལ་ངམ་ཞིང་བསྟོད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་རབ་ཏུ་གྲུབ་པ་ཞེས་བྱ་བ། བྱང་ཆུབ་ཀྱི་སྙིང་པོར་ཞུགས་པ་གང་ན་བ་དེར་གཤེགས་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་ཆེད་དུ་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་གང་གི་ཕྱིན་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དེ་ཉིད་རྟོགས་པར་བྱ་བའི་ཕྱིར་དབང་གི་ཚུལ་འདི་དག་གོ། །རང་བཞིན་ལྷུན་གྲུབ་ཡེ་དཀྱིལ་དུ། །སློབ་མ་རབ་གཞུག་དབང་བསྐུར་ཏེ། །བྱ་བྲལ་ཡེ་རྫོགས་མན་ངག་བསྟན། །ཏིང་འཛིན་བརྟན་པའི་དཀྱིལ་འཁོར་དུ། །སློབ་མ་འབྲིང་གཞུག་དབང་བསྐུར་ཏེ། །བསྐྱེད་རྫོགས་བསྒྲུབ་པའི་མན་ངག་བསྟན། །གཟུགས་བརྙན་བསྙེན་བསྒྲུབ་དཀྱིལ་འཁོར་དུ། །ཐ་མའི་སློབ་གཞུག་དབང་བསྐུར་ཏེ། །རིམ་གྱིས་བསླབ་སྦྱང་མན་ངག་བསྟན། །རྡོ་རྗེའི་ཚུལ་དུ་དབང་དག་སྦྱིན། །ལྷ་མོ་དག་དང་གར་བྱེད་ཅིང་། །དེར་ནི་རབ་དགྱེས་བདག་པོ་ཁྲིད། །ཕོ་བྲང་དག་བྱེད་རབ་དགྱེས་ཆེ། །རབ་དགྱེས་བདག་པོ་དེ་ཐོབ་ལྡན། །སེང་གེའི་བདེན་རབ་འཇོམས་བྱེད་ཅིང་། །གཞི་དང་གཞི་ཡི་མཆོག་ཉིད་ཀྱིས། །རྡོ་རྗེ་པདྨར་ལྡན་བྱས་ཏེ། །དབྱིངས་ཀྱི་བདེ་ཆེན་དེ་ལས་སོ། །གཡོན་ཕྱོགས་གནས་ལ་ཚུལ་བཞིན་དུ། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །དཀྱིལ་འཁོར་ཟླ་གམ་ཞེས་གསུངས་ཏེ། །མཆོག་ཉིད་ཡིད་ཀྱི་དཀྱིལ་འཁོར་རོ། །གཞལ་ཡས་ཁང་ཆེན་ཡེ་ཤེས་ཏེ། །འཁོར་འདས་མཉམ་པ་གྲུ་བཞི་ཞེས། །སྒོ་བཞི་དྲན་པ་ཉེར་གཞག་བཞི། །རྣམ་ཐར་བརྒྱད་དང་རྟ་བབས་སོ། །རིན་ཆེན་སྒོ་སྟེགས་ཐུགས་རྗེའི་ངང་། །ཡང་དག་སྤོང་བཞི་ཏཱ་ར་ཎ། །དྲན་པ་ཉེར་གཞག་སྒོ་ཁྱུད་དང་། །རྫུ་འཕྲུལ་རྐང་བཞིའི་སྒོ་ཁྱམས་དང་། །ཕྲེང་བ་བྱང་ཆུབ་ཡན་ལག་བདུན། །འཕགས་ལམ་བརྒྱད་ཀྱི་ཀ་བས་མཛེས། །ལམ་གྱི་ཡེ་ཤེས་རྔ་ཡབ་དང་། །ཉོན་མོངས་འཆིང་འཇོམས་མུ་ཏིག་ཕྲེང་། །དྲིལ་བུ་བ་དན་རླུང་བསྐྱོད་པ། །ཤེས་རབ་ཆོས་ཀྱི་སྒྲ་སྒྲོགས་དང་། །ཆེ་བའི་ཡོན་ཏན་འདུས་པའི་རྟགས། །བདུད་བཞི་འཇོམས་པའི་རྒྱལ་མཚན་དང་། །ཐོད་ཕྲེང་སྐུ་གསུམ་ཐོབ་པའི་རྟགས། །གཞལ་ཡས་ཁང་མཆོག་དམ་པ་དེར། །ཕན་དང་ནུས་མཐུའི་དབང་ཡང་སྦྱིན། །དབུ་རྒྱན་ཅོད་པན་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །སྙིང་པོ་ལྔ་དང་ནུས་པ་ལྔ། །གསང་བའི་དབང་གསུམ་བྱིན་བྱས་ལ། །དབང་བསྐུར་མན་ངག་སྙིང་པོར་སྦྱིན། །ས་ལམ་རིམ་གྱིས་རབ་ཏུ་བགྲོད། །བླ་མེད་མི་སྤང་བྱ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་སྲུང་བའི་དམ་ཚིག་མཆོག །གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །དཀར་རྩི་དམར་རྩི་ཤ་ཆེན་དང་། །དག་པའི་སྣོད་ཆུ་མི་འདོར་རོ། །ཡན་ལག་བཅུ་ཡི་དམ་ཚིག་སྟེ། །ཡེ་ནས་དག་མཉམ་རྟོགས་པས་སྤྱད། །དམ་ཚིག་ཉམས་པའི་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་འབྱུང་མི་འགྱུར། །རྩ་བའི་དམ་ཚིག་ལྔ་ཉིད་ལས། །གཅིག་ལ་གཉིས་དང་བཅུ་ཕྲག་གསུམ། །ཧེ་རུ་ཀ་གལ་པོ་ཞེས་བྱ་བའི་རྒྱུད་ལས། དབང་དང་དམ་ཚིག་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མདོ་བསྡུས་བ་སྟེ་རྒྱས་པར་མིན། །གྲུབ་པ་དང་ནི་རབ་ཏུ་བསྒྲུབ། །སྒྲུབ་པའི་འབྲས་བུ་བླང་བར་བྱ། །ཞི་བའི་དགོན་གནས་ལྷ་ཡི་གནས། །རི་བོ་ཆེན་པོ་འདུས་པའི་རྩེར། །གངས་དཀར་ཤེལ་གྱིས་གཏམས་པའི་འདབས། །སེང་ཆེན་ཁྲོས་པའི་གནས་དང་ནི། །ཙནྡན་ནགས་དང་མེ་ཏོག་ཚལ། །ཡིད་འོང་དབེན་པར་རབ་ཏུ་བཤད། །ཁྲོ་བོའི་དགོན་གནས་སྲིན་པོའི་གནས། །རི་བོ་ཆེན་པོ་བཙན་པོའི་ངོས། །བྲག་དམར་གཏམས་པའི་དཀྱིིལ་ངོས་ལ། །སྟག་དྲེད་འཐབ་པའི་གནས་སུ་བྱ། །མ་མོའི་དགོན་གནས་དུར་ཁྲོད་དང་། །ཤིན་ཏུ་དབེན་པའི་ས་ཕྱོགས་ན། །གསར་རྙིང་དབུགས་བྲལ་མ་བདུན་ཁྱིམ། །རྡོ་རྗེ་རིགས་ཀྱི་དགོན་གནས་ནི། །དུར་ཁྲོད་དང་ནི་ལྷ་རྟེན་དང་། །མ་མོའི་ཁྱིམ་དང་ཡིད་དུ་འོང་། །དེར་ནི་ས་ཡི་ཆོ་ག་དང་། །ཕྱི་ནང་ལས་ཀྱི་རིམ་པ་བརྩམ། །གནས་སུ་ཕྱིན་ལ་མཚམས་གསུམ་བཅད། །མ་དག་བཤགས་པའི་བྱ་བ་དང་། །བྷ་ལན་སྐུ་ཡི་སྦྱོར་བ་ཡིས། །བསྒྲལ་ཞིང་མནན་པའི་ལས་ཀྱང་བརྩམ། །དབེན་པའི་གནས་སུ་བླ་མ་ལ། །དམ་ཚིག་དབང་གིས་བརྟུལ་ཞུགས་ནོད། །ཐིག་ལེ་ཟླ་གམ་གཅིག་པ་རུ། །དམིགས་རྟེན་མངོན་པར་བཞག་ནས་སུ། །སེམས་ཉིད་གནས་པའི་བྱ་བའི་ཕྱིར། །ཐབས་ཀྱི་ངོ་བོ་ཐམས་ཅད་དམ། །དེ་བཞིན་སྲོག་དང་རྩ་ལས་བྱུང་། །རང་གི་ལྷ་ཡི་ཆ་བྱད་དུ། །སྒྲུབ་པའི་ཕྱག་རྒྱ་རབ་ཏུ་བྱ། །ཆར་སྤྲིན་མདོག་འདྲ་དཔའ་བོའི་གཟུགས། །ཤིན་ཏུ་གཏུམ་པོ་འཁོར་དང་བཅས། །ཡང་ན་གཙོ་བོ་གཅིག་པུ་བྲི། །སློབ་དཔོན་དང་ནི་སློབ་བུ་དང་། །གནས་དང་ཡོ་བྱད་ལྡན་གྱུར་ནས། །སྒྲུབ་པའི་ལས་ལ་གཞུག་པར་བྱ། །བསླང་དང་བརྟག་དང་སྦྱང་བ་དང་། །བགེགས་བསྐྲད་ས་བཟུང་དཔང་པོ་གཞག །འཇིག་རྟེན་ས་བདག་ལྷ་ཀླུ་ལ། །ས་རིན་གཞལ་ཏེ་ས་བསླང་སྦྱང་། །རྣམ་པར་རྟོག་པ་བགེགས་ཡིན་ཏེ། །བགེགས་ནི་རང་གི་སེམས་ལས་བྱུང་། །སེམས་ལ་རང་བཞིན་མེད་ཤེས་ན། །གཞན་ན་བགེགས་ཞེས་བྱ་བ་མེད། །ཤེས་རབ་ཀྱིས་ནི་རྣམ་བཤད་བྱ། །ཅོད་པན་བདེ་གཤེགས་ལྔར་བསྒོམ་ན། །སངས་རྒྱས་ཀྱིས་ཀྱང་གནོད་མི་ནུས། །བཏབ་པ་ཙམ་གྱིས་བགེགས་འཕེན་བྱེད། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གྱི། །གནས་བསྲུང་བ་ནི་རབ་ཏུ་བྱ། །གཡས་ཀྱི་སྤྱན་ཟུར་བཟློག་པ་ལས། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །གུ་ལང་དབང་ཆེན་ཉེ་དབང་དང་། །ཨུ་མ་གཤིན་རྗེ་ཚངས་པར་བཅས། །ཐམས་ཅད་མ་ལུས་སྲེག་པར་བྱེད། །ཟླ་བས་གསོ་བར་བྱེད་པ་དང་། །ཀ་ཏ་ར་ལི་འབར་སྤྲོ་ཞིང་། །མཚོན་ཆ་འབར་བའི་ས་བོན་གྱིས། །ཐམས་ཅད་མ་ལུས་བསལ་བར་བྱ། །སངས་རྒྱས་ཀུན་གྱི་ཏིང་ངེ་འཛིན། །སྟོང་པ་ཉིད་ཅེས་རྒྱལ་པས་གསུངས། །དེ་བས་རྣམ་པ་ཐམས་ཅད་དུ། །ཐམས་ཅད་ཚུལ་བཞིན་བྱིན་གྱིས་བརླབས། །ཕོ་བྲང་ལྷ་དང་དམིགས་པའི་ཡུལ། །རྡོ་རྗེ་ཐོད་པའི་སྦྱོར་བ་དང་། །ཆགས་པ་ཆེན་པོའི་ཡུལ་དུ་བྱ། །དུར་ཁྲོད་གནས་ཀྱི་ས་བླངས་ལ། །སྟེགས་བུ་འདོམ་གང་གྲུ་བཞི་པ། །སྟེང་དུ་ཁྲུ་གང་པ་ཡི་ཚད། །བ་བྱུང་སྣ་ལྔས་སྐྱང་ནུལ་བྱ། །རང་བྱུང་ལྔ་ཡི་ཁྱད་པར་ལས། །ས་བོན་ཡེ་ཤེས་ལྔ་རུ་རྫོགས། །དཀྱིལ་འཁོར་ཟླ་གམ་སྒོ་གཅིག་པ། །ཤར་དུ་བསྟན་པ་བྱས་ནས་སུ། །ཁ་དོག་སྡུག་གུའི་ཚོན་གྱིས་བྲི། །ཆོས་ཀུན་རྩ་བ་སེམས་ཡིན་ཏེ། །སེམས་ཀྱི་རྩ་བ་གསུམ་དུ་ཤར། །དེ་ཉིད་གཞལ་ཡས་གཉིས་དང་ལྷ། །མི་རྩོལ་བདེ་བར་རབ་འབད་པས། །སྙིང་རྗེ་ཆེན་པོས་འགྲོ་དོན་མཛད། །ཐམས་ཅད་འབྱུང་བའི་རྒྱུ་ལས་ནི། །འབྱུང་བ་ལྔ་ཡི་ཕྲ་བཀོད་པས། །ཡུམ་ལྔ་རྣམ་དག་མཁའ་དབྱིངས་ཏེ། །མ་བཅོས་ལྷུན་གྲུབ་ཡུམ་གྱི་མཁའ། །རྒྱལ་བའི་བཞུགས་གནས་རྣམ་པར་དག །བཞི་པོ་རྩ་བ་ཡན་ལག་དང་། ། རིགས་དང་སྐུ་མདོག་ཕྱག་མཚན་དང་། །ཡི་གེ་སྙིང་པོ་ཕྱག་རྒྱལ་ལྡན། །གོ་རིམ་གདན་དང་རྒྱན་ལུགས་དང་། །བཞུགས་ཐབས་ཚུལ་དང་བཅུ་བཞི་ཡིས། །ཞི་བའི་ལས་རྣམས་བསྐྱེད་པར་བྱ། །མི་སྐྱོད་མཐིང་ག་དཀར་དམར་ཞལ། །རྡོ་རྗེ་འཁོར་ལོ་རིན་ཆེན་གཡས། །དྲིལ་བུ་པདྨ་རལ་གྲི་གཡོན། །དབྱིངས་ཕྱུགས་གཡས་བྷན་གཡོན་དྲིལ་སྔོ། །དཀྱིལ་འཁོར་ལྔ་དང་ལྡན་པར་སྒོམ། །སྤྱན་དྲང་མཆོད་བསྟོད་ལ་སོགས་པ། །ཇི་ལྟར་རིམ་པ་བཞིན་དུ་བྱ། །སྤྲོས་མེད་བར་མར་རབ་ཏུ་ཁྲོས། །བློ་ཡི་རིམ་པས་བསྒོམ་པར་བྱ། །ཚོམ་བུ་ལྔ་ཡི་མཎྜལ་ལ། །མཁའ་འགྲོ་མ་ཡི་འཁོར་གྱིས་བསྐོར། །དང་པོར་སྟོང་ཉིད་རྣམ་བསམ་སྟེ། །ལུས་ཅན་ཀུན་གྱི་དྲི་མ་བཀྲུ། །གྲུ་གསུམ་མཐིང་ནག་ནམ་མཁའ་ལ། །འདེགས་བྱེད་རླུང་ནག་རྒྱ་གྲམ་གཏམས། །རཀྟའི་རྒྱ་མཚོ་རྦ་ཀློང་འཁྱིལ། །ཀེང་རུས་རི་རབ་བརྩེགས་པའི་སྟེང་། །དུར་ཁྲོད་མེ་རི་སྨུག་ནག་འབར། །ཟླ་གམ་དབང་ཆེན་མཎྜལ་ལ། །དུར་ཁྲོད་ཡོན་ཏན་ཚོགས་ཀྱིས་བརྒྱན། །ཕྱི་དང་ནང་མེད་རབ་ཏུ་གསལ། །ཡེ་ཤེས་གཞལ་ཡས་ནམ་མཁའི་རྒྱ། །བྷྲཱུཾཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུཾ། དཔལ་སྟོབས་ཉི་ཟླ་པདྨའི་གདན། །རྡོ་རྗེ་དབྱིངས་ལས་དཔལ་གྱི་སྐུར་བསྒྱུར་བ། །དྭངས་པའི་མཚོ་ལ་རླབས་ཆེན་འཁྲུགས་པ་བཞིན། །ཞི་བའི་སྐུ་ལས་ཁྲོ་བོའི་ཕྱག་རྒྱར་བསྟན། །གཅིག་དགུ་ཉི་ཤུ་གཉིས་དང་ལྔ་བཅུ་བརྒྱད། །འབར་བའི་རྒྱལ་པོ་ཅིར་ཡང་སྟོན་པར་མཛད། །བསྒྲུབ་དང་གསང་སྔགས་སྤྱོད་པ་དང་། །གྲུབ་པ་དང་ནི་གནས་བདག་དང་། །བཟླས་པའི་སྒྲ་ཡང་ཕྱག་རྒྱར་རྟོགས། །ཏིང་འཛིན་ལྟ་སྟངས་ཆོ་འཕྲུལ་བརྟག །དབུས་སུ་རྒྱལ་རིགས་དུམ་བུ་གཅིག །ཕྱོགས་བཞིར་བྲམ་ཟེ་རྒྱལ་རིགས་དང་། །རྗེའུ་རིགས་དམངས་རིགས་བཞི་ལ་བྱ། །མཚམས་བཞིར་ཁྲུས་ཀྱི་མཁན་པོ་དང་། །རྗེ་རིགས་བཙོ་བླག་མཁན་རྣམས་དལ། །མི་ཡི་ཁྲག་ལ་སྣག་ཚ་བྱ། །མཆོག་གི་རྐང་གི་སྨྱུག་གུ་ཡིས། །ལྷ་དགུ་སོ་སོའི་སྙིང་པོ་བྲི། །རབ་ཏུ་མཚན་གསོལ་བཞུགས་སུ་གསོལ། །ཟླ་གམ་དཀྱིལ་འཁོར་ཡུམ་གྱི་མཁའ། །བྷནྡྷ་བདེ་གཤེགས་སྐུ་ཡི་སྐུ། །ཡིག་འབྲུ་བདེ་གཤེགས་གསུང་གི་གསུང་། །མར་མེ་བདེ་གཤེགས་ཐུགས་ཀྱི་ཐུགས། །ཧེ་རུ་ཀ་གལ་པོ་ཞེས་བྱ་བའི་རྒྱུད་ལས། ལྷ་རྣམས་འབྱུང་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་ཁྲག་འཐུང་ཆེན་པོ་དེ་ཉིད་ཀྱིས་སྔགས་བསྡུས་པ་འདི་ལྟ་བུ་གསུངས་སོ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུཾ། བཛྲ་ག་རཱི་ཧ། བཛྲ་ཙཽ་རཱི་ཧ། བཛྲ་པྲ་མོ་ཧེ་ཧ། བཛྲ་བཻ་ཏཱ་ལཱི་ཧ། བཛྲ་པུཀྐ་སཱི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨ་ཤ་ནཱི་ཧ། བཛྲ་ཙནྡྷ་ལཱི་ཧ། བཛྲ་སེང་ཧ་མུ་ཁ་ཧེ། བཛྲ་བྱཱ་གྷྲྀ་མུ་ཁ་ཧེ། བཛྲ་ཤྲྀ་གཱ་ལ་མུ་ཁ་ཧེ། བཛྲ་ཤྭ་ན་མུ་ཁ་ཧེ། བཛྲ་གྲྀདྡྷ་མུ་ཁ་ཧེ། བཛྲ་ཀངྐ་མུ་ཁ་ཧེ། བཛྲ་ཀཱ་ཀ་མུ་ཁ་ཧེ། བཛྲ་ཨུ་ལཱུ་ཀ་མུ་ཁ་ཧེ། བཛྲ་ཨཱཪྱ་ཏེ་ཛ་ཏེ་ང་ཛཿཕཊ། བཛྲ་ཨ་མུ་ཁ་ཧཱུཾ་ཕཊ། བཛྲ་ལོ་ཀ་བཾ་ཕཊ། བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོཿཕཊ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །ཕྱག་རྒྱ་ཆེན་པོར་མངོན་རྫོགས་ཤིང་། །སྐུ་གསུང་ཐུགས་སུ་རང་དབང་བསྐུར། །ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་གསལ། །ༀ་ཨཱཿཧཱུཾ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ལྔ་དང་ལྡན་པའི་སྔགས་འདི་གསུངས་སོ། །ༀ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཀྲྀ་ཏྱ་ཨ་ནུཥྛ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཤྲཱི་ཧེ་རུ་ཀ་མ་ཧཱ་ཀ་རུ་ཎི་ཀ་ཨི་དཾ་ས་མ་ཡ་ཛཿ བ་ལིངྟ་གྲྀཧྞ་ཧོ་ཁཱ་ཧི་ཁཱ་ཧི། པི་པ་ཧོཿ ཨ་ལ་ལ་ཧོཿ ཨ་མྲྀ་ཏ་ཁཱ་ཧི། མཁའ་འགྲོའི་མིང་དང་གཏོར་སྔགས་སྦྱར། །རྡོ་རྗེ་ཐོད་ཆེན་ཤ་ཆེན་དང་། །གླང་ཆེན་མི་དང་ཤུགས་ཆེན་ཤ །ཁྱི་ཤ་བདུད་རྩི་ལྔ་ལ་སོགས། །མེ་རླུང་སྦྱོར་བ་ལྡན་པ་ཡིས། །རྒྱལ་བའི་དཀྱིལ་འཁོར་ཚོགས་ལ་འབུལ། །དཔལ་ཧེ་རུ་ཀ་གལ་པོ་ཞེས་བྱ་བའི་རྒྱུད་ལས། ཡི་གེའི་ཕྲེང་བ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྣམ་པར་དག་པ་བཤད་པར་བྱ་སྟེ། རྣམ་ཤེས་གཟུགས་ཚོར་འདུ་ཤེས་དང་། །འདུ་བྱེད་ལ་སོགས་འཛིན་ལྔ་འཇོམས། །ནམ་མཁའ་ས་ཆུ་མེ་རླུང་འཇོམས། །མིག་དང་རྣ་བ་སྣ་ལྕེ་རྣམས། །དེ་དབང་ཡིད་འཛིན་རྣམ་བཞི་འཇོམས། །གཟུང་འཛིན་སྒྲ་དྲི་རོར་འཛིན་དང་། །འདས་དང་ད་ལྟར་མ་འོངས་འབྱུང་། །འབྱུང་བར་མ་ངེས་འཇོམས་པར་བྱེད། །ང་རྒྱལ་ཕྲག་དོག་འདོད་ཆགས་དང་། །སེར་སྣ་གཏི་མུག་ཞེ་སྡང་འཇོམས། །ཡིད་ཀྱི་རྣམ་ཤེས་འདུས་བྱས་དང་། །གསང་དབང་གསང་བའི་རྣམ་ཤེས་དང་། །གསང་ཡུལ་གསུམ་འདུས་རྟོག་པ་བཅོམ། །རྟག་ཆད་བདག་དང་མཚན་མར་འཛིན། །རྣམ་དག་བཞི་བཅུ་རྩ་གཉིས་བཤད། །བཅུ་ལྡན་ཡེ་ཤེས་དཔལ་དགུའོ། །གཉིས་ལྡན་ཟག་མེད་ཡུམ་གྱི་སྐུ། །རྣམ་ཤེས་བརྒྱད་དག་མཁའ་འགྲོ་བརྒྱད། །རྣམ་པར་ཤེས་བརྒྱད་སིང་ཧའི་སྐུ། །རྟག་ཆད་མུ་བཞི་སྒོ་མ་བཞི། །སྣོད་བཅུད་ལྷ་དང་གཞལ་ཡས་ཁང་། །ཕུང་པོ་ལྔ་ལ་སོགས་པའི་ཆོས། །དེ་ནི་སྤང་བར་བྱ་བ་མིན། །ཐེག་པ་གསུམ་ནི་སྤང་བ་མིན། །ཀ་ཏ་ལི་བཞིན་ཡོངས་སུ་བཟུང་། །དཔལ་ཧེ་རུ་ཀ་གལ་པོ་ཞེས་བྱ་བ་ལས། རྣམ་པར་དག་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དེ་ཁོ་ན་ཉིད་ཀྱི་ལེའུ་བཤད་པར་བྱ་སྟེ། སྟོང་དང་སྟོང་མིན་ཧེ་རུ་ཀ །ངོ་བོ་གཟུགས་མེད་སྒྲ་སོགས་བྲལ། །མྱོང་དང་སྣོམ་དང་བྱེད་པ་པོ། །ཀུན་ནས་ཡོད་པ་མ་ཡིན་ཏེ། །ངང་གིས་རྣམ་པར་དག་པ་ལས། །ལྷ་དང་ལྷ་མོར་གང་སྣང་ཡང་། །ཡོད་པ་མ་ཡིན་རང་བཞིན་བྲལ། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །འདོད་པ་ལོག་པར་གཡེམས་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །དེ་དག་རྩ་བ་ཡིན་ཤེས་ན། །ཚེ་འདི་ཉིད་ལ་མྱ་ངན་འདའ། །དཔལ་ཧེ་རུ་ཀ་གལ་པོ་ལས། །དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །དཔལ་ཆེན་ཁྲག་འཐུང་ཕྱག་རྒྱ་ནི། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྡོ་རྗེ་ཁ་ཊྭཱཾ་རྡེའུ་ཆུང་གཡས། །དུང་དམར་རྒྱུ་ཞགས་ཁྱུང་ཁྲ་གཡོན། །ཤེས་རབ་དབྱིངས་མའི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་ཤེས་རབ་ཐབས་ལ་བརྟེན། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཀྲོ་དྷཱི་ཤྭ་རཱི་དབྱིངས་ཀྱི་རྒྱ། །ག་རཱི་བྷན་དམར་བྱིས་དབྱུག་སྔོ། །ཙཽ་རཱི་མདའ་གཞུ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱུ་མཚན་དམར། །བེ་ཏཱ་བྱི་ཟ་རྡོར་འཕྱར་ནག །པུཀྐ་དམར་སེར་བྱིས་རྒྱུ་འདྲེན། །གྷསྨ་དུང་དམར་ཁྲག་འཐུང་ལྗང་། །སྨ་ཤ་མཐིང་ནག་བྱིས་སྙིང་ཟ། །ཙནྡྷ་སེར་སྐྱ་མཆོག་ལུས་འདྲལ། །སིང་ཧ་ཁ་རོ་བསྣོལ་སེར་སེང་། །བྱཱ་གྷྲྀ་གནན་བལྟ་བསྣོལ་དམར་སྟག །སྲི་ལ་ནག་མོ་བྱིས་ལྡག་ཝ། །ཤྭ་ན་ཤ་འདྲད་མཐིང་ག་སྤྱང་། །གྲྀཌྡྷ་ཀྲིད་དམར་རྒྱུ་འདྲེན་རྒོད། །ཀང་ཀ་ཞིང་ཕྲག་སྣར་མགོ་དམར། །ཀཱ་ཀ་ཁ་རོ་བྷན་གྲི་ནག །ཨུ་ལཱུ་མཐིང་ཚོགས་འུག་པའི་མགོ། །རྟ་མདོང་དཀར་མོ་ལྕགས་ཀྱུས་འདྲེན །ཕག་གདོང་ནག་མོ་ཞགས་པས་ཆིངས། །ཉི་ཟླ་དམར་མོ་ལྕགས་སྒྲོག་སྡོམ། །ཐལ་བྱེད་མཐིང་ནག་དྲིལ་འཁྲོལ་དགྱེས། །ཞེས་སོ། །དཔལ་ཧེ་རུ་ཀ་གལ་པོའི་རྒྱུད་ལས། ལྷ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་བསྟན་པའི་ལེའུ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྔ་མ་ལས་ནི་གནས་འགྱུར་ཏེ། །ཁྲག་འཐུང་དཀྱིལ་འཁོར་གསལ་བྱས་ནས། །ཕུང་པོ་རྡོས་བཅས་བེམ་པོ་དེ། །ཕྱོགས་བཞིས་བྲོ་བཞིས་སྦྱང་བར་བྱ། །ཡེ་ཤེས་ལྷ་དང་མཁའ་འགྲོ་མ། །ཐུགས་དམ་བསྐང་ཞིང་ཐུགས་དམ་བསྐུལ། །འབྲུ་ལྔ་བཀོད་ལ་ལམ་ལྔ་དགག །ཁྲུས་བྱ་ཟླ་གམ་ནུབ་ཏུ་བཞག །དེ་ལ་ལྷ་རྣམས་དགོད་པ་ནི། །རིགས་ལྔ་ཡབ་ཡུམ་བསམ་པར་བྱ། །མདུན་རྒྱབ་གཉིས་སུ་བསྒོམ་པ་ནི། །ཨཱ་ལི་ཀཱ་ལི་བསམ་པར་བྱ། །རྣམ་ཤེས་དབང་པོ་ཡུལ་དུས་ལ། །སེམས་དཔའ་ཡབ་ཡུམ་བསྒོམ་པར་བྱ། །སྤྱི་བོ་རྒྱབ་དང་ལྕེ་ཡི་སྟེང་། །རྐང་མཐིལ་ཡན་ཆད་ཐུབ་པ་དྲུག །ལྟེ་བ་མཇུག་ཏོ་མཁལ་ཁུང་གཉིས། །སྒོ་བ་ཡབ་ཡུམ་བསྒོམ་པར་བྱ། །རྣམ་སྨིན་ཟག་བཅས་ཕུང་པོ་ལ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བཀོད་ནས། །འོད་ཟེར་འཕྲོ་འདུས་སྦྱངས་བྱས་ན། །གཉིས་དོན་མཐར་ཕྱིན་ཕྱག་རྒྱ་སྒྲོལ། །ཆོ་ག་ལྔ་དང་ཡན་ལག་ལྔས། །གང་མོས་བསྐྱེད་ཅིང་རབ་བསྒོམས་ལ། །རང་བཞིན་དཀྱིལ་འཁོར་སྤྱན་དྲངས་བསྟིམ། །ཕྱག་འཚལ་མཆོད་དེ་གནས་པ་དང་། །བཟླས་བརྗོད་བསྙེན་པའི་འཕྲོ་འདུ་ཡིས། །ཡང་ནས་ཡང་དུ་སྦྱང་བར་བྱ། །ཡང་ན་ཁྲག་འཐུང་ཆེན་པོའི་སྐུ། །བདག་ཉིད་རབ་ཏུ་གསལ་བསྒོམ་སྟེ། །རོ་ཡི་བཤའ་ཐབས་རྒྱབ་ནས་བཤའ། །ཁྲག་འཐུང་ལྷ་ཚོགས་རྫས་སུ་སྟེ། །གློ་སྙིང་དཔལ་ཆེན་ཡབ་ཡུམ་གྱི། །མིག་དང་རྣ་བ་སྣ་དང་ལྕེ། །རིགས་བཞི་ཁྲག་འཐུང་ཡབ་ཡུམ་རྫས། །བུམ་པ་བདུད་རྩི་རྣམ་པ་ལྔ། །དཔུང་པ་གཡས་གཡོན་བཞག་ཤ་དང་། །རྒྱུ་མ་མཆིན་པ་མགོ་ཤ་རྣམས། །རྩ་བའི་ལྷ་དགུའི་རྫས་སུ་བཞག །གོ་རོ་ཙ་ན་གཞུང་པ་དང་། །རྐང་དང་ཚིལ་བུ་ཤ་དང་ཁྲག །སྲོག་རྩ་མཁྲིས་པ་བརྒྱད་རྣམས་ནི། །མུ་ཁ་ཕྲ་མིན་བརྒྱད་ཀྱི་རྫས། །ཡན་ལག་རྣམ་ཐར་བཞི་རྣམས་ནི། །ཡེ་ཤེས་སྒོ་མ་བཞི་ཡི་རྫས། །སྒལ་ཚིགས་ཕྲུགས་རེ་བསྡེ་བ་ནི། །དབང་མོ་ཉི་ཤུ་བརྒྱད་ཀྱི་རྫས། །ན་སག་ཆེ་ཕྲ་བསྡེབ་པ་ནི། །རང་བྱུང་ཁྲོ་བོ་བཅུ་ཡི་རྫས། །ཤ་ཁྲག་རུས་པ་རྐང་དང་ཚིལ། །མཁའ་ལ་འགྲོ་བ་ཀུན་གྱི་རྫས། །མཚན་དང་ལྡན་པའི་བྷནྡྷ་དེ། །དཔལ་ཆེན་བཞུགས་པའི་རྟེན་ཡང་ཡིན། །དེ་ཡི་ནང་དུ་བླུག་པ་ཡང་། །གོ་རོ་ཙ་ན་དྲི་ཆེན་དང་། །སྙིང་དང་སྲོག་པ་རྩ་ཡི་ཁྲག །མཱཾ་ས་མཁྲིས་པ་དྲི་ཆུ་དང་། །སོ་དང་དབང་པོ་རྣམ་ལྔ་དང་། །དེ་རྣམས་ཆ་ནི་མཉམ་པ་དག །བྷནྡྷར་བླུག་པ་དངོས་གྲུབ་རྫས། །བརླ་རྐང་གཉིས་དང་རྗེ་ངར་རྐང་། །དུང་ཆེན་འབུད་པའི་གླིང་བུ་བྱ། །དཔུང་པའི་རྐང་མགོ་གཉིས་པོ་ལ། །རཀྟ་སྦྲེང་བའི་གཟར་བུ་བྱ། །ཤ་སྒོར་དངོས་གྲུབ་གསོལ་བྱང་དང་། །རྡོ་རྗེ་དང་ནི་དྲིལ་བུ་དང་། །བདུད་རྩིའི་བུམ་པ་དངོས་གྲུབ་རྫས། །དེ་བཞིན་དབང་གི་བུམ་པ་བཞག །ཏིང་འཛིན་ཡེ་ཤེས་གསལ་བའི་ཕྱིར། །དམིགས་པའི་རྟེན་ཡང་མངོན་པར་བྲི། །འདོད་ཆགས་ཡེ་ཤེས་གསལ་བའི་ཕྱིར། །རིགས་ཀྱི་ཡུམ་ཡང་མངོན་པར་གཟུང་། །ཡུམ་རྣམས་ཀུན་གྱི་མཚན་མ་ནི། །དམར་སེར་མཉམ་པའི་ཕྱག་རྒྱ་ཅན། །སྤྱན་འཕངས་དམའ་ལ་གཟི་བརྗིད་ལྡན། །འཁོར་ལོའི་ཕྱག་རྒྱ་ཨུཏྤལ་ཞབས། །དཔུང་མགོ་མཐོ་ལ་རིང་བ་ནི། །དེ་བཞིན་རིགས་ཀྱི་གཟུངས་མར་ཤིས། །དཀར་གསལ་དུང་མདོག་སྒེག་མོའི་གཟུགས། །ཤ་རུས་འཁྱིལ་བ་རྡོ་རྗེའི་དབྱིབས། །མདངས་ཅན་ཡིད་འཕྲོག་ཨུཏྤལ་ཞབས། །དུང་ཅན་མ་ཡི་རིགས་མཆོག་སྟེ། །རྡོ་རྗེའི་རིགས་ཀྱི་གཟུངས་མར་ཤིས། །ཨུཏྤལ་སྔོན་པོའི་ཁ་དོག་འདྲ། །གསལ་འཚེར་ལྷུན་སྡུག་གཟི་བྱིན་འཕྲོ། །ཤེས་རབ་དང་ནི་བློ་སྟོབས་ཆེ། །མི་ཟད་བློ་གྲོས་སེམས་ལ་འཆར། །རིན་ཆེན་རིགས་ཀྱི་གཟུངས་མར་ཤིས། །དཀར་ལ་དམར་ཆགས་པདྨའི་མདོག །ཆགས་པ་ཆེ་ཤེས་ཡིད་གཞུངས་པ། །མཆུ་ནི་པདྨ་ཁ་བྱེ་འདྲ། །མིག་རྩ་དམར་ཞིང་དམངས་འཕྲོག་པ། །པདྨ་རིགས་ཀྱི་གཟུངས་མར་ཤིས། །དམར་ལྗང་འཁྲུག་པའི་ངོ་བོ་ལ། །ཁྲོ་བཙོན་ལས་རབ་དོན་ལ་བརྩོན། །ཤ་རྒྱུས་མཆུ་ཞེང་གབ་པར་འདུག །ལག་པར་རྡོ་རྗེ་རྒྱ་གྲམ་འཆང་། །ལས་ཀྱི་རིགས་ཀྱི་གཟུངས་མར་ཤེས། །གཞན་ཡང་གང་དག་ཁ་ཅིག་ཏུ། །རི་མོ་གཅིག་པ་དེ་བཞིན་བྱ། །དུར་ཁྲོད་བླངས་པའི་རས་ཆེན་ལ། །ཚོན་རྩི་སྤྱིན་མེ་རབ་ཏུ་བཟང་། །སྒྲུབ་པོ་དམ་ཚིག་ལྡན་པ་དང་། །འབྲི་མཁན་དག་ཀྱང་དམ་ཚིག་ཅན། །ལྷ་དགུ་དམིགས་པའི་རྟེན་ཡང་བྲི། །དེ་བཞིན་སྒྲུབ་པ་པོ་ཡང་བྲི། །རབ་ཏུ་གནས་པ་རབ་བྱས་ཏེ། །རི་ཡི་རྩའམ་ཆུ་འབྲམ་མམ། །གླིང་ངམ་རང་དགའི་གནས་དག་ཏུ། །དེ་ལ་བསྙེན་བཀུར་བྱེད་པ་ལ། །མྱུར་དུ་དངོས་གྲུབ་སྟེར་ལ་བརྩོན། །སྒྲུབ་དང་འབྲི་མཁན་མ་ཡིན་པར། །ལྷག་མ་ཀུན་ལ་བསྟན་པ་མིན། །སྒྲུབ་པ་དག་ལ་འབད་པའི་ཚེ། །སྐྱེས་བུ་རྟོགས་པའི་བློ་གྲོས་ཅན། །དད་པའི་སེམས་དང་ལྡན་པ་ཡིས། །སྲོག་ལུས་མན་ཆད་རྫས་རྣམས་ནི། །སེར་སྣ་མེད་པའི་སེམས་ཀྱིས་དབུལ། །རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཀུན་ཏུ་སྣ་ཚོགས་བླ་མ་ལ། །ཡོན་གྱི་མཆོག་ནི་རབ་ཏུ་དབུལ། །གང་ན་ཡོངས་སུ་གཏོང་དཀའ་བ། །དེ་ནི་མཆོག་ཏུ་བཤད་པ་ཡིན། །བླ་མའི་རྫས་ནི་སྲོག་ཇི་བཞིན། །གཞི་འཛིན་སྣུམ་འདྲ་དམ་ཚིག་རིན་པོ་ཆེ། །མ་རིག་ཐ་རྒོད་ཀོ་ཁེངས་ལྟ་བུ་བཏུལ། །ཡང་དག་དོན་རྟོགས་སེམས་དང་ཆོས་སུ་འདྲེས། །ལུས་དང་སྲོག་ལ་བབས་ཀྱང་དམ་ཚིག་མཆོག་མི་གཏོང་། །རྣལ་འབྱོར་དབང་ཕྱུག་ཡོན་ཏན་བརྒྱད་དང་ལྡན། །བླ་མ་མཆོག་ཉིད་ཡིན་པར་ངས་བཤད་དོ། །དག་པའི་ཡེ་ཤེས་ཧེ་རུ་ཀ །གཉིས་མེད་དོན་ལ་རབ་བརྩོན་པ། །དབྱངས་དྲུག་བླངས་པས་དོན་དྲུག་གྲུབ། །སྔགས་ཀྱི་ཡི་གེའི་སྒྲ་སྒྲོགས་པ། །དེས་ནི་དཀྱིལ་འཁོར་ལྷ་རྣམས་བསྐྱེད། །ཟབ་ཅིང་འབྲུག་སྒྲ་ལྟར་སྒྲོགས་པས། །གཏུམ་པོ་གདུག་པའང་ལྷན་ནེར་འགྱུར། །མཁུར་བ་དབུགས་ཀྱི་རླུང་འབྱིན་པས། །ཁྲོ་བོ་ཁྲོ་མོའི་སྤྲུལ་པ་འགྱེད། །རྡོ་རྗེ་སྲིན་པོ་ངུར་སྐད་ཀྱིས། །གདུག་པ་ཐམས་ཅད་སྤ་ཡང་བཀོང་། །འཁུན་ཞིང་གདུང་པའི་སྒྲ་འབྱིན་པས། །གདུག་པ་ཐམས་ཅད་རྡུལ་དུ་རློག །ཚངས་པ་དབྱངས་ཀྱི་འདྲེན་ཚུལ་གྱིས། །ཐམས་ཅད་མ་ལུས་དབང་དུ་སྡུད། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། སྟོང་ཚོ་གསུམ་གྱི་གྲངས་དག་ནི། །རྣལ་འབྱོར་ཉིན་ཞག་གང་བཟླ་པ། །ཞག་ནི་སུམ་ཅུ་ཕྲག་དྲུག་གིས། །རིག་འཛིན་ཐོབ་པར་གདོན་མི་ཟ། །རྣལ་འབྱོར་པ་དེ་འཆི་བའི་ཚེ། །འཇིག་རྟེན་པ་དག་ཤི་ཞེས་བརྗོད། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས། །ལེགས་ཞེས་རབ་ཏུ་བརྗོད་ནས་ཀྱང་། །རིག་འཛིན་ས་ལ་ངེས་པར་འཁོད། །དཔལ་ཧེ་རུ་ཀ་གལ་པོ་ཞེས་བྱ་བའི་རྒྱུད་ལས། སྣ་ཚོགས་རྣམ་པར་སྤྱོད་པ་ཞེས་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཐིག་ལེ་གཅིག་པའི་དཀྱིལ་འཁོར་དུ། །རྡོ་རྗེ་བདུད་རྩི་སྒྲུབ་པ་བཤད། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །དེ་ནས་དཀྱིལ་འཁོར་བྲི་བར་བྱ། །ཞི་ཁྲོ་སྤེལ་མའི་དཀྱིལ་འཁོར་བྲི། །ཤར་དུ་ཞི་བའི་དཀྱིལ་འཁོར་དུ། །མཆོད་པ་ལྔ་དང་གཏོར་མ་བཤམ། །ལྷོ་རུ་རྒྱས་པའི་དཀྱིལ་འཁོར་དུ། །མར་མེ་དགུ་དང་གསོལ་བྱང་བཞག །ནུབ་ཏུ་དབང་གི་དཀྱིལ་འཁོར་དུ། །རྡོ་རྗེའི་ཚེ་དང་དངོས་གྲུབ་རྫས། །བྱང་དུ་དྲག་པོའི་དཀྱིལ་འཁོར་དུ། །བསྒྲལ་བའི་རྫས་མཆོག་བཞག་པར་བྱ། །དབུས་ཀྱི་བྷནྡྷ་སྲུབས་མེད་དུ། །རྩ་བ་བརྒྱད་དང་ལོ་མ་སྟོང་། །མིན་པ་གསུམ་དང་ཡིན་པ་ལྔ། །སྐྱོབ་དང་ཡན་ལག་ཉི་ཤུ་བདུན། །ཁ་ཆེར་སྐྱེས་དང་ཙནྡན་དྲི། །གཉིས་འཐུང་ལ་སོགས་ཤ་སྣ་སྟོང་། །འབྲུ་དང་རིན་ཆེན་བཅུད་ལ་སོགས། །གང་ཡང་སྨན་ཆེན་མིན་པ་ནི། །རབ་ཏུ་བསྒྲིམས་ཏེ་བསྒྲུབ་པར་བྱ། །བར་ཆོད་ཉུལ་ལེ་དུས་སུ་བཟློག །དུས་ནི་ཡར་གྱི་བརྒྱད་ལ་འཇུག །སྤྱན་དྲངས་རྟོག་པ་ཟློག་པ་དང་། །སྨན་ཉིད་ཞི་ཁྲོའི་ལྷར་བསམས་ཏེ། །སྨན་འཛབ་ལྷ་འཛབ་སྤེལ་ཏེ་བགྲང་། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐཱཿ ༀ་མ་ཧཱ་སུ་ཁ་ཛྙཱ་ན་བོ་དྷི་ཙིཏྟ་དྷརྨ་དྷཱ་ཏུ་ཨཱཿ ༀ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐཱ། སྨན་ཉིད་ལྷ་རུ་རབ་སྦྱངས་ནས། །གྲོགས་པོ་དཔལ་ལ་སེམས་སྟོབས་ཆེ། །ཁྲོ་བོའི་ཚུལ་ཅན་གིང་ཆེན་ནི། །ཧཱུཾ་གི་སྒྲ་དང་ལྡན་པ་དེ། །ཆས་བརྒྱད་ཁྲི་བཅུ་ལུས་ལ་འགོད། །མངའ་གསོལ་བཏོན་ལ་བཏག་བཙག་བྱ། །ཡེ་ཤེས་འོད་ཀྱི་སྣང་བ་དྲིལ། །དཔལ་ཆེན་སྐུར་བསྒོམ་དབང་ཡང་བསྐུར། །དཀྱིལ་འཁོར་ཆེན་པོར་རབ་བསྐོར་ཞིང་། །རུ་ལུའི་བྲོ་དང་བྲབ་དང་བདུག །དབུས་སུ་གཞུག་ལ་སློབ་དཔོན་གྱིས། །བཞི་རྒྱུད་ལྡན་པའི་དགོངས་པ་བྱ། །ཚོགས་ཆེན་མཆོད་པ་རྒྱུན་མི་གཅད། །གཙང་སྦྲ་གསུམ་ལ་གནས་པར་བྱ། །ཚོགས་ཆེན་གཅིག་གི་བསོད་ནམས་ནི། །སྐྱེ་ལ་ཉན་ཐོས་བརྒྱར་བསགས་པས། །བཅུ་དྲུག་ཆར་ཡང་མི་ཕོད་ན། །མཐར་ཐུག་པ་ནི་ཚོགས་འཁོར་ལོ། །ཀཱ་ཡ་ཝཱ་ཀ་ཙིཏྟ། ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། རྡོ་རྗེ་ཉི་མ་ནུབ་ནས་ནི། །དངོས་གྲུབ་ཆེན་པོ་བླང་བར་བྱ། །སྨན་ཆེན་འདི་ཡི་བསོད་ནམས་ནི། །ལྷ་གཉན་དམ་སྐོང་ཕྲིན་ལས་འགྲུབ། །རིག་འཛིན་བཞི་དང་སྒྲུབ་པ་བརྒྱད། །ཧེ་རུ་ཀ་ཡི་གསུངས་བཞིན་དུ། །འགྲུབ་པར་འགྱུར་ཏེ་གདོན་མི་ཟ། །གལ་ཏེ་འདི་ལ་གཟུགས་ཡོད་ན། །འཇིག་རྟེན་སྲོག་ཆགས་ཐམས་ཅད་ཀྱིས། །བརྗོད་པར་ནུས་པ་མ་ཡིན་ནོ། །རྡོ་རྗེ་བདུད་རྩི་སྨན་ཆེན་ཏེ། །གསུམ་དུ་བགོས་ལ་སྤྱད་པར་བྱ། །མདོར་ན་མང་པོ་སྨོས་ཅི་དགོས། །བདེ་གཤེགས་ཐམས་ཅད་མཆོད་པ་བས། །འདི་ཉིད་བསྒྲུབ་པའི་ཁྱད་པར་ནི། །ལྷག་པ་བས་ཀྱང་ཆེས་ལྷག་གོ། །འདི་མ་ཡིན་པའི་བསོད་ནམས་ནི། །གཞན་ན་ནམ་ཡང་ཡོད་མ་ཡིན། །དེ་བས་བསྒྲུབ་པ་འབད་པར་བྱ། །དཔལ་ཧེ་རུ་ཀའི་རྒྱུད་ལས། རྡོ་རྗེ་བདུད་རྩི་བསྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཁྲག་འཐུང་ཆེན་པོ་དེས། དེ་སྐད་ཅེས་བཀའ་སྩལ་ནས། ལྷ་དང་། སྲིན་པོ་དང་། གིང་དང་། ལང་ཀ་དང་། མ་བདུན་དང་། སྲིང་མོ་བཞི་དང་། འབར་མའི་ཚོགས་ཐམས་ཅད་ཡི་རངས་ཏེ། དགྱེས་པའི་གད་མོ་བསྒྲགས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཁྲག་འཐུང་རྩ་བའི་རྒྱུད་ཐུགས་ཀྱི་གལ་པོ་ཞེས་བྱ་བ་རྫོགས་སོ། །ཨུ་རྒྱན་གྱི་མཁན་པོ་ཆེན་པོ་པདྨ་སམ་བྷ་ཝ་དང་། ལོ་ཙཱ་བ་དགེ་སློང་ནམ་མཁའི་སྙིང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ནུབ་ཕྱོགས་ཨུ་རྒྱན་གྱི་གནས་ནས་སློབ་དཔོན་ཧཱུཾ་ཀ་རས་བཏོན་པའོ། །རྒྱུད་འདིའི་བཀའི་སྲུང་མ་ནི་མཁའ་འགྲོ་མ་གཙུག་གི་རྒྱན་གཅིག་མ་དང་སྲོག་གི་ཉུལ་ལེ་མ་བཞི་ལ་གཏད་དེ། །བཀའི་དུས་ཚིགས་དང་ཉི་ཚོད་ལས་འདས་ན་མཁའ་འགྲོ་མ་རྣམས་ཀྱིས་ཆད་པ་ཆོད་ཅིག །བཀའ་རྒྱ་གསུམ་མོ། །ཨཐྎ།།

དཔལ་ཡང་དག་ཧེ་རུ་ཀའི་བླ་བརྒྱུད་གསོལ་འདེབས། རྒྱལ་སྲས་གཞན་ཕན་མཐའ་ཡས།

དཔལ་ཡང་དག་ཧེ་རུ་ཀའི་བླ་བརྒྱུད་གསོལ་འདེབས་ནི། སྟོན་པ་ཀུན་བཟང་རྡོ་རྗེ་སེམས་དཔའ་ཆེ། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང་། །རོ་ལངས་བདེ་བ་སངས་རྒྱས་གསང་བ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བལ་པོ་ཧཱུཾ་མཛད་པདྨ་སཾ་བྷ་ཝ། །ནམ་མཁའི་སྙིང་པོ་ཡེ་ཤེས་གཞོན་ནུ་དང་། །དཔལ་གྱི་ཡེ་ཤེས་གནུབས་ཆེན་སངས་རྒྱས་ལ། །གསོལ་བ༴ ཡེ་དབང་ཀལྤོ་དབང་གི་གཙུག་ཏོར་དང་། །སོ་སྟོན་རྒྱལ་པོ་ཆོས་སེང་རཱ་ཛ་འབར། །ཆོས་ཡེ་བསྟན་པ་རྒྱལ་ཚ་མགོན་པོ་ལ། །གསོལ་བ༴ པདྨ་རྒྱལ་མཚན་བདེ་གཤེགས་པད་འབྱུང་དང་། །རཏྣ་ཤྲཱི་ཆོས་མཆོག་ཆོས་ལྡན་ཞབས། །གསང་བདག་སེ་སྟོན་དཔལ་འབུམ་མགོན་བཟང་ལ། །གསོལ་བ༴ རིན་ཆེན་རྒྱལ་མཚན་མགོན་པོ་ཟླ་བ་དང་། །ངག་དབང་རྡོ་རྗེ་དཔལ་ལྡན་བཀྲ་ཤིས་ཞབས། །ལེགས་གྲུབ་ཚེ་རིང་རྡོ་རྗེ་ཆོས་དབྱིངས་ལ། །གསོལ་བ༴ གཏེར་བདག་གླིང་པ་འགྱུར་མེད་རྒྱ་མཚོའི་སྡེ། །རིན་ཆེན་རྣམ་རྒྱལ་ཨོ་རྒྱན་བསྟན་འཛིན་རྗེ། །ཕྲིན་ལས་རྣམ་རྒྱལ་ཕྲིན་ལས་ཆོས་ཀྱི་སྒྲོན། །གསོལ་བ༴ སངས་རྒྱས་ཀུན་དགའ་བསྟན་འཛིན་ནོར་བུའི་སྡེ། །རིགས་བདག་འགྱུར་མེད་ཕན་བདེའི་འོད་ཟེར་ཞབས། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ༴ རབ་འབྱམས་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་ཆེ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་འཁོར་ལོའི་ལྷ། །ཌཱ་ཀི་ཆོས་སྐྱོང་རྒྱ་མཚོའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བརྒྱུད་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །འབྲལ་མེད་སྒོ་གསུམ་ཉིད་དུ་རབ་བསྒྲུབས་པས། །དབང་བཞིས་བསྟན་དོན་བསྐྱེད་རྫོགས་ཡན་ལག་བཞིས། །རིག་འཛིན་བཞི་དང་སྐུ་བཞི་མངོན་བྱེད་ཤོག །ཅེས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་མཛད་པའི་བརྒྱུད་འདེབས་ལ་བརྒྱུད་པའི་ཁྱད་པར་གྱིས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ནས་བདག་གི་རིགས་བདག་འགྱུར་མེད་ཕན་བདེའི་འོད་ཟེར་བར་ཁ་བསྒྱུར་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །།

དཔལ་ཡང་དག་གི་སྒྲུབ་ཐབས་བདེ་ཆེན་ཐིག་ལེ་འགྱུར་མེད་རྡོ་རྗེ།

དཔལ་ཡང་དག་གི་སྒྲུབ་ཐབས་བདེ་ཆེན་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །དཔལ་ཧེ་རུ་ཀ་ཡང་དག་གི་སྒྲུབ་ཐབས་བདེ་ཆེན་ཐིག་ལེ་ཞེས་བྱ་བ། བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྲིད་ཞི་ཀུན་གྱི་ཁྱབ་བདག་བདེ་བ་ཆེ། །འགྱུར་མེད་རྡོ་རྗེ་བཞི་ཡི་རྣམ་རོལ་གྱིས། །རྟག་ཏུ་དགྱེས་རོལ་དཔལ་ཆེན་ཧེ་རུ་ཀ །ཡང་དག་བླ་མ་ཉིད་ལ་གུས་ཕྱག་འཚལ། །རྣམ་དག་འོད་གསལ་གདོད་མའི་དཀྱིལ་འཁོར་དུ། །རང་རིག་ཧེ་རུ་ཀར་རྫོགས་དེ་ཁོ་ནའི། །གནས་ལུགས་རྣམ་པའི་ལམ་གྱིས་མཚོན་བྱེད་ཐབས། །བདེ་ཆེན་ཐེག་ལེ་མཆོག་གི་དཔྱིད་དུ་སྤེལ། །འདི་ལ་གསུམ། སྒྲུབ་པ་པོ་གང་ཟག །སྒྲུབ་པ་ལམ་རིམ། གྲུབ་པ་འབྲས་བུའོ། །དང་པོ་ནི། ཕྱི་ནང་གསང་བའི་དབང་བསྐུར་བ་ཐོབ་ཅིང་། ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པའོ། །གཉིས་པ་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། སྔོན་འགྲོ་ལ་བདུན་གྱི། དང་པོ་བྱ་བའི་སྔོན་འགྲོ་ནི། གནས་ཁང་ལེགས་པར་བརྒྱན་ལ། རྟེན་དང་མཆོད་གཏོར་སོགས་མཁོ་བའི་ཡོ་བྱད་རྣམས་བཤམས་པའོ། །གཉིས་པ་རྒྱུད་སྦྱང་བ་ནི། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿས་མཁའ་ཁྱབ་ཏུ་སད་པར་མོས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དེ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བརྗོད་ལ། ཚོགས་ཞིང་རྣམས་རང་ལ་བསྡུས་ཏེ། ཀ་དག་སྤྲོས་པ་དང་བྲལ་བའི་ངང་ལ་བཞག་གོ། །གསུམ་པ་མཚམས་བཅད་པ་ནི། རྣམ་པར་མི་རྟོག་པའི་ངང་ལས། ཧཱུྃ་ཤྲཱི་བཛྲ་དྷྲིཀྲ་ཧཱུྃ་ཛཿཞེས་བརྗོད་པས། རང་ཉིད་ཁྲོ་བོའི་རྒྱལ་པོ་ཞེ་སྡང་རྡོ་རྗེ་འཇིགས་སུ་རུང་བའི་སྐུར་མོས་ལ། ཧཱུྃ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བསྐང་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང་། །དེ་མ་ཐག་ཏུ་བཀས་ནས་ནི། །བདུན་བརྒྱུད་རིགས་ཀྱང་བརླག་པར་འགྱུར། །ཞེས་དྲག་པོའི་ཚམས་རྔམ་དང་བཅས་བསྐུལ་བས། ཁྲོ་བོའི་སྤྲིན་ཕུང་སྤྲུལ་པའི་འོད་ཟེར་འཁྲུག་ཅིང་འབར་བ་གཡས་བསྐོར་དུ་སྤྲོས་པས་བགེགས་ཐམས་ཅད་ཚར་བཅད། སླར་གཡོན་བསྐོར་དུ་འདུས་པ་ལས་ཕྱོགས་བཅུར་ཁྲོ་བོ་ཆེན་པོ་བཅུར་གྱུར་པ་ནི། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཅེས་སོགས་བརྗོད་པས། ཁྲོ་བོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ་སྨད་ཕུར་བུ་འབར་བས་བགེགས་ལ་གཟིར་ཞིང་བསྲུང་བའི་ལས་མཛད་པར་བསམ། སླར་ཡང་སྣ་བུག་ནས་ཧཱུྃ་རིང་པོར་བརྗོད་པའི་སྒྲ་གདངས་ལས་མཚོན་ཆ་ལྔའི་ཡེ་ཤེས་ཀྱི་འོད་ཟེར་བསྐལ་པའི་མེ་འབར་བ་དང་བཅས་པ་སྤྲོས། བགེགས་ཐམས་ཅད་ཚར་བཅད་པར་མོས་ལ། ༀ་བྷྲཱུཾ། ཧཱུྃ་བྷྲཱུཾ། ཏྲཱཾ་བྷྲཱུཾ། ཧྲཱིཿབྷྲཱུཾ། ཨཱཿབྷྲཱུཾ། ༀ་ཛྭ་ལ་བཛྲ། མནྟྲ་སུམྦྷ། མནྟྲ་ཛྭ་ལ་བཛྲ། བཛྲ་ཛྭ་ལ་བཛྲ་ཧཱུྃ་ཕཊ། ཅེས་བརྗོད། སླར་འདུས་པ་ལས་མཚོན་ཆ་ལྔའི་ར་གུར་གྱིས་རིམ་པར་དཀྲིགས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་ཞིང་། ཧཱུཾ། ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། །ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་བསྲུང་། །ཧཱུྃ། སྟེང་ཡང་རྡོ་རྗེའི་བླ་རེ་ལ། །འོག་ཀྱང་རྡོ་རྗེའི་ས་གཞི་སྟེ། །ཕྱོགས་མཚམས་རྡོ་རྗེ་འབར་བས་གཏམས། །རྡོ་རྗེའི་མཚམས་ལས་མ་འདའ་ཞིག །རྡོ་རྗེའི་རྒྱ་བཅིངས་ཏེ། བཛྲ་བཛྲ་རཀྴ། དེ་བཞིན་དུ་རྡོ་རྗེའི་གནས་སུ། འཁོར་ལོ་དང་། རལ་གྲི་དང་། དབྱུག་ཐོ་དང་། ཕུར་བུ་རྣམས་དང་། བཛྲ་གྱི་གནས་སུ། ཛྙཱ་ན་ཙཀྲ་དང་། ཏིཀྵྞ་ཙྪིནྡྷ་དང་། ཨ་ཀོ་ཊ་ཡ་མུཏྒ་ར་དང་། ཀཱི་ལི་ཀཱི་ལ་ཡ། ཞེས་རིམ་པར་གཞུག་ཅིང་སོ་སོའི་རྒྱ་བཅའོ། །དེ་ནས་བཀའ་བསྒོ་བ་ནི། ཧཱུྃ། མཚམས་བཅད་ནང་འདི་ཚུན་ཆད་དང་། །སུ་ཡང་འདའ་བར་མ་བྱེད་ཅིག །ཅི་སྟེ་བཀའ་ལས་འདའ་བྱེད་ན། །ཐོ་བ་ལྕགས་ཀྱུར་བཅས་པ་ཡིས། །སྙིང་ནས་དྲངས་ཏེ་བརྡུང་བར་བྱ། །ཞེས་པས་མཚམས་བཅད་དོ། །བཞི་པ་བཤགས་པ་བྱ་བ་ནི། བཤགས་ཡུལ་ཚོགས་ཞིང་ལྟར་གསལ་བཏབ་ལ། ཡེ་ཤེས་སྐུ་མཆོག་དང་དམ་ཚིག་ཉེར་བརྒྱད་པའམ། བསྡུ་ན། ཡེ་ནས་མཉམ་ཉིད་ཆོས་སྐུར་དག་པ་ལས། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་སོ་སོར་སྨིན། །དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མནོས་ཀྱང་། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགའ་གྱུར་པས། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ། །ཞེས་བཤགས་པ་བྱའོ། །ལྔ་པ་དམ་བཅའ་བ་ནི། ལྷག་པའི་བསམ་པ་བརྟན་པོས། ༀ། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །ཞེས་ལན་གསུམ་གྱིས་དམ་བཅའ། དྲུག་པ་བྱིན་དབབ་པ་ནི། ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་བསམ་ལ། ༀ་ཧཱུཾ་ཨ་ལ་ལ་ཧོཿ བྷ་ག་ཝཱན་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ༴ དབང་ཆེན་དབང་བསྐུར༴ དངོས་གྲུབ་མཆོག་སྩོལ༴ བདག་ཅག་ལས་འབྲས་མཆིས་པར་མཛོད། །རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཞིང་། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བྱིན་བསྡུས་པས། ནམ་མཁའ་གང་བའི་ལྷ་ཚོགས་རྣམས་བདག་གནས་ཡོ་བྱད་ཐམས་ཅད་ལ་ཐིམ་པར་བསམ་མོ། །བདུན་པ་མཆོད་རྫས་རློབ་པ་ནི། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་མཆོད་རྫས་ཀྱི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས། བདུད་རྩིའི་སྣོད་བྷྲཱུཾ་ལས་བྷཉྫའི་གཞལ་ཡས་ཁང་དུ་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་བདུད་རྩི་ལྔ་ལ་དཔའ་བོ་འབྲུ་ལྔ་དང་། རང་གི་མཐེབ་སྲིན་ཉི་ཟླའི་བར་དུ་རྟ་མགྲིན་ཡུམ་བཞི་དང་བཅས་པས་མཚན་པའི་ཕྱག་རྒྱ་བདུད་རྩི་ལ་རེག་སྟེ། ༀ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་བཟླས་པས། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་རྟ་མགྲིན་ཡུམ་བཞི་དང་རོལ་པའི་བྱང་ཆུབ་ཀྱི་སེམས་དཔའ་བོ་འབྲུ་ལྔ་ལ་ཕོག་པ། ཡེ་ཤེས་ཀྱི་འོད་ཟེར་འབར་བས་བདུད་རྩིར་ཞུ་ཞིང་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བསྡུས་ནས་འཁྱིལ་བའི་སྟེང་དུ་ༀ་ཨཱཿཧཱུཾ་གིས་མཚན་པ་ལས་སླར་ཡང་འོད་ཟེར་འཕྲོས། སྣོད་བཅུད་ཀྱི་དྭངས་མ་བདུད་རྩིར་བསྡུས་ནས་དོན་གཉིས་བྱས་ཏེ། འབྲུ་གསུམ་རྟ་མགྲིན་ཡུམ་དང་བཅས་པ་འོད་དུ་ཞུ་ནས་བདུད་རྩིར་འཁྱིལ་བར་བསམ་མོ། །གཏོར་གཞོང་བྷྲཱུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་དུ། གཏོར་རྫས་ༀ་ལས་འདོད་ཡོན་གྱི་ཕུང་པོར་གྱུར། ༀ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བཱ་གེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཞེས་བཟླས་པས། འདོད་ཡོན་དྲུག་གི་ལྷ་མོ་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་སྤྲོ་བའི་གཏེར་དུ་བསམ་མོ། །བྷྲཱུཾ་བྷཉྫ་ཀ་པཱ་ལ་བྷྲཱུཾ། རཀྟའི་ཞལ་བུ་སྟོང་གསུམ་དང་མཉམ་པའི་ནང་དུ་རཀྟ་ལ་ར་ཡིག་དམར་པོས་མཚན་པར་གྱུར། ༀ་ཨཱཿཧཱུཾ་མཱུ་ལ་རཀྟ་ཧཱུཾ་ཧྲཱིཿཋཱ། ཞེས་བརྗོད་པས། རང་གི་ཐུགས་ཀའི་འོད་ཟེར་ར་ཡིག་ལ་ཕོག་པས་འོད་དུ་འབར་བས་དངོས་འཛིན་སྦྱངས་ནས་བདུད་རྩི་རཀྟའི་རྒྱ་མཚོར་འཁྱིལ་བ། གཟར་བུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེས་དཀྲུགས་པས་རྦ་རླབས་དམར་པོར་ཟེགས་མ་ལས་འདོད་ཡོན་གྱི་ལྷ་མོ་སྤྲོ་བར་བསམ་མོ། །རྫས་ཐུན་མོང་པ་རྣམས། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་མཆོད་རྫས་ཀྱི་མིང་ཡིག་དང་པོ་རྣམས་འཕྲོས་འདུས་པ་ལས་མཆོད་རྫས་རྣམས་ལ་ཐིམ་པར་བསམ་ཞིང་། ༀ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུཿ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ༀ་ཨཱཿཧཱུཾ། ཞེས་བརྗོད་པས། མཆོད་པའི་ལྷ་མོ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བས་ནམ་མཁའ་གང་བར་བསམ་མོ། །གཉིས་པ་དངོས་གཞི་ལ། ཏིང་འཛིན་གསུམ་གྱི་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་དང་གསུམ། དང་པོ་ལའང་གསུམ་ལས། དེ་བཞིན་ཉིད་ནི། བསམ་དུ་མེད་དེ་སེམས་ཉིད་ནམ་མཁའ་ཆེ། །སེམས་ཉིད་ནམ་མཁའ་བསམ་པ་ཀུན་དང་བྲལ། །བསམ་དུ་མེད་པའི་སེམས་ཉིད་ནམ་མཁའ་ནི། །ནམ་མཁའི་མི་དམིགས་པར་ཡང་དམིགས་སུ་མེད། །མ་ཧཱ་སུ་ཁ་ཧཱུཾ། ཞེས་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་དུ་བསྒོམ་པའོ། །ཀུན་སྣང་ནི། རང་བཞིན་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་། །སྟོང་ཁམས་ཡོངས་ལ་ཁྱབ་པའི་ཐུགས་རྗེ་འབྱུང་། །སལ་ལེར་གསལ་ཞིང་ཕྱོགས་མེད་མཐའ་དང་བྲལ། །དབྱིབས་དང་ཁ་དོག་དངོས་མེད་ཡེ་ཤེས་འོད། །ཙིཏྟ་སྥ་ར་ཎ་ཕཊ། རང་བཞིན་ཉིད་མ་རྟོགས་པའི་སེམས་ཅན་རྣམས་བྱང་ཆུབ་ལ་འགོད་པར་བྱའོ་སྙམ་པའོ། །རྒྱུའི་ཏིང་འཛིན་ནི། གཞི་རྩ་མེད་པའི་སེམས་ཉིད་དག་པ་ལས། །སེམས་ཀྱི་རང་བཞིན་ཡི་གེ་ཧཱུཾ་དུ་གསལ། །བཟུང་བས་མི་ཟིན་དེ་ཕྱིར་ཆུ་ཟླའི་ཚུལ། །ཐིག་ལེའི་དབྱིངས་ནས་རང་བྱུང་སྐུ་རུ་གསལ། །བཛྲ་ཙིཏྟ་ཧཱུཾ། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རིག་ཧཱུཾ་ཡིག་འབར་བར་གྱུར། ༀ་བཛྲ་སཏྭ་ཧཱུཾ། ཞེས་པས་དེ་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྒྱན་དང་ཆ་བྱད་ཡོངས་སུ་རྫོགས་པ་ནམ་མཁར་གནས་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ་ཡིག་གིས་མཚན་པར་བསམ་ལ། ཧཱུཾ་ཡིག་རིང་པོར་བཞི་བརྗོད་པས། འབྲུ་གསུམ་གྱི་འོད་ཟེར་མཐིང་དམར་དཀར་བ་ཁོང་བརྒྱུད་དུ་དྲངས་ནས་སྣ་རྩེར་ཐོན་པ་བྷྲཱུཾ་ཡིག་སྨུག་ནག་འབར་བར་གྱུར། བྷྲཱུཾ་སྥ་ར་ཎ་ཕཊ། ཅེས་བརྗོད་པས། ཡེ་ཤེས་ཀྱི་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་ཏེ། སངས་རྒྱས་ཀྱི་མཛད་པ་བསྒྲུབས། སཾ་ཧ་ར་ཎ་ཧཱུཾ། གཞིའི་བྷྲཱུཾ་ལ་ཐིམ་པས་ཉི་མ་བྱེད་པའི་གཟི་བརྗིད་འབར་བར་བསམ་མོ། །གཉིས་པ་ལ། རྟེན་གཞལ་ཡས་ཁང་བསྒོམ་པ་དང་། བརྟེན་པ་ལྷ་བསྒོམ་པ་གཉིས་ཀྱི། དང་པོ་ལའང་གསུམ་ལས། གཞི་དབང་ཆེན་གྱི་དཀྱིལ་འཁོར་བསྒོམ་པ་ནི། སྨིན་མཚམས་གྱི་བྷྲཱུཾ་ལས། ཨེ་ཡཾ་རཾ་བཾ་ཀེཾ་རཾ་རྣམས་ཆད། ཨེ་ཨཱ་ཀ་ཤ་མཎྜ་ལ། ཡཾ་ཀརྨ་རཀྵ་ཧཾ། ར་རཀྟ་ཛྭ་ལ་ས་མུ་དྲ། བཾ་སྨིནྟ་ཛྭ་ལ་མཎྜ་ལ། ཀེཾ་ནི་རི་ཏི་ཛྭ་ལ་མཎྜ་ལ། རཾ་ཛྭ་ལ་མཎྜ་ལ། ཞེས་བརྗོད་པས་རིམ་པ་བཞིན། གྲུ་གསུམ་མཐིང་ནག་འབར་བའི་ནམ་མཁའ་ལ། །འཐོར་བྱེད་རླུང་ནག་ཚོགས་ཀྱིས་རྒྱ་གྲམ་གཏམས། །ཆགས་པ་རཀྟའི་རྒྱ་མཚོ་རྦ་ཀློང་འཁྱིལ། །ཞིང་ཆེན་གཏམས་པའི་ས་གཞི་མཐའ་དབུས་བརྡལ། །ཀེང་རུས་ཆེན་པོ་བརྩེགས་པའི་རི་རབ་འབར། །ཡེ་ཤེས་འབར་བའི་མེ་འོད་ཀུན་ཏུ་འཕྲོ། །དེ་དག་ཀྱང་འབྱུང་བ་ལྔ་དང་། ཡེ་ཤེས་ལྔ་དང་། ཡུམ་ལྔའི་མཁའ་ཀློང་གི་རང་བཞིན་དུ་གནས་པའོ། །གཉིས་པ་རྟེན་གཞལ་ཡས་ཁང་བསྒོམ་པ་དངོས་ནི། གཞིའི་བྷྲཱུཾ་ཡིག་རི་རབ་ཀྱི་སྟེང་དུ་ཆད་པ་འོད་དུ་ཞུ་བ་ལས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་བྷཉྫ་ཛྙཱ་ན་མཎྜ་ལ་བྷྲཱུཾ། ཞེས་བརྗོད་པས། དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། ནང་མ་ཟླ་གམ་དམར་ནག་སྒོ་གཅིག་པ། ཕྱི་བར་ཁྱམས་གྲུ་བཞི་སྒོ་བཞི་སྒོ་ཁྱུད་རྟ་བབ་དང་བཅས་པ། ཚར་གསུམ་ཐོད་པའི་རྩིག་པ་རཀྟས་སྦྱར་ཞིང་། གནམ་ལྕགས་ཨུརྨོའི་གཟེར་གྱིས་གཏམས་པ། ལྷ་ཀླུ་གཟའ་སྐར་ཞིང་ཆེ་ཆུང་ལ་སོགས་པའི་ཀ་གདུང་དང་དྲལ་ཕྱམ་བྱས་པ། འདོད་སྣམ་དང་ཕ་གུས་བསྐོར་ཞིང་། རྐང་ལག་གི་ཤར་བུ། སྒལ་ཚིགས་ཀྱིས་མདའ་ཡབ། རུས་པའི་དྲྭ་ཕྱེད། རྒྱུ་རློན་གྱི་ལྡ་ལྡི། སྐྲའི་རྔ་ཡབ། ཐོད་ཚལ་གྱི་ཟླ་བ། ཞིང་ལྤགས་ཀྱི་འཕན་གདུགས་དང་། བླ་བྲེ་ལ་སོགས་པ་འཇིགས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞིང་ཆེན་གྱི་ཐོག་ཕུབས་དང་ལྡན་པའི་རྩེ་མོར་ཙིཏྟ་དང་། རྡོ་རྗེའི་ཏོག་གིས་སྤྲས་ཤིང་། ཚད་དང་མཚན་ཉིད་ཐམས་ཅད་ཚང་བ་པདྨའི་ལྟེ་བ་ལ་གནས་པའི་ཕྱི་ནས་དུར་ཁྲོད་ཆེན་པོ་བརྒྱད། དུར་ཁྲོད་ཀྱི་ཆོས་རྣམས་ཀྱིས་འཇིགས་པར་བྱས་པ་དང་རྡོ་རྗེའི་ར་བ་ཡེ་ཤེས་ཀྱི་འོད་ཟེར་བསྐལ་པའི་མེ་ལྟར་འབར་བས་ཡོངས་སུ་བསྐོར་བའོ། །ཕོ་བྲང་གི་དབུས་སུ་རྡོ་རྗེའི་ཕྲེང་བས་ཟླུམ་པོར་བསྐོར་བ་རུ་རེའུ་མིག་ཆ་དགུར་གྱུར་པའི་ལྟེ་བར་ཟླ་གམ་ཁ་སྤྲོད་དང་། ཕྱོགས་མཚམས་བརྒྱད་དུ་ཟླ་གམ་ལོགས་ནང་དུ་ལྟ་བ་རེ་རེ་དང་བཅས་པའོ། །གསུམ་པ་གདན་བསྐྱེད་པ་ནི། ཐུགས་ཀ་ནས་ཟླ་གམ་དབུས་མའི་སྟེང་དུ། པཾ་ཨ་མ་བཾ་རྣམས་ཆད་པ་ལས། པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜལ། མ་སཱུཪྱ་མཎྜ་ལ། མ་ཧཱ་དེ་བ། ཨུ་མ་དེ་བཱི། ཏི་ར་བཾ། ཞེས་བརྗོད་པས། པདྨ་ཟླ་ཉི་བརྩེགས་པའི་གདན་ལ་དྲེགས་པ་ཁྱོ་ཤུགས་བསྣོལ་བ་དང་། མ་སཱུཪྱ་མཎྜ་ལ། ཏི་ར་བཾ། ཞེས་པས་ཕྱོགས་མཚམས་ཀྱི་ཟླ་གམ་བརྒྱད་ལ་ཉི་མའི་དཀྱིལ་འཁོར་ཞིང་སྐམ་རློན་ཟུང་རེ་དང་བཅས་པའོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ་གཉིས་ཀྱི། དང་པོ་གཙོ་བོ་བསྐྱེད་པ་ལའང་། སྐུ་ཕྲ་མོ་བསྐྱེད་པ། ཡེ་ཤེས་སེམས་དཔའ་དབབ་པ། སྐུ་ཡོངས་རྫོགས་སུ་བསྐྱེད་པ་དང་གསུམ་ལས། དང་པོ་ནི། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་གླུར་བླངས་པས་རིམ་པ་བཞིན། རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་ཧཱུཾ་ཡིག་ཏུ་གྱུར། དེ་ལས་ཧཱུཾ་གི་སྒྲ་གདངས་མཁའ་ཁྱབ་ཏུ་སྤྲོས་འདུས་པ་ལས་རྡོ་རྗེར་གྱུར། སླར་ཡང་སྤྲོ་བསྡུའི་སྦྱོར་བས་བཛྲ་ཧེ་རུ་ཀ་སྨུག་ནག་ཚོན་གང་བར་བསམ་མོ། །གཉིས་པ་ནི། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ནཾ། ཨ་ཧི་སིདྡྷི་ནན། སརྦ་ཏ་ཐཱ་ནན། སརྦ་ཤུདྡྷོ་ནན། ཏྲི་སྭ་བྷཱ་ཝ་ནན། ས་མ་ཡ་བ་ཏི་ནན། ཞེས་བརྗོད་པས། ནམ་མཁའི་ཧེ་རུ་ཀ་དབུས་ཀྱི་གདན་སྟེང་དུ་བཞུགས་པ་ལ། ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས། འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡིས། །དེ་བཞིན་གཤེགས་པའི་གསུང་རབ་ལས། །འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། །ཤིན་ཏུ་ཁྲོ་གཏུམ་གདུག་པར་གྱུར། །ཤིན་ཏུ་གདུག་ཅིང་ཁྲོས་པ་ཡིས། །འོ་དོད་འབོད་ཅིང་ལྟུང་བར་འགྱུར། །ཤིན་ཏུ་གདུག་ཅིང་ཁྲོས་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་པས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དམ་ཚིག་ལ་སྡང་རྣམ་སྤྱོད་ཕྱིར། །དུར་ཁྲོད་གར་གྱི་ཕྱག་རྒྱར་གསལ། །ཞེས་བསྐུལ་བ་ལས། གསུམ་པ་ལ། བསྐྱེད་པ་དངོས། བྱིན་གྱིས་རློབ་པ། དབང་སྐུར་བ་དང་གསུམ་ལས། དང་པོ་ནི། ཧེ་རུ་ཀའི་དམ་རྒྱ་སྨིན་མཚམས་སུ་བཅས་ཏེ། ༀ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་གྲོ་དྷཱི་ཤྭ་རཱི། ས་མ་ཡ་དེ་བཱི་ཏ་ན་ཤོ་དྷ་ཡ་ཧ་ན་ཧཱུཾ་ཕཊ། ཅེས་པས་འབྲས་བུའི་ཧེ་རུ་ཀ་དཔལ་ཆེན་པོའི་སྐུར་གྱུར་པ་ནི། སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན། ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་ཞལ་དཀར་པོ་འཛུམ་པ། གཡོན་ཞལ་དམར་པོ་གཤེ་བ། དབུས་ཞལ་མཐིང་ནག་ཁྲོས་པའི་ཉམས་ཅན། ཉི་ཟླ་འབར་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཞལ་གདམས་ཤིང་མཆེ་བ་གཙིགས་པ། ལྗགས་འདྲིལ་ལ་ཕཊ་ཀྱི་རྐ ན་སྒྲ་སྡེབ་ཅིང་། ཤངས་ནས་ཧཱུཾ་སྒྲ་འབྱིན་པ། སྨིན་མཚམས་ནས་ཁྲོ་གཉེར་གཡོ་བ། སྨ་ར་དང་སྨིན་མའི་གློག་འོད་འཁྱུག་ཅིང་། རལ་བ་ཁམ་ནག་གྱེན་དུ་འབར་བ། ཉི་མ་བྱེ་བའི་གཟི་མདངས་ཅན། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུས་རྒྱས་པ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་དང་དྲིལ་བུ། བར་པ་གཉིས་ཀྱིས་ཁ་ཊྭཱཾ་ཀ་དང་ཐོད་པ་ཁྲག་གིས་གང་བ། ཐ་མ་གཉིས་ཀྱིས་ཐོང་བའི་རྔེའུ་ཆུང་དང་། རྒྱུ་མའི་ཞགས་པ་བསྣམས་པ། ཞབས་བཞི་གཡོན་བརྐྱ྄ང་བའི་སྟབས་ཀྱིས་རོལ་པ། ཐོད་སྐམ་ལྔའི་དབུ་རྒྱན་ཅན། ཐོད་རློན་གྱི་དོ་ཤལ་དང་། ཐོད་ཚལ་སྦྲུལ་རྒྱན་དང་བཅས་པ། ཞིང་ལྤགས་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། སྟགས་ལྤགས་ཀྱི་ཤམ་ཐབས་གྲོལ་བ། ཁྲག་ཞག་ཐལ་བའི་མཚན་མ་སོགས་དུར་ཁྲོད་ཆེན་པོའི་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་སྔོ་སྐྱ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་གཡོན་དུང་ཁྲག་སྟོབ་པ། གཅེར་བུ་ལང་ཚོ་རྒྱས་པའི་འཇོ་སྒེག་ཅན། ཞབས་གཡས་བརྐྱང་བའི་རོལ་པས་ཡབ་དང་གཉིས་སུ་མེད་པར་སྦྱོར་བ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་ཞིང་འཁྲུག་པའི་དབུས་ན་བཞུགས་པའོ། །གཉིས་པ་ནི། རང་གི་སྤྱི་བོར་ༀ་དཀར་པོ། ལྕེ་སྟེང་དུ་ཨཱཾཿདམར་པོ། ཐུགས་ཀར་ཧཱུཾ་མཐིང་ག་རྣམས་ཀྱིས་མཚན་པར་གྱུར། ༀ་ལས་འོད་ཟེར་འཕྲོས། ལུས་ཀྱི་ཞེན་རྟོག་སྦྱངས། དེ་བཞིན་གཤེགས་པ་ཐམས་ཅད་སད་པར་བྱས། སྐུའི་བྱིན་རླབས་བསྡུས་ནས། ༀ་ལ་ཐིམ་པ་འོད་དུ་འབར་ཞིང་། ལུས་ཐམས་ཅད་ཁྱབ་པས་ཁྲོ་ཆུང་སྨུག་ནག་ཚོན་གང་བས་དཀྲིགས་ཤིང་གཏམས་པར་བསམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་མགྲིན་པའི་ཨཱཾཿལས་འོད་ཟེར་འཕྲོས། ངག་གི་ཞེན༴ དེ་བཞིན་གཤེགས་པ༴ གསུང་གི་བྱིན་རླབས་བསྡུས་ནས་ཨཱཿལ་ཐིམ་པ་འོད་དུ་འབར་བ་ལས་ལྗགས་རྡོ་རྗེ་རྩེ་གསུམ་པའི་རྩེ་མོར་པདྨའི་ལྟེ་བར་ཨཱཾཿལ་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བར་བསམ་ཞིང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ༴ ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཡིད་ཀྱིས་ཞེན་རྟོག་སྦྱངས། དེ་བཞིན་གཤེགས་པ་ཐམས་ཅད་སད་པར་བྱས། ཐུགས་ཀྱི་བྱིན་རླབས་བསྡུས་ནས་ཧཱུཾ་ལ་ཐིམ་པ་འོད་དུ་འབར་བ་ལས། ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ཟླ་གམ་སྒོ་གཅིག་པའི་ནང་དུ་ཉི་ཟླ་བརྩེགས་པའི་གདན་ལ་ཡེ་ཤེས་སེམས་དཔའ་སྨུག་ནག་ཚོན་གང་བ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་རིན་པོ་ཆེ་ཟུར་བརྒྱད་པའི་ནང་དུ་ཕྱེད་ནུབ་ཙམ་གྱི་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཧཱུྃ་ཡིག་སྔོན་པོ་འབར། རིན་པོ་ཆེའི་ཟུར་བརྒྱད་ཀྱི་རྩེ་ལ་རུ་ལུ་འབྲུ་བརྒྱད་ལྗང་དམར་སྤུས་བྲིས་པ་ཙམ་ཀླག་ཕྱོགས་སུ་འཁོར་ཞིང་འོད་ཟེར་འཕྲོ་བར་བསམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ༴ ཧཱུཾ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །ཕྱག་རྒྱ་ཆེན་པོར་མངོན་རྫོགས་ནས། །སྐུ་གསུང་ཐུགས་སུ་རང་དབང་བསྐུར། །ཞེས་བརྗོད་ཅིང་ང་རྒྱལ་བྱའོ། །གསུམ་པ་དབང་བསྐུར་བ་ནི། བདག་གི་ཐུགས་ཀའི་ཧཱུཾ་ལས་ཧཱུྃ་རིང་གིས་གྱེན་དུ་དྲངས་པ་སྣའི་རླུང་དང་ལྷན་ཅིག་ཏུ་སྲོག་གི་ལམ་ནས་ཐོན་ཏེ་སྣ་རྩེར་ཧཱུཾ་གི་གཟུགས་སུ་བརྟེན་པར་བསམ། ཧཱུཾ་སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས་ནས་སངས་རྒྱས་ཐམས་ཅད་རྗེས་སུ་བསྐུལ་བས་གཅིག་ཏུ་གྱུར། སཾ་ཧ་ར་ཎ་ཧཱུཾ་གིས་བསྡུས་པས་སྣ་རྩེའི་ཧཱུཾ་ལ་འདུས་པ་དབུགས་དང་ལྷན་ཅིག་སྲོག་གི་ལམ་ནས་སྙིང་གའི་ཧཱུཾ་ལ་ཞུགས། དེ་ལས་ཧཱུཾ་ཕྲ་མོ་ཞིག་བྱུང་བ་རླུང་དང་སྦྱར་ནས་ལས་སུ་རུང་བ་དུང་ཁང་ནས་ཞུགས་ཏེ་ཚངས་པའི་སྒོར་ཐོན་པ་ཉི་མའི་གདན་ལ་གནས་པར་གྱུར། དེ་ལས་དཔའ་བོ་འབྲུ་ལྔ་འཕྲོས་པ་རིན་པོ་ཆེའི་ཁང་བུ་ལྔར་གྱུར། སླར་ཡང་ཧཱུཾ་ལས་ཧཱུཾ་ཡིག་བཞི་འཕྲོས་པ་སྤྱི་བོའི་དབུས་དང་ཕྱོགས་བཞིར་གནས་པར་བསམ་ཞིང་། རིགས་ལྔའི་དབང་རྒྱ་སྤྱི་བོའི་གནས་ལྔར་བཞག་ལ། ༀ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན༴ ས་མ་ཏཱ༴ པྲ་ཏྱཱ་བེཀྵན༴ ཀྲྀ་ཏྱཱ་ནུཥྛཱ་ན༴ ཞེས་བརྗོད་ཅིང་། དབང་བསྐུར་བས། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་བསྒྱུར་ནས། ཁྲག་འཐུང་རིགས་ལྔས་དབུ་བརྒྱན་པར་བསམ་མོ། །གཉིས་པ་འཁོར་བསྐྱེད་པ་ལ། རྒྱུ་སྙོམས་འཇུག་གི་སྦྱོར་བ་དང་། འབྲས་བུ་སྲས་སྤྲོ་བའོ། །དང་པོ་ནི། རང་གི་ཐུགས་ཀ་ནས་ཡི་གེ་བྷྲཱུཾ་ཆད་པ་ཡུམ་གྱི་མཁའ་ལ་སྤྲོས། ཐ་མལ་གྱི་འཛིན་རྟོག་སྦྱངས་ནས་འོད་དུ་ཞུ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་པདྨ་དྷ་ར་ཙནྡྲ་ཨཾ། ཞེས་བརྗོད་པས། མཁའ་ཟླ་གམ་དམར་པོ་ལིང་ཚེ་དགུ་པར་གྱུར་པའི་དབུས་སུ་པདྨ་འདམ་མ་བཞི་པའི་ལྟེ་བར་ཟླ་བ་ལ་ཨཾ་དམར་པོས་མཚན་པར་བསམ། ཡུམ་གྱི་ཐུགས་ཀ་ནས་ཡི་གེ་ཧཱུཾ་ཆད་པ་ཡབ་ཀྱི་གསང་གནས་སུ་སྤྲོས། འཛིན་རྟོག་སྦྱངས་ནས་འོད་དུ་ཞུ། ཧཱུཾ་ཏིཥྛ་བཛྲ། རཏྣ་སཱུརྻ་ༀ། ཞེས་བརྗོད་པས། གསང་བ་རྡོ་རྗེ་རྩེ་ལྔ་པ་ནོར་བུའི་སྐེད་བསྐོར་ཅན་གྱི་རྩེ་མོར་ཉི་མ་ལ་ༀ་དཀར་པོས་མཚན་པར་བསམ་ལ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ར་ཧོ་ཧཾ། རཱ་ག་ཡ་མི། ཞེས་སྦྱོར་བའི་བརྡས་ཕན་ཚུན་བསྣོལ་མར་བསྐུལ་ཏེ། ཛཿཧཱུཾ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་དྲགས་འཁྱུད་སྦྱར་ནས་མཉེས་པར་བྱས་ཏེ། ཧཱུཾ་ཧཱུཾ་ཧཱུཾ། ཞེས་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བར་བྱས། བདེ་བའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་མཉེས་ཤིང་བསྐུལ། སེམས་ཅན་ཐམས་ཅད་ཀྱི་དྲི་མ་སྦྱངས། སླར་འདུས་ཏེ་སྐུ་ལ་ཐིམ། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨོར་སྤྲོས་པ་ཡི་གེ་ཧ་བརྒྱད་དུ་གྱུར། དེ་ལས་སོ་སོའི་ཕྱག་མཚན་བརྒྱད་དུ་གྱུར་པ་ༀ་བཛྲ་ག་རཱི་ཧ། ཞེས་སོགས་བརྗོད་པའི་སྔགས་ཀྱིས་སྒྲ་གདངས་ཀྱིས་སྐུ་ཕྲ་མོར་གྱུར་ནས་མདུན་གྱི་ནམ་མཁར་འཐོན་པར་བསམ་ཞིང་། ཡང་ན་མཁའ་ལས་ཧ་བརྒྱ་པོ་སོ་སོའི་གདན་ལ་སྤྲོས་པ་རང་སྔགས་ཀྱིས་སྐུར་བསྐྱེད་པས་ཀྱང་རུང་ངོ་། །གཉིས་པ་ནི། ནམ་མཁའི་ལྷ་རྣམས་སྐུ་བརྟས་པར་བྱས་ཏེ་ཟླ་གམ་བརྒྱད་ཀྱི་གདན་ལ་བཞུགས་པ་ནི། ༀ་བཛྲ་ག་རཱི་ཧ། ཤར་དུ་དཀར་མོ་མཐིང་ག་གཡས་ཞིང་དབྱུག་འཕྱར་ཞིང་གཡོན་བྷན་དམར་འཛིན་པ། ༀ་བཛྲ་ཙཽ་རཱི་ཧ། ལྷོར་རྐུན་མོ་སེར་མོ་མདའ་གཞུ་འགེངས་པའི་རྩེ་མོ་གཙོ་བོའི་ཐུགས་ཀར་གཏོད་པ། ༀ་བཛྲ་པྲ་མོ་ཧེ་ཧ། ནུབ་ཏུ་སྤོས་མོ་དམར་མོ་གཡས་ཆུ་སྲིན་གྱི་རྒྱལ་མཚན་དང་གཡོན་བྷན་དམར་འཛིན་པ། ༀ་བཛྲ་བེ་ཏ་ལཱི་ཧ། བྱང་དུ་རྨོངས་མོ་མཐིང་ནག་གཡས་རྡོ་རྗེ་རྒྱ་གྲམ་འཕྱར་ཞིང་། གཡོན་ཞིང་ཆུང་གི་དབྱུག་པ་གཡོབ་པ། ༀ་བཛྲ་པུཀྐ་སཱི་ཧ། ཤར་ལྷོར་རྒན་བྱེད་མ་དམར་སེར་གཡོན་ཞིང་ཆུང་བཟུང་བའི་རྒྱུ་མ་གཡས་པས་འདྲེན་ཅིང་སྟོབ་པ། ༀ་བཛྲ་གྷསྨ་རཱི་ཧ། ལྷོ་ནུབ་ཏུ་ཐལ་བྱེད་མ་ལྗང་ནག་གཡས་པའི་རྡོ་རྗེས་གཡོན་གྱི་དུང་ཁྲག་དཀྲུག་ཅིང་གསོལ་བ། ༀ་བཛྲ་སྨ་ཤ་ནཱི་ཧ། ནུབ་བྱང་དུ་མ་ཚོགས་མ་མཐིང་ནག་ཕྱག་གཉིས་ཀྱི་ཞིང་བཟུང་ནས་སྙིང་ཟ་བ། ༀ་བཛྲ་ཙཎྜ་ལཱི་ཧ། བྱང་ཤར་དུ་དུར་ཁྲོད་མ་སེར་སྐྱ་གཡོན་ཞིང་ཆུང་བཟུང་བའི་མགོ་བོ་གཡས་པས་བཅད་ནས་ཟ་བ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། མཆེ་བ་གཙིགས་པ། སྐྲ་སེར་པོ་འབར་བ། གཅེར་བུ་དུར་ཁྲོད་རོལ་པའི་ཆས་ཅན། གཡོན་བརྐྱང་བའི་སྟབས་ཀྱིས་ཞིང་གི་སྟན་ལ་རོལ་པ། ཐམས་ཅད་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་རིན་པོ་ཆེ་ཟུར་བརྒྱད་པའི་ལྟེ་བར་ཧ་ཡིག་ལ་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བའོ། །དེ་ལྟར་ཟག་པ་དང་བཅས་པའི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཟག་པ་མེད་པ་ལྷའི་རང་བཞིན་དུ་ཡེ་ནས་རྣམ་པར་དག་པའི་ཕྱག་རྒྱར་བཞུགས་པའོ། །གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ། བཞུགས་སུ་གསོལ་བ། ཕྱག་འཚལ་བ། མཆོད་པ་འབུལ་བ། བསྟོད་པ་བྱ་བ། འཛབ་བཟླ་བ་དང་དྲུག་ལས། དང་པོ་ལ། སྙན་གསན་དབབ་པ། སྤྱན་དྲང་བ། བསྟིམ་ཞིང་གཟི་བྱིན་བསྐྱེད་པ་དང་གསུམ་ལས། དང་པོ་ནི། སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ལས་གཟུགས་སྐུ་ཡེ་ཤེས་ཀྱི་འཁོར་ལོར་བཞེངས་པར་བསམ་ལ། ༀ་བཛྲ་ས་མཱ་ཛཿ ཞེས་སེ་གོལ་དཔུང་མགོར་བསྣོལ་མར་གདབ་ཅིང་། ཧཱུཾ། ཡེ་ཤེས་སྤྱན་གྱི་སྤྱོད་ཡུལ་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །སེམས་ཅན་དོན་སླད་དམ་ཚིག་དགོངས། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ཞེས་དང་། ཐོད་ཕྲེང་གི་རྒྱ་དཔྲལ་བར་བཅིངས་ཏེ། ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨ་གཏྟ་ཡ། ཨ་གཏྟ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷནྡྷ་ཡ། བྷནྡྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། བཛྲ་ཌཱ་ཀི་ནཱི་ནཱཾ། ཧྲི་ད་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། ༀ་ཤྲཱི་མ་ཧཱ་བཛྲ་སརྦ་དུཥྚཾ་ས་མ་ཡ་མུ་དྲ། པྲ་བྷཉྩཀྲ་ཧཱུཾ་ཕཊ། ཅེས་པས་སྙན་གསན་དབབ་བོ། །གཉིས་པ་ནི། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཧེ་རུ་ཀ །ཆོས་སྐུ་ཞི་བའི་ངང་ལས་ཀྱང་། །གཟུགས་སྐུ་འཇིགས་ཚུལ་བསྟན་དུ་གསོལ། །ཐུགས་རྗེ་ཆེ་ལ་ཐབས་མཁས་པ། །གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །ཚོགས་རྗེ་ཚོགས་བདག་དཔལ་དང་ལྡན། །ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ། །ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །སྤྲུལ་པའི་ཚོགས་ཀྱང་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་ཛཿཧཱུཾ་བཾ་ཧོཿ རུ་ལུ་རུ་ལུ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་ཨེ་ཧྱེ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ༀ་ཨེ་བཛྲ་ཨཱ་ར་ལི་ཧོཿ ཧྲཱིཾ་ཧྲཱིཾ་ཧྲཱིཾ། ཞེས་བརྗོད་ཅིང་ཐལ་མོ་ལན་གསུམ་དུ་བརྡབས་པས་སྤྱན་དྲངས་ཏེ། རང་བཞིན་གྱི་དཀྱིལ་འཁོར་སྤྲུལ་པའི་དཀྱིལ་འཁོར་དང་མེ་རི་འདབས་འབྱར་ཙམ་དུ་བཞུགས་པར་བསམ་མོ། །གསུམ་པ་ནི། ཧཱུཾ། བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །དོན་གྱི་དབང་དུ་དགོངས་ནས་ཀྱང་། །འཁོར་བཅས་རབ་འབར་གཤེགས་སུ་གསོལ། །ཞེས་དང་། ཐོད་ཕྲེང་གི་ཕྱག་རྒྱ་སྨིན་མཚམས་སུ་བཅིངས་ཏེ། ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན་ས་མ་ཡ་མུ་དྲ། པྲ་བེ་ཤ། ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཛཿཧཱུཾ་བཾ་ཧོཿཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ། ས་མ་ཡ་མུ་དྲ། པྲ་བྷཉྩཀྲ་ཧཱུཾ་ཕཊ། ཅེས་པས། ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་པ་ལ་བྱེ་མ་ལ་མར་ཐིམ་པ་བཞིན་བསྟིམ་ནས་གཟི་བྱིན་བསྐྱེད་དོ། །གཉིས་པ་ལ། བརྟན་པར་བཞུགས་སུ་གསོལ་བ། མི་གཡོ་བར་གསོལ་བ། དམ་བདར་བ། ཟིལ་གྱིས་མནན་པ་དང་བཞི་ལས། དང་པོ་ནི། སོར་མོ་སྙིང་གར་བསྣོལ་བ་ལས་མཐེ་བོང་སོ་སོར་སྒྲེངས་ཏེ། ༀ་བཛྲ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ་ཧོཿ སརྦ་དུཥྚཾ་ས་མ་ཡ་མུ་དྲ། པྲ་བྷཉྩ་ཀྲ་ཧཱུཾ་ཕཊ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཞེས་པས། དངོས་གྲུབ་མ་ཐོབ་ཀྱི་བར་དེ་སྲིད་དུ་བརྟན་པར་བཞུགས་པར་བསམ་མོ། །གཉིས་པ་ནི། མཆེ་བའི་ཕྱག་རྒྱ་བཅིངས་ཏེ། ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ་ས་མ་ཡ་དུཥྚཾ། ཨ་པ་སྟྭཾ་པ་ཀ་ཧཱུཾ་ཕཊ། ཅེས་པས། གདུག་བྱེད་ཐམས་ཅད་ཞལ་དུ་འདྲེན་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་བསམ་མོ། །གསུམ་པ་ནི། ཐོད་པ་ཚར་གསུམ་གྱི་ཕྱག་རྒྱ་བསྟན་ཏེ། ༀ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་སྟྭཾ། ༀ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཧོཿ ༀ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཕཊ། ཅེས་པས། དམ་ལས་མི་འདའ་བར་སྒྲུབ་པོའི་རེ་བ་བསྐོང་བར་བསམ་མོ། །བཞི་པ་ནི། ཁྱུང་གཤོག་གི་ཕྱག་རྒྱ་བཅས་ཏེ། ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ། ས་མ་ཡ་མུ་དྲ། མ་ར་པྲ་བྷཉྩཀྲ །བཀྵ་ཡ། བཀྵ་ཡ། བི་ཏང་ས་ཡ། བི་ཏང་ས་ཡ། ཧེ་བྷ་ག་ཝཱན། བུདྡྷ་ཀྵེ་ཏྲི། པྲ་ཏི་སྟམྦྷ་ཀ་ཡ་ཧཱུཾ་ཕཊ། ཅེས། རྡོ་རྗེའི་གཤོག་བར་ནས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་འཁོར་རྣམས་ཟིལ་གྱིས་མནན་ཅིང་དབང་དུ་འདུས་པར་བསམ་མོ། །གསུམ་པ་ལ། གདུལ་བྱ་སྙིང་པོའི་ཕྱག་དང་། རྟོགས་པ་དོན་གྱི་ཕྱག་གཉིས་ནས། དང་པོ་ནི། རྒྱས་འདེབས་མའི་ཕྱག་རྒྱ་མདའ་གཞུ་འགེངས་ཚུལ་བྱས་ལ། ༀ་ཤྲཱི་བཛྲ་ཀ་ར་མུ་ཀ་ཤྭ་ར་ཡཱ་ཡ་ན་མཿ ཞེས་པས། གཙོ་བོ་ཡབ་ཡུམ་གྱི་སྐུ་གསལ་བར་བསམ་མོ། །རྨོངས་བྱེད་མའི་འཁྱུད་རྒྱ་བཅས་ལ། ༀ་ཤྲཱི་བཛྲ་རཱ་ག་ས་མ་ཡཱ་ཡ་ན་མཿ ཞེས་པས། གཙོ་བོ་ཡབ་ཡུམ་རོལ་བའི་བདེ་བས་མཉེས་པར་བསམ་མོ། །ཟ་བྱེད་མའི་ཁ་ཊྭཱཾ་གྱི་རྒྱ་བསྟན་ལ། ༀ་ཤྲཱི་བཛྲ་ཁ་ཊྭཱཾ་ཀ་པྲ་ཙ་ལ་ཡཱ་ཡ་ན་མཿ ཞེས་པས། ཡབ་ཡུམ་རོལ་པའི་བྱང་སེམས་ཀྱི་འོད་ཀྱིས་དྲེགས་པ་ཐམས་ཅད་ཟིལ་གྱིས་མནན་ནས་བཀའ་ནོད་པར་བསམ་མོ། །ཚེ་འཕེལ་མའི་དྲིལ་བུའི་རྒྱ་བཅས་ལ། ༀ་ཤྲཱི་བཛྲ་གྷཎྜེ་པྲ་ཙ་ལ་ཡཱ་ཡ་ན་མཿ ཞེས་པས། གཙོ་བོའི་སེམས་སྤྲིན་ཧཱུཾ་དུ་གྱུར་པ་ལས་སྤྲོ་བསྡུའི་སྦྱོར་བས་ཡེ་ཤེས་སེམས་དཔའ་ཚོན་གང་བ་དྲིལ་བུ་ཐོགས་པར་བསམ་ཞིང་། ལྷ་མོ་བཞི་ཡང་གཙོ་བོ་ལ་ཐིམ་པར་བསམ་མོ། །གཉིས་པ་ནི། རང་ཉིད་གཙོ་བོའི་ཐུགས་ཀ་ནས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ཐོན་ཏེ། ཤར་སྒོར་འཁོད་པས་ཕྱག་བྱེད་པར་མོས་ལ། ཧཱུཾ། དབྱིངས་ཉིད་རང་བཞིན་རྣམ་པར་དག་པ་ལས། །ཐུགས་རྗེའི་དབང་གིས་སྤྲུལ་པའི་སྐུར་བཞེངས་པ། །དཔལ་ཆེན་ཁྲག་འཐུང་ག་རཱི་མ་བརྒྱད་སོགས། །རང་སྣང་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ སརྦ་ཏ་ཐཱ་ག་ཏ་བནྡྷ་ནཾ་ཀ་རོ་ཡཱ་མི། མ་ཧཱ་ཡོ་གི་ནི། པྲ་ཏི་པུ་ཧོཿ ཞེས་ཕྱག་བྱས་པས། བདག་གི་སྒོ་གསུམ་དང་དཔལ་ཆེན་པོའི་སྐུ་གསུང་ཐུགས་དབྱེར་མེད་དུ་རྟོགས་པར་བསམ་མོ། །བཞི་པ་ལ། ཐུན་མོང་དུ་མཆོད་པ། ཁྱད་པར་སྟོབ་པ། སྣ་ཚོགས་རོ་ལྡན་གྱིས་མཆོད་པ་དང་གསུམ། དང་པོ་ལའང་། ཕྱག་རྒྱ་གར། ཀུན་བཟང་། རྣམ་བདུན། བདུད་རྩི། གཏོར་མ་དང་ལྔ་ལས། དང་པོ་ནི། ཧཱུཾ། རྣམ་པར་གྲོལ་བ་མཚོན་པའི་ཕྱིར། དཔལ་ཆེན་ཁྲག་འཐུང་ཕྱག་རྒྱ་ནི། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས། །དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན། །དཔལ་ཆེན་ཡེ་ཤེས་ཐབས་ཀྱི་རྒྱ། །ཤེས་རབ་དབྱིངས་མའི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་ཤེས་རབ་ཐབས་ལ་བརྟེན། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཀྲོདྷཱི་ཤྭ་རཱི་དབྱིངས་ཀྱི་རྒྱ། །དཔལ་ཆེན་ཁྲག་འཐུང་ཡབ་ཡུམ་གཉིས། །འབར་བའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ། །གནས་ཀྱི་མ་མོའི་ཕྱག་རྒྱ་ནི། །ག་རཱི་བྷན་དམར་ཞིང་དབྱུག་སྔོ། །ཙཽ་རཱི་མདའ་གཞུ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །བེ་ཏ་བྱིས་ཤ་རྡོར་འཕྱར་ནག །པུཀྐ་དམར་སེར་ཞིང་རྒྱུ་འདྲེན། །གྷསྨ་དུང་དམར་དཀྲུག་འཐུང་ལྗང་། །སྨ་ཤ་མཐིང་ནག་བྱིས་སྙིང་ཟ། །ཙཎྜ་སེར་སྐྱ་མཆོག་ལུས་འདྲལ། །ག་རཱི་ཁྲོ་མོ་བརྒྱད་རྣམས་ཀྱང་། །འབར་བའི༴ མཆོད་བཞེས༴ ཞེས་བརྗོད་ཅིང་གར་བསྒྱུར་བས་ཕྱག་རྒྱ་ཡེ་ཤེས་ཀྱི་རོལ་མོས་ནམ་མཁའ་གང་བར་བསམ་མོ། །གཉིས་པ་ནི། ཧཱུཾ། བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པས། སྤྱོད་ཡུལ་གྱི་དངོས་པོ་ཐམས་ཅད་རྟོག་བྲལ་ཀུན་ཏུ་བཟང་པོའི་རོལ་པར་དབུལ་ལོ། །གསུམ་པ་ནི། ཧཱུཾ། ཨརྒྷཾ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་བཤོས་དང་སྒྲ། །ཕྱི་ནང་གསང་བར་སྦྱར་བ་རྣམས། །བདག་དང་མཉམ་པའི་ཚོགས་ལ་དབུལ། །ༀ་པ་ན་པེཾ་སོགས་ཀྱིས་མཆོད་སྤྲིན་སྤྲོས་ཏེ། ཧཱུཾ། སྲིད་རྩ་དབྱིངས་སུ་ཤར་བའི་མཆོད་སྤྲིན་འདི། །དེ་ཉིད་མ་བཅོས་ཡུམ་གྱི་ཐིག་ལེར་ཤར། །ཆགས་ཡུལ་བདེ་བས་འོད་ཕུང་དམར་ལ་འཁྱིལ། །ཉོན་མོངས་དབྱིངས་སུ་བསྟིམ་ཕྱིར་ཨརྒྷཾ་བཞེས། །ༀ་རཀྟ་ཙིཏྟ་ཤོ་དྷ་ནི་སྭཱ་ཧཱ། འབྱུང་ལྔའི་དབྱིངས་ལས་ཡེ་ཤེས་བཅུད་ཤར་བ། །སྣང་སྲིད་མདངས་བསྡུས་རང་བཞིན་མེ་ཏོག་གསལ། །གཉིས་མེད་ངང་ལས་ཁ་དོག་ཅིར་ཡང་སྣང་། །འབྲས་བུ་བཅུད་ལྡན་མེ་ཏོག་འོད་ཕུང་འབུལ། །ༀ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། མ་བཅོས་རང་བྱུང་དམ་རྫས་སྤོས་མཆོག་འདི། །ཁ་དོག་དབྱིབས་གསལ་དབང་མཆོག་ཚིམ་བྱེད་པའི། །སྟོང་གསུམ་དྲི་བསུང་དག་པའི་བདུག་སྤོས་འདི། །འབར་བའི་ཤངས་སུ་མཆོད་པས་མཉེས་གྱུར་ཅིག །ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། སྣོད་བཅུད་གཉིས་མེད་ཡབ་ཡུམ་དག་པ་ལས། །འབྲས་བུ་རང་བྱུང་ཡེ་ཤེས་མེར་ཤར་ནས། །མཐའ་དབུས་མེད་པར་གསལ་བའི་འོད་འབར་འདི། །འཁོར་བའི་མུན་ཁང་གཞོམ་ཕྱིར་བཞེས་སུ་གསོལ། །ༀ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ གཉིས་མེད་མཁའ་དབྱིངས་དག་པའི་ཕོ་བྲང་དུ། །ཉོན་མོངས་སྐྱོན་བྲལ་དག་པའི་བྱང་ཆུབ་སེམས། །ཅིར་ཡང་འཆར་ཕྱིར་དྲི་ཡི་འོད་ཕུང་འབུལ། །ཞལ་གྱི་དབྱིངས་སུ་ཐིམ་ནས་མཉེས་གྱུར་ཅིག །ༀ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ནམ་མཁའ་ཀུན་བཟང་དབྱིངས་ནས་ཅིར་ཡང་འབྱུང་། །འབྱུང་བའི་འབྲས་བུ་འདོད་པའི་ཡོན་ཏན་ལྔ། །ལྷ་བཤོས་ཡིད་བཞིན་རིན་ཆེན་ཡོ་བྱད་འདི། །སྐུ་གསུང་ཐུགས་ཀྱི་ངང་དུ་ཐིམ་པར་བཞེས། །ༀ་ཤྲཱི་བཛྲ་རཱ་ག་ནཻ་ཝི་ཏྱཱེ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྒྲ་ཡི་དངོས་པོར་སྣང་བ་ཡང་། །ཡོད་པ་མ་ཡིན་ཤིན་ཏུ་གྲགས། །སྒྲ་ཡིས་རབ་ཏུ་ཚིམ་འགྱུར་ཡང་། །སྒྲ་ཉིད་རང་བཞིན་གང་ཡང་མེད། །སྒྲ་བྱུང་ཡེ་ཤེས་མཆོད་པར་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ༀ་ཤྲཱི་བཛྲ་རཱ་ག་གཱིརྟི་ཧྲཱིཿ ཞེས་སམ་བསྡུ་ན། མཆོད་སྤྲིན་སྤྲོ་བའི་སྔགས་ཀྱི་མཇུག་ཏུ་སོ་སོའི་མཆོད་སྔགས་རྣམས་བཏགས་པ་ཙམ་གྱིས་ཀྱང་རུང་ངོ་། །གང་ལྟར་ཀྱང་མཆོད་པ་རྣམས་པ་བདུན་པོ་ཕྱི་ནང་གསང་བའི་སྤྲིན་ཆེན་པོར་སྤྲོས་ཏེ་ཕུལ་བར་བསམ་མོ། །བཞི་པ་ནི། བདུད་རྩི་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟ་བུར་སྦར་ལ། ༀ་ཨཱཾ་ཧཱུཾ་སྭཱ་ཧཱ། ཨ་མྲྀ་ཏ་ཧཱུཾ། ཞེས་གསུམ་མམ་ལྔ་བཟླས་ལ། ཧཱུཾ། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱི། །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག །འདི་ནི་སྔོན་གྱི་ཐ་ཚིག་གོ། །སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི། །བདག་ཅག་དད་པས་འབུལ་ལགས་ཀྱིས། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོཿཁ་རཾ་ཁཱ་ཧི། ཞེས་སྤྱིར་དབུལ་ཞིང་། ཁྱད་པར། སྟོན་པ་ཀུན་བཟང་རྡོ་རྗེ་སེམས་དཔའ་ཆེ། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང་། །རོ་ལངས་བདེ་བ་སངས་རྒྱས་གསང་བ་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོ༔ཁ་རཾ་ཁཱ་ཧི། བལ་པོ་ཧཱུཾ་མཛད་པདྨ་སཾ་བྷ་ཝ། །ནམ་མཁའི་སྙིང་པོ་ཡེ་ཤེས་གཞོན་ནུ་དང་། །དཔལ་གྱི་ཡེ་ཤེས་གནུབས་ཆེན་སངས་རྒྱས་ལ། །སྨན་མཆོད༴ ༀ་སརྦ༴ ཡེ་དབང་ཀལྤོ་དབང་གི་གཙུག་ཏོར་དང་། །སོ་སྟོན་རྒྱལ་པོ་ཆོས་སེང་རཱ་ཛ་འབར། །ཆོས་ཡེ་བསྟན་པ་རྒྱལ་ཚ་མགོན་པོ་ལ། །སྨན་མཆོད༴ ༀ་སརྦ༴ པདྨ་རྒྱལ་མཚན་བདེ་གཤེགས་པད་འབྱུང་དང་། །རཏྣ་ཤྲཱི་ཆོས་མཆོག་ཆོས་ལྡན་ཞབས། །གསང་བདག་སེ་སྟོན་དཔལ་འབུམ་མགོན་བཟང་ལ། །སྨན་མཆོད༴ ༀ་སརྦ༴ རིན་ཆེན་རྒྱལ་མཚན་མགོན་པོ་ཟླ་བ་དང་། །ངག་དབང་རྡོ་རྗེ་དཔལ་ལྡན་བཀྲ་ཤིས་ཞབས། །ལེགས་གྲུབ་ཚེ་རིང་རྡོ་རྗེ་ཆོས་དབྱིངས་ལ། །སྨན་མཆོད༴ ༀ་སརྦ༴ གཏེར་བདག་གླིང་པ་འགྱུར་མེད་རྒྱ་མཚོའི་སྡེ། །རིན་ཆེན་རྣམ་རྒྱལ་ཨོ་རྒྱན་བསྟན་འཛིན་རྗེ། །ཕྲིན་ལས་རྣམ་རྒྱལ་ཕྲིན་ལས་ཆོས་ཀྱི་སྒྲོན། །སྨན་མཆོད༴ ༀ་སརྦ༴ སངས་རྒྱས་ཀུན་དགའ་བསྟན་འཛིན་ནོར་བུའི་སྡེ། །རིགས་བདག་གྱུར་མེད་ཕན་བདེའི་འོད་ཟེར་ཞབས། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་ལ། །སྨན་མཆོད༴ ༀ་སརྦ༴ རབ་འབྱམས་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་ཆེ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་འཁོར་ལོའི་ལྷ། །ཌཱ་ཀི་ཆོས་སྐྱོང་རྒྱ་མཚོའི་ཚོགས་བཅས་ལ། །སྨན་མཆོད༴ ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ༴ སྨན་མཆོད་བརྒྱུད་འདེབས་ལྟར་ཁ་བསྒྱུར་ཛྙཱ་ནས་སོ། །མཆན། ཞེས་མཐེབ་སྲིན་ཉི་ཟླའི་གའུས་བདུད་རྩི་ཕུལ་བ་ལྷ་རྣམས་ཀྱི་ལྗགས་ཀྱི་དབང་པོས་བླངས་ཏེ་དགྱེས་ཤིང་བརྟས་པར་བསམ་མོ། །མཐར་དངོས་གྲུབ་བླང་བ་ནི། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདུད་རྩིའི་སྟེང་དུ་ༀ་ཨཱཿཧཱུཾ་གི་ངོ་བོར་གནས་པར་བསམ་ལ། ཧཱུཾ། ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །རྡོ་རྗེ་ཅན་གྱི་ཧཱུཾ་བསྒོམས་ཏེ། །མཐེ་བོང་དང་ནི་སྲིན་ལག་རྩེས། །མྱང་པས་བྱང་ཆུབ་གསུམ་ཐོབ་འགྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཞེས་གུ་ཧྱ་ལག་གི་ཕྱག་རྒྱས་འབྲུ་གསུམ་རིམ་པར་བླངས་པ་ལྕེའི་ཧཱུཾ་གིས་དྲངས་ནས་གནས་གསུམ་གྱི་འབྲུ་གསུམ་དང་རོ་གཅིག་ཏུ་གྱུར་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །ལྔ་པ་ནི། རིན་པོ་ཆེ་འབར་བའི་རྒྱ་བཅས་ཏེ། ཧཱུཾ། རྨད་དུ་བྱུང་བའི་གཏོར་མ་དང་། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །མཉམ་ཉིད་སྐྱེ་བ་མེད་དབྱིངས་ལས། །ཇི་ལྟར་དམིགས་པ་བཞིན་དུ་འབུལ། །ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་གཏོར་མ་འདོད་ཡོན་གྱི་སྤྲིན་དུ་སྤྲོས་པས་དགྱེས་ཤིང་ཚིམ་པར་བསམ་མོ། །སླར་ཡང་བདུད་རྩི་གཏོར་མར་བྲན་ལ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་ཕུལ་བས། བདུད་རྩི་རོ་བརྒྱ་དང་ལྡན་པ་ལྷ་རྣམས་ཀྱིས་གསོལ་བར་བསམ་པ་སྟེ། རྗེས་འབྲེལ་གསང་བ་སྨན་གྱི་མཆོད་པའོ། །གཉིས་པ་ཁྱད་པར་དུ་མཆོད་པ་སྟོབ་པ་ནི་གར་རྒྱ་ལས་དུང་ཆེན་གྱི་རྒྱ་བཅས་ཏེ། ཧཱུཾ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་ཨི་དཾ། པུཥྤ། དྷཱུ་པ། གནྡྷ། བ་ལིཾ་ཏ། པྲ་ཏཱིཙྪ་ཧོཿ ཤྲཱི་བཱན་ཁ་ཁ། ཁཱ་ཧི་ཁཱ་ཧི། ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་བེ་ཤ་ཡ། ཨ་བེ་ཤ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། པྲ་ཏཱིཙྪ་ཧོཿ ཤྲཱི་བཱན་ཁ་ཁ་ཁ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཞེས་སྟོབ་པས་མཆོད་པ་ཐམས་ཅད་སྐུ་ལ་ཐིམ་ཞིང་ཞལ་དུ་གསོལ་བར་བསམ་མོ། །གསུམ་པ་རོ་ལྡན་གྱི་མཆོད་པ་ལས། བཟའ་བ་ནི། ཧཱུཾ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བར་བྱ། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ཛཿཧཱུཾ་བཾ་ཧོཿཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། སརྦ་དུཥྚཾ། ས་མ་ཡ་མུ་དྲ། ཁ་རཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧྲི་ད་ཡ། པི་པ་ཧཱུཾ་ཕཊ། ཅེས་པས། སྔར་བསྟབས་པ་དེ་དག་གཙོ་འཁོར་རྣམས་ཀྱིས་རོལ་པར་བསམ་མོ། །བཏུང་བ་ནི། ཧཱུཾ། ང་ནི་ཁྲག་འཐུང་ཆེན་པོ་སྟེ། །འཁོར་བའི་དྲྭ་བས་བཅིངས་པ་ཡི། །དམར་ཆེན་བསྐྱིལ་བའི་རྒྱ་མཚོ་ལ། །འཁོར་གྱི་མཁའ་འགྲོ་རྣམས་དང་རོལ། །མ་རུངས་འདོད་ལ་མ་ཆགས་ཤིང་། །དམ་ཚིག་ལ་སྡང་དགྲ་ཆེན་རྣམས། །ཐུགས་རྗེ་བྱང་སེམས་ལྡན་པ་ཡིས། །ངོ་མཐོན་སྟོབས་ཀྱིས་བསྒྲལ་བར་བྱ། །ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ། མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་པཉྩ་ཨ་མྲྀ་ཏ། མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ ཁ་ཁ་ཁ། ལེ་ལེ་ལེ། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། ཞེས་པས། འཁོར་བའི་ཆགས་རྟོག་གི་རཀྟ་ལ་རོལ་པས་དགྱེས་པ་བསྐྱེད་དེ་ཐམས་ཅད་སངས་རྒྱས་པར་བསམ་མོ། །མཆོད་པའི་རིམ་པ་དེ་དག་ཀྱང་། ཚུལ་རིག་ཅིང་གོམས་པས་མདོ་རྒྱས་ཅི་རིགས་སུ་བསྟན་པར་བྱའོ། །ལྔ་པ་བསྟོད་པ་ནི། ༀ་དྷརྨ་ཀཱ་ཡ་ན་མཿ སམྦྷྱོ་ཀཱ་ཡ་ན་མཿ ནིརྨ་ཎ་ཀཱ་ཡ་ན་མཿ ཛྙཱ་ན་པཉྩ་ཀཱ་ཡ་ན་མཿ ཀཱ་ཡ་ཝཱཀྩིཏྟ། གུ་ཎ་ཀ་མ་ཧྲི་ད་ཡ་ན་མཿ སརྦ་ཏ་ཐཱ་ག་ཏ་ན་མོ་ན་མཿ ཧཱུཾ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེས་དགྲ་ཟུན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །མི་གནས་མི་དམིགས་ཆོས་སྐུ་དག་པ་ལས། །བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྤྲུལ་པ། །ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ། །བཅོམ་ལྡན་ཁྲོ་རྒྱལ་ལ་ཡང་ཕྱག་འཚལ་བསྟོད། །ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིང་། །ཐབས་དང་ཤེས་རབ་འབྲེལ་བའི་དཀྱིལ་འཁོར་འདིར། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་བ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་བསྟོད། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་རྒུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག༴ འདི་ནི་སངས་རྒྱུས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དྲིལ་བུ་དང་ཅང་ཏེའུའི་སྒྲས་བསྐུལ་ཏེ། ཡོན་ཏན་ཁྱད་པར་ཅན་དྲན་པའི་སྒོ་ནས་བསྟོད་དོ། །དྲུག་པ་འཛབ་བྱ་བ་ལ། འཛབ་ཁང་དབྱེ་བ། འཛབ་དངོས། སྐབས་ཀྱི་མཇུག་བསྡུ་བ་དང་གསུམ་ལས། དང་པ་ནི། དབྱེར་གཞིའི་དཀྱིལ་འཁོར་གསལ་བར་དམིགས་ལ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་བྷཉྫ་ཛྙཱ་ན་མཎྜལ་ཕཊ་ཛཿ ཞེས་དང་། གཙོ་འཁོར་དགུ་པོའི་བསྐྱེད་སྔགས་ལ། ཕཊ་ཛཿ ཞེས་བཏགས་པས། དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་བཞུགས་པར་བསམ་མོ། །གཉིས་པ་ནི། བདག་མདུན་གྱི་གཙོ་བོ་སེམས་དཔའ་སུམ་བརྩེགས་སྔགས་ཕྲེང་དང་བཅས་པ་སྔར་བཞིན་དང་། མ་མོ་བརྒྱད་ཀྱི་ཐུགས་ཀར་བྷཉྫ་ཏིལ་འབྲུ་ཙམ་རེའི་སྟེང་དུ་ཧ་རེ་རེའི་མཐར་ཡང་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བར་གསལ་བ་དང་། རང་གི་ལྕེ་རྡོ་རྗེ་རྩེ་གསུམ་པའི་རྩེ་མོར་པདྨའི་ལྟེ་བར་ཨཱཾཿལ་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བ། དེ་དག་ཀྱང་མར་མེ་ལྟར་འབར་ཞིང་གསལ་བའི་འོད་ཟེར་འཕྲོ་བར་བསམ་ལ། སྔགས་ཟློས་པའི་ཚེ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས་པས། ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་དགྱེས་པ་བསྐྱེད། ཐུགས་དམ་གྱི་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བདག་ལ་སྩལ་ཞིང་ཐིམ་པར་དམིགས་ཏེ། དམ་ཡེ་འཕྲོ་འདུ་བ་ཐག་གཟེངས་པ་ལྟ་བུའི་ངང་ནས། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་གཙོ་བོ་དང་། དེ་བཞིན་དུ་འཁོར་རྣམས་ལ་ཡང་། རང་རང་གི་ཐུགས་ཀ་དང་འཕྲོ་འདུ་བདག་ཉིད་གཙོ་བོ་ལས་སམ། རང་སྤྲོ་བསྡུ་བྱེད་ཀྱང་རུང་། སོ་སོའི་སྔགས་ལ་རུ་ལུ་སྦྱར་བས་སོ། །ཡང་ན་དམ་ཡེ་འཕྲོ་འདུ་དུས་གཅིག་མགར་གྱི་ཚྭ་ཚྭ་བརྡབས་པ་བཞིན་ནམ། མ་ཕྱེ་བར་ཡབ་ཡུམ་ཁོང་བརྒྱུད་མགལ་མེ་བསྐོར་བའི་ཚུལ་དུ་བྱས་ཀྱང་རུང་སྟེ། སྒོས་འཛབ་ནི་སྔར་བཞིན་དང་། གཙོ་བོར་ནི་སྤྱི་འཛབ་རུ་ལུ་ཁོ་ན་བཟླ་ཞིང་། ཐུན་མཚམས་སུ་སྟོང་ཚིགས་ཀྱི་མཆོད་བསྟོད་ཀྱང་བྱའོ། །འདི་ནི་སྒྲུབ་མཆོད་སོགས་ཀྱི་སྐབས་དོན་དང་བསྟུན་ནས་སྙིང་པོ་ཙམ་དུ་སྨོས་ཀྱི། གཞན་དུ་དབྱངས་ཀྱི་བྱེ་བྲག་དང་། དཀྱིལ་འཁོར་གྱི་ཚུལ་དང་། ཕྲིན་ལས་ཀྱི་ཚུལ་དང་། འབྲུ་བརྒྱད་ཀྱི་མཚན་ཉིད་ཀྱི་ཚུལ་དུ་བཟླ་བ་རྣམས་ཏེ། ཧ་ཅང་མང་བའི་ཕྱིར། དམ་པ་སྔ་མ་རྣམས་ཀྱིས་མཛད་པ་ལས་ཤེས་པར་བྱའོ། །དེ་ཡང་གྲངས་དུས་མཚན་མའི་བསྙེན་པ་རྣམས་དམན་འབྲིང་མཆོག་གི་དབྱེ་བས་བཤད་ཀྱང་། ནུབ་རེ་ཙམ་ལ་ཚད་བཟུང་དུ་མི་བཏུབ་པས་ཅི་ནུས་བཟླ་བ་ཙམ་མོ། །གསུམ་པ་སྐབས་ཀྱི་མཇུག་བསྡུ་བ་ནི། དེ་ལྟར་བཟླས་བརྗོད་བགྱིས་སོ་འཚལ་གཅིག་ཏུ་བསྡུས་པ་མཆོད་པའི་སྤྲིན་དུ་ཕུལ་ལ། ཧཱུཾ། སྔགས་ཚིག་བཟླས་བརྗོད་འཕྲུལ་པོ་ཆེ། །གསལ་བར་འཕྲོ་ཞིང་འཁོར་ལོ་བསྐོར། །ཕྲེང་བར་སྤེལ་ཅིང་བར་མ་ཆད། །གསལ་འདྲེས་བློ་རྟོག་གོམས་པ་ལས། །ཏིང་འཛིན་ཆོ་ག་ཕུན་སུམ་ཚོགས། །མ་ལུས་གཅིག་ཏུ་བསྡུས་ནས་སུ། །ཡེ་ཤེས་ལྷ་ལ་མཆོད་པར་འབུལ། །འབྲུ་བརྒྱད་སྔགས་ཀྱིས་མཉེས་མཛད་ཅིང་། །བདག་ཅག་རྣམས་ལ་དགྱེས་པར་མཛོད། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས། ཡེ་ཤེས་ལྔའི་རང་བཞིན་མཆོད་པའི་འོད་ཟེར་འཕྲོས་པ། ཡེ་ཤེས་ཀྱི་འཁོར་ལོའི་ཐུགས་ཀར་ཐིམ་པས་དགྱེས་པ་བསྐྱེད། གཙོ་འཁོར་ཐམས་ཅད་མཉེས་པའི་འོད་ཟེར་བསྣོལ་མར་འཕྲོས་པས་རྗེས་སུ་ཆགས་པའི་རོལ་པ་མཛད། བདེ་བའི་སྒྲས་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་སྐུ་ལ་བསྡུས་ནས་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བ་གསང་བའི་མཁའ་ལ་ཆར་ལྟར་བབས་པ་རྒྱ་མཚོར་འཁྱིལ་ཞིང་གསལ་བར་གྱུར་པ་ལ། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཞེས་བརྗོད་ཅིང་རིག་པའི་མེ་ཏོག་གིས་བསྐུལ་བས། དེ་ལས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་ཚོགས། སྐར་མདའ་འམ་ཉི་ཟེར་ལྟ་བུ་འོད་ཟེར་ལྔ་དང་ལྡན་པ་གྲངས་མེད་པ་འཕྲོས། བདག་གི་གནས་གསུམ་དང་། བ་སྤུའི་སྒོ་ནས་ཞུགས་པས་ལུས་ཐམས་ཅད་གང་བར་བསམ་ཞིང་། མཐར་ཡེ་ཤེས་ཀྱི་འཁོར་ལོ་ཡང་། ཧཱུྃ་ཞེས་དམ་ཚིག་གི་དཀྱིལ་འཁོར་ལ་གཉིས་མེད་དུ་བསྟིམ་པས་ཤིན་ཏུ་གསལ་ཞིང་བརྟན་ལ་གཟི་བྱིན་དང་ལྡན་པར་བསམ་མོ། །འདི་ནི་མན་ངག་ཁྱད་པར་བའི་ཕྱོགས་གཅིག་བརྗོད་པ་ཡིན་གྱི། གཞན་དུ་ན། བསྟོད་ཅིང་བཤགས་པ་དང་བསྡུ་བ་སྤྱི་ལྟར་བྱས་ཀྱང་རུང་ངོ་། །གསུམ་པ་རྗེས་ཀྱི་ཆོ་ག་ལ། ཚོགས་མཆོད་བྱ་བ། བརྟན་མ་བསྐྱང་བ། ཉེར་བསྡུ་བྱ་བ། གོ་བགོ་ལུས་བསྲུང་། སྤྱོད་ལམ་གྱི་རྣལ་འབྱོར་དང་ལྔའོ། །དང་པོ་ཚོགས་མཆོད་ལའང་ལྔ་ལས། དང་པོ་བཤམས་ཤིང་བྱིན་གྱིས་རློབ་པ་ནི། དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་བཤམས་ནས་བདུད་རྩིས་བྲན་ལ། ༀ་མ་ཧཱ་ཀྲོ་དྷཱི་ཤྭ་རཱིས་བསང་། རཾ་ཡཾ་ཁཾ། ཞེས་བརྗོད་པས། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས། དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཧྲཱིཿལས་ཚོགས་གཞོང་རིན་པོ་ཆེའི་སྣོད་དུ། ཚོགས་རྫས་ཏྲཾ་ལས་རིན་པོ་ཆེའི་ཕུང་པོར་བསམ་ལ། ༀ་ཏྲཾ་རཏྣ་ཏྲཻ་ལོཀྱ་སྥ་ར་ཎ་ཕཊ། སླར་ཡང་ཧཱུཾ་ཨཱཿༀ་ལས། རང་བཞིན་གྱིས་དག་པའི་བདུད་རྩི་འདོད་ཡོན་དྲུག་གི་སྤྲིན་ཕུང་མཁའ་ཁྱབ་ཏུ་སྤྲོ་བར་བསམ་ལ། འབྲུ་གསུམ་ལན་གསུམ་བརྗོད་པར་བྱིན་གྱིས་བརླབ། གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུཾ། དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་། །བྱང་ཆུབ་རྡོ་རྗེ་ལྕམ་དྲལ་དང་། །ཁྲོ་བོའི་རྒྱལ་པོ་མཐའ་ཡས་དང་། །མ་མོ་མཁའ་འགྲོའི་ཚོགས་བཅས་དང་། །ལྷ་དང་ལྷ་མིན་རྣལ་འབྱོར་པ། །ཐུགས་དང་འཐད་པའི་གནས་འདི་རུ། །རྣལ་འབྱོར་ལོངས་སྤྱོད་ཆེ་ལ་གཤེགས། །ཛ་ཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾཿ བཛྲ་ཨཱ་ར་ལི་ཧོཿཧྲཱིཾ་ཧྲཱིཾཿ ཞེས་པས་སྤྱན་དྲངས་ལ། གསུམ་པ་མཆོད་པ་ལ་གཉིས་ཀྱི་དང་པོ་སྤྱིར་མཆོད་པ་ནི། ཚད་མེད་བཞི་ལས་གྲུབ་པ་ཡི། །སྤོས་དང་མེ་ཏོག་མར་མེ་དྲི། །ཡེ་ཤེས་བཞི་ལས་ཤར་བ་ཡི། །མེ་ལོང་ཕྲེང་བ་གླིང་བུ་གར། །གཟུགས་ནི་རྣམ་སྣང་མཛད་ལ་འབུལ། །དྲི་ནི་རིན་ཆེན་འབྱུང་ལྡན་ལ། །སྒྲ་ནི་སྣང་བ་མཐའ་ཡས་ཉིད། །རོ་ནི་དོན་ཡོད་གྲུབ་པ་སྟེ། །རེག་ནི་རྡོ་རྗེ་སེམས་དཔར་འབུལ། །ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ལཱ་སྱེ་ཧཱུཾ། མཱ་ལྱེ་ཏྲཱཾ། གཱིརྟི་ཧྲཱིཿ ནིརྟི་ཨཱཿ ཞེས་མཆོད། གཉིས་པ་བྱེ་བྲག་ཏུ་མཆོད་པ་ནི། ཚོགས་ཕུད་ཆ་གསུམ་མམ་བཞིར་སྤྲོས་ཏེ། དང་པོ་གཡས་ཞལ་དཀར་པོ་ལ་དམིགས་ཏེ་མཆོད་པ་ནི། ཧཱུཾ། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །རྒོད་དང་གཤེ་དང་འཇིགས་པར་སྟོན་པ་དང་། །སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིན། །གར་ཡང་སྒྲུབ་པོ་རྣལ་འབྱོར་ལས། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཱཾ་ས་ལ་ལོགས་རོ་མཆོག་གསོལ། །མེ་ཏོག་སོགས་དང་ཙནྡན་དྲི། །བཟང་རྒུ་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །སྒྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། ཨི་དཾ། དྷུ་པ། པུཥྤ། དཱི་པ། གནྡྷེ། བ་ལིཾ་ཏ་པྲ་ཏཱིཙྪ་ཧོཿ ཤྲཱི་མཱཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་འདོད་ཡོན་དྲུག་གི་མཆོད་པས་དགྱེས་པར་བསམ་མོ། །གཉིས་པ་གཡོན་ཞལ་ལ་དམིགས་ཏེ་བཤགས་པ་ནི། ཧཱུཾ། ཚེ་རབས་ཐོག་མ་མེད་པ་ཚུན་ཆད་ནས། །ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ། །ལུས་ཀྱིས་སྡིག་བྱས་སྤྱོད་པ་ངན་དུ་སྤྱད། །ངག་གིས་ཚིག་འཁྱལ་སྨྲ་བ་ངན་དུ་བརྗོད། །སེམས་ཀྱིས་བློ་ནོར་ལོག་པར་བསམ་པ་སོགས། །འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ། །བཀྲ་བའི་ལྷ་ཚོགས་ཁྱེད་ལ་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས། །མི་ཡི་སྐྱོན་མཐོང་ཙམ་ན་བར་ཆད་རྩོམ། །ནོངས་ཤིང་འགལ་འཁྲུལ་ཅི་བགྱིས་མཐོལ་ཞིང་བཤགས། །ཞེས་དང་ཡིག་བརྒྱ་བརྗོད་ཅིང་། ཚོགས་རྫས་བདུད་རྩིར་ཕུལ་བས་ཉམས་ཆག་དག་པར་བསམ་མོ། །ཐ་མ་ཞལ་དབུས་མ་ལ་དམིགས་ཏེ་སྟོབ་པ་བྱ་བ་ལ། རྟེན་བཅའ་བ། དགུག་པ། ལས་ལ་སྦྱོར་བ། ཞལ་དུ་སྟོབ་པ་དང་བཞི་ལས། དང་པོ་ནི། ལིངྒ་ལོགས་སུ་བཅས་པ་མེད་ན་སྔར་གྱི་ཚོགས་ཕུད་ཐ་མ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུཾ་ཞེས་པས་རང་ལ་བསྡུས་ནས་མདུན་དུ་བཀོད། གཉིས་པ་ནི། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་སྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ཏྲི་ཡཾ་ཛཿཏྲི་བཛྲ་ཨ་ཀུ་ཤ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་པས་དགུག་བཅིངས་བསྡམས་ནས་མྱོས་པར་བྱའོ། །གསུམ་པ་ནི། དམིགས་བྱ་མགོན་མེད་སྐྱབས་བྲལ་རྣམ་པར་འགྱུར་བའི་ཚུལ་དུ་གནས་པ་ལ། བདག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་མཚོན་ཆ་སྣ་ཚོགས་པའི་ཆར་དུ་ཕབ་པ་དམིགས་བྱ་ལ་ཕོག །དུག་ལྔ་ཡེ་ཤེས་ལྔར་སྦྱངས། དྭངས་མ་ཧཱུཾ་ཡིག་ཏུ་གྱུར་པ་ཕུར་རྩེས་འོག་མིན་དུ་སྤར་བར་བསམ་ཞིང་། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བ་གཏུམ་ཆེན་རྔམས་པ་ལ། །ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པ་བྱ། །བཀུག་ནས་རྡོ་རྗེ་ཕུར་བུས་གདབ། །རྡུལ་དུ་བྱས་ནས་ཚོགས་ལ་འབུལ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། སརྦ་དུཥྚཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ཕུར་བུས་གདབ་ཅིང་། རལ་གྲིས་གཏུབས་པ་དང་། ཐོ་བས་བརྡུང་བ་རྣམས་བྱའོ། །བཞི་པ་ནི། ཧཱུཾ། བཻ་ཌཱུར་སྔོན་པོའི་རིན་ཆེན་རི་རབ་ལ། །ཉི་མ་སྟོང་གི་འོད་ཟེར་བརྡལ་བ་ལྟར། །སེམས་དཔའ་སྔོན་པོ་འོད་ཀྱི་དཀྱིལ་འཁོར་ཅན། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་ལོ། །འོད་ཕུང་སྟུག་པོ་སྤྲིན་ལྟར་འཁྲིགས་པ་ཡིས། །འཇིགས་བྱེད་རྔམས་སྟབས་བརྐྱང་བསྐུམ་ཚུལ་གྱིས་བཞུགས། །ཟ་བྱེད་བསྐལ་པའི་མེ་ལྟར་འབར་བ་སྟེ། །གདུག་པ་ཐམས་ཅད་རྡོ་རྗེའི་ཞལ་དུ་འདྲེན། །མི་བཟད་མཆེ་བ་གཙིགས་པའི་ཞལ་གདངས་ཤིང་། །ཁམས་གསུམ་ཟ་བར་ཆས་པའི་རྐན་སྒྲ་ཅན། །ཉི་ཟླ་རབ་ཏུ་འབར་བའི་སྡང་མིག་གིས། །བདུད་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །འབྱུང་པོའི་ཤ་ནི་ཟན་ལས་ཞིམ། །གཏི་མུག་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་བཞེས་ལ། །སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །འབྱུང་པོའི་ཁྲག་ནི་ཆང་༴ འདོད་ཆགས༴ བླ་མེད༴ གསུང་གི༴ འབྱུང་པོའི་རུས་པ་མར༴ ཞེ་སྡང་༴ བླ་མེད༴ ཐུགས་ཀྱི༴ ཞེས་དང་། རྩ་སྔགས་ཀྱི་མཐར། ཁཱ་ཧི་བཏགས་ནས་ཕུལ་བས་ལོག་འདྲེན་ཐམས་ཅད་རོལ་པས་དགྱེས་པར་བསམ་མོ། །རྒྱས་པར་བྱེད་ན་དོན་ཚན་བདུན་གྱི་ལས་རིམ་གཞན་དུ་བཤད་པ་བཞིན་ཤེས་པར་བྱའོ །བཞི་པ་ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་ཕྱག་སྔོན་དུ་འགྲོ་བས་ཚོགས་རྫས་བསྣོལ་མར་ཕུལ་ལ། གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ལ་རོལ། །ཞེས་འབུལ། དེས་ཀྱང་། བདེ་བར་གཤེགས་པ་ཆོས་ཀྱི་མཆོག །གཟུང་འཛིན་དྲི་མ་མེད་པ་ཡིས། །འདོད་ཆགས་དྲི་མ་དང་བྲལ་བས། །དེ་ཁོ་ན་ཉིད་བདག་ཅག་འཚལ། །ཞེས་བླང་། འདུས་པ་གཞན་རྣམས་ལའང་དྲངས་ཏེ། ནང་གི་སྦྱིན་སྲེག་གིས་རོལ་པའི་མཐར། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་ཀུན། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །ལྔ་པ་ལྷག་མའི་ཆོ་ག་ལ། གཏོར་མ་བཤམས་པ། ཡར་གནས་ལ་མཆོད་པ། མར་གནས་ལ་བསྔོ། གཤེགས་ཤིང་བསྡུ་བའོ། །དང་པོ་ནི། ལྷག་མ་རྣམས་བསྡུས་པའི་དམེ་གཏོར་མཆོད་པའི་རས་མ་དང་བཅས་པ་དང་། སྔར་ཟུར་དུ་བཅད་པའི་ཕུད་ལྷག་རྣམས་འདུ་བྱས། དཀྱིལ་འཁོར་གྱི་བྱང་ཤར་དུ་ཞིང་ལྤགས་ལ་ཐལ་ཆེན་གྱི་ཨེ་གྲུ་གསུམ་རཀྟའི་ཐིག་ལེ་གསུམ་དང་ལྡན་པའི་ཁར་དམེ་གཏོར་མར་མེ་དང་བཅས་པ་བཀོད་ལ། ཕུད་གཏོར་བདུད་རྩིས་སྦྲན་ནོ། །གཉིས་པ་ནི། བདག་རྩ་བའི་དཀྱིལ་འཁོར་གསལ་བ་ལས། ཧཱུཾ་ཧ་ཧེ་ཕཊ། ཅེས་བརྗོད་པས་གཏོར་མ་ཡར་གྱི་གནས་བདུན་གྱིི་ལྷར་བཀྲ་ལམ་གྱིས་གསལ་བར་དམིགས། ཧཱུཾ་ཧ་ཧེ་ཕཊ། ཞེས་པས་གཏོར་མའི་ལྷ་ཚོགས་ལས་མཆོད་སྤྲིན་སྣ་ཚོགས་སུ་ཤར་བས་ལྷ་རྣམས་མཆོད་པར་བསམ་ལ། ཨ་ལི་ཨུ་ལེ་ཏཱ་ལི་ཏ་པཱ་ལི་དཾཥྚཱ། གོ་ནཱ་ར་ཏྲི་ཁ་རཾ་ཡོ་གི་ནཱི། ཁ་རཾ་ཌཱ་ཀི་ནཱི། མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་ཀེཾ་ནི་རི་ཏི། མ་ཧཱ་པཉྩ་ཨ་མྲི་ཏ། མ་ཧཱ་སུ་ཁ་ཁཱ་ཧི། ཞེས་མཆོད། སླར་ཡང་ཧཱུཾ་ཧ་ཧེ་ཕཊ་ཀྱིས་གཏོར་མའི་ལྷ་རྣམས་རང་ལ་བསྟིམ་ནས་གཏོར་མ་བདུད་རྩིའི་རྒྱ་མཚོར་འཁྱིལ་བར་བསམ་མོ། །གསུམ་པ་ནི། ཨེ་བྷཱུཾ། ཞེས་བརྗོད་པས་ལྷག་མའི་དཀྱིལ་འཁོར་གྲུ་གསུམ་མཐིང་ནག་འབྱམས་ཀླས་པའི་གཞལ་ཡས་ཁང་དུ་བསམ་ལ། ཧཱུཾ། ལས་ཀྱི་རྡོ་རྗེ་བྱེད་པར་དབང་བསྐུར་བའི། །མཁའ་འགྲོ་ལྷག་སྡུད་མ་སྲིང་གིང་གི་ཚོགས། །ལྷག་མ་ཁ་ཆུའི་དམ་ལ་གཏོགས་པ་རྣམས། །དམ་ཚིག་བཞིན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཞེས་དང་རང་གི་སྙིང་ག་ནས་འདོད་པའི་རྒྱལ་པོ་སྤྲོས་པས་མགྲོན་རྣམས་བཀུག་པར་བསམ་ཞིང་དེའི་རྒྱ་བཅིངས་ཏེ། ཛཿཧཱུཾ་བཾ་ཧོཿ ཨ་གཏྟ་ཡ། ཨ་གཏྟ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། མོ་ཧ་ཡ། མོ་ཧ་ཡ། བཛྲ་ཊཱ་ཀི་ཧཱུཾ་ཛཿཛཿ ཞེས་སྤྱུགས་པའི་བརྡ་དང་བཅས་ཏེ་སྤྱན་དྲངས། ཧེ་རུ་ཀའི་སྔགས་རྒྱས་ཟིལ་གྱིས་གནོད་པ་སྔར་བཞིན་བྱས་ལ། རྟ་མགྲིན་གྱི་རྒྱ་བཅིངས་ཏེ། ཧྲཱིཿཔཱ་ཤ་ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། བཛྲ་ཌཱ་ཀི་ནཱི་ཧཱུཾ་ཕཊ། ཧ་ཡ་གྲཱི་ཝ། ཧ་ཧ་ཧི་ཧི། ཞེས་དབང་དུ་བསྡུས་པས། རིགས་སོ་སོའི་ཚོམ་བུ་ལྔར་བཞུགས་པས་གཏོར་མ་གསོལ་བར་བསམ་ལ། ༀ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིངྟ་ཧཱུཾ་ཕཊ་ཁཱ་ཧི། དེ་བཞིན་དུ། བུདྡྷ་ཌཱ་ཀི་ནཱི་སོགས་ནས། ༀ་ཕཊ། རཏྣ་ནས། ཏྲཱཾ་ཕཊ། པདྨ་ནས། ཧྲཱིཿཕཊ། ཀརྨ་ནས། ཨ་ཕཊ། ཅེས་མཆོད་ཅིང་སྨན་རཀ་སྦྲེང་ངོ་། །དེ་ནས་རང་གི་ལྕེ་ལ་རྟ་མགྲིན་ཡུམ་བཞི་དང་རོལ་པ་མཛད་པའི་བྱང་སེམས་ཛ་གད་ཀྱི་ཁ་ཕྲུ་དང་རོ་གཅིག་པར་མཁའ་དབྱིངས་ཀྱི་ཕྱག་རྒྱ་ལས་དམེ་གཏོར་དུ་ལན་གསུམ་དབབ་ཅིང་། ༀ་གུ་རུ་ཀྲོ་དྷ་རཏྣ་ས་མ་ཡ་པྲཱི་ཤ་པུརྦ་བུདྡྷ་ཀྵེ་ཏྲ་ཀྵོ་བྷ་ཀ་ར་ཧཱུཾ་ཕཊ། ཅེས་པས་བྱིན་གྱིས་བརླབས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས། སྔར་གྱི་ཕྱག་རྒྱ་དེས་གཏོར་མ་ནས་ལྟོས་མེད་དུ་བླངས་ལ་པྲ་བརྟགས་ཏེ། ཤ་དང་འཕྲད་ན་མཐུ་ཆེ། ཟན་ཚེ་རིང་། ཁུར་བ་ལོངས་སྤྱོད་ཆེ། མར་རྟོགས་པ་སྐྱེ་བས་གང་ཐོབ་དངོས་གྲུབ་ཏུ་རོལ་ལ། ཕུད་དང་ལྷག་མ་ཡང་བསྲེས་ནས་སྨན་རཀ་སྦྲེང་བཞིན་དུ། ཛཿཧཱུཾ་བཾ་ཧོཿ ཙོཏྟར་ཙོཏྟར། ཤེ་པ་ཤེ་པ། པ་ར་པ་ཏི་པ་ར་པ་ཏི། རེ་མ་མ་ར། ཏྲ་མི་མུ་ཏི་ཧཱུཾ་ཁཱ་ཧི་ཁཱ་ཧི། ཀིངྐ་ར་ཀིངྐ་ར། པ་ཏྲ་པ་ཏྲ། ཤུ་ལ་ཤུ་ལ། ཀརྨ་རཀྵ་སི་བྷྱོ། བྷྱོ་བྷྱོ་མ་མ་བྷྱོ་བྷྱོ། བྷྱོ་བྷྱོ་མ་མ་བྷྱོ་བྷྱོ་ཛཿ ཏྲ་ཀ་རཀྵ་སི་ཏ་ཙར་ས་མ་ཡ་བྷྱོ། ཏྲ་ག་རཀྵ་ཏྲ་ག་རཀྵ་མ་མ་བྷྱོ། མ་མ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཛྭ་ལ་ཛྭ་ལ་ས་མ་ཡ་རུ་ལུ་རུ་ལུ་བྷྱོ། དུ་ནེ་དུ་ནེ་ས་མ་ཡ་རུ་ལུ་རུ་ལུ་བྷྱོ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ ཧཱུཾ། མཁའ་འགྲོ་གིང་དང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས། །དཔལ་གྱི་ཕམ་ཕབས་འདི་གསོལ་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །བཞི་པ་ནི། ཧོཿ ལྷག་སྡུད་ཀྱི་དམ་ཚིག་ལ་གཏོགས་པའི་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ལྷག་མའི་དམ་ཚིག་འདིས་ཚིམ་ཞིང་དགྱེས་པར་གྱུར་ཏེ། དམ་ཚིག་ཉམས་ཆག་ཐམས་ཅད་སྐོངས་ནས། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་གྲོགས་མཛོད་ཅིག །ཅེས་བཤགས་ཤིང་ཕྲིན་ལས་བཅོལ། ཡ་ཧི་གཙྪ་ས་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ་ལ། རོལ་མོ་དང་བཅས་པས་གཏོར་མ་ཕྱིར་དོར་ནས་མཎྜལ་བསྡུའོ། །གཉིས་པ་བརྟན་མ་བསྐྱང་བ་ནི། ནུབ་ཐ་མ་ལ་ཕྱི་རོལ་དུ་བརྟན་མའི་གཏོར་མ་སྨན་ཕུད་ཀྱིས་སྦྲན་ལ། ཏྲཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཕཊ། ཏྲཾ་རཏྣ་ཏྲཻ་ལོཀྱ་ཕཊ། གཏོར་མའི་རྡུལ་ཕྲ་རབ་རེ་རེ་བཞིན་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། འབྲུ་གསུམ་གྱི་བྱིན་གྱིས་བརླབ། ཧཱུཾ། ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་དགོངས་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བོད་ཁམས་སྐྱོང་བའི་ཆེ་ཞེ་ཆེན་མོ་རྣམས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །ཆེ་ཞེ་ཆེན་མོ་ཁྱེད་རྣམས་ཀྱང་། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང་། །རླངས་ཆེན་དཔལ་གྱི་སེང་གེ་ཡིས། །ཞིང་ཆེན་སྟན་ལ་བཀོད་ནས་ཀྱང་། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །དབང་བསྐུར་གསང་བའི་མཚན་ནས་བརྗོད། །རྡོ་རྗེ་འཆང་གི་གྲལ་དུ་བཞག །བོད་ཁམས་བསྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱ་ཞེས། །ཇི་ལྟར་ཁས་བླངས་དམ་བཅས་པའི། །གཡར་དམ་གཉན་པོ་རྗེས་དགོངས་ལ། །དམ་རྫས་བཀའ་ཡི་གཏོར་མ་ལོངས། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ༀ་ལ་ལ། ལེ་ལེ། ཏཾ་ཏཾ། ཏེ་ཏེ། ཁ་རཀྨ། མ་མ་སྲིང་འགྲོ་མ། ཧཱུཾ་བྷྱོ་ཧཱུཾ་ཧཱུཾ། ཞེས་དང་། མ་ཧཱ་པཉྩ་སོགས་ཀྱིས་སྨན་གཏོར་རཀྟས་ཀྱང་མཆོད་ཅིང་། སྨན་རཀ་སྦྲེང་། ཕྲིན་ལས་གསོལ་ཏེ། ཡ་ཧི་གཙྪས་གཤེགས་སུ་གསོལ་ནས། གཏོར་མ་གཙང་སར་བསྐྱལ་ལོ། །གསུམ་པ་ཉེར་བསྡུ་བྱ་བ་ནི། ཐུན་མཚམས་ལ་འཇུག་པའམ་ཉལ་བ་ན། གཞིའི་དཀྱིལ་འཁོར་གསལ་བཏབ་ལ། མཆོད་བསྟོད་དང་བཟོད་གསོལ་ནི་བྱས་ཀྱང་རུང་། མ་བྱས་ཀྱང་རུང་སྟེ། གང་ལྟར་ཀྱང་ཧཱུཾ་ཞེས་དགུ་བརྩེགས་སུ་བརྗོད་པས། རིམ་པ་བཞིན་གཞལ་ཡས་ཁང་འོད་དུ་ཞུ་ནས་ཁྲོ་མོ་བརྒྱད་ལ་ཐིམ། དེ་གཙོ་བོ་ཡབ་ཡུམ་ལ། ཡུམ་ཡབ་ལ། དེ་ཡེ་ཤེས་སེམས་དཔའ་ལ། དེ་རིན་པོ་ཆེ་ལ། དེ་རྡོ་རྗེ་ལ། དེ་ཧཱུཾ་ཡིག་ལ། དེ་གྱེན་རྫོགས་ནཱ་དའི་བར་དུ་བསྡུས་ནས་སྟོང་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་བཞག་ལ་རྟག་པའི་མཐའ་བསལ་ལོ། །ཉལ་བ་ལས་ལངས་པའམ་སྤྱོད་ལམ་ལ་འཇུག་པ་ན། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཞེས་པས་དཔལ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་ལངས་ལ་ཆད་མཐའ་བསལ་ལོ། །བཞི་པ་གོ་ཆ་བགོ་ཞིང་ལུས་བསྲུང་བ་ནི། རང་ཉིད་ཧེ་རུ་ཀར་ལངས་པ་དེ་ཉིད་གསལ་ཞིང་གཟི་བྱིན་དང་ལྡན་པར་གྱུར་པའི་ལུས་ཀྱི་ཆ་ཐམས་ཅད་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ཀྱིས་གཏམས་པས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གནས་པར་བསམ་ལ། གོ་ཆའི་རྒྱ་བཅིངས་ཏེ། ཅིས་ཀྱང་མི་ཕྱེད་མི་ཤིགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་ཡུལ་ཀུན་བཅོམ་ནས་ཀྱང་། །ཐམས་ཅད་མྱུར་དུ་རྒྱལ་བར་གནས། །ༀ་བཛྲ་ཀཱ་ཝཱ་ཙི་ཡ་མནྡྷཾ། ཞེས་གནས་ལྔར་རྒྱས་བཏབ་ལ། མིང་དང་མཚན་མར་མ་གྲུབ་པས། །མིག་གནས་མ་བྲལ་འདུས་མ་བྱས། །ཆོས་ཀྱི་དབྱིངས་སུ་བསྲུངས་པས་ན། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ། །ༀ་ཧཱུཾ་སུ་ར་ཏ་རཀྵ་ཧཾ། ཞེས་བརྗོད་ཅིང་བརྟན་པར་བྱས་ལ། སྒྲུབ་པའི་ཐབས་འདིར་ཞུགས་པ་ཡིས། །དགེ་བ་བདག་གིས་གང་ཐོབ་པས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །སྐུ་དང་ཡེ་ཤེས་ཐོབ་པར་ཤོག །ཅེས་སོགས་ཀྱིས་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །ལྔ་པ་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་ནི། ཕྱི་ལྟར་ན་སྣོད་བཅུད་ཀྱི་དངོས་པོར་སྣང་བ་ཐམས་ཅད་སྐུའི་དཀྱིལ་འཁོར། སྒྲ་གྲགས་པ་གསུང་གི་དཀྱིལ་འཁོར། དྲན་རྟོག་ཐུགས་ཆོས་ཉིད་ཀྱི་དཀྱིལ་འཁོར་ཏེ། སྤྱོད་ལམ་ཐམས་ཅད་དཀྱིལ་འཁོར་གསུམ་ལས་མི་འདའ་བའི་ངང་ནས་སྤྱད་པར་བྱ་ཞིང་། ནང་ལྟར་ན། རྟོག་ཚོགས་ལྷའི་རང་བཞིན་ལས་མི་འདའ་བ་དང་། གསང་བ་ལྟར་ན་སྐྱེ་མེད། འགག་མེད། རིས་མེད་དུ་ཤར་བའི་ཆོས་ཐམས་ཅད་སྐུ་གསུམ་དུ་རྟོགས་པའི་ངང་ལ་གནས་པས་སྤྱོད་ལམ་བསྐྱང་ངོ་། །སྒོམ་པས་དུབ་ན། སྙིང་གའི་རུ་ལུ་ཕྲ་ཞིང་གསལ་བ་ལ་དར་གཅིག་སེམས་མ་ཡེངས་པར་བཟུང་བའི་ངང་ལ་གློད་དེ་འཇོག་པ་སྣང་བཅས་སམ། སྣང་མེད་རྟེན་དང་བརྟེན་པའི་དཀྱིལ་འཁོར་རིམ་གྱིས་དྭགས་མའི་ཧཱུཾ་ཡིག་ནཱ་དའི་བར་དུ་བསྡུས་ལ་བལྟར་མེད་བསམ་དུ་མེད་པའི་ངང་ལ་བཞག་གོ། །འདིར་ཞར་བྱུང་ཁྱད་པར་གྱི་ངེས་པ་ཅུང་ཟད་བཤད་ན། སྤྱིར་ངེས་རྫོགས་ཀྱི་སྒྲུབ་པའི་དབང་དུ་ཞི་བ་ལ་བསྙེན་པའི་རྟགས་ཐོན་ནས་ཁྲོ་བོར་བསྒྱུར་ཏེ་སྒྲུབ་པ་དང་། དེ་དང་སྒོ་བསྟུན་ཏེ་མོས་སློབ་ལའང་ཞི་ཁྲོ་གནས་བསྒྱུར་གྱི་ཕྱག་ལེན་མཛད་པ་མང་མོད་ཀྱི། འོན་ཀྱང་མོས་སློབ་ལ་འདི་ཙམ་གྱིས་དགོས་པ་འགྲུབ་ཅིང་བྱ་སླ་བར་མཐོང་ནས་འདི་ལྟར་བཀོད་པ་སྟེ། གནས་བསྒྱུར་ལ་སྤྲོ་ན། རྒྱུད་ལས། མི་བསྐྱོད་སྤྱན་གཟིགས་ཐུགས་ཀྱི་ཧཱུཾ་རིང་ལས། །ཞི་བ་ལས་ནི་ཁྲོ་བོར་རིམ་གྱིས་བསྒྱུར། །ཞེས་པས་ཞི་བའི་དཀྱིལ་འཁོར་རྣམས་གཙོ་བོ་ཡབ་ལ་བསྡུས་ཏེ། དེ་ཉིད་བསྐྱེད་སྔགས་ཀྱིས་རྡོ་རྗེ་སེམས་དཔའི་སྐུ་ཕྲ་མོ་ཚོན་གང་བར་བསྒྱུར་ནས། རྒྱུད་ལས། རྡོ་རྗེ་སེམས་དཔའི་ཐུགས་ཀའི་ཧཱུཾ། ཧེ་རུ་ཀ་ཡི་སྣང་གླུ་ནི། ཧཱུྃ་རིང་དབུགས་ཀྱི་རླུང་བཞི་ལས། ཧཱུྃ་བཞི་སྔགས་ཀྱི་དགོངས་པ་ནི། །ཉི་མ་འབུམ་གྱི་གཟི་མདངས་འབར། །ཁྲོ་བོ་ཐམས་ཅད་འབྱུང་བར་བྱེད། །ཅེས་སོགས་ཀྱི་དགོངས་དོན། སྔར་བཀོད་པ་ལྟར་ཤེས་པར་བྱ་ཞིང་། བསྒོམ་བྱའི་ལྷ་གྲངས་ལ་ཡང་། ཟླ་གམ་དྲུག་ཅུ་རྩ་བརྒྱད། དེ་ལས་ཁྲོ་བཅུ་ཕྲི་བའི་ལྔ་བཅུ་རྩ་བརྒྱད་པ་དང་། བཅོ་བརྒྱད་པ་སོགས་རྒྱུད་རྣམས་ལས་མང་དུ་གསུངས་ཀྱང་། མན་ངག་གི་ཕྱག་སྲོལ་རྣམས་སུ། ལྷ་མང་ལྔ་བཅུ་རྩ་བརྒྱད་པ་དང་། དགུ་པ་དང་། ཟླ་གམ་གཅིག་པ་རྣམས་ལ་མཛད་པ་མང་བ་ལས། ཡང་དག་གྲུབ་པའི་དོན་གྱི་སྙིང་པོ་ལྷ་དགུ་ཡིན་པར་གསུངས་པ་ལྟར་འདིར་བཀོད་ཀྱི། གཞན་དུ་ཟླ་གམ་གཅིག་པ་ལ་མོས་ན། རྟེན་གཞལ་ཡས་ཁང་སྒོམ་པའི་སྐབས་སུ། ཕོ་བྲང་ནང་མ་ཟླ་གམ་གཅིག་མའི་ནང་གི་རེའུ་མིག་ཆ་དགུ་པའི་དོན་དུ། ལྟེ་བའི་ཟླ་གམ་ཁ་སྤྲོད་དང་། བརྟེན་པ་ལྷ་ནི་གཙོ་བོ་ཡབ་ཡུམ་ཁོ་ན་བསྒོམས་ནས། གཡས་གཡོན་གྱི་ཞལ་གཉིས་དང་། ཕྱག་མཚན་དྲུག་པ་མ་མོ་བརྒྱད་སྦྱོར་ཏེ། རྒྱུ་མཚན་དེས་ཀྱང་དོན་གྱི་སྙིང་པོ་ལྷ་དགུར་འགྱུར་ཞིང་། སྒྲུབ་རྫས་བཀོད་པའི་སྐབས་ནས་ཀྱང་། ཁམ་ཕོར་རི་མོ་བྲིས་པ་དགུ། །སྣང་བའི་འོད་དང་བཅས་པ་དགྲམ། །ཞེས་པའི་གྲངས་དེས་ཀྱང་ལྷ་དགུར་འགྲེལ་པའི་ཕྱོགས་གཞུང་གི་ཟིན་སོ་དང་འབྱོར་ཞེས་མཁས་པ་ཆེན་པོ་དག་གསུང་ཞིང་། སློབ་དཔོན་གྱི་འགྲེལ་ཆེན་དུའང་། རྩ་བའི་ལྷ་དགུ་ཞེས་གསལ་བར་གསུངས་པའི་ཕྱིར་རོ། །གཙོ་བོའི་ཕྱག་མཚན་ཀྱང་། གཡས་གསུམ་ཏི་ར། རྡོ་རྗེ། དུང་ཁྲག་དང་། གཡོན་གསུམ་རྒྱུ་ནགས། ཁྱུང་ཁྲ། ཏི་རའི་གློ་སྙིང་འདྲེན་པར་བྱས་ཀྱང་རུང་སྟེ། མན་ངག་གིས་དེ་ལྟར་བཀྲལ་བའི་ཁུངས་གསལ་པོར་ཡོད་པའི་ཕྱིར་རོ། །གསུམ་པ་གྲུབ་པ་འབྲས་བུའི་ཚུལ་ལ། ཇི་ལྟར་སྒྲུབ་པ་དང་། དེས་གྲུབ་པའི་ཚུལ་ལོ། །དང་པོ་ནི། ཚུལ་རིག་གོམས་པའི་བློ་དག་གིས། །ཅི་རིགས་སུ་ནི་བརྟག་པར་བྱ། །ཞེས་དང་། སྟོན་པས་བསྟན་པའི་ལུང་བཞིན་དུ། །སྒོམ་རྒྱུད་གསལ་བར་ཅི་ནུས་བྱ། །ཞེས་པས་མཚན་མེད་ཆོས་ཉིད་ཇི་བཞིན་པའི་རྣལ་འབྱོར་དང་མཚན་བཅས་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གསལ་ཞིང་བརྟན་པའི་སྒོ་ནས་སྔགས་ཀྱི་བཟླས་བརྗོད་བྱ་བ་སོགས་མཉམ་གཞག་གི་རྣལ་འབྱོར་དང་། རྗེས་ཐོབ་ཅིར་སྣང་དག་པ་རབ་འབྱམས་སུ་རྒྱས་འདེབས་པའི་རྣལ་འབྱོར་ཏེ། བློའི་རིམ་པས་ཇི་ཙམ་ནུས་པ་དེ་ཙམ་དུ་འབད་པ་ལ་བསླབ་པར་བྱའོ། །གཉིས་པ་ནི། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་ཡང་དག་པའི་དབྱིངས་ཉིད། བློ་བུར་སྒྲིབ་པའི་སྦུབས་ལས་གྲོལ་བས་དབྱིངས་དང་ཡེ་ཤེས་གཉིས་མེད་སངས་རྒྱས་ཐམས་ཅད་ཀྱིས་ཉམས་སུ་མྱོང་བྱའི་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་སྐུ་གསུམ་གྱི་ངོ་བོར་རྫོགས་པ་དེ་ལས། དམིགས་པ་མེད་པའི་རྩལ་སྣང་ཡེ་ཤེས་ཀྱི་སྒྱུ་མ་རྣམ་པ་ཐམས་ཅད་པར་འཆར་བས་གཞི་འབྲས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྟེ། ས་དང་པོས་བསྡུས་པ་མཐོང་ལམ་ཚེ་དབང་དང་རྣམ་པར་སྨིན་པའི་རིག་འཛིན་གང་རུང་གིས་སྒོམ་ལམ་ཕྱག་རྒྱ་ཆེན་པོ་དང་། མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་བར་རིམ་པས་སམ་ཐོད་རྒལ་དུ་བགྲོད་པར་འགྱུར་ཏེ། ཕུང་པོ་རྡོ་རྗེ་རིགས་ལྔ་ཉིད། །ཉོན་མོངས་ཡེ་ཤེས་ཆེན་པོར་གསལ། །བར་ཆད་དངོས་གྲུབ་ཉིད་དུ་གྲོལ། །རྡོ་རྗེའི་སྐུ་ལ་འཆི་བདག་མེད། །ཅེས་དང་། ཡང་དག་གསང་བའི་ཐུགས་མཆོག་ལ། །སྒྲུབ་པའི་རྣལ་འབྱོར་དབང་ཕྱུག་རྣམས། །མི་ཚེ་གཅིག་ལ་མངོན་འཚང་རྒྱ། །ལུས་མ་བོར་བར་ལྷ་སྐུར་འགྱུར། །ཞེས་གསུངས་པ་བཞིན་མངོན་དུ་འགྱུར་བ་དང་། གཞན་ཡང་ཞི་བ་ལ་སོགས་པའི་ཕྲིན་ལས་བཞི་དང་། རལ་གྲི་ལ་སོགས་པ་གྲུབ་པ་བརྒྱད་དེ་ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་ཀྱང་འགྲུབ་པར་འགྱུར་རོ། །དཔལ་ལྡན་ཧེ་རུ་ཀ་ཡི་གོ་འཕང་མཆོག །གྲུབ་མཆོག་བྱེ་བས་མངོན་བགྲོད་ཟབ་མོའི་ལམ། །མཐའ་ཡས་དངོས་གྲུབ་ཀུན་གྱི་འབྱུང་གནས་ཆེ། །ལག་རྩེར་སོན་འདི་སྐལ་བཟང་བསོད་ནམས་ཡིན། །སྔོན་དུས་རྒྱ་བོད་ཀུན་ཏུ་ཆེས་དར་བས། །གྲུབ་བརྙེས་རིག་འཛིན་སྐར་ཚོགས་ལྟར་མང་ཡང་། །དེང་དུས་མིང་ཙམ་ཐོས་པའང་དཀོན་གྱུར་པ། །མ་བཟོད་ཚུལ་འདིར་བརྗོད་ལ་སྤྲོ་བར་གྱུར། །ཟབ་རྒྱས་ཆོས་ཀུན་སྙིང་པོ་དེ་བཞིན་ཉིད། །ཐ་སྙད་སྤྲོས་པའི་ཡུལ་ལས་འདས་མོད་ཀྱང་། །བརྡ་ཐབས་ཆོ་གའི་སྦྱོར་བ་སྣ་ཚོགས་པས། །ལྷན་སྐྱེས་གདོད་མའི་དཔའ་བོ་མཚོན་མིན་ནམ། །རྡོ་རྗེ་བཞི་དངོས་འགྱུར་མེད་བདེ་ཆེན་ཆོས། །མཐའ་ཡས་འགྲོ་ལ་མི་ཤིགས་ཐིག་ལེ་ཆེར། །གནས་མོད་ཇི་སྲིད་ཚོགས་གཉིས་མ་གོམས་པ། །དེ་སྲིད་མངོན་དུ་འགྱུར་བ་ག་ལ་ཞིག །དེ་ཕྱིར་གདོད་ནས་རྣམ་དག་ཡོན་ཏན་ཀུན། །བདེ་ཆེན་ཐིག་ལེ་ཆེན་པོར་རྫོགས་པའི་དཔལ། །སྒྲུབ་པའི་ཐབས་ཚུལ་འདི་ལས་མཚོན་བྱས་པའི། །བསོད་ནམས་བླ་མེད་བྱང་ཆུབ་རྒྱུར་གྱུར་ཅིག །དཔལ་ཧེ་རུ་ཀ་ཡང་དག་ཐུགས་ཀྱི་སྒྲུབ་ཐབས་བདེ་ཆེན་ཐིག་ལེ་ཞེས་བྱ་བ་འདི་ནི། ཟབ་མོའི་ལམ་འདི་ཉིད་མིང་ཙམ་འཛིན་པ་ཡང་དཀོན་པར་མཐོང་བས་འཕེལ་ཞིང་རྒྱས་པའི་སྒོར་འགྱུར་བར་དམིགས་ཏེ། འདི་ཉིད་ཀྱི་རྒྱུད་རྣམས་དང་། སློབ་དཔོན་ཆེན་པོ་ཧཱུཾ་ཀཱ་རས་མཛད་པའི་སྒྲུབ་ཐབས་རྩ་བ་རང་འགྲེལ་དང་བཅས་པ་དང་། པདྨ་སཾ་བྷ་ཝས་རྒྱས་འགྲེལ་གྱིས་བཀྲལ་བ། ལྷ་རྗེ་གནུབས་དང་སོ་པའི་མན་ངག་གི་བཀའ་སྲོལ་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་བཞིན་དུ་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཨངྒི་རའི་ལོ་གྲོ་ཞུན་གྱི་ཉ་བའི་ཚེས་དགེ་བ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་དུ་གྲུབ་པར་སྦྱར་བའི་ཡི་གེ་པ་ནི་མཁས་བཙུན་བཟང་པོའི་དཔལ་གྱིས་མཐོ་བའི་གཅུང་ལོ་ཙཱ་བ་དྷརྨ་ཤྲཱིའོ།། །།

དཔལ་ཡང་དག་གི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩིའི་ཉིང་ཁུ། འགྱུར་མེད་རྡོ་རྗེ།

དཔལ་ཡང་དག་གི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །དཔལ་ཡང་དག་གི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ། བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མི་འགྱུར་མཆོག་ཏུ་བདེ་ཆེན་ཧེ་རུ་ཀ །སྟོང་ཉིད་དབྱིངས་ཀྱི་དཔའ་མོར་དགྱེས་རོལ་པའི། །ཟུང་འཇུག་དགའ་ཆེན་རོལ་མོས་ས་གསུམ་པོ། །དབུགས་འབྱིན་མཛད་པ་ཡང་དག་བླ་མར་འདུད། །དེ་ཡི་དཀྱིལ་འཁོར་བདེ་ཆེན་མཆོག་གི་གཞིར། །འཇུག་པའི་ལམ་བཟང་བརྒྱུད་ལྡན་དམ་པ་ཡི། །རྗེས་འབྲང་བདུད་རྩིའི་ཉིང་ཁུ་ལྟ་བུའི་ངག །གཞན་ཕན་བློ་ཡིས་མདོ་ཙམ་གསལ་བར་བྱ། །འདི་ལ་གསུམ་སྟེ། དམིགས་པར་བྱ་བའི་ཡུལ། བསྒྲུབ་པར་བྱ་བའི་ཐབས། ཉམས་སུ་བླངས་བའི་འབྲས་བུའོ། །དང་པོ་ནི། གཞི་འབྲས་ཀྱི་དེ་ཁོ་ན་ཉིད་དེ། ཇི་སྐད་དུ། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ལ། ཐབས་ཀྱི་ཡན་ལག་དང་། ཐབས་ཀྱི་ངོ་བོ་གཉིས་ལས། དང་པོ་ནི། སྣོད་དང་། དམ་ཚིག་དང་། གཙང་སྦྲ་དང་། བརྟུལ་ཞུགས་ལ་སོགས་པ་རྣམས་ལ་སྔོན་དུ་གོམས་ཤིང་འདྲིས་པར་བྱ་བ་ལ་བསླབ་པའོ། །གཉིས་པ་ནི། དེ་དག་གོམས་ནས་ཉམས་སུ་བླང་། །ཞེས་གསུངས་པ་ལ་ཡང་། ལས་ཀྱི་གཞི་བཟུང་བ་དང་། ལས་ཀྱི་རིམ་པ་དངོས་ལ་འཇུག་པའོ། །དང་པོ་ནི། ཕུན་སུམ་ཚོགས་པ་གཞིར་ལྡན་ནས། །ཞེས་པས། སྟོན་པ་འཁོར་གནས་ཡོ་བྱད་ལ་སོགས་པ་རྣམས་ཕུན་སུམ་ཚོགས་པས་ལས་ཀྱི་གཞི་བཟུང་བའོ། །གཉིས་པ་ལས་ཀྱི་རིམ་པ་དངོས་ལ། དང་པོར་ས་གཞི་ཡོངས་སུ་བཟུང་། །གཉིས་པ་སྟ་གོན་གནས་པ་དང་། །ནུབ་གསུམ་པ་ལ་འཇུག་པར་བྱ། །ཞེས་གསུངས་པ་བཞིན་དུ་ཤེས་པར་བྱ་བ་ལས། དང་པོ་ལའང་། གནས་དང་ས་གཞི་བརྟགས་པ་དེར། །བསླང་དང་བརྟག་དང་སྦྱང་བ་དང་། །བགེགས་བསྐྲད་ས་བཟུང་དཔང་པོ་བཞག །ཅེས་པའི་དང་པོ་སྤྱིར་བརྟག་པ་ནི། ཁྲོ་བོའི་དགོན་གནས་སྲིན་པོའི་གནས། །རི་བོ་ཆེན་པོ་བཙན་པའི་ངོས། །ཞེས་སོགས་སམ། དུརཁྲོད་དང་ནི་ལྷ་རྟེན་དང་། །མ་མོའི་ཁྱིམ་དང་ཡིད་དུ་འོང་། །ཞེས་པའམ། ནམ་མཁའ་འཁོར་ལོ་ལྟ་བུའི་མཉམ་པར་བྲེས་ཤིང་། ས་གཞི་པདྨ་འདྲ་བ་ལས་དབུས་མཐོ་བ། བར་སྣང་བདུད་རྩི་འབར་བ་འདྲ་བའི་མཚན་ཉིད་ཅན་ཏེ་སྤྱི་དང་། ཁྱད་པར་རིགས་དང་ལས་མཐུན་གྱི་གནས་སུ་གསུངས་པ་རྣམས་ལེགས་པར་བརྟགས་ནས་བཙལ་བར་བྱའོ། །གཉིས་པ་ནི། བརྟགས་པས་རུང་བའི་ས་དེ་རྒྱལ་པོ་སོགས་ལ་བདེན་པའི་ཚིག་གིས་བླང་བའམ། རིན་གྱིས་ཉོས་ནས་རང་དབང་དུ་བྱས་པའི་གཞི་དེར། བ་བྱུང་དང་དྲི་བཟང་དང་བདུད་རྩི་ལ་སོགས་པའི་མཎྜལ་བྱས་ལ། མེ་ཏོག་གི་ཚོམ་བུ་དགོད། མཆོད་པ་རྣམ་པ་ལྔ་དང་། གཏོར་མ་ཆ་གཉིས་བཤམས་ལ། བདག་ཉིད་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་སྒོམ་པ་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས་བྱིན་གྱིས་བརླབས་ཏེ། ས་བདག་ལྷ་ཀླུ་འཁོར་བཅས་ལ། །བདག་གི་བསྙེན་སྒྲུབ་མ་ཐོན་བར། །ཁྱོད་ལ་གནས་འདི་བདག་གཡར་གྱིས། །ཅི་བདེ་བར་ནི་གནང་དུ་གསོལ། །ཞེས་བརྗོད་ཨརྒྷཾ་སྦྲེེང་ཞིང་ས་བདག་སྤྱི་ལ་བསླང་ངོ་། །ཁྱད་པར་དུ་སའི་ལྷ་མོ་ལ་བསླང་བ་ནི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དག་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གསོལ། །ཞེས་བརྗོད་ནས་ཐལ་མོ་ལན་གསུམ་ས་ལ་བརྡབས་པས། སའི་ལྷ་མོ་གསེར་གྱི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་སྐྱབས་སྦྱིན་དང་། གཡོན་གསེར་གྱི་བུམ་པ་བསྣམས་པ་ལྟེ་བ་ཡན་ཆད་ས་འོག་ནས་འཐོན་པ་ལ། མེ་ཏོག་ལ་སོགས་པ་མཆོད་པ་རྣམ་པ་ལྔ་དང་། འབྲུ་གསུམ་གྱིས་ནང་མཆོད་དང་། ཨ་ཀཱ་རོས་གཏོར་མ་ཕུལ་ལ། སྐུ་མདོག་སེར་པོ་རྒྱན་གྱིས་བརྒྱན། །བཞིན་སྡུག་མཛེས་པའི་ཆ་བྱད་ཅན། །སྐྱབས་སྦྱིན་གསེར་གྱི་བུམ་པ་བསྣམས། །ཀུན་གྱི་དབང་སྒྱུར་ཁྱོད་ལ་བསྟོད། །ཅེས་བསྟོད་པས། ལྷ་མོ་དགའ་བའི་མདངས་ཕྱུངས་ནས། །རྣལ་འབྱོར་བཀའ་སྩོལ་ཇི་ལྟར་བགྱི། །ཞེས་བཀའ་ནོད་པ་ལ། ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་བརྗོད་པས་ལྷ་མོ་དགའ་བའི་ཡིད་ཀྱིས། ཁྱོད་ཀྱི་སློབ་དཔོན་དམ་པ་ཡིན། །སེམས་ཅན་དོན་ཕྱིར་དཀྱིལ་འཁོར་བྲིས། །ཞེས་གནང་བ་བྱིན་ནས། སླར་ཡང་དེ་ཉིད་དུ་ཐིམ་པར་བསམ་མོ། །གསུམ་པས་ཁྱད་པར་དུ་བརྟག་པ་ནི། དཀྱིལ་འཁོར་གྱི་ས་གཞི་གསར་དུ་བསྒྲུབ་ན་ས་བདག་ལྟོ་འཕྱེའི་ལྟོ་བ་ལས་མདུན་གྱི་ཆ་ནས་བརྩམས་ཏེ་དཀྱིལ་འཁོར་གྱི་ཉིས་འགྱུར་ཙམ་དུ་ཁྲུ་གང་ལ་སོགས་པར་བརྐོས་པས་རིན་པོ་ཆེ་སྣ་ལྔ་ལྟ་བུ་དང་འཕྲད་ན་བཟང་ལ། གྱོ་མོ་དང་། གསེག་མ་དང་། རུས་པ་ལ་སོགས་པ་འཐོན་ན་ངན་པས་སྐྱོན་དེ་དག་བསལ་ནས་རྫས་ཉེར་ལྔས་བཀང་བའི་བུམ་པ་རིན་པོ་ཆེའི་གཏེར་དུ་དམིགས་པ་སྙིང་པོར་བཅུག་ལ། སྔར་བརྐོས་པའི་ས་དང་དུར་ཁྲོད་ཀྱི་ས་སོགས་ལས་དང་མཐུན་པའི་ས་སྤོས་ཆུས་བྲན་པས་དགང་ཞིང་འཐས་པར་བཅགས་པའི་སྟེགས་བུ་འདོམ་གང་གྲུ་བཞི་པ། ཁྲུ་གང་ཙམ་དུ་མཐོ་ཞིང་ངོས་མཉམ་པར་བྱས་ལ། ཅི་སྟེ་མཚན་མ་ངན་པ་ཞིག་ན་གཞན་དུ་སྤོ་བའམ་སྦྱིན་སྲེག་གིས་ཞི་བར་བྱའོ། །བཞི་པ་ལ་སྦྱང་བ་དང་། བགེགས་བསྐྲད་པ་གཉིས་ལས། དང་པོ་ནི། རཾ་ཡཾ་ཁཾ་ཨ། ཞེས་བརྗོད་པས། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་ཨ་འཕྲོས་པས་ཡེ་ཤེས་ཀྱི་མེ་རླུང་ཆུས་དངོས་པོར་སྣང་བའི་མཚན་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས་ནས་ཆོས་ཉིད་སྟོང་པ་ཉིད་དུ་རྣམ་པར་དག་པར་བསམ་ཞིང་། ལས་སྔགས་ཀྱིས་བཏབ་པའི་དྲིའི་ཆུས་ཀྱང་གཏོར་རོ། །གཉིས་པ་ནི། བདག་ཉིད་ཧེ་རུ་ཀའི་ཆས་སུ་ཞུགས་ཏེ། རྡོ་རྗེ་དང་དྲིལ་བུ་འཛིན་པས། རྣམ་པར་མི་རྟོག་པའི་ངང་ལས། ཧཱུཾ། ཤྲཱི་བཛྲ་དྷྲིཀ྄་ཧཱུཾ་ཛཿཞེས་བརྗོད་པས། རང་ཉིད་ཁྲོ་བོའི་རྒྱལ་པོ་ཞེ་སྡང་རྡོ་རྗེ་འཇིགས་སུ་རུང་བའི་སྐུར་བསྐྱེད་ལ། དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་མདུན་གྱི་ནམ་མཁར་སད་པར་བྱས་ལ། ཁྱེད་རྣམས་ཀྱིས་བྱིན་གྱིས་བརླབ་པའི་གནས་སུ་དགོངས་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་དཀྱིལ་འཁོར་གྱི་དབུས་སུ་བྱོན་པ་ལ། ཕྱག་དང་མཆོད་པ་ཕུལ་བས། དེ་དག་གི་བྱིན་རླབས་ཀྱིས་སྟེགས་བུ་དེ་ཡང་གཟི་མདངས་དང་ལྡན་པར་བསམ་ལ། བདག་ཉིད་སྟེགས་བུའི་དབུས་སུ་ཞུགས་ཏེ། རྐང་མཐིལ་གཉིས་སུ་ཨ་ལས་སྣ་ཚོགས་རྡོ་རྗེ་དང་། མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བར་བསམ་ནས། བཛྲ་དྲྀཥྚི་མ་ཊ། ཞེས་བརྗོད་ཅིང་ཕྱོགས་ཀུན་ཏུ་སྡང་མིག་གིས་བལྟ་བ་དང་། ཧཱུཾ་ཧཱུཾ། ཞེས་དྲག་ཏུ་བརྗོད་ཅིང་། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་དུ་རྡོ་རྗེའི་འགྲོས་ཀྱིས་གཡས་སུ་བསྐོར་ནས། བཀའ་བསྒོ་བ་ནི། ཧཱུཾ། ས་ཕྱོགས་འདི་ན་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། འབྱུང་པོ་སྲིན་པོ་ཤ་ཟའི་ཚོགས། །གང་དག་གནས་པ་མྱུར་དུ་སོང་། །རྡོ་རྗེ་འཛིན་པའི་བཀའ་བྱུང་ནས། །གང་དག་མི་འགྲོ་དེ་རྣམས་ལ། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །མགོ་ནས་བརྒྱབ་སྟེ་རྐང་བར་འགས། །ཞེས་དང་། ཧཱུཾ་བཞི་པའི་སྔགས་བརྗོད་དེ་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ་ཅིང་རོལ་མོའི་སྒྲ་དྲག་པོ་དང་བཅས་པའི་ཚམས་རྔམས་དང་། བདག་གི་ཐུགས་ཀ་ནས་ཁྲོ་བོའི་སྤྲིན་མི་ཟད་པ་སྤྲོ་པས་བགེགས་ཐམས་ཅད་ཤིང་བལ་རླུང་གིས་གཏོར་བ་བཞིན་ཕྱོགས་བཅུར་བསྐྲད་པར་བསམ་མོ། །དེ་ནས་སླར་ཡང་ཞེ་སྡང་རྡོ་རྗེའི་སྙེམས་པས་ཧཱུཾ་ཧཱུཾ་ཞེས་གླུར་ལེན་ཅིང་། རྡོ་རྗེ་གསོར་བ་དང་། དྲིལ་བུ་འཁྲོལ་བཞིན་དུ་བརྗིད་བག་དང་བཅས་པའི་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་བསྐོར་ཏེ། སྟངས་སྟབས་རེ་རེའི་མདུན་དུ་ལག་པའི་གར་དང་གོམ་པ་གསུམ་གསུམ་བྱས་ནས་ཤར་དུ་བལྟས་ནས་དབང་ལྡན་གྱི་བར་དུ་བཅགས་པས་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱས་ལ། སླར་ཡང་ཤངས་ཀྱི་རླུང་སྒྲོམ་ནས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལ་སོགས་པ་མཚོན་ཆ་སྣ་ཚོགས་གྲངས་མེད་པ་ཕྱོགས་བཅུར་སྤྲོས་པས་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་པ་ལས་མཚོན་ཆ་རྣམ་པ་ལྔའི་གུར་དུ་འཁྲིགས་པས་ཅིས་ཀྱང་མི་ཤིགས་པར་བསམ་མོ། །ལྔ་པ་ས་བཟུང་བ་ནི། སེང་ལྡིང་གི་ཕུར་བུ་ཙན་དན་གྱིས་བྱུག་ཤིང་སྐུད་པ་དང་ཅོད་པན་དམར་པོ་མེ་ཏོག་གི་ཕྲེང་བ་རྣམས་བཅིངས་པ་བཞི་མདུན་དུ་བཀོད་པ་ལ། རང་གི་སྙིང་ག་ནས་ཧཱུཾ་སྤྲོས་ཕུར་བུ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། མཐའ་ཡས་དང་། རྣམ་པར་རྒྱལ་བ་དང་། འབྲུག་སྒྲ་དང་། གསུས་པོ་ཆེ་བཞིར་གྱུར་ཏེ། སྟོད་ཁྲོ་བོའི་གཟུགས་ཅན། སྨད་རྡོ་རྗེ་རྩེ་གཅིག་པ་ལྟ་བུར་འབར་བར་བསམ་ལ། ཧཱུཾ། ཀྲོ་དྷ་ཡ་ས་ཧ་ཏྲེ་ཏ་ཏྲེང་ཕཊ། ཅེས་བརྒྱ་རྩ་སོགས་བཟླས་ནས་དྲིལ་ཞིང་བཏབ་པས། བགེགས་རྣམས་ཀྱི་སྙིང་ཕུག་ནས་འོད་གསལ་བའི་གནས་ཐོབ་པར་བསམ་སྟེ་དཀྱིལ་འཁོར་གྱི་གྲལ་ཞིར་གདབ་ཅིང་། སྔགས་ནི། ༀ་གྷ་གྷ་སོགས་ཀྱིས་སོ། །བསྡུ་ན། ཕུར་བུ་གཅིག་ཁོ་ན་བདུད་རྩི་འཁྱིལ་བར་མོས་ཏེ་བཏབ་པས་ཀྱང་འགྲུབ་བོ། །དེ་ནས་འཁོར་ལོའི་རྒྱ་བཅིངས་ཏེ། ༀ་བཛྲ་ཙཀྲ་མཎྜལ་ཧཱུཾ། ཞེས་པས་དེ་བཞིན་གཤེགས་པ་ཐམས་ཅད་མདུན་གྱི་ནམ་མཁར་གསལ་བར་བྱས་ལ་འབེབས་པའི་རྒྱས། ༀ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨ། ཞེས་པས་དེ་དག་ཕབ་སྟེ་ས་གཞི་ལ་ཐིམ་པས་དཀྱིལ་འཁོར་གྱི་རང་བཞིན་དུ་དབྱེར་མེད་པར་བསམ་མོ། །དྲུག་པ་དཔང་པོ་གསོལ་བ་ནི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སོགས་ནས་དེ་ཉིད་དུ་ཐིམ་པས་བསམ་པའི་བར་སྔར་དང་འདྲ་སྟེ། སྔ་མ་ནི་ས་བསླང་བའི་དོན་དང་། ཕྱི་མ་ནི་བདུད་གཞོམ་པའི་དོན་དུའོ། །དེ་དག་ནི་སའི་ཆོ་ག་ཡན་ལག་དང་བཅས་པའོ། ༈ །གཉིས་པ་སྟ་གོན་ནམ་ལྷག་པར་གནས་པ་ནི། བདག་བསྐྱེད་སྔོན་དུ་འགྲོ་བ་ཅན་ཏེ། དེ་ཡང་རྒྱུད་སྦྱང་བ་ནས་བཟུང་བཟླས་པ་ཡན་ཆད་སྒྲུབ་ཐབས་བཞིན་ཤེས་པར་བྱའོ། །ལྷག་གནས་དངོས་ལ། དཀྱིལ་འཁོར་གྱི་ལྷ། དབང་གི་བུམ་པ། སློབ་མ་ལྷག་པར་གནས་པ་དང་གསུམ་ལས། དང་པོ་ནི། དཀྱིལ་འཁོར་གྱི་གཞི་ལ་རྡོ་རྗེའི་གནོད་སྦྱིན་གྱི་སྔགས་བཟླས་པའི་འབྱུང་ལྔ་དང་། དྲི་ལྔ་དང་། བདུད་རྩི་རྣམ་པ་ལྔ་རྣམས་ཀྱིས་རིམ་པ་བཞིན་ནམ། དེ་དག་སྦྱར་བས་ཅིག་ཅར་དུའང་རུང་སྟེ་ཤར་སོགས་ནས་ཁྱེམ་མེད་པར་བྱུག་ཅིང་། དེ་བཟླས་པའི་ཡུངས་ཀར་གྱིས་བྲབ་ནས་བགེགས་བསལ་ལ། དྲི་བཟང་དང་བདུད་རྩི་ལྔའི་ཐིག་ལེ། ལྷ་སོ་སོའི་ལྔགས་བཟླས་བཞིན་པར་གཙོ་བོའི་གནས་སུ་གྲུ་བཞི་པ་དང་། གཞན་རྣམས་སུ་ཟླུམ་པོར་བྱ་ཞིང་། དེ་རྣམས་ཀྱི་སྟེང་དུ་རང་རང་གི་སྔགས་ཀྱིས་མེ་ཏོག་གི་ཚོམ་བུ་བཀོད། ད་ལྟའི་ལག་ལེན་ལྟར་ན་ལས་ཐིག་རྫོགས་པའམ། ཐིག་ཆེན་བརྒྱད་སྐྱ་ཐིག་ཙམ་བཏབ་ནས་དྲིའི་ཐིག་ལེ་འགོད་པ་སོགས་བྱེད་དོ། །གང་ལྟར་ཡང་མཐའ་མཆོད་གཏོར་གྱིས་བསྐོར་ཏེ། བསང་སྦྱངས་བྱིན་གྱིས་བརླབས་ནས། བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་པདྨ་དང་ཉི་མའི་གདན་ལ་འདུག་པར་མོས་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་བསྐྱེད་པར་བྱ་སྟེ། དཀྱིལ་འཁོར་གྱི་ས་གཞི་དྭངས་ཤིང་ཐོགས་པ་མེད་པ་ལ་ཚོམ་བུ་རྣམས་ལྷ་སོ་སོ་རང་རང་གི་གདན་ཇི་ལྟ་བ་བཞིན་གྲུབ་པར་གྱུར་པའི་དབུས་སུ་བཅོམ་ལྡན་འདས་དཔལ་ཆེན་པོ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན་སོགས་ནས། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་ཞིང་འཁྲུག་པའི་དབུས་ན་བཞུགས་པའོ། །ཤར་དུ་དཀར་མོ་མཐིང་ག་གཡས་ཞིང་དབྱུག་འཕྱར་ཞིང་ནས། གཡོན་བརྐྱང་བའི་སྟབས་ཀྱིས་ཞིང་གི་སྟན་ལ་རོལ་པའི་བར་གྱིས་དམ་ཚིག་གི་འཁོར་ལོ་གསལ་བཏབ་ལ། སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ལས་སོགས་ཀྱི་ཡེ་ཤེས་པར་སྙན་གསན་དབབ་ཅིང་། སྤྱན་འདྲེན་པ། བསྟིམ་པ། བརྟན་པ། ཕྱག་མཆོད་བསྟོད་པ་སོགས་སྒྲུབ་ཐབས་བཞིན་རྒྱས་བསྡུས་ཅི་རིགས་པར་བྱས་ལ། སྙན་གསན་དབབ་པ་ནི། སྤོས་དང་བཅས་ཏེ་རྡོར་དྲིལ་འཛིན་པས། ཐུགས་བརྩེར་ལྡན་པའི་དགོངས་པ་ཅན། །ཁྱེད་རྣམས་ལ་ནི་མཆོད་པ་དང་། །སེམས་ཅན་ཡོངས་སུ་གཟུང་བའི་ཕྱིར། །དཀྱིལ་འཁོར་བཟང་པོ་ས་འདི་ཡི། །བྱིན་གྱིས་རློབས་པར་མཛད་དུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པས། དགྱེས་པ་ཆེན་པོའི་རྗེས་སུ་གནང་བས་དེ་ཉིད་དུ་ཐིམ་པར་བསམ་མོ། །གཉིས་པ་ནི། བུམ་པ་ལྷའི་གྲངས་དང་མཉམ་པའམ། ཡང་ན་གཉིས་སུ་བསྡུ་སྟེ་རྣམ་རྒྱལ་དང་། ལས་ཀྱི་བུམ་པའོ། །དེ་ཡང་རྒྱུ་གསེར་རམ་དངུལ་སོགས་ལས་བྱས་པ་མི་གནག་ཅིང་གསུས་པ་ཆེ་བ། མགྲིན་པ་ཕྲ་བ ། མཆུ་འཕྱང་བ། མེ་ཏོག་གི་ཕྲེང་བ་དང་། ན་བཟའ་ཟུང་གི་མགུལ་ཆིངས་ཅན། ཡལ་ག་དང་། ལོ་མ་དང་། འབྲས་བུར་བཅས་པའི་ཤིང་དྲི་ཞིམ་པོས་ཁ་བརྒྱན་པ་ལས། རྣམ་རྒྱལ་ལ་གཙོ་བོའི་ཕྱག་མཚན་དང་། ལས་བུམ་ལ་སྣ་ཚོགས་རྡོ་རྗེ་བཀོད། རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཟླས་པའི་ཡུངས་དཀར་གྱིས་བྲབ་ཅིང་གུ་གུལ་གྱིས་བདུག་སྟེ་བགེགས་བསྐྲད། སྨན་ལྔ་འབྲུ་ལྔ་དྲི་ལྔ་རིན་ཆེན་ལྔ་སྙིང་པོ་ལྔ་བདུད་རྩི་ལྔ་རྣམས་དང་ལྡན་པའི་ཆུ་ལ་གཙོ་བོའི་སྔགས་དང་ལས་སྔགས་སོ་སོར་བཟླས་ནས་བུམ་པ་གཉིས་པོར་བླུགས་ལ་མཉྫི་ལ་སོགས་པའི་སྟེགས་ལ་བཞག །མཆོད་པ་ལ་སོགས་པ་སྤྱི་དང་མཐུན་པར་བཤམས་ལ། བསང་སྦྱངས། སྟོང་པའི་ངང་ལས་བུམ་པ་ཡུམ་ཀུན་ཏུ་བཟང་མོར་རྫོགས་པའི་མཁའ་ཀློང་རྣམ་པར་དག་པ་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ཅན་གྱི་གཞལ་ཡས་ཁང་གདན་དང་བཅས་པ་གསལ་བར་གྱུར་པ་ལ། བདག་གི་ཐུགས་ཀ་ནས་ཧཱུཾ་དང་ཧ་ཡིག་བརྒྱད་འཕྲོས་པ་ལས། ༀ་མ་ཧཱ་ཤྲཱི་ཧེ་རུ་ཀ་སོགས་བསྐྱེད་སྔགས་རྣམས་བརྗོད་པས། དཔལ་ཆེན་པོ་ཁྲག་འཐུང་ཧེ་རུ་ཀ་ཡབ་ཡུམ་མ་མོ་བརྒྱད་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ལྷ་སྟ་གོན་གྱི་སྐབས་བཞིན་གསལ་བར་བསྐྱེད། ལས་བུམ་བྷྲཱུཾ་ལས་གཞལ་ཡས་ཁང་གི་ནང་དུ་ཉི་མ་ལ་གནས་པའི་ཧཱུཾ་ཡིག་འབར་བར་གྱུར། ༀ་བཛྲ་ཡཀྵ་བིགྷྣཱནྟ་ཀྲྀཏ་ཧཱུཾ་ཕཊ། ཅེས་བརྗོད་པས། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ལྗང་གུ་རྒྱ་གྲམ་དང་སྡིགས་མཛུབ་བསྒྲེང་བ་ཞབས་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པར་བསྐྱེད་ལ། ཐུན་མོང་དུ་བསྐུར། བརླབ། དབབ། དྲང་། བསྟིམ། བརྟན། མཆོད་ཅིང་བསྟ ོད་པ་རྣམས་བྱས་ནས། གཟུངས་ཐག་ལ་འཇུས་ཏེ། བདག་གི་ཞལ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་། བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཆགས་པ་ཆེན་པོས་དགྱེས་པར་རོལ་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིར་བབས་པས་བུམ་པ་གང་བར་བསམ་ཞིང་། ལྷ་དགུའི་སྔགས་གཙོ་འཁོར་གྱི་འགྲོས་སྦྱར་བ་བརྒྱ་བརྩ་བརྒྱད་དམ་ཉེར་གཅིག་སོགས་དང་། ལས་བུམ་ལ་དམིགས་ཏེ་ལས་སྔགས་བརྒྱ་རྩ་སོགས་བཟླས་ལ། སླར་ཡང་མཆོད་དེ། སྔགས་ཀྱི་བཏབ་པའི་མེ་ཏོག་དཀར་པོ་བུམ་པའི་ནང་དུ་འབུལ་ཞིང་། སྔགས་དེ་ཉིད་ཀྱིས་སྤོས་དང་བདུག་པའང་དབུལ་ཞིང་བདུག་པར་བྱའོ། །དེ་ནས། ༀ་བཛྲ་ཨ་ན་ལ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་བྷཉྫ་ར་ཎ་ཧཱུཾ། ཞེས་དུས་དྲུག་ཏུ་ལན་བདུན་བདུན་ནམ། ཉིན་རེ་ལ་ལན་གསུམ་གསུམ་དུ་བརྗོད་ཅིང་བུམ་པའི་མཐུ་བསྐྱེད་དོ། ༈ །གསུམ་པ་སློབ་མ་སྟ་གོན་ལ་གནས་པའི་ཆོ་ག་ནི། དབང་ཆོག་ཏུ་འཆད་པ་ལས་ཤེས་པར་བྱའོ། །ཡང་ན། ལྷ་སྟ་གོན་གྱི་སྙན་གསན་ཕེབས་པ་སྐབས་འདིའམ། བུམ་པ་སྟ་གོན་གྱི་རྗེས་སུ་མཛད་མོད། དེ་ལྟར་ན། སྦྱིན་སྲེག་དང་མཆོད་པས་མཆོད་ཅིང་བསྟོད་ནས། བདག་གི་ལྕེ་ཧཱུཾ་གི་མཐར་བཛྲ་ཛི་ཧཱ་དང་། ལག་པ་གཡས་གཡོན་ལ་ཉི་ཟླའི་སྟེང་དུ་རིགས་ལྔ་ཡབ་ཡུམ་གྱི་ཡི་གེ་བཀོད་པའི་འཕྲོ་འདུས་ཐབས་ཤེས་གཉིས་སུ་མེད་པར་མོས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་བྷ་ཏ་པདྨ་བྷནྡྷ་ནཾ་ཀ་རོ་མི། ཞེས་ཕྱག་བྱས་ནས། ཐུགས་བརྩེར་ལྡན་པའི་ཞེས་སོགས་སྔར་བཞིན་བརྗོད་དེ་རྣམ་པར་དག་པའི་ལག་ལེན་ཕྱོགས་གཅིག་གོ། །དེ་དག་ནི་སྟ་གོན་གྱི་ཆོ་ག་སྟེ་ཉིན་གཉིས་པའི་བྱ་བའོ། །གསུམ་པ་དཀྱིལ་འཁོར་དངོས་ཀྱི་བྱ་བ་ལ། སྔོན་དུ་བྱ་བ་དང་། དངོས་གཞིའི་བྱ་བ་དང་། རྗེས་ཀྱི་བྱ་བའོ། །དང་པོ་ལ་ལྔ་སྟེ། ཆག་ཆག་གདབ་པ། ཐིག་ཚོན་སྒྲུབ་པ། ཐིག་གདབ་པ། ཚོན་དགྱེ་བ། རྒྱན་དགྲམ་པའོ། །དང་པོ་ནི། བེ་གཱ་ཀྲ་མ་ཡཾ། ཞེས་འདེགས་པའི་རྒྱས་སྟ་གོན་གྱི་ལྷ་ནམ་མཁར་བཏེགས་ལ། སྔར་ལས་ཐིག་མ་བཏབ་ན། སྟེགས་བུ་ལ་བདུད་རྩི་ལྔས་སྐྱང་ནུལ་བྱ་ཞིང་། ཧཱུཾ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ། །དམ་རྫས་དག་པ་རང་བྱུང་བདུད་རྩི་ལྔས། །བདེ་གཤེགས་རིགས་ལྔའི་དངོས་གྲུབ་བསྒྲུབ་པའི་ཕྱིར། །ཡང་དག་གསང་བའི་དཀྱིལ་འཁོར་ཆག་ཆག་འདེབས། །ༀ་ཨཱཿཧཱུཾ་སྭཱ་ཧཱ། སརྦ་པཉྩ་ཨ་མྲྀ་ཏ་མཎྜལ་ཧཱུཾ། ཞེས་པའོ། །གཉིས་པ་ནི། བ་སུ་ཏའམ་རས་བལ་གྱི་ཐིག་སྐུད་ལྔ་བསྒྲིལ་ཚོན་སྣ་ལྔས་ཁ་བསྒྱུར་བ་དང་། རྡུལ་ཚོན་ཁ་དོག་ལྔ་ཐལ་ཆེན་དང་བདུད་རྩི་ལྔ་ཅུང་ཟད་སྦྱར་བ་ལ་རིགས་དང་མཐུན་པའི་ས་བོན་ལྔ་བྲིས། ཐིག་སྐུད་དང་མདོག་རིགས་སྡེབས་ནས་བཞག །བསང་སྦྱངས། སྟོང་པའི་ངང་ལས་ཐིག་ཚོན་ཁ་དོག་ལྔ་པོ་ཧཱུཾ་ༀ་སྭཱ་ཨཱཾ་ཧཱ་ལས་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་གནས་པར་བསམ་ལ། བདག་གི་མིག་གཉིས་སུ་ཛ་ཡིག་བཀོད་པ་ལས་བྱུང་བའི་འོད་ཟེར་གྱིས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་ཚོན་འོད་ཟེར་ལྔའི་རང་བཞིན་དུ་བྱ་བ་ཐིག་ཚོན་རྣམས་ལ་ཐིམ་པ་ལས་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་བསམ་ལ། ས་བོན་ལྔ་བརྗོད་ཅིང་། དྲི་དང་མེ་ཏོག་ལ་སོགས་པས་མཆོད་ནས། ཐིག་སྐུད་སྒྲིལ་ཞིང་། ༀ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ༀ་ཨཱཿཧཱུཾ། ཞེས་བརྗོད་ཅིང་བདུད་རྩི་ལྔ་དང་དྲི་ཆབ་ཀྱི་བསང་ནས་སྣོད་གཙང་མར་བཞག་གོ། །ༀ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བཟླ་ཞིང་ཚོན་རྣམས་ལ་རེག་པའི་མཐར། ཧཱུཾ། ཞེས་བརྗོད་པས། རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་མོ། །གསུམ་པ་ནི། ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཞེས་བརྗོད་པས་བདག་ཉིད་དཀྱིལ་འཁོར་གྱི་བདག་པོར་གསལ་བ་ནུབ་ནས་ཤར་དུ་ཕྱོགས་པ་དང་། ཐིག་གཡོག་རིགས་ཀྱི་ཡུམ་དུ་བྱིན་གྱིས་བརླབས་པ་ཤར་ནས་ནུབ་ཏུ་ཕྱོགས་པ་ལས་རྗེས་སུ་ཆགས་པའི་སྦྱོར་བས་ཞུགས་པས་ཐིག་སྐུད་བྱང་ཆུབ་སེམས་ཀྱི་ངོ་བོར་དཀར་བྲེང་གིས་བྱུང་བར་བསམ་ཞིང་། ཛྙཱ་ན་བཛྲ་ཧཱུཾ། ཞེས་གཡས་པའི་ཁུ་ཚུར་གྱིས་ཐིག་སྐུད་ཀྱི་སྣེ་མོ་ཐིག་གཡོག་ལ་བསྐྱུར་ཏེ། དེས་ཀྱང་གཡོན་པ་ཁུ་ཚུར་གྱིས་དྲངས་ནས་ལྟེ་བར་བསྲུང་ལ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུཾ། ཞེས་བརྗོད་ཅིང་། དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་རྒྱ་གྲམ་དུ་བཏབ་པས་རང་བཞིན་གྱི་དཀྱིལ་འཁོར་བཀྲ་ལམ་གྱིས་གསལ་བར་བསམ་མོ། །དེ་ལྟར་ཚངས་ཐིག་གཉིས་པོ་ཙམ་མམ། ཡང་ན་ཐིག་ཆེན་བརྒྱད་པོ་སྤྱི་དང་མཐུན་པར་མཁའ་ལ་གདབ་ཅིང་། དེ་བཞིན་དུ་ཡབ་ཡུམ་གྱི་སྙིང་པོ་བརྗོད་བཞིན་པར་ས་ལ་ཡང་གདབ་པར་བྱ་སྟེ། ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་ཆེན་བརྒྱད་བརྒྱད་བཅུ་དྲུག་ལས། །ཚངས་ཐིག་ནས་བཟུང་དང་པོ་དང་། །དྲུག་པ་ཕྱེད་གདབ་ཕྱི་མ་བསིལ། །གཉིས་པ་བདུན་པ་ཆ་བཞིར་བགོ། །ལྔ་བརྒྱད་དབུས་དོར་མཐའ་གཉིས་གདབ། །གསུམ་པ་མི་གདབ་བཞི་པ་ཕྱེད། །བཅད་པ་ཕོ་བྲང་ནང་མའི་ས། །དབུས་ནས་བཞི་པའི་ཕྱེད་ཚུན་བཅད། །ཆ་བྲན་གཅིག་བསྐོར་ཤར་ངོས་སུ། །ཟུར་ཐིག་ནས་བརྩམས་ཆ་ཕྲན་གཉིས། །ཕྱིར་བསྐྱེད་པ་ནས་འཕྲེད་དུ་བཅད། །དེ་ལ་ནང་སྒོ་རྒྱན་མེད་བྱ། །ནང་སྒོའི་རྩ་ཐིག་སྒོ་ཟུར་ནས། །ཆ་བྲན་གཅིག་བསྐོར་རེ་མིག་གླིང་། །དགུར་བཅད་ཟླ་གམ་དགུ་པ་བྱ། །ཕྱི་ཡི་མདའ་ཐིག་ཟུར་རྩེ་ནས། །ཆ་ཆེན་ཕྱེད་དང་གཅིག་དང་ཕྱེད། །སླར་ཡང་གཅིག་བསྐོར་ཁོར་ཡུག་གོ། །རྟ་བབས་འོག་གཞིའི་རྒྱ་གྲམ་སོགས། །ཐུན་མོང་ཉིད་ཕྱིར་སྤྱི་ལྟར་བྱ། །ཞེས་པའོ། །བསྐོར་ཐིག་ལ་འཇུག་པ་ན། སེང་ལྡེང་གི་ཕུར་བུ་རྡོ་རྗེ་རྩེ་གཅིག་པར་མོས་ཏེ། ཀཱི་ལ་ཡའི་སྔགས་ཀྱིས་དབུས་སུ་བཏབ་པ་ལ་ཐིག་སྐུད་དཀྲིས་ནས་བསྐོར་བར་བཤད་དོ། །ཕོ་བྲང་ནང་མ་ལ་བཞེད་སྲོལ་ཐ་དད་པ་གསུམ་ལས་འདིར་ཟླ་གམ་དགུ་པའི་སྒྲུབ་ཐབས་ཀྱིས་བཀྲལ་བའི་ལུགས་སོ། །བཞི་པ་ནི། བཛྲ་ཧྲཱིཿཞེས་འདེགས་པའི་རྒྱས་ཐིག་གི་ཕོ་བྲང་མཁའ་ལ་བཏེགས་ནས། ཧྲཱི་ཞེས་སྒོའི་རྩ་ཐིག་ཕྱིས་ལ། ཧཱུཾ་བཞི་པ་བཟླས་ནས་ལྟེ་བའི་ཕུར་བུ་ཕྱུངས་ཏེ། ཁུང་བུ་ཚོན་སྣ་ལྔ་འབྱུང་རིགས་སྡེབས་པས་འགེང་ངོ་། །དེ་ནས་སློབ་དཔོན་གྱིས་དབང་ལྡན་གྱི་རྩིག་པའི་རེ་ཁཱ་ལྔ་སོར་བཞི་ཙམ་བྲིས་ལ་ཐོད་པས་བཀབ། རྩིག་པ་སྦྲེལ་རན་པ་ན་ཚོན་པྲ་བརྟག །དེ་ནས་སློབ་མ་རྣམས་ཀྱིས་ཀྱང་ཅི་བདེར་བྲི་སྟེ་ཧཱུཾ་གི་སྒྲ་རྒྱུན་མི་ཆད་པས་སོ། །ཟླ་གམ་དབུས་མའི་ཤར་དཀར་པོ། གཞན་དགུ་པོ་དམར་པོ། གཞི་དམར་སྨུག །གདུང་བཞི་གདུང་ཟླུམ་དང་བཅས་པ་སྔོན་པོ་ལ་རྡོ་རྗེ་དཀར་པོ། ནང་རྩིག་ཐོད་པ་སྟེ་སྔོ་དམར་དཀར་བ། གྲུ་ཆད་ལྗང་གུ། ཁྱམས་ཕྱོགས་མདོག་སོགས་སྤྱི་དང་མཐུན་པ་ལས་ཁྱད་པར་དུར་ཁྲོད་ཀྱི་བཀོད་པའི་མཚན་ཉིད་ཅན་དུ་བྲིས་ལ། མཚན་མ་རྣམས་རྡུལ་ཚོན་གྱིས་བྱེད་ན་སྐུ་དང་ཡིག་འབྲུ་ཕྱག་མཚན་ཐིག་ལེ་སོགས་སྔ་མའི་རྗེས་འབྲེལ་ཁོ་ནར་འབྲིའོ། །དེ་ལྟར་ཐིག་ཚོན་གྱི་ལས་རྫོགས་པ་ན་མཆོད་བསྟོད་བྱས་ནས། གཙྪ་མུཿཞེས་ཡེ་ཤེས་པ་གཤེགས་སུ་གསོལ། ལྔ་པ་ནི། ཁམ་ཕོར་རི་མོ་བྲིས་པ་དགུ། །སྣང་བའི་འོད་དང་བཅས་པ་དགྲམ། །ཞེས་པས་ཐོད་པ་མཚན་ལྡན་ལ་བྱང་སེམས་དཀར་དམར་གྱིས་གཙོ་བོའི་སྔགས་དང་རྡོ་རྗེ་ཁ་ཊྭཱཾ་ཀ་བྲིས་པ་དང་། བྲམ་ཟེ་ལ་སོགས་པའི་ཐོད་པ་ཚལ་བུ་བརྒྱད་ལ་ག་རཱི་མ་སོགས་མ་མོ་བརྒྱད་སོ་སོའི་སྔགས་རང་མཚན་མ་བྲིས་པ་རྣམས་དང་། པདྨ་བྷནྡྷར་སྣུམ་ཆེན་དང་འབྲུ་མར་སྣ་ཚོགས་ཙིཏྟའི་ཤར་བུ་ལ་སོགས་པའི་སྡོང་བུ་ལ་སྤར་བའི་མར་མེ་དགུ་ཡང་ཐོད་པ་རྣམས་དང་འབྲེལ་ཆགས་སུ་བཤམས་ལ། བགེགས་བསྐྲད། མཐུ་བྱིན་བསྐྱེད་ནས་ལྷ་སོ་སོའི་གནས་སུ་དགོད་དེ། ཧཱུཾ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །ཐུགས་མཆོག་བཛྲ་ཧེ་རུ་ཀ །བཛྲ་ཀྲོ་དྷཱི་ཤྭ་རཱི་གཉིས། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། །ཛཿཧཱུྃ་བཾ་ཧོས་སྤྱན་འདྲེན་ན། །དུར་ཁྲོད་ཆེན་པོའི་གནས་མཆོག་དང་། དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་འདིར། །ལྷ་ཆེན་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཞེས་དང་། ལྷ་དགུ་རང་རང་གྱི་སྔགས་ཀྱི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ཏིཥྛ་ལྷན། ཞེས་རིམ་པ་བཞིན་བཀོད་པ་དང་འབྲེལ་བར་མར་མེ་རྣམས་ཀྱང་། ཨཱ་ལོ་ཀེ་ས་མ་ཡ་ཏིཥྛ་ལྷན། ཞེས་བྷནྡྷ་རྣམས་ཀྱི་མཆན་དུ་དགོད་ཅིང་། སྔར་ལྷག་གནས་བྱས་པའི་བུམ་པ་ཡང་དཀྱིལ་འཁོར་གྱི་དབུས་སུ་མཉྫི་ལ་སོགས་པའི་སྟེགས་ལ་བཞག །ཞིང་གི་གཡང་གཞིར་རཀྟའི་ཐིག་ལེ་དགུ་ཚོམས་སུ་བཀོད་པར་བླར་བྲེ་བ་སོགས་ཕྱོགས་ཀུན་ཏུ་བླ་རེ་དང་ཡོལ་བ་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན། ཕྱིའི་འཁོར་ཡུག་ལ་མདའ་དར། མེ་ལོང་། རལ་གྲི། ཕུར་བུ་ལ་སོགས་པ་བཞི་བཞི་དང་། ཚོན་སྐུད་ཀྱི་དྲྭ་བས་མཛེས་པར་བསྐོར། མཐའ་སྐོར་དུ་མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་རྣམས་དང་། སྨན་གཏོར་རཀྟ་ལ་སོགས་པ་ནང་གི་དམ་རྫས་རྣམས་དང་། ཞིང་གི་བཅད་དུམ་དང་རས་མ་ལ་སོགས་པ་ཁྱད་པར་གྱི་དམ་རྫས་རྣམས་ཀྱིས་འཁོར་ཡུག་རྣམས་མཛེས་ཤིང་བརྗིད་ལ་བཀྲ་བར་བཤམ་པར་བྱ་སྟེ། རྫས་ཀྱིས་མཛེས་པར་བཞག །ཅེས་གསུངས་པ་བཞིན་ནོ། །དེའི་རྗེས་སུ་ལྷག་ཆད་སྐོང་བའི་ཡིག་བརྒྱ་མང་དུ་བཟླ་ཞིང་རོལ་མོའི་སྒྲ་རྒྱ་ཆེར་བྱ། དཀྱིལ་འཁོ་རབ་གནས་ཀྱང་འགྲུབ་ན་གཞན་དང་མཐུན་པར་བྱ་སྟེ་སྐབས་འདི་ཉིད་དུའོ། །གཉིས་པ་དངོས་གཞི་ལ། སྒྲུབ་ཅིང་མཆོད་པ་དང་དབང་བསྐུར་བའོ། །དང་པོ་ནི། རྣལ་འབྱོར་པ་རྣམས་ཁྲུས་བྱས། རྒྱན་དང་ཆས་གོས་བསྟར་ཏེ། སློབ་དཔོན་ཤར་ནས་དཀྱིལ་འཁོར་ལ་ཕྱོགས་པ་དང་། གཞན་རྣམས་ཀྱང་ཇི་ལྟར་འོས་པར་འདུག་ནས། རྒྱུད་སྦྱང་བ་དང་། མཚམས་བཅད་པ་དང་། བཤགས་པ་རྣམས་ཀྱི་རྗེས་སུ་ཆོ་གའི་དཀྱུས་ཀྱི་བྱིན་འབེབས་ཀྱི་མཐར། ལྷ་སོ་སོའི་སྙིང་པོ་རྣམས་ཀྱི་གཤམ་དུ། ཨ་བེ་ཤ་ཡ་ཨ་ཛཿཧཱུཾ་བཾ་ཧོཿ ཞེས་བཏགས་པ་མང་དུ་བཟླ་ཞིང་། རོལ་མོའི་སྒྲ་དང་བཅས་པས་ཡེ་ཤེས་ཀྱི་ལྷ་རྣམས་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་དབྱེར་མེད་དུ་ཐིམ་པར་བསམ་ཞིང་། དེ་དང་འབྲེལ་བར་བརྡ་སྒོ་དབྱེ་བ་དང་བརྡ་ཕྱག་འཚལ་བ་ཡང་བཤད་དེ། དེ་ལྟར་ན། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ༀ་པྲ་བེ་ཤ་ཡ་ཕཊ། ཨ་ལ་ལ་ཧོཿ ཞེས་ཕྱོགས་བཞི་ནས་སྒོ་དབྱེ། ༀ་ཨཱཿཧཱུཾ་ཨཱ་ཏི་པུ་ཧོཿ སརྦ་ཏ་ཐཱ་ག་ཏ་བྷནྡྷ་ནཾ་ཀ་རོ་ཡཱ་མི། མ་ཧཱ་ཡོ་གཱི་ནཱི། པྲ་ཏི་པུ་ཧོཿ ཞེས་བརྡའི་ཕྱག་བྱ་སྟེ། ཉི་མ་དང་པོ་ཁོ་ན་ལ་འཇུག་གོ། །དེ་ནས་མཆོད་རྫས་བརླབ་པ་སོགས་དཀྱུས་བཞིན་ལས། དཀྱིལ་འཁོར་བསྐྱེད་པ་ན། སྒྲུབ་གཞི་བདག་གི་ལུས་ངག་ཡིད་གསུམ་དང་བསྒྲུབ་བྱ་ལྷའི་སྐུ་གསུང་ཐུགས་གསུམ་དབྱེར་མེད་ཅིང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཐ་མི་དད་དེ། ཡེ་ནས་སངས་རྒྱས་ཀྱི་ངོ་བོར་རོ་མཉམ་པའི་ཕྱིར་བདག་དང་ལྷ་ཞེས་སོ་སོར་དབྱེ་ཞིང་གདགས་སུ་མེད་པས་ན། སྒྲུབ་གཞི་དང་། སྒྲུབ་རྫས། བསྒྲུབ་བྱ་ཐམས་ཅད་བདག་མདུན་དབྱེར་མེད་དམ་ཚིག་གི་དཀྱིལ་འཁོར་གཅིག་གིས་བསྡུས་པར་སྒོམ་པ་ནི། གཞུང་འདིའི་དོན་གྱི་དགོངས་པར་གནས་པ་ཡིན་ཏེ། མི་དམིགས་ཆོས་ལ་བློ་བརྟན་ཞིང་། །ཡེ་ཤེས་ཅན་གྱི་བྱིན་སྟོབས་ཀྱིས། །ཐམས་ཅད་ཚུལ་བཞིན་བྱིན་གྱིས་རློབས། །ཞེས་གསུངས་པའི་དོན་ཏིང་འཛིན་གྱི་ཕྲིན་ལས་རྣམ་པ་ལྔའི་བྱེ་བྲག་ཏུ་ཕྱེ་བ་རྣམས་ཀྱང་དབྱེ་གཞིའི་ངོ་བོ་དབྱེར་མེད་གཅིག་ཏུ་བསྒྲུབ་པའི་སྒྲུབ་བྱེད་དུའང་འགྱུར་ལ། འོན་ཀྱང་རྒྱུ་དང་འབྲས་བུའི་ཆ་ཙམ་ལ་དགོངས་ནས་མཆོད་པ་དང་བསྙེན་པ་ལ་སོགས་པའི་སྐབས་སུ་ལྷ་ལ་དབང་མི་ཟ་བའི་ཕྱིར། དམ་ཡེའུ་ཐ་སྙད་དུ་སོ་སོར་ཕྱེ་ནས་ལས་དེ་དག་སྒྲུབ་པ་ནི་བཀག་པ་མེད་ཀྱི། དེའི་ཕྱིར་ཏིང་ངེ་འཛིན་གསུམ་གྱི་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་གྱི་མཐར་ཐུག་པའི་བར་སྒྲུབ་ཐབས་ཀྱི་དཀྱུས་བཞིན་ལ་ཁྱད་ཆོས་བྱེ་བྲག་པ་རྣམས་མན་ངག་གི་ཞལ་རྒྱུན་བཞིན་ཤེས་པར་བྱའོ། །གཉིས་པ་དབང་བསྐུར་བ་ནི། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པའི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་དུ་ཞུགས་ལ་རིགས་པའི་མེ་ཏོག་དོར་ནས། སློབ་མ་གཞུག་ཅིང་དབང་བསྐུར་བར་བྱ་སྟེ། སློབ་དཔོན་ཇི་བཞིན་སྟན་བདེར་གནས། །རྡོ་རྗེའི་ཚུལ་དུ་དབང་དག་སྦྱིན། །ཞེས་གསུངས་པ་བཞིན་ཏེ། སློབ་མའི་ནུས་སྟོབས་དང་སྦྱར་ནས་དབང་རྣམས་སྦྱིན་པར་བྱ་བ་ནི་དབང་ཆོག་ལས་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་ལྔ་སྟེ། དང་པོ་ཚོགས་མཆོད་དང་། གཉིས་པ་བརྟན་མ་སྐྱོང་བ་རྣམས་ནི་སྒྲུབ་ཐབས་བཞིན་དང་། ཉེར་བསྡུའི་ཚེ་གཏང་རག་གི་མཆོད་པ་བཤམས་ལ། བྱིན་གྱིས་བརླབས་ཏེ་ཀུན་བཟང་རྣམ་བདུན་སྨན་གཏོར་རྣམས་ཀྱིས་མཆོད་ཅིང་། བསྟོད་པ་རྒྱས་བསྡུས་ཅི་རིགས་པས་བསྟོད། ཡིག་བརྒྱ་དང་བཟོད་གསོལ་རྣམས་བྱས་ལ། རས་བྲིས་ཀྱི་དཀྱིལ་འཁོར་ལ་ཡེ་ཤེས་པ་བརྟན་བཞུགས་དང་། དམ་ཚིག་གི་དཀྱིལ་འཁོར་གསལ་བཏབ་ནས། ཧཱུཾ་དགུ་བརྩེགས་སུ་བརྗོད་པས་བསྡུས་ལ། གོ་བགོ་ལུས་བསྲུང་སོགས་སྒྲུབ་ཐབས་ལྟར་བྱ་ཞིང་རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་ཞག་སྦྲེལ་དུ་བྱེད་པའི་ཉིན་སྔ་མ་རྣམས་ལ་ཡང་དེ་བཞིན་ནོ། །གཟུགས་བརྙན་གྱི་དཀྱིལ་འཁོར་གཤེགས་གསོལ་བྱེད་ན། བེ་གཱ་ཀྲ་མ་ཡཾ། ཞེས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཏེགས་ལ། གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་སྔར་བཞིན་བྱས་ནས། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། ཛྙཱ་ན་མཎྜལ་བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་སྔར་བཞིན་བསྡུས་ནས། གོ་ཆ་བགོ་ཞིང་ལུས་བསྲུང་བ་བྱས་ལ། ཆོས་ཐམས་ཅད་སྐྱེ་མེད་དུ་མོས་པས། ཨ་ཀཱ་རོ་བཟླ་ཞིང་དྲིལ་བུ་འཁྲོལ། གཡས་རྡོ་རྗེ་དང་བཅས་པས་ལྷ་མཚན་རྣམས་བླངས་ལ་ཅུང་ཟད་མགོ་བོར་བཀོད། ལྷག་མ་རྣམས་ཤར་གྱི་ཚངས་ཐིག་ནས་དབུས་ཀྱི་བར་ཕྱག་ལ་བུམ་པར་བླུག་སྟེ་བཀུར་སྟི་ཆེན་པོས་ཆུ་ཀླུང་དུ་དོར། བུམ་པ་དེ་ཆུས་བཀང་སྟེ་སླར་འོངས་ནས་དཀྱིལ་འཁོར་ཁང་པ་སོགས་ལ་བསང་གཏོར་བྱ། ཕུར་བུ་རྣམས་ཕྱུངས་ལ་སྤྱན་མའི་སྔགས་ཀྱིས་བཏབ་པའི་འོ་མས་བཀྲུས་པས་བགེགས་རྣམས་སོས་པར་བསམ་ལ། དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་དང་། བཀྲ་ཤིས་དང་དགའ་སྟོན་རྒྱ་ཆེར་བྱའོ། །སྤྱི་དོན་གསུམ་པ་གྲུབ་པའི་འབྲས་བུའི་ཚུལ་ལ། ཇི་ལྟར་བསྒྲུབ་པ་དང་། དེས་གྲུབ་པའི་ཚུལ་བསྟན་པ་སྟེ། སྒྲུབ་ཐབས་སུ་བཤད་པ་བཞིན་ཤེས་པར་བྱ་བ་ཡིན་ནོ། །དེ་ལྟར་ན་ཟབ་མོའི་ལམ་འདི་སྔོན་དུས་ཤིན་ཏུ་དར་ཞིང་རྒྱས་པས་རྒྱ་བོད་ཀྱི་མཁས་གྲུབ་ཁྱད་པར་ཅན་རྣམས་ཀྱི་མཛད་པའི་བཤད་འབུམ་དང་། སྒྲུབ་ཁོག་ལ་སོགས་པའི་ལེགས་བཤད་ངོ་མཚར་ཅན་དུ་མ་ཡོད་མོད། སྨིན་སློབ་སྒྲུབ་ཆེན་ཁོ་ནའི་དབང་དུ་མཛད་པའི་ཕྱིར་དུས་མཐའི་འགྲོ་བས་ལག་ལེན་དུ་བསྡེབས་དཀའ་བར་སྣང་བ་དང་། དབང་རྐྱང་དང་སྒྲུབ་མཆོད་དཀྱུས་མ་ལ་འདི་ཙམ་གྱིས་དོན་གྱི་དགོས་པ་འགྲུབ་ཅིང་། ལམ་འདིའི་བཀའ་སྲོལ་མི་ནུས་པའི་ཟོངས་སུ་འགྱུར་བ་ལ་བསམས་ཏེ་ལག་ལེན་སྙིང་པོ་མདོར་བསྡུས་སུ་དྲིལ་བ་ཡིན་གྱི། གཞུང་གི་གོ་དོན་ཁོག་འབུབས་པ་ལ་ནི་དམ་པ་གོང་མ་རྣམས་ཀྱི་གསུང་རབ་ལ་དྲིས་བར་བྱའོ། །ཁྱབ་བདག་ཧེ་རུ་ཀ་དཔལ་ཡང་དག་གི། །སྒྲུབ་ཐབས་ཟབ་དང་རྒྱ་ཆེའི་རྒྱ་མཚོ་ལས། །ལག་ལེན་སྙིང་པོར་དྲིལ་བ་བདུད་རྩི་ཡི། །ཉིང་ཁུ་ལྟ་བུ་དཀྱིལ་འཁོར་ཆོ་གར་སྤེལ། །འདི་ལས་བསོད་ནམས་གང་ཞིག་ཐོབ་པ་དེས། །སྐྱེ་བར་ལམ་བཟང་འདི་དང་མི་འབྲལ་བར། །ཧེ་རུ་ཀ་དཔལ་མཆོག་གི་སྐུ་འགྲུབ་ནས། །མཁའ་མཉམ་འགྲོ་བའི་མགོན་དུ་འགྱུར་བར་ཤོག །དཔལ་ཡང་དག་གི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་འདི་ནི་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་རང་ལོ་ཞེ་བརྒྱད་པ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་དབེ་གནས་སུ་སྦྱར་བའི་ཡི་གེ་བ་ནི་ཆོས་མིག་རྡུལ་དང་བྲལ་བའི་བཤེས་གཉེན་དྷརྨ་ཤྲཱིའོ།། །།

དཔལ་ཆེན་ཡང་དག་ལྷ་དགུའི་དབང་གི་ཆོ་ག་བདེ་ཆེན་འཇུག་ངོགས། འགྱུར་མེད་རྡོ་རྗེ།

དཔལ་ཆེན་ཡང་དག་ལྷ་དགུའི་དབང་གི་ཆོ་ག་བདེ་ཆེན་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །

དཔལ་ཆེན་ཡང་དག་ལྷ་དགུའི་དབང་གི་ཆོ་ག་བདེ་ཆེན་འཇུག་ངོགས་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བདེ་ཆེན་འགྱུར་མེད་ཧེ་རུ་ཀ །སྟོང་ཉིད་ཁྲོ་མོ་དབྱིངས་ཀྱི་དབང་ཕྱུག་མར། །དགྱེས་རོལ་རྡོ་རྗེ་ཁྲ་འཐུང་ཡང་དག་དང་། །དབྱེར་མེད་དྲིན་ཅན་བླ་མར་ཕྱག་བགྱིའོ། །བདེ་ཆེན་མཆོག་གི་གྲོང་ཁྱེར་ཉམས་དགའ་བར། །མྱུར་བདེར་བགྲོད་པའི་ཐབས་ཚུལ་བླ་ན་མེད། །དབང་བསྐུར་ཆོ་ག་རྣམ་དག་གཞུང་དོན་གྱི། །སྙིང་པོ་བདེ་ཆེན་འཇུག་ངོགས་འདིར་གསལ་བྱ། །ཇི་སྐད་དུ། ཧེ་རུ་ཀ་གལ་པོ་ལས། རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དུ། །སློབ་མ་རབ་གཞུག་དབང་བསྐུར་ཏེ། །བྱ་བྲལ་རྫོགས་པའི་མན་ངག་བསྟན། །ཏིང་འཛིན་བརྟན་པའི་དཀྱིལ་འཁོར་དུ། །སློབ་མ་འབྲིང་གཞུག་དབང་བསྐུར་ཏེ། །བསྐྱེད་རྫོགས་གྲུབ་པའི་མན་ངག་བསྟན། །གཟུགས་བརྙན་བསྙེན་སྒྲུབ་དཀྱིལ་འཁོར་དུ། །ཐ་མའི་སློབ་གཞུག་དབང་བསྐུར་ཏེ། །རིམ་གྱིས་བློ་སྦྱངས་མན་ངག་བསྟན། །ཞེས་གསུངས་པ་བཞིན་སློབ་མ་མཆོག་དང་འབྲིང་དང་ཐ་མའི་རིགས་ཅན་རྣམས་ལ་ཡེ་ཤེས་དང་ཏིང་ངེ་འཛིན་དང་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སྐལ་པ་དང་མཚམས་པའི་དབང་བསྐུར་ནས་དེ་དང་དེའི་མན་ངག་རྣམས་སྟོན་པར་གསུངས་པ་ལས། ཕྱི་མའི་དབང་དུ་བྱས་ནས་བསྒྲུབ་པའི་རིམ་པ་ལ། དང་པོ་ས་གཞི་ཡོངས་སུ་བཟུང་། །གཉིས་པ་སྟ་གོན་གནས་པ་དང་། ནུབ་གསུམ་པ་ལ་འཇུག་པར་བྱ། །ཞེས་གསུངས་པ་བཞིན་དུ་ཤེས་པར་བྱ་བ་ལས། སའི་ཆོ་ག་དང་། ལྷག་གནས་ཀྱང་ཆོ་ག་གཞན་དང་། དཀྱིལ་འཁོར་འདུ་བྱ་བ་དང་། བསྒྲུབ་ཅིང་མཆོད་པ་ལ་སོགས་པའི་ལས་ཀྱི་རིམ་པའི་ཁོག་དབུབ་རྣམས་ནི་དཀྱིལ་ཆོག་ལས་ཤེས་པའི་དབང་དུ་བྱས་ནས། འདིར་སློབ་མར་དབང་བསྐུར་བའི་ཆོ་ག་ལ། སྦྱོར་བ་སྟ་གོན་གྱི་ཆོ་ག་དང་། དངོས་གཞི་དབང་བསྐུར་བའི་ཆོ་གའོ། །དང་པོ་ནི། ལྷ་དང་བུམ་པ་སྟ་གོན་གྱི་ཆོ་ག་རྫོགས་པའི་རྗེས་ཉིད་དུ་བྱ་བའམ། དངོས་གཞི་དཀྱིལ་འཁོར་བཤམས་བཀོད་ཟིན་ནས་ནང་བར་དཀྱིལ་འཁོར་དུ་འཇུག་པ་བྱེད་རྒྱུའི་ཉིན་སྔ་མའི་དགོང་ཁའི་དུས་སུ་བྱས་ཀྱང་རུང་སྟེ་སྒྲུབ་རྫས་དཀྱིལ་འཁོར་རྣམས་ཡོལ་བས་བསྒྲིབས་ཏེ་མི་མཐོང་བར་བྱས། སློབ་དཔོན་གྱི་ཉེ་ལོགས་སུ་སོ་ཤིང་། ཁྱོར་ཆུ། སྲུང་སྐུད། ཀུ་ཤ །ཚོམ་བུའི་མཎྜལ། སྤོས། མེ་ཏོག །མར་མེ་དྲི་དང་བཅས་པའི་མཆོད་པ་རྣམས་བཤམས་ནས། ཆོ་ག་དངོས་ལ་བཅུ་གཅིག་ལས་དང་པོ་གསོལ་བ་གདབ་པ་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་ནས། ཆོས་བཤད་ཐོན་མོང་བ་སྔོན་དུ་འགྲོ་བས། མཚམས་སྦྱོར་གྱི་ཁྱད་པར། འདི་ནི་སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ་ལས། ཐུགས་ཀྱི་ཏནྟྲ་ཧེ་རུ་ཀ་རོལ་པའི་རྒྱུད་ཀྱི་བྱེ་བྲག་དཔལ་ཁྲག་འཐུང་གི་གལ་པོ་ཆེའི་རྒྱུད་ཀྱི་རྗེས་སུ་འབྲང་བ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་ཉིད་བསྐུར་བ་སྐབས་སུ་བབས་པ་ཡིན་ཞིང་། དབང་དེ་ལའང་སྦྱོར་དངོས་རྗེས་གསུམ་ལས་སྐབས་འདིར་སྦྱོར་བ་སྟ་གོན་གྱི་བྱེ་བྲག་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་སྒྲུབ་པར་བྱེད་པ་ཡིན་པས། དེའི་སླད་དུ་ཐོག་མར་ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་དུས་གསུམ་དང་འབྲེལ་བའི་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་གཅིག་ཏུ་བསྡོམས་ནས་འབུལ་བའི་མོས་འདུན་བགྱིས་ཏེ་ཞིང་ཁམས་འབུལ་མཛོད། ཅེས་བརྗོད་དེ་མཎྜལ་འབུལ། སླར་ཡང་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བས་བཏུད་དེ། སློབ་དཔོན་སངས་རྒྱས་དགོངས་སུ་གསོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །བདག་ནི་འཇུག་པར་འཚལ་ལགས་ན། །མགོན་པོའི་ཐུགས་རྗེས་བཟུང་དུ་གསོལ། །ཞེས་ལན་གསུམ་བརྗོད། གཉིས་པ་སྤྲོ་བ་བསྐྱེད་པ་ནི། ཀྱེ། རིགས་ཀྱི་བུ་དག་ཚུར་གཤེགས་ཤིག །ཁྱེད་ནི་ཐེག་པ་ཆེན་པོའི་རིགས། །གསང་སྔགས་ཟབ་མོའི་སྣོད་ཡིན་པས། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་འདས་པ་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བཞུགས་པའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་པས། །དང་པོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་ཆོས་སྐུ་བརྙེས། །གསང་སྔགས་ལྟ་སྤྱོད་ཟབ་མོ་འདིས། །སྐྱོབ་པ་རྡོ་རྗེ་སེམས་དཔའ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ། །དེ་ནས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་སྤྲོ་བ་བསྐྱེད། གསུམ་པ་རྒྱུད་སྦྱངས་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་དབུལ་ལོ། །ཚེ་རབས་བགྲངས་བའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ཡན་ལག་བརྒྱད་པ་ཚར་གསུམ་གྱིས་རྒྱུན་བཤགས་དང་། ༀ། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །ཞེས་ཤོ་ལོ་ཀ་གཅིག་གིས་ཁྱད་པར་གྱི་སེམས་གཉིས་བསྐྱེད། བཞི་པ་བྱིན་གྱིས་བརླབ་པ་ནི། ས་མ་ཡ་ཨཱ། ཞེས་བརྗོད་པས། སློབ་དཔོན་གྱི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་སྔོན་པོ། དེ་ལས་འོད་ཟེར་རཾ་ཡིག་ཏུ་སྤྲོས་པས་སློབ་མའི་ཉེར་ལེན་གྱི་ཕུང་པོ་སྡིག་སྒྲིབ་བག་ཆགས་དང་བཅས་པ་བསྲེགས་ཤིང་སྦྱངས་ནས། ༀ་ཨཱཿཧཱུཾ་དུ་གྱུར་པ་བདག་གི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གྱུར་ནས་གདན་ལ་འཁོད་པར་གྱུར། དེའི་གནས་གསུམ་དུ་རྡོ་རྗེ་དང་བཅས་པས་བདུད་རྩིའི་ཐིག་ལེ་བྱས་ལ། ཙཀྲ་སཏྭ་ༀ། པདྨ་སཏྭ་ཨཱཿ བཛྲ་སཏྭ་ཧཱུཾ། ཞེས་པས། སྤྱི་བོར་འཁོར་ལོ་ལ་ༀ། མགྲིན་པར་པདྨ་ལ་ཨཱཿ སྙིང་གར་རྡོ་རྗེ་ལ་ཧཱུཾ་གིས་མཚན་པས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །ལྔ་པ་མཆོད་པ་ནི། དེ་ལྟར་བྱིན་གྱིས་བརླབས་པ་དེ་མཆོད་པའི་ཡུལ་དུ་བྱས་ནས། སྤྱི་བོར་མེ་ཏོག །མདུན་དུ་སྤོས་དང་མར་མེ། སྙིང་གར་དྲིའི་བྱུགས་པ་རྣམས་ཀྱིས་མཆོད་ཅིང་གསལ་བར་བསྐྱེད་པར་བྱའོ། །དྲུག་པ་དངོས་གྲུབ་ཀྱི་ལྟས་བརྟག་པ་ནི། བླ་མའི་མདུན་དུ་བ་བྱུང་ལྔས་ཁྲུ་གང་གྲུ་བཞིར་བ་ཀོ་ཙམ་དུ་བྱུགས། དྲི་བཟང་གི་ཆག་ཆག་གདབ། མེ་ཏོག་གི་ཚོམ་བུ་ལྔ་བཀོད་པ་གདོད་ནས་གྲུབ་པའི་རིགས་ལྔའི་རང་བཞིན་དུ་མོས་པ་ལ། ཨུ་དུམྺཱ་ར་དང་ཨ་ཤྭཏྵ་ལ་སོགས་པའི་སོ་ཤིང་སྲིད་དུ་སོར་བཅུ་གཉིས་པ་སྐྱོན་དང་བྲལ་བ་བདུད་རྩིའི་ཆུས་བཀྲུས་ཤིང་རྩེ་མོར་མེ་ཏོག་བཅིངས་པ་འཁྱིལ་བའི་སྔགས་ཀྱིས་བཏབ་ནས་སློབ་མ་ཤར་དུ་ཕྱོགས་པའི་ཐལ་མོའི་བར་དུ། ༀ་བཛྲ་ཛི་ཧ་སཾ་བྷ་ར་པྲ་ཏི་ནི་ཧཱུཾ། ཞེས་པས་བྱིན་ལ། དེས་ཀྱང་། བཛྲ་ཧ་ས་ཏྲཾ། ཞེས་སོ་རྩ་དྲུད་ནས་ཚོམ་བུའི་སྟེང་དུ་དོར་རོ། །རྩེ་མོ་རང་ངམ། བླ་མའམ། ཚོམ་བུ་དབུས་མ་ལ་གཏད་ན་མཆོག་དང་། སྟེང་དུ་རིག་འཛིན། འོག་ཏུ་ས་འོག །ཕྱོགས་བཞིར་ཞི་སོགས་བཞི་དང་། མཚམས་སུ་ཕྲ་མོའི་དངོས་གྲུབ་རྣམས་འགྲུབ་ཅིང་། ཕྱིར་ལྷུང་ན་དངོས་གྲུབ་མི་ཐོབ་པས་བསྐྱར་རོ། །བདུན་པ་ཁྱོར་ཆུ་བླུད་པ་ནི། རྨི་ལམ་གསལ་བར་བྱ་ཕྱིར། པཾ་ལས་བྱུང་བའི་དྲི་བཟང་གི་ཆུ་ༀ་ཨཱཿཧཱུཾ་བཟླས་པ། ༀ་ཧྲིཿ བི་ཤུདྡྷ་དྷརྨཱ་སརྦ་པཱ་པཾ་ནི་ཙཱ་སྱ་བི་ཤྭ་དྷ་ཡ་སརྦ་བི་ཀལྤ་ཨ་པ་ན་ཡ་ཧཱུཾ། ཞེས་བརྗོད་ནས་ཁྱོར་བར་བྱིན་པ་ལན་གསུམ་དུ་འཐུང་ཞིང་ཁ་ལག་ཀྱང་བཀྲུའོ། །བརྒྱད་པ་སྲུང་སྐུད་གདགས་པ་ནི། རྨི་ལམ་གྱི་བར་ཆད་བསྲུང་བའི་ཕྱིར། གཞོན་ནུ་མས་བཀལ་བའི་སྐུད་པ་དམར་པོ་བརྐྱང་བ་ལུས་ཚད་དང་མཉམ་པ་སུམ་བལྟབ་ཏུ་བསྒྲིལ་བ་རྡོ་རྗེའི་མདུད་པ་གསུམ་དང་ལྡན་པ་ལ་ཡེ་ཤེས་ཀྱི་སྲད་བུ་བསྟིམས་ནས་ཕོའི་དཔུང་བ་གཡོན་དང་མོའི་གཡས་པ་ལ་བཅིངས་ཏེ། ༀ་བུདྡྷ་མཻ་ཏྲེ་རཀྵ་རཀྵ་སརྦ་ན་ཧཱུཾ་ཨ་ཧཾ། ཞེས་བརྗོད་ཅིང་ཆུ་དང་བཅས་པའི་རྡོ་རྗེས་རྒྱ་གྲམ་དུ་རེག་ལ། ༀ་བཛྲ་རཀྵ་ཧཾ། ཞེས་རྒྱས་བཏབ་ནས་བསྲུང་བར་བྱའོ། །དགུ་པ་ཀུ་ཤ་གཏད་པ་ནི། རྨི་ལམ་རྣོ་བར་བྱ་ཕྱིར། ཧཱུཾ་བཟླས་པའི་ཀུ་ཤའི་ཆུན་པོ་གཉིས། ༀ་བཛྲ་ཏིཀྵ་ན་ཧཱུཾ། ཞེས་སྔས་དང་སྟན་གྱི་དོན་དུ་བྱིན་ནོ། །བཅུ་པ་ཆོས་བཤད་པ་ནི། སྤྲོ་བ་བརྟན་པར་བྱ་བའི་ཕྱིར། བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །ཞེས་བརྗོད་ནས། མདོར་ན་གསང་སྔགས་ཀྱི་ཚུལ་འདི་ནི་དཀོན་ལ་ཕན་ཡོན་ཆེ་བ་ཡིན་པས་བློ་མ་འགྱུར་བར་ཉམས་སུ་ལེན་པར་གྱིས་ཤིག །ཅེས་བསྒོ། སྤྲོས་པ་ལ་དགའ་ན་དབང་གི་གེགས་བརྒྱད་བཤད་ནའང་སྐབས་སུ་བབ་པར་འགྱུར་རོ། །བཅུ་གཅིག་པ་རྨི་ལམ་བརྟག་ན་ནི། ཁྱེད་རྣམས་དོ་ནུབ་སྔར་གཏད་པའི་ཀུ་ཤའི་སྔས་སྟན་ལ་སེངྒེའི་ཉལ་སྟབས་ཀྱིས་དུས་གསུམ་གྱི་རྣམ་རྟོག་མེད་པར་ཉོལ། ཐུན་གསུམ་གྱི་ཐ་མ་ལ་རྨི་ལམ་མཐོང་བ་གང་ཡིན་པ་ནང་པར་ང་ལ་སྨྲ་བར་གྱིས་ཤིག །ཅེས་གདམས་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུངས་ལ་གཏད་དོ། །དེ་ནས་དཀྱིལ་འཁོར་གྱི་ཡོལ་བ་བསལ་ཏེ། སྟ་གོན་གྱི་ལྷ་ལ་མཆོད་ཅིང་བསྟོད་ནས་སྙན་གསན་ཕབ། ༀ་བཛྲོད་ཏིཥྛ། ཞེས་པས་ནམ་མཁར་བཏེགས་ནས་སླར་ཡང་མཆོད་པར་བྱའོ། །སྔོན་དུ་སྒྲུབ་དཀྱིལ་བཤམས་ཟིན་ན་ནི་འདེགས་མི་དགོས་སོ། །གང་ལྟར་ཡང་། དེ་ནས་ཚོགས་མཆོད་དང་། གཏོར་ཆོག་རྣམས་དང་། བདག་བསྐྱེད་ཀྱི་རྗེས་ཆོག་རྣམས་རྫོགས་པར་བྱས་ནས་ཉལ་བའི་རྣལ་འབྱོར་གྱིས་ཉལ་ཏེ། ནངས་པར་སློབ་མ་རྣམས་རྨི་ལམ་བཟང་ན་སྤྲོ་བ་བསྐྱེད་ཅིང་དགེ་བ་སྤེལ། ངན་ན་ལས་སྔགས་དང་དྲག་པོའི་སྦྱིན་སྲེག་སྦྱང་བ་རྣམས་བྱའོ། །དེ་དག་ནི་ནུབ་གཉིས་པའི་བྱ་བའོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ། དཀྱིལ་འཁོར་འདུ་བྱ་བ་དང་། སྒྲུབ་ཅིང་མཆོད་པ་དང་། བདག་ཉིད་འཇུག་ཅིང་སློབ་མ་ལ་དབང་བསྐུར་བ་དང་བཞི་ལས། དང་པོ་གཉིས་དཀྱིལ་ཆོག་ཏུ་བལྟ་ཞིང་། གསུམ་པ་བདག་ཉིད་འཇུག་པ་ནི། སློབ་དཔོན་དཀྱིལ་འཁོར་གྱི་ནུབ་ནས་ཤར་དུ་ཕྱོགས་ཏེ། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཞེས་སོགས་ཀྱིས་རིག་པའི་མེ་ཏོག་དོར་ནས་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ཏེ་ནུས་ལྡན་དུ་བྱ་བསྒྲུབ་ཐབས་བཞིན་དང་། ༀ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། །ཞེས་པས་སློབ་མ་གཞུག་པར་གསོལ་བ་བཏབ་ནས་གནང་བ་ནོད་པར་བྱའོ། །བཞི་པ་སློབ་མར་དབང་བསྐུར་བ་ལ་གཉིས་ལས། དང་པོ་དཀྱིལ་འཁོར་དུ་འཇུག་པ་ལ་བཅུ་གཉིས་ལས། དང་པོ་སྔོན་འགྲོའི་ཡན་ལག་ནི། སློབ་མ་བྱང་ཆུབ་ལ་ཡིད་ཆེས་པའི་རྟོགས་པས་རྒྱུད་དག་ཅིང་། འཕངས་པ་མེད་པའི་ཡོན་གྱིས་སློོབ་དཔོན་མཉེས་པར་བྱེད་པ་རྣམས། ལས་བུམ་གྱི་ཆུས་ཁྲུས་བྱས། ཕྱག་དང་ཡོན་གྱི་དང་པོ་ཕུལ་ནས་དཀྱིལ་འཁོར་གྱི་ཡོལ་བའི་ཕྱི་རོལ་ཤར་ཕྱོགས་སུ་འཁོད་པ་ལ། བགེགས་བསྐྲད་ནས། འོ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་སློབ་པའི་ཟུང་འཇུག་གི་ངོ་བོ་ཉིད་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་རིན་པོ་ཆེ་གང་ཞིག་ཚེ་འདི་ཉིད་ལ་མངོན་དུ་བསྒྲུབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་དབང་གི་རིམ་པ་རྣམས་ལེགས་པར་ནོད་ནས་ལམ་ཟབ་མོ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་བླང་དོར་མ་འཛོལ་བར་བགྱིས་ཏེ་ལེགས་པར་གསན་འཚལ། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱང་སྤྱིར་བདག་ཅག་གི་སྟོན་པ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་སེམས་ཅན་རྣམས་ཀྱི་ཁམས་དང་། དབང་པོ་དང་། བསམ་པའི་རྗེས་སུ་འགྲོ་བའི་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་ཞིག་བསྐོར་བར་མཛད་པ་ཡིན་ཡང་། རེ་ཞིག་སྤང་གཉེན་གྱི་སྒོ་ནས་བསྡུ་ན། གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པའི་བྱེ་བྲག་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོའང་དེ་སྙེད་ཅིག་ཏུ་གྲངས་ངེས་པ་ཡིན་ཏེ། དེ་སྐད་དུའང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །མདོར་ན་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཀུན། །ཉོན་མོངས་འདུལ་བའི་གཉེན་པོར་གསུངས་པར་ཟད། །ཅེས་གསུངས་པ་ལྟར་རོ། །དེ་ཡང་གཞུང་དང་མན་ངག་ཙམ་གྱི་སྒོ་ནས་བསྡུ་ན། གཞུང་མཚན་ཉིད་ཕར་ཕྱིན་གྱི་ཐེག་པ་དང་། མན་ངག་གསང་ཆེན་རྡོ་རྗེའི་ཐེག་པ་གཉིས་སུ་འདུ་བ་ཡིན་ཏེ། དེ་ཉིད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུངས་པ་ལྟར་ལས། འདིར་སྐབས་སུ་བབས་པ་ནི། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་བཤད་པ་ལྟར་ཁྱད་ཆོས་བཞིའི་སྒོ་ནས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེའི་ཐེག་པ་ཉིད་ཡིན་ཞིང་། དེ་ལས་ཡང་ཤེས་བྱེད་རྒྱུད་སྡེའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་ལྟ་སྤྱོད་ཙམ་གྱི་སྒོ་ནས་བསྡུ་ན། སྤྱོད་པ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་དང་། ལྟ་བ་གཙོ་བོར་སྟོན་པ་རྣལ་འབྱོར་གྱི་རྒྱུད་དེ་གཉིས་སུ་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་འདུ་བ་ལས། འདིར་ཕྱི་མ་སྟེ། དེ་ཡང་རྣལ་འབྱོར་གྱི་རྒྱུད་ཙམ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་གཉིས་སུ་ཡོད་པ་ལ། འདི་ནི་རྣལ་འབྱོར་བླ་ན་མེད་པ་ལ་ནང་གསེས་བསྐྱེད་རྫོགས་རྫོགས་ཆེན་གསུམ་སྟོན་པའི་གཞུང་རྒྱུད་ལུང་མན་ངག་གསུམ་ཡོད་པའི་དང་པོ་རྒྱུད་མ་ཧཱ་ཡོ་ག །དེ་ལའང་བསྐྱེད་རིམ་ཐབས་ཀྱི་ཆ་དང་རྫོགས་རིམ་རླུང་གཙོ་བོར་བྱེད་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་མ་ཧཱ་སྟེ་ཕ་རྒྱུད་གསང་བ་འདུས་པ་ལ་སོགས་པ་དང་། བསྐྱེད་རིམ་གྱི་སྤྲོས་པ་ཤས་ཆུང་ཞིང་ཤེས་རབ་རྫོགས་པའི་རིམ་པ་ཁམས་བྱང་ཆུབ་ཀྱི་སེམས་ཐིག་ལེ་གཙོ་བོར་བྱེད་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཚུལ་དུ་ཉམས་སུ་ལེན་པ་མ་ཧཱའི་ཨ་ནུ་སྟེ་མ་རྒྱུད་སངས་རྒྱས་མཉམ་སྦྱོར་དང་དཔལ་ཡང་དག་ལ་སོགས་པ་དང་། བསྐྱེད་རྫོགས་ཟུང་དུ་འཇུག་ཅིང་དེའང་རྫོགས་རིམ་རྩ་ཐིག་རླུང་གསུམ་ལས་བསྐྱེད་པའི་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཁྱད་པར་འོད་གསལ་ཡེ་ཤེས་ཆེན་པོ་ལ་གཙོ་བོར་བྱེད་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་ཨ་ཏི་སྟེ་གཉིས་མེད་ཀྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་ལས། འདིར་སྔ་འགྱུར་བཀའ་མའི་བཀའ་སྲོལ། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ་ལས། ཐུགས་ཀྱི་ཏནྟྲ་ཧེ་རུ་ཀ་རོལ་པའི་རྒྱུད་ཀྱི་བྱེ་བྲག་དཔལ་ཁྲག་འཐུང་གི་གལ་པོ་ཆེའི་རྒྱུད་ཀྱི་རྗེས་སུ་འབྲངས་བ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེ་ལ་དབང་གི་ངོ་བོ་ནི། རྒྱུ་གཉིས་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས། རྒྱུད་ཀྱི་དྲི་མ་བྱང་བའམ་ཉམས་སྨད་པར་བྱས་ཤིང་། ཐར་བའི་མྱུ་གུ་མངོན་དུ་སྐྱེས་པའམ། སྐྱེ་ངེས་ཀྱི་ས་བོན་ཁྱད་པར་ཅན་གསོས་ཐེབས་པས་ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་མཐུ་ཅན་དུ་སྨིན་པར་བྱས་པ་སྟེ། ས་བོན་གསོས་ཐེབས་པའི་ཆ་དེ་སྔགས་ཀྱི་སྡོམ་པའང་ཡིན་ལ། དམ་ཚིག་ཀྱང་ཡིན་ནོ། །ངེས་ཚིག་ནི་ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན། མངོན་པར་གཏོར་བས་ན་དབང་སྟེ། སྦྱང་བྱ་སྒོ་གསུམ་གྱི་དྲི་མ་གཏོར་ཞིང་འཁྲུད་པར་བྱེད་པའི་ཕྱིར། ཡང་མངོན་པར་བླུགས་པས་ན་དབང་སྟེ། ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ཕྱིར། དེ་ལྟར་ཡང་བརྟག་གཉིས་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས། དབྱེ་ན་ཕྱི་ཡི་དབང་དང་། ནང་གི་དབང་དང་། གསང་བའི་དབང་དང་། རྫོགས་པའི་དབང་སྟེ་བཞིའོ། །དེ་ཡང་དབང་བསྐུར་བ་ནི་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ལ། དེ་ལའང་རྡོ་རྗེ་རྩེ་མོ་ལས། སེམས་ཅན་ཤིན་ཏུ་གདུལ་དཀའ་གང་། །སྡོམ་པ་འཛིན་པར་མི་བྱེད་ཅིང་། །དད་དང་ལྡན་པ་མེད་པ་ཡང་། །འཇུག་པ་ཉིད་ནི་དགག་མི་བྱ། །ཞེས་པས་རེ་ཞིག་དབང་གི་སྣོད་དུ་མ་གྱུར་པའི་གང་ཟག་ཡིན་ནའང་། དཀྱིལ་འཁོར་དུ་བཅུག་པ་ཙམ་ལ་འགལ་བ་མེད་པར་གསུངས་མོད། དཀྱིལ་འཁོར་དུ་མ་བཅུག་པ་ལ་དབང་བསྐུར་བ་ནི་ནམ་དུའང་མི་རུང་སྟེ། ཇི་སྐད་དུ། དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་མ་སྨྲ་ཞིག་ཅེས་གསུངས་པའི་ཕྱིར། དེས་ན། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་གཞུག་པར་བྱ། །ཞེས་གསུངས་པ་ལྟར་སྟ་གོན་དུ་གནས་པ་ཡན་ཆད་སོང་ནས། དངོས་གཞི་ལ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ཡོད་པ་ལས། སློབ་དཔོན་གྱི་བགྱི་འོས་དཀྱིལ་འཁོར་བཞེངས་པ། བསྒྲུབ་ཅིང་མཆོད་པ། བདག་ཉིད་དཀྱིལ་འཁོར་དུ་རིག་པས་འཇུག་པ་རྣམས་ཆད་ལྷག་མེད་པར་སྔོན་དུ་གྲུབ། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་དབང་ནོད་པའི་བྱ་བ་གཉིས་ལས། འདིར་འཇུག་པའི་ཡན་ལག་ཁྲུས་དང་བགེགས་བསལ་བ་སྔོན་དུ་སོང་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ། མཎྜལ་ཕུལ་མཛོད། ཅེས་བརྗོད་དོ། །དེ་ནས་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བཏབ་པའི་སྟོད་གཡོགས་དང་སྨད་དཀྲིས་བགོ་བའམ། མེད་ཀྱང་རུང་སྟེ། རིགས་ཀྱི་ཁ་དོག་ཅན་གྱི་དར་རམ་རས་སྒོ་སྲུང་གི་སྔགས་སམ་ཨ་ཁཾ་ཝི་ར་ཧཱུཾ་གིས་བསྔགས་པས་མིག་བཀབ། རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ། ༀ་པྲ་བེ་ཤ་ཧཱུཾ། ཞེས་ལག་ཏུ་གཏད། གཉིས་པ་གསོལ་བ་གདབ་པ་ནི། སྔགས་ཀྱི་དངོས་གྲུབ་ལ་རྩེ་གཅིག་ཏུ་མོས་པས་ཐལ་མོ་སྦྱར་བ་བཏུད་དེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་བགྱིས་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་ལན་གསུམ་གྱི་གསོལ་བ་གདབ། གསུམ་པ་སྤྲོ་བ་དྲི་བ་ནི། སློབ་དཔོན་གྱིས། ཁྱོད་ནི་དགའ་བ་ཅི་ལ་དད། །ཅེས་དྲི། སློབ་མས། བདག་ནི་སྐལ་བཟང་བདེ་ཆེན་ལ། །རབ་དགྱེས་འཕྲུལ་ལ་བདག་དགའ་སྟེ། །མཆོག་ཏུ་དགའ་ལ་བདག་དགའོ། །ཞེས་ལན་བཏབ། བཞི་པ་ནང་དུ་དྲང་བ་ནི། སློབ་མ་ལ་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཛིན་དུ་བཅུག་སྟེ། བུ་འདིར་ཤོག་ཅིག་ཅི་བདེ་བའི། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ལ། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤང་བའི་དང་ཡིད་ཀྱིས། །གཏོར་ཞིང་རང་སེམས་བརྟན་པོར་བཟུང་། །ཡང་དག་གྲུབ་པའི་རྫོགས་དབང་སྦྱིན། །ཞེས་དཀྱིལ་འཁོར་གྱི་ནང་དུ་དྲངས་པར་མོས་ཏེ་ཡོལ་བ་བསལ། ལྔ་པ་ཕྱག་བྱ་བ་ནི། རྡོ་རྗེ་རྣལ་འབྱོར་མཆོག་གི་ལྷ། །འགྲོ་དྲུག་བདྲེན་པའི་དཔལ་ལགས་པས། །རིན་ཆེན་ཅན་ལ་ཕྱག་བཙལ་ཏེ། །བྱམས་མགོན་ཁྱོད་ལ་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་ཕྱག་བྱ། དྲུག་པ་རྒྱུན་བཤགས་བྱ་བ་ནི། མེ་ཏོག་དང་བཅས་པའི་ཐལ་མོ་སྙི་གར་སྦྱར་ཏེ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་སམ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་ཡི་རང་ངོ་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །དགེ་བ་ཀུན་ལ་རྗེས་སུ་སྨོན། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་གྱིས་རྒྱུན་བཤགས་བྱ། བདུན་པ་བྱིན་གྱིས་བརླབ་པ་ནི། སློབ་མའི་སྙིང་གར་མ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་དགུ་པ་ཧཱུཾ་ཡིག་བསྐལ་པའི་མེ་ལྟར་འབར་བས་མཚན་པ་ལས་འོད་འཕྲོས། ཉེ་བར་ལེན་པའི་ཟག་བཅས་ཀྱི་ཕུང་པོ་ཡེ་ཤེས་ཀྱི་འོད་ཟེར་གྱིས་བསྲེགས། རྣམ་ཤེས་སྐད་ཅིག་མའི་རྒྱུན་མར་མེ་ལྟར་གནས་པ་ལ། སློབ་དཔོན་གྱིས་གསང་སྔགས་བརྗོད་བཞིན་དུ་སྤྲོས་ཏེ་བསྟིམས་པས་དཔལ་ཁྲག་འཐུང་ཆེན་པོ་ཡུམ་དང་བཅས་པའི་སྐུར་གྱུར་ནས་སྙོམས་པར་ཞུགས་པའི་བྱང་སེམས་ཨ་ཡིག་དམར་པོ་ཟླ་བ་ལྟར་གང་བ་ཟུང་དུ་གྱུར་པའི་འོད་ཀྱིས་ལུས་ཀྱི་ཉེས་པ་ཐམས་ཅད་ཡོངས་སུ་དག་པར་བསམ་ལ། ལས་བུམ་གྱི་ཆུས་བསང་བར་བྱའོ། །བརྒྱད་པ་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་སྟེ། རིགས་ཀྱི་བུ། ངེས་དེང་ཁྱོད་དེ་བཞིན་གཤེགས་པའི་རིགས་སུ་བསྐྱེད་ཅིང་། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་གནས་པར་བྱས་ཟིན་པས། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང་ཐོབ་པར་གྱུར་ཟིན་ན་ཐུན་མོང་གི་དངོས་གྲུབ་ཕལ་པ་ཐོབ་པར་ལྟ་སྨོས་ཀྱང་ཅི་དགོས་པས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་སུ་ལ་ཡང་མ་སྨྲ་ཞིག །གལ་ཏེ་སྨྲས་ན་ཁྱོད་དམ་ཚིག་འགལ་བར་འགྱུར་རོ། །ཞེས་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག །དུང་ཆེན་བདུད་རྩིས་གང་བ་བཟུང་ནས་རྡོ་རྗེ་སྙིང་གར་བཞག་སྟེ། རྡོ་རྗེ་སེམས་དཔའ་བདག་ཉིད་ནི། །ཁྱོད་ཀྱི་སྙིང་ལ་རབ་ཏུ་གནས། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །རྡོ་རྗེ་ཡེ་ཤེས་འོད་ཟེར་གྱིས། །བསད་ནས་སེམས་ཅན་དམྱལ་བར་སྐྱེ། །ཀྱཻ། འདི་ནི་དམྱལ་བའི་ཆུ་ཡིན་ཏེ། །ཁྱོད་ཀྱི་སྙིང་ལ་ཀུན་ཏུ་གནས། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །གཞན་དུ་དམ་ཚིག་མི་འགྱུར་ཏེ། །དངོས་གྲུབ་ཉིད་དུའང་མི་འགྱུར་རོ། །སྔགས་རྣམས་ཀུན་གྱི་དམ་ཚིག་ནི། །རྒྱལ་བ་རྣམས་ཀྱང་མི་འདའོ། །ཞེས་ཉེས་དམིགས་ཀྱིི་སྒོ་ནས་དམ་ལ་བཞག །དུང་ཆེན་གྱི་བདུད་རྩི་བླུད་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ། །རྡོ་རྗེ་བདུད་རྩིའི་ཆུ་འདི་འཐུང་། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། ༀ་ཨི་དནྟེ་ན་ར་ཀན་སརྦ་པ་ཏི་ཧྲི་ད་ཡ་ཧཱུཾ་ཧྲཱིཿཋཱ། ཞེས་ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག །སེམས་དཔའ་རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་བཞག་ནས། རིགས་ཀྱི་བུ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། །ཕྱིན་ཆད་ངས་ཇི་ལྟར་སྨྲས་པ་དེ་བཞིན་དུ་བྱོས་ཤིག །ངའི་བཀའ་ལས་འདས་བར་མ་བྱེད་ཅིག །གལ་ཏེ་འདས་ན་ཁྱོད་དུས་མ་ཡིན་པར་འཆི་བའི་དུས་བྱས་ནས་དམྱལ་བར་སྐྱེ་བར་འགྱུར་ཏ་རེ། ཞེས་བཀའ་གཉན་པའི་སྒོ་ན ས་དམ་ལ་བཞག་གོ། །དགུ་པ་ཡེ་ཤེས་དབབ་པ་ནི། སློབ་མས་མཎྜལ་ཕུལ་ཏེ། བདག་ལ་རྡོ་རྗེ་ཁྲག་འཐུང་ཆེན་པོ་དབབ་པར་མཛད་དུ་གསོལ། །ཞེས་གསོལ། སློབ་དཔོན་གྱི་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་དེའི་སྙིང་གར་བཅིངས་ཏེ། འདི་ནི་དམ་ཚིག་ཁྲོ་བོ་སྟེ། །རྡོ་རྗེ་ཁྲང་འཐུང་ཞེས་སུ་འདོད། །བླ་མེད་ཡེ་ཤེས་རྡོ་རྗེ་ལྷ། །ཁྱོད་ལ་དེ་རིང་དབབ་པར་བྱ། །ཞེས་བརྗོད་ནས། སློབ་མ་ལུས་དྲང་པོར་བསྲངས་ཏེ་གནས་པའི་སྙིང་གར་མ་ལས་ཉི་མའི་དཀྱིལ་འཁོར་བསྐལ་པའི་མེ་ལྟར་འབར་བའི་སྟེང་དུ་ཧཱུཾ་ལས་ཁྲོ་བོ་རྡོ་རྗེ་ཧཱུཾ་གིས་མཚན་པར་བསམ་ནས། གཡོན་པའི་ཁུ་ཚུར་ཁ་སྦུབ་པའི་སྲིན་ལག་གཡས་པའི་མཛུབ་མོས་དྲངས་པ་རྡོ་རྗེ་དབབ་པའི་རྒྱ་བཅིངས་ཏེ། ༀ་བཛྲ་ཨ་བེ་ཤ་ཡ་ཨ་ཨ། ཞེས་བརྗོད་པས་དཔལ་ཆེན་པོ་ཧེ་རུ་ཀ་སྐུ་མདོག་དང་ཆ་ལུགས་ཇི་ལྟ་བ་བཞིན་སད་པར་གྱུར་པ་ལ། བླ་མའི་སྙིང་གའི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཁ་ཆར་བུ་ཡུག་འཚུབས་པ་བཞིན་སྤྱན་དྲངས་ཏེ་སློབ་མའི་སྙིང་གར་ཐིམ་པར་བསམ་ཞིང་། སྤོས་ཆེན་གྱིས་བདུག །ཌཱ་དྲིལ་སོགས་རོལ་མོ་སྣ་ཚོགས་པའི་སྒྲ་དང་སྦྱར་ཏེ། རུ་ལུའི་མཐར་ཡེ་ཤེས་དབབ་པའི་སྔགས་བཏགས་པ་དྲག་ཏུ་བཟླའོ། །བབས་པའི་རྟགས་ལུས་འཕར་ཞིང་གཡོ་བ་དང་། སྔགས་བརྗོད་པ་དང་། མངོན་པར་ཤེས་པ་འཆར་བ་ལ་སོགས་པ་འབྱུང་ཞིང་། དེ་ཉིད་བརྟག་པར་བྱས་ནས་སྣང་བ་དྲིས་ཏེ་ལུང་བསྟན་པར་བྱའོ། །བཅུ་པ་མེ་ཏོག་འབུལ་བ་ནི། སྔོན་ཚེ་ཚེ་རབས་གྲངས་མེད་ནས། །དགེ་བའི་ལས་ཀྱིས་བསྟེན་པའི་ལྷ། །ལྷག་པའི་ལྷ་ནི་གང་ཡིན་པར། །ད་ལྟ་ཉིད་དུ་འབབ་པར་ཤོག །ༀ་བཛྲ་པྲ་ཏི་གྲྀ་ཧྣ་ཧཱུཾ། ༀ་བཛྲ་པྲ་ཏཱིཙྪ། བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་ནས་དཀྱིལ་འཁོར་དུ་མེ་ཏོག་དོར་ཞིང་། ལྷ་གང་ལ་བབས་པ་དེ་ཡི་དམ་དུ་བྱིན་ནས། མེ་ཏོག་དེ་ཉིད་ལྷ་དེའི་སྔགས་དང་། ༀ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཾ། ཞེས་པས་མགོ་བོར་བཅིངས་ནས་ལྷ་དེ་སློབ་མ་ལ་དབྱེར་མེད་དུ་བསྟིམ། བཅུ་གཅིག་པ་མིག་དབྱེ་བ་ནི། ཡི་གེ་བྲིས་བྱིན་གྱིས་བརླབས་པའི་གསེར་གྱི་ཐུར་མ་བཟུང་ལ། སློབ་མའི་མིག་གཉིས་ལ་ཡང་ཡི་གེ་པྲ་བསམ་ནས། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །གསེར་གྱི་ཐུར་མ་ཐོགས་ནས་ནི། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་མི་ཤེས་རྨོངས་པ་ཡི། །ལིང་ཐོག་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ནི་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲི། ཤེས་བྱའི་སྒྲིབ་པ་བསལ་ནས་ཤེས་རབ་ཀྱི་མིག་ཐོབ་པར་བསམ་ཞིང་། ༀ་བཛྲ་ཙཀྵུ་ཀ་མ་ལ་སརྦ་སུ་ར་ཏ་སྟྭཾ། ཞེས་བརྗོད་ཅིང་གདོང་གཡོགས་བཀྲོལ། བཅུ་གཉིས་པ་མཐོང་བ་བསྟན་པ་ནི། སློབ་མའི་མིག་གཉིས་ལ་རྡོ་རྗེ་བསམ་ནས། དེ་རིང་རིགས་ཀྱི་བུ་ཁྱོད་ཀྱི། །རྩོལ་བའི་སེམས་སྟོབས་མ་ཆུང་བར། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཡེ་ཤེས་དཀྱིལ་འཁོར་གཟུགས་བརྙན་ནི། །ཀུན་རྫོབ་གཟུགས་སུ་བསྟན་པ་ཡིན། །འདི་ལ་དད་པ་རབ་ཏུ་བསྐྱེད། །རྩེ་གཅིག་ཡིད་ཀྱིས་གནས་བགྱིས་ལ། །སེམས་ནི་གཞན་དུ་མ་ཡེངས་ན། །དངོས་གྲུབ་གཞན་དུ་མི་འགྱུར་ཏེ། །འོན་ཀྱང་སངས་རྒྱས་རིགས་སུ་སྐྱེ། །སངས་རྒྱས་དངོས་སུ་ད་གྱུར་ཏེ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འབྱོར་པ་ཐམས་ཅད་མངོན་དུ་གྱུར། །རྟེན་དང་དགོས་གྲུབ་ཐམས་ཅད་ཀྱང་། །ཁྱོད་ལ་མངོན་དུ་ཕྱོགས་འགྱུར་བས། །དངོས་གྲུབ་བསྒྲུབ་ཕྱིར་དམ་ཚིག་སྲུངས། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་དང་། རིགས་ཀྱི་བུ་ཉོན་ཅིག །གཞལ་ཡས་ཁང་འདི་ནི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་ལས་གྲུབ་པ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པའི་རྟགས་སུ་གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་ལ་སོགས་པ་གཞལ་ཡས་ཁང་གི་ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པར་སྣང་བའོ། །ཁྱད་པར་སྐུ་གསུང་ཐུགས་དང་ལྡན་པས་ཐོད་པའི་ཕྲེང་བ། ཐབས་ཤེས་དབྱེར་མེད་པས་ཉི་ཟླ། །ཡེ་ཤེས་བཞིའི་དོན་རྟོགས་ཤིང་བྱང་ཆུབ་ཀྱི་སེམས་ཉོན་མོངས་པ་དང་བག་ཆགས་ཀྱིས་མ་གོས་པར་ཟླ་གམ་དང་། ཐུགས་རྗེས་ཐམས་ཅད་ཁྱབ་པས་རིན་པོ་ཆེའི་བླ་རེ་དང་། འདོད་ཡོན་ལྔ་ལ་སྤྱོད་པས་ན་བཟའ་སྣ་ཚོགས་དང་། ཆེ་བའི་ཡོན་ཏན་དང་ཐུགས་རྗེ་རྒྱུན་མི་འཆད་པས་ཕྲེང་བས་ཀྱང་བརྒྱན་པའོ། །དཀྱིལ་འཁོར་པདྨ་ཞེས་གསུངས་ཏེ། །མཆོག་ནི་ཡིད་ཀྱི་དཀྱིལ་འཁོར་རོ། །གཞལ་ཡས་ཁང་བརྩེགས་ཡེ་ཤེས་ཏེ། །འཁོར་འདས་མཉམ་པ་གྲུ་བཞིའི་དབྱིབས། །སྒོ་བཞི་དྲན་པ་ཉེར་བཞག་བཞི། །རྣམ་ཐར་བརྒྱད་ལྡན་རྟ་བབས་སོ། །རིན་ཆེན་སྒོ་སྟེ་ཐུགས་རྗེའི་དང་། །ཡང་དག་སྤོང་བཞི་ཏ་ར་ཎ། །དྲན་པ་ཉེར་བཞག་སྒོ་ཁྱུད་དང་། །རྫུ་འཕྲུལ་རྐང་བཞིའི་སྒོ་ཁྱམས་ལྡན། །ཕྲེང་བ་བྱང་ཆུབ་ཡན་ལག་བདུན། །འཕགས་ལམ་བརྒྱད་ཀྱི་ཀ་བརྒྱད་མཛེས། །ལམ་གྱི་ཡེ་ཤེས་རྔ་ཡབ་དང་། །ཉོན་མོངས་གཅོད་འཛེམས་མུ་ཏིག་ཕྲེང་། །དྲིལ་བུ་འཕན་དག་རླུང་བསྐྱོད་པ། །ཤེས་རབ་ཆོས་སྒྲ་སྒྲོགས་པ་དང་། །ཆེ་བའི་ཡོན་ཏན་འདུས་པའི་རྟགས། །བདུད་བཞི་འཇོམས་པའི་རྒྱལ་མཚན་དང་། །རྟེན་འབྲེལ་མཚན་པའི་མེ་ལོང་དང་། །ཡེ་ཤེས་ལྔ་ཡི་ཚོན་རྩི་དང་། །ཐོད་ཕྲེང་སྐུ་གསུམ་ཐོབ་པའི་རྟགས། །གཞལ་ཡས་ཁང་མཆོག་བརྒྱན་པའོ། །དེ་ལྟར་རྒྱུ་འབྲས་རྣམ་པར་དག་པའི་རང་བཞིན་གནས་ཀྱི་དཀྱིལ་འཁོར་བསྟན་ནས། ད་ནི་དེ་ལ་བཞུགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་བསྟན་པར་བྱ་སྟེ། དེ་ཡང་ཡེ་ཤེས་ཆེན་པོ་ལྔའི་བདག་ཉིད་ཕུང་པོ་ལྔ་གནས་འགྱུར་ནས་ཐོབ་པའི་སྐུ་ནི་དེ་བཞིན་གཤེགས་པ་རིགས་ལྔར་སྣང་བ་ལས། སེམས་ཅན་ཉོན་མོངས་པ་ལྔའི་མུར་ཐུག་པ། ཞི་བས་འདུལ་བར་མི་སྤྱོད་པ། གདུག་ཅིང་གཏུམ་པ་རྣམས་འདུལ་བའི་ཕྱིར་ཧེ་རུ་ཀ་རིགས་ལྔར་བཞེངས་པ་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་དཔལ་ཁྲག་འཐུང་གི་དཀྱིལ་འཁོར་མཐའ་ཡས་པར་བསྟན་པ་ནི། འབར་བ་ཆེན་པོའི་གར་དགུ་དང་། ཁྲོ་ཚུལ་དྲུག་ཅུ་རྩ་བཞི་དང་ལྡན་པ། ཐུན་མོང་དང་། ཕྱག་གདུབ་སོགས། ཁྱད་པར་དང་། ཐོད་སྐམ་ཉི་ཟླ་སོགས། རྨད་དུ་མཚན་མ་གསུམ་སོགས། བྱུང་བའི་ཆོས་རྣམ་པ་གསུམ་གྱིས་བརྒྱན་པ་སྐུ་མདོག་དང་། ཕྱག་མཚན་དང་། རྒྱན་དང་ཆ་ལུགས་རྣམས་ཅིར་ཡང་སྣང་བ་ལས། འདིར་ནི་རིགས་ཀྱི་དབང་གི་དབུ་གསུམ་ཕྱག་དྲུག་པར་བསྟན་པ་སྟེ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་ཞལ་དཀར་པོ་འཛུམ་པ། གཡོན་ཞལ་དམར་པོ་གཤེ་བ། དབུས་ཞལ་མཐིང་ནག་ཁྲོས་པའི་ཉམས་ཅན། ཉི་ཟླ་འབར་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འདྲིལ་ལ་ཕཊ་ཀྱི་རྐན་སྒྲ་སྡེབ་ཅིང་ཤངས་ནས་ཧཱུཾ་སྒྲ་འབྱིན་པ། སྨིན་མཚམས་ནས་ཁྲོ་གཉེར་གཡོ་བ། སྨ་ར་དང་སྨིན་མའི་གློག་འོད་འཁྱུག་ཅིང་། རལ་པ་ཁམ་ནག་གྱེན་དུ་འབར་བ། ཉི་མ་བྱེ་བའི་གཟི་མདངས་ཅན། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུས་རྒྱས་པ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་དང་དྲིལ་བུ། བར་པ་གཉིས་ཀྱི་ཁ་ཊྭཱཾ་ཀ་དང་ཐོད་པ་ཁྲག་གིས་གང་བ། ཐ་མ་གཉིས་ཀྱིས་ཐོད་པའི་རྔེའུ་ཆུང་དང་། རྒྱུ་མའི་ཞགས་པ་བསྣམས་པ། ཞབས་བཞི་གཡོན་བརྐྱང་བའི་སྟབས་ཀྱི་རོལ་པ། ཐོད་སྐམ་ལྔའི་དབུ་རྒྱན་ཅན། ཐོད་རློན་གྱི་དོ་ཤལ་དང་། ཐོད་ཚལ་སྦྲུལ་རྒྱན་དང་བཅས་པ། ཞིང་ལྤགས་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ། ཁྲག་ཞག་ཐལ་བའི་མཚན་མ་སོགས་དུར་ཁྲོད་ཆེན་པོའི་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་སྔོ་སྐྱ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་དུང་ཁྲག་སྟོབ་པ། གཅེར་བུ་ལང་ཚོ་རྒྱས་པའི་འཇོ་སྒེག་ཅན། ཞབས་གཡས་བརྐྱང་བའི་རོལ་པས་ཡབ་དང་གཉིས་སུ་མེད་པར་སྦྱོར་བ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་ཞིང་འཁྲུག་པའི་དབུས་ན་བཞུགས་པའོ། །འདིའི་ཡེ་ཤེས་ཀྱི་རང་རྩལ་འཁོར་གྱི་ཁྲོ་མོ་བརྒྱད་དུ་ཤར་བ་ནི། ཤར་དུ་དཀར་མོ་མཐིང་ཀ་གཡས་ཞིང་དབྱུག་འཕྱར་ཞིང་། གཡོན་བྷན་དམར་འཛིན་པ། ལྷོར་རྐུན་མོ་སེར་མོ་མདའ་གཞུ་འགེངས་པའི་རྩེ་མོ་གཙོ་བོའི་ཐུགས་ཀར་གཏོད་པ། ནུབ་ཏུ་སྤོས་མོ་དམར་མོ་གཡས་ཆུ་སྲིན་གྱི་རྒྱལ་མཚན་དང་གཡོན་བྷན་དམར་འཛིན་པ། བྱང་དུ་རྨོངས་མོ་མཐིང་ནག་གཡས་རྡོ་རྗེ་རྒྱ་གྲམ་འཕྱར་ཞིང་། གཡོན་ཞིང་ཆུང་གི་དབྱུག་པ་གཡོབ་པ། ཤར་ལྷོར་རྒན་བྱེད་མ་དམར་སེར་གཡོན་ཞིང་ཆུང་བཟུང་བའི་རྒྱུ་མ་གཡས་པས་འདྲེན་ཅིང་སྟོབ་པ། ལྷོ་ནུབ་ཏུ་ཐལ་བྱེད་མ་ལྗང་ནག་གཡས་པའི་རྡོ་རྗེས་གཡོན་གྱི་དུང་ཁྲག་དཀྲུག་ཅིང་གསོལ་བ། ནུབ་བྱང་དུ་མ་ཚོགས་མ་མཐིང་ནག་ཕྱག་གཉིས་ཀྱིས་ཞིང་བཟུང་ནས་སྙིང་ཟ་བ། བྱང་ཤར་དུ་དུར་ཁྲོད་མ་སེར་སྐྱ་གཡོན་ཞིང་ཆུང་བཟུང་བའི་མགོ་བོ་གཡས་པས་བཅད་ནས་ཟ་བ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས་པ། སྐྲ་སེར་པོ་འབར་བ། གཅེར་བུ་དུར་ཁྲོད་རོལ་པའི་ཆས་ཅན་གཡོན་བརྐྱང་བའི་སྟབས་ཀྱིས་ཞིང་གི་སྟན་ལ་རོལ་པའོ། །དེ་ལྟར་སྐུ་ཕྱག་རྒྱའི་མཚན་ཉིད་ཐ་དད་པར་སྣང་ཡང་། ཡེ་ཤེས་དང་རང་བཞིན་གཞན་དུ་འགྱུར་བ་མེད་ཅིང་། ཆོས་ཀྱི་སྐུ་ལས་གཡོ་བ་མེད་པར་ཤེས་པར་བྱའོ། །དེ་ཡང་། ཡུལ་ཅན་ཡེ་ཤེས་འདུས་པའི་ངོ་བོ་ནི་ཤྲཱི་ཧེ་རུ་ཀའོ། །ཡུལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ནི་ཡུམ་ཀྲོ་དྷཱི་ཤྭ་རཱི་མའོ། །རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོ་ནི་གོ་རཱི་མ་ཁྲོ་མོ་བརྒྱད་དོ། །དེའི་ཡུལ་ལ་སོགས་པ་ནི་སེངྷ་ཕྲ་མེན་བརྒྱད་དོ། །རྒྱན་གྱི་ལྷ་མོ་དང་དབང་ཕྱུག་མ་ལ་སོགས་པ་དེ་དག་གི་བྱིན་རླབས་ཀྱི་ཆོ་འཕྲུལ་ཤར་བའོ། །དེ་རྣམས་རྣམ་པ་ཐ་དད་པར་སྣང་ཡང་། དོན་དབྱིངས་དང་ཡེ་ཤེས་ལས་མི་གཡོ་བ་ནི་དོན་དམ་པའི་བདེན་པའོ། །རྟགས་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་སྣང་བ་ནི་ཀུན་རྫོབ་བདེན་པའི་ཚུལ་དུ་སྣང་བའོ། །ཞེས་སོགས་རྒྱས་བསྡུས་སྐབས་དང་འཚམས་པར་འཆད་ཅིང་། གཞན་དུ་འདིར་རྟེན་དང་བརྟེན་པའི་རྣམ་པ་ཙམ་བསྟན་ནས་དེ་ཉིད་བརྗོད་པ་གདོད་དབང་བསྐུར་ནས་བྱའོ་ཞེས་བཤད་ཀྱང་མཐའ་གཅིག་ཏུ་མ་ངེས་སོ། །དེ་དག་ནི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །གཉིས་པ་དབང་བསྐུར་བ་དངོས་ལ། ཕྱིའི་དབང་དང་། ནང་གི་དབང་དང་། གསང་བའི་དབང་དང་། རྫོགས་པའི་དབང་དང་བཞི་ལས། དང་པོ་ལ་སྔོན་འགྲོའི་ཡན་ལག་དང་། དངོས་གཞིའི་དབང་གཉིས་ལས་དང་པོ་ནི། མཎྜལ་ཕུལ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བས་བཏུད་དེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ཀྱིས། །ཇི་ལྟར་མཆོད་ཆེན་བགྱིས་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པ་ལ། སློབ་དཔོན་གྱིས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་ཕན་ཡོན་གྱི་སྤྲོ་བ་བསྐྱེད་ནས། རང་བཞིན་ལྷུན་གྲུབ་ཀྱི་རྒྱལ་བ་ནམ་མཁའི་དབྱིངས་གང་བར་བཞུགས་པ་ལ། བཅོམ་ལྡན་འདས་ཡེ་ཤེས་ཀྱི་གཙོ་བོ་རྣམས་ཀྱིས་བདག་དང་སློབ་མར་བཅས་པ་ལ་ཡེ་ཤེས་བླ་ན་མེད་པའི་དབང་བསྐུར་དུ་གསོལ། ཞེས་སློབ་དཔོན་གྱིས་ནམ་མཁའི་ལྷ་ལ་གསོལ་བ་བཏབ་པས། དེ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་བ་དན་ལ་སོགས་པས་ཕྱོགས་ཀུན་ཁྱབ་པར་བྲེས། དུང་དང་རྔ་བོ་ཆེ་དང་རྒྱུད་མངས་ལ་སོགས་པ་རོལ་མོ་སྣ་ཚོགས་སྙན་པར་བསྒྲགས། བཀྲ་ཤིས་པའི་གླུ་དབྱངས་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་བསམ་མོ། །གཉིས་པ་དབང་དངོས་ལ་བཅུ་བདུན་ལས། དང་པོ་སྐུ་གསུང་ཐུགས་རྡོ་རྗེར་དབང་བསྐུར་བ་ནི། སློབ་མའི་སྤྱི་མགྲིན་སྙིང་གར་ཟླ་བ་པདྨ་ཉི་མ་ལ་གནས་པའི་ༀ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་རྣམས་འོད་འབར་བར་བསམ་ལ། ༀ་བུདྡྷ་བཻ་རོ་ཙ་ན་ༀ། ཞེས་བརྗོད་པས། ༀ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་རང་འདྲའི་སྤྱན་མ་དང་སྦྱོར་བ། དེ་ལས་རྣམ་སྣང་ཡབ་ཡུམ་དཔག་མེད་སྤྲོས་ནམ་མཁའ་གང་བར་བཞུགས་པ་ལ། དཔལ་ལྡན་རྡོ་རྗེའི་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་སྐུ་ཡིར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། ནམ་མཁའི་རྣམ་སྣང་ཡབ་ཡུམ་སྤྱི་བོར་རྣམ་སྣང་ལ་ཐིམ། དེ་ལས་འོད་ཟེར་བྱུང་བས་ལུས་ཐམས་ཅད་ཁྱབ། ལུས་ཀྱི་བག་ཆགས་བྱང་ཞིང་དག་ནས་མཚན་དཔེས་བརྒྱན་པའི་ཡེ་ཤེས་ཀྱི་སྐུ་གྱུར་པར་བསམ་ཞིང་། ༀ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་སྐུ་ཡིར་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། སྐུ་རྡོ་རྗེར་དབང་ཐོབ་པར་བསམ་མོ། །མགྲིན་པའི་ཨཱཿལ་དམིགས་ཏེ། ཨ་མི་དེ་ཝ་ཧྲཱིཿ ཞེས་བརྗོད་པས། ཨཱཿལས་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་རང་འདྲའི་གོས་དཀར་མོ་དང་སྦྱོར་བ། དེ་ལས་སྣང་བ་མཐའ་ཡས་ཡབ་ཡུམ་དཔག་མེད་སྤྲོས་ནམ་མཁའ་གང་བར་བཞུགས་པ་ལ། ཨཱཾ། ཆོས་ཀྱི་ངག་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་གསུང་གིར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁའི་སྣང་མཐའ་ཡབ་ཡུམ་མགྲིན་པའི་སྣང་མཐའ་ལ་ཐིམ། དེ་ལས་འོད་ཟེར་བྱུང་བས་ངག་གི་བག་ཆགས་བྱང་ཞིང་དག་ནས་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ཡེ་ཤེས་ཀྱི་གསུང་དུ་གྱུར་པར་བསམ་ཞིང་། ཨཱཿ ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་གསུང་གིར་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་གསུང་རྡོ་རྗེར་དབང་ཐོབ་པར་བསམ་མོ། །སྙིང་གའི་ཧཱུཾ་ལ་དམིགས་ཏེ། བཛྲ་ཨཀྵོ་བྷྱཿཧཱུཾ། ཞེས་བརྗོད་པས། མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རང་འདྲའི་མཱ་མ་ཀཱི་དང་སྦྱོར་བ། དེ་ལས་མི་བསྐྱོད་པ་ཡབ་ཡུམ་དཔག་མེད་སྤྲོས། ནམ་མཁའ་གང་བར་བཞུགས་པ་ལ། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཆང་། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་ཐུགས་ཀྱིར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁའི་མི་བསྐྱོད་པ་ཡབ་ཡུམ་སྙིང་གའི་མི་བསྐྱོད་པ་ལ་ཐིམ། དེ་ལས་འོད་ཟེར་བྱུང་བས་ཡིད་ཀྱི་བག་ཆགས་བྱང་ཞིང་དག་ནས་སེམས་ཉིད་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་ལྔ་དང་ལྡན་པའི་ཐུགས་སུ་གྱུར་པར་བསམ་ཞིང་། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་ཐུགས་སུ་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭབྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། ཐུགས་རྡོ་རྗེར་དབང་ཐོབ་པར་བསམ་མོ། །གཉིས་པ་བུམ་པའི་དབང་ནི། སྙིང་གའི་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བས། ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའི་རིགས་ལྔའི་སངས་རྒྱས་ཡབ་ཡུམ་རྗེས་ཆགས་ཀྱི་མེས་ཞུ་བའི་བྱང་སེམས་བདུད་རྩིས་གང་བའི་བུམ་པ་སྤྱན་མ་ལ་སོགས་པའི་ལྷ་མོས་བཟུང་སྟེ་སྤྱི་བོ་ནས་དབང་བསྐུར་བས་བྱང་ཆུབ་སེམས་ཀྱི་རྡུལ་ཕྲ་རབ་ཀྱིས་ལུས་ཐམས་ཅད་གང་བར་བསམ་ལ། ཆོས་དབྱིངས་ཡུམ་གྱི་བུམ་པ་ན། །རྒྱལ་བའི་དཀྱིལ་འཁོར་ཕོ་བྲང་བཞུགས། །གཉིས་མེད་བྱང་ཆུབ་སེམས་བརྟགས་ཆུས། །སྤྱི་ནས་བསྟིམ་ཞིང་དབང་བསྐུར་བས། །ལུས་ལ་སངས་རྒྱས་གཏམས་པར་ཤོག །ༀ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ༀ། དེ་བཞིན་དུ། བཛྲ་ཧཱུཾ། རཏྣ་ཏྲཱཾ། པདྨ་ཧྲཱིཾཿ ཀརྨ་ཨ། ཞེས་སྦྱར་བ་བརྗོད་བཞིན་དུ་མགོ་བོའི་གནས་ལྔར་བསྐུར་ཞིང་བུམ་ཆུ་བླུད། དེ་ལྟར་དབང་བསྐུར་བས་ཉེ་བར་ལེན་པའི་ཕུང་པོ་ཟག་པ་དང་བཅས་པའི་དྲི་མ་དག་ནས་ཡེ་ཤེས་ཀྱི་ལུས་ཟག་པ་མེད་པའི་སྐུ་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །ཅེས་སྨོན་ལམ་གདབ་བོ། །གསུམ་པ་དབུ་རྒྱན་གྱི་དབང་ནི། རིགས་ལྔ་ཡབ་ཡུམ་བཅུ་སྙོམས་པར་ཞུགས་པའི་བྱང་སེམས་མགོ་བོའི་གནས་ལྔར་ཐིམ་པས་ལུས་ཐམས་ཅད་གང་བར་བསམ་ལ། ཐོད་པའི་ཕྲེང་བའི་དབུ་རྒྱན་དང་། །སངས་རྒྱས་གཙུག་གི་ནོར་བུ་ཅན། །ཀུན་ནས་ཉོན་མོངས་འཇིག་རྟེན་དབང་། །མི་ཕྱེད་ལ་སོགས་དེ་འགྲུབ་པས། །ཡེ་ཤེས་ལྔ་ལྡན་དབུ་རྒྱན་འདིས། །ཁྱོད་ལ་དབང་མཆོག་བསྐུར་བར་བྱ། །ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ། ཨ་དཪྴ། ས་མ་ཏཱ། པྲ་ཏྱེ་བེཀྵ། ཀྲྀ་ཏྱ་ནུཥྛཱ། ཞེས་པ་རྣམས་བརྗོད་དེ། དབང་བསྐུར་བས་སྐུ་ལྔའི་འོད་ཟེར་གྱིས་དུག་ལྔའི་ཉེས་པ་བྱང་ཞིང་དག་ནས་འགྲོ་བ་ཡོངས་ཀྱི་དཔལ་མགོན་དུ་འགྱུར་བའི་དབང་ཐོབ་པར་གྱུར་ཅིག །བཞི་པ་ཅོད་པན་གྱི་དབང་ནི། དར་རམ། རས་ཀྱི་ཅོད་པན་སྔོ་དམར་ཞེང་དུ་ཁྲུ་གང་། སྲིད་དུ་ཁྲུ་བཅུ་གཉིས་ཀྱི་ཚད་དང་ལྡན་པ་མགོ་བོར་བཅིངས་ཏེ། བག་ཆགས་ཉེས་པའི་སྐྱོན་བྲལ་ཞིང་། །འཁོར་བའི་ཉེས་པས་མི་གོས་པའི། །ཡེ་ཤེས་ལྔ་ལྡན་ཅོད་པན་འདིས། །ཁྱོད་ལ་དབང་མཆོག་བསྐུར་བར་བྱ། །ༀ་བཛྲ་པ་ཊ་ལཾ་ཨ་བྷི་ཥིཉྩ་ཧྲཱིཿ ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་ཞིང་ཤེས་བྱ་ལ་ཐོགས་པ་མེད་པའི་དབང་ཐོབ་པར་གྱུར་ཅིག །ལྔ་པ་ཕྲེང་བའི་དབང་བསྐུར་བ་ནི། མེ་ཏོག་དང་རིན་པོ་ཆེའི་ཕྲེང་བའམ། མི་མགོའི་ཕྲེང་བ་སྐྲ་མཚམས་སུ་བཅིངས་ཏེ། འདི་ནི་རིན་ཆེན་ཕྲེང་བ་སྟེ། རིན་ཆེན་རྒྱུ་ལས་བྱས་པ་ཡིས། །བྱང་ཆུབ་ཡན་ལག་ཕྲེང་བ་འདིས། །འཕགས་མཆོད་འགྲོ་དོན་བྱེད་པ་ལ། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །བར་ཆད་མེད་པར་དབང་བསྐུར་རོ། །ༀ་བཛྲ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ། འཕགས་པ་མཆོད་པ་དང་འགྲོ་བའི་དོན་བྱེད་པ་ལ་བར་ཆད་མེད་ཅིང་བསམ་པ་ཡིད་བཞིན་དུ་འགྲུབ་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ངོ་བོ་ཉིད་དུ་འགྱུར་བའི་དབང་ཐོབ་པར་གྱུར་ཅིག །དྲུག་པ་ཕྱག་རྒྱའི་དབང་ནི། མེ་ཏོག་གང་ལ་བབས་པའི་ལྷ་དེའི་ཕྱག་རྒྱ་བཞི་ལུས་ལ་བཀོད། དམ་རྒྱ་སྙིང་གར་གཏུགས་ལ། ཧཱུཾ། ཕྱག་རྒྱ་འདིས་ནི་དབང་བསྐུར་བས། །ཆོས་རྣམས་སྐུ་གསུང་ཐུགས་ཀྱི་ངང་། །ཕྱག་རྒྱ་ཆེན་པོའི་རང་བཞིན་དུ། །རྟག་ཏུ་བསྒོམ་ཞིང་བསྒྲུབ་པར་གྱིས། །ༀ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ཨཿ ཞེས་དང་ལྷ་གང་ཡིན་དེའི་སྔགས་ལ་མུ་དྲ་སོགས་བཏགས་ཏེ་དབང་བསྐུར་བས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་འགྱུར་བ་རིགས་ལྔ་ཡེ་ཤེས་ལྔའི་ཕྱག་རྒྱ་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །བདུན་པ་བྷཉྫའི་དབང་ནི། རིགས་བཟང་གི་ཐོད་པ་སྭཱའམ་ཏྲཱཾ་བྲིས་པ་རིན་པོ་ཆེས་གཏམས་པ་གཏད་ལ། ཧཱུཾ། ཆོས་ཉིད་སྤྲོས་བྲལ་རྡོ་རྗེ་ཀ་པཱ་ལ། །སྐུ་ལྔ་ལྷུན་རྫོགས་རྡོ་རྗེ་ཀ་པཱ་ལ། ། ཡེ་ཤེས་ལྔ་ལྡན་རྡོ་རྗེ་ཀ་པཱ་ལ། །སྐུ་གསུམ་ལྡན་པའི་རྡོ་རྗེ་ཀ་པཱ་ལ། །མི་འགྱུར་གཡུང་དྲུང་རྡོ་རྗེ་ཀ་པཱ་ལ། །ཡིད་བཞིན་གཏེར་ལྡན་རྡོ་རྗེ་ཀ་པཱ་ལ། །སྐལ་ལྡན་ཁྱོད་ལ་དབང་འདི་བསྐུར་བ་ཡིས། །ཅི་བསམ་འགྲུབ་པའི་དབང་མཆོག་ཐོབ་པར་ཤོག །ༀ་བཛྲ་ཀ་པཱ་ལ། དེ་བ་རཏྣ་ཏྲཻ་ལོཀྱ་ཨ་བྷི་ཥིཉྩ་ཧཱུཾ། དེ་ལས་འོད་ཟེར་འཕྲོས་སློབ་བུའི་དྲི་མ་སྦྱངས་འོད་ཀྱི་གོང་བུར་གྱུར་པ་ལས་ལྷར་བསྐྱེད། བྷཉྫ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་དབང་བསྐུར་བས་ཡིད་ལ་ཅི་བསམ་པ་ཐམས་ཅད་འགྲུབ་པའི་དབང་ཐོབ་པར་གྱུར་ཅིག །བརྒྱད་པ་རྡོ་རྗེ་དང་དྲིལ་བུའི་དབང་ནི། ཧཱུཾ་དང་ཨཱ་ལས་རྡོ་རྗེ་དང་དྲིལ་བུ་གར་སྟབས་སུ་བསྐོར་ནས་སློབ་བུའི་ལག་པ་གཉིས་སུ་གཏད་ལ། ཉོན་མོངས་འཇོམས་པའི་རྡོ་རྗེ་དང་། །ཆོས་སྒྲ་སྒྲོགས་པའི་དྲིལ་བུ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་བས། །ཐབས་དང་ཤེས་རབ་འཕེལ་བར་ཤོག །ༀ་བཛྲ་གྷཎྜེ་པྲ་ཛྙཱོ་པ་ཡ་ཨ་བྷི་ཥིཉྩ་ཨ། ཞེས་བརྗོད་དེ། དབང་བསྐུར་བས་དོན་དབྱིངས་དང་ཡེ་ཤེས་ཐ་མི་དད་པའི་རྟགས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་དབང་ཐོབ་པར་གྱུར་ཅིག །དགུ་པ་འདོད་པའི་ཡོན་ཏན་ལྔའི་དབང་ནི། གཟུགས་སོགས་བུད་མེད་ལྷ་མོའི་ཚོགས། །འདོད་པ་ལྔ་ཡི་ཡོན་ཏན་དག །ཆོས་ཉིད་ཀྱི་ནི་རྒྱན་ཡིན་པས། །དགའ་མགུར་སྤྱོད་པའི་དབང་ཐོབ་ཤོག །ན་མོ་ཧ་ར་གུ་ཎ་པཉྩ་ཨ་བྷི་ཥིཉྩ་ཨ། ཞེས་དབང་བསྐུར་ཏེ་ཐེག་པ་འོག་མ་པས་བཀག་པའང་གསང་སྔགས་ཀྱི་དང་དུ་བླངས་ཏེ། འདོད་པའི་ཡོན་ཏན་ལྔའི་ལྷ་མོར་དམིགས་ནས་སྤྱད་པར་ཡེ་ཤེས་ཆེན་པོ་ཆོས་ཀྱི་དབྱིངས་ལ་འཇུག་པའི་དབང་ཐོབ་པར་གྱུར་ཅིག །བཅུ་པ་བདུན་རྩི་རྣམ་པ་ལྔའི་དབང་ནི། དཔའ་བོ་འབྲུ་ལྔས་བྱིན་གྱིས་བརླབས་པའི་བདུད་རྩིའི་ཐོད་པ་གཏད་ལ། བྷཉྫ་བཅུད་ཡངས་ཟབ་པ་ནི། །འཁོར་ཡུག་གཏོགས་པའི་སྣོད་བཅུད་ཀུན། །བདུད་རྩིའི་རང་བཞིན་ཡིན་པས་ན། །རྟག་ཏུ་ཟ་བྱེད་ཞལ་དུ་བསྟིམ། །ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧཱུཾ་ཨ། ཞེས་པས་གཡོན་པས་མཐེབ་སྲིན་ལ་ཉི་ཟླའི་སྟེང་དུ་ཧྲཱིཿཡིག་བསམ་པས་བདུད་རྩི་བླངས་པ་སློབ་མའི་གནས་གསུམ་དུ་ཐིག་ལེ་བྱས་ནས་ཁར་བླུད་པས་ལུས་ཀྱི་ལྷ་ཐམས་ཅད་ཚིམ་པར་བསམ་ཞིང་། བདག་དང་གཞན་གྱི་རྣམ་པར་རྟོག་པ་སྦྱོང་ཞིང་། མཆོག་དང་ཐུན་མོང་གིས་བསྡུས་པའི་དངོས་གྲུབ་འགྲུབ་པའི་དབང་ཐོབ་པར་གྱུར་ཅིག །བཅུ་གཅིག་པ་ལྕགས་ཀྱུ་རྣམ་པ་ལྔའི་དབང་ནི། ཡུམ་ལྔའི་ཡི་གེ་འབྲུ་ལྔས་བྱིན་གྱིས་བརླབས་པའི་དམ་རྫས་ཀྱི་ཐོད་པ་གཏད་ལ། མངོན་ཤེས་ལྔ་ལ་སོགས་པ་ཡི། །ཐུན་མོང་དངོས་གྲུབ་ཇི་སྙེད་དང་། །རིག་འཛིན་གཙོ་བོར་སྒྲུབ་པའི་ཕྱིར། །ལྕགས་ཀྱུ་ལྔ་ཡིས་དབང་བསྐུར་རོ། །ༀ་ཨཱཿཧཱུཾ་མ་ཧཱ་མཱཾ་ས་པཉྩ་ཨ་བྷི་ཥིཉྩ་ཨ། ཞེས་བྱིན་ལ། མི་སྣང་བ་བཅུ་གཅིག །མངོན་པར་ཤེས་པས་ལྔ། དགུག་པ་དགུ། རིག་འཛིན་གྱི་གཙོ་བོ་ལ་སོགས་པ་འགྲུབ་པར་བྱེད་པའི་དབང་ཐོབ་པར་གྱུར་ཅིག །བཅུ་གཉིས་པ་མིང་གི་དབང་བསྐུར་བ་ནི། གང་ལ་བབས་པའི་ལྷ་དེའི་རིགས་དང་མཐུན་པའི་མིང་བཏགས་ལ། འདི་ནི་རྡོ་རྗེ་མིང་གི་དབང་། །མཚན་མཆོག་འདིས་ནི་དབང་བསྐུར་བས། །སངས་རྒྱས་ཞིང་དུ་གྲགས་པ་ཡི། །རིག་འཛིན་བླ་མེད་འགྲུབ་པར་ཤོག །ཀྱེ་རྡོ་རྗེ་ཆེ་གེ། ཞེས་བོས་ནས། ཞེས་མིང་གི་དབང་བསྐུར་བས་ཞིང་ཁམས་ཀུན་ཏུ་གྲགས་པ་ཆོས་ཀྱི་རྒྱལ་པོ་ཆེན་པོའི་དབང་ཐོབ་པར་གྱུར་ཅིག །བཅུ་གསུམ་པ་སྒྲུབ་རྫས་ལྷ་ཆ་ལྔའི་དབང་ནི། ཞིང་གི་རྒྱལ་མཚན་རིགས་གཉིས། རོ་རས་ཀྱི་བ་དན། གཡང་གཞིའི་འཕན། སྤྲིན་ཆེན་གྱི་བླ་རེ་རྣམས་བསྒྲགས་ཚིག་རྒྱས་པ་གཞན་དུ་འབྱུང་བ་བཞིན་ནམ། བསྡུ་ན། ཞིང་ལྤགས་རྒྱལ་མཚན་གཉིས་དང་རོ་རས་འཕན། །གཡང་གཞིའི་བ་དན་སྤྲིན་ཆེན་བླ་རེ་སྟེ། །སྒྲུབ་རྫས་ལྷ་ཆ་ལྔ་ཡི་དབང་བསྐུར་བས། །ཉོན་མོངས་གཡུལ་བཟློག་དཔལ་ཆེན་མཐུ་ཐོབ་ཤོག །ཅེས་ཉོན་མོངས་པའི་གཡུལ་ངོ་བཟློག་ཅིང་བདུད་ཀྱི་དམག་ཚོགས་ལས་རྒྱལ་བའི་དབང་ཐོབ་པར་གྱུར་ཅིག །བཅུ་བཞི་པ་ཁ་ཊྭཱཾ་ཀའི་དབང་ནི། ཧཱུཾ། རྡོ་རྗེ་ཁ་ཊྭཱཾ་འདི་བྱིན་པས། །དྲིལ་བུའི་སྒྲ་ནི་གསིལ་བ་ཡིས། །ཐམས་ཅད་ཕབ་ནས་སླར་ཡང་ནི། །ཁམས་གསུམ་དག་ཀྱང་འཚོ་བར་བྱེད། །ༀ་བཛྲ་ཁ་ཊྭཱཾ་གྷཎྜེ་ཨ་བྷི་ཥིཉྩ་ཨ། ཞེས་པས། འཇིག་རྟེན་གསུམ་པོ་དག་འཇིག་ཅིང་སླར་འཚོ་བར་བྱེད་པའི་དབང་ཐོབ་པར་གྱུར་ཅིག །བཅོ་ལྔ་པ་ཕུར་བུའི་དབང་ནི། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ཤིང་བསྙེན་པ་རྫོགས་པའི་ཕུར་བུ་གཏད་ལ། ཧཱུཾ། ཁྲོ་རྒྱལ་འདུས་པའི་སྲས་ཀྱི་མཆོག །སྐུ་གསུང་ཐུགས་སུ་བྱིན་བརླབས་ཏེ། །དགྲ་བགེགས་འཇོམས་པའི་མཐུ་མངའ་བའི། །ཕུར་བུ་འདི་ཡི་དབང་བསྐུར་རོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷན་བཾ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཨ། ཞེས་ལག་པ་བྱིན་གྱིས་བརླབས་པས་འདྲིལ་དུ་གཞུག །ཅེས་རྨད་དུ་བྱུང་བའི་ཕྲིན་ལས་ཀྱིས་གདུག་པ་ཅན་གཏན་འཕོ་བར་བྱེད་ཅིང་ཁམས་གསུམ་སྒྲོལ་བའི་དབང་ཐོབ་པར་གྱུར་ཅིག །བཅུ་དྲུག་པ་ཚེ་དབང་ནི། ཧཱུཾ། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །རྡོ་རྗེ་སེམས་དཔའི་ཚེ་དང་དཔལ། །དེ་རིང་ཁྱོད་ལ་དབང་བསྐུར་གྱི། །ནང་མེད་བདེ་མཆོག་གྲུབ་པར་ཤོག །ༀ་ཨཱ་ཡུ་པུཎྡྱཻ་པུཎྡྱཻ་མ་ཧཱ་པུཎྡྱཻ་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཨ། ཞེས་པས། རྒས་རྒུད་ཀྱི་སྡུག་བསྔལ་བསལ་ཏེ་ཚེ་དབང་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །ཅེས་སོགས་སྨོན་ལམ་བཏབ་པའི་དོན་དེ་དང་དེ་ཐོབ་པར་བསམ་མོ། །བཅུ་བདུན་པ་རྒྱལ་པོ་བཀའ་རྟགས་ཀྱི་དབང་ནི། གདུགས་དང་། རྒྱལ་མཚན་དང་། གོ་ཆ་དང་། སྙིང་པོ་ལྔ་དང་། འདོད་ཡོན་ལྔ་དང་། རིན་ཆེན་བདུན་དང་། བཀྲ་ཤིས་རྫས་བརྒྱད་རྣམས་ཀྱི་དབང་སྟེ་སྤྲོ་ན་གཞན་དུ་འབྱུང་བ་བཞིན་བྱའོ། །དེ་ལྟར་དབང་བཅུ་བདུན་པོ་ནི་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་ཀུན་ལས་བསྡུས་པ་སྟེ། རྡོ་རྗེའི་ཚུལ་དུ་དབང་ཡང་སྦྱིན། །ཞེས་གསུངས་པའི་དོན་ནོ། །དེ་ལྟར་ཕྱི་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བུམ་པ་ལ་སོགས་པ་ཕྱིའི་རྫས་ལ་བརྟེན་ནས་དབང་བསྐུར་བས། ལུས་ཀྱི་དྲི་མ་དག་ནས་ས་བརྒྱད་པའི་བྱང་སེམས་དང་སྐལ་པ་མཉམ་ཞིང་། སྣང་སྲིད་ལྷའི་འཁོར་ལོར་རྟོགས་པས། ལས་དང་བྱ་བ་ལ་རྨོངས་པ་མེད་པར་འཇུག་པ་དང་། ཞུགས་པས་བདག་དོན་གྲུབ་ནས་གཞན་ལ་ཕན་པར་བྱེད་པས་ཕན་པའི་དབང་ཞེས་བྱའོ། །གཉིས་པ་ནང་གི་དབང་བསྐུར་བ་ལ་བཞི་ལས། དང་པོ་འདོད་དོན་གསོལ་བ་ནི། སློབ་མའི་མ་ད་ནའི་སྐྱེམས་དང་། གསེར་ལ་སོགས་པའི་མེ་ཏོག་གིས་མཆོད་ཅིང་རིག་མ་མཚན་དང་ལྡན་པ་ཕུལ་ལ། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ། ཇི་ལྟར་དུས་གསུམ་རྒྱལ་བ་ཡིས། །དམ་ཆོས་བདུད་རྩིའི་ཆར་ཕབས་པས། །སྐལ་ལྡན་འགྲོ་བའི་རྒྱུད་སྦྱངས་ཤིང་། །སྐལ་མེད་ཀུན་གྱི་སྐྱབས་མཛད་ལྟར། །དེ་རིང་རྡོ་རྗེ་སློབ་དཔོན་གྱི། །ཞབས་ལ་བཏུད་དེ་ཞུ་བ་ནི། །བདག་གི་རྒྱུད་རྣམས་སྦྱང་བ་དང་། །འགྲོ་བ་རྣམས་ལ་ཕན་དོན་དུ། །སྔོན་གྱི་རྒྱལ་བས་མཛད་པ་བཞིན། །གསང་བའི་དབང་མཆོག་བསྐུར་དུ་གསོལ། །ཞེས་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་གྱིས། ཁྱོད་ཉིད་བརྩེ་བས་བཟུང་བ་དང་། །འགྲོ་ཀུན་བྱང་ཆུབ་ཐོབ་བྱའི་ཕྱིར། །དཔལ་ལྡན་བླ་མ་བདག་ཉིད་ཀྱིས། །ཁྱོད་ལ་དབང་མཆོག་སྦྱིན་པར་བྱ། །ཞེས་གནང་བ་སྦྱིན། གཉིས་པ་བྱིན་གྱིས་བརླབ་པ་ནི། ཤེས་རབ་མ་ཁྲུས་བྱས། དྲིས་བྱུགས། མཛེས་པའི་རྒྱན་དང་ལྡན་པ་གཡོན་དུ་བཞག་ལ། རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་ཧེ་རུ་ཀར་གསལ་བ་དང་། ཡུམ་གྱི་སྙིང་གར་ཡི་གེ་ཨ་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་ཉེར་ལེན་གྱི་ཕུང་པོ་བསྲེགས་ཤིང་སྦྱང་ནས་གཞིའི་ཨ་ལ་ཐིམ། དེ་ཡང་ཇེ་ཆུང་ཇེ་ཕྲར་ཡལ་ཏེ་མི་དམིགས་པ་ལས་ཧཱུཾ་ཞེས་བརྗོད་པས་ཧཱུཾ་མཐིང་ནག་ཚོན་གང་བར་གྱུར། དེ་འཕྲོས་ཤིང་འདུས་པ་ལས་ཡུམ་ཀྲོ་དྷཱི་ཤྭ་རཱི་མའི་སྐུར་གྱུར་པ་ལས། ཡབ་ཀྱི་སྤྱི་བོ་ལ་སོགས་པའི་གནས་ལྔར་རྣམ་སྣང་སོགས་རྒྱལ་བ་ཡབ་ལྔ་རིགས་ཀྱི་སེམས་དཔའ་བཞི་བཞིས་བསྐོར་བ་དང་། ཡན་ལག་བཞི་ལ་ཁྲོ་བོ་བཞི། ཡུམ་གྱི་སྤྱི་བོ་ལ་སོགས་པའི་གནས་ལྔར་དབྱིངས་ཕྱུག་མ་སོགས་རྒྱལ་བ་ཡུམ་ལྔ་རིགས་ཀྱི་སེམས་མ་བཞི་བཞིས་བསྐོར་བ་དང་ཡན་ལག་བཞི་ལ་སྒོ་མ་བཞི་གསལ་བཏབ་ལ། དེ་ལྟར་ཡབ་ཡུམ་རྣམས་དགྱེས་པར་རོལ་པའི་དགའ་བའི་རོལ་མོས་རང་བཞིན་ལྷུན་གྲུབ་ཀྱི་རྒྱལ་བ་ཐམས་ཅད་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ་ཕྱག་མཆོད་ཀྱི་དགྱེས་པར་བྱས་པས། ལྷ་ཡབ་ལ་ཡབ་དང་ཡུམ་ལ་ཡུམ་གཉིས་མེད་དུ་ཐིམ་པར་བསམ། གསུམ་པ་སྦྱོར་བ་བརྩམ་པ་ནི། དེ་ནས་ཡབ་ཀྱི་ཐུགས་ཀ་ནས་བྷྲཱུཾ་ཆད་ཡུམ་གྱི་མཁར་ཐིམ་པས་ཟླ་གམ་དམར་པོའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ཟེར་འབྲུར་ཟླ་བ་ལ་ཨཾ་དམར་པོས་མཚན་པར་བསམ། ཡུམ་གྱི་ཐུགས་ཀ་ནས་ཧཱུཾ་ཆད། ཡབ་ཀྱི་གསང་གནས་སུ་ཐིམ་པས་རྡོ་རྗེ་རྩེ་ལྔ་པའི་བུམ་པར་ཉི་མ་ལ་ཨ་དཀར་པོས་མཚན་པར་བསམ་ལ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ར་ཧོ་ཧཾ། རཱ་ག་ཡ་མི། ཞེས་སྦྱོར་བའི་བརྡས་ཕན་ཚུན་བསྣོལ་མར་བསྐུལ་ཏེ། ཛཿཧཱུཾ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་དྲངས་འཁྱུད་སྦྱར་ནས་མཉེས་པར་བྱས་ཏེ། ཧཱུཾ་ཧཱུཾ་ཧཱུཾ། ཞེས་བསྐྱོད་ནས་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་བྱང་སེམས་ཨཾ་གིས་བསྡུས་ཤིང་ཧཱུཾ་གིས་བསྐུལ་ནས་ཕཊ་ཀྱིས་ཡུམ་གྱི་གསང་བར་བབས་པས་ཟླ་བ་ལྟ་བུར་གསལ་བའི་འོད་ཀྱིས་གཟུང་འཛིན་གྱི་དྲི་མ་སྦྱངས་སྣོད་བཅུད་ཡེ་ཤེས་ཀྱི་འཁོར་ལོ་སད་པར་བསམ་མོ། །བཞི་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་ནི། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་དང་བྱིན་རླབས་ཐམས་ཅད་ཀྱི་དབང་དང་བྱིན་རླབས་ཐམས་ཅད་བསྡུས་མཁའ་ནང་གི་བྱང་སེམས་ལ་ཐིམ། དེ་ཉིད་སློབ་མའི་སྤྱི་བོ་ནས་བསྟིམས་པས་ལུས་ངག་ཡིད་གསུམ་གྱི་རྟོག་སྒྲིབ་སྦྱངས་ནས་ཧཱུཾ་དུ་གྱུར། དེ་རྡོ་རྗེར་གྱུར་པ་ལས་དཔལ་ཆེན་པོའི་སྐུར་བསྐྱེད་པ་ལ་རྡོ་རྗེའི་མིང་བྱིན་ནས། བླ་མ་ཡབ་ཡུམ་གྱི་བྱང་སེམས་དངོས་གྲུབ་ཀྱི་སྙིང་པོར་གྱུར་པ་སྣོད་དུ་བླུགས་པ། བདུད་རྩི་ལྔ་དང་མངར་གསུམ་སྦྱར་བ་ཆ་གསུམ་དུ་བཅད་པའི་དང་པོ་ༀ་ཨཱཿཧཱུཾ་གསུམ་གྱིས་བརླབས་པ། སློབ་དཔོན་གྱི་མཐེབ་སྲིན་གྱི་བར་དུ་ཉི་མ་ལ་ཧྲཱིཿབསམ་པས་བླངས་ཏེ། སློབ་མའི་མགྲིན་པ་པདྨ་འདབ་མ་བརྒྱད་པ་མདུན་གྱི་འདབ་མ་ལྕེར་གྱུར་པའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་ལ་བཞག་ཅིང་། ༀ་མ་ཧཱ་བོ་དྷི་ཙིཏྟ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུཾ། ཨ་ཧོ་མ་ཧཱ་སུ་ཁ། ཞེས་བརྗོད། སླར་ཡང་གནས་གསུམ་དུ་ཐིག་ལེ་བྱས་ལ། ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ་ཞེས་བརྗོད་ཅིང་མྱང་དུ་བཅུག་པས། ལུས་ཐམས་ཅད་ཁྱབ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དབང་ཐོབ་ཅིང་ལུས་ཀྱི་དཀྱིལ་འཁོར་ཐམས་ཅད་མཉེས་པར་བསམ་མོ། །བྱང་སེམས་ཆ་གཉིས་པས་ནུས་དབང་ལྔ་བསྐུར་བ་ལ་དང་པོ་ཉན་པའི་དབང་ནི། རྣ་བར་བྱང་སེམས་ཀྱི་ཐིག་ལེ་བྱས་ལ། སློབ་མའི་རྣ་བའི་ནང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པའི་དབུས་དང་ཕྱོགས་བཞིར་ཉི་ཟླ་པདྨའི་གདན་ལ་ཏྲཱཾ་མཐིང་ཟུང་ལྔའི་འཕྲོ་འདུ་ལས་རིན་པོ་ཆེར་གྱུར། དེ་ལས་རིན་ཆེན་འབྱུང་གནས་ཡབ་ཡུམ་ལ་རིན་ཆེན་རིགས་ཀྱི་སེམས་དཔའ་བཞི་དང་སྒོ་བ་བཞི་རྣམས་ཡུམ་དང་བཅས་པས་བསྐོར་བར་གྱུར། དེ་རྣམས་སྙོམས་པར་ཞུགས་ཏེ་འོད་དུ་ཞུ་བ་ལས་རིན་ཆེན་འབྱུང་གནས་ཀྱི་སྐུར་གྱུར་པ་ལ། བཛྲ་ས་མཱ་ཛཿས་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། རྒྱུད་ཀྱི་གླེགས་བམ་གཏད་དེ། ཏྲཱཾ། གསང་བ་གསང་ཆེན་གསང་མཆོག་གང་། །གསང་བ་ཀུན་ལ་མཉན་པར་བྱ། །གསང་བའི་དོན་ཉིད་བརྟག་པ་ལས། །གཞན་དུ་སྨྲ་བར་བྱ་བ་མིན། །ཞེས་པས་ཉན་ཅིང་ཐོས་པའི་སྐལ་པ་དང་ལྡན་པར་བསམ་མོ། །གཉིས་པ་སྒྲུབ་པའི་དབང་ནི། སྙིང་གར་ཐིག་ལེ་བྱས་ལ། སྙིང་གི་ནང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པའི་དབུས་དང་ཕྱོགས་བཞིར་ཉི་ཟླ་པདྨའི་གདན་ལ་ཧཱུཾ་དཀར་པོ་ཟུང་ལྔའི་འཕྲོ་འདུ་ལས་རྡོ་རྗེར་གྱུར། དེ་ལས་རྡོ་རྗེེ་སེམས་དཔའ་ཡབ་ཡུམ་ལ་རྡོ་རྗེ་རིགས་ཀྱི་སེམས་དཔའ་བཞི་དང་སྒོ་བ་བཞི་རྣམས་ཡུམ་དང་བཅས་པས་བསྐོར་བར་གྱུར། དེ་རྣམས་སྙོམས་པར་ཞུགས་ཏེ་འོད་དུ་ཞུ་བ་ལས་རྡོ་རྗེ་སེམས་དཔའི་སྐུར་གྱུར། བཛྲ་ས་མཱ་ཛཿས་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། རྡོར་དྲིལ་གཏད་ལ། སྒྱུ་འཕྲུལ་དུ་ཕྲེང་བ་གཏད། ཧཱུཾ། དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་། །རྒྱལ་བ་ཐམས་ཅད་མཉེས་མཆོད་ལ། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ཡི་དམ་གྱི་ལྷ་གང་བསྒྲུབ་ཀྱང་འགྲུབ་པའི་སྐལ་པ་དང་ལྡན་པར་བསམ་མོ། །གསུམ་པ་ལས་ཀྱི་དབང་ནི། ལག་པ་གཡས་སུ་ཐིག་ལེ་བྱས་ལ། ཐལ་སྟེང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པའི་དབུས་དང་ཕྱོགས་བཞིར་ཉི་ཟླ་པདྨའི་གདན་ལ་ཧཱ་ལྗང་གུ་ཟུང་ལྔའི་འཕྲོ་འདུ་ལས་རལ་གྲིར་གྱུར། དེ་ལས་དོན་གྲུབ་ཡབ་ཡུམ་ལ་ལས་ཀྱི་རིགས་ཀྱི་སེམས་དཔའ་བཞི་དང་སྒོ་བ་བཞི་རྣམས་ཡུམ་དང་བཅས་པས་བསྐོར་བར་གྱུར། དེ་རྣམས་སྙོམས་པར་ཞུགས་ཏེ་འོད་དུ་ཞུ་བ་ལས་དོན་ཡོད་གྲུབ་པའི་སྐུར་གྱུར། བཛྲ་ས་མཱ་ཛཿས་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། རྡོ་རྗེ་རྒྱ་གྲམ་གཏད་ལ། ༀ། ཁྱོད་ནི་རྡོ་རྗེ་ལས་ཡིན་ཏེ། །ལས་རྣམས་མ་ལུས་ཀུན་གྱིས་ཤིག །ཕོ་ཉ་མང་པོའི་འདུ་འཕྲོ་ཀུན། །ཁྱོད་ཀྱི་དགོས་པ་བྱེད་པ་ཡིན། །སངས་རྒྱས་རྣམས་ཀྱི་ཕྲིན་ལས་རྣམ་པ་བཞི་བསྒྲུབ་པའི་སྐལ་པ་དང་ལྡན་པར་བསམ་མོ། །བཞི་པ་འཆད་པའི་དབང་ནི། ལྕེ་ལ་ཐིག་ལེ་བྱས་ཏེ། ལྕེའི་སྟེང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པའི་དབུས་དང་ཕྱོགས་བཞིར་ཉི་ཟླ་པདྨའི་གདན་ལ་ཧྲཱིཿདམར་པོ་ཟུང་ལྔའི་འཕྲོ་འདུ་ལས་པདྨར་གྱུར། དེ་ལས་སྣང་མཐའ་ཡབ་ཡུམ་ལ་པདྨ་རིགས་ཀྱི་སེམས་དཔའ་བཞི་དང་སྒོ་བ་བཞི་རྣམས་ཡུམ་དང་བཅས་པས་བསྐོར་བར་གྱུར། དེ་རྣམས་སྙོམས་པར་ཞུགས་ཏེ་འོད་དུ་ཞུ་བ་ལས་འོད་དཔག་མེད་ཀྱི་སྐུར་གྱུར། བཛྲ་ས་མཱ་ཛཿས་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། འཁོར་ལོ་དུང་དང་པུསྟི་རྣམས་གཏད་ལ། ༀ། ཆོས་ཀྱི་བདུད་རྩི་བླ་མེད་པས། །དད་ལྡན་སྐྱེས་བུ་ངོམས་པར་བྱོས། །རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་བསྒྲག་གཞན་དུ་མིན། །ཐེག་པ་མཐའ་དག་འཆད་ཅིང་སྤེལ་བའི་སྐལ་བ་དང་ལྡན་པར་བསམ་མོ། །ལྔ་པ་རྡོ་རྗེ་སློབ་དཔོན་གྱི་དབང་ནི། སློབ་མའི་ཡན་ལག་ལྔ་ལ་བྷྲཱུཾ་ལས་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་ལྔའི་དབུས་དང་ཕྱོགས་བཞིར་ཧཱུཾ་ༀ་སྭཱཾ་ཨཱཾཿཧཱཾ་རྣམས་ལས་ཕྱག་མཚན་ལྔར་གྱུར། དེ་ལས་རྒྱལ་བ་རིགས་ལྔ་ཡབ་ཡུམ་རིགས་ཀྱི་སེམས་དཔའི་འཁོར་དང་ཁྲོ་བོ་བཅུ་ཡུམ་དང་བཅས་པར་གྱུར། དེ་རྣམས་སྙོམས་པར་ཞུགས་ཏེ་འོད་དུ་ཞུ་བ་ལས་རིགས་ཀྱི་བདག་པོའི་སྐུར་གྱུར། བཛྲ་ས་མཱ་ཛཿས་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། རྡོར་དྲིལ་གཏད་དེ། ༀ། ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པར་སྤྱོད། །རྡོ་རྗེ་རྒྱལ་པོའི་གོ་འཕང་ཐོབ་པའི་སྐལ་པ་དང་ལྡན་པར་བསམ་མོ། །དེ་ནས་སྒྲུབ་པའི་དབང་བསྐུར་བ་ལ། ལྷ་རྒྱན་གཅིག་སྒྲུབ་པའི་དབང་དང་། ཚོམ་བུ་སྒྲུབ་པའི་དབང་སྟེ། རེ་རེའང་ཁྱད་པར་གྱི་བྱེ་བྲག་ཐ་དད་པས་བསྐུར་བར་གསུངས་པ་ནི་སྐབས་དོན་གྱི་བྱེ་བྲག་ཤེས་པས་སྦྱར་བར་བྱ་ཞིང་། དེ་ཡང་སློབ་མ་ནུབ་སྒོར་ཟླ་གམ་དབང་གི་དཀྱིལ་འཁོར་དུ་བཞག་ལ། བྱང་སེམས་ཆ་གསུམ་པས་སྙིང་གར་ཐིག་ལེ་བྱས་ཏེ། སློབ་བུའི་ཙིཏྟ་རིན་པོ་ཆེའི་གུར་ཁང་དུ་དཔལ་ཆེན་པོ་ཡབ་ཡུམ་བསྐྱེད་པ་སྙོམས་པར་ཞུགས་ཏེ་རྗེས་ཆགས་ཀྱི་མེས་ཞུ་ནས་ཆོས་ཀྱི་དབྱིངས་སུ་ཐིམ་པ་ལས་དཔལ་ཆེན་པོའི་སྐུར་གྱུར། ཡེ་ཤེས་ཀྱི་དཀྱིལ་འཁོར་བཛྲ་ས་མཱ་ཛཿས་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། བྱང་སེམས་ལྕེ་ལ་བཞག །ཐོད་སྐུའི་བྷཉྫ་དང་མར་མེ་རྡོར་དྲིལ་ལག་ཏུ་གཏད་ལ། ཧཱུཾ། ཐབས་དང་ཤེས་རབ་དབང་ཆེན་ཏེ། །རྡོ་རྗེ་དྲིལ་བུ་རིག་པ་འཛིན། །མྱ་ངན་འདས་དང་འཁོར་བ་ཡི། །ཆོས་ལ་འདོད་བཞིན་དབང་བསྐུར་རོ། །ཞེས་དང་རྩ་བའི་སྙིང་པོ་བརྗོད་ནས། དེ་ལྟར་དཔལ་ཆེན་པོ་ཁྱད་པར་དུ་སྒྲུབ་པའི་དབང་བསྐུར་བ་འདི་རྣམས་ཁྱོད་ཀྱི་ཐོབ་པར་གྱུར་ཅིག །ཅེས་བརྗོད་ཅིང་བསྒོམ་མོ། །དེ་ལྟར་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ནང་གི་དབང་བསྐུར་བས་ངག་གི་དྲི་མ་དག་ནས་ས་བཅུ་བའི་བྱང་སེམས་དང་སྐལ་བ་མཉམ་ཞིང་། འཁོར་འདས་སྒྱུ་མར་རྟོགས་པས་བདེ་མཆོག་གི་ཡེ་ཤེས་རིགས་དྲུག་གི་སྐུ་ཐོབ་ནས་འགྲོ་བའི་དོན་ནུས་པ་དང་། ཉན་སྒྲུབ་ལས་དང་འཆད་པ་དང་། །རྡོ་རྗེ་རྒྱལ་པོའི་གནས་ཐོབ་ཅིང་། །ཚོམ་བུ་སྒྲུབ་པ་ལ་སོགས་པ། །ནུས་པས་ནུས་པའི་དབང་ཞེས་བྱའོ། །གསུམ་པ་གསང་བའི་དབང་བསྐུར་བ་ནི། སློབ་མས་རྡོ་རྗེ་སློབ་དཔོན་ལ་མཆོད་ཅིང་ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། ཇི་ལྟར་དུས་གསུམ་རྒྱལ་བ་ཡིས། །དམ་ཆོས་བདུད་རྩིའི་ཆར་ཕབ་པས། །སྐལ་ལྡན་འགྲོ་བའི་རྒྱུད་སྦྱངས་ཤིང་། །སྐལ་མེད་ཀུན་གྱི་སྐྱབས་མཛད་ལྟར། །དེ་རིང་རྡོ་རྗེ་སློབ་དཔོན་གྱི། །ཞབས་ལ་བཏུད་དེ་ཞུ་བ་ནི། །བདག་གི་རྒྱུད་རྣམས་སྦྱང་བ་དང་། །འགྲོ་བ་རྣམས་ལ་ཕན་དོན་དུ། །སྔོན་གྱི་རྒྱལ་བས་མཛད་པ་བཞིན། །གསང་བའི་དབང་མཆོག་བསྐུར་དུ་གསོལ། །ཞེས་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་གྱིས། ཁྱོད་ཉིད་བརྩེ་བས་བཟུང་བ་དང་། །འགྲོ་ཀུན་བྱང་ཆུབ་ཐོབ་བྱའི་ཕྱིར། །དཔལ་ལྡན་བླ་མ་བདག་ཉིད་ཀྱིས། །ཁྱོད་ལ་དབང་མཆོག་སྦྱིན་པར་བྱ། །ཞེས་གནང་བ་བྱིན་ནས། སློབ་མས་རིགས་དང་མཐུན་པའི་མཚན་ཉིད་ཅན་གྱི་རིག་མ་ཡིད་དུ་འོང་བ་འདུ་བྱས་ལ། སློབ་དཔོན་གྱིས་གཟུངས་མ་དེའི་ལག་པ་ནས་བཟུང་སྟེ་སློབ་མའི་ལག་ཏུ་གཏད་ལ། ལེགས་པར་ཉོན་ཅིག་རིགས་ཀྱི་བུ། །བདེ་ཆེན་གོ་འཕང་བསྒྲུབ་པ་ལ། །ཤིན་ཏུ་དད་ལྡན་ཤེས་རབ་མ། །ཁྱོད་ཀྱི་གྲོགས་ཀྱི་དམ་པ་སྦྱིན། །ཞེས་གཏད་ལ། དེ་གཉིས་བདེ་བའི་སྟན་ལ་འདུག་ནས། སློབ་མ་དཔལ་ཧེ་རུ་ཀ་དང་། རིག་མ་ཁྲོ་མོ་དབང་ཕྱུག་མའི་སྐུར་བསྐྱེད་པའི་གནས་ལྔར་རིགས་ལྔ་ཡབ་ཡུམ་དང་། ཡན་ལག་བཞི་ལ་སྒོ་བ་ཡབ་ཡུམ་རྣམས་བཀོད། ཡབ་ཡུམ་རྣམས་དགའ་བའི་རོལ་མོས་རང་བཞིན་གྱི་རྒྱལ་བ་རྣམས་སྤྱན་དྲངས། ཡབ་ལ་ཡབ་དང་། ཡུམ་ལ་ཡུམ་རྣམས་བསྟིམ། ཡུམ་གྱི་མཁའ་ཟླ་གམ་དམར་པོའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཟླ་བ་ལ་ཨྃ་དམར་པོ། ཡབ་ཀྱི་གསང་གནས་རྡོ་རྗེ་རྩེ་ལྔ་པའི་བུམ་པར་ཉི་མ་ལ་ཨ་དཀར་པོས་མཚན་པར་བསམ་ལ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། རཱ་གོ་ཡ་མེ། རཱ་གོ་ཡ་ཧཾ། ཞེས་སྦྱོར་བའི་བརྡས་ཡབ་ཡུམ་ཕན་ཚུན་བསྣོལ་མར་བསྐུལ་ཏེ། ཛཿཧཱུྃ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་དྲངས་འཁྱུད་སྦྱར་ནས་མཉེས་པར་བྱས་ཏེ་ཧཱུཾ་ཡིག་གླུར་ལེན་ཅིང་བསྲུབས་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་སྙོམས་པར་ཞུགས་ལུས་གནས་ཀྱི་བྱང་སེམས་ཨཾ་གིས་བསྡུས་ཤིང་ཧཱུཾ་གིས་བསྐུལ་ནས་དགའ་བཞིའི་གནས་སུ་ངེས་ཤེས་ཀྱིས་ཟིན་པ་ལས་ལྷན་སྐྱེས་ཀྱི་བདེ་བ་བརྟན་པར་བྱས་ཏེ། ཕཊ་ཅེས་ཡུམ་གྱི་མཁའ་ལ་ཕབ་པའི་བྱང་སེམས་སྣོད་དུ་བཟུང་བ་བདུད་རྩིར་སྦྱར་ནས་གཅིག་ལ་གཅིག་སྟོབ་ཅིང་ལོངས་སྤྱོད་དུ་བཅུག་ལ། རིག་པ་འདི་དང་རྟག་པར་མི་འབྲལ་བར་གྱིས་ཤིག །ཅེས་བསྒོ། དེ་ལྟར་གསང་བའི་དཀྱིལ་འཁོར་དུ་བྱང་སེམས་བདེ་བ་ཆེན་པོས་དབང་བསྐུལ་བས། སེམས་ཀྱི་དྲི་མ་དག་ནས་སངས་རྒྱས་ཀུན་དང་སྐལ་བ་མཉམ་ཞིང་བདེ་བ་ཆེན་པོའི་ཡེ་ཤེས་ལ་ལོངས་སྤྱོད་པའི་མཐུ་དང་ལྡན་པར་བྱས་པའོ། །དེ་ནས་སློབ་མས་མེ་ཏོག་ཕུལ་ཏེ་མཆོད་ནས། སྟོན་མཆོག་རྡོ་རྗེ་སློབ་དཔོན་གྱིས། །བདག་གཞན་ཀུན་ལ་ཕན་པའི་ཕྱིར། །བླ་མེད་དམ་ཚིག་མཆོག་ཉིད་ཀྱིས། །བཀའ་ཡི་ལུང་རྣམས་གནང་བར་མཛོད། །ཅེས་གསོལ་བ་དང་། སློབ་དཔོན་གྱིས་སློབ་མའི་ལྕེ་ལ་བྱང་སེམས་བཞག་ནས་དམ་ཚིག་དཔོག་པ་ནི། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པ་ཡང་ཁྱོད་ཀྱིས་བླང་། །བུད་མེད་དག་ཀྱང་བརྟེན་པར་བྱ། །རྡོ་རྗེའི་ལམ་ནི་འདི་དག་གིས། །སེམས་ཅན་ཐམས་ཅད་བསྐུལ་བར་བྱ། །དཀའ་ཐུབ་ཀྱིས་ནི་གཟིར་མི་བྱ། །ཅི་བདེ་བར་ནི་བདེ་བར་སྤྱད། །འདི་ནི་སངས་རྒྱས་བྱེད་སྤྱོད་ཡིན། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྡིག་པ་མེད་ཀྱིས་ཁྱོད་ལ་འཇིགས། །དམ་ཚིག་འདི་ནི་འདའ་དཀའ་བའོ། །གཞན་ཡང་དམ་ཚིག་ཉམས་པ་དང་། །སྐྱེ་བོ་གང་དག་དམ་ལ་འགོད། །བརྟུལ་ཞུགས་ཁྱོད་ཀྱིས་དེ་དྲོངས་ལ། །ཁྲག་ཆེན་པོ་ནི་འཐུང་བར་གྱི། །སྐལ་ངན་འཇིག་རྟེན་ཉན་ཐོས་ལ། །ནམ་ཡང་དགའ་བར་མི་བྱ་སྟེ། །སྐལ་བཟང་རྡོ་རྗེ་སེམས་དཔའ་གཙོ། །ཁྱོད་ཀྱིས་རྟག་ཏུ་བསྒྲུབ་པར་གྱིས། །ཞེས་རྒྱུད་ལས་འབྱུང་བ་བཞིན་བརྗོད་པར་བྱའོ། །བཞི་པ་གསང་ཆེན་རྫོགས་པའི་དབང་ནི། སྒོམ་ལུང་བཀའི་མན་ངག་དང་། སྙིང་པོ་སྒྲུབ་པའི་མན་ངག་སྦྱིན་པ་གཉིས་ཀྱིས་སྟོན་པ་སྟེ། མཐའ་ཆོད་པ་ནི་གཞན་ལས་ཤེས་པར་བྱ་ཞིང་། སྙིང་པོར་དྲིལ་ན་ཤེས་བྱའི་ཆོས་ཐམས་ཅད་སེམས་སུ་ཐག་བཅད། དེ་ཡང་ངོ་བོར་སྟོང་ཉིད་ནམ་མཁའ་ལྟར་གསལ་ལ་མི་རྟོག་པ་ཆོས་སྐུ། རང་བཞིན་འགག་མེད་ཆེན་པོ་ལྷ་སྐུར་འཆར་བ་ལོངས་སྐུ། ཐུགས་རྗེའི་བྱེ་བྲག་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་མི་ཆད་པར་འབྱུང་བ་སྤྲུལ་པའི་སྐུ་སྟེ། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །ཞེས་གསུངས་པས་འདི་ཁོ་ན་ཕྱག་རྒྱ་ཆེན་པོ་སྟེ། རིགས་ཀྱི་བུ་འདི་ལྟར་ཤེས་པར་གྱིས་ཤིག །ཅེས་དང་། བརྗོད་བྲལ་འདི་ལ་གང་གནས་པ། །རྣལ་འབྱོར་འདི་ནི་སྐལ་པ་བཟང་། །བདག་དང་གཞན་དོན་མི་ཕྱེད་པས། །སྒྱུ་མ་ལྷུན་གྲུབ་ཡུམ་ལ་རོལ། །ཞེས་པ་ལྟར་ལྟ་བས་ཐག་བཅད་ནས། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་ལ་བསླབ་པར་བྱའོ། །དེ་ལྟར་གསང་ཆེན་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ་རྫོགས་པའི་དབང་བསྐུར་བ། རྟོག་པའི་དྲི་མ་ཟག་པ་དང་བཅས་པ་སངས་ཤིང་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྐུ་སྒྱུ་མའི་ཆོ་འཕྲུལ་དུ་རྒྱས་པས་དཔེ་ཆུ་ཟླ་ལྟར་སྣང་སྟོང་དབྱེར་མེད་ཆོས་ཀྱི་དབྱིངས་སུ་རྣམ་པར་དག་ཅིང་རིག་པ་གདེང་དུ་གྱུར་པའི་མཐུ་དང་ལྡན་པར་བྱས་པའོ། །དེ་ནས་རྗེས་དམ་ཚིག་བསྒྲག་པ་ནི། ཇི་སྐད་དུ། དབང་ཐོབ་མཛེས་པ་དེ་དག་གིས། །དུལ་བའི་སེམས་སུ་བཞག་ནས་ནི། །དམ་ཚིག་ཆེན་པོ་ཉེ་བར་གནས། །ཞེས་གསུངས་པས། དཔེར་ན་སྐྱེས་བུ་བཟང་པོ་རིན་པོ་ཆེའི་བརྒྱན་ན་ཤིན་ཏུ་ཡང་མཛེས་པ་བཞིན་དུ། སྣོད་དང་ལྡན་པའི་སློབ་མ་ལ་བཅུད་ལྡན་གྱི་སློབ་དཔོན་གྱིས་ཕྱི་ནང་གསང་བའི་དབང་བསྐུར་ཏེ་ཐོབ་པ་ནི་དེ་དང་འདྲའོ། །དབང་ཐོབ་པ་དེས་ཀྱང་འཕྲལ་དུ་ཁེངས་སེམས་ཀྱི་ང་རྒྱལ་མི་བསྐྱེད། ཡུན་དུ་ཉོན་མོངས་པའི་དབང་དུ་མ་སོང་བར་བྱ་ཞིང་། སྤྱོད་ལམ་ཤིན་ཏུ་བག་ཡོད་དང་ཁྲེལ་འཛེམ་ཆེན་པོས་སྤྱི་དང་ཁྱད་པར་དང་ལྷག་པའི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བ་ལ་ནན་ཏན་དུ་གྱིས་ཤིག །ཅེས་བསྒོ། སློབ་མས་ཀྱང་། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་ཀྱིས་དམ་བཅའ་ཞིང་། གཏང་རག་གི་མཎྜལ་ཕུལ་ནས། མོས་པ་དང་དད་པ་དང་མགུ་བའི་སེམས་ཀྱིས་ཡོན་གྱི་དངོས་པོ་ཇི་ལྟར་འབྱོར་པ་དག་ཅི་ནུས་སུ་ཕུལ་བ་དགེ་བ་བསྔོ་བ་རྣམས་བྱའོ། །ཚོགས་མཆོད་ལ་སོགས་པ་རྗེས་ཀྱི་ཆོ་ག་རྣམས་ནི་དཀྱིལ་ཆོག་ལས་ཤེས་པར་བྱའོ། །རྣལ་འབྱོར་མ་རྒྱུད་རྒྱ་མཚོའི་བླ་མ་མཆོག །རིགས་དྲུག་དཀྱིལ་འཁོར་ཆེ་ལས་ཧེ་རུ་ཀའི། །སྙིང་པོའི་གྲོང་ཁྱེར་མཆོག་ཏུ་བདེར་འཁྲིད་པའི། །ཆོ་ག་བཀླགས་ཆོག་འཇུག་བདེའི་ཁྲིགས་སུ་བཀོད། །ཟབ་ཡང་གཞུང་དོན་ནམ་མཁའི་དཀྱིལ་འཁོར་འདྲ། །ཐོས་ཆུང་བློ་མཐུ་ཁབ་ཀྱི་མིག་ལྟ་བུས། །གཞལ་བར་རློམ་པ་ངལ་བའི་གནས་ཉིད་དེ། །འོན་ཀྱང་ལྷག་པའི་བསམ་པ་ཁོ་ནས་སོ། །འདི་ལས་བསོད་ནམས་དངོས་པོ་གང་ཐོབ་དེས། །ཆོས་ཚུལ་མཆོག་འདི་དར་ཞིང་རྒྱས་པ་དང་། །དེ་ལས་འགྲོ་ཀུན་དཔལ་ཆེན་ཧེ་རུ་ཀའི། །གོ་འཕང་བདེ་ཆེན་རྡོ་རྗེའི་གནས་ཐོབ་ཤོག །དཔལ་ཆེན་ཡང་དག་ལྷ་དགུའི་དབང་གི་ཆོ་ག་བདེ་ཆེན་འཇུག་ངོགས་ཞེས་བྱ་བ་འདི་ནི། ཀུན་བཟང་ཆོས་གླིང་འདུས་སྡེའི་སློབ་དཔོན་པ་སྡོམ་བརྩོན་བསྟན་འཛིན་འགྱུར་མེད་དང་། མདོ་ཁམས་པ་ཨོ་རྒྱན་མཁྱེན་རབ་ཀྱིས་བསྐུལ་བ་དང་། སྔོན་ཆད་འཇུག་བདེའི་དབང་ཆོག་ཁྲིགས་བཀོད་མི་འདུག་པས། ཆོས་ཚུལ་འདི་ཉིད་འཕེལ་རྒྱས་ཀྱི་སྒོར་འགྱུར་བར་དམིགས་ཏེ། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སློབ་དཔོན་ཆེན་པོ་ཧཱུྃ་མཛད་དང་པདྨ་སམ་བྷ་ཝའི་གཞུང་འགྲེལ་ཆ་ལག་དང་བཅས་པ་རྣམས་ལ་ལེགས་པར་བརྟགས་ཤིང་དཔྱད་ནས། ཕྱོགས་ཙམ་མཐོང་བ་དག་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་རྣམ་གནོན་གྱི་ལོ་གྲོ་བཞིན་གྱི་ཟླ་བའི་ཡར་ཚེས་དགེ་བ་ལ་གྲུབ་པར་སྦྱར་བའོ། །དེ་ལྟར་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་སོར་བཞག་ལས། གཞན་དུ་ཞལ་འཕེན་མཛད་པ་རྣམས་དཀྱུས་སུ་བཀོད་ནས་བཀླགས་ཆོག་མར་བགྱིས་པ་འདི་ཡང་། ཆོས་སྨྲ་བའི་བཙུན་པ་གཞན་ཕན་མཐའ་ཡས་པས་སྔ་འགྱུར་བཀའ་མའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡུ་བའི་སྐབས་སུ་འདི་ཉིད་ཀྱི་གཞུང་ཕྱི་མོ་སློབ་དཔོན་ཧཱུྃ་མཛད་ཀྱི་དབང་ཆོག་དང་ཧེ་རུ་ཀ་གལྤོ་མཆན་འགྲེལ་དང་བཅས་པ་ལའང་ལེགས་པར་བསྟུན་ནས་ཞུས་ཤིང་དག་པར་བྱས་ཏེ་གཏན་ལ་ཕབ་པའོ།། །།

དཔལ་ཆེན་ཡང་དག་གི་རྒྱུན་གྱི་རྣལ་འབྱོར་རུ་ལུ་གསང་བའི་དགོངས་པ། རྡོ་རྗེ་ཐུགས་མཆོག་རྩལ།

དཔལ་ཆེན་ཡང་དག་གི་རྒྱུན་གྱི་རྣལ་འབྱོར་རུ་ལུ་གསང་བའི་དགོངས་པ་བཞུགས་སོ༔ ༔ན་མོ་ཤྲཱི་ཧེ་རུ་ཀ་ཡ། དཔལ་ཡང་དག་གི་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ལ་འཇུག་པར་འདོད་པས། རྡོ་རྗེ་སློབ་དཔོན་སོགས་སྐྱབས་སེམས་ཚོགས་བསགས་སྔོན་དུ་འགྲོ་བས། ཐོག་མར་མཉམ་ཉིད་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དབྱིངས་སུ་མཉམ་པར་བཞག་པས་ཏིང་འཛིན་རྣམ་གསུམ་དབྱེར་མེད་ཀྱི་ཚུལ་དུ། ཧཱུྃ༔ ཕྱི་ནང་སྣོད་བཅུད་ཆོས་ཉིད་ཆེན་པོ་ནི༔ རང་བཞིན་རྣམ་དག་སེམས་ཀྱི་སྤྱོད་ཡུལ་ལ༔ སངས་རྒྱས་སེམས་ཅན་གཉིས་སུ་ངས་མ་མཐོང༔ སྣང་སྟོང་དབྱེར་མེད་རྡོ་རྗེ་ཐེག་པའི་ལམ༔ གོ་བའི་ཡུལ་འདི་སངས་རྒྱས་བདེ་ཆེན་ཞིང༔ འདི་ཉིད་རྣམ་དག་སྤྲུལ་སྐུར་ཐུག་ཕྲད་གསལ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དེ་ནས་ཕྱི་སྣོད་གཞལ་ཡས་ཁང་དུ་གསལ་བ། ཧཱུྃ༔ དབང་ཆེན་ཡུམ་ལྔ་འདུས་པའི་མཁའ་དབྱིངས་སུ༔ སྲིན་པོ་མ་ཏྲཾ་བསྒྲལ་བའི་ཁོག་པ་ལ༔ བནྡྷ་ཚར་གསུམ་བརྩེགས་པའི་རྩེགས་པ་བྱས༔ རཀྟའི་སྤྱིན་སྦྱར་གནམ་ལྕགས་གཟེར་ཆེན་བཏབ༔ ཡོན་ཏན་ཆེ་རྒྱས་གྲུ་བཞི་མཆོད་རྟེན་ཚུལ༔ ཟླ་གམ་དབང་ཆེན་སྨུག་ནག་འབར་བ་ན༔ ཀ་བ་མཆོག་བརྒྱད་ལྡན་པའི་རེ་ཆ་དགུ༔ ཚངས་པའི་གདུང་བཞི་མཆོག་ཆེན་ཀ་བ་དང༔ ཉི་ཟླའི་ཀ་ཞུ་ཕག་ཆེན་ཀ་གདན་དང༔ སྦྲུལ་གྱི་སྐྱེས་བུ་ཀ་རུའི་ཡ་སྤྱིབ་ལ༔ རུས་སྦལ་མ་ཐེམ་ཞིང་གི་སྒོ་འགེག་སྟེ༔ ཏ་ལའི་སྐྱེད་ཤིང་འདོད་ཡོན་ལྷ་མོ་དང༔ འབར་བའི་བར་ཁྱམས་དུར་ཁྲོད་གནས་བཅས་ཏེ༔ རབ་འཇིགས་དུར་ཁྲོད་ཆེན་པོའི་རྒྱན་དང་ཆས༔ མཐའ་དང་དབུས་མེད་ཡེ་ཤེས་ནམ་མཁའི་རྒྱ༔ དྲེགས་པ་ཁྱོ་ཤུག་བསྣོལ་ཞིང་ཞིང་ཆེན་བཏིང༔ རབ་གསལ་ཉི་མའི་གདན་དང་བཅས་པ་འདི༔ རྒྱུ་འབྲས་མ་བཀག་དག་པའི་གཞལ་ཡས་ཁང༔ དཔལ་ཆེན་ཁྲག་འཐུང་ཚོགས་ཀྱི་བཞུགས་གནས་ཡིན༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཅུད་ལྷར་གསལ་གདབ་པ། ཧཱུྃ༔ ཆོས་ཉིད་སྐྱེ་མེད་གདོད་ནས་དག་པ་ལ༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་བསྟན་པའི༔ བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་ཡབ་ཡུམ་ལ༔ ཀོ་སིང་ལ་སོགས་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ ཡེ་ཤེས་སྐུར་གསལ་ཐུགས་རྗེས་ཁྱབ་པའི་སྐུ༔ གདུག་པ་འདུལ་ཕྱིར་འཇིགས་བྱེད་སྐུར་སྟོན་པ༔ དུར་ཁྲོད་རྒྱན་མཛེས་གདུག་བྱེད་མཚོན་ཆ་བསྣམས༔ བསྐལ་པའི་མེ་འབར་དུར་ཁྲོད་དཀྱིལ་འཁོར་ན༔ ཁམས་གསུམ་སྟོང་མཛད་ཁྲག་འཐུང་ཕྱག་རྒྱའི་ཚོགས༔ རྒྱུ་འབྲས་མ་བཀག་ལྷ་ཡི་དཀྱིལ་འཁོར་གསལ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དེ་ལྟ་བུའི་ལྷ་དེ་གདོད་ནས་དམ་ཡེ་དབྱེར་མེད་ཀྱི་ངོ་བོར་ངེས་པས་དབང་བསྐུར་བྱིན་རླབས་སྤྱན་འདྲེན་མི་དགོས་ལ། མཆོད་པ་བྱ་བ་ནི། ཧཱུྃ༔ མེ་ཏོག་བདུག་སྤོས་ལྷ་བཤོས་མར་མེ་དང༔ བླ་རེ་རྒྱལ་མཚན་ན་བཟའ་འཕན་དང་གདུགས༔ སིལ་སྙན་རྔ་དུང་རིན་ཆེན་མུ་ཏིག་ཕྲེང༔ གཟུགས་སྒྲ་དྲི་རོ་རེག་སོགས་ལྷ་མོའི་ཚོགས༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་མཆོད་སྤྲིན་རྣམས༔ དངོས་སུ་བཤམས་ཤིང་སེམས་ཀྱིས་རྣམ་སྤྲུལ་ཏེ༔ ཡེ་ཤེས་རང་སྣང་ཞི་ཁྲོའི་དཀྱིལ་འཁོར་ལ༔ འབྲུ་བརྒྱད་འཕྲོ་འདུས་འབུལ་ནས་མཆོད་པ་བཞེས༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དེ་ནས་བཟླས་པ་ལ། ཧཱུྃ་ནི་ཐབས་ཆེན་ཤེས་རབ་སྦྱོང༔ ཡེ་ཤེས་ཐིག་ལེ་ཐུགས་ལ་ཤར༔ ཟུར་བརྒྱད་སྟེང་ན་འབྲུ་བརྒྱད་འཕྲོ༔ ཁམས་གསུམ་སེམས་ཅན་སྡུག་བསྔལ་བསལ༔ རྒྱལ་བ་རྒྱ་མཚོའི་སྐུ་ལ་ཐིམ༔ སྔགས་ཚིག་སྒྲ་ཡི་མཆོད་པས་མཉེས༔ ཚུར་འདུས་དང་པོའི་གནས་སུ་ཐིམ༔ ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ གཉིས་སུ་མེད་པའི་བྱང་ཆུབ་སེམས༔ འབྲུ་བརྒྱད་ཡི་གེ་འཕྲོ་ཞིང་འདུ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླ་ཞིང་སྐབས་སུ་ཛབ་བསྐུལ་བྱ་བ་ནི། ༀ། དཔལ་ཆེན་ཁྲག་འཐུང་ཐུགས་ནི་རིན་པོ་ཆེ༔ ཐུགས་རྗེ་སྐུ་མཆོག་ཡིད་བཞིན་འབྱུང་བའི་གཏེར༔ བདག་ནི་བླ་མེད་བྱང་ཆུབ་མཆོག་སེམས་བསྐྱེད༔ རང་སེམས་གདོད་ནས་མ་སྐྱེས་རིན་པོ་ཆེ༔ ལྷ་དང་གཉིས་སུ་མེད་པར་མཉམ་བཞག་ནས༔ ཨུཏྤལ་འདབ་བརྒྱད་ལྟ་བུའི་ལྗགས་བརྐྱང་ཞིང༔ འཁུར་བ་དབུགས་རིང་ༀ་དང་བཅས་པ་ཡི༔ རུ་ལུ་རུ་ལུ་འཁོར་ལོ་ཚོགས་ཆེན་པོ༔ བར་ཆད་མེད་པའི་བཟླས་བརྗོད་ཏིང་འཛིན་གྱིས༔ སེམས་རྟོག་སྦྱང་ཞིང་དངོས་གྲུབ་སྩལ་དུ་གསོལ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ གཞན་ཡང་སྤྲོ་ན་འོད་ཟེར་དང་ལྷ་ལ་འཕྲོ་འདུ་བཏང་བ་དང་རུ་ལུ་ཕྲིན་ལས་སུ་ཤེས་པ་གཞུང་བཞིན་བྱའོ། །བསྙེན་པ་ཇི་ཙམ་ནུས་པ་དམིགས་པ་གསལ་བས་བཟླ་ཞིང་། རྗེས་སུ་བཟླས་བརྗོད་མཆོད་པར་ཕུལ་བ་ནི། སྒྲུབ་པ་པོའི་བཟླས་བརྗོད་ཀྱི། རུ་ལུ་ཐམས་ཅད་བསྡུས་ཏེ་དཔལ་ཆེན་པོའི་ཐུགས་ཀར་ཕུལ་ལ། ༀ། བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ བདེ་བར་གཤེགས་སོ་ཁྲོ་རྒྱལ་ཚོགས༔ རྒྱལ་བ་རྒྱ་མཚོ་འཁོར་བཅས་ལ༔ བཟླས་བརྗོད་སྔགས་ཀྱི་འཁོར་ལོ་བསྐོར༔ མཆོད་པ་དམ་པ་བླ་ན་མེད༔ བཟླས་བརྗོད་མཆོད་པ་བཞེས་སུ་གསོལ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དེ་ནས་གོང་གི་མཆོད་པ་བྱ། བཤགས་པ་ནི་རུ་ལུ་བཤགས་པར་ཤེས་པའི་སྐབས་བཞིན་བྱའོ། །དེ་ནས་དངོས་གྲུབ་བསྡུ་བ། ཧཱུྃ། ཡེ་ཤེས་འབྱམ་ཀླས་དཀྱིལ་འཁོར་ལ༔ བསྒྲུབ་པའི་དཀྱིལ་འཁོར་བསམ་མི་ཁྱབ༔ ཟླ་གམ་དཀྱིལ་འཁོར་རིན་ཆེན་དབང༔ ནུབ་ཕྱོགས་ངོས་སུ་ཁ་བལྟས་ཏེ༔ དུས་གསུམ་སངས་རྒྱས་ཐམས་ཅད་དང༔ དཔལ་ཆེན་ཁྲག་འཐུང་འཁོར་ཚོགས་ལ༔ ཚོན་གང་ཆོས་ཀྱི་འཁོར་ལོ་ལས༔ རུ་ལུ་འབྲུ་བརྒྱད་འཕྲོ་ཞིང་འདུ༔ ཕར་འཕྲོས་པས་ནི་ཡེ་ཤེས་ལྷའི༔ སྐུ་གསུང་ཐུགས་ལ་མཆོད་པ་འབུལ༔ སླར་འདུས་པས་ནི་སྒྲུབ་པ་པོའི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བསམ་ལ། ཧཱུྃ། ཁྲོ་ལ་ཁྲོས་པས་ཞི་མཛད་པ༔ ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས༔ འབར་པའི་བྱིན་རླབས་རྨད་པོ་ཆེ༔ དེ་ཉིད་དུ་ནི་བདག་ལ་སྩོལ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ལྷ་ཐམས་ཅད་རང་ལ་ཐིམ་པས་དངོས་གྲུབ་ཐོབ་པས་བསམ། བསྡུ་ལྡང་བྲལ་བའི་དོན་ལས་བསྡུ་ལྡང་ལྷར་སྟོན་པ་ནི། ཨཱཿ ཕྱག་རྒྱའི་ཆ་ལུགས་ཐ་དད་ཀྱང༔ དང་པོར་ཆོས་ཉིད་ངང་ལས་བྱུང༔ བར་དུ་སྤྱོད་པ་ཅི་སྤྱད་ཀྱང༔ ཀུན་བཟང་རོལ་པའི་ངང་དུ་སྤྱད༔ ཐ་མར་རོལ་པའི་སྣང་བ་ཡང༔ ཆོས་ཉིད་མཉམ་པའི་ངང་དུ་བསྡུའོ༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས༔ རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར༔ མི་སྐྱེ་མི་འགག་ཅིར་མི་དགོངས༔ མིང་དང་མཚན་མ་མ་གྲུབ་པས༔ མི་གནས་མ་བྲལ་འདུས་མ་བྱས༔ ཆོས་ཀྱི་དབྱིངས་ཀྱིས་བསྲུངས་པས་ན༔ སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ༔ ཅིས་ཀྱང་མི་ཕྱེད་མི་ཤིགས་པའི༔ སྟོང་པའི་གོ་ཆ་བླ་ན་མེད༔ མཚན་མའི་ཡུལ་ཀུན་བཅོམ་ནས་ཀྱང༔ ཐམས་ཅད་མྱུར་དུ་རྒྱལ་བར་གནས༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་པས་གོ་བགོ་བ་བྱས་ནས་དགེ་བསྔོ་བཀྲ་ཤིས་བྱའོ། །འདི་ནི་དཔལ་ཡང་དག་ཧེ་རུ་ཀ་ཆེན་པོའི་སྤྲོས་མེད་དོན་གྱི་རྣལ་འབྱོར་གྲུབ་བརྒྱའི་གཤེགས་ཤུལ་དམ་པ་ལགས་ཏེ། དཔལ་ཧེ་རུ་ཀའི་ཏནྟྲ་ལས་རུ་ལུ་བྱེ་བྲག་ཏུ་ཤེས་པའི་སྐབས་ནས་ལུང་གི་ཚུལ་དུ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་བཏུས་པ་མངྒ་ལཾ། །འདི་ལ་དངོས་གྲུབ་ཇི་འདོད་བཞིན་ཐོབ་པའི་རྟེན་འབྲེལ་མཆོག་ཡོད་དོ། །རབ་ཚེས་ཉི་མ་ལོའི་ཟླ་བ་བརྒྱད་པའི་ཚེས་ཉེར་བརྒྱད་ལའོ་དགེ། ༈ །ཡང་དག་རྒྱུན་ཁྱེར་གྱི་ཚོགས་བཞུགས། མཚན་ལྡན་བནྡྷ་སྟོང་གསུམ་མཉམ་པའི་ནང༔ ཐབས་ཤེས་དབྱེར་མེད་ཚོགས་ཀྱི་ལོངས་སྤྱད་ཆེ༔ འདོད་ཡོན་ལྷ་མོའི་སྤྲིན་ཕུང་རབ་ཏུ་འཕྲོ༔ མཉམ་པའི་དམ་ཚིག་བདེ་ཆེན་རོལ་བར་གྱུར༔ རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ་ཧོ༔ ཧཱུྃ༔ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༔ ཐུགས་རྗེའི་ངང་ཉིད་ཆོས་སྐུའི་རོལ་པ་ལས༔ ཡེ་ཤེས་སྒྱུ་མར་རོལ་ཞིང་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི། བཛྲ་ས་མ་ཡ་ཛ༔ རྡོ་རྗེ་སྒེག་མོ་རྡོ་རྗེ་ཅན༔ རྡོ་རྗེ་མ་ལྱཱེ་རིན་ཆེན་ཕྲེང༔ རྡོ་རྗེ་གིརྟི་པདྨའི་དབྱངས༔ རྡོ་རྗེ་ནིརྟི་ལས་ཀྱི་གར༔ ཐབས་དང་ཤེས་རབ་ཚོགས་ལྡན་པའི༔ དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་རོལ༔ ༀ་ཤྲཱི་བཛྲ་རཱ་ག་ལ་སྱཱ་ཧཱུྃ༔ ༀ་ཤྲཱི་བཛྲ་རཱ་ག་མ་ལྱཱ་ཏྲཾ༔ ༀ་ཤྲཱི་བཛྲ་རཱ་ག་གིརྟི་ཧྲཱི༔ ༀ་ཤྲཱི་བཛྲ་རཱ་ག་ནིརྟི་ཨཱཿ བླ་མེད་མཆོག་གི་མཆོད་པ་དམ་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ དམ་ཚིག་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོཿ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ རྩ་བ་ཡན་ལག་བཅས་པའི་དམ་ཚིག་ལས༔ སེམས་ཅན་དབང་གིས་ནོར་འཁྲུལ་ཇི་མཆིས་པ༔ མི་འཆབ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཡིག་བརྒྱ། ཨེ་ནྲྀ་ཏྲི་ཛ་ཧཱུྃ་བྃ་ཧོ༔ པྲ་བེ་ཤ་ཡ་ཕཊ༔ ཨཱ་བེ་ཤ་ཡ་ཨཱ༔ ཁྲག་འཐུང་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཞིང་གྱུར་དག་ནི་སུ་ཡང་རུང༔ མ་ལུས་བསྡུས་ཏེ་བརླག་པར་མཛོད༔ སརྦ་དུཥྚན་མཱ་རཱ་ཡ་ཕཊ༔ དབྱིངས་ཀྱི་ཞལ་ནི་དུག་གསུམ་རོལ་པའི་ཧོམ༔ འབར་བའི་ཀློང་དུ་དུག་གསུམ་བམ་གྱི་ཚོགས༔ འབུལ་ལོ་ཨ་ལ་ལ་སྟེ་བཞེས་ནས་ཀྱང༔ དངོས་གྲུབ་བར་ཆོད་བདུད་རྣམས་མེད་པར་གྱིས༔ མ་ཧཱ་པཱུ་ཛ་ཁཱ་ཧི༔ མཉམ་པའི་ལོངས་སྤྱོད་བདེ་བ་ཆེ༔ མཚན་ལྡན་སྦྱོར་བས་ཐམས་ཅད་འགྲུབ༔ ལྷ་ཚོགས་ཀུན་ཀྱང་དེ་བཞིན་དུ༔ དགྱེས་སྦྱོར་བདེ་བའི་དངོས་གྲུབ་ཐོབ༔ མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ དངོས་པོ་ཆོས་ཉིད་ཡངས་པའི་ཀློང་དུ་བསྐང༔ སྣང་བ་ཡེ་ཤེས་ཆེན་པོའི་ཀློང་དུ་བསྐང༔ གསལ་བ་ཤེས་རབ་འབར་བའི་ཀློང་དུ་བསྐང༔ སྡུག་བསྔལ་བདེ་ཆེན་ཀ་དག་ཀློང་དུ་བསྐང་༔ ཀུན་རྫོབ་དོན་དམ་གཉིས་སུ་མེད་པར་བསྐང༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ བསྐང་དུ་མེད་དེ་སྐྱེ་མེད་ཀློང་དུ་བསྐང༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ བསྒྲལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས་དམ་བསྐང༔ ལྷག་མ་བསྡུས་ཏེ་བརླབས། ཁྲག་འཐུང་རོལ་པའི་བཀའ་ཉན་ནི༔ འབར་མ་ལ་སོགས་ལྷག་སྡུད་ཚོགས༔ ཚུར་གཤེགས་དཔལ་གྱི་ཕམ་ཕབ་བཞེས༔ དམ་སྐོང་ཕྲིན་ལས་འགྲུབ་པར་མཛོད༔ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ༔ འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པ་དང༔ རབ་འབྱམས་རྒྱལ་བའི་བཀའ་དབང་ཐོབ་ནས་ནི༔ འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག༔ རྣལ་འབྱོར་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས༔ དེ་དག་མ་སྐྱེས་པ་ནི་ཡུམ་གྱི་མཁའ༔ ཡབ་ཡུམ་དབྱེ་བ་མེད་པའི་སྐུ་གསུང་ཐུགས༔ འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་ཤོག༔ བཀྲ་ཤིས་གང་ཞིག་དངོས་གྲུབ་འབྱུང་བའི་གནས༔ འབར་བའི་རྒྱལ་པོ་ཁྲག་འཐུང་རོལ་པའི་སྐུ༔ མཁའ་འགྲོ་མང་པོ་བདེ་བའི་ཚོགས་དང་རོལ༔ མཆོག་ཏུ་མི་འགྱུར་ཀུན་ནས་གྲུབ་པར་ཤོག༔ གྲུབ་པའི་འབྲས་བུ་མཐའ་ཡས་ཀྱི༔ སེམས་ཅན་དོན་ཀུན་གྲུབ་པ་དང༔ དོན་གྲུབ་བསམ་པ་འགྲུབ་གྱུར་པའི༔ བཀྲ་ཤིས་ཀུན་གྱིས་བཀྲ་ཤིག་ཤོག༔ ཚོགས་དང་སྨོན་ལམ་བཀྲ་ཤིས་དང་བཅས་པ་འདི་ནི་ཆོ་ག་སྔ་མའི་ཁ་སྐོང་དུ་དཔའ་བོ་ལས་རབ་གླིང་པ་ལ་དག་སྣང་གི་ཚུལ་དུ་བཀའ་བབས་པའོ། །འདི་ཡང་རྒྱུད་ཀྱི་ཚིག་ཤ་སྟག་ཡིན་པར་འདུག་གོ། །མངྒ་ལཾ། ༈ །ཧེ་རུ་ཀའི་ཀ་ལྤོ་ལས། རུ་ལུ་བཤགས་པར་ཤེས་པ་ནི། ༀ། ཡེ་ཤེས་ལྷ་ཚོགས་ཞི་ཁྲོའི་དཀྱིལ་འཁོར་འདིར༔ རིག་འཛིན་དམ་ཅན་རྒྱ་མཚོ་དགོངས་སུ་གསོལ༔ ཚེ་རབས་ཐོག་མཐའ་མེད་པའི་དུས་མཐའ་ནས༔ ད་ལྟ་ལུས་འདི་བླངས་པ་ཡན་ཆོད་དུ༔ རང་སེམས་མ་རིག་བདག་ཏུ་བཟུང་པ་ཡིས༔ འཁོར་བའི་ཉེས་སྐྱོན་སྣ་ཚོགས་བྱུང་ནས་སུ༔ ཀུན་གཞིའི་བློ་ལ་བག་ཆགས་བསགས་པ་དང༔ བར་དུ་ཐུགས་རྗེས་བཟུང་དང་སྩོལ་བ་ཡིས༔ བྱང་ཆུབ་སེམས་བསྐྱེད་ཐར་ལམ་སྒོར་ཞུགས་ཏེ༔ ཐེག་པ་རིམ་པར་བགྲོད་ཅིང་སྤྱད་པའི་ཚེ༔ ཚུལ་ཁྲིམས་སྡོམ་པ་ཕྱི་ནང་དམ་ཚིག་ལས༔ ཞིག་རལ་ཆག་ཉམས་གྱུར་པ་ཇི་མཆིས་དང༔ ཁྱད་པར་གསང་སྔགས་ཐེག་པའི་སྒོར་ཞུགས་ནས༔ འདའ་དཀའ་སྡོམ་པའི་དམ་ཚིག་མནོས་པ་ལས༔ སྔོན་དུ་སྤྱོད་པའི་གོམས་ཤུགས་ཆུང་བ་ཡིས༔ ཉམས་སུ་མ་རྟོགས་གཞུང་བཞིན་མ་སྤྱད་དེ༔ བླ་མ་མཆེད་ལ་སྲི་ཞུ་བརྩེ་གདུང་ཆུང༔ སྔགས་དང་ཕྱག་རྒྱ་རྒྱུན་བཅད་གསང་ཚིག་སྤེལ༔ མཛད་སྤྱོད་རྣམ་ལྔས་འགྲོ་དོན་ལྷུར་མ་སྤང༔ དུག་ལྔ་རྣམ་གྲོལ་ལམ་དུ་གནས་མ་གྱུར༔ མཉམ་པའི་མཆོད་པས་ལྟ་བ་ཐག་མ་ཆོད༔ ཤེས་པར་བྱ་བའི་སྤྱད་ཡུལ་ཡལ་བར་དོར༔ གྲུབ་པར་བྱ་བའི་འབྲས་བུ་རྒྱུན་ཐག་བསྲིང༔ དབང་དང་མི་ལྡན་ཆོས་བཤད་ལས་རྣམས་བརྩམ༔ རྟོགས་པ་སྟོབས་ཆུང་དག་བསྒོམ་བསྒྲུབ་ལ་གཡེང༔ དམ་རྫས་མཆོད་ཚོགས་གཞུང་བཞིན་མ་སྟོབ་དང༔ དམ་བཅས་ཁས་བླང་བགྱིས་ཀུན་རྗེས་མ་སློབ༔ བྱང་ཆུབ་རིགས་ཅན་སྤྱོད་པས་ཐུགས་མ་བསྲུང༔ བར་ཆད་གནོད་སྐྱེན་མ་བཟོད་འཁྲུལ་སེམས་ཤོར༔ སྣོད་དང་མི་ལྡན་གྲོགས་ངན་གྲིབ་མས་ཕོག༔ དེ་ལ་སོགས་ཏེ་ཉེས་སྡིག་ཇི་བསགས་པ༔ གནོང་འགྱོད་མཐོལ་བཤགས་བཟོད་པར་གསོལ་ལགས་ན༔ བྱམས་མགོན་ཐུགས་རྗེས་ཚངས་པར་སྩལ་དུ་གསོལ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཤགས་ཡུལ་ལྷ་དང་མཁའ་འགྲོ་རིག་འཛིན་ཕོ་ཉའི་ཚོགས་ལ་རུ་ལུ་འབྲུ་བརྒྱད་ཀྱི་ཡེ་ཤེས་འོད་ཟེར་ཕར་འཕྲོས་པས་ཐམས་ཅད་ཡེ་ཤེས་ཀྱི་འོད་ཕུང་དུ་གྱུར། བདག་ལ་ཚུར་འདུས་པས་ཉེས་སྐྱོན་བྱང་ཞིང་དག་ནས་ཡེ་ཤེས་ཀྱི་སྐུ་ནག་ནོག་གི་དྲི་མ་དང་བྲལ་བ་ཤེལ་སྒོང་ཕྱིས་པ་ལྟར་གསལ་ཞིང་དྭངས་པར་བསམ་མོ། །དགེའོ། །དགེའོ།། །།

ཡང་དག་ཧེ་རུ་ཀ་ཚོམ་བུ་ཚོགས་སུ་སྒྲུབ་པའི་པྲ་ཁྲིད་ལག་ལེན་གསལ་བར་བཀོད་པ་བདེ་ཆེན་རོལ་མཚོ། བློ་གྲོས་མཐའ་ཡས།

ཡང་དག་ཧེ་རུ་ཀ་ཚོམ་བུ་ཚོགས་སུ་སྒྲུབ་པའི་པྲ་ཁྲིད་ལག་ལེན་གསལ་བར་བཀོད་པ་བདེ་ཆེན་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །བླ་མ་དང་དཔལ་ཡང་དག་གྲུབ་པ་གཅིག་པུ་ལ་ཕྱག་འཚལ་ལོ། །རྒྱུད་དང་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་སེམས། །འབར་བའི་སྐུར་བཞེངས་བདེ་ཆེན་གཟི་མདངས་ཅན། །མཆོག་གི་དངོས་གྲུབ་སྩོལ་ལ་མཐུ་མྱུར་བ། །སྙིང་པོའི་ཧེ་རུ་ཀ་དཔལ་དེ་ཡིས་སྐྱོངས། །ཁྲག་འཐུང་གལྤོའི་རྒྱུད་དང་ཧཱུཾ་ཀ་ར། །པདྨའི་ཞལ་ལུང་ཡང་དག་གསང་འགྲེལ་སོགས། །ཁུངས་བཙུན་བྱིན་རླབས་གཟི་ལྡན་དགོངས་པའི་གནད། །དཀྱུས་སུ་བསྡེབས་ལ་བཀའ་ཡི་གནང་བ་སྩོལ། །གྲུབ་མཆོག་ཀུན་གྱི་གཤེགས་ཤུལ་གཅིག་པུ་བ། །ད་དུང་སྨིན་གྲོལ་ས་བོན་ས་སྟེང་དུ། །གནས་འདིར་འཇུག་པའི་སྐལ་ཅན་ཡོད་ན་དེང་། །འདིར་བྱོན་ཁོང་པའི་སྙིང་ལྟར་གཅེས་པར་ཟུང་། །འཇིག་རྟེན་ལས་འདས་པའི་མདོ་ཆེན་པོ་དང་། ཧེ་རུ་ཀ་གལྤོར་གྲགས་པ་ཁྲག་འཐུང་གི་རྟོགས་པ་ཞིབ་མོ་ལས་རྒྱས་པར་བསྟན་པའི་ཡང་དག་གྲུབ་པ་གཅིག་པུའི་རྒྱུད་དོན་མན་ངག་གི་གནད་ཀྱིས་བཀྲོལ་ཞིང་ལག་ལེན་དུ་བསྡེབ་པ་ལ། དམ་ཚིག་གི་གཞི་བཟུང་། ལྟ་བས་ཐག་བཅད། ཏིང་ངེ་འཛིན་གྱིས་ཉམས་སུ་ལེན། སྤྱོད་པས་ལ་དོར། དབང་གི་གོམ་པ་བཙལ། མན་ངག་གིས་དོན་སྒྲུབ་པ་སྟེ་མཐའ་དྲུག་རྫོགས་པར་བྱ། ཤེས་རབ་དང་ཏིང་ངེ་འཛིན་གྱི་ཡོ་བྱད་གཉིས་ལ་ལོངས་སྤྱོད། དཀྱིལ་འཁོར་རྣམ་པ་དགུས་གཏན་ལ་དབབ། སྐབས་སྦྱོར་བཅོ་བརྒྱད་ཀྱིས་བར་མཚམས་བཟུང་། ལུང་ཆེན་དགུས་ལག་ལེན་གྱི་དོན་བསྡེབས་པ་སྟེ་མན་ངག་གི་རྒྱན་ལྔ་དང་ལྡན་པས་རྒྱུད་ལ་ཕྱིན་ཅི་མ་ལོག་པར་ཞུགས་པའི་གྲུབ་དོན། ཉམས་ལེན་སྙིང་པོ་བྱེ་བྲག་ཏུ་བསྟན་པ་ལ་གསུམ། དམིགས་པར་བྱ་བའི་ཡུལ། སྒྲུབ་པར་བྱ་བའི་ཐབས། བསྒྲུབས་པས་གྲུབ་པའི་འབྲས་བུའོ། །དང་པོ་ལ་གསུམ། ངོ་བོ་ངོས་བཟུང་། མཚན་ཉིད་ཀྱི་ཁྱད་པར་བརྗོད། གྲུབ་པའི་འབྲེལ་དགོད་པའོ། །དང་པོ་ནི། རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའ་ཉིད་གདུལ་བྱའི་དབང་གིས་དཔལ་ཆེན་པོ་ཁྲོ་བོའི་སྐུར་བསྟན་པ་དེ་ཉིད་དོ། །གཉིས་པ་ནི། རྒྱུད་ལས། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོའི་སྒྱུ་མ་བདེ་མཆོག་བདེ། །ཞེས་གསུངས་ཏེ། ཆོས་དབྱིངས་ཡང་དག་པའི་དོན་ཡེ་ཇི་བཞིན་པ་དེ་ཉིད་རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་ནས་གྲུབ་སྟེ་དབྱིངས་ཡེ་གཉིས་མེད་གཅིག་པུར་གྱུར་པ། ཕྱོགས་དུས་སངས་རྒྱས་ཀུན་གྱི་བདེ་ཆེན་ལོངས་སྤྱོད་ཀུན་འདུས་ཤིང་ཆོས་ཉིད་མཉམ་པ་ཉིད་ཀྱི་རྣལ་འབྱོར་ལ་སྙོམས་པར་འཇུག་པའི་ཟབ་མོའི་གནས་ལས་མི་གཡོ་བ། སྐུ་གསུམ་རྫོགས་པས་མངའ་བས་རང་གི་དོན་ལྷུན་གྱིས་གྲུབ་ལ། ཡེ་ཤེས་དང་ཐུགས་རྗེས་འཁོར་བ་མ་སྟོངས་ཀྱི་བར་དུ་མཁའ་ཁྱབ་སེམས་ཅན་ཁམས་ཀྱི་རྗེས་སུ་ཁྱབ་པར་འགྲོ་ཞིང་། སྐུ་གསུང་ཐུགས་སྒྱུ་མ་ལྟ་བུས་འདོད་ཡོན་ལྔ་ལ་ཞེན་ཅིང་ཆགས་པ་ཐམས་ཅད་ཐབས་བདེ་བ་མཆོག་གི་གར་གྱིས་འདུལ་ཡང་ཉོན་མོངས་པས་མི་གོས་པར་བདེ་བའི་རོལ་མོས་གཞན་དོན་མཐར་ཕྱིན་པར་མཛད་པའོ། །གསུམ་པ་ནི། དེ་ལྟ་བུའི་སངས་རྒྱས་ཀྱི་ཡུལ་ལ་སེམས་ཅན་གྱི་བློས་བཟུང་ཞིང་དམིགས་པས་འདོད་པའི་འབྲས་བུ་འབྱིན་པར་འགྱུར་རམ་སྙམ་ན། སེམས་ཅན་ལ་ཤེས་པ་དང་། ཡུལ་དང་། ཕུང་པོ་དང་། ཉོན་མོངས་པའི་ཚོགས་དྲུག་ཏུ་གནས་པ་དེ་ཉིད་རྣལ་འབྱོར་པས་དག་མཉམ་ཡངས་པ་ཆེན་པོའི་རྟོགས་དགོངས་ཀྱི་ལམ་དུ་བྱས་པས། རྣམ་ཤེས་སྐུ་གསུམ་དུ་རྫོགས། ཡུལ་དྲུག་ཆོས་དབྱིངས་ཡུམ་གྱི་ཀློང་དུ་གྲོལ། ཕུང་པོ་རིགས་ལྔ་གནས་གྱུར། ཉོན་མོངས་པ་ཡེ་ཤེས་སུ་ཤར་ཏེ་མདོར་ན་འཁོར་བའི་ཆོས་རྣམས་སྤང་དུ་མེད་པར་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དྲུག་གི་ངོ་བོར་འཚང་རྒྱ་བ་ཡིན་པས་གསང་སྔགས་ཐབས་ཀྱིས་ཆེ་བའི་ལམ་ཞེས་པ་འདི་གྲུབ་པའོ། །གཉིས་པ་སྒྲུབ་པར་བྱེད་པའི་ཐབས་ལ། སྤྱིར་ཀུན་འདུས་རིག་པའི་མདོ་ལས་གསུངས་པ་རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་དང་། རྒྱུད་འདས་མདོ། ལུང་གལྤོ། མན་ངག་ཡང་དག་གྲུབ་པའི་དོན་དྲིལ་བ་བཛྲ་ཧེ་རུ་ཀ་ཐུགས་ཀྱི་སྒྲུབ་ལུགས་གཉིས་སུ་ཡོད་པ་ལས། འདིར་ཕྱི་མ་ལྟར་འཆད་པའི་སྐབས་ཡིན། དེ་ལ་གྲུབ་པའི་སློབ་དཔོན་རྣམས་ཀྱི་བཞེད་པས་སྔོམ་གཉིས་ཏེ། ཐབས་ཀྱི་ཡན་ལག་དང་། ཐབས་ཀྱི་ངོ་བོའོ། །དང་པོ་ནི། ཐོག་མར་མ་སྨིན་པ་སྨིན་པར་བྱེད་པའི་སྐབས་སུ་སློབ་མ་དང་། སྨིན་པ་གྲོལ་བྱེད་ཀྱི་ལམ་སྒྲུབ་པའི་སྐབས་འདིར་སྒྲུབ་པ་པོ་རྣམས་ལ་ཚོགས་དགོས་ཏེ། དེ་ལ་ལྔ། སྤྱིར་སྣོད་ལྡན་གྱི་མཚན་ཉིད། དེ་ལ་དགོས་པའི་དམ་ཚིག །གཙང་སྦྲ། བརྟུལ་ཞུགས། དེ་ལས་ལྡོག་པའི་ཉེས་པ་བསྟན་པའོ། །དང་པོ་ནི། རིགས་མཐོ་ཞིང་བཙུན་ལ་ཡུལ་གྱི་གཤིས་བཟང་བ་དད་པ་དང་ཤེས་རབ་ཆེ་བ་སྟེ་བརྟག་ཡུལ་གྱི་ཡོན་ཏན་བཞི་ཚང་བའི་གང་ཟག །ཐོས་བསམ་སྒོམ་པ་གསང་བའི་ཤེས་རབ་རྣམ་པ་བཞིས་དུག་ཅན་ཁ་སྦུབ་ཕྲེད་ཉལ་ཞབས་བརྡོལ་གྱི་སྣོད་བཞི་ཁ་ཕྱེས་པའོ། །གཉིས་པ་ནི། རྩ་བ་ཡན་ལག་བྱང་ཆུབ་སེམས་ཀྱི་དམ་ཚིག་མཐའ་དག་བླངས་ནས་འདས་ཉམས་ཀྱི་སྐྱོན་མ་བྱུང་བའམ། བྱུང་ཡང་ཕྱིར་བཅོས་ཀྱིས་རྒྱུད་དག་པའོ། །གསུམ་པ་ནི། མཆོག་ཁོ་ན་དོན་དུ་གཉེར་བ་ཕོ་ཉའི་གཙང་སྦྲ། འདུ་ཤེས་གསུམ་དང་མི་འབྲལ་བ་སྦྱོར་བའི་གཙང་སྦྲ། ལྕགས་ཀྱུ་དང་སྒྲོན་མའི་བཟའ་བཏུང་ལ་སྤྱོད་པ་ཟས་གཅིག་ཏུ་ཟ་བའི་གཙང་སྦྲ་གསུམ་དང་ལྡན་པའོ། །བཞི་པ་ནི། དབང་དང་དམ་ཚིག་ལ་གནས་པས་ཐོག་མར་དབེན་པའི་གནས་སུ་ཟླ་གམ་གཅིག་པའི་རྣལ་འབྱོར་ལ་བརྟེན་ནས་བསྙེན་པ་དང་། བཟའ་དང་སྤྱོད་པའི་བརྟུལ་ཞུགས་ལྷག་པོར་སྤྱད་པས་ཉེ་བར་བསྙེན་པ་མཐར་དབྱུང་བའོ། །ལྔ་པ་ནི། བློ་དམན་པས་རྨད་དུ་བྱུང་བའི་སྤྱོད་པ་ལ་སོམ་ཉི་ཟ། ཤེས་རབ་ཆུང་བས་གསང་སྔགས་ཟབ་མོའི་དོན་མི་གོ། །རྟོག་འཛིན་དང་མ་བྲལ་བས་ཚུལ་འདི་བསྒྲུབས་ཀྱང་མི་འགྲུབ་པ་འདི་ཕྱི་གཉིས་ཀ་ཕུང་བར་འགྱུར་བས་དེ་ལྟ་བུ་ཚུལ་འདིའི་སྣོད་དུ་གཟུང་བར་མི་བྱའོ། །གཉིས་པ་ཐབས་ཀྱི་ངོ་བོ་བསྟན་པ་ལ་དོན་བཞི། ཕུན་སུམ་ཚོགས་པ་བཞི་དང་ལྡན་པས་སྔོན་འགྲོའི་རིམ་པ་བསྟན་པ། རྫས་བརྟག་ཅིང་བཙལ་བ། ས་གཞི་བརྟག་ཅིང་ས་ཆོག་བྱ་བ། ཕྲིན་ལས་ཀྱི་རིམ་པས་སྒྲུབ་པ་ཆེན་པོའི་གཞུང་བསྲང་བའོ། །དང་པོ་ལ་གཉིས། སྤྱིའི་མན་ངག་གི་སྡོམ། ཁྱད་པར་དགོས་པའི་དོན་བསྟན་པའོ། །དང་པོ་ནི། ལྟ་བ་དང་སྤྱོད་པ་དང་ཕྲིན་ལས་དང་དམ་ཚིག་བཞི་པོ་མན་ངག་ཏུ་བསྟན་པའི་དོན་རྒྱུད་ལ་ལྡན་པ་དག་སྒྲུབ་པ་འདི་ལ་འཇུག་དགོས་པའོ། །གཉིས་པ་ལ་བཞི་ལས། དང་པོ་ཤེས་པ་ཕུན་སུམ་ཚོགས་པ་ནི། རྡོ་རྗེ་སློབ་དཔོན་ལུང་དང་མན་ངག་རབ་འབྲིང་ཐ་མར་ཤེས་ལ་ཁྱད་པར་ཕྱི་ནང་གསང་བའི་དབང་ཐོབ་ཅིང་ཡོན་ཏན་བརྒྱད་དང་ལྡན་པ། རྡོ་རྗེ་གཟུངས་མ་སྦྱོར་བའི་སྒྱུ་རྩལ་ཤེས་ཤིང་མཚན་སུམ་ཅུ་ལྡན་ལ་དད་པ་ཆེ་བ། གིང་གཡོག་ལུས་དང་ངག་དང་ཡི་གེའི་བརྡ་ཤེས་པ། འཁོར་ཕྱག་རྒྱ་སྒོམ་པ་དང་ལས་ཀྱི་གོ་རིམ་ཤེས་པ་རྣམས་སོ། །གཉིས་པ་འཁོར་ཕུན་སུམ་ཚོགས་པ་ནི། དགྱེས་པ་བསྐྱེད་པའི་འཁོར་གཟུངས་མ། མཆོད་པ་སྟོབ་པའི་འཁོར་བྱན་མོ་ཕྱག་ཚང་བ། ཐུགས་དང་འཐད་པའི་འཁོར་མཆེད་ལྕམ་དམ་ཚིག་ཅན། རྡུལ་ཕྱག་སྐྱེས་བུའི་འཁོར་ཕྱི་ནང་གི་མངགས་གཞུག་པ་རྣམས་ཏེ་ཀུན་ཀྱང་སྒོ་གསུམ་གྱི་སྐྱོན་དྲུག་སྤངས་ཤིག་མི་ཕྱེད་པ་བདུན་དང་ལྡན་པའོ། །གསུམ་པ་གནས་ཕུན་སུམ་ཚོགས་པ་ནི། ཏིང་འཛིན་ཡེ་ཤེས་མཆོག་གི་གནས་རྣལ་འབྱོར་པ་ཏིང་ངེ་འཛིན་གོང་དུ་འཕེལ་བ། བཀྲ་ཤིས་དག་པའ ི་གནས་སྔོན་འཕགས་པ་དང་གྲུབ་ཐོབ་ཀྱིས་བྱིན་གྱིས་བརླབས་པ། ཡིད་འོང་ཉམས་དགའི་གནས་དབེན་ལ་མཐུན་རྐྱེན་ཚོགས་པ། སྒྲུབ་པ་དུས་ཀྱི་གནས་དུས་གང་དུ་བཏབ་པའི་སར་བསྒྲུབ་པར་བྱའོ། །བཞི་པ་ཡོ་བྱད་ཕུན་སུམ་ཚོགས་པ་ནི། སྒྲུབ་པའི་ཚེ་བཟའ་བཏུང་བལྡབས་འགྱུར་དུ་འདོད་པ་འཚོ་བ་ཟས་ཀྱི་ཡོ་བྱད། འདུ་བ་འཁྲུགས་པའི་གཉེན་པོ་རྐྱེན་ཟློག་སྨན་གྱི་ཡོ་བྱད། ལྷ་སྒྲུབ་པའི་རྟེན། དངོས་གྲུབ་ཀྱི་རྫས། དབང་བསྐུར་བའི་ཆས། རྨད་དུ་བྱུང་བའི་དམ་རྫས་རྣམས་ནི་སྒྲུབ་པ་རྫས་ཀྱི་ཡོ་བྱད། ཕྱི་ནང་གསང་བའི་མཆོད་རྫས་རྣམས་ནི་མཆོད་པ་རྫས་ཀྱི་ཡོ་བྱད་དེ། དེ་ཐམས་ཅད་མ་ཚང་བ་མེད་པར་འཚོགས་པར་བྱའོ། །རྩ་བའི་གཉིས་པ་དངོས་གྲུབ་ཆེན་པོའི་དམ་རྫས་བམ་བརྟག་ཅིང་བཙལ་བའི་ཚུལ་ནི། དེང་སང་ཕྱག་ལེན་མཛད་པ་པོ་མེད་པས་མ་སྨོས་སོ། །གསུམ་པ་ལ་གཉིས། ས་བརྟག་པ། སའི་ཆོ་གའི་རིམ་པའོ། །དང་པོ་ནི། རྒྱུད་ལས། ཞི་བའི་དགོན་གནས་ལྷ་ཡི་གནས། །རི་བོ་ཆེན་པོ་འདུས་པའི་རྩེ། །གངས་དཀར་ཤེལ་གྱིས་གཏམས་པའི་འདབས། །སེང་ཆེན་འདྲ་བའི་གནས་སུ་བྱ། །འཁྲོ་བའི་དགོན་ནས་སྲིན་པོའི་གནས། །རི་བོ་ཆེན་པོ་བཙན་པོའི་ངོས། །བྲག་དམར་གཏམས་པའི་དཀྱིལ་ངོས་ལ། །སྟག་དྲེད་འཐབ་པའི་གནས་སུ་བྱ། །མ་མོའི་དགོན་གནས་དུར་ཁྲོད་དང་། །ཤིན་ཏུ་དབེན་པའི་ས་ཕྱོགས་སུ། །གསར་རྙིང་དབུགས་བྲལ་ལམ་བདུན་གྱིས། །གཅན་གཟན་བྱ་རྣམས་འདུ་སར་བྱ། །ཞེས་སོགས་སམ། རྡོ་རྗེ་རིགས་ཀྱི་གནས་མཆོག་ནི། །དུར་ཁྲོད་དང་ནི་ལྷ་རྟེན་དག །མ་མོའི་ཁྱིམ་དང་ཡིད་འོང་དུ། །དེར་ནི་ས་ཡི་ཆོ་ག་བྱ། །ཞེས་གསུངས་པའི་གནས་དེ་ལྟ་བུ་ལ་ནམ་མཁའ་འཁོར་ལོ་ལྟ་བུ་མཉམ་པར་བྲེས་ཤིང་། ས་གཞི་པདྨ་འདྲ་བ་ལས་དབུས་མཐོ་བ། བར་སྣང་བདུད་རྩི་འབབ་པ་འདྲ་བའི་མཚན་ཉིད་ཅན་ཏེ་སྤྱི་དང་། ཁྱད་པར་རིགས་དང་ལས་མཐུན་གྱི་གནས་སུ་གསུངས་པའི་ཡོན་ཏན་རྣམས་ཚང་ལ་གཤིན་རྗེའི་མདུང་གི་ཕོག་པ་སོགས་སྐྱོན་སྤངས་པ་བརྟག་ཅིང་བཙལ་བར་བྱའོ། །གཉིས་པ་ལ། རྒྱུད་ལས། བླང་དང་བརྟག་དང་སྦྱོང་བ་དང་། །བགེགས་བསྐྲད་ས་བཟུང་དཔང་པོར་བཞག །ཅེས་དོན་དྲུག་ཏུ་གསུངས་པའི་དང་པོ་ས་སློང་བ་ནི། བརྟགས་པས་རུང་བའི་ས་དེར་རྒྱལ་པོ་སོགས་ལ་བདེན་པའི་ཚིག་གིས་བླང་བའམ། རིན་གྱིས་ཉོས་ནས་རང་དབང་དུ་བྱས། དཀྱིལ་འཁོར་གང་དུ་བྱ་བའི་གཞི་དེར་བ་བྱུང་དང་དྲི་བཟང་དང་བདུད་རྩི་ལྔ་ལ་སོགས་པའི་མཎྜལ་བྱས་ལ། མེ་ཏོག་གི་ཚོམ་བུ་དགོད། མཆོད་པ་རྣམ་པ་ལྔ་དང་། ཉེར་ལྔའི་རྫས་དང་དཀར་གསུམ་ལས་བྱས་པའི་གཏོར་མ་ཆ་གཉིས་བཤམས་ལ། ཐོག་མར་བརྒྱུད་པའི་གསོལ་འདེབས་དང་། སྒྲུབ་ཐབས་ལྟར་རྒྱུན་བཤགས་ཡན་ལག་བརྒྱད་པ་དང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། བདག་ཉིད་རྩ་བའི་ལྷར་བསྒོམ་པ་ནི། ཆོས་ཉིད་རྣམ་པར་མི་རྟོག་པའི་ངང་ལས་རང་སེམས་ཡི་གེ་ཧཱུཾ་མཐིང་ག་འོད་འབར་བ་དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ཚུར་འདུས་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཞིག་ཏུ་གྱུར། དེ་ལས་འོད་ཟེར་འཕྲོས། དོན་བྱས་ཏེ་ཚུར་འདུས། ཧཱུྃ་྄ བཛྲ་དྷིཀ྄། ཞེས་བརྗོད་པས་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཞི་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས་པ། སེང་གེ་པདྨ་ཉི་ཟླའི་གདན་ལ་ཞབས་མཉམ་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་རྡོ་རྗེ་གསུམ་གྱི་ངོ་བོ་ཡིག་འབྲུ་གསུམ་གྱིས་མཚན་པའོ། །མཆོད་གཏོར་རྣམས་རྒྱས་པར་སྤྲོ་ན་ཆོས་ཉིད་རྣམ་དག་སོགས་སྔགས་དྲུག་ཕྱག་རྒྱ་དྲུག་ལན་གསུམ་གྱིས་བྱིན་གྱིས་བརླབ། མདོར་བསྡུ་ན། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཡིག་ཞུ་བ་ལས་བྱུང་བའི་གཏོར་མ་དང་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཟག་མེད་ཀྱི་བདེ་བ་སྐྱེད་པར་བྱེད་པའི་འདོད་ཡོན་གྱི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་གྱུར། སོ་སོའི་རྒྱ་དང་བཅས་ཏེ། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤཔྡའི་བར་དང་། ༀ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། དེ་ནས་ས་བདག་སྤྱི་ལས་བསླང་བ་ནི། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཛཿ ཞེས་དྲངས་ལ། ས་བདག་ལྷ་ཀླུ་འཁོར་དང་བཅས། །གཏོར་མ་དམ་པ་འདི་བཞེས་པ། །བདག་གི་བསྙེན་སྒྲུབ་མ་ཐོན་བར། །ཁྱེད་ལ་གནས་འདི་བདག་གཡར་གྱིས། །ཅི་བདེ་བར་ནི་གནང་དུ་གསོལ། །ཞེས་བརྗོད་ལ་ཨརྒྷཾ་སྦྲེང་ཞིང་དཀར་གཏོར་འབུལ། ཁྱད་པར་དུ་ས་ཡི་ལྷ་མོ་ལས་བསླང་བ་ནི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གསོལ། །ཞེས་བརྗོད་ནས་ཐལ་མོ་ལན་གསུམ་ས་ལ་བརྡབས་པས། སའི་ལྷ་མོ་སེར་གྱི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་སྐྱབས་སྦྱིན་དང་གཡོན་གསེར་གྱི་བུམ་པ་བསྣམས་པ་ལྟེ་བ་ཡན་ཆད་ས་འོག་ནས་འཐོན་ཏེ་བྱོན་པར་གྱུར། པྲྀ་ཐི་བཱི་ས་མ་ཡ་སྟྭཾ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་ཉེར་སྤྱོད་འདི། །ལྷ་མོ་བརྟན་མ་འཁོར་བཅས་ལ། །བདག་ཅག་དད་པས་འབུལ་ལགས་ཀྱིས། །ས་རིན་གཅལ་ཕྱིར་བཞེས་སུ་གསོལ། །ༀ་བཛྲ་པུཥྤེ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། གཏོར་མ་ཨ་ཀཱ་རོས་ལན་གསུམ་དང་། ས་བདག་ལྷ་ཀླུ་ལ་སོགས་མཐུ་ཆེན་རྣམས། །སྒྲུབ་པ་མཆོག་ལ་དེ་རིང་བདག་ཞུགས་ཀྱིས། །ས་གླུད་རིན་ཆེན་གཏོར་མ་འདི་ཁྱེར་ལ། །ང་རྒྱལ་གདུག་རྩུབ་ལ་སོགས་ཞི་ནས་ཀྱང་། །བདག་ཅག་རྣམས་ལ་ས་འདི་སྩལ་དུ་གསོལ། །ཅེས་གཏོར་མ་འབུལ། ས་དང་ཕ་རོལ་ཕྱིན་པ་ལ། །དཔང་གྱུར་ལྷ་མོ་ཆེན་མོ་ནི། །སྐུ་མདོག་སེར་མོ་རྒྱན་གྱིས་བརྒྱན། །བཞིན་སྡུག་མཛེས་པའི་ཆ་བྱད་ཅན། །སྐྱབས་སྦྱིན་གསེར་གྱི་བུམ་པ་བསྣམས། །ཀུན་གྱི་དཔང་གྱུར་ཁྱོད་ལ་བསྟོད། །ཅེས་བསྟོད་པས། ལྷ་མོ་དགའ་བའི་མདངས་ཕྱུང་ནས། །རྣལ་འབྱོར་བཀའ་སྩོལ་ཇི་ལྟར་བགྱི། །ཞེས་བཀའ་ནོད་པ་ལ། ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་དང་། སྤྱིར་ས་གཞི་དགེ་ཞིང་བཀྲ་ཤིས་པར་མཛད་དུ་གསོལ། རིགས་འདུལ་བའི་ཕྲིན་ལས་ཀྱིས་རིགས་འདུལ་བ་དང་། ཕྱོགས་སྐྱོང་བའི་ཕྲིན་ལས་ཀྱིས་ས་འོག་གི་ཕྱོགས་སྐྱོང་བར་མཛད་དུ་གསོལ། ཅེས་བརྗོད་པས་ལྷ་མོ་དགའ་བའི་ཡིད་ཀྱིས། ཁྱོད་ནི་སློབ་དཔོན་དམ་པ་ཡིན། །སེམས་ཅན་དོན་ཕྱིར་དཀྱིལ་འཁོར་བྲིས། །ཞེས་གནང་བ་བྱིན་ནས་སླར་ཡང་དེ་ཉིད་དུ་ཐིམ་པར་བསམ། གཉིས་པ་ས་ཁྱད་པར་དུ་བརྟག་པ་ནི། དཀྱིལ་འཁོར་གྱི་ས་གཞི་གསར་དུ་སྒྲུབ་པས་བདག་ལྟོ་འཕྱེའི་ལྟོ་བ་ལས་མདུན་གྱི་ཆ་ནས་བརྩམས་ཏེ་དཀྱིལ་འཁོར་གྱི་ཉིས་འགྱུར་ཙམ་དུ་ཁྲུ་གང་ལ་སོགས་པར་བརྐོས་པས་རིན་པོ་ཆེ་སྣ་ལྔ་ལྟ་བུ་དང་འཕྲད་ན་བཟང་ལ། གྱོ་མོ་དང་། གསེག་མ་དང་། རུས་པ་ལ་སོགས་པར་ཐོན་ན་ངན་པས་སྐྱོན་དེ་དག་བསལ་ནས། རྫས་ཉེར་ལྔས་བཀང་བའི་བུམ་པ། ཏྲཱཾ་ཁཾ་རཏྣ་པཉྩ་ༀ་ཨཱཿཧཱུྃ་གིས་རིན་པོ་ཆེའི་གཏེར་དུ་དམིགས་ལ། ས་ཡི་ལྷ་མོ་འཁོར་དང་བཅས། །སྔོན་གྱི་རྒྱལ་བ་རྣམས་ཀྱི་བཀའ། །བྱང་ཆུབ་སེམས་ཀྱི་གཏེར་བུམ་འདི། །དཀྱིལ་འཁོར་བྲི་ཕྱིར་གཏེར་དུ་འབུལ། །ཞེས་བརྗོད་དེ་སྙིང་པོར་བཅུག་ལ། སྔར་བརྐོས་པའི་ས་དང་དུར་ཁྲོད་ཀྱི་ས་སོགས་ལས་དང་མཐུན་པའི་ས་སྤོས་ཆུས་བྲན་པས་དགང་ཞིང་འཐས་པར་བཅགས་པའི་སྟེགས་བུ་འདོམ་གང་གྲུ་བཞི་པ། ཁྲུ་གང་ཙམ་དུ་མཐོ་ཞིང་ངོས་མཉམ་པར་བྱས་ལ། ཅི་སྟེ་མཚན་མ་ངན་པ་ཞིག་ན་གཞན་དུ་སྤོ་བའམ་སྦྱིན་སྲེག་གིས་ཞི་བར་བྱའོ། །གསུམ་པ་ས་སྦྱོང་བ་ནི། རྃ་ཡྃ་ཁྃ་ཨ། ཞེས་བརྗོད་པས། རང་གི་ཐུགས་ཀ་ནས་རྃ་ཡྃ་ཁྃ་ཨ་འཕྲོས་པས་ཡེ་ཤེས་ཀྱི་མེ་རླུང་ཆུས་དངོས་པོར་སྣང་བའི་མཚན་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས་ནས་ཆོས་ཉིད་སྟོང་པ་ཉིད་དུ་རྣམ་པར་དག་པར་བསམ། ༀ་བཛྲ་ཡཀྵ་བིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ། ཅེས་ལས་སྔགས་ཀྱིས་བཏབ་པའི་དྲིའི་ཆུས་ཀྱང་གཏོར་རོ། །བཞི་པ་བགེགས་བསྐྲད་པ་ནི། བདག་ཉིད་ཧེ་རུ་ཀའི་ཆས་སུ་ཞུགས་ཏེ། རྡོ་རྗེ་དང་དྲིལ་བུ་འཛིན་པས་རྣམ་པར་མི་རྟོག་པའི་ངང་ལས། ཧཱུྃ་ཤྲཱི་བཛྲ་དྷྲྀཀ྄་ཧཱུྃ་ཛཿ ཞེས་བརྗོད་པས། རང་ཉིད་ཁྲོ་བོའི་རྒྱལ་པོ་ཞེ་སྡང་རྡོ་རྗེ་འཇིགས་སུ་རུང་བའི་སྐུར་གྱུར། དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་མདུན་གྱི་ནམ་མཁར་སྐད་ཅིག་གིས་སད་པར་གྱུར། ཁྱེད་རྣམས་ཀྱིས་བྱིན་གྱིས་རློབ་པའི་གནས་སུ་དགོངས་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁའི་ལྷ་རྣམས་དཀྱིལ་འཁོར་གྱི་དབུས་སུ་བྱོན་པར་གྱུར། ན་མོ་ན་མཱ་མི། ཞེས་ཕྱག་བྱ། ༀ་བཛྲ་ཨརྒྷཾ་ལ་སོགས་པས་མཆོད། དེ་དག་གི་བྱིན་བརླབས་ཀྱིས་སྟེགས་བུ་དེ་ཡང་གཟི་མདངས་དང་ལྡན་པར་བསམ་ལ། བདག་ཉིད་སྟེགས་བུའི་དབུས་སུ་ཞུགས་ཏེ། རྐང་མཐིལ་གཉིས་སུ་ཨ་ལས་སྣ་ཚོགས་རྡོ་རྗེ་དང་། མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བར་བསམ་ནས། བཛྲ་དྲྀཥྚི་མ་ཊ། ཞེས་བརྗོད་ཅིང་ཕྱོགས་ཀུན་ཏུ་སྡང་མིག་གིས་ལྟ་བ་དང་། ཧཱུྃ་ཧཱུྃ་ཞེས་དྲག་ཏུ་བརྗོད་ཅིང་། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བཞིན་དུ་རྡོ་རྗེའི་འགྲོས་ཀྱིས་གཡས་སུ་བསྐོར་ནས། བཀའ་བསྒོ་བ་ནི། ཧཱུྃ། ས་ཕྱོགས་འདི་ན་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་སྲིན་པོ་ཤ་ཟའི་ཚོགས། །གང་དག་གནས་པ་མྱུར་དུ་སོང་། །རྡོ་རྗེ་འཛིན་པའི་བཀའ་བྱུང་ནས། །གང་དག་མི་འགྲོ་དེ་རྣམས་ལ། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །མགོ་ནས་བརྒྱབ་སྟེ་རྐང་པར་འགས། །ཞེས་དང་། ཧཱུྃ་བཞི་པའི་སྔགས་བརྗོད་དེ་གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ་ཅིང་རོལ་མོའི་སྒྲ་དྲག་པོ་དང་བཅས་པའི་ཚམས་རྔམས་དང་། བདག་གི་ཐུགས་ཀ་ནས་ཁྲོ་བོའི་སྤྲིན་མི་བཟད་པ་སྤྲོས་པས་བགེགས་ཐམས་ཅད་ཤིང་བལ་རླུང་གིས་གཏོར་བ་བཞིན་ཕྱོགས་བཅུར་བསྐྲད་པར་བསམ། སྒྲུབ་གནས་རྙིང་བ་སོགས་ལ་མདོར་བསྡུ་ན་དེ་ཙམ་གྱིས་འཐུས། སྤྲོ་ན། སླར་ཡང་ཞེ་སྡང་རྡོ་རྗེའི་སྙེམས་པས་ཧཱུྃ་ཧཱུྃ་ཞེས་གླུར་ལེན་ཅིང་། རྡོ་རྗེ་གསོར་བ་དང་། དྲིལ་བུ་འཁྲོལ་བཞིན་དུ་བརྗེད་བག་དང་བཅས་པའི་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་བསྐོར་ཏེ། སྟངས་སྟབས་རེའི་རེའི་མདུན་དུ་ལག་པའི་གར་དང་གོམ་པ་གསུམ་གསུམ་བྱས་ནས་ཤར་དུ་བལྟས་ནས་དབང་ལྡན་གྱི་བར་དུ་བཅགས་པས་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱས་ལ། སླར་ཡང་ཤངས་ཀྱི་རླུང་སྒྲོམ་ནས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ལ་སོགས་པ་མཚོན་ཆ་སྣ་ཚོགས་གྲངས་མེད་པར་ཕྱོགས་བཅུར་སྤྲོས་པས་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་པ་ལས་མཚོན་ཆ་རྣམ་པ་ལྔའི་གུར་དུ་འཁྲིགས་པས་ཅིས་ཀྱང་མི་ཤིགས་པར་བསམ་མོ། །ལྔ་པ་ས་བཟུང་བ་ནི། སེང་ལྡེང་གི་ཕུར་བུ་ཙནྡན་གྱི་བྱུགས་ཤིང་། སྐུད་པ་དང་ཅོད་པན་དམར་པོ་མེ་ཏོག་གི་ཕྲེང་བ་རྣམས་བཅིངས་པ་བཞི་མདུན་དུ་བཀོད་ལ། རང་གི་སྙིང་ག་ནས་ཧཱུྃ་སྤྲོས་ཕུར་བུ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། མཐའ་ཡས་དང་། རྣམ་པར་རྒྱལ་བ་དང་། འབྲུག་སྒྲ་དང་། གསུས་པོ་ཆེ་བཞིར་གྱུར་ཏེ། སྟོད་ཁྲོ་བོའི་གཟུགས་ཅན། སྨད་རྡོ་རྗེ་རྩེ་གཅིག་པ་ལྟ་བུར་འབར་བར་བསམ་ལ། ཧཱུྃ་ཀྲོ་དྷ་ཡ་ས་ཧ་ཏྲེ་ཏ་ཏྲེད་ཕཊ། ཅེས་བརྒྱ་རྩ་བཟླས། དེ་ནས་ཕུར་བུ་འདྲིལ་ཞིང་། བདེ་བར་གཤེགས་པའི་དགོངས་རྒྱུད་ལ། །རྣལ་འབྱོར་རིག་པའི་རྩལ་སྦྱོང་གིས། །བསྙེན་སྒྲུབ་མ་ཐོན་བར་དག་ཏུ། །ཁྲོ་བོ་ཆེན་པོས་བཟུང་དུ་གསོལ། །ཅེས་དང་། ༀ་གྷ་གྷ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྚཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་བཏབ་པས་བགེགས་རྣམས་ཀྱི་སྙིང་ཕུག་ནས་འོད་གསལ་བའི་གནས་ཐོབ་པར་བསམ་སྟེ་དཀྱིལ་འཁོར་གྲྭ་བཞིར་གདབ། བསྡུ་ན་ཕུར་བུ་གཅིག་ཁོ་ན་བདུད་རྩི་འཁྱིལ་བར་མོས་ཏེ་བཏབ་པས་ཀྱང་འགྲུབ་བོ། །དེ་ནས་འཁོར་ལོའི་རྒྱ་བཅིངས་ཏེ། ༀ་བཛྲ་ཙཀྲ་མཎྜ་ལ་ཧཱུྃ། ཞེས་པས་དེ་བཞིན་གཤེགས་པ་ཐམས་ཅད་མདུན་གྱི་ནམ་མཁར་གསལ་བར་བྱས་ལ་འབེབས་པའི་རྒྱས། ༀ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨ། ཞེས་པས་དེ་དག་ཕབ་སྟེ་ས་གཞི་ལ་ཐིམ་པས་དཀྱིལ་འཁོར་གྱི་རང་བཞིན་དུ་དབྱེར་མེད་པར་བསམ་མོ། །དྲུག་པ་དབང་པོ་གསོལ་བ་ནི། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་རྡོ་རྗེའི་གདན་དྲུང་དུ་བདུད་སྡེ་བཞི་བཏུལ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ས་གཞི་རིན་པོ་ཆེའི་སྟེང་དུ་མཛད་པ་ཡིན་པས། བདག་ཅག་རྣལ་འབྱོར་པ་རྣམས་ཀྱང་དེ་བཞིན་གཤེགས་པའི་དགོངས་པ་ལ་ཤེས་རབ་ཀྱི་རྩལ་སྦྱོང་བས་ས་ཡི་ལྷ་མོས་མཁྱེན་པ་དང་དཔང་དམ་པ་མཛད་དུ་གསོལ་ལོ། །ཇི་ལྟར་ཤཱཀྱ་སེང་གེ་ཡིས། །བདུད་ཀྱི་སྡེ་དང་དཔུང་བཅོམ་བཞིན། །དེ་རིང་བདག་གིས་བདུད་ལས་ནི། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་བརྗོད་ཅིང་ལག་པས་ས་ལ་བརྡབ་པས། ས་འོག་ནས་སའི་ལྷ་མོ་སྐུ་ལྟེ་བ་ཕྱེད་ཡན་ཆད་ཐོན་ནས་བྱུང་སྟེ། ཀྱེ་རྡོ་རྗེ་འཛིན་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀྱིལ་འཁོར་ཆེན་པོ་བཞེངས་པར་མཛོད་ཅིག །ཅེས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པར་གྱུར། ཅེས་མོས་ཏེ། སྔ་མ་ནི་ས་བསླང་བའི་དོན་དང་། ཕྱི་མ་ནི་བདུད་གཞོམ་པའི་དོན་དུའོ། །བཞི་པ་ཕྲིན་ལས་རིམ་པ་ལ་དོན་བརྒྱད་དེ། མཚམས་བཅད་མ་ཏྲཾ་མནན་པ་དང་། །དཀྱིལ་འཁོར་བྲི་ཞིང་རྫས་རྣམས་འགོད། །ཐམས་ཅད་བྱིན་རླབས་དབང་བསྐུར་བ། །ལྷ་མཉེས་དངོས་གྲུབ་བསྐུལ་བ་དང་། །ལས་ཀྱི་ལྷག་མའི་ཕྲིན་ལས་སོ། །ཞེས་པ་རྣམས་ཀྱི་དང་པོ་མཚམས་བཅད་པའི་ཕྲིན་ལས་ལ་གསུམ། ཕྱི་མཚམས། བར་མཚམས། ནང་མཚམས་བཅད་པའོ། །དང་པོ་ལ་ཐོག་མར་བསོད་ནམས་ཀྱི་དཔུང་སྐྱེད་པའི་ཕྱིར་སྐུ་དང་སཱཙྪ་ལོ་གྲངས་གདབ། ཤེར་ཕྱིར་སོགས་གསུང་རབ་སྤྱི་དང་། ཁྱད་པར་ཤར་དུ་གཟུངས་གྲྭ་ལྔ། ལྷོར་འདུས་པའི་རིན་པོ་ཆེའི་ཏོག །ནུབ་ཏུ་སྣང་བརྒྱད། བྱང་དུ་གཙུག་ཏོར་རྣམས་བཀླག །སྲོག་ཆགས་དང་གདོན་དང་དམ་ཚིག་དང་སྙིང་རྗེ་བཞི་པོའི་ཚེ་མཐུད་ཀྱི་སྦྱིན་པ། ཚེ་ཐར་ཉེ་འདོན། འབྱུང་པོའི་གཏོར་མ། སྐོང་བཤགས། སྦྱིན་བཏང་རྣམས་ཅི་འགྲུབ་བྱ། མདུན་ཏུ་སྟེགས་བུའི་ཁར་དྲི་བཟང་གིས་བྱུགས་པའི་མཎྜལ་གཅིག་ལ་འབྲུ་ཚོམ་ལྔ་དང་། གཅིག་ལ་དགུ་བཀོད་པའི་མདུན་དུ་ལྕོག་ཟླུམ་རེ་དང་། ཕྱི་མཆོད་བཤམ། རྒྱལ་ཐོ་དང་སྭཙྪ་དཀར་སེར་དམར་ལྗང་བཞི། དེའི་འབུལ་གཏོར་བཞི། ཕྱི་མཆོད། ཆུ་སྦྱིན་ཆས། གཏོར་ཟླུམ། བགེགས་གཏོར། ལན་ཆགས་སོགས་འདུ་བྱ། ཕྲིན་ལས་དངོས་ལ་དྲུག །སྲི་ཞུ། ཡོན་ཏན་སྙིང་རྗེ། ལྷ་མགོན། ལན་ཆགས། འཕྲལ་རྐྱེན་ལ་བསྔོ་ཞིང་ཕྲིན་ལས་བཅོལ་བའོ། །དང་པོ་ནི། ས་ཆོག་དང་ཞག་གིས་བར་དུ་ཆོད་ན་བདག་གི་རྣལ་འབྱོར་རྒྱས་པ་སྒྲུབ་ཐབས་དང་། བསྡུས་པ་གོང་དུ་སྨོས་པ་ལྟར་འདིར་སྦྱོར་དགོས་ལ། ས་ཆོག་དང་མུ་མཐུད་ཡིན་ན་དེ་དག་མི་དགོས། གང་ལྟར་གཏོར་མཆོད་རྣམས་གོང་སྨོས་ལྟར་བྱིན་བརླབ། རང་གི་ཐུགས་ཀ་ནས་ཨེ་ཡཾ་ཁཾ་སུཾ་ཀེཾ་རཾ་བྷྲཱུཾ་རྣམས་འཕྲོས་པ་ལས་མཎྜལ་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ་རིན་པོ་ཆེའི་གཞལ་ཡས་ཁང་འབྱམས་ཀླས་པ། ཉི་ཟླ་པདྨ་གདན་གྲངས་མེད་པ་དང་ལྡན་པར་གྱུར། ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དཀོན་མཆོག་སྲི་ཞུའི་མགྲོན་རྣམས་སྤྱན་དྲངས་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཤཔྡའི་བར་གྱིས་མཆོད། གཏོར་མ་ཨ་ཀཱ་རོ་ལན་གསུམ་གྱིས་ཕུལ་ལ། དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །གཏན་པ་མེད་པའི་མཆོད་སྤྲིན་རྒྱལ་པོ་འདི། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་ནུས་མཐུ་ལས། །ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་དང་། །དཀོན་མཆོག་རིན་ཆེན་སྤངས་ཏེ་ཆེ་བ་དང་། །སྙིང་པོ་ཕྱག་རྒྱ་ངེས་པའི་དམ་ཚིག་དང་། །བདག་གི་ཤེས་རབ་སྨོན་ལམ་ཏིང་འཛིན་གྱིས། །ཀུན་བཟང་མཆོད་སྤྲིན་ཡེ་ཤེས་ལྔས་བརྒྱན་འདི། །བདག་གི་མཆོད་གནས་སྲི་ཞུའི་མགྲོན་གྱུར་པ། །བླ་མེད་དཀོན་མཆོག་གསུམ་དང་ཡི་དམ་ལྷ། །དུས་གསུམ་བདེར་གཤེགས་རྒྱལ་བ་ཡབ་ཡུམ་དང་། །བྱང་ཆུབ་སེམས་དཔའ་ལྕམ་དྲལ་རང་རྒྱལ་དང་། །ཉན་ཐོས་དགྲ་བཅོམ་འཕགས་པ་བཞུགས་ཀུན་ལ། །ནམ་མཁའི་མཐའ་ཀླས་གཏེར་ཆེན་གྱུར་པ་འདི། །མཆོད་གནས་བླ་མ་རྣམས་ཀྱི་ཕོ་བྲང་དུ། །མཆོད་པའི་སྤྲིན་གྱིས་གཏིབས་ཤིང་རྒྱས་གྱུར་ཅིག །ན་མོ་སྲི་ཞུའི་མགྲོན་དུ་གྱུར་པ་ལ། མཆོད་པ་འབུལ་བཤགས་པ་བགྱིད་པས་བདག་ཅག་སྒྲུབ་པ་པོ་རྣམས་ཀྱི་སྒྲིབ་པ་སྦྱང་ཞིང་བྱིན་གྱིས་བརླབ་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ནོད་ཅིང་མཆིས་པས། དངོས་གྲུབ་སྩལ་བ་དང་། དངོས་གྲུབ་ལ་གནོད་པར་བྱེད་པའི་དགྲ་བགེགས་ཐམས་ཅད་མི་རྟོག་པའི་ཡེ་ཤེས་ཆེན་པོའི་ངང་དུ་ཞི་བར་མཛད་དུ་གསོལ། ཅེས་འབུལ་ཞིང་ཡེ་དྷརྨཱ་བརྗོད་ལ་མེ་ཏོག་འཐོར། བཛྲ་མུཿཞེས་གཤེགས་སུ་གསོལ་ལོ། །གཉིས་པ་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི། བྱིན་རླབས་གོང་ལྟར། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་སྤྱན་དྲངས་སོགས་ནས་གཏོར་མ་འབུལ་བའི་བར་ཡང་སྔ་མ་ལྟར་བྱས་ལ། དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། །མཆོད་གནས་ཡོན་ཏན་དཔུང་གཉེན་མགྲོན་གྱུར་པ། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་རིགས་བཞི་དང་། །ཕྱོགས་སྐྱོང་བཅུ་གཅིག་ལྷ་བརྒྱད་ཀླུ་བརྒྱད་དང་། །གཟའ་ཆེན་བརྒྱད་དང་རྒྱུ་སྐར་ཉི་ཤུ་བརྒྱད། །གནོད་སྦྱིན་སྡེ་དཔོན་འཕྲོག་མ་བུ་དང་བཅས། །མ་ཧཱ་ཀཱ་ལ་ལྕམ་དྲལ་ལ་སོགས་ཏེ། །གཙང་རིགས་མགོན་པོ་གཡོག་འཁོར་བཅས་པ་དང་། །རྣལ་འབྱོར་ནང་གི་སྲུང་མ་མ་ལུས་ལ། །ཆོས་དབྱིངས་མཐའ་ཀླས་མཆོད་སྦྱིན་འདིས་ཁྱབ་པས། །སོ་སོའི་དབང་པོ་ལོངས་སྤྱོད་མཁོ་དགུར་ལྡན། །རབ་ཏུ་ཚིམས་ནས་ཡོངས་སུ་མཉེས་གྱུར་ཅིག །ན་མོ་ཡོན་ཏན་གྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་མཆོད་པ་འབུལ་ཞིང་བཤགས་པ་བགྱིད་པས། བདག་ཅག་སྒྲུབ་པ་པོ་རྣམས་གསང་བ་མཆོག་གི་སྒྲུབ་པ་གཉན་པོ་བགྱིད་པས། དེ་ལ་བར་དུ་གཅོད་པའི་དགྲ་བགེགས་སྦྱོར་བ་ངན་པ་རྒྱུན་བཅད་དེ། སྔོན་གྱི་ཐུགས་དམ་ཞལ་གྱིས་བཞེས་པ་བཞིན་དུ། ཕྱིའི་དགྲ་བགེགས་ནང་དུ་མི་གཏོང་བ་དང་། ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་མཚམས་ཀྱི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ་ལོ། །ཞེས་ཕྲིན་ལས་བཅོལ་ལ་གཏོར་མ་ཕྱིར་འབུལ། གཉིས་པ་ནི། སྒྲུབ་ཁང་གི་ཤར་དུ་ཐོ་ཟླ་གམ་དཀར་པོ། ལྷོར་གྲུ་གསུམ་ལྗང་གུ། ནུབ་ཏུ་ཟླུམ་པོ་དམར་པོ། བྱང་དུ་གྲུ་བཞི་ལྗང་གུ་རྣམས་བརྩིགས་པ་ལ་རྒྱལ་མཚན་ནམ་སྐུ་རྟེན་དང་སྭཱཙྪ་བཀོད། གཏོར་མ་ཤར་དུ་དྲིས་བརྒྱན་པའི་དཀར་ཟླུམ། ལྷོར་ཉ་དང་ཤ་ཁྲག་གིས་བརྒྱན་པའི་གྲུ་གསུམ་ནག་པོ། ནུབ་ཏུ་འོ་མ་དང་མེ་ཏོག་གིས་བརྒྱན་པའི་ཟླ་གམ་དམར་པོ། བྱང་དུ་ཤིང་ཐོག་དང་དར་སྣ་རཏྣ་སོགས་ཀྱིས་བརྒྱན་པའི་གྲུ་བཞི་སེར་པོ་རྣམས་བཤམ། ཐོག་མར་ཤར་གྱི་ཐོ་རྩར་ཕྱིན་ལ་ཡི་དམ་གྱི་ང་རྒྱལ་དང་ལྡན་པས། གཏོར་མཆོད་རྣམས་གོང་ལྟར་བྱིན་བརླབ། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེའི་གཞལ་ཡས་ཁང་པདྨའི་གདན་དང་བཅས་པ་གསལ་བར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རི་རབ་ཤར་ཕྱོགས་ཀྱི་གྲོང་ཁྱེར་གནས་སྲུང་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དྲི་ཟའི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུྃ། རི་རབ་ལྷུན་པོའི་ཤར་ཕྱོགས་ནས། །གསང་བདག་ཕྱག་ན་རྡོ་རྗེའི་མཐུས། །མཐུ་ཆེན་རྒྱལ་པོ་ཡུལ་འཁོར་སྲུང་། །བདག་ཅག་རེ་བ་བསྐང་བའི་ཕྱིར། །རྒྱལ་པོ་གནས་འདིར་སྤྱན་འདྲེན་གྱིས། །མཚམས་ཀྱི་ལས་མཆོག་མཛད་དུ་གསོལ། །ཅེས་སྤྱད་དྲང་། པདྨ་ཀ་མ་ལ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ༀ་བཛྲ་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ༀ་དྷྲྀཥྚ་རཥྚ་ཡ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་འབུལ། ཧཱུྃ། འཇིག་རྟེན་སྐྱོང་བའི་དམ་ཚིག་ཅན། །མཐུ་ཆེན་རྒྱལ་པོ་ཡུལ་འཁོར་སྲུང་། །དྲི་ཟའི་བགེགས་རིགས་འདུལ་ལ་མཁས། །ཆོས་སྐྱོང་ལོངས་སྤྱོད་རྫོགས་པའི་སྐུ། །ཞི་བའི་ཁ་དོག་དཀར་ལ་མཛེས། །རང་རྟགས་ཕྱག་མཚན་པི་ཝཾ་ཐོགས། །ཕྱི་རོལ་སྐྱོང་བའི་རྫུ་འཕྲུལ་ཅན། །བདག་ཅག་རྣལ་འབྱོར་རྩལ་སྦྱོང་གིས། །རང་རང་འཁོར་རྣམས་ཐུབ་པར་མཛོད། །ཅེས་དང་། མཚན་སྔགས་སྭཱ་ཧཱ་བཏགས་པའི་མཐར། སུ་པྲ་ཏིཥྛ་བརྗོད། ལྷོའི་ཐོ་རྩར་མཆོད་གཏོར་བྱིན་རླབས་དང་གཞལ་ཡས་ཁང་བསྐྱེད་སྔར་ལྟར་ལས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རི་རབ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་འཕགས་པ་སྐྱེས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་གཤིན་རྗེའི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུཾ། རི་རབ་ལྷུན་པོའི་ལྷོ་ཕྱོགས་ནས། །གསང་བདག་ཕྱག་ན་རྡོ་རྗེའི་མཐུས། །མཐུ་ཆེན་རྒྱལ་པོ་འཕགས་སྐྱེས་པོ། །བདག་ཅག་རེ་བ་བསྐང་བའི་ཕྱིར། །རྒྱལ་པོ་གནས་འདིར་སྤྱན་འདྲེན་གྱིས། །མཚམས་ཀྱི་ལས་མཆོག་མཛད་དུ་གསོལ། །ཞེས་སྤྱན་དྲང་། པདྨ་ཀ་མ་ལ་ཡ་སྟྭཾ། ཛཿཧཱུྃ་བཾ་ཧོཿ ༀ་བཛྲ་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ༀ་བཻ་རཱུ་ཌྷ་ཀཱ་ཡ་ས་པ་རི་སོགས་ཀྱིས་གཏོར་མ་འབུལ། ཧཱུྃ། འཇིག་རྟེན་སྐྱོང་བའི་ཐ་ཚིག་ཅན། །མཐུ་ཆེན་རྒྱལ་པོ་འཕགས་སྐྱེས་པོ། །གྲུལ་བུམ་བགེགས་རིགས་འདུལ་ལ་མཁས། །ཆོས་སྐྱོང་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སྤྱོད་ཁ་དོག་མཐིང་ལ་རྔམས། །རང་རྟགས་ཕྱག་མཚན་རལ་གྲི་བསྣམས། །ཕྱི་རོལ་སྐྱོང་བའི་རྫུ་འཕྲུལ་ཅན། །བདག་ཅག་རྣལ་འབྱོར་རྩལ་སྦྱོང་གིས། །རང་རང་འཁོར་རྣམས་ཐུབ་པར་མཛོད། །ཅེས་དང་། མཚན་སྔགས་སྭཱ་ཧཱ་བཏགས་པའི་མཐར། སུ་པྲ་ཏིཥྛ་བརྗོད། ནུབ་ཀྱི་ཐོ་རྩར་མཆོད་གཏོར་བྱིན་རླབས་དང་གཞལ་ཡས་ཁང་བསྐྱེད་སྔར་ལྟར་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རི་རབ་ནུབ་ཕྱོགས་ཀྱི་གྲོང་ཁྱེར་སྣ་ཚོགས་གཟུགས་ནས་རྒྱལ་པོ་ཆེན་པོ་མིག་མི་བཟང་ཆུ་བདག་གི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུྃ། རི་རབ་ལྷུན་པོའི་ནུབ་ཕྱོགས་ནས། །གསང་བདག་ཕྱག་ན་རྡོ་རྗེའི་མཐུས། །མཐུ་ཆེན་རྒྱལ་པོ་སྤྱན་མི་བཟང་། །བདག་ཅག་རེ་བ་བསྐང་བའི་ཕྱིར། །རྒྱལ་པོ་གནས་འདིར་སྤྱན་འདྲེན་གྱིས། །མཚམས་ཀྱི་ལས་མཆོག་མཛད་དུ་གསོལ། །ཞེས་སྤྱན་དྲངས། པདྨ་ཀ་མ་ལ་ཡ་སྟྭཾ། ཛཿཧཱུྃ་བཾ་ཧོཿ ༀ་བཛྲ་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ༀ་བི་རཱུ་པཀྵ་ཡ་ས་པ་རི་སོགས་ཀྱི་གཏོར་མ་དབུལ། ཧཱུྃ། འཇིག་རྟེན་སྐྱོང་བའི་དམ་ཚིག་ཅན། །མཐུ་ཆེན་རྒྱལ་པོ་སྤྱན་མི་བཟང་། །ཆུ་བདག་བགེགས་རིགས་འདུལ་ལ་མཁས། །ཆོས་སྐྱོང་ལོངས་སྤྱོད་རྫོགས་པའི་སྐུ། །དབང་གི་ཁ་དོག་དམར་ལ་འཚེར། །རང་རྟགས་ཕྱག་མཚན་སྦྲུལ་ཞགས་བསྣམས། །ཕྱི་རོལ་སྐྱོང་བའི་རྫུ་འཕྲུལ་ཅན། །བདག་ཅག་རྣལ་འབྱོར་རྩལ་སྦྱོང་གིས། །རང་རང་འཁོར་རྣམས་ཐུབ་པར་མཛོད། །ཅེས་དང་། མཚན་སྔགས་སྭཱ་ཧཱ་བཏགས་པའི་མཐར། སུ་པྲ་ཏིཥྛ་བརྗོད། བྱང་གི་ཐོ་རྩར་མཆོད་གཏོར་བྱིན་རླབས་དང་གཞལ་ཡས་ཁང་བསྐྱེད་སྔར་ལྟར་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རི་རབ་བྱང་ཕྱོགས་ཀྱི་གྲོང་ཁྱེར་ལྕང་ལོ་ཅན་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་གནོད་སྦྱིན་གྱི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུྃ། རི་རབ་ལྷུན་པོའི་བྱང་ཕྱོགས་ནས། །གསང་བདག་ཕྱག་ན་རྡོ་རྗེའི་མཐུས། །མཐུ་ཆེན་རྒྱལ་པོ་རྣམ་ཐོས་སྲས་། །བདག་ཅག་རེ་བ་བསྐང་བའི་ཕྱིར། །རྒྱལ་པོ་གནས་འདིར་སྤྱན་འདྲེན་གྱིས། །མཚམས་ཀྱི་ལས་མཆོག་མཛད་དུ་གསོལ། །ཞེས་སྤྱན་དྲང་། པདྨ་ཀ་མ་ལ་ཡ་སྟྭཾ། ཛཿཧཱུྃ་བཾ་ཧོཿ ༀ་བཛྲ་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ༀ་བཻ་ཤྲ་བ་ཎཱ་ཡ་ས་པ་རི་སོགས་ཀྱིས་གཏོར་མ་འབུལ། ཧཱུྃ། འཇིག་རྟེན་སྐྱོང་བའི་དམ་ཚིག་ཅན། །མཐུ་ཆེན་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་བགེགས་རིགས་འདུལ་ལ་མཁས། །ཆོས་སྐྱོང་ལོངས་སྤྱོད་རྫོགས་པའི་སྐུ། །རྒྱས་པའི་ཁ་དོག་སེར་ལ་བརྗིད། །རང་རྟགས་རྒྱལ་མཚན་ནེའུ་ལེ་བསྣམས། །ཕྱི་རོལ་སྐྱོང་བའི་རྫུ་འཕྲུལ་ཅན། །བདག་ཅག་རྣལ་འབྱོར་རྩལ་སྦྱོང་གིས། །རང་རང་འཁོར་རྣམས་ཐུབ་པར་མཛོད། །ཅེས་དང་། མཚན་སྔགས་སྭཱ་ཧཱ་བཏགས་པའི་མཐར། སུ་པྲ་ཏིཥྛ་བརྗོད་ལ་སྒྲུབ་པ་མ་ཐོན་གྱི་བར་དུ་བརྟན་པར་བཞུགས་སུ་གསོལ་ལོ། །གསུམ་པ་ནི། ཕྱི་སྒོར་ཆབ་གཏོར་བཤམ། འབྲུ་གསུམ་གྱིས་བརླབས། སམྦྷ་ར་བདུན་དང་མཚན་བཞི་བརྗོད་ལ། དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །གཏན་པ་མེད་པའི་མཆོད་སྦྱིན་རྒྱ་ཆེན་འདི། །འདོད་པའི་ཡོན་ཏན་ལྔ་རུ་བྱིན་བརླབས་ཏེ། །སྙིང་རྗེའི་བུ་གཉེན་མཆོད་གནས་མགྲོན་གྱུར་པ། །སྐྱེ་བཞིས་བསྡུས་པའི་རིགས་དྲུག་མ་ལུས་ལ། །འདོད་པའི་ལོངས་སྤྱོད་ཆར་བཞིན་འབྱུང་གྱུར་ཏེ། །ལྷ་རྣམས་ཕམ་ལྟུང་སྡུག་བསྔལ་རབ་ཞི་ནས། །དགེ་བཅུ་བསམ་གཏན་ཏིང་ངེ་འཛིན་ལྡན་ཞིང་། །ཉན་ཐོས་བྱང་ཆུབ་འབྲས་བུ་ཐོབ་གྱུར་ཅིག །ལྷ་མིན་གནོད་པ་གདུག་རྩུབ་བྲལ་གྱུར་ཏེ། །བྱམས་ལྡན་དགའ་ཚལ་བྱང་ཆུབ་ཐོབ་གྱུར་ཅིག །མི་རྣམས་འདོད་པ་ཕུན་སུམ་ཚོགས་གྱུར་ཏེ། །བརྒྱད་དང་བཅུ་དྲུག་གནོད་པ་རྣམས་དང་བྲལ། །ཡང་དག་གནས་དང་བྱང་ཆུབ་ཐོབ་གྱུར་ཅིག །བྱོལ་སོང་གཅིག་ལ་གཅིག་ཟ་ལ་སོགས་པའི། །གནོད་པའི་སྡུག་བསྔལ་དེ་དག་ཡང་མི་འབྱུང་། །བག་ཡངས་ལྷ་མི་བ དེ་འགྲོ་ཐོབ་གྱུར་ཅིག །ཡི་དྭགས་རྣམས་ལ་ཟས་སྐོམ་ལ་སོགས་པ། །ཐོགས་པ་མེད་པར་འདི་ལས་འབྱུང་འགྱུར་ཏེ། །ཡི་དྭགས་སྒྲིབ་པ་རྣམ་གསུམ་རབ་ཞི་ནས། །བདེ་འགྲོ་ཐར་ལམ་མྱུར་དུ་ཐོབ་གྱུར་ཅིག །སེམས་ཅན་དམྱལ་བའི་སྡུག་བསྔལ་གང་དང་གང་། །ཚ་གྲང་ལ་སོགས་མི་བཟད་སྣ་ཚོགས་ལ། །ཐུགས་རྗེའི་བསོད་ནམས་འདི་ཡི་བྱིན་རླབས་ཀྱིས། །སྡུག་བསྔལ་དེ་དག་མྱུར་དུ་ཞི་གྱུར་ཅིག །ཅེས་བསྔོ། བཞི་པ་ནི། དཀར་གཏོར་བཤད་མ་ཐག་པ་ལྟར་བྱིན་བརླབས་ལ། དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། །ལས་དང་ཐུགས་རྗེའི་འབྲེལ་བའི་ལྷ་མགོན་མགྲོན། །སྲོག་ལྷ་དམ་ཚིག་ལྷ་དང་དགྲ་ལྷ་ནོར་ལྷ་དང་། །སྡོང་གྲོགས་མཛད་པའི་ལྷ་མགོན་མ་ལུས་ལ། །གཏན་པ་མེད་པ་མཆོད་སྦྱིན་འདིས་ཁྱབ་པས། །དབང་པོའི་སྤྱོད་ཡུལ་ཚིམས་ནས་མཉེས་གྱུར་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། །གང་ན་གནས་པའི་ཡུལ་བདག་ཁྱིམ་མཚེས་མགྲོན། །ལྷ་ཀླུ་རྩེ་ལྷ་ཡུལ་ལྷ་ལ་སོགས་པའི། །རིག་སྔགས་འཆང་བའི་ས་བདག་མ་ལུས་ལ། །གཏན་པ་མེད་པའི་མཆོད་སྦྱིན་འདིས་ཁྱབ་པས། །རབ་ཏུ་ཚིམས་ནས་ཀུན་ཀྱང་མཉེས་གྱུར་ཅིག །ཅེས་འབུལ། ལྔ་པ་ནི། བགེགས་གཏོར་སྔ་མ་ལྟར་བྱིན་བརླབས་ལ། དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། །ཚེ་རབས་སྔོན་ནས་ལན་ཆགས་མགྲོན་གྱུར་པ། །སའམ་འོན་ཏེ་མཁའ་ལ་འཁོད་པ་ཡི། །འབྱུང་པོ་གཤིན་རྗེ་གནོད་སྦྱིན་ལ་སོགས་པའི། །སྟོང་ཕྲག་བརྒྱད་ཅུ་དག་ལས་གང་གནོད་པ། །གཏན་པ་མེད་པའི་གླུད་གཏོར་འདིས་ཁྱབ་པས། །བུ་ལོན་ཁྱེར་ཅིང་ལན་ཆགས་བྲལ་གྱུར་ཅིག །ཅེས་བསྔོ། དྲུག་པ་ནི། ཆང་བུ་ལ་ཆུ་སྦྲེང་ཞིང་བྱིན་རླབས་སྔར་ལྟར་བྱས་ལ། དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། །ཆ་ཅིག་མཆོད་དང་རྩ་བའི་རྐྱེན་བགེགས་མགྲོན། །ཚེ་རབས་ལས་དང་འཕྲལ་གྱི་རྐྱེན་དབང་དང་། །ཉམས་པའི་ཆད་པ་རྦོད་གཏོང་མཐུ་ལ་སོགས། །ཚེ་སྲོག་བསོད་ནམས་ནོར་ཟས་གཙེས་པ་རྣམས། །བདེན་དང་མཆོད་སྦྱིན་བྱིན་རླབས་འདིས་དགྲོལ་ཏེ། །འཕྲལ་དུ་ཞི་ནས་ཡུན་དུ་བྱང་གྱུར་ཅིག །ཅེས་གཏོར་མ་སོ་སོའི་བཏང་བར་བྱ་སྟེ་དེ་དག་ནི་ཕྱི་མཚམས་ཀྱི་ཕྲིན་ལས་སོ། །གཉིས་པ་བར་མཚམས་བཅད་པ་ལ་གཉིས། དམ་སྲི་མནན་པ། སྒོ་བྱང་གདགས་པའོ། །དང་པོ་ནི། དུག་ཤོག་ལ་དམ་སྲིའི་གཟུགས་ལྟོ་བ་ཆེ་བ་ཡན་ལག་རིད་ཅིང་འཁུམས་པའི་སྙིང་གར་ཏྲིའི་མཐར་དངོས་གྲུབ་ལ་བར་དུ་གཅོད་པའི་དམ་སྲི་ཕོ་མོ་ཐམས་ཅད་མཱ་ར་ཡ་ཕཊ། ཡ་མ་དམ་སྲི་སྟྭམྦྷ་ནི་མཱ་ར་ཡ་ནན། ཞེས་ཕག་ཁྲག་གིས་བྲིས་པ་ཐོད་ངན་ནང་དུ་བཅུག །ཐོད་པའི་སྤྱི་བོར་འཁོར་ལོ་རྩིབས་བཅུ་ཧཱུྃ་བཅུས་མཚན་པའི་ལྟེ་བར་རྡོ་རྗེ་རྒྱ་གྲམ་ཧཱས་མཚན་པ་བྲི། འགྲུབ་ཏུ་རུང་ན་སྔོན་ནས་ཚོགས་ཐ་མའི་གདབ་ཁ་སོགས་དང་འབྲེལ་བར་བཀུག་བསྟིམས་ནན་ཏན་ལྷ་དབྱེ་ཐུན་རྡེག་སོགས་བྱ་ཞིང་ཆས་སུ་གཞུག །གང་ལྟར་སྒྲུབ་ཁང་གི་ཐེམ་པའི་ཕྱི་རོལ་དུ་དོང་གྲུ་གསུམ་བྲུས་པའི་ནང་དུ་བཞག་ལ། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། བདག་ཉིད་ཞེ་སྡང་རྡོ་རྗེ་ལས་ཀྱི་རྒྱལ་པོ་ཧེ་རུ་ཀའི་སྐུར་གྱུར། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པའི་ཡ་མ་དམ་སྲི་འཁོར་བཅས་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་པས་བཀུག་བསྟིམ་ཡིད་ཆེས་པར་བྱ། པྲ་བེ་ཤ་ཡ་ཕཊ། ཅེས་གུ་གུལ་གྱིས་བདུག །ཨ་བེ་ཤ་ཡ་ཨཱཿ ཞེས་ཡུངས་ཐུན་གཏོར། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་དུཥྚཱན་ཡ་མ་དམ་སྲི་མཱ་ར་ཡ་ཧཱུྃ་ཕཊ། ཅེས་རཀྟ་དང་དུག་ཐུན་རྡེག་སྐྱེར་ཕུར་ཅིག་ཁྲོོ་བོ་མི་གཡོ་མགོན་པོའི་སྐུར་བསྒོམ་ལ་གདབ་སྟེ། ཧཱུྃ། དུར་ཁྲོད་ཆེན་པོའི་གནས་དག་ཏུ། །སྤྲུལ་པའི་རྦོད་གཏོང་ཆེན་པོ་དང་། །ཟ་བྱེད་ཆེན་པོའི་རྔམས་སྟབས་ཀྱིས། །མནན་པའི་ལས་རྣམས་དུས་ལ་བབ། །ཧཱུྃ་མཛད་ཧཱུྃ་གི་ཨཱཪྱ་ཨ་ཙ་ལ། །སྤྲུལ་པའི་འོད་ཟེར་རྔམས་པའི་མདངས་དང་ལྡན། །ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་འབྲུག་ལྟར་སྒྲོག །དུར་ཁྲོད་བགེགས་ཀྱི་ཚོགས་ལ་ཨཱཪྱ་ཨ་ཙ་ལ། །ཧཱུྃ་ཨཱརྻ་ཨ་ཙ་ལ་བནྡྷ་བནྡྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ས་ཆུ་མེ་རླུང་སྟེ་འབྱུང་བཞི་གོ་ལྡོག་རིམ་པ་དགུས་དོང་ཁ་བཅད། རི་རབ་རྒྱ་གྲམ་འཁོར་ལོ་ཁྲོ་བཅུ་དང་བཅས་པས་མནན་པར་བསམ་ལ། ཧཱུྃ། རི་རབ་ཆེན་པོའི་རྨངས་སུ་སྦ། །ཡ་མ་རཱ་ཙའི་ཟས་སུ་སྦྱིན། །ཆུ་སྲིན་འབར་བའི་ཁ་རུ་བརྫང་། །འཁོར་ལོ་འབར་བའི་ཕྱག་རྒྱས་མནན། །བདུན་རྒྱུད་རིགས་ཀྱི་བརླག་འགྱུར་ན། །ནམ་ཡང་ལྡང་བར་མི་ནུས་ཏེ། །བྱང་ཆུབ་སེམས་ནི་སྐྱེས་ན་བཏང་། །ཞེས་མནན་པའི་སྟེང་དུ་ཕྲིན་ལས་བཞིའི་བྲོ་བརྡུང་བ་ནི། རྣལ་འབྱོར་པ་རྣམས་ལག་པ་ལུ་གུ་རྒྱུད་སྦྲེལ། བྲོ་ར་ཟླུམ་པོར་བཅས། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཤར་ཕྱོགས་སྟོང་གི་འཇིག་རྟེན་ན། །དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ། །རྐེད་པ་རྒྱ་མདུད་གཞལ་ཡས་ཁང་། །ངོས་ལ་ཞི་བའི་ལྷ་བསྒོམས་ཏེ། །གང་ལ་དམིགས་པར་བཏབ་གྱུར་ན། །ཞི་བས་མ་གྱུར་གང་ཡང་མེད། །ཞི་མཛད་ལྷ་ལ་ཕྱག་འཚལ་ལོ། །སུཾ་བྷ་ནིའི་ཤམ་དུ། ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བྲོ་ར་གྲུ་བཞིར་བྱས་ལ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན། །གསེར་རམ་སེར་པོའི་ཤིང་རྣམས་ལ། །མགོ་པོ་རྒྱ་མདུད་རྩེ་ཟླུམ་པོ། །རྐེད་པ་རྒྱ་མདུད་གཞལ་ཡས་ཁང་། །ངོས་ལ་རྒྱས་པའི་ལྷ་བསྒོམས་ཏེ། །གང་ལ་དམིགས་པར་བཏབ་གྱུར་ན། །རྒྱས་པར་མ་གྱུར་གང་ཡང་མེད། །རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ། །སུཾ་བྷ་ནིའི་ཤམ་དུ། པུཥྚིཾ་ཀུ་རུ་ༀ་བྷྲཱུཾ། བྲོ་ར་ཟླ་གམ་བསྐོར་ལ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན། །ཟངས་སམ་དམར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ། །རྐེད་པ་རྒྱུ་མདུད་གཞལ་ཡས་ཁང་། །ངོས་ལ་དབང་གི་ལྷ་བསྒོམས་ཏེ། །གང་ལ་དམིགས་པར་བཏབ་གྱུར་ན། །དབང་དུ་མ་གྱུར་གང་ཡང་མེད། །དབང་མཛད་ལྷ་ལ་ཕྱག་འཚལ་ལོ། །སུཾ་བྷ་ནིའི་ཤམ་དུ། ཝཱ་ཤཾ་ཀུ་རུ་ཧོཿ བྲོ་ར་གྲུ་གསུམ་བྱས་ལ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །བྱང་ཕྱོགས་སྟོང་གི་འཇིག་རྟེན་ན། །ལྕགས་སམ་ནག་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ། །རྐེད་པ་རྒྱ་མདུད་གཞལ་ཡས་ཁང་། །ངོས་ལ་དྲག་པོའི་ལྷ་བསྒོམས་ཏེ། །གང་ལ་དམིགས་པར་བཏབ་གྱུར་ན། །བརླག་པར་མ་གྱུར་གང་ཡང་མེད། །བརླག་མཛད་ལྷ་ལ་ཕྱག་འཚལ་ལོ། །སུཾ་བྷ་ནིའི་ཤམ་དུ། མཱ་ར་ཡ་ཕཊ། སྨོན་ལམ་གདབ་པ་ནི། ཧོ་དུར་ཁྲོད་མཆོག་གི་གནས། ཞེ་སྡང་འདུལ་བའི་གཙོ། ཁྲོ་བདག་ཆེན་པོ་ཤྲཱི་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྒྲུབ་པའི་གནས་འདིར། དེང་ནུབ་དབུ་བཙུགས་ནས་ནམ་མ་ཐོན་གྱི་བར་དུ། ཡ་མ་དམ་སྲི་ལ་སོགས་འདུལ་བར་མཛད་དུ་གསོལ་ལོ། །ཞེས་བརྗོད་དོ། །གཉིས་པ་ནི། དུར་ཁྲོད་ཀྱི་རས་ལ་ལམ་རྒྱུད་ལྔ་ལ་དབང་བྱེད་པའི་བདག་པོ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་། ལྷའི་བདུད་ཚར་གཅོད་པའི་ཁྲོ་བོ་བདུད་རྩི་འཁྱིལ་བ་གཉིས་ཀྱི་སྐུ་མངོན་རྟོགས་ལྟར་བྲིས་པ་སྒོ་ཕྱི་ནང་དུ་བཀོད་པའི་མདུན་དམར་གཏོར་དང་མཆོད་པ་བཤམས་ལ། ཐོག་མར་ཕྱི་སྒོ་ལ། རཾ་ཡཾ་ཁཾ་གིས་བསང་། སྟོང་བའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ལས་གྲུབ་པའི་མཆོད་གཏོར་བཟང་ཞིང་གྱ་ནོམ་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། སྐུ་རྟེན་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མ། དགྲ་བགེགས་བསྣོལ་བའི་གདན་དང་མ་ཧེའི་ཁྲི་ལ་ཡ་ལས་གཤིན་རྗེ་ནག་པོ་ཁྲོ་ཞིང་གཏུམ་པ། གཡས་ཁྲམ་ཤིང་ཕྱར་ཞིང་གཡོན་སྦྲུལ་ཞགས་འཕེན་པ་དུར་ཁྲོད་ཀྱི་ཆས་ཅན་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱི་མཚན་པའོ། །རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་འཆི་བདག་གི་གྲོང་ཁྱེར་ནས་གཤིན་རྗེ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ༀ་བཛྲ་ཀརྨ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། སྔགས་མཐར་འབྲུ་གསུམ་བཏགས་ཏེ་ནང་མཆོད་དང་། ས་པ་རི་ཝཱ་རའི་རྗེས་སུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་གསུམ་གྱིས་གཏོར་མ་འབུལ། ཧཱུྃ། གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས། །ལས་ཀྱི་གཤིན་རྗེའི་བདག་པོ་ལ། །བཅོམ་ལྡན་ཆོས་རྗེས་བཀའ་སྩལ་ལྟར། །དེ་བཞིན་རིག་འཛིན་སྒྲུབ་པ་པོ། །བཀའ་གསང་གཞུང་ཆེན་འདི་སྒྲུབ་ཅིང་། །ཡང་དག་དོན་ལ་ངེས་འཇུག་ན། །འདི་དག་ནོར་བུ་རིན་ཆེན་གཏེར། །འདི་ལ་གནོད་ཅིང་བར་གཅོད་པའི། །ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། །ཁྱེད་ཀྱི་འཁོར་དང་གཡོག་ལགས་ཀྱིས། །རྣམ་པར་སྨིན་པའི་ཆོས་ཤོད་ལ། །གསང་བ་མཆོག་གི་རྣལ་འབྱོར་པ། །བླ་མེད་འབྲས་བུ་མ་ཐོབ་པར། །ས་འདི་ཡན་ཆད་མ་བཏང་ཞིག །དཔལ་ཆེན་མི་ཕམ་བཀའ་མ་འདའ། །བདག་ཅག་ཡེ་ནས་གཉིས་སུ་མེད། །ཕྱི་འཁོར་སྐྱོང་བའི་མུ་རན་ལ། །རྡོ་རྗེའི་ཡལ་གམ་ཐུབ་པར་མཛོད། །ཡ་མ་རཱ་ཛ་ས་མ་ཡ་སྟྭཾ། ཞེས་ཕྲིན་ལས་བཅོལ་ཞིང་བརྟན་བཞུགས་བྱ། དེ་ནས་ནང་སྒོར་བྱིན་རླབས་སྔ་མ་ལྟར་བྱ། སྭ་བྷཱ་ཝ་སྦྱངས། སྟོང་པའི་ངང་ལས་པད་ཉི་བགེགས་ཀྱི་གདན་ལ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་གུ་ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བ། གཡས་ལྷག་མས་ནོར་བུ་དང་རལ་གྲི། གཡོན་ལྷག་མས་པདྨ་དང་རྒྱ་གྲམ་འཛིན་པ། སྦྲུལ་གྱིས་སྤྲས་ཤིང་ཐོད་རློན་དང་ཚངས་སྐུད་སྟག་ཤམ་འཆང་བ། མེ་འབར་བའི་ཀློང་ན་གཡས་བསྐུམ་གཡོན་བརྐྱང་གིས་འགྱིང་བའི་གནས་གསུམ་འབྲུ་གསུམ་གྱི་མཚན་པའོ། །རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་འོག་མིན་ནས། ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་འཁོར་དང་བཅས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱི་མཆོད། སྔར་ལྟར་ནང་མཆོད་དང་། ལྷ་སྔགས་ལ་གཏོར་སྔགས་བཏགས་པས་གཏོར་མ་འབུལ། ཧཱུྃ། བསྐལ་པ་མེ་ཕུང་འབར་འདྲའི་ཀློང་། །འཆི་མེད་ཁྲོ་བོ་ཆེན་པོའི་སྐུ། །ཞལ་གཡས་རབ་ཏུ་བཞད་པ་ནི། །ཛམ་བུ་ནཱ་དའི་གསེར་འོད་འདྲ། །དབུས་མ་མ་རྒད་ལྗང་གུའི་མདངས། །གཡོན་པ་པདྨ་རཱ་ག་འདྲ། །དབུ་ཡི་ཐོར་ཚུགས་རྒྱ་གྲམ་མཛེས། །རིགས་བདག་དོན་ཡོད་གྲུབ་པ་བཞུགས། །ཐབས་མཆོག་སྙིང་རྗེའི་རྡོ་རྗེ་དང་། །ཤེས་རབ་དྲིལ་བུ་ཐུགས་ཀར་བསྣོལ། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །མཚོན་ཆའི་རྒྱལ་པོ་རལ་གྲི་གཡོན། །ཆགས་མེད་སྐྱོན་བྲལ་པདྨ་དང་། །ལས་ཀྱི་རྡོ་རྗེ་རྒྱ་གྲམ་གཡོན། །གདུག་པ་སྤྲུལ་གྱིས་ཕྱག་ཞབས་བརྒྱན། །ཐོད་ཕྲེང་ཚངས་སྐུད་དོ་ཤལ་མཛད། །དཔའ་བོ་སྟག་ལྤགས་ཤམ་ཐབས་ཅན། །བགེགས་ཆེན་བསྣོལ་བའི་གདན་སྟེང་ན། །ཕྲིན་ལས་ཐོག་སེར་བགེགས་ལ་འབེབས། །དངོས་གྲུབ་བར་ཆད་སྲུང་དུ་གསོལ། །ༀ་ཨ་མྲྀ་ཏ་ཀུཎྜ་ལཱི་ཚིནྡྷ་ས་མ་ཡ་སྟྭཾ། ཞེས་ཕྲིན་བཅོལ་དང་བརྟན་བཞུགས་བྱའོ། །གསུམ་པ་ནང་མཚམས་ལ་དོན་གཉིས། མཚམས་བཅད་པའི་ཕྲིན་ལས་དང་། སྔོན་དུ་འགྲོ་བའི་ཕྲིན་ལས་སོ། །དང་པོ་ནི། མཆེད་ལྕམ་སྔར་མ་འདྲེས་པ་རྣམ་གུང་དུ་ཕྱེས་ལ་སྒོར་བཞག །སྔར་འདྲེས་པ་རྣམས་འཚོགས་ཏེ་མཚམས་བཅད་པ་ལ་བདུན་གྱི་དང་པོ་རང་བཞིན་གྱི་མཚམས་ནི། རྒྱུད་ལས། རྣམ་པར་རྟོག་པ་བགེགས་ཡིན་ཏེ། །བགེགས་ནི་རང་གི་སེམས་ལས་བྱུང་། །སེམས་ལ་རང་བཞིན་མེད་ཤེས་ན། །གཞན་ན་བགེགས་ཞེས་བྱ་བ་མེད། །ཅེས་འབྱུང་བས། ཆོས་ཐམས་ཅད་གདོད་ནས་ཆོས་ཉིད་རྣམ་པར་མི་རྟོག་པའི་རང་བཞིན་ནོ། །ཞེས་བསྒོམ། གཉིས་པ་བདག་ཉིད་ཆེན་པོའི་མཚམས་ནི། དེའི་ངང་ལས་རང་སེམས་ཧཱུྃ་མཐིང་ག་འོད་འབར་བ་དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ཚུར་འདུས་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཞིག་ཏུ་གྱུར། དེ་ལས་འོད་ཟེར་འཕྲོས། དོན་བྱས་ཏེ་ཚུར་འདུས། ཧཱུྃ་བཛྲ་དྷིཀ྄ །ཞེས་བརྗོད་པས་བདག་ཉིད་དཔལ་ཆེན་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཞི་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས་པ། སེང་གེ་པདྨ་ཉི་ཟླའི་གདན་ལ་ཞབས་མཉམ་པའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་དམར་པོ་འོད་འབར་བར་གསལ་བར་གྱུར། གསུམ་པ་ཁྲོ་བོའི་སྡང་མིག་གི་མཚམས་ནི། ཧཱུྃ་ལས་འོད་འཕྲོས། དོན་གཉིས་བྱས་ཏེ་འདུས་པ་ལས་རྡོ་རྗེ་སྔོན་པོར་གྱུར། དེ་ལས་འོད་འཕྲོས་ཤིང་སླར་འདུས། བཛྲ་ཨཀྵོ་བྷྱ་ཧཱུྃ། དེ་ཉིད་ཁྲོ་བོ་ཨཀྵོ་བྷྱ་མཐིང་ནག་ཞལ་གསུམ་ཕྱག་དྲུག་པར་གྱུར་ཏེ། མདུན་གྱི་བར་སྣང་ལ་འཁོད། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། བཛྲ་ཨཀྵོ་བྷྱ་ཧཱུྃ་ཨཾ་ཀུ་ཤ་ཛཿ རང་གི་ཐུགས་ཀའི་འོད་ཟེར་གྱིས་ཐུགས་དམ་བསྐུལ་ཏེ་བདག་ལ་ཐིམ། ཧཱུཾ་ཤྲཱི་བཛྲ་དྷྲིཀ྄ །ཞེས་བརྗོད་པས་བདག་ཉིད་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་མཐིང་སྐྱ་ཞལ་གསུམ་ཕྱག་དྲུག་པ། གཡས་གསུམ་རྡོ་རྗེ་ཞགས་པ་ལྕགས་སྒྲོག །གཡོན་གསུམ་བནྡྷ་དགྲ་སྟྭ་ལྕགས་ཀྱུ་འཛིན་པ། ཞི་ཁྲོའི་རྒྱན་སྤེལ་མས་སྤྲས་ཤིང་མཆེ་བ་ཅུང་ཟད་གཙིགས་པའི་སྐུར་གྱུར་པའི་སྤྱན་གཡས་པ་མ་ལས་ཉི་མའི་དཀྱིལ་འཁོར། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་བགེགས་དང་འབྱུང་པོ་ཐམས་ཅད་བསྲེགས་ཤིང་ཚིམ་པར་གྱུར། མ་སཱུརྻ་མཎྜལ་ཧཱུྃ་རཾ། སྤྱན་གཡོན་པ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེ་ལས་བདུད་རྩིའི་ཆུ་རྒྱུན་བབས་པས་སླར་གསོས་ཏེ་སྡུག་བསྔལ་ཞི་བར་གྱུར། ཨ་ཙནྡྲ་མཎྜལ་ཧཱུྃ་ཨ། བཞི་པ་རྡོ་རྗེ་གནོད་སྦྱིན་གྱི་མཚམས་ནི། ཐུགས་ཀ་ནས་ཡི་གེ་ཧཱུྃ་ལྗང་གུ་འཕྲོས་པ་ལས། རྡོ་རྗེ་གནོད་སྦྱིན་ལྗང་ནག་རྡོ་རྗེ་གདེངས་ཤིང་སྡིགས་མཛུབ་མཛད་པ་གྲངས་མེད་པར་གྱུར་ཏེ་བར་དུ་གཅོད་པའི་བགེགས་ཐམས་ཅད་བསྐྲད་པར་གྱུར། ཧཱུྃ། རྣལ་འབྱོར་ཆེན་པོའི་སོགས་ནས། བརླག་པར་འགྱུར། །ཞེས་པའི་བར་སྒྲུབ་ཐབས་ལྟར་དང་། འཁྱིལ་བའི་ཕྲེང་སྔགས་ནི། ན་མཿས་མནྟ་ཀཱ་ཡ་ཝཱཀྩིཏྟ་བཛྲཱ་ཎཱཾ། ན་མོ་བཛྲ་ཀྲོ་དྷ་ཡ། མ་ཧཱ་དཾཥྚྲོཏྐ་྅྅྅ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ་པཪྴུ་བ་ཤ་ཧསྟཱ་ཡ། ༀ་ཨ་མྲྀ་ཏ་ཀུནྜ་ལཱི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱཾ་བི་ནཱ་ཡ་ཀན། མ་ཧཱ་ག་ཎ་པ་ཏི། ཛཱི་བི་ཏཱནྟ་ཀ་རཱ་ཡ་སྭཱ་ཧཱ། ཞེས་དྲག་ཏུ་བརྗོད་དོ། །ལྔ་པ་འགྲོས་དང་སྟངས་སྟབས་ཀྱི་མཚམས་ནི། སྤྲོ་ཞིང་ཤེས་ན་རྒྱུད་ནས་གསུངས་པའི་ལས་བཞིའི་སྟངས་སྟབས་ལ་སོགས་པ་བྱ་དགོས་ཀྱང་། འདིར་ས་བཅད་ཙམ་དུ་རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ་ལ། ཧཱུྃ། ཞེ་སྡང་རྡོ་རྗེའི་འགྲོས་སྟབས་ཀྱིས། །བརྗིད་བག་བཅས་པས་ཡོངས་བསྐོར་ནས། །སྡང་བ་ཐམས་ཅད་བསྐྲད་པར་བྱ། །ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབ། །ཅི་ཡང་མི་གནས་ཅིས་མི་ཤིགས། །ཧཱུྃ་ཧཱུྃ་ཧཱུྃ། ཞེས་མོས། དྲུག་པ་ར་བ་གུར་གྱི་མཚམས་ནི། སྣ་བུག་ནས་ཧཱུྃ་རིང་པོ་སོགས་ནས། ཀཱི་ལ་ཡའི་བར་སྒྲུབ་ཐབས་ལྟར་རོ། །བདུན་པ་སྲུང་བའི་འཁོར་ལོའི་མཚམས་ནི། སེང་ལྡེང་གི་ཕུར་བུ་ཆས་སུ་བཅུག་པ་བཅུ་དང་སྟེགས་བུ་བཅས་འདུ་བྱ། གུ་གུལ་གྱིས་འདུག །ཡུངས་ཀར་གྱིས་བྲབ། རཀྟས་ཕུར་རྩེ་ལ་བྱུག །དེ་དག་གི་ཚེ། ༀ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བརྗོད་ལ་མདུན་དུ་བཀོད། གདན་བཏིང་བ་ནི། བདག་ཉིད་ཞེ་སྡང་རྡོ་རྗེའི་ཐུགས་ཀ་ནས་ཧཱུྃ་སྔོན་པོ་འཕྲོས། ཧཱུྃ་ཀཱ་ར་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བརྗོད་པས། ཁྲོ་བོ་ཧཱུྃ་མཛད་སྔོན་པོ་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཧཱུྃ་མཛད་ཀྱི་ཕྱག་རྒྱས་རྡོར་དྲིལ་བསྣམས་པ། གཡས་འོག་མས་ལྕགས་ཀྱུ་དང་རལ་གྲི། གཡོན་འོག་མས་དགྲ་སྟྭ་དང་ཞགས་པ་བསྣམས་ཤིང་ཁྲོ་བོའི་ཆས་ཅན་མེ་འབར་བའི་ཀློང་ན་ཉི་མའི་གདན་ལ་བརྐྱང་བསྐུམ་གྱིས་འཁོད་པའོ། །ཧཱུྃ་བཞི་པའི་སྔགས་བརྗོད་ནས་གདན་བཏིང་བར་བཀའ་བསྒོས་པས། དེའི་ཐུགས་ཀ་ནས་ལས་ཀྱི་ཁྲོ་བོ་སྤྲོས། ཏཱ་ཀི་རཱ་ཙ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ། ཁྲོ་བོ་ཏཱ་ཀི་རཱ་ཙ་དམར་སྨུག་ཐོ་བ་དང་ལྕགས་ཀྱུ་འཛིན་པ་ལ་ཧཱུྃ་ཀཱ་རས་བཀའ་བསྒོ་བར་གྱུར། ཧཱུྃ་བཞི་པའི་སྔགས་དང་། ཨིནྡྲཱ་ཡ། ཏི་ར་བཾ། དེ་བཞིན་དུ་སྦྱར་ཏེ། ཨགྣ་ཡེ། ཡ་མཱ་ཡ། ནིར྄རི྅྅྅ཏྱ། བ་རུ་ཎཱ་ཡ། བཱ་ཡ་བེ། ཀུ་བེ་རཱ་ཡ། ཨི་ཤ་ནཱ་ཡ། བྲཧྨ་ཎེ། པྲྀ་ཐི་བཱི་ཡཻ། ཏི་ར་བཾ། ཏཱ་ཀི་རཱ་ཙ་ལས་སྤྲུ ལ་པའི་ཁྲོ་བོ་རྣམས་ཀྱིས་ཕྱོགས་སྐྱོང་བཅུ་ལྕགས་ཀྱུས་བཟུང་། ཐོ་བས་བརྡུངས་ཏེ་རྡོ་རྗེའི་བྲག་དང་ཉི་མའི་སྟེང་དུ་ཕོ་ཁ་སྦུབས་མོ་གན་རྐྱལ་བསྣོལ་ཏེ་བཏིང་ནས། གདན་བཏིང་ལགས་སོ་བཅོམ་ལྡན་ཁྲོ་རྒྱལ་གཙོ། །གདུག་པའི་ཚོགས་རྣམས་མ་ལུས་འདུལ་བ་དང་། །ཞེ་སྡང་རྡོ་རྗེའི་ཐུགས་ཀྱི་དཀྱིལ་འཁོར་ནས། །ཁྲོ་བོའི་སྤྲུལ་པ་ཕྱོགས་བཅུར་དགྱེ་རུ་གསོལ། །ཞེས་ཞུས་ནས་ཧཱུྃ་ཀཱ་རའི་ཐུགས་ཀར་ཐིམ། དེའང་ཞེ་སྡང་རྡོ་རྗེའི་ཐུགས་ཀར་ཐིམ་ནས་མི་སྣང་བར་གྱུར་ཏོ། །ཕུར་བུ་བསྐྱེད་པ་ནི། ཞེ་སྡང་རྡོ་རྗེའི་ཐུགས་ཀ་ནས་ཡི་གེ་ཧཱུྃ་བཅུ་སྤྲོས་ཏེ། ཕུར་པ་བཅུ་ལ་ཐིམ་པ་ལས། ཕུར་པའི་དངོས་པོ་བསྲེགས་ནས་ཡི་གེ་ཧཱུྃ་བཅུར་གྱུར། ཧཱུྃ་ཧཱུྃ་ཀཱ་ར་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ཧཱུྃ་བི་ཛ་ཡ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ༀ་ནཱི་ལ་དཎྜ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ཧཱུྃ་ཡ་མཱནྟ་ཀ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ཧཱུྃ་ཨཱཪྱ་ཨ་ཙ་ལ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ཧཱུྃ་ཧྱ་གྲཱི་ཝ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ཧཱུྃ་ཨ་པ་རཱ་ཙིཏྟ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ཧཱུྃ་ཨ་མྲྀ་ཏ་ཀུཎྜ་ལཱི་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ཧཱུྃ་ཏྲཻ་ལོ་ཀྱ་བི་ཛ་ཡ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ཧཱུྃ་མ་ཧཱ་བ་ལ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ཞེས་བརྗོད་པས། ཡེ་ཤེས་ཀྱི་ཁྲོ་བོ་བཅུ་མཐིང་ནག་ཞལ་གསུམ་ཕཊ་སྒྲ་སྒྲོགས་ཤིང་མཆེ་གཙིགས་སྡང་མིག་ཏུ་གཟིགས་པ། ཕྱག་དྲུག་མཚོན་ཆ་སྣ་ཚོགས་བསྣམས་ཤིང་ཁམ་ནག་རལ་པ་ཟུར་གསུམ་གྱེན་དུ་འགྲེངས་པ། སྐུ་སྨད་ལྕགས་ཕུར་ཟུར་གསུམ་སྦྲུལ་དང་ཐོད་པའི་རྒྱན་ཅན་མེ་འབར་བའི་ཀློང་ན་ཡེ་ཤེས་ཀྱི་གཟི་བརྗིད་འབར་བར་གྱུར། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ན་མོ་ན་མཱ་མི། ༀ་བཛྲ་ཨརྒྷཾ་སོགས། ཕྱོགས་བཅུའི་ཁྲོ་རྒྱལ་བདུད་ཆེ་རྣམས། །ཡ་མཚན་ཆེ་ལ་ཕྱག་འཚལ་བསྟོད། །བདུན་དགྲ་ཐམས་ཅད་ཡོངས་བཅོམ་ནས། །བགེགས་རྣམས་མ་ལུས་ཞི་བར་མཛོད། །དེ་ནས་ཕུར་པ་གདབ་པ་ནི། ཐུགས་ཀའི་འོད་ཟེར་གྱིས་བདུད་རྩི་འཁྱིལ་བ་མདུན་དུ་བཀུག་པ་ལ་རྡོ་རྗེའི་ཐོ་བ་གཏད་པར་མོས་ལ། རྡོ་རྗེ་བདུད་རྩི་རྒྱལ་ཆེན་པོ། །གང་ཞིག་མནན་པའི་མཆོག་རྣམས་ལ། །ཁྲོ་རྒྱལ་འབར་བའི་ཀཱི་ལ་ཡས། །ཕྱོགས་མཚམས་གདོན་རྣམས་ནོན་པར་མཛོད། །ཅེས་བསྐུལ་བས་ཕྱོགས་བཅུའི་བགེགས་རྣམས་ལ་རིམ་པར་ཕུར་བུས་བཏབ་ཅིང་ཐོ་བས་བརྡུངས་བར་གྱུར། སྟེང་གི་ཁྲོ་བོ་ནས་གཡས་བསྐོར་དུ་བཏབ་ལ། ༀ་གྷ་གྷ་སོགས་སྡེར་མོའི་སྔགས་ལན་རེ་བརྗོད། ཐོ་བ་རང་ལ་ཕུལ་བས་འཁྱིལ་བ་བདག་ཉིད་ཀྱིས་བཏབ་པར་བསམ། ཕྱོགས་སྐྱོང་རྣམས་ཀྱི་ལུས་ལ་ཐལ་ཕྱུང་སྟེ་ཉི་མའི་དཀྱིལ་འཁོར་ལ་དབལ་ནུབ་པར་གྱུར། ཧཱུྃ། མཚམས་བཅད་ནང་འདི་སོགས་བརྗོད་དོ། །སྟངས་སྟབས་ཕུར་གདབ་གོང་དུའང་སོང་བས་ཟློས་སོ་སྙམ་ན་སྔ་མ་ནི་ས་ཆོག་གི་བྱ་བ་ཡིན་པར་དཀྱིལ་འཁོར་ཁང་པ་རྙིང་པ་ལ་སོགས་ལ་བྱ་མི་དགོས་པའི་སྐབས་མང་ཞིང་། འདིར་ནི་ནང་མཚམས་ཀྱི་ཕྲིན་ལས་ཡིན་པས་ངེས་པར་མེད་དུ་མི་རུང་བ་ཡིན་ནོ། །གཉིས་པ་སྔོན་འགྲོའི་ཕྲིན་ལས་ལ་བསྙེན་པའི་ཕྲིན་ལས་གོང་དུ་སོང་ཟིན་པའི་དབང་དུ་བྱས་ནས། སྟ་གོན་གྱི་ཕྲིན་ལས་ལ་ལྔ། དཀྱིལ་འཁོར། ལྷ། སློབ་དཔོན། རྫས་དང་ཡོ་བྱད། སློབ་མ་སྟ་གོན་ནོ། །དེདག་ཀྱང་དབང་བསྐུར་གཙོ་བོར་གྱུར་པ་ལ་ཚང་བ་བྱ་དགོས་ཤིང་། དེའི་ཚུལ་ནི་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་དཀྱིལ་ཆོག་བདུད་རྩིའི་ཉིང་ཁུ་ལས་རྟོགས་པར་བྱའོ། །དངོས་གྲུབ་སྒྲུབ་པ་གཙོ་བོར་གྱུར་པའི་སྐབས་འདིར་དཀྱིལ་འཁོར་སྟ་གོན་ནི། བའི་རྣམ་ལྔ་བའི་ལྕི་བ་ཆུ་འོ་མ་ཞོ་མར་དང་ལྔའོ། །མཆན། དང་དྲི་ལྔའི་ཙནྡན་གུརྒུམ་ལི་ཤི་ཛཱ་ཏི་ཨ་ཀ་རུ་དང་ལྔའོ། །མཆན། ཆུས་ས་གཞི་ལ་བྱུགས་ཤིང་རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཟླས་པའི་ཡུངས་ཀར་འཐོར། ལྷ་སྟ་གོན་ནི་དཀྱིལ་འཁོར་བྲི་བར་གནང་བ་ཞུ་བའི་དོན་ཡིན་པས་གྲུབ་ན་ལེགས་ཤིང་དེང་སང་དབང་གི་སྐབས་མ་གཏོགས་མི་མཛད་པ་ཤས་ཆེ་བས་མ་གྲུབ་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར། སློབ་དཔོན་སྟ་གོན་ནི་སྔར་གསོལ་བ་བཏབ་ཟིན་པས་ཁྱབ། རྫས་ཡོ་སྟ་གོན་ལ། སྒྲུབ་རྫས་འོག་ཏུ་འབྱུང་བ་ཐམས་ཅད་སྐབས་འདིར་འཚོགས་པར་བྱ། དབང་བསྐུར་ན་དབང་རྫས་བུམ་པ་སྐབས་འདིར་སྒྲུབ་ལ་ཙཀླི་སོགས་གཞན་རྣམས་ཀྱང་འདུ་བྱ། དགོས་པའི་ཡོ་བྱད་ཇི་སྐད་བཤད་པ་ཐམས་ཅད་མ་ཚང་བ་མེད་ཅིང་ཕུན་སུམ་ཚོགས་པར་བསགས། སློབ་མ་སྟ་གོན་གྱི་དོད་དུ་སྐབས་འདིར་བསྲེ་བསྣན་བྱ་སྟེ། སྔར་གུད་དུ་ཕྱེས་པའི་མཆེད་རྣམས་ལ་ལས་ཀྱི་རྡོ་རྗེས་མིག་རས་ཀྱིས་གདོང་བཀབ། ལག་ཏུ་མེ་ཏོག་གཏད་དེ་ནང་དུ་བོས་པ་ལ། སློབ་དཔོན་གྱིས། ཀྱེ་ཀྱེ་རིགས་ཀྱི་བུ་ཚུར་གཤེགས། །ཁྱོད་ནི་ཐེག་པ་ཆེན་པོའི་རིགས། །གསང་སྔགས་ཟབ་མོའི་སྣོད་ཡིན་པས། །གསང་སྔགས་ཆོ་ག་ཟབ་མོ་འདི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་འདས་པ་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བཞུགས་པའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་པས། །དང་པོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་ཆོས་སྐུ་བརྙེས། །གསང་སྔགས་ལྟ་སྤྱོད་ཟབ་མོ་འདིས། །སྐྱོབ་པ་རྡོ་རྗེ་སེམས་དཔའ་དེས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་དུས་འདིར་བྱ། །དེ་ནས་སློབ་མ་རྣམས་ཀྱི་རྒྱུད་རྣམ་དག་བྱ་བར་གསུངས་པས་སྤྲོ་ན། དཀོན་མཆོག་གསུམ་དང་ཡི་དམ་ལྷ། །སོགས་གསང་འགྲེལ་ལྟར་རྗེས་ཟློས་བྱ། སྟབས་བདེར་རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་རྒྱུན་བཤགས་ཡན་ལག་བརྒྱད་པ་ལན་གསུམ་བརྗོད་དུ་གཞུག །སེམས་བསྐྱེད་པ་ནི། སློབ་དཔོན་གྱིས། གསང་བ་མཆོག་གི་དཀྱིལ་འཁོར་དུ། །བླ་མེད་འབྲས་བུ་བསྒྲུབ་པ་དང་། །བདེར་གཤེགས་དངོས་གྲུབ་ཐོབ་བྱའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་བསྒོས་པས། སློབ་མས་ཁས་བླངས་པ། བདག་ཀྱང་དུས་འདི་ཕན་ཆད་ནས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །བླ་མའི་བཀའ་བཞིན་བསྒྲུབ་ལགས་ཀྱིས། །སྨན་པ་ཚུལ་བཞིན་འབོག་ཏུ་གསོལ། །ཅེས་རྗེས་ཟློས་བྱ། དམ་དབོག་པ་ནི། སློབ་དཔོན་གྱིས་ནང་མཆོད་ལ། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ། བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ། ཞེས་པས་དམ་ཚིག་གི་རྣམ་དབྱེ། བསྲུང་དགོས་པའི་རྒྱུ་མཚན། བསྲུངས་པའི་ཕན་ཡོན། འདས་པའི་ཉེས་དམིགས་ཇི་ལྟར་ནུས་པ་གོ་ངེས་པར་བཤད་པའི་མཐར། ཧཱུྃ། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་དང་རྡོ་རྗེ་འཛིན། །དེ་བཞིན་སྒྲུབ་པའི་རྣལ་འབྱོར་པ། །དེ་དག་ལ་ནི་སྙིང་རིང་ན། །རྡོ་རྗེ་ཡཀྵ་གནོད་སྦྱིན་གྱིས། །ཁྱོད་ཀྱི་སྙིང་ལ་གཞིབ་སྟེ་བཏུང་། །བྱིན་གྱིས་བརླབས་པའི་བདུད་རྩི་སྦྱིན་ལ། ཧཱུྃ། སྙིང་ལ་ཡང་དག་གནས་པ་ཡི། །འདི་ནི་སེམས་ཅན་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨི་དན་ཏེ་ན་ར་ཀན། ས་མ་ཡ་ཡཀྵི་ཧཱུྃ། ཞེས་བརྗོད་ལ། བདུད་རྩི་ཧཱུྃ་དུ་གྱུར་པ་བླངས་ཏེ་ལྕེ་ལ་བཞག་པས་སློབ་མའི་སྙིང་གར་ཞུགས་ཏེ་ཤེས་པ་ཧཱུྃ་ཡིག་ཏུ་གྱུར་པར་བསམ། དེ་ནས་སློབ་མས་མིག་དབྱེ་བར་ཞུ་བ། ཧཱུྃ། མ་རིག་མིག་གི་ལིང་ཐོག་གིས། །ཤིན་ཏུ་ལོང་བར་གྱུར་ལགས་པས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཉོན་མོངས་སྒྲིབ་པ་བསལ་དུ་གསོལ། །ཞེས་ཞུས་པ་ལ། སློབ་དཔོན་གྱིས། ཉོན་མོངས་འཁོར་བའི་སེམས་ཅན་རྣམས། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །མ་རིག་པ་ཡི་ལིང་ཐོག་རྣམས། །བདེར་གཤེགས་དགོངས་པས་བསལ་བར་བྱ། །ཙཀྵུཿཔྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ལ་མིག་དར་བསལ། ཡང་སློབ་མས། ཧཱུྃ། དུས་གསུམ་བདེར་གཤེགས་རྒྱལ་བ་ཀུན་གྱི་ཐུགས། །རྡོ་རྗེ་སེམས་དཔའ་ཡི་དམ་ལྷ་མཆོག་འདི། །རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་ཟབ་མོའི་ཐུགས། །ད་ལྟ་ཉིད་དུ་བདག་ལ་དབོག་ཏུ་གསོལ། །ཞེས་བརྗོད་དེ་མེ་ཏོག་སློབ་དཔོན་ལ་ཕུལ་ཏེ་མདུན་དུ་འཁོད་པ་ལ། སློབ་དཔོན་གྱི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ་དེ་ལས་འོད་ཟེར་རྃ་ཡིག་འབར་བའི་རང་བཞིན་ཅན་དུ་སྤྲོས་པས་སློབ་མའི་ཉེར་ལེན་གྱི་ཕུང་པོ་སྡིག་སྒྲིབ་བག་ཆགས་དང་བཅས་པ་བསྲེགས་ཤིང་སྦྱངས་ནས་སེམས་ཉིད་འོད་གསལ་བར་གྱུར། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས། སློབ་མ་རྣམས་སྐད་ཅིག་གིས་དཔལ་ཧེ་རུ་ཀ་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག་འཛིན་ཅིང་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། པད་ཉིའི་སྟེང་དུ་ཞབས་བརྐྱང་བསྐུམ་གྱིས་བཞུགས་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གསལ་བར་གྱུར། ཧཱུྃ། དཔལ་ལྡན་རྡོ་རྗེའི་སྐུ་གསུང་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་གསུང་ཐུགས་དང་ལྡན། །དེང་བདག་ལྷ་མཆོག་སྐུ་གསུང་ཐུགས་འཛིན་པ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཁྱོད་ལ་སྦྱིན། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དེ། བདུད་རྩིའི་ཐིག་ལེ་གནས་བཞིར་བྱའོ། །དེ་ནས་སྔར་ཕུལ་བའི་མེ་ཏོག་དང་གཙོ་བོའི་སྐུའམ་རྡོར་དྲིལ་སྤྱིར་བོར་བཞག་ལ། སྔོན་ཚེ་ཚེ་རབས་གྲངས་མེད་ནས། །དགེ་བའི་ལས་ཀྱིས་བརྟེན་པའི་ལྷ། །ཡི་དམ་ལྷ་མཆོག་དམ་པ་འདི། །ད་ལྟ་ཉིད་དུ་ཁྱོད་ལ་དབང་། །ཞེས་དང་རུ་ལུ་བརྗོད། གསང་མཚན་མེད་ན་གསར་དུ་གདགས་ལ། འདི་ནི་རྡོ་རྗེ་མིང་གི་དབང་། །མཚན་མཆོག་འདིས་ནི་དབང་བསྐུར་བས། །སངས་རྒྱས་ཞིང་དུ་གྲགས་པ་ཡི། །རིག་འཛིན་བླ་མེད་འགྲུབ་པར་ཤོག །ༀ་ཤྲཱི་བཛྲ་མིང་སོ་སོའམ། སྤྱི་ཙམ་དུ། ཧེ་རུ་ཀ་ནཱ་མཿ ཞེས་བརྗོད། སྙིང་པོ་འབོག་པ་ནི། འདས་དང་མ་བྱོན་ད་ལྟ་དུས་གསུམ་ལྷ། །དུས་གསུམ་བདེ་གཤེགས་ཐུགས་ཀྱི་སྙིང་པོ་འདི། །ད་ལྟ་ཉིད་དུ་ཁྱོད་ལ་དབོག་པར་བྱ། །ཞེས་དང་གཙོ་འཁོར་རྣམས་ཀྱི་སྔགས་ཕྲེང་ཚང་བ་བརྗོད། དེ་ནས་ཕྲེང་བ་གཏད་ལ། ཧཱུྃ། རིག་པ་སྲོག་གིས་འབྲེལ་བའི་ཕྲེང་ཐག་ལ། །ཐབས་དང་ཤེས་རབ་འབྲེལ་བའི་ཕྲེང་བ་བརྒྱུས། །རྩེ་གཅིག་ལྷ་དང་འགྲོགས་པའི་ཏིང་འཛིན་གྱིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པར་བྱ། །བཛྲ་མཱ་ལེ་ཏྲཱཾ། གྲལ་དུ་བཞག་པ་ནི། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། །བསྙེན་སྒྲུབ་རྣམ་བཞི་བསྙེན་ཅིང་སྒྲུབ་པ་དང་། །ཡི་དམ་ལྷ་མཆོད་འཛབ་བསྙེན་བགྲང་བའི་ཕྱིར། །དམ་ཚིག་རྡོ་རྗེའི་གྲལ་དུ་མཆིས་པར་གནང་། །ཏིཥྛ་ས་མ་ཡ་ཧཱུྃ། དེ་ནས་མཆེད་རྣམས་ཀྱིས་སློབ་དཔོན་ལ་ཕྱག་བྱ་ཞིང་སྐྱེམས་དྲངས་ལ། དམ་ཚིག་དབང་དང་ཤེས་རྒྱུད་ལུང་སྟོན་ཅིང་། །ཚེ་འདི་ཉིད་ལ་འབྲས་བུ་མཐར་ཕྱིན་པའི། །བླ་མ་རྡོ་རྗེ་སློབ་དཔོན་རིན་པོ་ཆེ། །བཀའ་དྲིན་རྗེས་སུ་དྲན་ཕྱིར་གཏང་རག་གཏོང་། །ཞེས་ཞུའོ། །སྐབས་འདིར་ཞག་གིས་བར་དུ་བཅད་ན་གཏོར་མཆོད་བཤམས་ལ་ཕྲིན་ལས་རྒྱས་པར་བཏང་ཞིང་། ཛཔ྄་བཟླས། སྐོང་བཤགས། ཚོགས་ཀྱི་འཁོར་ལོ། ཆོས་སྲུང་གཏོར་འབུལ་བྱས་ཏེ་དེ་རྣམས་ལའང་སྒྲུབ་པ་ལ་བར་ཆད་མི་འབྱུང་བའི་ཕྲིན་ལས་བཅོལ་བར་བཤད་ཅིང་། དེང་སང་མོས་སློབ་ཀྱི་སྐབས་མ་འགྲུབ་ནའང་ཆད་སྐྱོན་དུ་མི་འགྱུར་རོ། །སྐབས་འདི་དག་ཏུ་འགྲུབ་ན་བགེགས་སྲེག་པ་དྲག་པོ་དང་། བར་ཆད་བསལ་བ་ཞི་བའི་སྦྱིན་སྲེག་བྱ་སྟེ། དེ་ཡན་ཆད་ཀྱིས་སྔོན་འགྲོའི་རིམ་པ་རྣམས་བསྟན་ཟིན་ཏོ། །རྩ་བའི་གཉིས་པ་མ་ཏྲཾ་མནན་པའི་ཕྲིན་ལས་ལ་གཉིས། བདག་ཉིད་སྐུ་གསུམ་ཕྱག་རྒྱ་བཞི་དང་ལྡན་པའི་སྟོབས་ཀྱིས་འདུལ་བ་དང་། དུར་ཁྲོད་ཀྱི་བདག་པོ་དགུག་ཅིང་འབུལ་བའོ། །དང་པོ་ནི། སློབ་དཔོན་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན། འོག་ཏུ་དགོས་པའི་ཆས་རྣམས་འདུ་བྱས་ལ། གླེང་གཞི་བརྗོད་པ་ནི། འདས་པའི་དུས་ན་སྔོན་བྱུང་བའི། །བདག་ཉིད་ཆེན་པོར་རྟགས་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཁྲོ་གཏུམ་གདུག་པར་འགྱུར། །ཤིན་ཏུ་ཁྲོ་གཏུམ་གདུག་པ་ཡིས། །འོ་དོད་འབོད་ཅིང་ལྟུང་བར་གྱུར། །སྐུ་གསུམ་གྱི་ཏིང་ངེ་འཛིན་ནི། དེ་བཞིན་ཉིད་རྣམ་པར་མི་རྟོག་པའི་ངང་ལས་སྙིང་རྗེ་ཆེན་པོ་ཀུན་ཏུ་སྣང་བའི་རང་རྩལ་རྒྱུའི་ཡི་གེ་ཧཱུྃ་མཐིང་ནག་ཏུ་འབར་བ། དེ་ལས་ཨེ་ཆད་པ་ལས་སྣང་སྲིད་ཐམས་ཅད་མཐིང་ནག་གྲུ་གསུམ་འབར་བའི་ཕོ་བྲང་དུ་གྱུར་པའི་དབུས་སུ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དེ་ཉིད་གནས་པར་གྱུར། དེ་ལ་བསྐུལ་བ། ཧཱུྃ། ཤིན་ཏུ་ཁྲོ་གཏུམ་གདུག་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ཡིས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་འཆང་ཁྲོས་པ་ཡིས། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཞེས་བརྗོད་ལ། ཕྱག་རྒྱ་བཞི་དང་ལྡན་པའི་སྟོབས་ཀྱིས། ཧཱུྃ་བཞིས་ཏིང་ངེ་འཛིན་གྱི་རྩལ་སྦྱོང་བ་ནི། ཧཱུྃ་བརྗོད་པས་བདག་གི་ཤེས་པའི་རྒྱུད་ཧཱུྃ་མཐིང་ནག་འོད་འབར་བ། ཧཱུྃ། དེ་ལས་འོད་ཟེར་བསྐལ་པའི་མེ་ལྟ་བུ་ཕྱོགས་བཅུར་འཕྲོས། ཧཱུྃ། དེ་ལས་སྤྲུལ་པ་མང་པོ་འཕྲོས་པས་མ་རུངས་པའི་ཚོགས་ཐམས་ཅད་ཚར་བཅད། ཧཱུྃ་དེ་དག་སླར་འདུས། ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། བདག་ཉིད་དཔལ་ཆེན་པོ་ཧེ་རུ་ཀ་དབུ་དགུ་ཕྱག་བཅོ་བརྒྱད་པ། དང་པོ་གཉིས་ཀྱི་རྡོ་རྗེ་དང་དུང་ཁྲག་རྔུབ་བ། གཡས་འོག་མ་བརྒྱད་ན་ཀེའུ་རི་མ་མོ་བརྒྱད་དང་། གཡོན་འོག་མ་བརྒྱད་ན་སིཾ་ཧ་ཕྲ་མེན་བརྒྱད་བསྣམས་པ། དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་ཞིང་ཞབས་བརྒྱད་འབར་བའི་གར་གྱིས་བཞུགས་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོ་དང་། ཧཱུྃ་དམར་པོ་བརྩེགས་མར་གནས་པ། སྐུ་ཕྱག་ཆེན་ནོ། །དེའི་གཡོན་དུ་ༀ་བཛྲ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ས་མ་ཡ་སྟྭཾ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་སྔོན་མོ་ཁ་ཊྭཱཾ་དང་ཐོད་ཁྲག་འཛིན་ཅིང་ཁྲོ་མོའི་ཆས་ཅན་ལམ་གྱིས་གསལ། དམ་ཚིག་གི་རྒྱའོ། །ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས་ཁྲོ་བོ་ཁྲོ་མོའི་སྤྲིན་གྱིས་དྲེགས་པ་ཅན་ཐམས་ཅད་བཏུལ་ཞིང་སླར་འདུས་པ་ལས། ཁྲོ་བོ་བཅུ་དང་ཀེ་སེང་སྒོ་མའི་ཚོགས་དང་བཅས་པ་གསལ་བར་གྱུར། ལས་རྒྱའོ། །དེ་ཐམས་ཅད་ཀྱང་ཆོས་ཉིད་ལས་མི་གཡོ་བའི་ཏིང་ངེ་འཛིན་དང་ལྡན་པ་ནི་ཆོས་རྒྱའོ། །དེ་གསལ་གདབ་ཅིང་བསྐུལ་བ་ནི། གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དམ་ཚིག་ལ་སྡང་རྣམ་སྦྱང་ཕྱིར། །དུར་ཁྲོད་གར་གྱི་ཕྱག་རྒྱར་གསལ། །ཞེས་བརྗོད་དོ། །གཉིས་པ་ལ་བཅུ་གསུམ་སྟེ། རྟེན་བཅའ་འགུགས་བསྟིམ་དམ་ཟིལ་གནན། །བསྒྲལ་མནན་དབྱེ་གཉིས་སྲས་སུ་བསྐྱེད། །གཞལ་ཡས་གཉེར་གཏད་སྒོ་མཚམས་དང་། །མ་མོ་སྤྱན་འདྲེན་བྲོ་བརྡུང་ངོ་། །དེ་ལ་དང་པོ་ནི། དཀྱིལ་འཁོར་བྱ་བའི་གཞི་ལ་ཐལ་ཆེན་གྱིས་མ་ཏྲཾ་གྱི་གཟུགས་སྙིང་ཁར་ཏྲི་དང་བཅས་པ་བྲི་བར་གསུངས་པས། ཐལ་ཆེན་བསྲེས་པའི་ཚོན་གྱིས་སྤང་ལེབ་ལྟ་བུ་ལ་བྲིས་ནས་མགོ་ལྷོ་ནུབ་ཏུ་བསྟན་ཏེ་བཞག །འཕྲལ་དུ་བྲི་བ་མི་ལྕོགས་ན་རོ་རས་ལ་ཆུ་ཚོན་གྱིས་བྲིས་ཀྱང་རུང་བར་མངོན། གང་ལྟར་དེ་ལ་རྟེན་བྱས་ཏེ། དམིགས་བྱ་བསྐྱེད་པ་ནི། མ་ཏྲཾ་ཀ་རུ་ཏྲ་པྲེ་ཏ་ཛྭ་ལ་ཡ། ཨེ་གྲུ་གསུམ་གྱི་ནང་དུ་གཟུགས་བརྙན་སྐད་ཅིག་གིས་དངོས་གྲུབ་སྒྲུབ་པ་ལ་བར་གཅོད་དམ་སྲི་དགྲ་བགེགས་ཐམས་ཅད་འདུས་པའི་ངོ་བོ་དུར་ཁྲོད་ཀྱི་བདག་པོ་མ་ཏྲཾ་རུ་དྲ་ཐལ་སྐྱ་སྣ་ཡོན་གདོང་གསུམ་ལག་པ་དྲུག་གི་གཡས་གསུམ་ཁ་ཊྭཱཾ་བྱ་རོག་སྤྱང་ཀུ། གཡོན་གསུམ་སྡིགས་མཛུབ་ཁྲ་དང་འུག་པ་ཐོགས་པ་ལུས་ཤིན་ཏུ་ཆེ་ཞིང་རྐང་པ་གཡས་ཀྱིས་གཡོན་མནན་པ་མ་མོ་བདུན་གྱི་འཁོར་དང་བཅས་པ་གསལ་བར་གྱུར། གཉིས་པ་ནི། བདག་གི་སྐུ་ལས་སྤྲུལ་པའི་ཁྲོ་ཚོགས་ཕྱག་རྒྱ་བཞི་དང་ལྡན་པ་རྣམས་ཀྱིས་མ་ཏྲཾ་འཁོར་དང་བཅས་པ་སྐད་ཅིག་གིས་བཀུགས་ནས་གཟུགས་ལ་ཐིམ་པར་མོས་ལ། ཧཱུྃ། ཡང་དག་གསང་བའི་དཀྱིལ་འཁོར་འདིར། །ནག་པོ་རུ་དྲ་འདུལ་བ་དང་། །མ་ཏྲཾ་ཐམས་ཅད་མནན་པའི་ཕྱིར། །འབྱུང་པོ་མང་པོ་བདག་ལ་གསོན། །དབང་ཕྱུག་ཆེན་པོ་དྲེགས་པ་ཅན། །འཚེ་བའི་བདག་པོ་ཚེ་དང་སྲོག །ཐུགས་རྗེའི་ངང་དང་ཤེས་རབ་དང་། །ཐབས་ལ་མཁས་པའི་བྱིན་རླབས་ཀྱིས། །འགྲོ་བ་ཐམས་ཅད་བསྐྱབ་མཛད་ཕྱིར། །བདུད་དང་གཤིན་རྗེ་འཁོར་བཅས་ཀུན། །གཉིས་མེད་རོལ་པའི་ཕྱག་རྒྱ་ཡིས། །ཐུགས་རྗེའི་ལྕགས་ཀྱུས་དགུག་པར་བྱའོ། །ཛཿཧཱུྃ་བྃ་ཧོཿ མ་ཏྲཾ་ཀ་རུ་དྲ་ཛཿཛཿཧཱུྃ། ཁ་ཏྲཾ་ག་རུ་དྲ་ཛཿཛཿཧཱུྃ། ཨཱཀཪྴ་རུ་དྲ་ཛཿཛཿཧཱུྃ། ཞེས་བཀུག །ཧཱུྃ། མ་ཏྲཾ་གི་ནི་རྣམ་ཤེས་ཏེ། །ངེས་པར་གཟུགས་ལ་ཕབ་ནས་ནི། །ལས་ལ་བབ་པའི་རྣལ་འབྱོར་པས། །དུས་ལ་བབ་པོ་ས་མ་ཡ། །སརྦ་ས་མ་ཡེ་ཧེ་པ་སྟྭཾ། ཞེས་བསྟིམ་པས་གྲུ་གསུམ་མཐའ་དབུས་མེད་པའི་ནང་དུ་ཚུད་པར་བསམ། གསུམ་པ་ནི། བདག་ལྷའི་སྙེམས་པས་ཧཱུྃ་ཧཱུྃ་ཧཱུྃ་རིང་པོར་བརྗོད། ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་གཙོ་བོ་དང་། ལག་གཡོན་པའི་མཛུབ་མོ་ཐུགས་ཀར་བསྒྲེང་། མཐེ་བོང་གིས་གུང་མོ་མནན། སྲིན་ལག་མཐེའུ་ཆུང་གཉིས་ཅུང་ཟད་རྒུ་བར་བྱས་ནས། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་འཁོར་རྣམས་དམ་ཚིག་དྲན་ཏེ་དམ་ལ་གནས་པར་མོས། བཞི་པ་ནི། ལག་གཡས་པའི་མཐེབ་སྲིན་རྩེ་སྤྲད། སོར་མོ་གཞན་སྦྲེང་བ་རྩེ་གསུམ་གྱི་རྒྱ་བྱས་ལ། ཧཱུྃ། ཤར་ཕྱོགས་ལམ་སྒོའི་འཇིག་རྟེན་ན། །འབྱུང་པོ་གཏུམ་པོ་ང་རྒྱལ་ཅན། །ཁྱོད་ནི་སྒྲུབ་པ་ཀུན་ལ་སྒྲིབ། །ཡང་དག་ཤེས་རབ་ཡེ་ཤེས་ཀྱིས། །ཁུངས་བརྟགས་རྩད་བཅད་བདག་ལ་བྱུང་། །བདག་འཛིན་བདག་གི་རྟོག་པ་ནི། །བདག་མེད་སྟོང་པའི་ཐོ་བས་གཞོམ། །བདག་འཛིན་ཐབས་སྟོབས་བརྩོན་འགྲུས་ཀྱིས། །གནས་ངན་ལེན་པའི་དེད་དཔོན་བྱེད། །དེ་ཉིད་བདག་ཉིད་ཡིན་པས་ན། །བདག་མེད་ཐོ་བའི་ཞབས་ཀྱི་གཞོམ། །ༀ་ས་མན་ཏ་མ་ཧཱ་ཤཱུ་ཛྙཱ་ན་བཛྲ་མུངྒ་རེ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་ཁོའི་ལག་ཆ་འཕྲོག་སྟེ་ཟིལ་གྱིས་མནན་པས་གཟི་བྱིན་བྲལ་ཏེ་འདར་ཕྲིལ་གྱིས་འདུག་པར་བསམ། ལྔ་པ་ནི། རྩེ་གསུམ་རྒྱས་བསྣུན་པའི་ཚུལ་བྱས་ལ། ཧཱུྃ། མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད། །སྔོན་ཡང་དཔལ་ཆེན་ཧེ་རུ་ཀས། །བསྒྲལ་ནས་དུར་ཁྲོད་ཆེན་པོར་མཛད། །ད་ཡང་རྣལ་འབྱོར་དབང་ཕྱུག་གིས། །བསྒྲལ་ནས་དུར་ཁྲོད་ཆེན་པོར་བྱ། །འགྲོ་བའི་བདག་པོ་ཚེ་དང་སྲོག །གསོན་པོ་དག་ལ་བར་གཅོད་ཅིང་། །བདུད་དང་གཤིན་རྗེ་དབང་ཕྱུག་ཆེ། །གཞོམ་ཉིད་གསད་པའི་གཉེན་པོ་ནི། །འཇམ་དཔལ་སྐུ་སྤྲུལ་ཁྲོ་བོའི་མཆོག །སྲིད་གསུམ་མཐར་བྱེད་རྔམས་པ་དེས། །ཁ་ཊྭཱཾ་ཐོད་དབྱུག་མི་བཟད་པས། །གཤིན་རྗེ་བཅོམ་ནས་བསད་པར་བྱའོ། །ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱཾ་ས་མ་ཡ་མུ་ཏྲ་པྲ་བན་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཁ་ཊྭཱཾ་རྐེད་པར་བརྒྱབ་པས་གྱད་ཀྱིས་སྡོང་གོག་བསྒྱུར་བ་བཞིན་སྔོ་ཧྲང་གིས་གན་རྐྱལ་དུ་འགྱེལ་བར་བསམ། དྲུག་པ་ནི། མགོ་སྙིང་ཁ་གསང་གནས་སུ་ཞབས་གཡས་པས་བརྫི་ཞིང་མནན་ལ། ཧཱུྃ། རོ་བདག་དྲག་པོ་ཆེན་པོ་ནི། །རོ་ཡི་ཉལ་ཐབས་གན་རྐྱལ་ཏེ། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །ལག་པ་གཡས་པའི་འཁྲིག་མ་ལ། །ཁྲ་དང་འུག་པ་སྤྱང་ཀི་གནས། །ལག་པ་གཡོན་པའི་འཁྲིག་མ་ལ། །ཀང་ཀ་བྱ་རྒོད་སྲེ་མོང་ཝ། །རྔམ་ཁྲོ་ཤ་ཆེན་ཟ་ཞིང་གནས། །ཏ་ཀི་ཞབས་ནི་གཡས་པ་ཡིས། །གྱད་ཀྱི་འདོར་སྟབས་ཚུར་མནན་ནས། །མཐར་བྱེད་ཆེན་པོའི་འགྱིང་སྟབས་ཀྱིས། །རྔམས་བརྗིད་གསུང་ཆེན་འབྲུག་ལྟར་སྒྲོགས། །ཛཿཧཱུྃ་བྃ་ཧོཿཤྲཱི་ཧེ་རུ་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། བདུན་པ་ནི། ཞལ་ནུབ་ཏུ་ཕྱོགས་ལ། བདག་གི་ཞབས་གཡོན་པའི་མཐེ་བོང་ལྕགས་ཀྱུས་རྐང་པ་བསྣོལ་བ་ཁ་ཕྱེས་ཏེ་ཕྱི་སྒོ་དབྱེ་བར་གྱུར། གནས་ཀྱི་སྒོ་འདི་སུ་ཡིས་བཅད། །སེམས་ཀྱི་བདག་པོས་བཅད་དམ་ཅི། །གཟུང་འཛིན་རྐང་ལག་བསྣོལ་བའི་སྒོ། །ཡུལ་ལས་འདས་པའི་ཞབས་ཀྱིས་དབྱེ། །མ་ཏྲཾ་ཁ་རུ་ཏྲ་ཐ་ར་ན་ཕྱེ། བྷྲཱུྃ་ཁ་ཏ་ཋ་ར་ན་ཕྱེ། ཁ་ཊྭཱཾ་གའི་རྒྱས་ཁོའི་ཁོག་པ་ཕུག །མ་རིག་པའི་སྦུབ་དྲལ་ནས་ཁ་ཕྱེས་པར་བསམ་ལ། དྲེགས་པ་མ་རུངས་ལྷ་ཆེན་ཁྱོད། །རྡོ་རྗེ་འབར་བའི་སྤུ་གྲི་ཡིས། །ལུས་སེམས་སྒོ་ཀུན་ཕྱེ་ནས་ཀྱང་། །སེམས་ཀྱི་བདག་པོ་བཟུང་བར་བྱའོ། །པྲཛྙཱ་ཀེ་ཤ་ཙིཏྟ་ཛྭ་ལ་ནི་ཧཱུྃ་ཕཊ། མ་ནུ་དར་མ་ཏོ་ཤ་བྷྱོ། ཨུ་མ་བཛྲ་མ་ཧཱ་ས་མ་ཡ་མ་ཏྲཾ་ཁ་ཧཱུྃ། བརྒྱད་པ་ནི། ཁམས་གསུམ་ནས་བྱུང་སེམས་ཅན་ཁྱོད། །རྡོ་རྗེའི་སྐུ་ཡི་ཕྱག་བར་གྱི། །འོད་ཟེར་ཚུལ་དུ་སྤྲོ་བསྡུ་ཡིས། །དེ་དག་བདག་གི་གཟུགས་ལ་གཟུད། །སྐུ་དང་ཡེ་ཤེས་མཆོག་ཏུ་བསྒྲལ། །ཞེས་བརྗོད་དེ། བདག་གི་ཐུགས་ཀའི་ཨ་དཀར་པོ་ལས་ཨ་ཕྲ་མོ་འོད་ཟེར་དང་བཅས་པ་སྤྲོས་པས། མ་ཏྲཾ་གྱི་རྣམ་པར་ཤེས་པ་ཏྲིར་གནས་པ་ལ་ཕོག་པས། བསྲེགས་ཤིང་སྦྱངས་ནས་འོད་དུ་ཞུ་སྟེ་ཨ་དཀར་པོ་འོད་འཚེར་བར་གྱུར་པ། རང་གི་ཐུགས་ཀའི་ཧཱུྃ་དམར་པོའི་འོད་ཟེར་གྱིས་ཚུར་བསྡུས་ནས་ཨ་ལ་ཐིམ། ཨ་ཧཱུཾ། ཞེས་བརྗོད་པས་དེ་ཉིད་ཧཱུྃ་དུ་གྱུར་པ་བྱང་ཆུབ་སེམས་དང་འདྲེས་ཏེ་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས། ཡུམ་གྱི་བྱང་སེམས་དང་འདྲེས་པས་སླར་ཡང་ཧཱུྃ་དུ་གྱུར། མ་ཧཱ་དེ་བ་རུ་དྲ་ཛཿཛཿཧཱུྃ། དེ་ཉིད་སྲས་མཆོག་འཇིགས་བྱེད་ཆེན་པོའི་སྐུར་གྱུར། སྔགས་ལན་གཅིག་བརྗོད། མཁའ་གསང་ནས་ཕྱིར་ཐོན་ཏེ་མདུན་དུ་ཉི་ཟླའི་གདན་ལ་འཁོད་པར་བསམ། དགུ་པ་ནི། བདག་གི་ཐུགས་ཀ་ནས་ཧཱུྃ་ཕྲ་མོ་འཕྲོས་ཏེ་མ་ཏྲཾ་གྱི་ཁོག་པ་ལ་ཕོག །རྫས་དང་ས་གཞི་བརྟགས་པ་དེར། །ཅིར་ཡང་འགྱུར་བའི་ཡིག་འབྲུ་བསམ། །འོད་ཟེར་ཚུལ་དུ་འཕྲོས་ནས་ཀྱང་། །མ་ལུས་སྙིང་རྗེས་ཁྱབ་བྱས་ཏེ། །རེ་ཞིང་ངམ་པའི་ཚུལ་དུ་དགོངས། །འོད་ཟེར་དེ་དག་འདུས་ནས་ཀྱང་། །དུར་ཁྲོད་ས་རུ་བརྟགས་པར་བྱ། །སྨུག་ནག་ཟླ་གམ་གཞལ་ཡས་ཤར། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཙཀྲ་མཎྜལ་བྷྲཱུཾ། ཞེས་བརྗོད་པས། མ་ཏྲཾ་གྱི་ཕྱིའི་ལྤགས་པ་ལས་རིན་པོ་ཆེའི་གཞལ་ཡས་ཁང་། རྩིབས་ཚིགས་ལས་དུར་ཁྲོད་ཀྱི་གཞལ་ཡས་ཁང་རྒྱ་ནམ་མཁའི་མཐའ་དང་མཉམ་ཞིང་། དཔངས་སྲིད་པའི་རྩེ་མོ་ལས་འདས་པ། དབྱིབས་ཟླ་གམ་དབང་གི་དཀྱིལ་འཁོར། །བར་གྱི་ཤ་ཁྲག་ལས་དུག་གསུམ་གྱི་དཀྱིལ་འཁོར་ཤའི་ཕུང་པོ་དང་། རཀྟའི་རྒྱ་མཚོ་དང་། ཀེང་རུས་ཀྱི་རི་རབ་ཏུ་གྱུར་པར་བསྒོམ། བཅུ་པ་ནི། དམར་གཏོར་བཤམ། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། གསུམ་གྱིས་བྱིན་བརླབ། ༀ་ཨེ་ཧྱེ་ཧི་ཨ་རལླི་ཨི་དཾ་བཛྲ་བ་ལིཾ་ཏ་པྲ་ཏཱིཙྪ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། གསུམ་བརྗོད་ལ་འབུལ། ཧཱུྃ། སྒྲུབ་གནས་སྒོ་སྲུང་ལྷ་ཁྱོད་ཀྱིས། །མི་ཟད་རྒྱན་གྱི་འཁོར་ལོ་ལ། །གཏོགས་པའི་རྣལ་འབྱོར་མ་ཡིན་པ། །གཞལ་ཡས་ཁང་སྒོ་སྲུང་དུ་གསོལ། །ཅེས་ཕྲིན་ལས་བཅོལ། ཕྱི་སྒོ་སྲུང་བའི་ཡ་མ་རཱ་ཛ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། བཅུ་གཅིག་པ་ནི། ལག་པ་དཔུང་མགོར་བསྣོལ་བའི་སྡིགས་མཛུབ་སྦྲེང་སྟེ། བྷྲཱུཾ་ཁ་ཏ་པྲ་བེ་ཤ་ཡ་ཕཊ། ཅེས་པས་ཁོག་པའི་སྒོ་དབྱེ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་པས་འབར་བའི་ལྟ་བས་མཆེད་ལྕམ་ཐམས་ཅད་ནང་དུ་ཞུགས། ཧ་ཧ་ཧཾ། ཞེས་ཕྱིར་ནུད་དེ་སྒོ་རྦད་ཀྱིས་བཅད་པར་བསྒོམ། དེ་ནས་རྡོ་རྗེའི་འགྲོས་ཀྱིས་མནྜལ་བསྐོར་ཞིང་། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་པས། སྟོང་གསུམ་ཐམས་ཅད་ཧཱུྃ་དུ་མེ་རེ་རེ་གྱུར། །སླར་འུབ་འུབ་འདུས་པ་ལས་འོད་དུ་འབར་ཏེ། རྡོ་རྗེ་མེ་དཔུང་གི་གུར་དུ་གྱུར་པར་བསྒོམ་ཞིང་། ཧཱུྃ། སྟེང་ཡང་རྡོ་རྗེའི་བླ་བྲེ་ལ། །སོགས་གོང་བཞིན་བརྗོད་ལ་མཚམས་བཅད། བཅུ་གཉིས་པ་ནི། བདག་གི་སྨིན་མཚམས་ནས་བྷྲཱུྃ་འོད་ཟེར་དང་བཅས་པ་བརྒྱད་མ་ཏྲཾ་གྱི་གནས་བརྒྱད་ལ་འཕྲོས་པས། དེ་རྣམས་འོད་དུ་ཞུ་སྟེ། དཔལ་རང་བྱུང་གི་མཆོད་རྟེན་བརྒྱད་ཀྱི་གཞལ་ཡས་ཁང་དུ་གྱུར་པ་ལ་དུར་ཁྲོད་ཀྱི་མ་མོ་བརྒྱད་བྱོན་ཏེ་བཞུགས་པར་མོས་ལ། རོལ་མོ་བཤུགས་གླུ་གསུར་དུད་ཞིང་གཡབ་དབྱངས་དང་བཅས་ཏེ། ཧཱུྃ། སྔོན་ཚེ་འདས་དུས་དང་པོ་ལ། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀས། །དུར་ཁྲོད་བདག་པོ་མ་ཏྲཾ་བསྒྲལ། །བོར་ནས་ས་གཞིར་གྱུར་པ་ལ། །རོ་ཡི་སྲུང་མ་ཆེན་པོ་ནི། །མ་མོ་ཆེན་མོ་བརྒྱད་བཞག་གོ། །དེ་ཡི་གནས་རྟེན་ཆེན་པོ་ཡང་། །མཆོད་རྟེན་ཆེན་པོ་གཟི་བྱིན་ཅན། །རང་བྱུང་རེ་རེ་བཞག་པ་ཡིན། །དེ་ལྟར་ས་གཞི་འདི་ཀུན་ཡང་། །བཀྲ་ཤིས་ཡ་མཚན་ཐུགས་རྗེ་ཅན། །ཆོས་དང་དངོས་གྲུབ་འབྱུང་བའི་གནས། །ཆོ་འཕྲུལ་འབྱུང་བར་བཀའ་སྩལ་ཏོ། །དུར་ཁྲོད་ཆེན་པོ་གནས་བརྒྱད་ནས། །མ་མོ་ཆེན་མོ་སྤྱན་འདྲེན་ནོ། །དེ་ཡི་ལུས་སྙིང་མ་ག་ཏ། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །མཆོད་རྟེན་བདེ་བྱེད་རྟེན་སྲུང་བའི། །མ་མོ་ཆེན་མོ་ཀེའུ་རཱི་མ། །མཁས་ཤིང་སྙིང་སྟོབས་ཆེ་ས་ནས། །གང་དམིགས་ལེན་པའི་མཁའ་འགྲོ་མ། །ཀེའུ་རཱི་ཆེན་མོ་གཤེགས་སུ་གསོལ། །དེ་ཡི་མགོ་བོ་ལྷོ་ཡི་ཕྱོགས། །དུར་ཁྲོད་ཆེན་པོ་སིངྒ་གླིང་། །མཆོད་རྟེན་རི་བོ་ཏ་ལ་སྲུང་། །མ་མོ་ཆེན་མོ་ཙཽའུ་རཱི་མ། །མཐོང་ཆོས་རྣམ་པར་འཁྲུལ་ས་ནས། །འཕྲོག་པར་བྱེད་པའི་མཁའ་འགྲོ་མ། །ཙཽའུ་རཱི་ཆེན་མོ་གཤེགས་སུ་གསོལ། །ལག་པ་གཡས་པ་ཤར་ལྷོ་མཚམས། །དུར་ཁྲོད་ཆེན་པོ་བལ་ཡུལ་ན། །མཆོད་རྟེན་ཨག་ཤོ་བྱཱ་ཀྲི་སྲུང་། །མ་མོ་ཆེན་མོ་པུཀྐ་སཱི། །ཟས་ཀྱི་ལོངས་སྤྱོད་ཆེ་ས་ནས། །གང་དམིགས་འབྲེལ་བའི་མཁའ་འགྲོ་མ། །པུཀྐ་ཆེན་མོ་གཤེགས་སུ་གསོལ། །ལག་པ་གཡོན་པ་ལྷོ་ནུབ་མཚམས། །དུར་ཁྲོད་ཆེན་མོ་སཱ་ལཱི་ཡུལ། །གྱད་ཡུལ་མཆོད་རྟེན་སྒོ་མང་སྲུང་། །མ་མོ་ཆེན་མོ་བེ་ཏྭ་ལཱི། །མཐུ་དང་དབང་ཡང་ཆེ་ས་ནས། །གསོད་པར་བྱེད་པའི་མཁའ་འགྲོ་མ། །བེ་ཏཱ་ཆེན་མོ་གཤེགས་སུ་གསོལ། །རྐང་པ་གཡས་པ་བྱང་ཤར་མཚམས། །དུར་ཁྲོད་ཆེན་མོ་ལི་ཡི་ཡུལ། །མཆོད་རྟེན་གོའུ་དེ་ཤན་སྲུང་། །མ་མོ་ཆེན་མོ་ཙན་དྷ་ལཱི། །མེ་ཆུ་རྫུ་འཕྲུལ་ཆེ་ས་ནས། །འབོག་པར་བྱེད་པའི་མཁའ་འགྲོ་མ། །ཙན་དྷ་ཆེན་མོ་གཤེགས་སུ་གསོལ། །རྐང་པ་གཡོན་པ་ནུབ་བྱང་མཚམས། །དུར་ཁྲོད་ཆེན་པོ་ཁ་ཆེའི་ཡུལ། །མཆོད་རྟེན་ཀ་ཎི་ཀ་སྲུང་བའི། །མ་མོ་ཚན་མོ་པྲ་མོ་ཧཱ། །བདེ་སྐྱིད་ལྡན་པའི་ཡུལ་དག་ནས། །ལེན་ཅིང་ཟློག་པའི་མཁའ་འགྲོ་མ། །པྲ་མོ་ཆེན་མོ་གཤེགས་སུ་གསོལ། །ཕོ་མཚན་སྟེང་གི་བྱང་ཕྱོགས་ནས། །དུར་ཁྲོད་ཆེན་པོ་ཨུ་རྒྱན་ཡུལ། །མཆོད་རྟེན་དར་མ་ཙཀྲ་སྲུང་། །མ་མོ་ཆེན་མོ་གསྨ་རི། །དངོས་གྲུབ་ཅན་ཡང་དེ་ན་མང་། །སྨྱོ་བར་བྱེད་པའི་མཁའ་འགྲོ་མ། །གསྨ་ཆེན་མོ་གཤེགས་སུ་གསོལ། །དེ་ཡི་ནང་རོལ་ཐམས་ཅད་ཀུན། །དུར་ཁྲོད་ཆེན་མོ་ཟ་ཧོར་ཡུལ། །མཆོད་རྟེན་བདེ་བྱེད་གཞོན་ནུ་སྲུང་། །མ་མོ་ཆེན་མོ་སྨ་ཤ་ནི། །འབྱོར་པའི་ལོངས་སྤྱོད་ཆེ་ས་ནས། །གསོད་པར་བྱེད་པའི་མཁའ་འགྲོ་མ། །སྨ་ཤ་ཆེན་མོ་གཤེགས་སུ་གསོལ། །མ་མོ་བརྒྱད་པོ་གཤེགས་ནས་ཀྱང་། །དངོས་གྲུབ་སྩོལ་ཞིང་བརྟན་པར་བཞུགས། །ཞེས་བརྗོད་ལ། བདག་གི་ཕྱག་ན་གནས་པའི་ཡེ་ཤེས་ཀྱི་ཀོའུ་རཱི་མ་བརྒྱད་ལས་གཉིས་པ་འཕྲོས་ཏེ་དབང་བསྐུར་བས་ལས་དང་ཡེ་ཤེས་དབྱེར་མེད་པས་སྲུང་བའི་ལས་མཛད་པར་མོས། གཞན་ཡང་དུག་གསུམ་ཤ་ཁྲག་རུས་པའི་དཀྱིལ་འཁོར་དུ་མཆེ་གཤོག་ལ་སོགས་པའི་ཕྲ་མེན་མ་སྤྲུལ་པ་དུ་མ་དང་བཅས་པས་དགྲ་བགེགས་ཚར་གཅོད་པའི་ཕྲིན་ལས་མཛད་པར་གྱུར། ཅེས་བསྒོམས་ལ་བསྐོར་བ་ལན་གསུམ་བྱའོ། །བཅུ་གསུམ་པ་ནི། མ་ཏྲཾ་གི་གནས་བཞིར་ལས་བཞི་སོ་སོའི་སྦྱིན་སྲེག་བྱ་བར་བཤད་ཀྱང་ལག་ཏུ་མི་ལོན་པས་ལས་བཞིའི་རྟ་བྲོ་བརྡུང་བ་ནི། བྲོ་ར་ལས་བཞིའི་དབྱིབས་མཚུངས་སོ་སོར་བསྐོར་ལ། སྣང་སྲིད་དབང་གི་དཀྱིལ་འཁོར་དུ་བདག་ཉིད་པདྨ་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པས་རྡོ་རྗེའི་བྲོ་བརྡུང་བར་བསམ་ལ། ཝྃ་གི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་ནས་བསྡོམས། །འགུགས་འགྱུར་རྡོ་རྗེ་ཕྱི་བཞིན་འབྲེང་། །ཅི་འདོད་དེ་བཞིན་འོང་བར་འགྱུར། །གདོང་ནས་མ་བྱུང་བདུད་ལ་སོགས། །རྒྱལ་པོ་དེ་དང་དེ་དག་གིས། །ལན་ཅིག་དུར་ཁྲོད་བཅས་པའི་ཚེ། །གདུག་པ་རྣམས་ཀྱི་ཁྲག་ཟ་ཞིང་། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །འཇིག་རྟེན་ཁམས་འདི་རབ་འབྱམས་ཀུན། །ཐང་ཅིག་ཡུད་ལ་དྲོངས་ལ་ཤོག །ཧྲཱིཿཆེ་གེ་མོ་བཾ་ཧྲཱིཿ སྐྱེས་ཀྱང་འདོད་ཆགས་ཁྱོད་ལས་སྐྱེས། །འདུལ་ཡང་འདོད་ཆགས་ཁྱོད་འདུལ་ལོ། །འདོད་ཆགས་ལས་ཀྱི་རུ་དྲ་ཁྱོད། །འདོད་ཆགས་ཁྲོ་རྒྱལ་འཁོར་དང་བཅས། །ཟངས་སམ་དམར་བོའི་ཤིང་རྣམས་ལ། །མགོ་ལ་རྒྱ་མདུད་རྩེ་ཟླ་གམ། །ལོགས་ལ་དབང་གི་ལྷ་བསྒོམས་ནས། །ཁོང་སྟོང་བྱང་ཆུབ་སེམས་ལུང་བསྟན། །བཏབ་ན་ཐམས་ཅད་དབང་དུ་འགྱུར། །བྃ་ཧྲཱིཾ་མ་མ་པཱ་ཤཾ་ཀུ་རུ་ཧྲཱིཿ སྣང་སྲིད་དྲག་པོའི་དཀྱིལ་འཁོར་དུ་བདག་ཉིད་བཛྲ་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་བར་བསམ་ལ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་ནས་བསྡོམས། །བཅིངས་འགྱུར་བསྐྱོད་ནས་ཕྱོགས་བཅུར་གཡོ། །མྱོས་ནས་གལ་ཏེ་ཚིག་པར་འགྱུར། །གདོད་ནས་མ་བྱུང་བདུད་ལ་སོགས། །རྒྱལ་པོ་དེ་དང་དེ་དག་གིས། །ལན་ཅིག་དུར་ཁྲོད་བཅས་པའི་ཚེ། །གདུག་པ་རྣམས་ཀྱི་ཁྲག་ཟ་ཞིང་། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །འཇིག་རྟེན་ཁམས་འདི་རབ་འབྱམས་ཀུན། །ཐང་ཅིག་ཡུད་ལ་དྲོངས་ལ་ཤོག །ཧཱུྃ་ཕཊ་ཆེ་གེ་མོ་ཧཱུྃ་ཛཿ སྐྱེས་ཀྱང་ཞེ་སྡང་ཁྱོད་ལས་སྐྱེས། །འདུལ་ཡང་ཞེ་སྡང་ཁྱོད་འདུལ་ལོ། །ཞེ་སྡང་ལས་ཀྱི་རུ་དྲ་ཁྱོད། །ཞེ་སྡང་ཁྲོ་བོ་འཁོར་བཅས་ཀྱིས། །ལྕགས་སམ་ནག་པོའི་ཤིང་རྣམས་ལ། །མགོ་ལ་རྒྱ་མདུད་རྩེ་ཟུར་གསུམ། །ལོགས་ལ་དྲག་པོའི་ལྷ་བསྒོམས་ནས། །ཁོང་སྟོང་བྱང་ཆུབ་སེམས་ལུང་བསྟན། །བཏབ་ན་ཐམས་ཅད་བརླག་པར་འགྱུར། །ཧཱུྃ་ཕཊ་མཱ་ར་ཡ་ཕཊ། སྣང་སྲིད་ཞི་བའི་དཀྱིལ་འཁོར་དུ་བདག་ཉིད་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པས་རྡོ་རྗེའི་བྲོ་བརྡུང་བར་བསམ་ལ། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་ནས་བསྡོམས། །འབར་བ་ལྷན་ནེར་བྱིན་གྱིས་ཁྱབ། །ཐམས་ཅད་གཡོ་བ་མེད་པར་བྱེད། །གདོད་ནས་མ་བྱུང་བདུད་ལ་སོགས། །རྒྱལ་པོ་དེ་དང་དེ་དག་གིས། །ལན་ཅིག་དུར་ཁྲོད་བཅས་པའི་ཚེ། །གདུག་པ་རྣམས་ཀྱི་ཁྲག་ཟ་ཞིང་། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །འཇིག་རྟེན་ཁམས་འདི་རབ་འབྱམས་ཀུན། །ཐང་ཅིག་ཡུད་ལ་དྲོངས་ལ་ཤོག །སྭཱ་ཆེ་གེ་མོ་སྭཱ་ཛཿ སྐྱེས་ཀྱང་གཏི་མུག་ཁྱོད་ལས་སྐྱེས། །འདུལ་ཡང་གཏི་མུག་ཁྱོད་འདུལ་ལོ། །གཏི་མུག་ལས་ཀྱི་རུ་དྲ་ཁྱོད། །གཏི་མུག་ཁྲོ་བོ་འཁོར་བཅས་ཀྱིས། །དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །མགོ་ལ་རྒྱ་མདུད་རྩེ་ཟླུམ་པོ། །ལོགས་ལ་ཞི་བའི་ལྷ་བསྒོམས་ནས། །ཁོང་སྟོང་བྱང་ཆུབ་སེམས་ལུང་བསྟན། །བཏབ་ན་ཐམས་ཅད་ཞི་བར་འགྱུར། །ༀ་སྭཱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་དུ་བདག་ཉིད་རཏྣ་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པས་རྡོ་རྗེའི་བྲོ་བརྡུང་བར་བསམ་ལ། མ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་བསྡོམས་བསྐྱོད། །གཟི་བྱིན་འབར་བའི་འཕྲུལ་ཆེན་སྤྲོ། །ཡིད་བཞིན་ནམ་མཁའ་གང་བར་འགྱུར། །གདོད་ནས་མ་བྱུང་བདུད་ལ་སོགས། །རྒྱལ་པོ་དེ་དང་དེ་དག་གིས། །ལན་ཅིག་དུར་ཁྲོད་བཅས་པའི་ཚེ། །གདུག་པ་རྣམས་ཀྱི་ཁྲག་ཟ་ཞིང་། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །འཇིག་རྟེན་ཁམས་འདི་རབ་འབྱམས་ཀུན། །ཐང་ཅིག་ཡུད་ལ་དྲོངས་ལ་ཤོག །ༀ་ཧཱ་ཆེ་གེ་མོ་ཧཱ་ཛཿ སྐྱེས་ཀྱང་ང་རྒྱལ་ཁྱོད་ལས་སྐྱེས། །འདུལ་ཡང་ང་རྒྱལ་ཁྱོད་འདུལ་ལོ། །ང་རྒྱལ་ལས་ཀྱི་རུ་དྲ་ཁྱོད། །ང་རྒྱལ་ཁྲོ་བོ་འཁོར་བཅས་ཀྱིས། །གསེར་རམ་སེར་པོའི་ཤིང་རྣམས་ལ། །མགོ་ལ་རྒྱ་བདུད་རྩེ་ཟུར་བཞི། །ལོགས་ལ་རྒྱས་པའི་ལྷ་བསྒོམས་ནས། །ཁོང་སྟོང་བྱང་ཆུབ་སེམས་ལུང་བསྟན། །བཏབ་ན་ཐམས་ཅད་རྒྱས་པར་འགྱུར། །ༀ་སྭཱ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྡུང་། བདག་ཉིད་དཔལ་ཆེན་པོའི་ཐུགས་ཀའི་འོད་ཟེར་གྱིས་འཁོར་འདས་ཀྱི་ཚེ་བཅུད་བསྡུས་ཏེ་བདག་ཉིད་རྡོ་རྗེའི་ཚེ་གྲུབ་པར་མོས་ལ། ༀ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཿ ཅི་རིགས་བཟླས་ལ་ཤིས་བརྗོད་བྱའོ། །ཕྲིན་ལས་འདི་ནི་དགོས་པ་ཤིན་ཏུ་ཆེ་བས་སྐབས་འདིར་མ་ཟད་སྒྲུབ་པའི་སྐབས་སྐབས་སུ་བྱ་དགོས་པར་ཡང་གསུངས་སོ། ༈ །རྩ་བའི་གསུམ་གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་ཞིང་རྫས་དགོད་པའི་ཕྲིན་ལས་ལ་བཞི། སྟེགས་བུ་བྱ་བ། ཆག་ཆག་གདབ་པ། ཐིག་ཚོན་གྱི་བྱ་བ། སྒྲུབ་རྫས་དགོད་པའོ། །དང་པོ་ནི། རྒྱུད་ལས། སྟེགས་བུ་འདོམ་གང་གྲུ་བཞི་པ། །འཕང་དུ་གྲུ་གང་བ་ཡི་ཚད། །བ་བྱུང་སྣ་ལྔས་སྐྱང་ནུལ་བྱ། །ཞེས་པ་ལྟར་རོ། །གཉིས་པ་ནི། དུང་ཕོར་དུ་བྱང་སེམས་དཀར་དམར་དངོས་སམ། མ་འབྱོར་ན་ཅུ་གང་དང་སིནྡྷུ་རའི་ཆབ་ཀྱིས་ཆག་ཆག་གདབ་ལ། ཧཱུྃ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །འཁོར་བའི་རྒྱུན་གཅོད་བྱང་ཆུབ་སེམས་ཀྱི་ངང་། །མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་སུ། །རཀྟ་གསང་བའི་ཐིག་ལེ་ཆེན་པོར་སྤྲོ། །མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །གདོད་ནས་དག་པའི་དྲི་མེད་བྱང་ཆུབ་སེམས། །ཡེ་ཤེས་རང་བྱུང་ཆེན་པོ་བསྒྲུབ་པའི་ཕྱིར། །གསང་བའི་དཀྱིལ་འཁོར་ཆེན་པོ་ཆག་ཆག་འདེབས། །མ་ཧཱ་བོ་དྷི་ཙིཏྟ་མཎྜ་ལ་ཧཱུྃ། ཐོད་སྣོད་དུ་བདུད་རྩི་སྦྱར་བའི་བྱུགས་པ་བཏང་ལ། ཧཱུྃ། དུག་ལྔ་རྣམ་དག་སྐུ་ལྔར་ལྷུན་གྱིས་གྲུབ། །གདོད་ནས་དག་པའི་བདུད་རྩི་གོ་མ་ཡི། །ཤེས་རབ་ཡུམ་གྱི་མཁའ་ལ་རྒྱུད་ལྟར་གསལ། །དུར་ཁྲོད་གསང་བའི་བཞུགས་གནས་ཐིག་ལེར་ཤར། །མ་ཧཱ་པཉྩ་ཨ་མྲྀ་ཏ་མཎྜལ་ཧཱུྃ། ཞེས་བརྗོད་ལ་སྙོམས་པར་བྱུག །གསུམ་པ་ནི། རྒྱས་པར་སྤྲོ་ན་རྒྱུད་དང་གསང་འགྲེལ་སྒྲ་ཇི་བཞིན་པ་བྱ་དགོས་ལ། ལག་ལེན་དཀྱུས་མ་ཙམ་ནི་དཀྱིལ་ཆོག་བདུད་རྩིའི་ཉིང་ཁུ་ལས་འབྱུང་བ་ལྟར་ལག་ཏུ་བླང་། གལ་ཏེ་རྡུལ་ཚོན་གྱི་བྱ་བ་མི་ལྕོགས་ན་སྐབས་འདིར་རས་བྲིས་ཀྱི་དཀྱིལ་འཁོར་དགྲམ་པར་བྱའོ། །བཞི་པ་ལ་བཞི། ལྷ། མར་མེ། རྫས། མིག་གི་རྟེན་དགོད་པའོ། །དང་པོ་ནི། སྔ་མ་དང་ཞག་གིས་བར་དུ་བཅད་ན་འདིར་ཡང་བ དག་བསྐྱེད་བཟླས་པ་དང་བཅས་པ་རྒྱས་བསྡུས་གང་ཡང་རུང་བར་བྱ། དགོད་བྱའི་སྒྲུབ་རྫས་ནི། རྒྱུད་ལས། དབུས་སུ་རྒྱལ་རིགས་དུམ་བུ་གཅིག །ཕྱོགས་བཞིར་བྲམ་ཟེ་རྒྱས་རིགས་དང་། །རྗེའུ་རིགས་དམངས་རིགས་བཞི་ལ་བྱ། །མཚམས་བཞིར་ཁྲུས་མཁན་གར་མཁན་དང་། །རྗེའུ་རིགས་གཙོ་གླག་མཁན་རྣམས་ལ། །མི་ཡི་ཁྲག་ལ་སྣག་ཚ་བྱ། །མཆོག་གི་རྐང་གི་སྨྱུ་གུ་ཡིས། །ལྷ་དགུ་སོ་སོའི་སྙིང་པོ་བྲི། །བནྡྷའི་མཚན་གསོལ་བཞུགས་སུ་གསོལ། །ཅེས་གསུངས་པ་ལྟར་སོ་སོ་འཚོགས་ན་མཆོག་ཏུ་གྱུར་ཀྱང་། མི་འཛོམ་ན་དེར་བརྟགས་པའི་ཐོད་པ་མཚན་ལྡན་དུམ་བུ་གཅིག་པའི་ནང་དུ་རྡོ་རྗེ་དང་ཁ་ཊྭཱཾ་གཙོ་བོའི་སྔགས་རྣམས་བྱང་སེམས་དཀར་དམར་གྱིས་བྲིས་པ་དང་། ཐོད་ཚལ་ལ་མ་མོ་བརྒྱད་ཀྱི་ཕྱག་མཚན་དང་སྔགས་བྲིས་པ། ཡང་ན་བཀའ་བརྒྱད་སྤྱིའི་ཕྱག་སྲོལ་ལྟར་སྐུ་ཡོངས་རྫོགས་བྲིས་ནའང་། རྡོ་རྗེ་དང་དྲིལ་བུ་དར་སྔོན་པོས་སོ་སོར་བཅིངས་པ། ཐོད་ཚལ་ཟླ་གམ་པདྨ་བྲིས་པའི་དབུས་སུ་རྡོ་རྗེའི་ཤར་བུ་པདྨའི་ཟེའུ་འབྲུ་སྦྱར་བ་ལ་དུར་ཁྲོད་ཀྱི་རས་ཀྱིས་དཀྲིས་པའི་སྡོང་བུ་བཙུགས་པ་ལ་ཤ་ལྔའི་རྒྱུ་ལས་བྱུང་བའི་ཚིལ་རྐང་ཞག་དང་འབྲུ་མར་རྩི་མར་རྣམས་ཀྱིས་བཀང་བའི་མར་མེ་དགུ། དེ་དག་ཀྱང་ཇི་བཞིན་མ་ཚོགས་ན་སྣོད་ཁམས་སོགས་ལ་དབྱིབས་དེར་བཅོས་ཤིང་སྣོད་དེར་མོས་པས་བརྟགས་ཤིང་བཅུད་ཇི་ལྟར་ཚོགས་པ་བྱ། དེ་ལྟར་ན་བནྡྷ་སྐུ། ཡིག་འབྲུ་གསུང་། མར་མེ་ཐུགས་ཏེ་རྒྱུད་ནས་གསུངས་པའི་སྒྲུབ་རྫས་གཙོ་བོ་ཡིན་ལ། གཞན་ཡང་དབང་བསྐུར་ན་བུམ་པ་སོགས་དབང་རྫས་རྣམས་དང་། འཛིན་གཏོར་རམ་སྒྲུབ་གཏོར་པད་སྣོད་དུ་དཔལ་བཤོས་དམར་པོ་རཀྟའི་ཐིག་ལེ་ཅན་གཙོ་འཁོར་དགུ་མཐེབ་ཀྱུ་དང་བཅས་པ་ལ་ཙཀླི་སྔགས་བྱང་མེ་ལོང་དར་གདུགས་མཐིང་ནག་གིས་སྤྲས་པ། རྒྱན་རྫས་ཞིང་ཆེན་གྱི་བླ་བྲེ། ཟུར་བཞིར་མི་མགོ་དང་ཙིཏྟའི་ཏོག་ཅན་གྱི་རྒྱལ་མཚན། རྒྱུ་མའི་ལྡ་ལྡི་དང་དྲྭ་ཕྱེད། རུས་པའི་ཕྲེང་བ། ཉུངས་ཀར་གྱི་གོང་བུ། མཚོན་ཆ་རྣམ་པ་ལྔ། རོ་རས་ཀྱི་ཡོལ་བ་རྣམས་སོ། །སྤྱི་མཐུན་སྒབ་སྐོར་མདའ་རལ་གྲི་ཚོན་སྐུད་ཀྱི་དྲྭ་བ་ལ་སོགས་པ་ཇི་ལྟར་འབྱོར་བ་རྣམས་དང་། མཆོད་རྫས་ཆུ་གཉིས་ཉེར་སྤྱོད་ཞི་དྲག །དཔལ་གྱི་གཏོར་མ་རཀྟའི་ཐིག་ལེ་དགུ་བཏབ་པ། རྩ་བརྒྱད་སྟོང་སྦྱར་བདུད་རྩི། རཀྟ་སོ་ལྔ་སྦྱར་བའི་ཁྲག་ཞལ། ཞལ་ཟས་སྣ་ཚོགས་པའི་གཏོར་མ་ལ་སོགས་པ་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བ་དཀྱིལ་འཁོར་གྱི་མདུན་སྟེགས་སུ་བཞག་ལ། ཞེ་སྡང་རྡོ་རྗེའི་ཏིང་འཛིན་གྱིས། ཧཱུྃ། རྣལ་འབྱོར་ཆེན་པོའི་སོགས་དང་། བི་ཤྭ་བཛྲའི་དྲག་སྔགས། གུ་གུལ་ཡུངས་ཐུན་སོགས་ཚམ་རྔམས་ཀྱིས་བགེགས་བསྐྲད། རུ་ལུའི་ཛཔ྄་དབྱངས་ལན་གསུམ་བླང་བ་དང་ལྷན་ཅིག་རྡོར་སློབ་ཀྱིས་དྲིལ་སྤོས་ཀྱིས་སྣ་དྲངས། རྒྱལ་ཐེབས་གཟུངས་མ་ལས་རྡོར་སོགས་ཀྱི་རྫས་རྣམས་གོ་རིམ་བཞིན་ཐོགས་ཏེ་དཀྱིལ་འཁོར་ལ་ལན་གསུམ་བསྐོར་བའི་མཐར་མདུན་ཕྱོགས་སུ་འཁོད་ལ། ཧཱུྃ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །ཐུགས་མཆོག་བཛྲ་ཧེ་རུ་ཀ །བཛྲ་ཀྲོ་དྷཱི་ཤྭ་རཱི་གཉིས། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། །ཛཿཧཱུྃ་བཾ་ཧོཿས་སྤྱན་དྲངས་ཤིང་། །དུར་ཁྲོད་ཆེན་པོའི་གནས་མཆོག་དང་། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་འདིར། །ལྷ་ཆེན་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཐབས་ཀྱི་རྒྱལ་པོ་དཔལ་ཆེན་ཉིད་ཀྱི་གནས། །ཕོ་བྲང་རྟགས་དང་ལྡན་པས་སྣོད་བཅུད་རྒྱན་དུ་ཆེ། །སྤྲུལ་པ་ལྕང་ལོ་མང་པོའི་ཁ་བད་ཅན། །དབང་པོ་རྣ་ལྔ་སྣོད་བཅུད་རྒྱན་བཀྲམ་ནས། །མི་གནས་དཔལ་ཆེན་ཡབ་ཡུམ་བཞུགས་པའི་རྟེན་དུ་འབུལ། །ༀ་བཛྲ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ས་མ་ཡ་ཏིཥྛ་བཛྲ། ཞེས་བརྗོད་ལ་ཐོད་པ་གཙོ་བོ་དབུས་སུ་བཞག །དེའང་གསང་འགྲེལ་ལས་དབུས་ཀྱི་ཟླ་གམ་ལ་བནྡྷའི་ཁ་ནུབ་བསྟན་གྱིས་སྦུབས་ལ་དཔལ་ཆེན་པོ་ཡབ་ཡུམ་ཐབས་ཤེས་ཟུང་འབྲེལ་འཁྲིལ་ནས་བཞུགས་པར་བསྒོམ་པར་གསུངས་ཀྱང་། དེང་སང་ལག་ལེན་དུ་འདི་རིགས་འབྲུའི་སྣོད་དུ་དབུ་གྱེན་བསྟན་དུ་འཇོག་པར་མཛད་སྣང་བ་ཐ་མལ་པའི་མིག་ལམ་དུ་མཛེས་ཆ་བཙལ་བར་མངོན་པས་རྟོག་པ་ལ་གང་ཤོང་བྱའོ། །དེའི་རྗེས་འབྲེལ་དུ། ཧཱུྃ། རྡོ་རྗེའི་རིགས་མཆོག་ཆེན་པོ་སྟེ། །རྡོ་རྗེ་དྲིལ་བུ་རིག་པ་འཛིན། །ཐབས་དང་ཤེས་རབ་གཉིས་སུ་ལྡན། །རྟགས་ཀྱི་ཕྱག་རྒྱར་བཞུགས་སུ་གསོལ། །ༀ་བིདྱཱ་ཛྙཱ་ན་བཛྲ་ཧཱུྃ། ས་མ་ཡ་ཏིཥྛ་ལྷན། ཞེས་རྡོ་རྗེ་གཡས་སུ་བཀོད། ༀ་དྷརྨ་དྷཱ་ཏུ་གྷཎྜེ་ཧོཿ ས་མ་ཡ་ཏིཥྛ་ལྷན། ཞེས་དྲིལ་བུ་གཡོན་ནས་བརྟེན་ཏེ་བཀོད། དེ་ནས་མ་མོ་བརྒྱད་ཀྱི་རྟེན་ཐོད་རིམ་བཞིན་ཐོགས་ལ། ཧཱུྃ། དུར་ཁྲོད་གནས་བརྒྱད་འབར་བའི་ཀློང་དཀྱིལ་ནས། །མ་ཆེན་འབར་མ་བརྒྱད་རྣམས་གཤེགས་སུ་གསོལ། །ཧཱུྃ་མ་མོ་ཆེན་མོ་མེ་འབར་མ། །ཀེའུ་རི་ཆེན་མོ་གཤེགས་སུ་གསོལ། །མཐིང་ནག་འབར་བའི་རལ་པ་ཅན། །སྔོན་ཚེ་ཡེ་ཤེས་བསྙེན་ཅིང་བསྒྲུབས། །སྔོན་གྱི་ཐུགས་དམ་བདག་དང་གཅིག །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར། །མཆོག་ཕྲན་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བཛྲ་ཀེའུ་རཱི་ཧ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། མ་མོ་ཆེན་མོ་མེ་འབར་མ། །ཙཽའུ་རཱི་ཆེན་མོ་གཤེགས་སུ་གསོལ། །སེར་ནག་འབར་བའི་རལ་པ་ཅན། །སྔོན་ཚེ་ཡེ་ཤེས་བསྙེན་ཅིང་བསྒྲུབས། །སྔོན་གྱི༴ དུར་ཁྲོད༴ མཆོག་ཕྲན༴ དགྱེས་ཤིང་༴ བཛྲ་ཙཽའུ་རཱི་ཧ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། མ་མོ་ཆེན་མོ་མེ༴ ཕྲ་མེན་ཆེན་མོ༴ དམར་ནག་འབར༴ སྔོན་ཚེ༴ སྔོན་གྱི༴ དུར་ཁྲོད༴ མཆོག་ཕྲན༴ དགྱེས་ཤིང་༴ བཛྲ་པྲ་མོ་ཧཱ་ཧེ་ས་མ་ཡ་ཏིཥྛ་བཛྲ། ཧཱུྃ། མ་མོ་ཆེན་མོ་མེ༴ བེ་ཏ་ཆེན་མོ༴ མཐིང་ནག་འབར་བའི༴ སྔོན་ཚེ༴ སྔོན་གྱི༴ དུར་ཁྲོད༴ མཆོག་ཕྲན༴ དགྱེས་ཤིང་༴ བཛྲ་བེ་ཏ་ལཱི་ཧ་ས་མ་ཡ་ཏིཥྛ༴ ཧཱུྃ། མ་མོ་ཆེན་མོ་མེ་འབར༴ པུཀྐ་ཆེན་མོ༴ དམར་སེར་འབར་བའི༴ སྔོན་ཚེ༴ སྔོན་གྱི༴ དུར་ཁྲོད༴ མཆོག་ཕྲན༴ དགྱེས་ཤིང་༴ བཛྲ་པུཀྐ་སཱི་ཧ་ས་མ་ཡ་ཏིཥྛ༴ ཧཱུྃ། མ་མོ་ཆེན་མོ༴ ཀསྨ་ཆེན༴ ལྗང་སེར་འབར་བའི༴ སྔོན་ཚེ༴ སྔོན་གྱི༴ དུར་ཁྲོད༴ མཆོག་ཕྲན༴ དགྱེས་ཤིང་༴ བཛྲ་གྷསྨ་རཱི་ཧ་ས་མ་ཡ་ཏིཥྛ༴ ཧཱུྃ། མ་མོ་ཆེན་མོ༴ སྨ་ཤ་ཆེན་མོ༴ མཐིང་ནག་འབར༴ སྔོན་ཚེ༴ སྔོན་གྱི༴ དུར་ཁྲོད༴ མཆོག་ཕྲན༴ དགྱེས་ཤིང་༴ བཛྲ་སྨ་ཤ་ནཱི་ཧ་ས་མ་ཡ་ཏིཥྛ༴ ཧཱུྃ། མ་མོ་ཆེན་མོ༴ ཙནྡྷ་ཆེན་མོ༴ སེར་སྐྱ་འབར་བའི༴ སྔོན་ཚེ༴ སྔོན་གྱི༴ དུར་ཁྲོད༴ མཆོག་ཕྲན༴ དགྱེས་ཤིང་༴ བཛྲ་ཙནྡྷ་ལཱི་ཧ་ས་མ་ཡ་ཏིཥྛ༴ ཞེས་ཤར་སོགས་ཕྱོགས་བཞི་དང་ཤར་ལྷོ་སོགས་མཚམས་བཞིར་གཡས་བསྐོར་གྱིས་གཙོ་བོ་ལ་ཞལ་བསྟན་ཏེ་བཀོད་དོ། །གཉིས་པ་ནི། མར་མེ་དགུ་པོ་ཐོགས་ལ། ཧཱུྃ། སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལས། །དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །ཟླ་གམ་དབང་གི་དཀྱིལ་འཁོར་གསལ། །དབང་ཕྱུག་མཆོག་བྲན་གདན་སྟེང་ན། །ཡང་དག་དོན་གྱི་ལྷ་དགུ་རུ། །རང་བཞིན་འོད་གསལ་ཡེ་ཤེས་དགུ། །སྒྲིབ་པ་དགུ་པོ་རང་གསལ་ཕྱིར། །དམིགས་མེད་གསལ་རྟོག་མེད་ཚུལ་གྱིས། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ༀ་ཛྙཱ་ན་དཱི་པ་ཨཱ་ལོ་ཀེ་ཛྭ་ལ་ཏིཥྛ་ལྷན། ཅེས་བརྗོད་ལ་རྟེན་ཐོད་དགུ་དང་འབྲེལ་ཆགས་སུ་དགོད་དོ། །གསུམ་པ་ནི། དབང་གི་སྐབས་སྔར་སྟ་གོན་བྱས་པའི་བུམ་པ་རྣམས་སྟེང་གི་ལྡིང་ཁྲི་ལ་བཞག །ལས་བུམ་བྱང་ཤར་གྱི་གྲྭར་བཀོད། ཙཀ་ལིའང་བུམ་པ་དང་ལྷན་ཅིག་བཞག །སྒྲུབ་ཆེན་ཁོ་ནའི་སྐབས། འཛིན་གཏོར་ནུབ་དང་། བནྡྷ་མཚན་ལྡན་ཆང་དང་ཤ་ལྔ་བདུད་རྩི་ལྔ་སྙིང་པོ་ལྔས་བཀང་བའི་ནང་དུ་བཟང་ཤིང་གི་བྱང་བུའམ་གྲོ་ག་ལྟ་བུར། བདག་སྒྲུབ་པ་པོ་རྡོ་རྗེ་ཆེ་གེ་མོ་ལ་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་མྱུར་དུ་སྩོལ་ཅིག །ལྟ་བུ་དངོས་གྲུབ་ཀྱི་གསོལ་བྱང་སྒྲུབ་པ་པོ་དུ་ཡོད་ཀྱི་གྲངས་མཉམ་མམ། བདག་རྡོ་རྗེ་རྒྱལ་པོ་འདི་ཞེས་བྱ་བས་གཙོར་བྱས། རྡོ་རྗེ་མཆེད་ལྕམ་གྲངས་འདི་ཙམ་ཞེས་ཕྱོགས་གཅིག་བསྡོམས་པའི་བྱང་བུ་གཅིག་བྱས་ཀྱང་སྟབས་བདེ་བས། གང་ལྟར་སྤྲ་རྩིའམ་མར་གྱིས་བྱུགས་པ་བཅུག །མི་བདེ་ན་ཐོད་པའི་ཁར་བཞག་ཀྱང་རུང་ལ་དེ་དང་རྡོ་རྗེ་ཚེ་སྟེ་ཟན། དེའང་མངར་གསུམ་སྦྱར་བའི་རིལ་བུ་བྱ། ཛཀྟིའམ་མཱཾ་ས་སྟེ་ཤ །ཛ་གད་དམ་དཔའ་བྱེད་དེ་ཆང་། འཇམ་དེས་སམ་ཟླ་བ་དཀར་བ་སྟེ་མར། ཟླ་རྒྱས་ཏེ་ཞོ་དང་ཁུར་བ། ཟླ་ཕྲམ་སྟེ་ཐུད་དང་ཁྲུམ། གལ་ཕྱིས་ཏེ་སྤོད་སྣ་ཚོགས་ཀྱི་གཡོས། བྲན་མོ་སྟེ་ཚོད་མ། གཡོན་ཅན་ཏེ་སྒོག་པ། ཀུན་ཏུ་རྒྱུ་སྟེ་ཚ། ཚེ་ཁྲིད་དེ་སྐྱུར་ལོ། ཤམ་མོ་སྟེ་སིང་པོ་སོགས་བཟའ་བཅའ་བཏུང་བའི་བྱེ་བྲག་མང་པོ་དང་ལྷན་ཅིག་ཤར་སྒོར་བཞག །ཕྱི་ནང་གི་མཆོད་རྫས། སྨན་རཀ་གཏོར་གསུམ་སོགས་དཀྱུས་ཀྱི་ཕྱག་ལེན་ལྟར་བཀོད། བརྒྱ་རྩའམ་སྟོང་མཆོད་སོགས་སྤྲོས་འབྱོར་ཆེ་ནའང་ཚུལ་དང་མཐུན་པར་བཤམ། སྟེང་འོག་བར་གསུམ་མཐའ་སྐོར་གྱི་རྒྱན་རྣམས་ཀྱང་མཐོང་བརྒྱུད་ལྟར་བཀྲམ་ལ། ཧཱུྃ། ཞིང་བཅུ་རུ་དྲའི་ཆགས་རྣམས་བསྒྲལ་བྱས་ནས། །ཤ་ཆེན་ལང་ལིང་རྐང་གི་དུམ་བུ་དང་། །ཞིང་གི་རས་རོས་དུར་ཁྲོད་རྫས་ཆེན་རྣམས། །དཔལ་གྱི་གསང་བའི་དཀྱིལ་འཁོར་བསྐོར་བར་བྱ། །སྲིད་པ་གསུམ་གྱི་གདུག་པ་ཀུན་བསྒྲལ་ཏེ། །ཤེས་རབ་ཟབ་མོ་ཡུམ་གྱི་མཁའ་དབྱིངས་སུ། །མཐའ་དང་དབུས་མེད་དཀྱིལ་འཁོར་རང་བཞིན་ཏེ། །ཕྱི་ནང་མེད་པར་ལྷུན་གྱིས་གྲུབ་པའི་རྫས། །ཡིད་བཞིན་ལོངས་སྤྱོད་འདོད་དགུ་འབྱུང་བའི་རྒྱུ། །ཡེ་ཤེས་ཆེན་པོ་བཞི་དང་ལྡན་པའི་རྟགས། །ཕྲག་དོག་རྣམ་སྤངས་ཞིང་གི་གཡང་གཞི་འདི། །དཀྱིལ་འཁོར་ཆེན་པོ་བླ་བྲེར་དགྲམ་པར་བྱ། །མཆོག་ཕུར་བཞི་དང་ལྕགས་ཕུར་བཞི། །ཕྱོགས་བཞི་མཚམས་བཞིར་གཟུག་པ་དང་། །མཐའ་མ་རྩང་གིས་སྲིན་མོའི་འགྲོས། །བ་སུ་ཏ་ཡི་ཞགས་པས་བསྐོར། །དཔལ་བཤོས་ཟླ་གམ་རཀྟ་ཡི། །ཐིག་ལེ་དགུ་པ་འབུལ་བ་དང་། །རྨད་དུ་བྱུང་བའི་གཏོར་མ་དང་། །དམར་གྱི་ཨརྒྷཾ་ཆེན་པོ་དང་། །འཆི་མེད་བདུད་རྩིའི་བུམ་པ་དང་། །མཆོད་པ་རྣམ་པ་ལྔ་པོ་དང་། །ཟབ་མོ་མཆོག་གི་ཚེ་ཟན་དང་། །མདའ་དང་དར་སྣ་རྒྱལ་མཚན་གྱིས། །གསང་བའི་དཀྱིལ་འཁོར་མཐའ་མ་བསྐོར། །མཛེས་རྒྱན་མཆོད་པའི་རྟེན་བཞུགས་གསོལ། །བཛྲ་ས་མ་ཡ་ཏིཥྛནྟུ། ཞེས་བརྗོད། གཞན་ཡང་སྲུང་མའི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད། རོལ་མོའི་བྱེ་བྲག་ལ་སོགས་པ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་དང་། དཀྱིལ་འཁོར་གྱི་བྱང་ཤར་དུ་ཐོད་ངན་ནམ་ཧོམ་ཁུང་ནང་ཉུ་ལེའི་ལིངྒ་བཅུག་པའི་ཁར་དུར་རྡོ་ལ་རི་གླིང་བྲིས་པས་བཅད། ལས་ཕུར། གཡབ་དར། འཐོར་ནས། ཡུངས་ཐུན་སོགས་ཀྱང་འདུ་བྱའོ། །བཞི་པ་ནི། རང་གི་མདུན་ལ་སོགས་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་མིག་གི་དབང་པོ་ལ་བརྟེན་ནས་སེམས་ཀྱི་ཏིང་འཛིན་གསལ་བ་སོགས་ཀྱི་སླད་དུ་དཔལ་ཆེན་པོ་གཙོ་འཁོར་དགུའི་སྐུ་བརྙན་མཚན་ཉིད་དང་ལྡན་པ་འབུར་རམ་རི་མོར་བྲིས་པ་བཞུགས་སུ་གསོལ་བར་བྱའོ། །རྩ་བའི་བཞི་པ་ཐམས་ཅད་བྱིན་གྱིས་བརླབས་པའི་ཕྲིན་ལས་ལ་ལྔ། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་གཉིས་སུ་མེད་པར་བྱིན་གྱིས་བརླབ་པ་དང་། དབང་སྒྱུར་ཐབས་ཀྱི་ཏིང་ངེ་འཛིན་གྱིས་གནས་བྱིན་གྱིས་བརླབ་པ་དང་། ཤེས་རབ་དང་སྙིང་རྗེའི་ཏིང་ངེ་འཛིན་གྱིས་ཡུམ་དང་རྒྱུ་དང་སྒྲུབ་རྫས་བྱིན་གྱིས་བརླབ་པ་དང་། ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གྱིས་སྒྲུབ་པ་པོ་བྱིན་གྱིས་བརླབ་པ་དང་། ཚོགས་ཆེན་རྫོགས་པའི་ཏིང་ངེ་འཛིན་གྱིས་རྫས་དང་ཡོ་བྱད་བྱིན་གྱིས་བརླབ་པའོ། །དང་པོ་ནི། དེའང་བྱིན་གྱིས་རློབ་པ་པོ་གཙོ་བོ་རྡོ་རྗེ་སློབ་དཔོན་ཡིན་ཅིང་། སྒྲུབ་པ་དབུ་ཚུགས་ནས་ནམ་གྲུབ་ཀྱི་བར་དུ་དེ་ཉིད་ཀྱི་དགོངས་པ་གཞན་དུ་མི་གཡེལ་བ་དགོས་ཀྱང་། ད་ལྟ་དུས་དང་བསྟན་པའི་མོས་སློབ་འདྲ་འབག་གི་སྐབས་སུ་འདི་དག་གི་དོན་ཡིད་ལ་གསལ་འདེབས་པའི་ཕྱིར་ཚིག་ངག་ཏུ་བརྗོད་ཅིང་རྒྱུད་གཞུང་གི་དགོངས་པ་མ་ཆད་ན་ལེགས་པས་འདི་ལྟར། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་སྟོང་པ་འོད་གསལ་བའི་རང་བཞིན་ནོ། །ཆོས་ཉིད་ཅིའང་མ་ཡིན་པ་ལས་ཅིའང་སྣང་བའི་ཆོ་འཕྲུལ་ཡི་གེ་ཧཱུྃ་མཐིང་ག་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པར་གྱུར། དེ་ལས་འོད་ཟེར་སྤྲོ་བསྡུས་འོད་ཀྱི་གོང་བུར་གྱུར། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། བདག་ཉིད་དཔལ་ཆེན་བཛྲ་ཧེ་རུ་ཀ་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་ཅིང་ཡུམ་ཀྲོ་དྷཱི་ཤྭ་རཱི་མ་དང་འཁྲིལ་བའོ། །ༀ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། ཧཱུྃ་ༀ་སྭཱ་ཨཱཾཿཧཱ། ཞེས་ཡེ་ཤེས་ལྔས་དབང་བསྐུར། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ མི་དམིགས་ཆོས་ལ་བློ་བརྟགས་ཤིང་། །ཡེ་ཤེས་ཅན་གྱིས་བྱིན་སྟོབས་ཀྱིས། །ཐམས་ཅད་ཚུལ་བཞིན་བྱིན་གྱིས་བརླབས། །ནུས་མཐུ་ཅན་དུ་དེ་དག་གྱུར། །ཅེས་གསལ་གདབ་བོ། །གཉིས་པ་ནི། རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་རྩལ་རཾ་ཡཾ་ཁཾ་འཕྲོས་ཏེ་སྣོད་ཀྱི་དངོས་པོ་བསྲེགས་གཏོར་བཀྲུས། ཨ་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །སླར་ཡང་ཡེ་ཤེས་ཀྱི་འོད་ཟེར་བཅུད་ཀྱི་སེམས་ཅན་རྣམས་ལ་ཕོག་པས་ཉོན་མོངས་བག་ཆགས་དང་བཅས་པ་སྦྱངས། ཧཱུྃ། དེ་དག་ཚུར་འདུས་ཏེ་རང་དང་གཉིས་སུ་མེད་པ་ཡེ་ཤེས་ཀྱི་སྐུར་གྱུར། སླར་བདག་གི་ཐུགས་ཀ་ནས་ཨེ་ཡཾ་རཾ་བཾ་ཀེཾ་རཾ་བྷྲཱུྃ་རྣམས་འཕྲོས་པའི་འོད་ཀྱིས་སྙིགས་མའི་འབྱུང་བ་རྣམས་སྦྱངས། དྭངས་མའི་འབྱུང་བ་རིམ་བརྩེགས་ཡུམ་ལྔའི་མཁའ་ཀློང་དུ་གསལ་བ་ནི། ཨེ་ལས་ནམ་མཁའི་ཆོས་འབྱུང་གྲུ་གསུམ། ཡཾ་ལས་རླུང་དཀྱིལ་རྒྱ་གྲམ། ར་ལས་རཀྟའི་རྒྱ་མཚོ། བཾ་ལས་ཞིང་ཆེན་གྱི་ས་གཞི། ཀེཾ་ལས་ཀེང་རུས་ཀྱི་རི་རབ། རཾ་ལས་མེ་ཕུང་དམར་ནག་འབར་བའི་དབུས་སུ་བྷྲཱུྃ་ལས་ཡེ་ཤེས་ལྔའི་རང་བཞིན་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཟླ་གམ་དབང་གི་དཀྱིལ་འཁོར་དང་གཉིས་སུ་མེད་པར་གྱུར། མཐེབ་མཛུབ་ཟླུམ་པོར་སྤྲད་པའི་བར་སྲིན་ལག་གཉིས་བསྣོལ་ཏེ་བཅུག །གུང་མོ་མཐེའུ་ཆུང་རྩེ་སྤྲད་པ་ཁའི་ཚུལ་དུ་སྟེ་ཐོད་རློན་གྱི་ཕྱག་རྒྱ་བཅས་ལ། ཆོས་མཁའ་ཡིད་བཞིན་འཇིགས་བྱེད་གནས། །ལྷ་དང་དམ་ཅན་གནས་འདིར་འདུས། །རྣལ་འབྱོར་བག་ཡངས་བསྒྲུབ་བྱིན་རླབས། །དབང་བསྒྱུར་ཆེན་པོ་འགྲུབ་གྱུར་ཅིག །བྷྲཱུྃ་ཀ་པཱ་ལ་ཛྙཱ་ན་བྷྲཱུྃ། གསུམ་པ་ལ། ཐོག་མར་ཡུམ་ལ་བརྟེན་ནས་སྦྱོར་མཆོད་བྱིན་གྱིས་བརླབ་པ་ནི། གཟུངས་མ་དངོས་སུ་ཡོད་ན་དེའམ་མེད་ན་དེར་བཏགས་པའི་གཟུགས་བརྙན་ཙམ་ལ་དམིགས་རྟེན་བྱས་ཏེ། ཕྱི་གླིང་བཞི། ནང་སྒོ་བཞི། གསང་བ་དཀྱིལ་འཁོར་བཞི། དེ་ཁོ་ན་བདེ་བ་བཞི་སྦྱོར་གྱི་དགོངས་པ་གསལ་གདབ་ལ། ཤིན་ཏུ་འགྱིང་བའི་དཔའ་བོ་སྒེག་པ་དང་། །བཀྲ་ཤིས་མཚན་ལྡན་མི་མོས་བརྒྱན་པ་གཉིས། །དཔའ་བོ་དགྱེས་པའི་སྦྱོར་མཆོད་བདེ་བ་ཡང་། །སྐལ་ལྡན་རྣམས་ལ་འབུལ་ལོ་རབ་སྤྲུལ་ཅིག །ཤེས་རབ་དབྱིངས་མ་ཡུམ་གྱི་གཞལ་ཡས་སུ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་མཆོག་བཀོད་དེ། །ཐབས་དང་ཤེས་རབ་ལྡན་པའི་སྦྱོར་མཆོད་ཀྱིས། །འཕགས་པ་ཐམས་ཅད་མཉེས་པའི་མཆོད་པ་འབུལ། །མཉམ་ཉིད་དབྱིངས་སུ་རྟོགས་པའི་ཡེ་ཤེས་ཀྱིས། །བདེ་མཆོག་ལོངས་སྤྱོད་རྫོགས་པ་སྐུ་ཡི་རྒྱན། །འདོད་དགུའི་ཡོན་ཏན་མཛེས་པས་རབ་བརྒྱན་པ། །རྣལ་འབྱོར་ཡེ་ཤེས་རྒྱན་དུ་བཞེས་སུ་གསོལ། །ༀ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་སྥ་ར་ཨི་མཾ་ག་ག་ན་ཁཾ་ཧཱུྃ་ཕཊ་སྭཱ་ཧཱ། རྒྱུ་མཆོག་བམ་ལ་བརྟེན་ནས་བསྒྲལ་བའི་དགོངས་པའི་བྱིན་གྱིས་རློབ་པ་ནི། དངོས་ལག་ཏུ་མི་ལོན་པས་སྒྲོལ་མཆོད་ངོ་བོ་ཙམ་དཀྱུས་སུ་འབྱུང་བས་སྐབས་འདིར་མ་བྱས་ཀྱང་ཆད་སྐྱོན་མེད་དོ། །སྒྲུབ་རྫས་བྱིན་གྱིས་བརླབ་པ་ནི། བདག་གི་ཐུགས་ཀ་ནས་ཧཱུྃ་དང་ཧ་བརྒྱད་འཕྲོས། ཐོད་པ་དང་མར་མེ་རྣམས་ལ་ཐིམ། ཧཱུྃ། གཙོ་བོའི་རྟེན་ཧཱུྃ་དང་གཞན་རྣམས་ཧ་ཡིག་བརྒྱད་དུ་གྱུར། ཧཱུྃ། དེ་དག་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ་སོ་སོའི་ཕྱག་མཚན་དུ་གྱུར། ཧཱུྃ། དེ་ལས་ཀྱང་འོད་ཟེར་འཕྲོ་འདུས་སྐུ་ཡོངས་རྫོགས་སུ་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པར་གྱུར། གཡོན་གྱི་མཛུབ་མོ་བཀུག་པ་ལ་གཡས་ཀྱི་མཛུབ་མོ་གཏད། གཡོན་པའི་མཐེབ་ཆེན་གཡས་ཀྱི་མཛུབ་མོའི་རྩ་བར་གཏད། གུང་མོ་གཉིས་རྩེ་སྤྲད། སྲིན་ལག་མཐེའུ་ཆུང་བསྣོལ་བ་ཕྲིན་ལས་བཞིའི་རྒྱ་བཅས་ལ། ཧཱུྃ། བནྡྷ་བདེ་གཤེགས་སྐུ་ཡི་སྐུ། །ཡིག་འབྲུ་བདེ་གཤེགས་གསུང་གི་གསུང་། །མར་མེ་བདེ་གཤེགས་ཐུགས་ཀྱི་ཐུགས། །དོན་གྱི་ལྷ་དགུ་ཚང་བ་ཡང་། །དོན་གྱི་ལྷ་ནི་བརྒྱ་རྩ་བརྒྱད། །གཏིང་མཐའ་མེད་པའི་སྐྱེ་འགྲོ་རྣམས། །སངས་རྒྱས་ས་ལ་དགོངས་སུ་གསོལ། །ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་ཧ་ཧ་བྷྱོ། ཧཱུྃ། ཀོང་བུ་ཆོས་དབྱིངས་ཡུམ་གྱི་མཁའ། །མར་མེ་ཡེ་ཤེས་ཡབ་ཀྱི་འོད། །སྐུ་གསུམ་འགྲོ་བའི་དོན་ཡང་མཛད། །ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ནས། །ཡེ་ཤེས་ཆེན་པོ་སྐུ་གསུམ་གྱིས། །འཁོར་བའི་མ་རིག་མུན་བསལ་ནས། །འཁོར་ལོ་ཚོགས་ཆེན་ས་ལ་གནས། །ༀ་ཨཱ་ལོ་ཀེ་ཛྭ་ལ་དཱི་པ་ཧཱུྃ་ཧཱུྃ། ཞེས་བརྗོད། བཞི་པ་གསང་འགྲེལ་ལས་དོན་དགུར་གསུངས་ཀྱང་ཁ་ཅིག་བསྲེ་བསྣན་སྐབས་སུ་སོང་བ་ལ་དོན་གྱིས་ཚང་བས་འདིར་ཟོར་ཡང་བའི་སླད་ཐོག་མར་སྒྲུབ་པ་པོ་རྣམས་བྱིན་གྱིས་བརླབ་པ་ནི། རང་རང་གི་ཡི་དམ་གྱི་ལྷར་བསྒོམ་པ་ཡིན་ཀྱང་ཚོགས་སྒྲུབ་སྤྱི་ཙམ་དུ་སློབ་དཔོན་གྱིས་འདི་ལྟར་བརླབ་སྟེ། བདག་ཉིད་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀའི་འོད་ཀྱིས་མཆེད་ལྕམ་རྣམས་ཀྱི་དངོས་འཛིན་སྦྱངས། སྦྱོར་མཚམས་ནས་ཧ་བརྒྱད་འཕྲོས་པ་དེ་དག་གི་གནས་སུ་འཁོད་པ་ཕྱག་མཚན་དུ་གྱུར། དེ་ཡོངས་སུ་གྱུར་པ་ལས་མ་མོ་ཆེན་མོ་བརྒྱད་སྤྲུལ་པ་ཡང་སྤྲུལ་དང་བཅས་པའི་ཚོགས་སུ་གསལ་བར་གྱུར། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བཅས་ལ། ཧཱུྃ། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར། །སྐལ་ལྡན་འདུས་པ་ཀུན་ཚོགས་ནས། །གཙོ་བོ་ཡབ་ཡུམ་སྐུར་བསྐྱེད་དེ། །བྱིན་རླབས་ཆོ་ག་ཀུན་རྫོགས་ནས། །ཁྲོ་བོའི་རྒྱལ་པོ་ཇི་བཞིན་བསྐྱེད། །འཁོར་རྣམས་མཁའ་འགྲོ་བརྒྱད་དུ་གསལ། །གསང་བ་སྒྲུབ་པའི་མཆེད་ལྕམ་རྣམས། །ཕྱག་རྒྱ་ཆེན་པོར་རྫོགས་གྱུར་ཅིག །ཧཱུྃ་ཧཱུྃ་ཧ་ཧ། དེ་ནས་སྒོ་དབྱེ་བ་ནི་མཆེད་རྣམས་མགྲིན་གཅིག་ཏུ། ཧཱུྃ། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །མ་ཏྲཾ་བསྒྲལ་བའི་ཁོག་པ་ལ། །སྨུག་ནག་ཟླ་གམ་གཞལ་ཡས་ཤར། །ཕྲིན་ལས་རྣམ་བཞི་རྫོགས་མཛད་པ། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ནས། །ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཤིག །ཛཿཧཱུྃ་བཾ་ཧོཿ ༀ་པྲ་བེ་ཤ་ཡ་ཕཊ། བྱིན་རླབས་གསོལ་བ་ནི། ཧཱུྃ། སྐྱེ་མེད་གདོད་ནས་དག་པའི་མཁའ་དབྱིངས་སུ། །ཤེས་རབ་རང་སྣང་འོད་ཀྱི་ཐུགས་རྗེར་ཤར། །ཡེ་ཤེས་ཐབས་ལ་མཁས་པའི་བྱིན་རླབས་ཀྱིས། །གར་གྱི་དབང་ཕྱུག་ཆེན་པོར་བྱིན་གྱིས་བརླབ་ཏུ་གསོལ། །ཨ་ལ་ལ་ཧོཿ ཕྱག་འཚལ་བ་ནི། ཧཱུྃ། གསང་སྔགས་ཡང་དག་ཟབ་མོའི་ཞིང་། །ཁྲོ་བོའི་ཚོགས་ཆེན་དཀྱིལ་འཁོར་དུ། །ལྷ་དང་སློབ་དཔོན་བློ་ལྡན་ལ། །བརྡ་དང་གར་གྱིས་ཕྱག་བགྱིའོ། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། སྐབས་འདིར་ཐེག་པ་འོག་མ་ལས་ལྷག་པའི་རྟགས་བརྒྱད་གདབ་སྟེ་སྒྲུབ་པ་པོ་ཐབས་ཤེས་ཟུང་དུ་འབྲེལ་བ་རྣམས་དཔལ་ཧེ་རུ་ཀ་དང་རྗེས་སུ་མཐུན་པར་བྱ་བར་གསུངས་པས། ཆས་དྲུག་དངོས་སམ་རི་མོར་བྲིས་པ་སོགས་དང་། རྟགས་གསུམ་དངོས་བྷནྡྷའི་སྣོད་དུ་སྦྱར་ལ། ཐོག་མར་རྡོ་རྗེ་སློབ་དཔོན་ལ་རྟགས་བརྒྱད་ཕུལ་བ་ནི་རྡོ་རྗེ་ལས་པས་དབྱངས་དང་བཅས་གླང་ཆེན་ཀོ་རློན་སྐུ་སྟོད་དུ་ཕུལ་ལ། ཧཱུྃ། གཏི་མུག་རྣམ་དག་སྟོབས་བཅུས་བདུད་དཔུང་འཇོམས། །གླང་ཀོ་རྣལ་འབྱོར་དབང་ཕྱུག་རྒྱན་དུ་གསོལ། །ཀྲོ་དྷ་ནི་ལ་ཀ་ཨ་བྷི་ཥིཉྩ་མ་ཧཱ་ཨཱཿ ཞིང་ལྤགས་སྟོད་དུ་གསོལ་ལ། ཧཱུྃ། འདོད་ཆགས་རྣམ་དག་ཡུམ་ལྔའི་ཚུལ་ཁྲིམས་གོས། །ཞིང་གཡང་རྣལ་འབྱོར་དབང་ཕྱུག་སྟོད་དུ་གསོལ། །ཀྲོ་དྷ་ནི་ལ་ཀ་སོགས་སྔགས་བརྗོད། སྟག་ལྤགས་ཤམ་ཐབས་ཕུལ་ལ། ཧཱུྃ། ང་རྒྱལ་རྣམ་དག་དཔའ་བརྟུལ་དབྱིངས་སུ་ཟ། །སྟག་ཤམ་རྣལ་འབྱོར་དབང་ཕྱུག་སྨད་དུ་གསོལ། །སྔགས་བརྗོད། སྦྲུལ་ཆུན་རིགས་ལྔ་གནས་སོ་སོར་ཕུལ་ལ། ཞེ་སྡང་རྣམ་དག་དཔའ་བརྗིད་མཉེན་ལ་ལྕུགས། །སྦྲུལ་ཆུན་རྣལ་འབྱོར་དབང་ཕྱུག་རྒྱན་དུ་འབུལ། །སྔགས་བརྗོད། ཐོད་སྐམ་དབུ་རྒྱན། ར་རིའི་སྙན་ཆ། རློན་པའི་དོ་ཤལ་ཕུལ་ལ། ཧཱུྃ། ཕྲག་དོག་རྣམ་དག་དབང་ཆེན་གསུམ་པོ་བརྙེས། །ཐོད་པ་ཚར་གསུམ་སྐུ་ཡི་རྒྱན་དུ་བཞེས། །སྔགས་བརྗོད། ཁྲག་ཆེན་གྱི་ཐེག་ལེ་མཁུར་ཚོས་གཉིས་སུ་ཕུལ་ལ། ཧཱུྃ། ཐུགས་རྗེ་ཆགས་པས་པད་ཅན་ས་མནན་ཕྱིར། །རཀྟའི་ཐིག་ལེ་དོན་མཛད་རྟགས་སུ་བཞེས། །སྔགས་བརྗོད། ཐལ་ཆེན་ཚོམ་བུ་གསུམ་དཔྲལ་བར་བཏབ་ལ། ཧཱུྃ། གདུག་པ་ཀུན་འདུལ་ཚོགས་ཆེན་ས་མནན་ཕྱིར། །ཐལ་ཆེན་ཚོན་བུ་བརྗིད་པའི་རྟགས་སུ་བཞེས། །སྔགས་བརྗོད། ཞག་གི་ཟོ་རིས་ཞལ་གྱི་གྲྭ་གཉིས་སུ་བཀོད་ལ། ཧཱུྃ། དོན་དམ་བཅུ་འབར་ཀུན་འོང་ས་མནན་ཕྱིར། །ཞག་གི་ཟོ་རིས་བྱང་སེམས་རྟགས་སུ་བཞེས། །ཞེས་དང་སྔགས་བརྗོད། དེ་ནས་སློབ་དཔོན་གྱིས་མཆེད་རྣམས་ལ་རྟགས་གསུམ་རིམ་པར་གདབ་ཅིང་བྱིན་གྱིས་བརླབ་སྟེ། ཧཱུྃ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ས་བརྒྱད་མནན་པ་དང་། །རྫུ་འཕྲུལ་ཐབས་ཀྱིས་སྒྲུབ་པ་དང་། །དཔལ་ཆེན་ཐབས་ཀྱིས་བསྡུ་བར་བྱ། །ཧེ་རུ་ཀ་དང་གཅིག་པའི་ཕྱིར། །ཐལ་བའི་ཐིག་ལེས་མཚན་པ་འདི། །འདི་ཡང་སྔོན་གྱི་ཐ་ཚིག་ལ། །འདི་ཡང་རྟགས་ཀྱི་ཕྱག་རྒྱ་སྟེ། །འདི་ཡང་བདག་ཉིད་ཆེན་པོའི་རྒྱའོ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་གརྦ་སྟྭཾ་པ་སི་ཧོཿ མཁའ་འགྲོ་ཀུན་དང་གཅིག་པའི་ཕྱིར། །རཀྟའི་ཐིག་ལེས་མཚན་པ་འདི། །འདི་ཡང་སྔོན་གྱི་ཐ་ཚིག་ལ། །འདི་ཡང་རྟགས་ཀྱི་ཕྱག་རྒྱ་སྟེ། །འདི་ཡང་བདག་ཉིད་ཆེན་པོའི་རྒྱའོ། །ༀ་སརྦ་ཏ་ཐཱ་ག་ཏ་རཀྟ་སི་ཧོཿ གིང་ཆེན་ཀུན་དང་གཅིག་པའི་ཕྱིར། །ཞག་གི་ཟོ་རིས་མཚན་པ་འདི། །འདི་ཡང་སྔོན་གྱི༴ འདི་ཡང་རྟགས་ཀྱི༴ འདི་ཡང་བདག་ཉིད༴ ༀ་ན་མཿསརྦ་ཏ་ཐཱ་ག་ཏ་སྟྭཾ་པ་སི་ཧོཿ ཞེས་བརྗོད་དོ། །དེ་ནས་དམ་བཅའ་བ་ནི་སློབ་དཔོན་གྱིས། ཧཱུྃ། དམ་པ་འདུ་འབྲལ་མེད་པའི་གཟུངས་ཐག་ལ། །རིག་པ་སྲོག་གིས་བསྡུས་པའི་ལུ་གུ་རྒྱུད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པའི་ཕྱིར། །སྐྱེ་བ་ཇི་སྲིད་བར་དུ་མ་གཏོང་ཞིག །ཅེས་བསྒོས་པས། མཆེད་ལྕམ་རྣམས་ཀྱིས་དེ་ཉིད་ཀྱི་ཚིག་རྐང་བཞི་པའི་མཐའ། མི་གཏོང་ངོ་། །ཞེས་བསྒྱུར་བས་དམ་བཅའ་འབུལ། དེ་ནས་བྱིན་དབབ་པ་ནི། སྒྲུབ་པ་པོ་རྣམས་ཆས་ཀྱིས་བརྒྱན། ཕོ་རྣམས་མཆོག་གི་ཧསྟ་དར་གྱིས་བརྒྱན་པ་དང་། མོ་རྣམས་ཀྱིས་ཕྲེང་བ་གཡབ། ཚིལ་ཆེན་གྱི་དུད་པ་དང་རོལ་མོ་གདུང་དབྱངས་བཤུགས་གླུའི་སྒྲ་རྣམས་ཀྱིས་བསྐུལ་བས། བརྒྱུད་གསུམ་རིག་འཛིན་བླ་མ་རྣམས་དང་། དཔལ་ཆེན་བཛྲ་ཧེ་རུ་ཀའི་ལྷ་ཚོགས་ཐམས་ཅད་ནམ་མཁའ་འགེངས་པ་ཙམ་དུ་འཐིབས་ཀྱིས་བྱོན་ནས། བདག་གནས་དཀྱིལ་འཁོར་ཡོ་བྱད་དང་བཅས་པ་ལ་ཐིམ་པས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱིས་འཁོར་ལོས་བྱིན་གྱིས་བརླབས་པར་མོས་ལ། ཧཱུྃ། ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས། །རྣལ་འབྱོར་དབང་ཕྱུག་རིགས་ཀྱི་ཡུམ་དང་བཅས། །རྒྱལ་བ་འཁོར་བཅས་སྲུང་མ་དམ་ཚིག་ཅན། །མཆོད་གནས་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བདག་ཅག་རྣམས་ནི་སེམས་ཅན་དམན་པ་ལ། །གཉེན་བཤེས་མཐུ་དཔུང་གཞན་ན་མ་མཆིས་པས། །ཐུགས་རྗེ་ཆེན་པོའི་དབྲི་བཀོལ་མི་མཛད་ཅིང་། །དུས་ལས་མི་འདའ་ཐུགས་རྗེ་དམ་ཚིག་ཅན། །སྐྱབས་ལས་མི་གཡེལ་ཡལ་གམ་གཅིག་ཏུ་དགོངས། །ཡེ་ཤེས་རྒྱས་པའི་རླབས་ལས་མ་གཡོས་ཀྱང་། །དམ་ཚིག་སེམས་ཉིད་རབ་ཏུ་མངོན་རྟོགས་ཤིང་། །བྱིན་རླབས་ཆེན་པོ་དུས་འདིར་སྩལ་དུ་གསོལ། །ཨ་ལ་ལ་ཧོཿ བྷ་ག་ཝཱན། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཧཱུྃ། དཀྱིལ་འཁོར་གཟུང་བའི་དུས་ལ་བབ། །བྱིན་ཆེན་དབབ་པའི་དུས་ལ་བབ། །དབང་ཆེན་བསྐུར་བའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །རྟགས་དང་མཚན་མ་བསྟན་པ་དང་། །བདག་གི་བསམ་པ་འགྲུབ་པར་མཛོད། །ཨ་ལ་ལ་ཧོཿ ཞེས་པ་དང་། ལྷ་མོ་ཀོའུ་རཱི་མ་བརྒྱད་ཀྱང་གོང་ལྟར་སྤྱན་དྲངས་ལ་བྱིན་དབབ། ཕུད་གཏོར་ལ་བར་ཆད་མེད་པར་དངོས་གྲུབ་འགྲུབ་པའི་ཕྲིན་ལས་བཅོལ་ལོ། །ལྔ་པ་ལ་གསུམ། ཡོ་བྱད། མཆོད་རྫས། དེ་དག་སྟོང་ཉིད་དུ་བྱིན་གྱིས་བརླབ་པའོ། །དང་པོ་ལའང་སྤྲོ་ན་ཞུ་བ་དང་ལན་གྱི་ཕྲིན་ལས་གདབ་པ་ནི་གསང་འགྲེལ་ལྟར་རོ། །བདུད་རྩི་འཁྱིལ་བའི་སྔགས་རིང་བརྗོད་ལ་ཡུངས་ཐུན་གཏོར་ཏེ་བགེགས་བསྐྲད། དུང་ཕོར་དུ་ཆུ་གཙང་ཙནྡན་དཀར་དམར་གྱི་ཕྱེ་དང་སྦྱར་བ་ལ་ཁྲོ་མོ་དབང་ཕྱུག་མའི་སྔགས་རྒྱས་བྱིན་རླབས་སྤྱི་ལྟར་བྱས་ལ། དེའི་སྔགས་ཀྱིས་བསང་གཏོར་བྱ་ཞིང་སྤོས་ཀྱི་དུད་པས་ཀྱང་བསང་། བདག་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་ཡོ་བྱད་དངོས་འཛིན་གྱི་རྣམ་པར་རྟོག་པ་སྦྱངས་ནས་སྟོང་པ་ཉིད་དུ་གྱུར། དེའི་ངང་ལས་སྣོད་ཐམས་ཅད་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། བཅུད་ཐམས་ཅད་ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་དབུས་སུ་ༀ་དམར་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། སྣོད་བཅུད་ཀྱི་བདུད་རྩི་ཐམས་ཅད་ཟླ་བ་ལ་བསྡུས་པས་བདུད་རྩིའི་རྒྱ་མཚོ་དཀར་ལྟེམ་གྱི་གྱུར། དེའི་དབུས་སུ་ༀ་དཀར་པོའི་འོད་ཟེར་གྱིས་འདོད་ཡོན་དྲུག་གི་ལྷ་མོ་རེ་རེ་ལས་ཀྱང་དཔག་ཏུ་མེད་པ་འཕེལ་ཏེ་ནམ་མཁའི་ཁམས་དང་མཉམ་པར་གྱུར། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཉོན་མོངས་དུག་སེལ་ཡིད་བཞིན་བདུད་རྩིའི་མཆོག །ཆོས་ཉིད་དག་པས་རིགས་ལྔའི་དམ་ཚིག་ལྔ། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །ༀ་རཱུ་པ་སོགས། ཧཱུྃ་ཧ་ཏྲཱྃ་ཧྲཱིཿཀཱ་ཡ་ༀ། ཞེས་སྒྲུབ་པའི་མཐུན་རྐྱེན་གྱི་ཡོ་བྱད་སྤྱི་འདོད་པའི་ཡོན་ཏན་ལྔའི་མཆོད་སྤྲིན་ཆེན་པོར་བྱིན་བརླབ། གཉིས་པ་ལ་ཐོག་མར་ཛ་གད་ནི། བྷནྡྷ་ལ་སོགས་པའི་སྣོད་ཆང་གིས་བཀང་བ་སློབ་དཔོན་གྱི་མདུན་དུ་བཞག་ལ། ཛ་གད་ཀྱི་སྣོད་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་མ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་སྔོན་པོའི་འོད་ཟེར་གྱིས་ཐ་མལ་གྱི་དངོས་པོ་སྦྱངས་ཏེ། ཧཱུྃ་དེ་ཉིད་བཅོམ་ལྡན་འདས་མི་བསྐྱོད་པ་སྔོན་པོ་ས་གནོན་མཉམ་བཞག་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་སྐུར་གྱུར། རྡོ་རྗེའི་རྒྱ་བཅས་ལ། ཕྱག་རྒྱ་ལས་ཡུམ་སྤྱན་མ་དཀར་མོ་རིགས་ལྔས་དབུ་བརྒྱན་པ་ཞིག་འཕྲོས་ཏེ་འཁྲིལ་སྦྱོར་གྱི་མཆོད་པས་མཉེས་ནས། བྱང་ཆུབ་སེམས་ཀྱི་རང་བཞིན་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟར་ཞུ་སྟེ་སྣོད་གང་ཞིང་འཕེལ་བར་གྱུར། དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་ཡི་གེ་མཱཾ་ལས་ཡུམ་མཱ་མ་ཀཱི་དཀར་མོ་བདུད་རྩིའི་བུམ་པ་ཐོགས་པ། དེ་ལས་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ་འཇིག་རྟེན་ཁམས་ཀྱི་བདུད་རྩི་ཆུའི་བཅུད་ཐམས་ཅད་བསྡུས་ཏེ་ཐིམ་པས་ཐམས་ཅད་འོད་དུ་ཞུ་བ་བྱང་སེམས་བདུད་རྩིའི་རང་བཞིན་དུ་གྱུར། ༀ་མ་མ་ཀི་རི་ཀི་རི་ཨ་དྷིཥྛ་སྭ་མཾ། ཞེས་བརྗོད་ལ་བྱིན་གྱིས་བརླབས་པའི་ཆང་དེས་ཕྱིན་ཆད་ཀྱི་མཆོད་པའི་ཕུད་དང་། ཚོགས་ཆང་སོགས་སྒྲུབ་པ་པོའི་བཏུང་བ་ཐམས་ཅད་ལ་ཁྱབ་པར་བསྲེའོ། །དེ་ནས་བདུད་རྩི་བྱིན་རླབས་ལས་བྱང་ལྟར་བྱའོ། །སྒྲུབ་གཏོར་ལ་དམིགས་ཏེ། གཏོར་གཞོང་བྷྲཱུྃ་ལས་ཟླ་གམ་དམར་པོ་དབང་གི་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་པད་ཉི་དྲེགས་པ་བམ་རོའི་གདན་ལ། བདག་གི་ཐུགས་ཀ་ནས་ཧཱུྃ་དང་ཧ་བརྒྱད་སྤྲོས། ཧཱུྃ། ཧ་ཧ་ཧ་ཧ། ཧ་ཧ་ཧ་ཧ། ཞེས་བརྗོད་པས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་འཁོར་ག་རཱི་ལྷ་མོ་བརྒྱད་དང་བཅས་པ་ལྷག་གེར་གསལ་བའི་དཔལ་གྱི་ཕོ་བྲང་ཆེན་པོར་གྱུར། ཞེས་བརླབས། དེ་ནས་མཆོད་གཏོར། རཀྟ། ཕྱི་མཆོད་བྱིན་རླབས་རྣམས་ལས་བྱང་ལྟར་བཏང་བའི་རྗེས་སུ། གཞན་ཡང་ཐབས་ཚུལ་མཐའ་ཡས་པའི། །མཆོད་སྤྲིན་བླ་མེད་ཕྱོགས་བཅུར་འབུལ། །ནམ་མཁའ་མཛོད་ཀྱི་གཏེར་ལ་སོགས། །བླ་མེད་མཆོད་སྤྲིན་རབ་འབྱམས་རྣམས། །དད་པས་དམིགས་ཏེ་འབུལ་ལགས་ཀྱི། །སྔོན་གྱི་ཐུགས་དམ་དགྱེས་དགོངས་ཏེ། །དཀྱིལ་འཁོར་རྒྱན་དུ་བཞེས་སུ་གསོལ། །ༀ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྗོད། གསུམ་པ་ནི། དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་ཏིང་ངེ་འཛིན་དངོས་སམ་མོས་སྒོམ་གྱི་རྒྱས་འདེབས་ཐོག་མཐའ་ཀུན་ཏུ་བྱའོ། །རྩ་བའི་ལྔ་པ་ནི། སློབ་མ་རྣམས་སྔར་དབང་མ་ཐོབ་ན་སྐབས་འདིར་ཕྱི་ནང་གསང་བ་རྫོགས་པའི་དབང་བཞིས་སྨིན་པར་མཛད་པར་གསུངས་ཀྱང་། དེང་སང་ས་བོན་སྔོན་སོང་གི་དབང་དུ་བཏང་སྟེ་འདིར་མི་མཛད་པ་ཤས་ཆེ་ལ། དགོས་ཤིང་སྤྲོ་ན་དབང་ཆོག་ལས་རྟོགས་པར་བྱའོ། །རྩ་བའི་དྲུག་པ་ལྷ་མཉེས་པར་བྱ་བའི་ཕྲིན་ལས་ནི། རྩ་བའི་གཞུང་ལས་དོན་ལྔས་བསྟན་ཀྱང་དེང་སང་འདུལ་བ་ཡུལ་ཆོས་སུ་སྦྱོར་བའི་དབང་དུ་བྱས་ཏེ། དངོས་གཞིའི་ཉིན་དང་པོ་ནས་བརྩམ་སྒྲུབ་ཞག་ཏུ་བྱེད་ཀུན་ལ་འདྲ་བར་བརྒྱུད་འདེབས། ཡན་ལག་བརྒྱད་པས་རྒྱུད་སྦྱོང་བ་ནས་མཆོད་པ་བྱིན་རླབས་རྫོགས་ཀྱི་བར་ལས་ཀྱི་སྔོན་འགྲོ་རྣམས་དང་། དངོས་གཞི་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་བསྐྱེད། ལས་ཀྱི་རིམ་པའི་ཏིང་འཛིན་ཡེ་ཤེས་པ་སྤྱན་དྲངས་པ་ནས་བཞུགས་གསོལ་ཕྱག་མཆོད་བསྟོད་པ་ཡན་ལས་བྱང་གི་དཀྱུས་སུ་བསྟན་པ་ལྟར་མཐར་ཆགས་སུ་བྱ། དེ་ནས་འཛབ་བསྙེན་འབུལ་བའི་ཕྲིན་ལས་ལ་གཉིས། ཐུན་དང་། ཐུན་མཚམས་ཀྱི་བྱ་བའོ། །དང་པོ་ལ་གཉིས། དབྱངས་ཀྱིས་འདྲེན་ཚུལ། འབྲུ་བརྒྱད་ཀྱི་བཟླས་ཐབས་དངོས་སོ། །དང་པོ་ནི། སྤྱིར་རྒྱུན་དུ་ཡིད་བཟླས། བསྙེན་པ་ལ་ཤུབ་བུར་བཟླས་པ། སྒྲུབ་པ་ལ་དབྱངས་སུ་ལེན་པ། ལས་སྦྱོར་གྱི་སྐབས་དྲག་པོར་བརྗོད་པ་སྟེ་བཟླ་ཚུལ་མན་ངག་བཞིར་བཤད་པའི་སྐབས་འདིར་གསུམ་པ་ཉིད་གཙོ་བོར་གྱུར་པ་སྟེ། དེའང་རྒྱུད་གལ་པོ་ལས་གསུངས་པའི་དབྱངས་དྲུག་པོ་བླང་ཐབས། དཔེ། ཡོན་ཏན་གསུམ་གསུམ་གྱི་སྒོ་ནས་སོ་སོའི་སྐབས་དང་སྦྱར་ལ་འདྲེན་པའི་ཚུལ་བརྒྱུད་ལྡན་གོང་མ་རྣམས་ཀྱི་གསུང་རྒྱུན་ལས་རྟོགས་པར་བྱ་དགོས་ཤིང་། དེའི་ཐོག་མ་སྔར་གྱི་ཡི་གེ་སྒྲ་སྒྲོགས་པའི་དབྱངས་ཉིད་ཀུན་ལ་གཅེས་པ་སྟེ། ངག་ཧ་ཅང་མི་མྱུར་མི་དལ་ཧ་ཅང་སྒྲ་མི་ཆེ་མི་ཆུང་། ངག་གཞན་དང་མི་སྨྲ་ཞིང་སེམས་གཞན་དུ་མི་གཡེང་། གུག་སྐྱེད་ཚིགས་ཟུར་མི་ཉམས་པར་བཟླ་བའོ། །གཉིས་པ་ལ་གཉིས། འཛབ་ཁང་དབྱེ་བ་དང་། བཟླས་པ་དངོས་སོ། །དང་པོ་ནི། དབྱེ་གཞིའི་དཀྱིལ་འཁོར་གསལ་བཏབ་ནས་སྔགས་ཀྱིས་བསྐུལ་བས་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེས་ཏེ་མདུན་དཀྱིལ་སྒྲུབ་རྫས་དང་དབྱེར་མེད་དུ་བཞུགས་པར་མོས། གཉིས་པ་ལའང་གཉིས། སྤྱིར་རུ་ལུ་ཡོན་ཏན་དུ་ཤེས་པ་དང་། བྱེ་བྲག་ཤེས་པ་བརྒྱད་ལྡན་གྱིས་བཟླ་བའོ། །དང་པོ་ནི། ཧཱུྃ། འཇིགས་བྱེད་འབར་བའི་རང་བཞིན་ནི། །ཀུན་ཏུ་བཟང་པོ་ཧེ་རུ་ཀ །དཔལ་བེའུ་ཐུགས་ཀྱི་དཀྱིལ་འཁོར་ནི། །ཡེ་ཤེས་སྙིང་པོ་འབྲུ་བརྒྱད་ལྡན། །ༀ་ནི་སྐུ་དང་ཡེ་ཤེས་ཉིད། །དཔལ་ཆེན་འབར་བ་སེང་གེས་བརྗིད། །རུ་ལུ་མ་མོ་ནམ་མཁའ་འཕྲོ། །མ་ཚོགས་སྤྲིན་དང་སྐར་ལྟར་འཕྲོ། །ཧཱུྃ་ཆེན་ཉི་ཟླའི་ཚོགས་རྒྱུན་འདྲ། །མ་ནོར་རེ་སྐོང་མཁའ་ལ་འགྲོ། །སྔགས་ཀྱི་ཡོན་ཏན་ཁྱད་པར་འཕགས། །རུ་ལུ་འདི་ནི་སྒྲིབ་པ་སྦྱང་། །ལས་དང་ཉོན་མོངས་བག་ཆགས་འཇོམས། །རུ་ལུ་འདི་ནི་རྟོགས་པ་སྐྱེ། །སྒོམ་ཉམས་སེམས་ལ་རྣམ་པར་འཕེལ། །རུ་ལུ་འདི་ནི་ཡ་མཚན་ཆེ། །བདུད་དང་མུ་སྟེགས་རུ་དྲ་འདུལ། །རུ་ལུ་འདི་ནི་དངོས་གྲུབ་ཐོབ། །མཆོག་ཐུན་མྱུར་དུ་འགྲུབ་བྱེད་པའོ། །ཞེས་པས་བསྐུལ་ཞིང་གསལ་བཏབ་ལ་འབྲུ་བརྒྱད་དབྱངས་སུ་བླང་ངོ་། །གཉིས་པ་ལ་བརྒྱད་དེ། དཀྱིལ་འཁོར་ལྷ་དང་བཟླས་བརྗོད་ལས། མཆོད་བཤགས་དངོས་གྲུབ་ཆོས་ཉིད་དོ། །དེ་ལ་དང་པོ་དཀྱིལ་འཁོར་དུ་ཤེས་པ་ལའང་གསུམ་དུ་གསུངས་ཏེ། ཕྱི་སྣོད་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་དུ་གསལ་གདབ་པ་ནི། ཧཱུྃ། དབང་ཆེན་ཡུམ་ལྔ་འདུས་པའི་མཁའ་དབྱིངས་སུ། །མ་ཏྲཾ་རུ་དྲ་བསྒྲལ་བའི་ཁོག་པ་ལ། །བྷནྡྷ་ཚར་གསུམ་བརྩེགས་པའི་བརྩིགས་པ་བྱས། །རཀྟའི་སྤྱིན་སྦྱར་གནམ་ལྕགས་གཟེར་ཆེན་བཏབ། །ཡོན་ཏན་ཆེ་རྒྱས་གྲུ་བཞི་མཆོད་རྟེན་ཚུལ། །ཟླ་གམ་དབང་མཚོན་སྨུག་ནག་འབར་བ་ན། །ཀ་བ་མཆོག་བརྒྱད་ལྡན་པའི་རེའུ་ཆ་དགུ། །ཚངས་པའི་གདུང་བཞི་མཆོག་ཆེན་ཀ་བ་དང་། །ཉི་ཟླའི་ཀ་གཞུ་བམ་ཆེན་ཀ་གདན་དང་། །སྦྲུལ་གྱི་སྐྱེས་བུ་ཀ་རུའི་ཡ་ལྕིབ་ལ། །རུས་སྦལ་མ་ཐེམ་ཞིང་གི་སྒོ་གླེགས་ཏེ། །ཏཱ་ལའི་སྐྱེས་ཤིང་འདོད་ཡོན་ལྷ་མོས་གང་། །འབར་བའི་བར་ཁྱམས་དུར་ཁྲོད་གནས་བཅས་ཏེ། །རབ་འཇིགས་དུར་ཁྲོད་ཆེན་པོའི་རྒྱན་དང་ཆས། །མཐའ་དང་དབུས་མེད་ཡེ་ཤེས་ནམ་མཁའི་རྒྱ། །དྲེགས་པ་ཁྱོ་ཤུགས་བསྣོལ་ཞིང་ཞིང་ཆེན་བཏིང་། །རབ་གསལ་ཉི་མའི་གདན་དང་བཅས་པ་འདི། །རྒྱུ་འབྲས་མ་བཀག་དག་པའི་གཞལ་ཡས་ཁང་། །དཔལ་ཆེན་ཁྲག་འཐུང་ཚོགས་ཀྱི་བཞུགས་གནས་སོ། །ཞེས་བསྒོམ་ལ་བཟླ། ནང་བཅུད་ཁྲག་འཐུང་ཕྱག་རྒྱའི་ཚོགས་སུ་གསལ་གདབ་པ་ནི། ཧཱུྃ། ཆོས་ཉིད་སྐྱེ་མེད་གདོད་ནས་དག་པ་ལས། །སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་བསྟན་པའི། །བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་ཡབ་ཡུམ་ལ། །ཀེའུ་སེང་ལ་སོགས་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །ཡེ་ཤེས་སྐུར་གསལ་ཐུགས་རྗེས་ཁྱབ་པའི་སྐུ། །གདུག་པ་འདུལ་ཕྱིར་འཇིགས་བྱེད་སྐུར་སྟོན་པ། །དུར་ཁྲོད་རྒྱན་མཛེས་གདུག་བྱེད་མཚོན་ཆ་བསྣམས། །བསྐལ་པའི་མེ་འབར་དུར་ཁྲོད་དཀྱིལ་འཁོར་ན། །ཁམས་གསུམ་སྟོང་མཛད་ཁྲག་འཐུང་ཕྱག་རྒྱའི་ཚོགས། །རྒྱུ་འབྲས་མ་འགག་ལྷ་ཡི་དཀྱིལ་འཁོར་གསལ། །ཞེས་བཟླ། གསང་བ་དེ་དག་ཀྱང་བྱང་ཆུབ་སེམས་སུ་གསལ་གདབ་པ་ནི། ཧཱུྃ། ཕྱི་ནང་སྣོད་བཅུད་ཆོས་ཉིད་ཆེན་པོ་ནི། །རང་བཞིན་རྣམ་དག་སེམས་ཀྱི་སྤྱོད་ཡུལ་ལ། །སངས་རྒྱས་སེམས་ཅན་གཉིས་སུ་ངས་མ་མཐོང་། །སྣང་སྟོང་དབྱེར་མེད་རྡོ་རྗེ་ཐེག་པའི་ལམ། །གོ་བའི་ཡུལ་འདི་སངས་རྒྱས་བདེ་བའི་ཞིང་། །འདི་ཉིད་རྣམ་དག་སྤྲུལ་སྐུ་ཐུག་འཕྲད་གསལ། །ཅེས་བཟླའོ། །གཉིས་པ་ལྷར་ཤེས་པ་ལ་གཉིས་ཀྱི། སྤྱིའི་དབང་དུ་སྦྱར་བ་ནི། ༀ་ནི་དཔལ་ཆེན་སྐུ་གསུང་ཐུགས། །རུ་ལུ་གནས་ཡུལ་ཕྱག་རྒྱ་བརྒྱད། །ཧཱུྃ་ནི་ཐབས་ཤེས་སྒོ་མ་བཞི། །བྷྱོ་ནི་མ་སྲིང་རྒྱ་མཚོའི་ཚོགས། །ཧཱུྃ་ནི་ཡེ་ཤེས་སེམས་དཔའི་སྐུ། །ཟུར་བརྒྱད་སྟེང་ན་འབྲུ་བརྒྱད་གསལ། །འབྲུ་བརྒྱད་དབུས་ན་འབྲུ་གཅིག་འབར། །གསལ་བར་བསྒོམ་ཞིང་གསལ་བར་བརྟག །བརྟགས་པས་འབྲུ་བརྒྱད་ལྷ་རྣམས་གསལ། །ཅེས་བཟླ། ཁྱད་པར་གྱི་དབང་དུ་སྦྱར་བ་ནི། ༀ་ནི་དཀར་མོ་ཀེའུ་རཱི་མ། །རུ་ནི་རྐུན་མོ་ཙོའུ་རཱི་མ། །ལུ་མི་སྦོས་མོ་པྲ་མོ་ཧཱ། །རུ་ནི་ཐལ་བྱེད་བེ་ཏ་ལཱི། །ལུ་ནི་རྒན་བྱེད་པུཀྐ་སཱི། །ཧཱུྃ་ནི་གཏུམ་མོ་གསྨ་རཱི། །བྷྱོ་ནི་སྨེ་ཤ་སྨ་ཤ་ནཱི། །ཧཱུྃ་ནི་མ་ཚོགས་ཙན་དྷ་ལཱི། །ཀུན་བསྡུས་དཔལ་ཆེན་སྙིང་པོ་སྟེ། །ཡང་དག་དོན་གྱི་ལྷ་དགུར་གསལ། །ཅེས་བཟླའོ། །གསུམ་པ་བཟླས་བརྗོད་དུ་ཤེས་པ་ལ་འཕྲོ་འདུ་གསུམ་ཡོད་པའི་དང་པོ་སྤྲོ་བསྡུའི་གཞི་གསལ་གདབ་པ་ནི། བདག་མདུན་གཙོ་བོའི་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ཟླ་གམ་སྒོ་གཅིག་པའི་ནང་དུ་ཉི་ཟླ་བརྩེགས་པའི་གདན་ལ་ཡེ་ཤེས་སེམས་དཔའ་སྨུག་ནག་ཚོན་གང་བ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་རིན་པོ་ཆེ་ཟུར་བརྒྱད་པའི་ནང་དུ་ཕྱེད་ནུབ་ཙམ་གྱི་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཧཱུྃ་ཡིག་སྔོན་པོ་འབར་བ། རིན་པོ་ཆེ་ཟུར་བརྒྱད་ཀྱི་རྩེ་ལ་རུ་ལུ་འབྲུ་བརྒྱད་ལྗང་དམར་སྤུས་བྲིས་པ་ཙམ་བཀླག་ཕྱོགས་སུ་འཁོར་ཞིང་འོད་ཟེར་འཕྲོ་བ། ལྕེ་རྡོ་རྗེ་རྩེ་གསུམ་པའི་རྩེ་མོར་པདྨའི་ལྟེ་བར་ༀ་ལ་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བ། དེ་དག་ཀྱང་མར་མེ་ལྟར་འབར་ཞིང་གསལ་བའི་འོད་ཟེར་འཕྲོ་བ། མ་མོ་བརྒྱད་ཀྱི་ཐུགས་ཀར་བྷཉྫ་ཏིལ་འབྲུ་ཙམ་རེའི་སྟེང་དུ་ཧ། རེ་རེའི་མཐའ་ཡང་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བ། ཧཱུྃ་གི་རང་སྒྲས་འབྲུ་བརྒྱད་ལ་བསྐུལ་བས་དེ་ལས་ཡིག་འབྲུ་ལྗང་དམར་ཉི་ཟེར་གྱི་རྡུལ་ལྟ་བུ་འཕྲོས་པས། ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་དགྱེས་པ་བསྐྱེད། ཐུགས་དམ་གྱི་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཡིག་འབྲུའི་རྣམ་པས་བདག་ལ་སྩལ་ཞིང་ཐིམ་པར་གྱུར། ཅེས་དམིགས་ལ་སྔགས་ཀྱི་འཕྲོ་འདུ་བསྐུལ་བ་ནི། ཧཱུྃ་ནི་ཐབས་ཆེན་ཤེས་རབ་སྦྱོར། །ཡེ་ཤེས་ཐིག་ལེ་ཐུགས་ལ་ཤར། །ཟུར་བརྒྱད་སྟེང་ན་འབྲུ་བརྒྱད་སྤྲོ། །ཁམས་གསུམ་སེམས་ཅན་སྡུག་བསྔལ་བསལ། །རྒྱལ་བ་རྒྱ་མཚོའི་སྐུ་ལ་ཐིམ། །སྔགས་ཚིག་སྒྲ་ཡི་མཆོད་པས་མཉེས། །ཚུར་འདུས་དང་པོའི་གནས་སུ་ཐིམ། །ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །འབྲུ་བརྒྱད་ཡི་གེ་འཕྲོ་ཞིང་འདུ། །ཞེས་བཟླ། འོད་ཟེར་གྱི་འཕྲོ་འདུ་ནི། གོང་གི་ཡིག་འབྲུའི་སྤྲོ་བསྡུ་དེ་འོད་ཟེར་དུ་བསྒྱུར་ལ། ཧཱུྃ། འབྲུ་བརྒྱད་ཆོས་ཀྱི་འཁོར་ལོ་ལས། །འོད་ཟེར་སྣ་ལྔ་འབར་ཞིང་འཕྲོ། །གསལ་འཚེར་ཐོགས་མེད་ཀུན་ཏུ་ཁྱབ། །ཕར་འཕྲོས་པས་ནི་གཞན་དོན་མཛད། །ཚུར་འདུས་པས་ནི་བདག་དོན་འགྲུབ། །རྣམ་པར་སྤྲོས་པས་བསོད་ནམས་ཚོགས། །སྟོང་པར་གསལ་བས་ཡེ་ཤེས་ཚོགས། །ཚོགས་གཉིས་རྫོགས་པས་མངོན་འཚང་རྒྱ། །ཞེས་བཟླ། ལྷ་ལས་འཕྲོ་འདུ་བྱ་བ་ནི། རྒྱས་པར་གཙོ་འཁོར་སོ་སོར་བསྐུལ་བ་ཡོད་ཀྱང་སྤྱི་ཙམ་དུ། བདག་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་རྣམས་ལས་སྔགས་ཕྲེང་འོད་ཟེར་དང་བཅས་པ་བྱུང་། ཡེ་ཤེས་སེམས་དཔའི་ཞལ་ནས་བརྒྱུད། ལྕེ་སྟེང་གི་སྔགས་ཕྲེང་དང་འདྲེས་ཏེ་དེ་ལས་དེ་འདྲ་བ་བྱུང་། ཞལ་ནས་ཐོན་ཏེ་མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་བོའི་ལྗགས་ལས་བརྒྱུད་དེ་ཐུགས་ཀར་ཞུགས། དེ་ལས་འཕྲོས་པའི་སྔགས་ཕྲེང་སྦྱོར་མཚམས་ནས་ཐོན་ཏེ་རང་ཉིད་ཀྱི་སྦྱོར་མཚམས་ནས་ཐུགས་ཀར་ཐིམ་པར་མོས་པ་མགལ་མེ་བསྐོར་བའི་ཚུལ་གྱིས་ཏིང་འཛིན་རྒྱུན་མ་ཆད་པར་བྱས་ལ། ༀ། དཔལ་ཆེན་ཁྲག་འཐུང་ཐུགས་ནི་རིན་པོ་ཆེ། །ཐུགས་རྗེ་སྐུ་མཆོག་ཡིད་བཞིན་འབྱུང་བའི་གཏེར། །བདག་ནི་བླ་མེད་བྱང་ཆུབ་སེམས་བསྐྱེད་དེ། །རང་སེམས་གདོད་ནས་མ་སྐྱེས་རིན་པོ་ཆེ། །ལྷ་དང་གཉིས་སུ་མེད་པར་མཉམ་བཞག་ནས། །ཨུཏྤལ་འདབ་བརྒྱད་ལྟ་བུའི་ལྗགས་བརྐྱང་ཞིང་། །ཁུར་བ་དབུགས་རིང་ༀ་དང་བཅས་པ་ཡིས། །རུ་ལུ་རུ་ལུ་འཁོར་ལོ་ཚོགས་ཆེན་པོ། །བར་ཆད་མེད་པའི་བཟླས་བརྗོད་ཏིང་འཛིན་གྱིས། །སེམས་རྟོག་སྦྱོང་ཞིང་དངོས་གྲུབ་སྩལ་དུ་གསོལ། །ཅེས་བསྐུལ་ལ། ༀ་བཛྲ་མ་ཧཱ་སོགས་གཙོ་སྔགས་དང་། ལྷ་མོ་བརྒྱད་ལའང་སྤྲོ་བསྡུ་ཇི་ལྟར་རིགས་པ་སྦྱར་ཏེ་སྒོས་འཛབ་ལ་རུ་ལུ་སྦྱར་པ་རྣམས་བཟླ། འདིར་ཡང་གཙོ་བོ་སྤྱི་འཛབ་རུ་ལུ་ཉིད་ཅི་ནུས་བཟླའོ། །དེ་ལྟར་ཤེས་པ་གསུམ་བ་དེ་ལས་ཛཔ྄་བསྐུལ་ཐམས་ཅད་མི་ལྕོགས་ན། དཀྱིལ་འཁོར་བྱང་སེམས་སུ་ཤེས་པ། ལྷ་སྤྱི་དང་སྦྱར་བ། བཟླས་བརྗོད་ཡིག་འབྲུ་འོད་ཟེར་གཅིག་ཏུ་བསྡུ་བ་དང་། ལྷ་ལ་འཕྲོ་འདུ་བྱ་བ་རྣམས་ཀྱིས་འཐུས་སོ། །བཞི་པ་ཕྲིན་ལས་སུ་ཤེས་པ་ནི། སྒྲུབ་པ་གྲུབ་ལ་ཉེ་བ་ན། བཟླས་པའམ། ཞག་གྲངས་ཀྱི་བཅུ་ཆ་ཙམ་སྦྱོར་བ་སྟེ། དེ་ལ་གཞུང་ནས་ཞི་རྒྱས་དབང་དྲག་མནན་ཟློག་དྲུག་སོ་སོར་གསུངས་ཀྱང་། འདིར་ས་བཅད་ཙམ་དུ། ༀ། རུ་ལུ་འོད་ཟེར་རྣམ་དྲུག་དང་། །སྒྲ་དབྱངས་འདྲེན་ཚུལ་རྣམ་དྲུག་གིས། །ལས་བཞི་མནན་ཟློག་འགྲུབ་པར་བྱེད། །ལས་རྣམས་གྲུབ་ནས་དབྱིངས་སུ་རོལ། །ཅེས་བསྐུལ་ཏེ་གནས་བཞི་ནས་འོད་ཟེར་མདོག་མཚུངས་སུ་སྤྲོས་པས་ཕྲིན་ལས་ཐོགས་མེད་དུ་གྲུབ་པར་མོས་ལ་རུ་ལུ་བཟླའོ། །ལྔ་པ་མཆོད་པར་ཤེས་པ་ནི། ཐུགས་ཀའི་རུ་ལུ་ཡེ་ཤེས་ཀྱི་འོད་ཟེར་ལས་མཆོད་པ་རྣམས་སྤྲུལ་ཏེ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་མཆོད་པར་མོས་ལ། ཧཱུྃ། མེ་ཏོག་བདུག་སྤོས་ལྷ་བཤོས་མར་མེ་བཅས། །བླ་བྲེ་རྒྱལ་མཚན་ན་བཟའ་འཕན་དང་གདུགས། །སིལ་སྙན་རྔ་དུང་རིན་ཆེན་མུ་ཏིག་ཕྲེང་། །གཟུགས་སྒྲ་དྲི་རོ་རེག་སོགས་ལྷ་མོའི་ཚོགས། །བདེ་ཆེན་བྱང་ཆུབ་སེམས་ཀྱི་མཆོད་སྤྲན་ིརྣམས། །དངོས་སུ་བཤམས་ཤིང་སེམས་ཀྱིས་རྣམ་སྤྲུལ་ཏེ། །ཡེ་ཤེས་རང་སྣང་ཞི་ཁྲོའི་དཀྱིལ་འཁོར་ལ། །འབྲུ་བརྒྱད་འཕྲོ་འདུས་དབུས་ན་མཆོད་པར་བཞེས། །ཞེས་བཟླ། དྲུག་པ་བཤགས་པར་ཤེས་པ་ནི། འབྲུ་བརྒྱད་ཡེ་ཤེས་ཀྱི་འོད་ཀྱིས་རྩ་གསུམ་སྲུང་མར་བཅས་པ་ལ་ཕོག་པས་དེ་དག་ལས་ཡེ་ཤེས་ཀྱི་འོད་དཔག་ཏུ་མེད་པ་འཕྲོས་ཏེ་བདག་ལ་ཐིམ་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ནས་སྟོང་གསལ་འོད་ཕུང་དུ་གྱུར་པར་མོས་ལ། ༀ། ཡེ་ཤེས་ལྷ་ཚོགས་ཞི་ཁྲོའི་དཀྱིལ་འཁོར་འདིར། །རིག་འཛིན་དམ་ཅན་རྒྱ་མཚོ་དགོངས་སུ་གསོལ། །ཚེ་རབས་ཐོག་མཐའ་མེད་པའི་དབུས་མཐའ་ནས། །ད་ལྟ་ལུས་འདི་བླངས་པ་ཡན་ཆད་དུ། །རང་སེམས་མ་རིག་བདག་ཏུ་བཟུང་བ་ཡིས། །འཁོར་བའི་ཉེས་སྐྱོན་སྣ་ཚོགས་བྱུང་ནས་སུ། །ཀུན་གཞི་བློ་ལ་བག་ཆགས་བསགས་པ་དང་། །བར་དུ་ཐུགས་རྗེས་བཟུང་དང་རྩོལ་བ་ཡིས། །བྱང་ཆུབ་སེམས་བསྐྱེད་ཐར་ལམ་སྒོར་ཞུགས་ཏེ། །ཐེག་པ་རིམ་པར་བགྲོད་ཅིང་སྤྱད་པའི་ཚེ། །ཚུལ་ཁྲིམས་སྡོམ་པ་ཕྱི་ནང་དམ་ཚིག་ལས། །ཞིག་རལ་ཆག་ཉམས་གྱུར་པ་ཅི་མཆིས་དང་། །ཁྱད་པར་གསང་སྔགས་ཐེག་པའི་སྒོར་ཞུགས་ནས། །འདའ་དཀའ་སྡོམ་པའི་དམ་ཚིག་མནོས་པ་ལས། །སྔོན་དུ་སྤྱད་པའི་གོམས་ཤུགས་ཆུང་བ་ཡིས། །ཉམས་སུ་མ་རྟོགས་གཞུང་བཞིན་མ་སྤྱད་དེ། །བླ་མ་མཆེད་ལ་སྲི་ཞུ་བརྩེ་གདུང་ཆུང་། །སྔགས་དང་ཕྱག་རྒྱ་རྒྱུན་བཅད་གསང་ཚིག་སྤེལ། །མཛད་སྤྱོད་རྣམས་ལྔས་འགྲོ་དོན་ལྷུར་མ་བླང་། །དུག་ལྔ་རྣམ་གྲོལ་ལམ་དུ་གནས་མ་གྱུར། །མཉམ་པའི་མཆོད་པས་ལྟ་བ་ཐག་མ་བཅད། །ཤེས་པར་བྱ་བའི་སྤྱོད་ཡུལ་ཡལ་བ་བཏང་། །གྲུབ་པར་བྱ་བའི་འབྲས་བུ་རྒྱུན་ཐག་བསྲིངས། །དབང་དང་མི་ལྡན་ཆོས་བཤད་ལས་རྣམས་བརྩམས། །རྟོགས་པ་སྟོབས་ཆུང་དགེ་སྒོམ་སྒྲུབ་ལ་གཡེལ། །དམ་རྫས་མཆོད་ཚོགས་གཞུང་བཞིན་མ་བསྟབས་དང་། །དམ་བཅས་ཁས་བླངས་བགྱིས་ཀུན་རྗེས་མ་སོབས། །བྱང་ཆུབ་རིགས་ཅན་སྤྱོད་པས་ཐུགས་མ་བསྲུངས། །བར་ཆོད་གནོད་རྐྱེན་མ་བཟོད་འཁྲུལ་སེམས་ཤོར། །སྣོད་དང་མི་ལྡན་གྲོགས་ངན་གྲིབ་མས་ཕོག །དེ་ལ་སོགས་ཏེ་ཉེས་སྡིག་ཅི་བསགས་པ། །གནོང་འགྱོད་མཐོལ་བཤགས་བཟོད་པར་གསོལ་ལགས་ན། །བྱམས་མགོན་ཐུགས་རྗེས་ཚངས་པ་སྩལ་དུ་གསོལ། །ཞེས་བཟླ། མཆོད་བཤགས་འདི་གཉིས་ནི་བཟླས་བརྗོད་བཞག་ནས་ཐུན་མཚམས་ལ་འཇུག་ཀ་ཐམས་བཅད་དུ་བྱའོ། །བདུན་པ་དངོས་གྲུབ་ཤེས་པ་ནི། བདག་གི་ཐུགས་ཀ་ནས་རུ་ལུ་འབྲུ་བརྒྱད་ལྗང་དམར་གྱི་ཚོགས་འཕྲོས། ཡེ་ཤེས་འཁོར་ལོའི་གནས་གསུམ་དུ་ཐིམ་ནས་མཉེས་པར་བྱས། དེའི་སྐུ་གསུང་ཐུགས་ཀྱི་གནས་ནས་རུ་ལུ་སྨུག་ནག་དཔག་ཏུ་མེད་པ་འཕྲོས་ཏེ་བྱུང་། བདག་གི་གནས་གསུམ་དུ་ཐིམ་པས་སྐུ་འགྱུར་མེད། གསུང་འགག་མེད། ཐུགས་སྐྱེ་འཆི་མེད་པའི་དངོས་གྲུབ་ཐོབ་པར་གྱུར། ཅེས་མོས་ལ། ཧཱུྃ། ཡེ་ཤེས་འབྱམས་ཡས་དཀྱིལ་འཁོར་ལ། །སྒྲུབ་པའི་དཀྱིལ་འཁོར་བསམ་མི་ཁྱབ། །ཟླ་གམ་རིན་ཆེན་དཀྱིལ་འཁོར་དབང་། །ནུབ་ཕྱོགས་ངོས་སུ་ཁ་བལྟས་ཏེ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ཆེན་ཁྲག་འཐུང་འཁོར་ཚོགས་ལ། །ཚོན་གང་ཆོས་ཀྱི་འཁོར་ལོ་ལས། །རུ་ལུ་འབྲུ་བརྒྱད་འཕྲོ་ཞིང་འདུ། །ཕར་འཕྲོས་པས་ནི་ཡེ་ཤེས་ལྷའི། །སྐུ་གསུང་ཐུགས་ལ་མཆོད་པ་འབུལ། །སླར་འདུས་པས་ནི་སྒྲུབ་པ་པོས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །ཅེས་བཟླ། འདི་ནི་སྒྲུབ་པ་སངས་ཉིན་གྲོལ་བའི་དེ་རིང་ནས་སྦྱར་བར་བྱའོ། །བརྒྱད་པ་ནི་ཐུན་མཚམས་རྣམས་དང་རྗེས་ཀྱི་བྱ་བ་སྟེ་འོག་ཏུ་སྟོན་ནོ། །གཉིས་པ་ཐུན་མཚམས་ཀྱི་བྱ་བ་ལ། ཛཔ྄་འབུལ་ཞིང་དངོས་གྲུབ་བསྡུ་བ། མཆོད་བསྟོད་ཀྱིས་ཐུགས་དམ་བསྐུལ་བ། བར་ཆད་ཉམས་ལོན་འདུལ་ཞིང་བྱིན་བསྡུ་བའོ། །དང་པོ་ནི། ཧཱུྃ། སྔགས་ཚིག་བཟླས་བརྗོད་སོགས་ནས། རིག་པའི་མེ་ཏོག་དོར་ཏེ། ལུས་ཐམས་ཅད་གང་བར་གྱུར། ཅེས་པའི་བར་ལས་བྱང་ལྟར་རོ། །གཉིས་པ་ལ་མཆོད་པ་ནི། སྦྱོར་སྒྲོལ། སྐོང་བཤགས། ཚོགས་ཀྱི་འཁོར་ལོ་གསུམ་ཀའམ་གང་ཡང་རུང་བ་དེ་བྱ་དགོས་པས། དང་པོ་ལྟར་ན་སྦྱོར་མཆོད་ནི། དོན་དབྱིངས་དང་ཡེ་ཤེས་སུ་སྦྱོར་བའི་དགོངས་པ་གསལ་གདབ་ལ། ༀ། ཕྱོགས་བཅུའི་སྟོང་གི་འཇིག་རྟེན་ན། །སྣ་ཚོགས་སྣང་བ་ཐབས་ཀྱི་ཡབ། །མ་སྐྱེས་པ་ཉིད་ཤེས་རབ་སྟེ། །ཡེ་ཤེས་ལྷ་དང་དབྱེར་མེད་ཅིང་། །འབྲུ་བརྒྱུད་སྔགས་ཀྱི་ཡི་གེར་གསུངས། །སྦྲོས་པས་བླ་མེད་མཆོད་པ་འབུལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད། རྟགས་རྣལ་འབྱོར་པ་རྟོགས་གོམས་ཀྱི་ཚོད་དང་སྦྱར་བའི་རིག་མ་གསུམ་དང་སྙོམས་པར་ཞུགས་པའི་ཏིང་ངེ་འཛིན་དང་ལྡན་པས། ༀ་ནི་ཆོས་ཉིད་ཆོས་ཀྱི་སྐུ། །རུ་ནི་དཔལ་ཆེན་ཧེ་རུ་ཀ །ལུ་ནི་ཀྲོ་ཏི་ཤྭ་རཱི་ཡུམ། །རུ་ནི་དབྱེར་མེད་ཟུང་དང་འབྲེལ། །ལུ་ནི་མི་གཏོང་འཛིན་པ་སྟེ། །ཧཱུྃ་ནི་རབ་ཏུ་འཆིང་བའི་བདག །བྷྱོ་ནི་རབ་ཏུ་བསྡོམ་པར་མཛད། །ཧཱུྃ་གིས་སྐྱོད་ནས་བདེ་ཆེན་འབེབས། །འབྲུ་བརྒྱད་སྔགས་ཀྱིས་སྒྲུབ་པར་མཛོད། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་མཉམ་པར་སྦྱོར་བའི་མཁའ་ལས་བྱང་སེམས་མུ་ཏིག་དཀར་པོ་ལྟ་བུ་ལས་ༀ་འཕྲོས། དེ་ཉིད་འདོད་ཡོན་ལྔའི་ལྷ་མོ་མང་པོར་གྱུར་ཏེ་དཀྱིལ་འཁོར་པ་ལ་མཆོད་པས་མཉེས་པར་མོས་ལ། ཧཱུྃ། སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ནས། །སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བ། །འགྲོ་མགོན་རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ། །ཞི་ཁྲོ་རབ་འབྱམས་མ་ལུས་འཁོར་དང་བཅས། །སྟོང་ཉིད་དབྱིངས་ལས་ཐུགས་དམ་རྒྱུད་བསྐུལ་གྱིས། །སྤྲུལ་པའི་དབྱིངས་ནས་རོལ་ཅིང་གཤེགས་ནས་ཀྱང་། །ཡེ་ཤེས་རྟོག་བྲལ་བྱང་སེམས་མཆོད་པ་ཡིས། །དགོངས་སྤྱོད་ཟབ་མོའི་ཐུགས་དམ་འདིས་བསྐང་ལ། །སྐྱེ་མེད་ཆོས་སྐུའི་དངོས་གྲུབ་སྩལ་དུ་གསོལ། །ༀ་བོ་དྷི་ཙིཏྟ་པཱུ་ཛ་ཨ་ཨ། ཞེས་མཆོད་པས་ཐུགས་དམ་བསྐངས་ཤིང་ཉམས་ཆག་སོར་ཆུད། བྱིན་རླབས་ཐམས་ཅད་ༀ་གྱི་རྣམ་པར་འདུས་པ་མཐེབ་སྲིན་གྱིས་བླངས་ཏེ་མྱང་བས་མཚན་རྟོག་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བར་མོས་ཏེ་དངོས་སུ་བདུད་རྩི་མྱང་ལ། ༀ་བོ་དྷི་ཙིཏྟ་ཨ་ཨ། ཞེས་བརྗོད། བསྒྲལ་མཆོད་ནི་མ་ཏྲཾ་བསྒྲལ་ཆོག་གམ་བམ་ཆེན་གྱི་མཆོད་པ་བྱ་བར་གསུངས་ཀྱང་ས་བཅད་ཙམ་དུ། རྟོགས་པས་བདག་གྲོལ་གྱི་ལྟ་དགོངས་དང་མ་བྲལ་བས་ཐུགས་རྗེས་གཞན་སྒྲོལ་གྱི་ཏིང་ངེ་འཛིན་གསལ་འདེབས་པ་ནི། རང་གི་ཐུགས་ཀ་ནས་རཾ་དཔག་ཏུ་མེད་པ་ཆད། རཾ་བཛྲ་ཛྭ་ལ་རཾ། རཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་སེམས་ཅན་ཐམས་ཅད་ཀྱི་སྙིང་ནང་ན་གནས་པའི་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་བསྲེགས། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་བར་བསམ་ཞིང་། ཧཱུྃ། ཐོ་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས་སོ། །སྐོང་བཤགས་ནི་སྐོང་ཆེན་ལྔ་དག་གྱུར་དང་བཅས་པ་བྱ་དགོས་ལ། ཚོགས་ནི་ལས་བྱང་ལྟར་རོ། །དེ་དག་ཀྱང་ཐུན་སོ་སོའི་མཇུག་ཏུ་རེས་མོས་བྱས་ན་བདེ་བར་མངོན་ནོ། །དེ་ནས་དམ་རྫས་ཀྱི་མཆོད་པ་དང་འབྲེལ་བར་གཞི་བསྟོད་ཕྲིན་བཅོལ་དང་བཅས་པ་བྱ་སྟེ། གཏོར་མ་སྨན་རག་གིས་མཆོད་ཅིང་དབྱངས་རོལ་དང་བཅས་པས། ཧཱུྃ། མི་གནས་ཡེ་ཤེས་ཆོས་སྐུ་དག་པ་ལས། །རྟོགས་པ་འབར་བའི་ཡེ་ཤེས་ཕྱག་རྒྱ་ནི། །ཤིན་ཏུ་མི་བཟད་ཁྲོ་བོའི་ཚུལ་སྟོན་ཅིང་། །གདུག་པའི་རྒྱན་དང་དྲག་ཤུལ་སྐུར་སྣང་བ། །ཡ་མཚན་རྨད་བྱུང་ཁམས་གསུམ་འཇིགས་རྔམས་པའི། །དུག་གསུམ་རྣམ་དག་ཁམས་གསུམ་ཞལ་དུ་ཤར། །ཐུགས་རྗེ་ཐབས་ཀྱི་རྒྱུ་དྲུག་ཕྱག་དྲུག་རྫོགས། །འབར་བའི་ཀློང་ན་མཁའ་འགྲོའི་སྤྲིན་ཚོགས་རྣམས། །གར་དགུའི་རྒྱན་དང་མི་བཟད་ཆོ་འཕྲུལ་གྱིས། །བདུད་ཚོགས་ཡུད་ཀྱིས་འདུལ་མཛད་རྨད་པོ་ཆེ། །དུག་ལྔ་མ་སྤངས་རྣམ་གྲོལ་ལམ་དུ་མཛད། །གཞན་ཡང་ཐབས་ཚུལ་མཐའ་ཡས་རྒྱ་མཚོ་ཡིས། །ཇི་ལྟར་འདུལ་ཞིང་སྐུ་གསུང་ཅིར་ཡང་སྟོན། །དུས་གསུམ་རྒྱལ་བའི་ཡབ་མཆོག་ཆེན་པོ་སྟེ། །ཐུགས་རྗེའི་ཡོན་ཏན་ཡིད་བཞིན་འབྱུང་བའི་གཏེར། །འགྲོ་བ་རྣམས་ཀྱི་དཔལ་ལ་ཕྱག་འཚལ་བསྟོད། །ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་མཛད་ཅིང་། །དུས་གསུམ་རྒྱལ་བ་ཀུན་བསྐྱེད་ཐམས་ཅད་ཡུམ། །འཁོར་བ་མི་སྤོང་མྱ་ངན་མི་འདའ་བས། །སྒྱུ་མའི་སྐུ་མངའ་ཚོགས་ལ་མངའ་བརྙེས་པས། །རྒྱལ་བ་རྒྱ་མཚོ་མ་ལུས་མཁའ་ལ་བསྐུལ། །རྡོ་རྗེ་དབྱིངས་ཀྱི་དམ་ཚིག་བདེ་མཆོག་རབ། །ནམ་མཁའི་སྤྱོད་ཡུལ་ཡིད་བཞིན་བསམ་རྫོགས་འགྲུབ། །སྲིད་གསུམ་མཐའ་དག་དབྱིངས་དང་མཉམ་པར་སྦྱོར། །ཀྲོ་ཏཱི་ཤྭ་རཱི་ཕྱག་རྒྱས་གསལ་འབར་མ། །འབར་བའི་སྐུ་མཆོག་མཉེས་ཕྱིར་སྐུ་ལ་འཁྲིལ། །ཡུམ་གྱུར་དབྱིངས་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད། །བདག་གིས་དུས་གསུམ་སྒྲིབ་པ་ཀུན་སྤངས་པའི། །དུག་གསུམ་མ་སྤངས་སྐུ་གསུམ་ལྷུན་གྱིས་གྲུབ། །ཡང་དག་གྲུབ་མཆོག་བདག་ལ་སྩལ་དུ་གསོལ། །ཉིད་ཀྱིས་ཞལ་འཆེས་གྲུབ་པའི་འབྲས་བུ་དང་། །བདག་ཅག་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །བཅོམ་ལྡན་ཁྲོ་རྒྱལ་ཁྲག་འཐུང་ཆེན་པོ་ཡིས། །སྐུ་གསུང་ཐུགས་ལས་སྤྲུལ་པའི་མཁའ་འགྲོ་རྣམས། །དྲག་ཤུལ་ཚུལ་གྱིས་འགྲོ་བའི་དོན་མཛད་ཅིང་། །གདུག་པའི་ཚོགས་དང་གནོད་སྦྱིན་ཆ་ལུགས་འཆང་། །ཁྲོ་ལ་ཁྲོས་པས་ཞི་མཛད་ཞེ་སྡང་སྐུ། །བདག་རྟོག་ཕུང་པོ་འཇོམས་པའི་ཏི་ར་ཕྱར། །བྱམས་པའི་ཐུགས་ཀྱིས་གཉིས་མེད་དོན་རྟོགས་པས། །ཡེ་ཤེས་འོད་སྟོང་འབར་བའི་ཀེ་རཱི་མ། །ཞི་གནས་རྩེ་གཅིག་གཏོད་པའི་གཞུ་བརྡུངས་ཤིང་། །ལྷག་མཐོང་ཤེས་རབ་གཅོད་པའི་མདའ་བཀང་ནས། །ཉོན་མོངས་བདུད་འཇོམས་ཡེ་ཤེས་དབྱིངས་རུམ་དུ། །དུག་གསུམ་འཇོམས་མཛད་ཐུགས་རྗེ་ཙཽ་རཱི་མ། །འདོད་པའི་རྡུལ་བྲལ་ཆགས་མེད་པདྨའི་སྐུ། །དགའ་བྱེད་དྲེགས་པའི་བདུད་འཇོམས་རྒྱལ་བའི་རྟགས། །ཆོས་ལ་དབང་བསྒྱུར་ཆུ་སྲིན་རྒྱལ་མཚན་ཕྱར། །རྣམ་རྟོག་ཟ་བྱེད་ཁྲག་འཐུང་པྲ་མོ་ཧཱ། །ཕྲིན་ལས་རྣམ་བཞི་ཅིས་འདུལ་བཏང་སྙོམས་སྐུ། །ཐབས་ཀྱིས་ཁྲོ་བར་མཛད་ཅིང་གར་སྟབས་ཅན། །འཆི་བདག་བདུད་འཇོམས་ཡེ་ཤེས་རྡོ་རྗེ་ཕྱར། །ཤེས་རབ་དབྱིངས་ལ་སྦྱོར་མཛད་བེ་ཏཱ་ལི། །ཡེ་ཤེས་ཉི་མས་མ་རིག་མུན་བསལ་ཕྱིར། །ང་རྟོག་ཁྲག་མཚོ་འཁྱིལ་བའི་གཏིང་རུམ་དུ། །ཐབས་མེད་རྒྱུ་དྲུག་འཁྱམས་པའི་ཕུང་པོ་ལྔ། །བདེ་ཆེན་དབྱིངས་སུ་འདྲེན་བྱེད་པུཀྐ་སཱི། །ཡེ་ཤེས་དབྱིངས་ཉིད་ཡེ་ནས་གཉིས་མེད་ཕྱིིར། །ཐབས་ཀྱི་རྡོ་རྗེས་བྷན་དམར་དཀྲུག་ཅིང་གསོལ། །སྤྲིན་མེད་མཁའ་ལ་ཉི་ཟླའི་གཟུགས་བརྙན་བཞིན། །ཡེ་ཤེས་འོད་སྟོང་འབར་བའི་ཀསྨ་རཱི། །འཇིགས་བྱེད་དུར་ཁྲོད་ཚོགས་རྣམས་གཞོམ་པའི་ཕྱིར། །ཐུགས་རྗེའི་ཚེམས་ཀྱིས་རྣམ་རྟོག་སྒོ་འབྱེད་ཅིང་། །དྲག་ཤུལ་ཚུལ་དང་རྔམས་པའི་སྟོབས་ཀྱིས་སུ། །ཉོན་མོངས་ཡིད་འཕྲོག་ཟ་བྱེད་སྨ་ཤ་ནཱི། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་བཤིགས་པའི་ཕྱིར། ཐབས་ཀྱིས་རག་ཤའི་ཚུལ་དུ་སྒྲོལ་མཛད་མ། །ཡེ་ཤེས་སྤུ་གྲི་འབར་བའི་ཚེམས་བརྡར་ནས། །གདུག་བྱེད་ལྔ་ཕུང་འཇོམས་པའི་ཙནྡྷ་ལཱི། །ཀུན་ཀྱང་ཡེ་ཤེས་འབར་བའི་ཀློང་དཀྱིལ་ནས། །དགོངས་སྤྱོད་རྒྱ་མཚོ་དཔག་གིས་མི་ལང་ཕྱིར། །སྐུ་མཆོག་ཕྱག་མཚན་ཅིར་ཡང་མ་ངེས་ཏེ། །ཕྲིན་ལས་རྒྱ་མཚོས་ཇི་ལྟར་འདུལ་བ་བཞིན། །དུར་ཁྲོད་འབར་བའི་གནས་མཆོག་དམ་པ་འདིར། །བདུད་རྩི་དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །ཞིང་ཆེན་གསར་རྙིང་ཚོགས་ཀྱི་ལོངས་སྤྱོད་དང་། །བྱང་ཆུབ་སེམས་དང་མཱཾ་ས་རཀྟ་དང་། །དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ། །ཐུགས་རྗེའི་དབང་གིས་འདིར་གཤེགས་མཆོད་པ་བཞེས། །བདག་གིས་བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཅེས་བསྟོད་ཅིང་བསྐུལ། ཐུན་ཐམས་ཅད་ལ་མི་ནུས་ན། བདག་མེད་ཕྱོགས་བྲལ་སོགས་རེས་མོས་སུ་བརྗོད་ནའང་ཆོག་གོ། །གསུམ་པ་ལ་བར་གཅོད་ཀྱི་བགེགས་མནན་པ། འདུལ་བྱེད་ཀྱི་གཉེན་པོ་བསྐུལ་བ། དངོས་གྲུབ་ཀྱི་བྱིན་ཆེན་འབེབས་པའོ། །དང་པོ་ནི། སྒྲུབ་པ་པོ་རྣམས་དྲག་པོའི་ཆས་སུ་ཞུགས། ཐོག་མར་ཡེ་ཤེས་ལས་དང་། རང་བསྟེན་གྱི་ཕོ་ཉ་གསུམ་ལ་ཕྲིན་ལས་བཅོལ་བ་ནི། སྨན་རཀ་གཏོར་མ་བཤམས་ལ། རྃ་ཡྃ་ཁྃ་དང་འབྲུ་གསུམ་གྱིས་བྱིན་གྱིས་བརླབ། ཧཱུྃ། རབ་འཇིགས་དུར་ཁྲོད་འབར་བའི་ཀློང་དཀྱིལ་ནས། །དཔལ་ཆེན་བཀའ་ཡི་སྲུང་མ་ཐུགས་དམ་ཅན། །མ་ཆེན་ཀེ་རཱི་བརྒྱད་དང་ཕྲ་མེན་བརྒྱད། །སྒོ་སྐྱོང་རྣམ་བཞི་དབང་ཕྱུག་ཉི་ཤུ་བརྒྱད། །མཁའ་འགྲོ་གིང་དང་ལངྐ་འབར་མ་དགུ། །མ་བདུན་སྲིང་གཞི་ཕོ་ཉ་རིག་པ་འཛིན། །བརྟེན་སྒྲུབ་མཆོད་ནས་ཆགས་པའི་རྒྱུད་སྲུང་སོགས། །ཡེ་ཤེས་ལས་ལས་གྲུབ་པའི་དམ་ཅན་རྣམས། །ཞིང་ཆེན་གཡབ་མོས་འདོར་གྱིས་སྤྱན་མ་རྟུལ། །སྨན་ཕུད་རཀྟ་ཤ་རུས་ཟས་ཀྱིས་མཆོད། །དམ་བཅས་བཞིན་དུ་ཐུགས་དམ་རྒྱུད་བསྐུལ་ན། །བར་ཆད་བགེགས་དཔུང་འདུལ་བའི་ཕྲིན་ལས་མཛོད། །ཅེས་བསྐུལ་བས་སྦྲུལ་པའི་ཚོགས་གྲངས་མེད་པ་དང་བཅས་པས་བདུད་བགེགས་འགུགས་པའི་ཕྲིན་ལས་མཛད་པར་མོས། ཉུ་ལེའི་ལིངྒ་སློབ་དཔོན་ནམ་ལས་སློབ་ཀྱི་མདུན་ཏུ་བཀོད་ལ་ཁེབས་བསལ། ལས་ཕུར། བྱུག་བདུག་བྲབ་པའི་རྫས། ཐུན་སོགས་འདུ་བྱས་ལ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་འདུས་པའི་ངོ་བོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ཞེས་དམིགས་བྱ་བསྐྱེད་ལ། བདེན་སྟོབས་གོང་བཞིན་བརྗོད་པའི་མཐར། དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ལན་གསུམ་གྱིས་འགུགས་བསྟིམས་བྱས་ལ། ཀཱི་ལའི་སྔགས་བརྗོད་བཞིན་བྱུག་བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་པའི་ཕུར་བུ། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲས་མཆོག་ཡཀྵ་ཀྲོ་དྷཱ་སྐུ་སྨད་ཕུར་པའི་དབལ་ཅན་དུས་ཀྱི་མེ་ལྟར་འབར་བའི་གཟི་བྱིན་ཅན་དུ་གྱུར། ཅེས་མོས་ལ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བ་གཏུམ་ཆེན་རྔམས་པ་ལ། །ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པ་བྱ། །བཀུག་ནས་རྡོ་རྗེ་ཕུར་བུས་གདབ། །རྡུལ་དུ་བྱས་ནས་བརླག་པར་བྱ། །རུ་ལུའི་ཤམ་བུར་སརྦ་བིགྷྣཱན་དུཥྚཱན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་སྤྱི་གཙུག་ལྟག་སྙིང་ལྟེ་གསང་ཁ་མིག་སྟེ་གནས་བདུན་དུ་གདབ། རྒྱ་གྲམ་ལྷུན་པོ་ཁྲོ་བོ་རྣམས་ཀྱིས་མནན་པར་བསམ་ལ། ༀ་བཛྲ་སུ་མེ་རུ་ཏྲུཾ་ཧཱུྃ་ས་མ་ཡ་ཡཥྛཾ། ཞེས་ཁ་གཅོད་རྒྱབ་ལ། དམ་སྲི་མནན་པའི་སྐབས་སུ་འབྱུང་བའི། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །བྱང་ཕྱོགས་སྟོང་གི་སོགས་དྲག་པོའི་བྲོ་ཙམ་བྱའོ། །གཉིས་པ་ནི། ༀ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ས་མ་ཡ་དེ་བཱི་ཏ་ན་ཤྭ་དྷ་ཡ་ཧ་ན་ཧཱུྃ་ཕཊ། བདག་ཉི་དཔལ་ཆེན་བཛྲ་ཧེ་རུ་ཀ་ཤིན་ཏུ་འཇིགས་ཤིང་རྔམས་པའི་སྐུར་གྱུར་པའི་སྤྱི་བོར་གཤིན་རྗེ་གཤེད་དཀར་པོ་འཁོར་ལོ་དང་སྡིགས་མཛུབ། མགྲིན་པར་རྟ་མགྲིན་དམར་པོ་སྦྲུལ་ཞགས་དང་སྡིགས་མཛུབ། སྙིང་གར་བཛྲ་ཧེ་རུ་ཀ་མཐིང་ག་རྡོར་དྲིལ། ལྟེ་བར་རྡོ་རྗེ་གཞོན་ནུ་ལྗང་གུ་ཕུར་བུ་དང་སྡིགས་མཛུབ། དེ་ཐམས་ཅད་ཀྱི་སྐུ་ལས་རྡོ་རྗེ་མཚོན་ཆའི་ཆར་དང་བསྐལ་པའི་མེའི་ཚྭ་ཚྭ་རྣོན་པོ་འབར་ཞིང་འཁྲུགས་པ་དང་། སྐུའི་གནས་བརྒྱད་ནས་ཧ་བརྒྱད་ལས་ཁྲོ་མོ་གོ་རཱི་མ་བརྒྱད་ཞལ་གསུམ་ཕྱག་དྲུག་པའི་ཚོགས་འཕྲོས་པས་བགེགས་ཐམས་ཅད་བསྲེགས་བཅོམ་བསྐྲད་པར་བསམ་ཞིང་། རྡོ་རྗེ་སྲིན་པོའི་ངུར་སྒྲས། ༀ་བཛྲ་མ་ཧཱ་ཀྲོ་དྷཱ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ། ཅེས་དྲག་ཏུ་བཟླ་ཞིང་གུ་གུལ་ཡུངས་ཐུན་རོལ་མོའི་སྒྲའི་ཚམ་རྔམས་བྱ། མདོར་བསྡུ་ན་དེ་ཙམ་གྱིས་ཀྱང་ཆོག་མོད། རྒྱུད་ཀྱི་དགོངས་པ་ལྟར་དུས་སོ་སོའི་ཕོ་ཉ་བསྐུལ་བར་འདོད་ན། དུས་ཚོད་དང་བསྟུན་པའི་ཐུན་སོ་སོའི་མཇུག་ཏུ་སོ་སོའི་ཕོ་ཉ་བསྐུལ་བའི་འདོར་ལེན་ཕྱེད་པར་བྱས་ཏེ། ཧཱུྃ། དགོང་ཀའི་ཏིང་འཛིན་མི་གསལ་ན། །སྔོན་གྱི་དུས་ཉུལ་ཆེན་མོ་ནི། །གྲིབ་སོ་སྡུད་པའི་དབང་མོ་ཆེ། །རྫུ་འཕྲུལ་བྱ་རོག་སྐད་སྒྱུར་མ། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །ཁ་དོག་ནུབ་ཀའི་དམར་ཐག་འདྲ། །རལ་པ་སེར་སྤྲིན་འཁྲིགས་པ་བཞིན། །རལ་པ་སྤྲུགས་པའི་སྒྲ་གསེབ་ནས། །གཟའ་རྒོད་མིག་དམར་ཆར་དུ་འབེབས། །ཨ་ལ་ལ་ཡི་ཕྱག་མཚན་ནི། །གནམ་ལྕགས་ཞུན་མའི་ཁྲོ་ཆུ་བསྐོལ། །ཁྲོས་ནས་གཉེན་པོར་རྦད་པའི་ཚེ། །ཁྲོ་ཆུ་ཁོལ་མའི་སྐྱིན་ཐང་འབེབས། །སྲིད་པའི་གནམ་ས་དཀྲུགས་པ་སྐད། །སྲིན་པོའི་འཇིག་རྟེན་རྦ་ལ་གཡེང་། །དམ་ལས་འདས་པ་བཙོ་སྲེག་བྱེད། །ཁྱོད་ཀྱི་ཕྲིན་ལས་སྐལ་ཕོག་པ། །དགོང་ཀའི་བར་ཆད་བྱེད་པ་ཡི། །བདུད་བྱེད་ཐམས་ཅད་ཐལ་བར་རློག །ༀ་རཀྴ་རུ་དྲ་ཡཀྴ་ཚལ་པ་ཧ་ན་ཧ་ན་ཧཱུྃ་ཕཊ། ཧཱུྃ། སྲོད་ཀྱི་ཏིང་འཛིན་མི་གསལ་ན། །སྔོན་གྱི་ཉམས་ལེན་ཆེན་མོ་ནི། །ཕྱོགས་སྐྱོང་བུ་མོ་མ་རུངས་པ། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །ཐོགས་མེད་རླུང་ལྟར་རྒྱུ་བ་མོ། །སྲིད་པའི་རྒྱལ་མོ་སྲོག་གི་བདག །སྲིད་བདག་ཆེན་མོ་ཀུན་གྱི་རྗེ། །ཡེ་ཤེས་འོད་འབར་རྫུ་འཕྲུལ་ཅན། །རྩེ་གཅིག་སྒྲུབ་པའི་གྲོགས་མཛད་མ། །ཁྱོད་ཀྱི་ཕྲིན་ལས་སྐལ་ཕོག་པ། །སྲོད་ལ་བར་ཆད་བྱེད་པ་ཡི། །བདུད་བྱེད་ཐམས་ཅད་རྡུལ་དུ་རློག །ༀ་རཀྴ་རུ་དྲ་ཡཀྴ་ཚལ་བ་ཧ་ན་ཧ་ན་ཧཱུྃ་ཕཊ། ཧཱུྃ། ནམ་ཕྱེད་བར་ཆད་བྱེད་པའི་བགེགས། །དཀར་མོ་ཕྱོགས་ཀྱི་མ་རུངས་པ། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །རལ་གྲིའི་ལུས་ལ་རྐང་ལག་གློག །རལ་བ་སེར་སྤྲིན་འཁྲིགས་པ་འདྲ། །སྔགས་པས་གདུངས་ཤིང་བོས་པའི་ཚེ། །མཆི་མ་ཐུལ་ཐུལ་ཆར་དུ་འབེབས། །ཐུལ་ཐུལ་ཤིག་པ་རེ་རེས་ཀྱང་། །དཀར་པོའི་བུ་བྲན་མང་པོ་ཀུན། །གཞོབ་སྒོག་རྡོག་པས་བརྗིས་པ་བཞིན། །གསོ་གླགས་མེད་པར་དམྱལ་ཐག་གཅོད། །རྒྱལ་བའི་ངག་ཉན་དམ་ཚིག་ཅན། །ཁྱོད་ཀྱི་ཕྲིན་ལས་སྐལ་ཕོག་པ། །ནམ་ཕྱེད་བར་ཆད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་བརླག་པར་མཛོད། །ༀ་རཀྴ་རུ་ཏྲ་ཡཀྴ་ཚལ་པ་ཧ་ན་ཧ་ན་ཧཱུྃ་ཕཊ། ཧཱུྃ། ཐོ་རངས་བར་ཆད་བྱེད་པའི་བགེགས། །ཧོར་སྟོན་བུ་མོ་གདུག་པ་ཅན། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །མགོ་ནི་སེང་གེའི་མགོ་བོ་ལ། །ཧུར་མོ་སེང་གེའི་རང་སྒྲ་སྒྲོགས། །སྲིན་པོའི་གནམ་ས་གྲུམ་པ་སྐད། །རལ་པ་སེར་སྤྲིན་འཁྲིགས་པ་འདྲ། །སྔོན་གྱི་བསྐལ་པ་དང་པོ་ལ། །རྒྱལ་བའི་བཀའ་ཉན་དམ་ཚིག་ཅན། །ཁྱོད་ཀྱི་ཕྲིན་ལས་སྐལ་ཕོག་པ། །ཐོ་རངས་བར་ཆད་བྱེད་པའི་བགེགས། །བདུད་བགེགས་བར་ཆད་ཐལ་བར་རློག །ༀ་རཀྴ་རུ་ཏྲ་ཡཀྴ་ཚལ་པ་ཧ་ན་ཧ་ན་ཧཱུྃ་ཕཊ། ཧཱུྃ། ཤར་ཀའི་ཏིང་འཛིན་མི་གསལ་ན། །ཤར་ཀའི་ཟེར་ལ་བར་གཅོད་པ། །སྲབ་མདའ་རིང་ལ་ཞོན་པ་མོ། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །དུང་གི་མགོ་ལ་ཤེལ་གྱི་ལྕེ། །རལ་བ་སེར་སྤྲིན་འཁྲིགས་པ་འདྲ། །གནམ་ལྕགས་ཐོག་གི་སེར་ཆེན་འབེབས། །སྔོན་གྱི་བསྐལ་པ་དང་པོ་ལ། །རྒྱལ་བའི་བཀའ་ཉན་ཐ་ཚིག་ཅན། །ཁྱོད་ཀྱི་ཕྲིན་ལས་དུས་ལ་བབ། །ཤར་ཀའི་རྩེ་ལ་བར་གཅོད་པའི། །བདུད་བགེགས་ཐམས་ཅད་ཐལ་བར་རློག །ༀ་རཀྴ་རུ་ཏྲ་ཡཀྴ་ཚལ་བ་ཧ་ན་ཧ་ན་ཧཱུྃ་ཕཊ། ཧཱུྃ། ཉིན་ཕྱེད་བར་ཆད་བྱེད་པ་ནི། བྱིང་འཐིབ་ཀླུབ་པའི་ནད་ཀྱི་བདག །དེ་ཡི་འདུལ་སྐལ་ཆེན་མོ་ནི། །སྐུ་ནི་དུང་གི་འཁོར་ལོ་ལ། །དཀར་ནག་གྱོན་པའི་ཡ་མཚན་ཅན། །སྲིད་པའི་གནམ་ནི་གོས་སུ་གྱོན། །དྲེགས་པའི་ས་ནི་གདན་དུ་བཏིང་། །ཁམས་གསུམ་འཇིག་རྟེན་བང་དུ་ཁྱེར། སྲིད་པ་གསུམ་ནི་ཁུར་དུ་ཁུར། །ཉི་མའི་སྐྱིན་ཐང་སྤྱན་ནས་འཆར། །ཟླ་བའི་དམར་མདངས་ཞལ་ནས་འཆར། །ལག་ན་རི་རབ་རྩེ་དགུ་འཐོར། །ཤིན་ཏུ་མི་བཟད་གཏུམ་ཆེན་མོ། །ཀླུ་འདུལ་ཆེན་མོའི་དུས་ལ་བབ། །འདི་ནི་དཔལ་གྱི་ཕོ་ཉ་སྟེ། །དུས་ལ་བབ་པོ་ཨེ་ཀ་མ། །ཞེས་དང་སྔགས་བརྗོད། ལས་རྡོར་གྱི་ཐུན་གཡས་བསྐོར་གཡོན་བསྐོར་དུ་བྲབ་བོ། །གསུམ་པ་ནི། གསང་འགྲེལ་སོགས་ལས་གསལ་བར་མ་གསུངས་ཀྱང་། ཉུ་ལེ་བསྐྲད་པའི་རྗེས་ཐོག་དེར་དངོས་གྲུབ་སྦྱིན་པའི་ལྷ་རེའང་འབྱུང་བས་བྱིན་འབེབས་པའི་ཕྱག་སྲོལ་ལྟར། ཞྭ་གོས་སྤོས་རོལ་གྱིས་གཟི་བྱིན་བསྐྱེད་ལ་གོང་དུ་སྨོས་པའི་བྱིན་འབེབས་དབྱངས་སུ་བྱ་ཞིང་ཏིང་ངེ་འཛིན་གསར་རོ། །དེ་ལྟ་བུའི་ལས་ཀྱི་རིམ་པས་སྒྲུབ་པའི་ཞག་དུ་བྱེད་ལ་ཉིན་གསུམ་མཚན་གསུམ་སྟེ་ཐུན་དྲུག་གམ། མི་ནུས་ན་གུང་གཉིས་བོར་བའི་ཐུན་བཞིར་སྒོ་གསུམ་གཡེང་བ་མེད་པར་བྱ། དེ་ལ་ཐུན་གྲངས་གང་བྱེད་ཀྱང་ཐུན་རྗེས་མ་རྣམས་ལ་སྒྲུབ་ཐབས་ཀྱི་མཆོད་པ་བྱིན་རླབས་ནས། གཞི་བསྟོད་ཡན་བསྐྱར་ཞིང་ཉུ་ལེ་སྤྲོད་པའང་དུས་དྲུག་སོ་སོར་བྱེད་ན་ཐུན་དྲུག་ཀའི་མཇུག་ཏུ་དགོས་ཀྱང་སྤྲོས་པས་ངལ་ན་ཉིན་མཚན་ལན་གཉིས་གཉིས་སྦྱོར་ཡང་འཐུས་པས་སྔ་དགོང་གཉིས་ཀྱི་མཇུག་ཏུ་བྱའོ། །སྔ་ཐུན་ལ་འདིར་བསྟན་མཐར་ཆགས་སུ་བྱ། །ཛཔ྄་བཟླས་ཀྱི་སྐབས་སྤྱི་སྲོལ་ལྟར་སྒྲུབ་རྟེན་རྣམས་དང་སྦྲེལ་བའི་གཟུངས་ཐག་སློབ་དཔོན་ལ་ཕུལ། ཉིན་དང་པོར་ཐུན་དཔོན་ནས་ཀྱང་གཟུངས་ཐག་བླང་ལ་དེ་ནས་བརྩམས་རུ་ལུ་འབྲུ་བརྒྱད་ཀྱི་སྔགས་རྒྱུན་ལྟར་སྐད་ཅིག་ཀྱང་མ་ཆད་པ་དང་གཟུངས་ཐག་རས་སུ་མ་བོར་བར་བྱ་དགོས། གུང་ཐུན་ལ་སྦྱོར་སྒྲོལ་མཆོད་པའི་ཚབ་ཏུ་སྐོང་ཆེན་དག་གྱུར་བཅས་བཏང་། དེའི་ཐོག་མར་ཁྲུས་བུམ་ལོགས་སུ་བཅས་པ་ལ་དམིགས་ཏེ། ༀ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧེ་ཤུདྡྷེ་ཤུདྡྷེ། རཾ་ཧེ་ཤུདྡྷེ་ཤུདྡྷེ། ཨ་ཧེ་རཾ། བྷི་ཧེ་རཾ། བི་ན་རཾ། ཤུདྡྷེ་ཤུདྡྷེ། ཨ་ཨ་ཨ་སྭཱ་ཧཱ། ཞེས་དམ་ཚིག་ཁྲུས་ལུང་གི་རིགས་པ་ཅི་འགྲུབ་བཟླས་པའི་ཁྲུས་ཆུ་དེས་མར་མེའི་སྐོང་བའི་རྗེས་སུ་དཔོན་སློབ་ཀུན་ནས་ཁྲུས་དང་འཐོར་འཐུང་བྱ། ཕྱི་ཐུན་ལ་དངོས་གྲུབ་བསྡུ་བའི་རྗེས་སུ་གཞི་བསྟོད་དང་། ཚོགས་བྱིན་རླབས་ནས་བརྩམས་མཆོད་བཤགས་བསྒྲལ་བསྟབས་ཀྱི་བར་དུ་བྱ། ཚོགས་ལ་རོལ་བའི་སྐབས་སུ་འཇིག་རྟེན་པའི་ཆ་གསུམ་གཏོར་མ་བཏང་། མར་གནས་ཀྱི་ལྷག་མ་རྣམས་སྒྲུབ་པ་གྲོལ་ཉིན་བར་ཕྱིར་མི་བཏང་བར་དཀྱིལ་འཁོར་གྱི་ལྷོ་ནུབ་ལྕགས་སྣོད་ལྟ་བུར་བསགས་ལ་ཁེབས་ཀྱིས་བཀབ། བརྟན་མའི་གཏོར་མ་འབུལ། མཆོད་པ་བྱིན་རླབས་ནས་མཆོད་བསྟོད་ནོངས་པ་བཤགས། དཀྱིལ་འཁོར་ལ་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་གི་བར་དུ་བྱ། དེ་ནས་རུ་ལུ་ཆོས་ཉིད་དུ་ཤེས་པ་ལ་གསུམ། ཆོས་ཉིད་ཀྱི་གོ་བགོ་བ་ནི། ཅིས་ཀྱང་མི་ཆོད་སོགས་དང་རུ་ལུ་བརྗོད། ཆོས་ཉིད་ཀྱི་སྲུང་བ་ནི། མིང་དང་མཚན་མར་སོགས་དང་སྔགས་བརྗོད། ཆོས་ཉིད་ཀྱི་ལྟ་བ་ལ་གནས་པ་ནི། ཕྱག་རྒྱའི་ཆ་ལུགས་ཐ་དད་ཀྱང་། །དང་པོར་ཆོས་ཉིད་ངང་ལས་བྱུང་། །བར་དུ་སྤྱོད་པ་ཅི་སྤྱོད་ཀྱང་། །ཀུན་བཟང་རོལ་པའི་ངང་དུ་སྤྱད། །ཐ་མར་རོལ་པའི་སྣང་བ་ཡང་། །ཆོས་ཉིད་མཉམ་པའི་ངང་དུ་བསྡུའོ། །ནམ་མཁའ་རྡོ་རྗེ་སེམས་དཔའ་ཆེ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཞེས་བརྗོད་ལ་དེའི་དོན་བསྐྱང་། འདི་གསུམ་ནི་འདི་ཙམ་དུ་མ་ཟད་ཐུན་མཚམས་ཀུན་ཏུ་ཚིག་བརྗོད་མ་བརྗོད་གང་ལྟར་ཡང་དོན་དྲན་པར་བྱ་དགོས། དེ་ནས་བསྔོ་སྨོན་ཤིས་པ་བརྗོད་པས་མཐའ་བརྒྱན་ལ། ལེགས་ལྡན་ཚོགས་ཀྱི་བདག་པོ་གཙོ་བོར་གྱུར་པའི་ཆོས་སྲུང་རྣམས་ཀྱི་གཏོར་ཆོག་རྒྱས་བསྡུས་གང་འགྲུབ་དང་། བགེགས་མནན་པ། གཉེན་པོ་བསྐུལ་བ། བྱིན་འབེབས་པ་གསུམ་སྔར་ལྟར་བྱ། མཚན་ཐུན་གསུམ་པོ་མཆོད་བརླབས་ནས་བརྩམས་འདོར་ལེན་སོགས་ཉིན་ཐུན་ལྟར་ལ་སྲུང་མའི་གཏོར་འབུལ་དང་ཆ་གསུམ་མི་དགོས། ཐོར་ཐུན་མཇུག་ཏུ་ཚོགས་མཆོད་བསྟབས་པའི་བར་དུ་སོང་ནས་བགེགས་མནན་སོགས་བྱའོ། །སྒྲུབ་པའི་སྐབས་དམིགས་འོག་ཏུ་མ་ཆུད་པའི་འགྲིམ་འགྲུལ་དང་བཏང་ལེན་མི་བྱ། ཁྱད་པར་དམ་སེལ་དང་གྲིབ་ཅན་གྱི་རྫས་སོགས་རྣམ་པ་ཀུན་ཏུ་འཛེམས། གྲལ་མི་བསྣོར། སྟན་མི་སྤྲུག །ཕྱིར་འགྲོ་བ་རྣམས་ལ་རྡོ་རྗེ་རྒྱལ་པོའམ་རྒྱལ་ཐབས་ཀྱིས་སྲུང་བ་བྱ་བར་གསུངས་ཀྱང་འཕྲལ་འཕྲལ་མི་ལྕོགས་ན་འཁྱིལ་བའི་སྔགས་རིང་ཐུང་གིས་བྱིན་གྱིས་བརླབས་པའི་ཕུར་པའམ་ཡུངས་ཐུན་འབྲལ་མེད་དུ་བཅང་། ནང་དུ་འོང་ཐེབས་རེ་ལ་རྒྱལ་ཐེབས་ཀྱིས་འཁྱིལ་བའི་སྔགས་ཀྱིས་གསང་གཏོར་རམ་དུད་པ་སོགས་བྱ། ལངས་པའི་ཚེ་སྟན་བྱིན་གྱིས་བརླབས་ལ་ཕྲེང་བ་ཁྲོ་ཞལ་དུ་བྱས་ནས་སྲུང་བ་སོགས་མདོར་ན་བྱུང་རྒྱལ་དུ་མི་སྤྱོད་པར་རྟག་ཏུ་དྲན་ཤེས་བར་མ་ཆད་པའི་རྣལ་འབྱོར་དང་ལྡན་པར་དགོས། ཛཔ྄་དགོངས་བསྣོན་ལུགས་སོགས་སྐབས་དེ་དང་དེར་བཤད་པ་ལྟར་རོ། །བདུན་པ་དངོས་གྲུབ་དབང་གི་ཕྲིན་ལས་ལ་དོན་དྲུག་ཏུ་གསུངས་ཀྱང་། བར་ཆད་ཀྱི་བགེགས་བཟློག་པ་ད་ལྟའི་ཕྱག་བཞེས་ལྟར་སྒྲུབ་པའི་དཀྱུས་སུ་སྦྱོར་ཟིན། བར་ཆད་དང་དངོས་གྲུབ་ཀྱི་མཚན་མ་བརྟགས་པ་ནི་དེང་སང་དུས་ཀྱི་བསྙེན་སྒྲུབ་ཙམ་ལ་ཡིད་བརྟན་འཆའ་བ་ཡིན་པས་འདིར་མ་བྲིས་པ་སྤྲོ་ན་གཞུང་ལས་ཤེས་པར་བྱ། དེས་ན་སྐབས་སུ་བབས་པ་རང་དོན་དུ་དངོས་གྲུབ་ལེན་པ་དང་། གཞན་དོན་དུ་དབང་བསྐུར་བ་གཉིས་ལས། དང་པོ་ལ་གཉིས། ཉེར་བསྡོགས་དང་། དངོས་གཞིའོ། །དང་པོ་ནི། ནང་མོ་དངོས་གྲུབ་ཀྱི་ཆོ་ག་བྱ་བའི་དེ་རིང་དགོང་མོ་ནས་དཀྱིལ་འཁོར་ཞལ་བསྒྱུར་བར་གསུངས་ཀྱང་མི་འགྲུབ་ན་མོས་པ་ཙམ་བྱ། དབུས་ཀྱི་བྷནྡྷ་ཁ་སྦུབ་ཏུ་བཀོད་ནས་ཞལ་མདུན་བསྟན་དུ་བསླང་། མ་མོ་བརྒྱད་ཀྱི་ཐོད་པ་ཞལ་ཕྱིར་བསྟན། དཀྱིལ་འཁོར་གྱི་མདུན་ངོས་སུ་གཙང་ཞིང་ཡིད་དུ་འོང་བའི་སྟེགས་ལ་འབྲུ་དཀར་གྱིས་རྡོ་རྗེ་རྒྱ་གྲམ་བྲིས་པའི་དབུས་སུ། སྔར་དཀྱིལ་འཁོར་དུ་བཀོད་པའི་གསོལ་བྱང་གི་སྨན་ཐོད་དངོས་གྲུབ་ཀྱི་རྫས་རྣམས་དང་བཅས་པ་བླངས་ལ་བཀོད་ཅིང་། གཡས་སུ་འབྲང་རྒྱས་ཟླ་གམ་གསལ་ཤིང་དགུས་བརྒྱན་པ་དང་། གཡོན་ཕྱོགས་སུ་རཀྟའི་སྣོད་གཟར་བུ་དང་བཅས་པའང་བཞག །གཞན་ཡང་ཟས་སྣ་བཟའ་བཏུང་མང་དུ་འདུ་བྱ་ཞིང་། དེའང་མར་ཐུད་སོགས་དཀར་བའི་རྫས་ཤར། ཤིང་ཏོག་ཁུར་བ་སོགས་སེར་བ་ལྷོ། ཤ་དང་འབྲང་རྒྱས་སོགས་དམར་བ་ནུབ། ཆང་སོགས་སྔོ་ལྗང་རིགས་བྱང་དུ་འགོད། དེ་རྣམས་ཀྱི་སྟེང་དུ་ཤིང་སྒྲོམ་ལ་བརྟེན་པའི་དར་རམ་རས་དཀར་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀབ། སྒྲུབ་པ་པོ་རྣམས་རྟགས་གསར་དུ་གདབ་པར་གསུངས་པས་ལྕོགས་ན་ཕྱི་ཐུན་དབུ་ལྟ་བུར་བྱ། ཕྱི་ཐུན་ལ་རུ་ལུ་དངོས་གྲུབ་ཏུ་ཤེས་པའི་ཛཔ྄་བཟླས་ཅི་ལྕོགས་གྲུབ་མཐར། ཧཱུྃ། བདེ་ཆེན་དབྱིངས་ནས་ཁྲག་འཐུང་སྐུར་བཞེངས་ཏེ། །བྱམས་པའི་ཞལ་བཟང་མངོན་དུ་སྟོན་པ་དང་། །ཐུགས་རྗེའི་སྤྱན་གྱིས་རྟག་ཏུ་བདག་ལ་གཟིགས། །རྩེ་གཅིག་གདུང་བའི་རྣལ་འབྱོར་སྒྲུབ་པ་པོ། །ཀུན་ལ་བྱིན་གྱིས་རློབ་ཅིང་བཞུགས་པ་དང་། །དབང་དང་དངོས་གྲུབ་དུས་འདི་ཉིད་དུ་སྩོལ། །བདེ་ཆེན་དབྱིངས་ནས་མ་བརྒྱད་སྐུར་བཞེངས་ཏེ། །བྱམས་པའི་ཞལ་བཟང་སོགས་སྔ་མ་ལྟར་སྦྱར་བས་སྙན་གསན་དབབ། དངོས་གྲུབ་རྫས་ཀྱི་སྟེང་དུ་རྟ་མགྲིན་དབང་ཆེན་ཡབ་ཡུམ་བཞུགས་པས་སྲུང་བར་མོས། གྲོལ་བའི་ནང་མོ་སྔ་བར་ཕྲིན་ལས་བཟླས་པ་གཞི་བསྟོད་ཀྱི་བར་དཀྱུས་ལྟར་བཏང་། དེ་ནས་ཚོགས་བསྒྲལ་བསྟབས་ཆ་གསུམ་བཏང་བ་ཡན་གྲུབ་ནས། འབྱུང་པོ་ལྟ་ཉན་ཚར་གཅོད་པའི་ཕྱིར། ཧཱུྃ། རྣལ་འབྱོར་ཆེན་པོའི་སོགས་ཀྱིས་མཚམས་བཅད་ལ་སྲུང་འཁོར་བསྒོམ། ལྷ་དང་འཁོན་གཅུགས་སྦྱོང་བའི་ཕྱིར། ཡེ་ནས་མཉམ་ཉིད་ཀྱིས་བཤགས། འགྲོ་དོན་མཐར་དབྱུང་བའི་ཕྱིར། ༀ། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །སོགས་ཀྱིས་དམ་བཅའ། རང་ཉིད་གཟི་བྱིན་བསྐྱེད་པའི་ཕྱིར། ནམ་མཁའི་མཐའ་མཉམ་སོགས་ཀྱིས་བྱིན་དབབ། སྨན་རཀ་གཏོར་མའི་བྱིན་རླབས་སྒྲུབ་ཐབས་ལྟར་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། མཐར་ཐུག་མཆོག །ཐུན་མོང་རྫས། ཁྱད་པར་སྒྲུབ་རྟེན་ལས་དངོས་གྲུབ་བླང་བའོ། །དང་པོ་ལ་གཉིས། སྤྱི་དང་། ཁྱད་པར་གྱི་ཆོ་གའོ། །དང་པོ་ལའང་ལྔའི་ཐོག་མར་ཡེ་ཤེས་ལྷའི་དངོས་གྲུབ་བླང་བ་ལ། ཧཱུྃ་དང་པོ་གསུམ་གྱི་དགོངས་པ་ནི། ཧཱུྃ། ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ལ། །ཁྱད་པར་ཆེན་པོ་བསྒྲུབ་པ་རྒྱལ་བའི་བཀའི། །སྣང་སྲིད་སྣང་བ་ཆེན་པོར་ཤར་བའི་སྐུ། །ཡེ་ཤེས་ཆེན་པོས་བརྒྱན་པའི་དཀྱིལ་འཁོར་འདིར། །དུར་ཁྲོད་གནས་ནི་དཔལ་ཆེན་འཁོར་དང་བཅས། །ཁམས་གསུམ་བསྒྲལ་བའི་དོན་ཕྱིར་གཤེགས་སུ་གསོལ། །ཧཱུྃ། བནྡྷ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་རཀྟ་ཡེ་ཤེས་ཀྱི་འོད་ཟེར་ཕྱོགས་མེད་དུ་འབར་བའི་དབུས་སུ་དཔལ་ཆེན་ལྷ་དགུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྐད་ཅིག་གིས་གསལ་བར་གྱུར། ཧཱུྃ། བརྗོད་དེ་རཀྟ་ལན་གཅིག་སྦྲེངས་པས། ཕྱི་སྣོད་འཇིག་རྟེན་ཟླ་གམ་དབང་གི་གཞལ་ཡས་ཁང་། ནང་བཅུད་ཀྱི་སྐྱེ་འགྲོ་ཐམས་ཅད་དངོས་གྲུབ་ཀྱི་རྫས་མཆོག་ཏུ་གྱུར། བདེ་བར་གཤེགས་པ་མ་ལུས་པ་ཐམས་ཅད་ཆོས་ཉིད་ཀྱི་ངང་ལས་ཕྱག་རྒྱ་ཡེ་ཤེས་ཀྱི་སྐུར་གསལ་བར་ཐོན་ནས། མདུན་གྱི་ནམ་མཁའ་ལ་ཏིལ་གྱི་གོང་བུ་བཞིན་དུ་གཏམས་ཏེ་འོད་ཕུང་འབར་འདྲེས་སུ་བཞུགས་པར་གྱུར། བྱང་ཆུབ་སེམས་དང་མཱཾ་ས་རཀྟ་དང་། །དྲི་ཆེན་བདུད་རྩིའི་ཆུ་དང་རྣམ་པ་ལྔ། །རྒྱུ་གཉིས་རྐྱེན་གསུམ་སྦྱར་བའི་བདུད་རྩི་འདི། །རྒྱ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །ཧཱུྃ། ཞེས་བརྗོད་དེ། རཀྟ་ལན་གཉིས་སྦྲེངས་པས། རཀྟའི་འོད་ཟེར་ཕྱི་ནང་གསང་བའི་མཆོད་པའི་བྱེ་བྲག་དཔག་ཏུ་མེད་པར་གྱུར་ནས་མཆོད་པས་མཉེས་པར་གྱུར། ཧཱུྃ། མཉམ་པ་ཉིད་ཀྱི་ཕོ་བྲང་རབ་འབྱམས་ན། །ཞི་ཁྲོ་མ་ལུས་རྒྱལ་བ་ཡབ་ཡུམ་ཚོགས། །ཁྱོད་ལ་ཅི་མངའ་ཡོན་ཏན་བསམ་མི་ཁྱབ། །དམིགས་ཀྱིས་བསྐུར་ཞིང་དངོས་གྲུབ་སྩོལ་བ་ནི། །རྣམ་པར་མི་རྟོག་ཅི་ཡང་ས་ལེར་མཁྱེན། །ཐམས་ཅད་མཁྱེན་པའི་དངོས་གྲུབ་ཆེན་པོ་དང་། །སྤངས་ལེན་མེད་པ་མཉམ་པའི་ངང་ཉིད་ལས། །ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཆེན་པོ་དང་། །སྐྱེ་ཤི་མེད་པའི་ཚེ་ཡི་དངོས་གྲུབ་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཆེན་པོ་རྣམས། །ཀུན་རྫོབ་སྒྱུ་མའི་ཚུལ་གྱིས་གསོལ་འདེབས་ན། །དུས་ལས་མི་འདའ་རྡོ་རྗེ་ཐ་ཚིག་ཅན། །སྐྱབས་ལས་མི་གཡེལ་ཡལ་གམ་གཅིག་པ་རྣམས། །ཐུགས་རྗེའི་དབང་གིས་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། ཞེས་བརྗོད་དེ་རཀྟ་ལན་གསུམ་སྦྲེངས་བས། ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། སྒྲུབ་པ་པོ་རྣམས་ལ་དངོས་གྲུབ་སྩོལ་བའི་དུས་ལ་བབས་པའི་སྒྲ་བྱུང་བས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་དངོས་གྲུབ་སྩོལ་ཅིག་པའི་ཉེར་བསྡོགས་སུ་གནས་པར་གྱུར། ཧཱུྃ་བར་པ་གསུམ་གྱི་དགོངས་པ་ལ་གཙོ་འཁོར་རེ་རེ་བཞིན་བསྟོད་པ། བཟླས་པ། མཆོད་པ། གསོལ་གདབ། དངོས་གྲུབ་བླང་བ་རྣམས་བྱ་བར་གསུངས་ཀྱང་གཙོ་འཁོར་དགུ་པོ་ཐུན་མོང་དུ་བསྟོད་ཅིང་བསྙེན་པ་འབུལ་བ་ནི། ཧཱུྃ། བདེར་གཤེགས་ཐམས་ཅད་མཉམ་ཉིད་ཐུགས་ཀྱི་ངང་། །མ་སྐྱེས་རྡོ་རྗེ་ཀུན་ཏུ་བཟང་པོ་ནི། །ཐབས་ལ་མཁས་པས་ཁྲོ་རྒྱལ་སྐུར་སྟོན་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །རྣམ་དག་དགྱེས་ཆགས་དཔལ་ཆེན་སྐུ་ལ་སྦྱོར། །ཡབ་ཡུམ་གཉིས་མེད་ཧཱུྃ་གི་དབྱིངས་ནས་གསལ། །མཁའ་དབྱིངས་དཀྱིལ་འཁོར་གསང་བའི་ཡུམ་ཆེན་མ། །ཡུམ་ཆེན་དཔལ་འབར་མ་ལ་ཕྱག་འཚལ་བསྟོད། །ཐུགས་ཀར་ལྗགས་སྟེང་ཧཱུྃ་ལ་འབྲུ་བརྒྱད་བསྐོར་བྱས་ཤིང་། །རྣམ་གསུམ་ཚུལ་གྱིས་མ་འཁྲུལ་བཟླས་བརྗོད་འབུལ། །ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་སྟོང་རྩ་བརྒྱད་བཟླས་པའི་ཚེ། བདག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་ལས་མཆོད་པའི་བྱེ་བྲག་ཏུ་གྱུར་པས་ཡེ་ཤེས་ཀྱི་ལྷ་ལ་མཆོད་པས་མཉེས་པར་བྱས། ལྷ་ཡི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་ཚུལ་འདུས་པས་བདག་གི་སྒྲིབ་པ་སྦྱངས་ཤིང་། དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱས་པས་མོས། ཧཱུྃ། རྣམ་ཤེས་བརྒྱད་ལས་ཁྲོ་མོའི་སྐུར་སྣང་བ། །ཕྱག་རྒྱ་ཆ་ལུགས་གཅིག་ཏུ་མ་ངེས་ཀྱང་། །ཐུགས་རྗེས་ཀུན་ལ་ཁྱབ་པའི་དོན་མཛད་མ། །ཀེའུ་རཱི་ཁྲོ་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །ཐུགས་ཀར་བྷཉྫར་ཧ་ལ་འབྲུ་བརྒྱད་བསྐོར། །རྣམ་གསུམ་ཚུལ་གྱིས་མ་འཁྲུལ་བཟླས་བརྗོད་འབུལ། །སྤྲོ་བསྡུ་སྔར་ལྟར་བྱས་ལ་མ་མོ་བརྒྱད་སོ་སོའི་སྔགས་ལ་རུ་ལུ་བཏགས་པ་བརྒྱ་རྩ་སོགས་བཟླ། དེ་ནས་མཆོད་པ་ནི། ཧཱུྃ། ཞེས་རཀྟ་ལན་གཅིག་སྦྲེངས་པས། རཀྟ་ལས་མཆོད་པའི་སྤྲིན་ཕུང་མཐའ་ཡས་པ་འཕྲོས་པས་མཉེས་པར་མོས་ལ། ཧཱུྃ། ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ཆེན་པོ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །དཔལ་ཆེན་སྐུ་ལ་གཉིས་མེད་ལྷུན་སྦྱོར་བ། །ཀྲོ་དྷཱི་ཤྭ་རཱི་རིགས་ཀྱི་ཡུམ་མཆོག་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མཐིང་ག་མཆོད་བསྣམས་རྡོ་རྗེ་གསང་བའི་ཡུམ། །ཀེའུ་རཱི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སོ་སོའི་སྔགས་ལ། མ་ཧཱ་པཉྩ་སོགས་བཏགས་པས་མཆོད། གསོལ་བ་གདབ་པ་ནི། ཧཱུྃ། བདེ་ཆེན་དབྱིངས་ནས་ཁྲག་འཐུང་ཡབ་ཡུམ་དང་། །ཀེའུ་རཱི་མ་མོ་བརྒྱད་སོགས་སྐུ་བཞེངས་ཤིག །དཔལ་ཆེན་ཁྲག་འཐུང་ཐུགས་ནི་རིན་པོ་ཆེ། །རུ་ལུ་རུ་ལུའི་ཕྲེང་བས་རབ་བསྐོར་ཏེ། །ལྷ་དང་གཉིས་སུ་མེད་པར་བདག་སྦྱོར་བས། །རྩེ་གཅིག་སྒྲུབ་པ་རྣལ་འབྱོར་ཟབ་མོའི་མཐུ། །དེང་འདིར་ཉིད་དུ་བདག་ལ་འབབ་གྱུར་ཅིག །ཧཱུྃ། ཞེས་བརྗོད་དེ། རཀྟ་ལན་གཅིག་སྦྲེངས་བས། ཡེ་ཤེས་འོད་ཟེར་གྱི་རྩེ་ལས་ལྕགས་ཀྱུའི་རྡུལ་ཕྲན་མང་པོ་འཕྲོས། དཔལ་ཆེན་ལྷ་དགུའི་དངོས་གྲུབ་ཐམས་ཅད་བསྡུས་ནས་རཀྟ་ལ་ཐིམ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡང་འོད་དུ་ཞུ་ནས་ལྟེམ་མེར་གྱུར་བར་མོས། དངོས་གྲུབ་བླང་བ་ནི། ཧཱུྃ། ཞེས་རཀྟ་ལན་གཅིག་སྦྲེངས་པས། དེ་ཉིད་ༀ་དཀར་པོ་དང་། ཨཱཿདམར་པོ་དང་། ཧཱུྃ་མཐིང་ག་གསུམ་དུ་གསལ་བར་མོས་ལ་མཐེབ་སྲིན་སྦྱར་བས་རཀྟའི་ཐིག་ལེ་གནས་གསུམ་དུ་བཀོད་ལ། ཧཱུྃ། ལྕེ་ཡི་རྡོ་རྗེ་དམ་ཚིག་ལ། །རྡོ་རྗེ་ཅན་གྱིས་ཧཱུྃ་བསྒོམ་སྟེ། །བདུད་རྩི་ལྔ་ཡི་སྦྱོར་བ་ཡིས། །ཟོས་ན་དངོས་གྲུབ་གསུམ་ཐོབ་འགྱུར། །ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། འབྲུ་གསུམ་འོད་ཟེར་དང་བཅས་པ་བདག་གི་གནས་གསུམ་དུ་ཐིམ་པས་བདག་ཉིད་དཔལ་ཆེན་པོ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཡེ་ཤེས་ཕྱག་རྒྱའི་དཀྱིལ་འཁོར་མངོན་དུ་གྱུར་པར་མོས། གཉིས་པ་ཛཔ྄་ཀྱི་གྲངས་འབུལ་ཞིང་རྫས་བྱིན་གྱིས་བརླབ་པ་ནི། ཧཱུྃ། བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ། །བཟླས་བརྗོད་མཆོད་པ་བླ་ན་མེད། །བྱིན་གྱིས་བརླབ་ཀྱིས་བྱིན་རློབས་ཤིག །བཟླས་བརྗོད་བསྙེན་པ་བཞེས་སུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧོཿ ཡེ་ཤེས་ཀྱི་བདེ་བར་གཤེགས་པ། །དཔལ་ཆེན་འཁོར་དང་བཅས་པ་ལ། །དེང་ཕན་ཆད་བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་བགྱིས་པའི་བཟླས་བརྗོད་ཀྱི་གྲངས་ཅི་མཆིས་པ་ཐམས་ཅད་ཐུགས་ཀྱི་གཏེར་དུ་འབུལ་གྱིས་བཞེས་སུ་གསོལ་ལོ། །ཞེས་བརྗོད། དེ་ནས་དངོས་གྲུབ་བསྡུ་བ་ནི་སྒྲུབ་པ་པོ་རྣམས་བཞེངས་ལ། ༀ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་དགུ་པའི་ཛཔ྄་དབྱངས་ཅི་འགྲུབ་བྱས་ལ། དངོས་གྲུབ་ཀྱི་རྫས་ཐམས་ཅད་བདུད་རྩི་ཆེན་པོའི་རང་བཞིན་དང་འདོད་པའི་ཡོན་ཏན་ལྔའི་རང་བཞིན་དུ་བྱིན་གྱིས་བརླབས་པར་གྱུར་པར་མོས་ལ། ༀ་རུ་ལུ་རུ་ལུ་ༀ་བྷྱོ་ཧཱུྃ། ༀ། ཟླ་གམ་དཀྱིལ་འཁོར་རིན་ཆེན་དབང་། །ནུབ་ཕྱོགས་ངོས་སུ་ཁ་བལྟས་ཏེ། །འདས་པའི་སངས་རྒྱས་སྤྱན་ཡང་འདྲེན། །ཚོན་གང་ཡིད་བཞིན་རིན་པོ་ཆེ། །ཧཱུྃ་ཆེན་གསལ་བཀྲའི་དཀྱིལ་འཁོར་འདིར། །རུ་ལུ་རུ་ལུའི་གནས་རེ་ཆེ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དབྱངས་དྲུག་བླངས་པས་དོན་དྲུག་འགྲུབ། །སྔགས་ཀྱི་ཡི་གེ་སྒྲ་སྒྲོགས་པས། །དེས་ནི་དཀྱིལ་འཁོར་ལྷ་རྣམས་བསྐྱེད། །ཟབ་ཅེས་འབྲུག་ལྟར་སྒྲ་སྒྲོགས་པས། །གཏུམ་པོ་གདུག་པ་ལྷན་ནེར་འགྱུར། །ཁུར་པ་དབུགས་ཀྱི་རླུང་འབྱིན་པས། །ཁྲོ་བོ་ཁྲོ་མོའི་སྤྲུལ་པ་འགྱེད། །རྡོ་རྗེ་སྲིན་པོའི་དུར་སྒྲ་ཡིས། །གདུག་པ་ཐམས་ཅད་སྤ་ཡང་བཀོད། །འཁུན་ཅིང་གདུང་བའི་སྒྲ་འབྱིན་པས། །གནོད་བྱེད་མ་ལུས་རྡུལ་དུ་རློག །ཚངས་པ་དབྱངས་ཀྱི་འདྲེན་ཚུལ་གྱིས། །འཁོར་རྣམས་ཐམས་ཅད་དབང་དུ་སྡུད། །བདག་ཉིད་དཔལ་ཆེན་སྐུར་བསྒོམ་སྟེ། །ཐུགས་ཀར་གསལ་བའི་འབྲུ་བརྒྱད་པོ། །སྤྲོ་ནི་ཕྱོགས་བཅུའི་ནམ་མཁར་སྤྲོ། །སྡུད་ནི་བདེ་ཆེན་དབྱིངས་སུ་སྡུད། །བསྒྲུབ་ནི་དཔལ་ཆེན་ཧེ་རུ་བསྒྲུབ། །བསྙེན་ནི་དུས་གསུམ་རྒྱལ་བའི་བསྙེན། །བསྟེན་ནི་མ་སྲིང་མཁའ་འགྲོ་བསྟེན། །མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །ཡེ་ཤེས་འོད་ཟེར་སླར་འདུས་ཅི་ལི་ལི། །འཕྲུལ་གྱི་ཞགས་པ་རྣམས་ཀྱང་དབྱིངས་སུ་བསྡུ། །གསེར་གྱི་ཉི་མ་རྣམས་ནི་ཀློང་དུ་བྱིལ། །ཧཱུྃ་དང་བཅས་པའི་རུ་ལུའི་ཕྲེང་བ་འདི། །ཐུགས་ཀྱི་གཏེར་དུ་འབུལ་ལོ་བཞེས་སུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་པས། ཕྱོགས་བཅུ་ནས་སྐུ་དང་ཡེ་ཤེས་བཀྲག་དང་གཟི་མདངས་ཐམས་ཅད་འདུས་ཏེ། དངོས་གྲུབ་ཀྱི་རྫས་ལ་ཐམ་པར་མོས། གསུམ་པ་ཕྲེང་བ་འབུལ་བ་ནི། མེ་ཏོག་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་མཛད་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་འབུལ། བཞི་པ་གསོལ་བ་གདབ་པ་ནི། ཧོཿ བཅོམ་ལྡན་འདས་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ལ། ཁྱེད་ལ་ཅི་མངའི་དངོས་གྲུབ་རྣམས་བདག་ཅག་རྣལ་འབྱོར་སྒྲུབ་པ་པོ་རྣམས་ལ་སྩལ་བའི་མདོ་ནི། སྐྱེ་ཤི་མེད་པའི་ཚེ། གཡུང་དྲུང་གྲུབ་པའི་གནས། ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ལུས། མངོན་པར་ཤེས་པ་དྲུག །ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དབང་། ཤེས་རབ་མྱུར་མགྱོགས། རྫུ་འཕྲུལ་མཐུ་ལྡན། ལས་རྣམ་བཞི་བརྩམས་པ་ཙམ་གྱིས་འགྲུབ་པ་དང་། དབང་བཅུ་མཐར་ཕྱིན་པ་དང་། རྒྱལ་མཚན་གྱི་དཔུང་རྒྱན་བཞིན་ནུབ་པའི་དུས་མེད་པ་དང་། རྡོ་རྗེའི་སྙིང་པོ་བཞིན་དུ་སྲ་ཞིང་མཁྲེགས་པ་དང་། ཆུ་ལ་མི་བྱིང་བ་དང་། ནམ་མཁའ་ལས་མི་ལྟུང་བ་དང་། བྲག་ལ་ཐོགས་པ་མེད་པར་འགྲོ་བ་དང་། རིག་འཛིན་ནམ་མཁའ་ལ་འགྲོ་བ་ལ་སོགས་ཏེ་རིག་འཛིན་བྱང་ཆུབ་ཀྱི་དངོས་གྲུབ་རྣམས། དུས་ཕྱི་སོ་ལ་མི་བསྡད་ཅིང་ལས་དང་རྣམ་པར་སྨིན་པ་ལ་བསྙད་མི་གདགས་པར། དུས་དོ་ནུབ་ཉིད་དུ་ཐོབ་པར་སྩལ་དུ་གསོལ་ལོ། །ལྔ་པ་ཛ་གད་བཏུང་བ་ནི། གསོལ་བྱང་བྲིས་པའི་བདུད་རྩི་རྡོ་རྗེས་དཀྲུགས་ལ། ཧཱུྃ། བཀྲ་ཤིས་མཚན་ལྡན་རྡོ་རྗེ་ཀ་པཱ་ལར། །དངོས་གྲུབ་བྱིན་བསྡུས་དཔའ་བོའི་རོ་ལ་ཕོབ། །ཡེ་ཤེས་རྩི་བཅུད་གཉིས་མེད་བདུད་རྩི་འདི། །སྐལ་ལྡན་སྒྲུབ་པ་པོ་ལ་གཉིས་མེད་བསྟིམ། །ༀ་ཨཱཿཧཱུྃ་སིདྡྷི་སིདྡྷི་ཨ་ལ་ལ་ཧོཿ ཞེས་བརྗོད་ལ་ཧུབ་གསུམ་གསུམ་བཏུང་བར་བྱའོ། །གཉིས་པ་ཁྱད་པར་གསལ་ཤིང་གི་ཆོ་ག་ལ། ཐོག་མར་གང་ལས་དངོས་གྲུབ་བླང་བའི་གཞི་སྒྲུབ་པ་ནི། དཀྱིལ་འཁོར་གྱི་མར་མེ་དགུ་པོ་སྤར་ལ། དཀྱིལ་འཁོར་དབུས་ཀྱི་མར་མེ་བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ་ཡབ་ཡུམ། ཕྱོགས་མཚམས་ཀྱི་མར་མེ་བརྒྱད་ག་རཱི་མ་མོ་བརྒྱད་དེ་ཁྲག་འཐུང་ལྷ་དགུའི་ཕྱག་རྒྱ་བཀྲ་ལམ་མེར་གསལ་བར་གྱུར། ༀ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་སྔགས་ཚན་ལྔས་དབང་བསྐུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་སོགས་གསུམ་གྱིས་གནས་བྱིན་བརླབ། བཛྲ་ས་མཱ་ཛཿརུ་ལུ་རུ་ལུ་ཧཱུྃ། ཞེས་པས་སྙན་གསན་དབབ། ཛ་ཧཱུྃ་བྃ་ཧོཿ ཨེ་ཧྱེ་ཧི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཛཿཛཿ ཞེས་ཡེ་ཤེས་པ་ནམ་མཁའ་གང་བ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ བཛྲ་ས་མ་ཡ་མུ་དྲ་ཨཱཿ བཛྲ་ཤྲཱི་ཧེ་རུ་ཀ་ཏིཥྛ་ས་མ་ཡ་ལྷན། ཞེས་པས་ཕོ་བྲང་གི་མར་མེ་ལྷར་གསལ་བ་ལ་གཉིས་མེད་དུ་བསྟིམས་ནས་བརྟན་པར་བཞུགས་སུ་གསོལ་ལོ། །དེ་ནས་དངོས་གྲུབ་བླང་བའི་ལས་རིམ་ལ། སྤྱན་དྲངས་མཆོད་དང་བཟླས་པ་དང་། །བསྟོད་དང་སྨོན་ལམ་བསྡུ་བ་དྲུག །ཅེས་དོན་དྲུག་གི་སྒོ་ནས་བླང་བར་བཤད་པས། དང་པོ་གཙོ་བོ་ཡབ་ཡུམ་ལས་བླང་བ་ནི། ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ། མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། བཛྲ་ཨངྐུ་ཤ་ཛཿ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་དཀྱིལ་འཁོར་གྱི་མར་མེ་དབུས་མ་ལས་དཔལ་འབར་གྱིས་མེ་བླངས་ཏེ་འབྲང་རྒྱས་ཀྱི་གསལ་ཤིང་དང་པོ་སྤར་བས། ཕོ་བྲང་དབུས་ཀྱི་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་ཡབ་ཡུམ་འོད་དང་སྤྲུལ་པར་བཅས་ཏེ་གསལ་ཤིང་གི་རྩེ་མོར་བྱོན་པར་གྱུར་པར་མོས་ལ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་སྨན་གཏོར་རཀྟས་མཆོད་ནས། བཟླས་པ་ནི། ༀ། བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ །ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་སྟེ། །གཙོ་བོ་ཡབ་ཡུམ་ཐུགས་ཀ་ནས། །ཟུར་བརྒྱད་དཀྱིལ་ནས་འབྲུ་བརྒྱད་ཤར། །སྙིང་པོ་རུ་ལུའི་འོད་འཕྲོས་པས། །ཕར་འཕྲོས་དཔལ་ཆེན་ཐུགས་དམ་བསྐང་། །ཚུར་འདུས་བདག་ལ་དངོས་གྲུབ་སྩོལ། །ཅེས་བསྐུལ་ནས་གཙོ་བོའི་སྔགས། ༀ་བཛྲ་མ་ཧཱ་སོགས་བཟླས་ལ། བསྟོད་པ་ནི། ༀ། རྡོ་རྗེ་རིགས་མཆོག་བདུད་འདུལ་གཙོ། །གདུག་པ་འདུལ་བའི་ཐབས་ཆེན་པོས། །བདུད་རིགས་རྡུལ་དུ་ཟློག་མཛད་པ། །དཔལ་ཆེན་ཡབ་ཡུམ་སྐུ་ལ་བསྟོད། །ཅེས་དང་སྔགས་བརྗོད། གསོལ་བྱང་གི་སྨོན་ལམ་ནི། ཧོཿ བཅོམ་ལྡན་འདས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་ཡབ་ཡུམ་ལ་དངོས་གྲུབ་ཏུ་གསོལ་བའི་མདོ་ནི། བདག་ཅག་གསང་བའི་དཀྱིལ་འཁོར་འདིར་ཚོགས་པ་རྣམས་ལ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། བཅོམ་ལྡན་འདས་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བླ་མན་ཆད་ནས་དངོས་གྲུབ་ཀྱི་སྐལ་བ་དང་རིགས་བརྒྱུད་གང་ལགས་པ་ཐམས་ཅད་ཕྱི་མར་བསྡད་མི་འཚལ་བར་དུས་ད་ལྟ་ཉིད་དུ་ཐོབ་པར་སྩལ་དུ་གསོལ། ཅེས་བརྗོད། བསྡུ་བ་ནི། བཛྲ་ཨངྐུ་ཤ་ཛཿ ཞེས་ལན་གསུམ་བརྗོད་ལས། དང་པོས་འོད་དང་སྤྲུལ་པ། གཉིས་པས་ཡིག་འབྲུ། གསུམ་པས་སྐུ་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གཟི་བྱིན་དང་ལྡན་པར་བསམ་མོ། །དེ་ནས་འཁོར་གྱི་མ་མོ་བརྒྱད་ལས་བླང་བ་ནི། ལྕགས་ཀྱུའི་རྒྱ་དང་། ༀ་བཛྲ་ག་རཱི་སོགས་ཀྱིས་མཐར། བཛྲ་ཨངྐུ་ཤ་ཛཿ རུ་ལུ་སོགས་བཏགས་པ་བརྗོད་ལ། ཕྱོགས་མཚམས་བརྒྱད་ཀྱི་མར་མེ་ལས་བླངས་ཏེ་གསལ་ཤིང་བརྒྱད་པོ་སྦར་བས། ག་རཱི་མ་མོ་བརྒྱད་འོད་དང་སྤྲུལ་པར་བཅས་ཏེ་གསལ་ཤིང་གི་རྩེ་མོར་བྱོན་པར་གྱུར་པར་མོས་ལ། སྨན་གཏོར་རཀྟས་མཆོད། ༀ། མ་མོ་བརྒྱད་ཀྱི་ཐུགས་ཀ་ནས། །རུ་ལུ་འབྲུ་བརྒྱད་འོད་འཕྲོས་པས། །ཕར་འཕྲོས་དཔལ་ཆེན་ཐུགས་དམ་བསྐང་། །ཚུར་འདུས་བདག་ལ་དངོས་གྲུབ་སྩོལ། །མ་བརྒྱད་སྔགས་ལ་རུ་ལུ་སྦྲེལ་བ་བཟླ། ཧཱུྃ། ག་རཱི་ལ་སོགས་ཁྲོ་མོ་ཆེན་མོ་བརྒྱད། །གདུགས་པ་ཐབས་ཀྱིས་འདུལ་བའི་དྲག་ཤུལ་ཅན། །སྐུ་མདོག་ཕྱག་རྒྱ་སྣ་ཚོགས་ཅིར་ཡང་སྟོན། །ཡེ་ཤེས་ཁྲོ་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །ཧོཿ ཁྲོ་མོ་ཆེན་མོ་བརྒྱད་ལ་དངོས་གྲུབ་ཏུ་གསོལ་བ་ནི། བདག་ཅག་གསང་བའི་དཀྱིལ་འཁོར་སོགས་ནས། བསྡུ་བ་གསུམ་ཡན་ཆད་གོང་བཞིན་ཏུ་བྱའོ། །གཉིས་པ་ཐུན་མོང་རྫས་ལས་དངོས་གྲུབ་བླང་བ་ནི། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བང་རིམ་དམར་པོ་དག་ལ་རྟེན་བཅས་ཤིང་། །ཟླ་གམ་དམར་པོ་དག་ལ་དབང་ནོད་ན། །མར་མེ་དགུ་པོ་དག་ལས་མདངས་ཕྱུངས་ནས། །བྷནྡྷ་མཚན་ལྡན་རྣམས་ལ་ཐ་ཚིག་བགོས། །ལྷ་དང་གཉིས་སུ་མེད་པར་མཉམ་སྦྱར་ནས། །རུ་ལུ་འབྲུ་བརྒྱད་བར་ཆད་མེད་པར་བཟླས། །ཕྱི་ནང་གསང་བའི་མཆོད་པ་རྫོགས་པར་ཕུལ། །ཞག་གྲངས་དམ་བཅས་བསྙེན་པ་མཐར་ཕྱིན་ནས། །ཡེ་ཤེས་ལྷ་དང་རིག་འཛིན་དམ་ཅན་དང་། །དངོས་གྲུབ་སྩལ་བའི་གནས་དུས་དེང་ནུབ་བཏབ། །ཡེ་ཤེས་ལྷ་དང་རྡོ་རྗེ་སློབ་དཔོན་གྱིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། །སྒྲུབ་མཆོག་བདག་ཅག་རྣམས་ལ་སྩལ་དུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་དང་གོང་གི་སྔགས་བརྗོད་ལ་དངོས་གྲུབ་ཀྱི་རྫས་རྣམས་ཕྱེད་དུ་བགོས་པའི་ཕྱེད་ཀ་ཟུར་དུ་བཞག །ཕྱེད་སྒྲུབ་པ་པོ་རྣམས་ལ་འགྱེད། དེའི་རྗེས་འབྲེལ་དུ་ཚོགས་རྫས་རྣམས་ཀྱང་འགྱེད་ལ་དེ་ཉིད་དུ་རོལ་བར་བྱའོ། །མཇུག་ཏུ། ཧོཿ བདག་ཅག་དཔོན་སློབ་མཆེད་དང་ལྕམ་དྲལ་རྣམས་ཀྱིས་རྡོ་རྗེའི་ཚེ་གསོལ་བས་ཚེ་དབང་ཕུན་སུམ་ཚོགས་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །མ་ཧཱ་མཱཾ་ས་གསོལ་བས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཐོབ་པར་གྱུར་ཅིག །ཛ་གད་དཔའ་བོ་གསོལ་བས་འགྲོ་བ་མང་པོ་དབང་དུ་འདུ་བར་གྱུར་ཅིག །ཟླ་རྒྱས་གསོལ་བས་ཚོགས་གཉིས་ཡོངས་སུ་རྫོགས་པར་གྱུར་ཅིག །གལ་ཕྱིས་གསོལ་བས་བསམ་པ་ཐམས་ཅད་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཟླ་ཕྲོམ་གསོལ་བས་ཆོས་ཉིད་ཞི་བའི་ཏིང་ངེ་འཛིན་དང་ལྡན་པར་གྱུར་ཅིག །འཇམ་དེས་གསོལ་བས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཞལ་ཟས་ཁ་བ་དང་མངར་བ་དང་སྐྱུར་བ་སོགས་རོ་རྣམ་པ་སྣ་ཚོགས་གསོལ་བས་ཞི་ཁྲོ་སྤྲུལ་པའི་ཚོགས་ལ་མངའ་བརྙེས་པར་གྱུར་ཅིག །ཅེས་བརྗོད་དོ། །གསུམ་པ་ཁྱད་པར་སྒྲུབ་རྫས་ལས་བླང་བ་ནི། བྷནྡྷ་རྣམས་གནས་གསུམ་དུ་བསྐོར་ཞིང་གཏུགས་ལ། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཧོཿ བཅོམ་ལྡན་འདས་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ་ཡུམ་བཛྲ་ཀྲོ་དྷཱི་ཤྭ་རཱི། མ་མོ་ཆེན་མོ་བརྒྱད་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་བདག་རྡོ་རྗེ་རྒྱལ་པོ་ལ་སོགས་པ་སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་འདུས་པ་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག །ལྷ་དགུའི་སྔགས་མཐར། སིདྡྷི་སིདྡྷི་ཧཱུྃ། ཞེས་བཏགས་པ་བརྗོད། མར་མེ་དགུ་པོ་སྙིང་གར་བསྐོར་ཞིང་གཏུགས་ལ། ཧོཿ དེང་ཕན་ཆད་བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། དེང་ནུབ་སྒྲུབ་པ་ཆེན་པོ་བགྱིས་པས། བཅོམ་ལྡན་འདས་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ་ཡབ་ཡུམ་མ་མོ་ཆེན་མོ་བརྒྱད་འཁོར་དང་བཅས་པའི་ཐུགས་ཡེ་ཤེས་སུ་སྣང་བའི་དངོས་གྲུབ་ཐམས་ཅད་བདག་རྡོ་རྗེ་རྒྱལ་པོ་ལ་སོགས་པ་སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་འདུས་པ་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །སྔགས་གོང་ལྟར་བརྗོད། དེ་ནས་རྡོ་རྗེ་དང་དྲིལ་བུ་གནས་གསུམ་དུ་གཏུགས་ལ། ཧོཿ བཅོམ་ལྡན་འདས་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ་ཡབ་ཡུམ། མ་མོ་ཆེན་མོ་བརྒྱད་འཁོར་དང་བཅས་པ་བསྙེན་ཅིང་བསྒྲུབས་པའི་དོན། དོན་དབྱིངས་དང་ཡེ་ཤེས། རྟགས་ཐབས་དང་ཤེས་རབ། འབྲས་བུ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་བདག་རྡོ་རྗེའི་རྒྱལ་པོ་ལ་སོགས་པ་སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་འདུས་པ་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །སྔགས་གོང་ལྟར་བརྗོད་དོ། །དེ་ནས་ཤིས་པ་བརྗོད་པས་དངོས་གྲུབ་བརྟན་པར་བྱ་བ་ནི། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་དེ། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་དམ་པ་རྣམས། །བདག་ལ་སྩལ་ཞིང་བརྟན་པར་བཞུགས་སུ་གསོལ། །ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཞེས་རྟེན་འབྲེལ་སྙིང་པོས་བསྔགས་པའི་མེ་ཏོག་གི་ཆར་དབབ་ཅིང་རོལ་མོའི་སྒྲ་ཡང་བྱའོ། །དེ་ནས་སྒྲུབ་གཏོར་དང་དངོས་གྲུབ་ཀྱི་རྫས་ལྷག་གུད་དུ་བཅད་པ་དེ་ཉིད་ཆ་གསུམ་དུ་བགོས་ལ། དང་པོ་སྦྱིན་སྲེག །བར་པས་གཏོར་སྐྱོང་། ཐ་མ་གཏེར་བུམ་དུ་འཇོག་གོ། །གཉིས་པ་དབང་བསྐུར་བ་ནི། སྐབས་འདིར་སྣོད་དུ་རུང་བ་རྣམས་ལ་སྒྲུབ་པའི་དབང་ཆེན་སྦྱིན་པ་ཡིན་ཀྱང་དེང་སང་དེའི་རྒྱུན་མི་བཞུགས་ལ། དོན་དུ་གཉེར་བ་ཡོད་ནའང་བུམ་དབང་ངམ། གཏོར་མའི་བྱིན་རླབས་གཞན་ནས་འབྱུང་བ་སོགས་ཀྱིས་རྗེས་སུ་བཟུང་བར་བྱའོ། །དེདག་གིས་དངོས་གཞིའི་ལས་རིམ་རྣམས་བསྟན་ཟིན་ཏོ། །རྩ་བའི་བརྒྱད་པ་ལས་ཀྱི་ལྷག་མའི་ཕྲིན་ལས་ལ་བརྒྱད། སྦྱིན་སྲེག་གཏོར་སྐྱོང་གཏེར་སྦ་དང་། །དཀྱིལ་འཁོར་བསྡུ་ཞིང་ནོངས་པ་བཤགས། །སྨོན་ལམ་ཤིས་བརྗོད་བསྔོ་བའོ། །དེ་ལ་དང་པོ་སྦྱིན་སྲེག་རྒྱས་པར་འགྲུབ་ན་ལོ་ཆེན་རིན་པོ་ཆེས་མཛད་པའི་རྒྱུད་ལུང་སྦྱིན་སྲེག་ལྟར་ཞི་རྒྱས་དབང་གསུམ་མམ་ཞི་བ་སྔར་ལྟར་སོང་ན་འདིར་དབང་དང་རྒྱས་པའི་སྦྱིན་སྲེག་དག་བྱ། མི་ལྕོག་ན་གསང་འགྲེལ་དཀྱུས་ལྟར་བསྡུས་ཏེ་བྱ་བ་ལ་སྔོན་འགྲོ་ཐབ་དང་རྫས་བསགས་པ། དངོས་གཞི་མེ་ལྷ་དང་ཡེ་ཤེས་ལྷ་མཆོད་པ། རྗེས་ཀྱི་ཆོ་གས་འཇུག་བསྡུ་བའོ། །དང་པོ་ནི། མེ་ཐབ་ཟླ་གམ་དམར་པོ་ཁ་ཁྱེར་མུ་རན་རྡོ་ར་མེ་རིས་བསྐོར་བའི་ལྟེ་བར་ཉི་གདན་ལ་རྡོ་རྗེ་ཧཱུྃ་ཡིག་གིས་མཚན་པ་དང་། ཕྱོགས་མཚམས་ཀྱི་པད་འདབ་བརྒྱད་དུ་ཐིག་ལེས་མཚན་པ་བཀོད། ཙནྡན་སོགས་ཤིང་དམར་པོ་ཟླ་གམ་དུ་བརྩིགས། སློབ་དཔོན་གྱི་གཡོན་ཕྱོགས་སུ་སྟེགས་བུ་ལ་མཆོད་རྫས་ཆུ་གཉིས་ཉེར་སྤྱོད། ལས་གཏོར་ཟླ་གམ་དམར་པོ་པད་འདབ་ལྔ་པ། སྒྲུབ་གཏོར་བསིལ་བའི་ཆ་ཤས་ཆ་གཉིས་རེ་དང་། སྨན་རཀ །དངོས་གྲུབ་ཀྱི་རྫས་ཆ་དང་པོ་རྣམས་བཀོད། གཡོན་དུ་ཏིལ། ཡུངས་དཀར་ནག །ཡམ་ཤིག་མར་ཁུ་རྣམས་བཞག །ཚིལ་ཆེན་གྱི་བྱུག་སྤོས། དབལ་འབར་རླུང་གཡབ་སོགས་ཀྱང་འདུ་བྱའོ། །གཉིས་པ་ནི། ཕྱི་མཆོད་རྣམས་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས། །སྨན་རཀ་གཉིས་སྔགས་ཙམ་གྱིས་བྱིན་རླབས་གསོ། །ལས་གཏོར་དང་བསྲེག་རྫས་རྣམས་ལ་ལས་བུམ་གྱི་ཆུ་འཐོར་ཞིང་། ༀ་བཛྲ་ཡཀྵ་བིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ་དང་། སྭ་བྷཱ་ཝས་བསང་སྦྱང་། སྟོང་པའི་ངང་ལས་མ་དང་ཨ་ལས་ཉི་ཟླའི་གའུའི་སྣོད་དུ་རང་གི་ཐུགས་ཀ་ནས་ཧཱུྃ་སྤྲོས་པ་ཡོངས་སུ་གྱུར་པ་ལས་ལས་གཏོར་རིན་པོ་ཆེའི་མཆོད་སྡོང་འོད་ཟེར་འཕྲོ་བ་དང་། བསྲེག་རྫས་རྣམས་རང་བཞིན་གྱིས་དག་པའི་བདུད་རྩི་འདོད་ཡོན་དྲུག་གི་སྤྲིན་ཕུང་མཁའ་ཁྱབ་ཏུ་སྤྲོ་བས་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། དེ་ནས་མེ་ཐབ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་ཐབ་ཁུང་དམར་པོ་ཟླ་གམ་མུ་རན་ཁ་ཁྱེར་དང་བཅས་པ་འོད་ཟེར་མཐའ་ཡས་པ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བར་བསམ་ལ། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཕཊ། ཅེས་དཀྱིལ་འཁོར་དབུས་ཀྱི་མར་མེ་ལས་དཔལ་འབར་གྱིས་མེ་བླངས་ཏེ་སྦར་ལ། སླར་རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་དབུས་སུ་འཕྲོས་པ་གུནྡྷེར་གྱུར། དེ་ལས་འོད་ཟེར་སྤྲོ་བསྡུས་དོན་བྱས། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཡོངས་སུ་གྱུར་པ་ལས་ཟངས་ཀྱི་ར་སྐྱེས་ལ་གནས་པའི་མེ་ལྷ་དམར་པོ་ཞལ་བཞི་ཁྲོ་འཛུམ་ཆགས་པ་དྲང་སྲོང་གི་ཆ་བྱད་ཅན་ཕྱག་བཞིའི་གཡས་གཉིས་ལྕགས་ཀྱུ་དང་བགྲང་ཕྲེང་གཡོན་གཉིས་དབྱུག་པ་དང་གུནྡྷེ་བསྣམས་པའི་སྐུར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམ་ལ། ཧཱུྃ། ཡེ་ཤེས་སྤྱན་གྱི་སྤྱོད་ཡུལ་ནས། །མེ་ལྷ་དྲང་སྲོང་འཁོར་དང་བཅས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མེ་ལྷའི་གཙོ། །སེམས་ཅན་དོན་ལ་དམ་ཚིག་དགོངས། །འབར་བའི་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཨགྣེ་ཛྙཱ་ན་སཏྭ་ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་སྤྱན་དྲངས། ཧཱུྃ། གཟི་བརྗིད་འབར་བ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་གྲུབ་ཅིང་། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འབར་བའི་གནས་འདིར་བཞུགས་སུ་གསོལ། །ༀ་ཨགྣེ་ཡེ་ས་མ་ཡ་ཏིཥྛ་ལྷན། ཞེས་དབྱེར་མེད་པར་བསྟིམ་ཞིང་བཞུགས་སུ་གསོལ། ཧཱུྃ། པདྨའི་རིགས་ལས་གྲུབ་པ་ཡི། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཕྲིན་ལས་ཀུན་གྱི་དབང་པོ་མཛད། །སྟོང་འཛིན་ལྷ་ལ་ཕྱག་འཚལ་ལོ། །ༀ་ཨགྣ་ཡེ་ཨ་ལ་ལ་ཧོཿ ཨ་ཏི་པུ་ཧོཿ པྲ་ཏི་པུ་ཧོཿ ཞེས་ཕྱག་འཚལ་ལོ། །ཉེར་སྤྱོད་རིམ་བཞིན་ཕུལ་ལ། ཧཱུྃ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ར་སྐྱེས་ཆིབས་ཤིང་གློག་ལས་མགྱོགས། །བསྲེག་རྫས་ཀུན་གྱི་ཕྱག་ཚང་མཛད། །ཚིམ་བྱེད་ཁྱོད་ལ་མཆོད་པ་འབུལ། །ༀ་ཨགྣ་ཡེ་པུཥྤེ་པུ། དྷཱུ་པེ་དྷཱུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ནཻ་ལྦི་དྱཱ་ཁ་ཁ་ཁཱ་ཧི། ཞེས་རྣམ་ལྔ་འབུལ། མེ་ལྷ་ཞལ་ཅུང་ཟད་གདངས་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམ་ལ། བྱང་ཆུབ་མཆོག་གི་ཕྱག་རྒྱས་གཟར་བུ་གཉིས་བཟུང་ནས། ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་བླུགས་གཟར་བདུན་གྱིས་དགང་གཟར་བཀང་བ་ཁ་སྦྱར་ཏེ་པུས་མོའི་ནང་ལས་མི་འདའ་བས་གཡས་སུ་བསྐོར་ཞིང་། ༀ་ན་མཿས་མནྟ་བུདྡྷཱ་ནཱཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། བདག་ཅག་རྡོ་རྗེ་སློབ་དཔོན་དང་སྒྲུབ་པ་པོ་མཆེད་ལྕམ་འཁོར་དང་བཅས་པ་རྣམས་ཀྱི་དམ་ཚིག་ཉམས་ཆག་ཆོ་ག་ལྷག་ཆད་ལས་དང་ཉོན་མོངས་པ་ལས་གྱུར་པའི་སྡིག་སྒྲིབ་མ་ལུས་པ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དགང་བླུགས་ཕུལ། དེ་ནས་གཏོར་མ་དང་སྨན་རཀ་དངོས་གྲུབ་ཀྱི་རྫས་རྣམས་ཕུལ་ལ། ཧཱུྃ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །མཉམ་པའི་ངང་ལས་ཀུན་སྣང་ཡང་། །ཆོས་ཉིད་ངང་ལས་མ་གཡོས་པས། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི། །དྲང་སྲོང་མེ་ལྷའི་ཞལ་དུ་མཆོད་པ་འབུལ། །བདག་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ན་མཿས་མནྟ་བུདྡྷཱ་ནཱཾ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་གྲངས་ཅི་རིགས་འབུལ། བདག་ཅག་རྡོ་རྗེ་སོགས་འདོད་གསོལ་གོང་ལྟར་སྦྱར། དེ་ནས། ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱས་ཡམ་ཤིང་དང་། ༀ་ཨགྣ་ཡེ་སྭཱ་ཧཱས་མར་ནག །ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱས་ཏིལ་ནག་མང་དུ་འབུལ་ཞིང་འདོད་གསོལ་བྱས་ལ། ཧཱུྃ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བདུད་བཞི་འཇོམས་པའི་ཕྱག་བཞི་པ། །ཞལ་བཞིས་ལས་བཞི་གྲུབ་པར་བྱེད། །ལས་ཀུན་མཛད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ལ། ཡུངས་དཀར་ནག་ཐབ་ཏུ་འཐོར་ཞིང་། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས། བསྲེག་རྫས་ལྷ་ཡི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ་ལོ། །དེ་ནས་འདས་པའི་མེ་ལྷ་མཆོད་པ་ནི། ༀ་བཛྲ་ཛྙཱ་ན་ཛྭ་ལ་རཾ། ཞེས་པས་མེ་ལྷ་ཉིད་ཐུགས་རྗེ་ཡེ་ཤེས་ཀྱི་མེ་འབར་བའི་རྣམ་པར་གྱུར་བའི་ཀློང་དུ་བྷྲཱུྃ་ཡིག་འོད་དུ་ཞུ་བ་ལས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་བྷཉྫ་ཛྙཱ་ན་མཎྜལ་བྷྲཱུྃ་ཞེས་པས་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་ནང་མ་ཟླ་གམ་དམར་ནག་སྒོ་གཅིག་པ། ཕྱི་བར་ཁྱམས་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པའི་དབུས་སུ་ལྷ་སོ་སོ་རང་རང་གི་གདན་ཇི་ལྟ་བ་བཞིན་གྲུབ་པར་བསམ་ལ། ཧཱུྃ། ཡེ་ཤེས་སྤྱན་གྱི་སྤྱོད་ཡུལ་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །སེམས་ཅན་དོན་སླད་དམ་ཚིག་དགོངས། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་དྲི་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། བཛྲ་ཨ་ར་ལི་ཧོཿཧྲིཾ་ཧྲིཾ། ཞེས་པས་སྒྲུབ་མཆོད་ཀྱི་དཀྱིལ་འཁོར་ལས་ལྷ་ཚོགས་རྣམས་ལས་རྡོར་གྱི་སོ་སོའི་སྔགས་དང་བཅས་པས་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་ཏེ་སློབ་དཔོན་ལ་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་བཞིན་དུ། ༀ་མ་ཧཱ་ཤྲཱི་ཧེ་རུ་ཀ་སོགས་སོ་སོའི་སྔགས་རྣམས་བརྗོད་པས། ལྷ་ཚོགས་རྣམས་རང་རང་གི་གདན་ལ་བཞུགས་པ་ནི། དབུས་སུ་བཅོམ་ལྡན་འདས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་ཡབ་ཡུམ། ཕྱོགས་མཚམས་བརྒྱད་དུ་ག་རཱི་ལ་སོགས་པའི་མ་མོ་བརྒྱད་འཁོར་དང་བཅས་པ་འོད་ཟེར་གྱི་ཕྲེང་བ་མཁའ་ཁྱབ་ཏུ་འཕྲོ་བས་ཕྲིན་ལས་ཐམས་ཅད་མཛད་པར་གསལ་བཏབ་ལ། ཧཱུྃ། ཨརྒྷཾ་མེ་ཏོག་བདུག་སྤོས་དང་། ཞེས་སོགས་ཤློ་ཀ་གཅིག་གི་མཐར། ༀ་རཀྟ་ཙིཏྟ་ཤྭ་དྷ་ནི་སྭཱ་ཧཱ། ༀ་ཤྲཱི་བཛྲ་རཱ་ག་སྔོན་དུ་འགྲོ་བས། པུཥྤེ་ནས། གིརྟི་ཧྲཱིཿའི་བར་གྱིས་ཨརྒྷཾ་དང་རྣམ་ལྔ་རོལ་མོར་བཅས་པས་མཆོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཀྱི་སྦུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམ་ལ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཞེས་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ་རུ་ལུའི་མཐར་སྦེལ་ཚིག་སྔར་ལྟར་སྦྱར་བས་ལན་གསུམ་ཕུལ། སྒྲུབ་གཏོར་སྨན་རཀ་དངོས་གྲུབ་ཀྱི་རྫས་རྣམས་ཕུལ་ལ། བདག་མེད་ཕྱོགས་བྲལ་སོགས་བསྟོད་པ་ཤློཀ་བཞིའི་མཐར། ༀ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩིའི་འབར་བའི་སྦྱིན་སྲེག་འདི། །དཔལ་ཆེན་ལྷ་དགུ་འཁོར་དང་བཅས་ལ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མཛོད། །ༀ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། དེ་ནས་ཡམ་ཤིང་། མར་ནག །ཏིལ་རྣམས་ཀྱང་རུ་ལུའི་མཇུག་ཏུ་རྫས་སྔགས་སྦྱར་བས་བརྒྱའམ་ཉེར་གཅིག་སོགས་བཅུ་ཚན་ལྟ་བུའི་མཚམས་ཇི་ལྟར་རིགས་པར་སྤེལ་ཚིག་སྦྱར་བས་འབུལ་ཞིང་། གཞན་ཡང་ལྷ་རང་རང་གི་ཁྱད་པར་དམ་རྫས་དཀྱིལ་འཁོར་ལ་བཀོད་ཡོད་ན་དེ་དག་ལས་ཀྱང་སྐབས་འདིར་འབུལ་བར་བཤད་དོ། །དེ་ནས་སྒྱུ་འཕྲུལ་ལས་འབྱུང་བའི། གཏུམ་ཆེན་དུས་མཐའ་མ། མ་ལྕོགས་ན་གོང་ལྟར། བདག་མེད་ཕྱོགས་བྲལ་སོགས་ཀྱིས་བསྟོད། ཡུངས་དཀར་ནག་ཐབ་ཏུ་འཐོར་ལ། སྤེལ་ཚིག་གིས་ཕྲིན་ལས་གསོལ། གསུམ་པ་ནི། གཏང་རག་གི་མཆོད་བསྟོད་མདོར་བསྡུས་དང་། བཟོད་གསོལ་བྱས་ལ། སྔར་ལྟར་མེ་ཏོག་གིས་སྤྱན་དྲངས་ཏེ། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ་མོ། །སླར་ཡང་། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཅེས་བླུགས་གཟར་གྱི་མར་ཁུས་མེ་གསོས་ཏེ། འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་བར་བསམ་ལ། ཡམ་ཤིང་སོགས་རྫས་ལྷག་མ་རྣམས་བསྲེགས། རྣམ་ལྔས་མཆོད། མེ་ལྷའི་རྒྱལ་པོ་སོགས་ཀྱིས་བསྟོད། ན་མཿས་མནྟ་བུདྡྷཱ་ནཱཾ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་ཨགྣེ་ཡེ་སྭཱ་ཧཱ། ཞེས་ལས་གཏོར་ཕུལ་ལ་འདོད་དོན་གསོལ། ཡིག་བརྒྱས་ནོངས་པ་བཤགས། བཛྲ་མུཿས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་བསམ། མ་ཏྲཾ་བསྒྲལ་ཆོག་སྐབས་ལྟར་ལས་བཞི་ཀའམ་ཞི་བའི་བྲོ་བརྡུང་ལ་ལས་ཀྱི་རྗེས་བསྡུའོ། །གཉིས་པ་མཁའ་འགྲོའི་གཏོར་མ་བསྐྱང་བ་ལ་གསུམ། ལྷག་ཆོག །བརྟན་མ། རྟ་བྲོའོ། །དེའང་ཚོགས་ཀྱི་ལྷག་མ་བསྡུས་ཏེ། མཆོད་པའི་རས་མ་དང་། ཕྱག་དར་བཅས་སྣོད་དུ་བླུག་ཅིང་། སྒྲུབ་པའི་དུས་ཀྱི་ལྷག་གཏོར་ཀེའུ་ཚང་དུ་བསགས་པ་རྣམས་དང་ལྷན་ཅིག་ཏུ་ཁྱེར་ལ། ལས་མཁན་གྱིས་དཀྱིལ་འཁོར་ཁང་པ་ནས་གོམས་པ་བདུན་ཅུའི་སར་ལྷག་མའི་དཀྱིལ་འཁོར་གཏོར་མ་དང་བཅས་པ་བཤམས་ལ་ལྷག་མའི་ཆོ་ག་རྒྱས་པར་བྱ་ཞིང་། བཤལ་ཆུས་བརྟན་མ་བསྐྱངས་ནས། སླར་ནང་དུ་འོང་བའི་ཚེ་སྲུང་འཁོར་གསལ་བཏབ་པའི་ནང་དུ་རྣལ་འབྱོར་པ་འཁོར་བཅས་ཀྱི་གནས་ལུས་ལོངས་སྤྱོད་ཐམས་ཅད་ཚུད་ནས། མེའི་ར་བའི་འོད་ཟེར་གྱི་རྐྱེན་ངན་བར་ཆད་ཐམས་ཅད་ཀྱི་སྲུང་བ་ཆེན་པོར་བསམ། སྒོ་དྲུང་དུ་དོང་གྲུ་གསུམ་བྲུས་པ་ལ་སྔར་དམ་སྲི་བཀུག་བསྟིམས་བྱས་པའི་ལིངྒ་སྣོད་བཅས་བཞག །སླར་ཡང་བཀུག་བསྟིམས་ཕུར་གདབ་བྱས་ལ་འབྱུང་བ་གོ་ལྡོག་རི་རབ་དང་བཅས་པས་མནན་ལ། ཁྲོ་བོའི་ཚོགས་རྣམས་ཀྱིས་མི་འཆོར་བར་གཟིར་མནན་མཛད་པའི་སྟེང་དུ་ཡི་གེ་ཧཱུྃ་མཐིང་ནག་ལས་རྒྱ་གྲམ་ལྗང་གུ་མེ་ལྕེའི་ཕྲེང་བས་བསྐོར་ཞིང་ལྟེ་བར་སུ་སེར་པོས་མཚན་པ། ༀ་བཛྲ་སུ་མེ་རུ་ཏྲུཾ་ཧཱུྃ། ཞེས་བརྗོད་པས་དེ་ཉིད་གསེར་གྱི་རི་རབ་གྲུ་བཞི་དཔག་ཚད་བྱེ་བར་ཁྱབ་པར་གྱུར། དེའི་སྟེང་དུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་འཁོར་དང་བཅས་པས་ཕོ་བྲང་བཏབ་པས་ཁྲོ་བོ་རྣམས་ཀྱང་ཤིན་ཏུ་གཟིར་ཞིང་མི་གཡོ་བར་བསྐུལ་པའི་མཐའི་བར་དུ་མནན་པར་བསམ་ལ་ལས་བཞིའི་རྟ་བྲོ་བརྡུང་ངོ་། །གསུམ་པ་ནི། དངོས་གྲུབ་ཀྱི་རྫས་དང་སྒྲུབ་གཏོར་བཅུག་པའི་གཏེར་བུམ་སྒྲུབ་ཁང་གི་ཕུག་གམ། དཀྱིལ་འཁོར་ཁང་པའི་འོག་ཏུ་དོང་ཟླ་གམ་དམར་པོས་བསྒྱུར་བ་སྨན་རཀ་གི་ཆག་ཆག་བཏབ་པའི་དོང་དུ་སྦ་ཞིང་། དེ་ཉིད་བྷྲཱུྃ་ལས་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་དུ་གྱུར་པར་མོས་ལ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྐུ་མཆོག་བྱང་ཆུབ་སེམས་སུ་རབ་བཞུགས་པ། །སྣང་སྲིད་ཐམས་ཅད་མི་རྟག་དུས་བྱུང་ན། །ཟད་མེད་མི་ཟད་གཏེར་གྱིས་མདུན་ནས་བསུ། །སྐྱེ་ཤི་མེད་པའི་ཚེ་དང་འཕྲད་པར་ཤོག །དུས་གསུམ་སྐུ་གསུང་ཐུགས་སུ་གཏེར་སྦས་པས། །དུག་གསུམ་རྣམ་པར་དག་པས་སྐུ་གསུམ་དང་། །སྐུ་གསུམ་འགྱུར་བ་མེད་པ་ཐིག་ལེའི་གཏེར། །རྫོགས་པ་ཆེན་པོ་ཐིག་ལེ་བདེ་ཆེན་ཀློང་། །ཐིག་ལེ་བདེ་ཆེན་ཀློང་དུ་གཏེར་སྦས་པས། །སྣང་སྲིད་ཐམས་ཅད་བདེ་ཆེན་ས་ལ་བཀོད། །ལམ་གྱི་ནང་ན་ཉེ་ལམ་དེར་རྫོགས་པ། །ཐབས་ཀྱི་ནང་ན་མ་ནོར་དམ་པའོ། །ཟད་མེད་བྱང་ཆུབ་སེམས་ཀྱི་གཏེར་སྦས་པས། །དུས་གསུམ་སངས་རྒྱས་སེམས་ཅན་གཉིས་མེད་དེ། །མི་ཟད་གཏེར་གྱི་དངོས་གྲུབ་ཐོབ་པར་ཤོག །ཅེས་བརྗོད་དོ། །བཞི་པ་དཀྱིལ་འཁོར་བསྡུ་བ་ལ། མཆོད་བསྟོད། བཟོད་གསོལ། བསྡུ་རིམ། ཕྱི་མཚམས་དགྲོལ་བའོ། །དང་པོ་ནི། མཆོད་པ་གསར་དུ་བཤམས་ལ་སྒྲུབ་ཐབས་ལྟར་ཕྱི་མཆོད་བྱིན་བརླབ། སྨན་རཀ་གཏོར་གསུམ་སྔགས་ཙམ་གྱིས་བརླབས་ལ། མཆོད་བསྟོད་ཚང་བར་བྱའོ། །གཉིས་པ་ནི། ཧོཿ བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་འདིར་འདུས་ཤིང་ཚོགས་པ་རྣམས་ཀྱིས། དེང་ཕན་ཆད་དུ་བསྙེན་སྒྲུབ་ཟབ་མོ་བགྱིས་པ་ལ་ཚུལ་བཞིན་དུ་རྔོ་མ་ཐོགས་ཏེ། ལྟ་བ་ཟབ་མོའི་གཏིང་མ་རྟོགས་ཤིང་སྤྱོད་པ་ཟབ་མོ་དང་དུ་མ་ལོངས་པ། ལེ་ལོ་དང་གཉིད་དབང་དུ་གྱུར་ནས་ཏིང་ངེ་འཛིན་མ་གསལ་ཞིང་བཟླས་པ་གྲངས་ཉུང་བ། རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་ཉམས་ཤིང་དངོས་གྲུབ་ཀྱི་གེགས་སུ་གྱུར་པ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་བཟོད་པར་གསོལ་ལོ། །ཞེས་དང་ཨཱ་ལི་ཀཱ་ལི་ཡི་གེ་བརྒྱ་པ་བཟླས་ལ་དཀྱིལ་འཁོར་ལན་གསུམ་བསྐོར་རོ། །གསུམ་པ་ནི། རས་བྲིས་ཡིན་ན་ཡེ་ཤེས་པ་བརྟན་བཞུགས་བྱ། དམ་ཚིག་གི་དཀྱིལ་འཁོར་བསྡུ་ལྡང་སོགས་དཀྱུས་ལྟར་བྱ། རྡུལ་ཚོན་ཡིན་ན། བེ་གཱ་པྲ་མ་ཡཾ་ཞེས་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་བཏེགས་ལ། གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་སྔར་བཞིན་བྱས་ནས། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། ཛྙཱ་ན་མཎྜལ་བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་གི་དཀྱིལ་འཁོར་གསལ་བཏབ་ལ། ཧཱུྃ། ཡེ་ཤེས་ཐུགས་ཀའི་ཧཱུྃ་ལས་ནི། །འོད་བྱུང་དཀྱིལ་འཁོར་ལྷ་ལ་འཕྲོས། །ལྷ་རྣམས་བྱང་སེམས་འོད་དུ་འབར། །ལྷ་རྣམས་སོ་སོའི་སྙིང་པོ་སྒྲ། །ཧཱུྃ་ཧ་ཧེ་ཕཊ་སྒྲ་འབྱིན་ཅིང་། །བྱང་ཆུབ་སེམས་སུ་གཅིག་པར་ཐིམ། །ཧཱུྃ་ཧཱུྃ་ཧཱུྃ། ཞེས་དགུ་བརྩེགས་སུ་བརྗོད་ནས་སྒྲུབ་ཐབས་ལྟར་འོད་གསལ་དུ་བསྡུ། ཐུན་མཚམས་གཉུག་མའི་ལྷར་ལྡང་། གོ་བགོ་ལུས་སྲུང་བྱས་ལ་སྲུང་མའི་གཏོར་ཆོག་ཀྱང་དཀྱུས་ལྟར་དུ་བྱའོ། །དེ་ནས་ཕྱི་མཚམས་བཀྲོལ་བ་ནི། ཐོ་བཞི་དང་སྒོ་བྱང་གཉིས་ཀྱི་མདུན་མཆོད་གཏོར་བཤམ། ཐོག་མར་ཤར་གྱི་ཐོ་རྩར་ཕྱིན་ལ། མཆོད་གཏོར་བྱིན་བརླབ། གཏོར་སྔགས་ལན་གསུམ་གྱིས་གཏོར་མ་དང་། ༀ་བཛྲ་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་འབུལ། ཧཱུྃ། འཇིག་རྟེན་སྐྱོང་བའི་དམ་ཚིག་ཅན། །སོགས་ཀྱི་མཐར། ཕྱི་རོལ་སྐྱོང་བའི་རྫུ་འཕྲུལ་ཅན། །འཁོར་དང་བཅས་པ་ཐམས་ཅད་ལ། །དམ་རྫས་གཏོར་མཆོད་རྒྱ་ཆེན་པོ། །སྔར་མཛད་ལེགས་པའི་གཏང་རག་དང་། །ཕྱིན་ཆད་གཉེར་དུ་བཅོལ་ཕྱིར་འབུལ། །ཕྲིན་ལས་མ་ལུས་གྲུབ་པར་མཛོད། །ཅེས་དང་། རང་སྔགས་ལ་ཡ་ཧི་གཙྪ་བཏགས་པས་གཤེགས་སུ་གསོལ། སྐུ་ཡོད་ན་གཙོ་བོ་བརྟན་བཞུགས་བྱ། དེས་འགྲེས་ཏེ། ལྷོ་དང་། ནུབ་དང་། བྱང་གི་བར་དུ་བསྡུ། ཕྱི་སྒོའི་རྩར་ཕྱིན་ལ་གཏོར་མ་བྱིན་བརླབ་བྱ། བཛྲ་སྥ་ར་ཎ། མ་ཏྲཾ་སྲས་མཆོག་ཏུ་གྱུར་པ་དེ་ཉིད་ལོགས་སུ་ཕྱེ་ནས་མདུན་དུ་བཞུགས་པར་གྱུར། ༀ་ཨེ་ཧྱེ་ཧི་ཨཱ་རལླི་ཨི་དཾ་བཛྲ་བ་ལིཾ་ཏ་པྲ་ཏཱིཙྪ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཧོཿ ཞེས་ལན་གསུམ་གྱིས་གཏང་རག་འབུལ། ཕཊ། འོག་མིན་དུ་གཤེགས་ནས་དཔལ་ཧེ་རུ་ཀའི་ཐུགས་ཀར་ཐིམ་པར་གྱུར། ཞེས་གནས་སྤར། ༀ་བཛྲ་ཀརྨ་སོགས་ཀྱི་གཤིན་རྗེ་ལ་མཆོད་པ་དང་གཏོར་མ་འབུལ། བསྟོད་པའི་མཇུག་གི། ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། །ཞེས་པ་ཡན་དཀྱུས་ལྟར་ལ། བདག་གི་སྒྲུབ་པ་མ་ཐོན་བར། །བསྲུང་བའི་ཕྲིན་ལས་མཛད་པ་ལ། །གཏང་རག་མཆོད་པས་མཉེས་ནས་ཀྱང་། །དམ་ཚིག་བྱ་ར་མཛད་དུ་གསོལ། །ཅེས་དང་གཤེགས་གསོལ་སྔ་མས་འགྲེ། ནང་སྒོར་བྱིན་བརླབ་མཆོད་གཏོར་འབུལ་བ་ནས། ཕྲིན་ལས་ཐོག་སེར་བགེགས་ལ་འབེབས། །ཡན་གོང་ལྟར་ལ། དངོས་གྲུབ་བར་ཆད་བསྲུང་བ་ཡི། །གཏང་རག་ཕུལ་བས་དགྱེས་བསྐྱེད་ནས། །སླར་ཡང་ཕྲིན་ལས་མཛད་དུ་གསོལ། །ཅེས་བརྗོད། གཤེགས་གསོལ་བྱའོ། །སླར་ཡང་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་སུམྦྷས་ཕུར་བུ་ཐམས་ཅད་གདབ་རིམ་ལས་ལྡོག་ཕྱོགས་སུ་བཏོན་ལ། ༀ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་བུ་དང་བགེགས་ཀྱི་བཞུགས་བརྙན་ཡོད་ན་བཀྲུ། བགེགས་རྣམས་ཀྱི་སྨས་པ་སོས་ནས་རང་གནས་སུ་དེངས་པར་མོས། ཕུར་ཁུང་ཡང་རེ་ཁཱ་དཀར་པོས་དགབ། དེ་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་དང་སྒྲུབ་རྫས་རྣམས་བསྡུ་བ་ནི། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །འཕྲུལ་ཞལ་ཡིད་བཞིན་བྷནྡྷའི་རྫས་མཆོག་དང་། །ཁམས་གསུམ་བསྒྲལ་བའི་དམ་རྫས་ཤ་ཆེན་དང་། །མ་རིག་མུན་སེལ་མར་མེ་དགུ་པ་གསུམ། །འདི་ལ་བརྟེན་ཏེ་ལྷ་དང་དངོས་གྲུབ་བསྒྲུབས། །མཆོད་པ་ཅི་འབྱོར་ཕུལ་ནས་སྒྲུབ་པ་བསྐྱངས། །འཁོར་བ་ངན་སོང་རྣམས་ཀྱང་བསྒྲལ་ལགས་ན། །དུས་གསུམ་རྒྱལ་བ་རྣམས་ཀྱང་མཆོད་ལགས་ན། །མ་སྲིང་རྒྱ་མཚོ་རྣམས་ཀྱང་བསྟེན་ལགས་ན། །མི་གནས་ཡེ་ཤེས་ཐུགས་ཀྱང་བསྒྲུབས་ལགས་ན། །དངོས་གྲུབ་དབྱིག་མཆོག་རྣམས་ཀྱང་བླངས་ལགས་ཀྱིས། །དངོས་གྲུབ་མཆོག་ཐོབ་དཀྱིལ་འཁོར་གནས་འདི་ནས། །ཡེ་ཤེས་ལྷ་དང་སྲུང་མ་འཁོར་དང་བཅས། །དང་པོའི་གནས་མཆོག་ཆོས་ཀྱི་དབྱིངས་སུ་གཤེགས། །ནམ་ཞིག་བདག་གིས་དམ་བཅས་བསྒྲུབ་པ་ལ། །ཁྱེད་ཀྱི་ཐུགས་དམ་མཆོག་ཀྱང་དེ་ལ གས་ན། །མྱུར་བར་སླར་གཤེགས་པར་ཡང་དགོངས་སུ་གསོལ། །ཞེས་དང་། ཆོས་ཐམས་ཅད་སྐྱེ་མེད་དུ་མོས་པས་ཨ་ཀཱ་རོ་བཟླ་ཞིང་དྲིལ་བུ་འཁྲོལ། གཡས་རྡོ་རྗེ་དང་བཅས་པས་ལྷ་མཚན་རྣམས་བླངས་ལ་ཅུང་ཟད་མགོ་བོར་བཀོད། ལྷག་མ་རྣམས་ཤར་ཀྱི་ཚངས་ཐིག་ནས་དབུས་ཀྱི་བར་ཕྱགས་ལ་བུམ་པར་བླུགས་ཏེ་བཀུར་སྟི་ཆེན་པོས་ཆུ་ཀླུང་དུ་དོར། བུམ་པ་དེ་ཆུས་བཀང་སྟེ་སླར་འོངས་ནས་དཀྱིལ་འཁོར་ཁང་པ་སོགས་ལ་བསང་གཏོར་བྱ་སྟེ། དེའི་ཚུལ་ནི་གསང་བ་སྤྱི་ཆོག་ལྟར་རོ། །ལྔ་པ་ནོངས་བཤགས་བྱ་བ་ནི། རྒྱས་པར་ན་རྡོ་རྗེ་སློབ་དཔོན་ལ་ནོངས་བཤགས་དང་གཏང་རག་འབུལ། མཆེད་ལྕམ་གཅིག་གིས་གཅིག་ལ་བཟོད་པར་གསོལ། དཀྱིལ་འཁོར་ཡེ་ཤེས་པ་ལ་བཤགས་ཤིང་སྨོན་ལམ་དུ་བྱ་བར་གསུངས་ཀྱང་། བསྡུ་ན་ཐམས་ཅད་ཀྱིས་སློབ་དཔོན་ལ་ཕྱག་བྱ་ཞིང་སྐྱེམས་དྲངས། སྒྲུབ་པ་པོ་རྣམས་གཅིག་གིས་གཅིག་ལ་ཕྱག་བྱས་ཏེ། ཡེ་ཤེས་སྐུ་མཆོག་དང་། རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །སོགས་ཚར་གཅིག་བརྗོད་པའི་མཐར། ཡེ་ཤེས་པའི་དཀྱིལ་འཁོར་མདུན་མཁར་དམིགས་ལ། པདྨ་རཱ་ག་ནིར་མ་ལ། ཀ་མ་ལ་མུག་ཏ་ནི། ལོ་ཀ་བན་དྷ་མི། སརྦ་པུ་ཙ་ཏི། ཆོ་ག་ལ་ཆགས་ན་ཆགས་པ་སྟེ། ཡུམ་ལ་ཆགས་པ་ཆགས་པའི་མཆོག །ཁྲོ་བོའི་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་ནི་ཕྱག་རྒྱ་ཆེན་པོ་སྟེ། །སྔ་དམ་གཉན་པོ་ཉམས་པ་མཐོལ་ཞིང་བཤགས། །ཕྱི་དམ་གཉན་པོ་ནོད་ཅིང་སྡོམ། །བདག་ཅག་གཡར་དམ་བསྐང་གྱུར་ཅིག །ཧོཿ ལས་ཐམས་ཅད་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །དེ་ལྟར་འགྱུར་པ་དང་གྱུར་པའི་བྱིན་གྱི་རླབས་ཀྱིས། འོ་སྐོལ་རྡོ་རྗེ་སློབ་དཔོན་དང་། མཆེད་ལྕམ་དྲལ་རྣམས་ཀྱི་ལུས་སེམས་ཀྱི་རྒྱུད་ལ་ལས་དང་ཉོན་མོངས་པའི་བག་ཆགས་ཐམས་ཅད་སྟོན་ཀའི་བ་མོ་ལ་དཔྱིད་ཀྱི་ཉི་མས་བཞུ་བ་བཞིན་དུ་བྱང་ཞིང་དག་པར་གྱུར་ཅིག །ཚེ་དང་དབང་ཐང་དཔལ་དང་གཟི་མདངས་ཐམས་ཅད་རིན་པོ་ཆེའི་དཔུང་རྒྱན་ལྟར་དར་ཞིང་རྒྱས་པར་གྱུར་ཅིག །རྡོ་རྗེ་སློབ་དཔོན་ཡང་སྟོན་པའི་སྒྲོན་མ་ཡུན་རིང་ཞིང་འགྲོ་བའི་དོན་མཛད་པ་ལ་མཐུ་ཆེ་ཞིང་ཐབས་མཁས་པར་གྱུར་ཅིག །ཆོས་ཆེན་པོ་འདི་ཡང་རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པ་མེད་པར་གྱུར་ཅིག །ཡུལ་ཕྱོགས་འདིར་ཡང་དུས་ཀྱི་འཁྲུགས་པ་ཞི། མཚོན་གྱི་བསྐལ་པ་ཉམས། མི་ནད་དང་ཕྱུགས་ནད་རྒྱུན་ཆོད། དབུས་ནས་ཡུལ་མི་འགུལ། མཐའ་ནས་དགྲ་མི་ལྡང་། བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ཅེས་བརྗོད་དོ། །དྲུག་པ་སྨོན་ལམ་ལ་གཉིས་ཏེ། ཡང་གཙོ་བོར་གྱུར་པ་ནི་རྡོ་རྗེ་རྒྱལ་པོའི་བདུད་རྩིའི་བྷནྡྷ་ཐོགས་ཏེ་སྤྱན་དྲངས་ལ། ཧཱུྃ། མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པ་དང་། །རབ་འབྱམས་རྒྱལ་བའི་བཀའ་ལ་དབང་ཐོབ་ནས། །འགྲོ་བ་ཡོངས་ཀྱི་དཔལ་དུ་གྱུར་པར་ཤོག །དེ་ལྟ་བུ་ཡི་མན་ངག་ལུང་སྟོན་པའི། །བཀའ་དྲིན་ཆེན་པོ་དགེ་བའི་བཤེས་གཉེན་དང་། །དམ་ཚིག་སྲོག་གི་བསྡུས་པའི་མཆེད་ལྕམ་རྣམས། །འོག་མིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་སུ། །དུས་གསུམ་འདུ་འབྲལ་མེད་པར་འགྲོགས་པ་དང་། །གསང་བ་ཆེན་པོ་ཐུགས་ཀྱི་དཀྱིལ་འཁོར་དུ། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་བརྗོད། ཡུམ་གཙོ་བོར་གྱུར་པ་ནི། རྡོ་རྗེ་གཟུངས་མས་མར་མེ་ཐོགས་ཏེ་སྨོན་ལམ་བྱ་བར་གསུངས་ཀྱང་ད་ལྟའི་ཕྱག་ལེན་དཀྱུས་བཞིན་གཟུངས་མར་བཏགས་པའམ་རྡོ་རྗེེ་རྒྱལ་ཐེབས་ཀྱིས་རྗེས་སུ་དབྱངས་བོར་ལེན་བྱ་ཞིང་། ཐམས་ཅད་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་བས་མར་མེ་ཐོགས་ལ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །རྡོ་རྗེ་སློབ་དཔོན་གཉན་གྱི་དབུ་བཟུང་ནས། །རྒྱལ་བའི་གདུང་འཚོབ་མཆེད་དང་ལྕམ་དྲལ་རྣམས། །ནམ་ཞིག་བྱང་ཆུབ་ལམ་དུ་བཞུགས་པའི་ཚེ། །འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་། །དམྱལ་བའི་ཟངས་ཁར་རྦབ་ཏུ་མི་འཆོར་ལ། །གཅོང་རོང་ཟབ་མོའི་གནས་སུ་མི་སྐྱེ་ཞིང་། །མངལ་གྱི་སྲིན་བུ་དག་ཏུ་མ་སྐྱེས་ཤིག །གཅན་གཟན་གདུག་པའི་སྒྲ་སྐད་མི་ཐོས་ཤིང་། །མཚོན་རྣོན་གདུག་པའི་དབལ་གྱིས་མི་ཕོག་ལ། །འཁོར་བའི་མུན་ནག་ཆེན་པོར་མི་བཏང་ཤོག །དགེ་བའི་བཤེས་གཉེན་བཀའ་དྲིན་བྱམས་པའི་མགོན། །མི་འབྲལ་སྲོག་གིས་འབྲེལ་བའི་མཆེད་ལྕམ་རྣམས། །ཚེ་རབས་འདི་ནས་ཚེ་བརྒྱུད་གར་སྐྱེས་ཀྱང་། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུའི་ཁྱད་པར་རིམ་གྱིས་བགྲོད་གྱུར་ནས། །ནམ་ཞིག་འཆི་འཕོའི་དུས་ཚེ་བྱུང་བ་ན། །འཁོར་བའི་གཡང་ས་ཆེན་པོར་ལྟུང་སྲིད་པས། །སྣང་བའི་གོ་འབྱེད་གསལ་བའི་ཞུན་མར་འདིས། །སྒྲུབ་མཆོག་བདག་ཅག་རྣམས་ཀྱི་ཤུལ་མཚོན་ནས། །རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་མདུན་ནས་བསུ། །ཡི་དམ་རྒྱལ་བའི་ལྷས་ནི་སྲོག་བརྟེན་ནས། །མ་སྲིང་རྒྱ་མཚོའི་ཚོགས་ཀྱིས་ཤུལ་ནས་སྐྱེལ། །བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་མཐའ་བརྟེན་ཏེ། །བྱང་ཆུབ་སེམས་མ་རྣམས་ནི་རོལ་མོ་འབུལ། །ལྕང་ལོ་ཅན་གྱི་གནས་སུ་ཕྱིན་པའི་ཚེ། །རྡོ་རྗེ་ཁྲོ་རྒྱལ་རྣམས་ཀྱི་ཞལ་མཐོང་ནས། །རིག་པའི་རྒྱལ་པོའི་ཞབས་དྲུང་སྐྱེ་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་སོ། །བདུན་པ་ཤིས་བརྗོད་བྱ་བ་ནི། ཐམས་ཅད་ནས་ཞྭ་གོས་གཟི་མདངས་བསྐྱེད། །ཕྱེ་མར་མེ་ཏོག་ཐོགས་ལ། རྟེན་སྙིང་དང་ཞལ་ནས་གསུངས་པའི་མཆོག་གསུམ་གྱི་ཤེས་པ་བརྗོད་པས་བྱང་དྲངས་ལ། ཧཱུྃ། བྱང་ཆུབ་སེམས་མཆོག་ཤེས་རབ་ཏིང་འཛིན་གྱིས། །ཉོན་མོངས་བདག་འཛིན་རྣམ་རྟོག་ཀུན་སྤངས་ནས། །བདག་ཉིད་ཆེན་པོའི་དོན་ལ་རབ་བསྒོམ་པས། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྡོར་སེམས་སྤྲུལ་པ་སྐར་ལྟར་འཕྲོ་བ་ཡི། །ཟ་བྱེད་བདུད་འདུལ་ལོག་རྟོག་ཀུན་བཏུལ་ནས། །བླ་མེད་བྱང་ཆུབ་མཆོག་ལ་བཀོད་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཞི་རྒྱས་དབང་དང་མངོན་སྤྱོད་ཕྲིན་ལས་ཀྱིས། །རྒྱུ་དྲུག་སེམས་ཅན་མ་ལུས་ཀུན་བསྒྲལ་ཏེ། །བླ་མེད་བྱང་ཆུབ་མཆོག་ལ་བཀོད་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀའ་གསུང་སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་རུ། །རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་གྱི། །ཐུགས་དམ་ཆེན་པོ་ཡོངས་སུ་བསྐངས་པ་ཡིས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་དང་། གཞན་ཡང་ཤིས་བརྗོད་ཀྱི་ཚིག་ཕྲེང་རྒྱས་པར་སྤེལ་པས་དགེ་ལེགས་སུ་བྱའོ། །དེའི་རྗེས་འབྲེལ་དུ་མ་སྲིང་རྒྱ་མཚོ་མཉེས་པར་བྱས་པའི་སླད་དུ་རུ་ལུ་གར་གྱི་བྲོ་བརྡུང་ཞིང་གླུ་བླང་བ་སོགས་ཀྱང་བཤད་དོ། །བརྒྱད་པ་བསྔོ་བ་བྱ་བ་ནི། བླ་མ་ཡི་དམ་ལྷ་ཚོགས་སོགས་སྤྱི་ལྟར་བརྗོད། སློབ་དཔོན་གྱིས་དགོངས་གསོལ་སྔོན་དུ་འགྲོ་བས་བསྟན་པ་སྤྱི་བསྔོ་མཛད་ཅིང་སྒྲུབ་པ་པོ་རྣམས་ཀྱིས་མཐུན་འགྱུར་བརྗོད། འཁོར་གསུམ་རྣམ་པར་མི་རྟོགས་པའི་རྒྱས་གདབ་པར་བྱའོ། །དེ་ནས་གནས་བསྲུང་སྟེ། སྒྲུབ་པ་པོ་རྣམས་ཞག་གཅིག་ཕྱི་རོལ་དུ་མི་འགྲོ། དེ་ནས་ཀྱང་ཞག་གསུམ་ལ་སོགས་པར་ཐག་རིང་དུ་མི་འགྲོ་བར་ལས་གཞུང་ཚར་རེ་བསྲང་ཞིང་དགའ་སྟོན་ཅི་ལྟར་འབྱོར་བ་བྱ། བླ་མ་མ་ཡིན་པ་ལ་ཕྱག་མི་བྱ། །དེ་ནས་དལ་བུས་མཚམས་ཁད་ཀྱིས་གྲོལ་ཞིང་ཞི་ཁྲོ་རྒྱུན་གྱི་ཏིང་ངེ་འཛིན་དང་མ་བྲལ་བར་སྒྲུབ་པའི་རྗེས་དོན་ཡོད་པར་སྤྱད་དོ། །དེ་དག་ལ་གནད་དུ་ཆེ་བའི་ཞལ་གདམས་གསང་འགྲེལ་ལས། དེ་ལ་སྒྲུབ་པའི་རྣལ་འབྱོར་དུ་བྱ་བ་གང་སྙམ་པ་ལ། སྒོམ་རྒྱུད་གསལ་བ་ཅི་ནུས་བྱ། །ཞེས་གསུངས་ཏེ། དང་པོར་མཚམས་བཅད་པ་དང་། བར་དུ་ཞི་ཁྲོ་གཞུང་བསྲང་བ་དང་། ཐ་མར་བཟླས་བརྗོད་དང་མཁའ་འགྲོ་མ་བསྐྱང་ཞིང་མཆོད་པ་ཡན་ཆད་དུ། རབ་མཚན་མེད་མཚན་བཅས་ཀྱི་བསྒོམ་པར་རང་གི་ཤེས་པའི་རྒྱུད་ལ་གསལ་ཞིང་འདྲིས་པར་བསྒོམ་པ་དང་། འབྲིང་སྔགས་དང་བཟླས་བརྗོད་བར་མ་ཆད་པར་བྱ་བ་དང་། ཐ་མར་ལུང་ཚིག་གིས་གསལ་གདབ་ཅིང་བསྐུལ་བ་སྟེ། རྣལ་འབྱོར་པའི་སྒོ་གསུམ་གཡོ་སྒྱུ་མེད་པས་ཅི་ནུས་སུ་འབད་དེ་བྱའོ། །རྣལ་འབྱོར་པ་རྒོད་བག་གཡེང་བ་ཅན་གྱིས་ནི་མ་ཡིན་ནོ། །ཞེས་གསུངས་པའི་དོན་སྒྲུབ་པ་པོའི་ཉམས་ཚོད་དང་སྦྱར་ཏེ་རྒྱུད་ལ་འབྱོར་ངེས་པར་བྱ་བ་ཅིས་ཀྱང་གལ་ཆེའོ། །སྤྱི་དོན་གསུམ་པ་བསྒྲུབས་པས་གྲུབ་པའི་འབྲས་བུ་ནི། དེ་ལྟར་མཚན་བཅས་མཚན་མེད་ཟུང་དུ་འབྲེལ་བ་མཉམ་བཞག་གི་རྣལ་འབྱོར་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཅིར་སྣང་ལམ་དུ་ཁྱེར་བ་རྗེས་ཐོབ་ཀྱི་རྣལ་འབྱོར་དང་མི་འབྲལ་བ་གཞིར་བྱས། རྒྱུད་ལས། རྣལ་འབྱོར་གསུམ་གྱི་དགོངས་པ་ཡི། །བསྙེན་སྒྲུབ་རྣམ་གསུམ་རིམ་པར་སྦྱར། །ཅེས་གསུངས་པ་ལྟར། ལས་དང་པོ་པ་དང་། ནུས་པ་རྙེད་པ་དང་། མཚན་མ་ཐོབ་པའི་རྣལ་འབྱོར་རྣམ་པ་གསུམ་གྱི་བློའི་སྟོབས་དང་སྦྱར་བའི། མཚན་མ། གྲངས། གནམ་སྟོང་ལ་ཞུགས་ནས་ཉལ་གདོན་པ་དུས་ཀྱི་བསྙེན་སྒྲུབ་རྣམ་པ་གསུམ་མཐར་ཕྱིན་ཅིང་། སོ་སོའི་སྐབས་ཀྱི་ཉེ་རྒྱུ་དང་བཅས་པ་ལ། གནས་སྐབས་ལམ་གྱི་འབྲས་བུ་རིག་འཛིན་བཞི་དང་ལས་བཞི་གྲུབ་པ་ཆེན་པོ་བརྒྱད་བདེ་བླག་ཏུ་འགྲུབ། མཐར་ཐུག་དབང་བཞིའི་ལམ་ལས་འགྲོས་བཞི་ཐིམ་ཞིང་གྲུབ་མཐའ་བཞི་སྙོགས་ཏེ། དེའང་རྩའི་འགྲོས་ཀུན་དར་མར་ཐིམ་པས་སྤྲུལ་སྐུ། ཡི་གེའི་འགྲོས་ཨ་ཧཾ་ཟུང་འཇུག་ཏུ་ཐིམ་པས་ལོངས་སྐུ། ལུས་ཁམས་བདུད་རྩིའི་འགྲོས་མི་ཤིགས་པའི་ཐིག་ལེར་ཐིམ་པས་ཆོས་སྐུ། སྙིང་པོ་རླུང་གི་འགྲོས་བདེ་བ་ཆེན་པོར་ཐིམ་པས་ངོ་བོ་ཉིད་སྐུ་སྟེ་སྐུ་བཞི་དབྱེར་མི་ཕྱེད་པ་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའ་དཔལ་ཧེ་རུ་ཀ་ཡང་དག་གྲུབ་པ་གཅིག་པུ་མཁའ་འགྲོ་སྒྱུ་མ་བདེ་མཆོག་གི་གོ་འཕང་མངོན་དུ་གྱུར་ནས་སངས་རྒྱས་ཀྱི་ཕྲིན་ལས་འཁོར་བ་མ་སྟོང་གི་བར་དུ་རྒྱུན་མི་འཆད་པར་འབྱུང་བར་འགྱུར་རོ། །འདི་ནི་གཞན་འགྲིགས་དང་བྱ་སླ་གཙོར་བཏོན་གྱིས་གཞུང་དོན་གསར་བསྡུ་དང་། རྒྱུད་དང་མན་ངག་གི་དོན་ཐུན་མོང་མ་ཡིན་པ་གང་ཡང་མེད་པ་ལ་གཞན་སྤྲོས་རྒྱས་འགེབས་ཀྱི་སྒོ་ནས་དབང་པོ་ཆེའི་རས་ཆོད་སོགས་ཀྱི་རྗེས་སུ་མ་འབྲང་བར། གཙོ་བོར་རྒྱུད་གལ་པོ་དང་། པདྨའི་གསང་འགྲེལ་ཆེན་མོའི་དགོངས་པ་དྲང་ཐད་དུ་བཀོད། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་རབ་ལྷ་དགུའི་སྒྲུབ་དཀྱིལ་ལ་སྦྱོར་བའི་དབང་དུ་བྱས་ཤིང་ཟླ་གམ་ཉེར་གཅིག་པ་དང་། ཞི་ཁྲོ་གནས་བསྒྱུར་གྱི་དཀྱིལ་འཁོར་ཟླ་གམ་ལྔ་བཅུ་རྩ་བརྒྱད་པ་དང་། དྲུག་ཅུ་རྩ་བརྒྱད་པ་རྣམས་ལའང་ཁ་སྤོ་ཆོག་པའི་དབང་དུ་བགྱིས་པ་ལ་ནོངས་པ་གང་མཆིས་རྩ་གསུམ་སྲུང་མ་དང་བཅས་པའི་སྤྱན་སྔར་སྙིང་ནས་བཤགས་པར་བགྱིད་པས་བཟོད་པར་མཛད་དུ་གསོལ། བློ་ལས་མི་ནུས་འདི་ཁུར་མ་མཆིས་བཞིན། །རྒྱ་ཆེན་བཀའ་གཞུང་སྡུད་པའི་ངལ་བས་ཅི། །རུ་ལུའི་དགོངས་པ་ཕྱོགས་གཅིག་རང་རྒྱུད་ལ། །སྦྱོར་ནས་ཡིབ་ན་བདག་གཞན་ཡིད་ལ་འཇེབས། །འོན་ཀྱང་སྔ་འགྱུར་རིག་འཛིན་ཕྱམ་གཅིག་ཏུ། །གཤེགས་ཤུལ་ལམ་འདི་སྨིན་གླིང་གཏེར་ཆེན་རྗེས། །ས་བོན་སྲོག་གི་རྩ་བ་བཟུང་མཛད་ཀྱང་། །ཡན་ལག་རྒྱས་པར་སྤྲོས་པར་གལ་མཛད་ཅིང་། །ཡིག་ཆ་རྙིང་པའི་དོན་རྣམས་འབྱོར་དཀའ་བས། །མོས་སློབ་ཆོས་སྲིད་མཁན་པོ་རང་འདྲ་བའི། །གདུང་བ་སེལ་ཕྱིར་ལག་ལེན་བདུད་རྩིའི་བཅུད། །རྒྱུད་གཞུང་རིན་ཆེན་འབྱུང་གནས་ཆེ་ལས་ཕྱུང་། །རིག་པ་རྣལ་འབྱོར་གཉིས་ཀྱིས་སྨིན་པའི་རྒྱ། །ཚོམ་བུ་ཚོགས་སུ་སྒྲུབ་པའི་ཉེ་རྒྱུ་ཡིས། །བརྟོལ་ཏེ་སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །བདེ་མཆོག་ཡང་དག་སྒྲུབ་པ་མངོན་བྱེད་ཤོག །ཅེས་པ་འདི་ནི་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་ཏུ་རིམ་གཉིས་ལ་གཞོལ་བའི་འདུས་པ་རྣམས་ལ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། རྫོགས་པའི་སངས་རྒྱས་པདྨའི་མཚན་ཅན་སོགས་རྡོ་རྗེ་འཆང་གཉིས་པ་རྣམས་ཀྱིས་རྗེས་སུ་བཟུང་བའི་རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་ཆེན་ལྷ་ཁང་རྡོ་རྗེ་བཀོད་པར་སྦྱར་བ་དགེ་ལེགས་འཕེལ། ༈ །དཔལ་ཆེན་ཡང་དག་མཚན་གྱི་ཟེགས་མས་ཀྱང་། །སྒྲིབ་གཉིས་ཀུན་སངས་ཡེ་ཤེས་རྒྱས་བྱེད་ན། །ཚོམ་བུ་ཚོགས་སུ་བསྒྲུབས་པས་རིག་འཛིན་བཞིའི། །གོ་འཕང་བདེ་བླག་འགྲུབ་པ་ལྟ་ཅི་སྨོས། །ཚུལ་དེའི་ལག་ལེན་ཡིག་ཆ་དེང་གི་དུས། །རྙེད་དཀའ་ཨུ་དུམྺ་རའི་མཛེས་རྒྱན་འདི། །བསོད་ནམས་གསེར་གྱི་པདྨ་འཛུམ་པ་ལས། །ལེགས་སྤྱད་ཟིལ་དངར་ཀུན་ཕན་བཅུད་གྲུབ་པ། །ཆོས་བློན་གང་དེས་འཛད་མེད་ཆོས་སྦྱིན་གྱི། །གཏེར་དུ་བསྒྲུབས་པའི་དགེ་འབྲས་བསམ་ཡས་དེས། །སྲིད་ལམ་དུབ་པའི་སྐྱེ་དགུ་ཇི་སྙེད་པ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ་ཐོབ་ཤོག །ཅེས་པའང་བློ་གྲོས་མཐའ་ཡས་ཀྱིས་ཆེད་དུ་བརྗོད་པ་མངྒ་ལཾ།། །།

བདུད་རྩི་སྒྲོན་མ་གསལ་བ་བདུད་རྩི་ཡོན་ཏན་སྐོར། སློབ་དཔོན་རྡོ་རྗེ་ཟླ་བ།

བདུད་རྩི་སྒྲོན་མ་གསལ་བ་བཞུགས་སོ། །བདུད་རྩི་ཡོན་ཏན་སྐོར། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བདུད་རྩི་ཕྱེ་མ་བསྒྲུབ་པའི་རིམ་པ་དག་གིས་ནི། །འགྲོ་བའི་རྟོག་བཟློག་ཡང་དག་ལྷ་ལ་གཟུད་བྱའི་ཕྱིར། །ལུང་དང་མན་ངག་རིག་པ་དག་གིས་ཐག་བཅད་དོ། །ལྟ་སྤྱོད་འབྲེལ་བར་བརྩེ་ཕྱིར་བདག་གིས་ཅི་ནུས་བརྩམ། ༈ །བདག་ཉིད་བཀྲིད་དྲང་ཆོས་དོན་རྒྱུ་འབྲས་ལུང་མ་རྨོངས། །རྣ་བརྒྱུད་ལུང་དང་མངོན་དུ་ཕྱུང་བའི་ལུང་གིས་ངོས་ཟིན་པ། །རྟོག་སྤྱོད་མན་ངག་དག་གིས་གདེངས་ལྡན་ལྟ་བ་ཅན། །ཡངས་ཤིང་རྒྱུད་བརླབས་ཞི་བའི་ཏིང་འཛིན་ཡོན་ཏན་བརྒྱད་ལྡན་པ། །དབང་ཡང་ཕྱི་ནང་གསང་བའི་རིམ་བཞིན་ཐོབ་པ་ལ། །ཕྱི་ནང་སྨན་གྱི་རིམ་པ་ཀུན་ལ་མཁས་པས་བསྒྲུབ། ༈ །རིག་མ་སྤྱི་དང་ཁྱད་པར་ཡོན་ཏན་ལྡན་ཞིང་དགོངས་རྒྱུད་ཅན། །ཚུལ་བཞི་ལྡན་ཞིང་མཚན་བཟང་སུམ་ཅུ་རྫོགས་པར་ཡོད། །སྲིད་ཞུར་བཅས་ཤིང་ཕྱི་ནང་རླུང་དཀར་གསེར་ལྡན་ཞིང་། །བརྟུལ་ཞུགས་ཆེ་ཞིང་རྟོག་པས་མ་བཅིང་བློ་གྲོས་བཟང་། །སློབ་མ་དཔའ་གཏུམ་གཙང་སྦྲ་ཆེ་ཞིང་སྐྱོན་དྲུག་སྤངས་པ་དང་། །དད་པས་མི་འཕངས་གཙོར་འཛིན་མི་ཕྱེད་དགུ་དང་ལྡན། །ནང་མི་མཐུན་དང་ཁ་ཟས་དཀའ་ཐུབ་མི་མཐུན་ཕྲག་དོག་སྤངས། །འདི་འདྲ་བུ་སྟེ་དེ་དག་པཉྩ་ཡན་ཆད་གཟུང་། །མི་མཐུན་དབང་མེད་ནན་གྱིས་འཇུག་ན་ཐབས་ཀྱིས་དབྱེ་བར་བྱ། །ཡུལ་ཡང་ཤར་ནི་རི་བོ་དྲང་སྲོང་བསྒྲུབ་པ་སྟེ། །ལྷོ་ན་དུར་ཁྲོད་ཡོད་ཅིང་ཕྲ་མེན་སྦྱོར་གནས་ནུབ་ན་ནི། །སྨན་གྱི་ལྷ་མོ་གནས་ཏེ་རྩི་སྨན་སྐྱེ་བའི་ས། །ཤིང་དང་ནགས་ཀྱི་ལྷ་གནས་བྱང་ན་ཙན་དན་ནགས། །གནས་དེར་རི་བོ་ནགས་འདབ་ཆུ་ངོགས་བྲག་ཕུག་སྟོང་། །དགའ་ཞིང་ཡིད་འོང་བདག་དབང་བར་ཆད་མེད་པའི་གནས་མཆོག་རྩལ། །དེ་ནི་མཆོད་སྦྱིན་རྒྱ་ཆེར་བྱས་ཏེ་སྣང་དང་མི་སྣང་ས་བདག་ལ། །རིན་བརྩལ་བདེན་པ་བགོ་ལ་བདག་གིར་རབ་བྱས་ཏེ། །ཁྲུ་གང་ས་སྟེགས་དབུས་སུ་གྲུ་གསུམ་མཐིང་ནག་ཁ་ཁྱེར་ཅན། །དབུས་སུ་མཆོག་གི་ཕུར་པ་བདུད་རྩི་ཀུན་དྷ་ལིར་བསྒོམ་གདབ། །གཟུང་ནས་མཚོན་ཆའི་ཆར་སོགས་དག་གིས་མཚམས་གཅད་དེ། །བརྐོ་དུས་ལྟོ་ཕྱེ་གནས་པའི་མཚན་ཉིད་ཤེས་བྱ་བརྐོ། །གཞལ་མེད་བྱིན་རླབས་མནས་སྒོར་ཤར་བསྟན་གྲུ་བཞིར་བྱའོ། །ཕྱི་རོལ་ཕྱོགས་མཚམས་དག་ཏུ་རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །མཆོད་རྟེན་བཞིའམ་བཅུ་བཞིར་སོ་སོའི་སྔགས་བཅས་བརྩིག །སྤྱན་དྲངས་མཆོད་དེ་བྱིན་རླབས་གནས་ཀྱི་སོ་སོར་བཞག །ཞེ་སྡང་རྡོ་རྗེའི་ཏིང་འཛིན་བསྒོམས་ཏེ་ཕྱོགས་དང་མཚམས་དག་དུ། །ཁྲོ་བོ་བཅུ་ལ་སོགས་པའི་སྔགས་དང་ཕྱག་རྒྱ་ཡིས། །ཏིང་འཛིན་འོག་ཕྱོགས་ས་གཞིར་རྡོ་རྗེར་བྱིན་རླབས་ནས། །སྟེང་ཡང་བླ་བྲེར་བྱ་སྟེ་ཕྱོགས་མཚམས་རྭ་བས་བསྐོར་ཏེ་སྦྱང་། །དེར་ནི་འཚོ་བའི་ཟས་ལ་སོགས་པའི་ཡོ་བྱད་རྣམས། །ལྷན་དུ་བསོགས་ལ་གསུམ་དུ་བྱས་ཏེ་གཅིག་གིས་དང་པོའི་མཆོད་སྦྱིན་བྱ། །བར་དུ་བསྒྲུབ་པའི་རྫས་ལ་ཐ་མར་ཆོས་སྟོན་བཟང་བར་བྱ། །དེ་ཀུན་ཚོགས་ཀྱི་དབུས་སུ་བཞག་སྟེ་རིགས་ཀྱི་ལྷར་བརྟགས་ལ། །བཟང་པོའི་དུས་ནི་ཡར་གྱི་བརྒྱད་དང་སྔ་དྲོའི་དུས། །ཁང་བཟང་བདུད་རྩི་ལྔ་ཡིས་ཞལ་ཞལ་ལེགས་པར་བྱ། །སྒོ་ནས་འདམ་གང་ས་རུ་གྲུ་གསུམ་མཁའ་ཀློང་དུ། །སྟྭམ་པ་ན་ཡི་ལས་ཀྱིས་རིམ་པས་ཐོད་པ་རུ། །དམ་ཚིག་ལ་སྡང་ཕུར་པས་གདབ་ཅིང་མནན། །བཀྲ་ཤིས་བྱ་ཕྱིར་བཀྲ་ཤིས་སྨོན་ལམ་གདབ་པར་བྱ། །སྒོ་སྲུང་མིག་གིས་རྟེན་བྱས་དྲག་ཏུ་བསྒོ་བྱས་ཏེ། །དང་པོ་མཆོད་སྦྱིན་དུས་སུ་དཀོན་མཆོག་འཕགས་པ་ལ། །མཆོད་སྦྱིན་བཟང་པོས་ཅི་ནུས་གུས་པས་མཆོད་བྱ་སྟེ། །སྡིག་བཤགས་བསྐང་གསོ་ཉེས་འགལ་བཟོད་གསོལ་གདབ་པར་བྱའོ། །ཡོན་ཏན་མགྲོན་མཆོག་མགོན་པོ་རྣམས་ལ་གཏོར་མ་རྒྱ་ཆེར་བཏང་། །འབྱུང་པོ་ཕལ་ལ་རྨེ་གཏོར་སྦྱིན་ལ་བསྐྲད་པར་བྱ། །སྙིང་རྗེའི་གནས་སུ་སྦྱིན་གཏོར་རྒྱ་ཆེ་བཏང་བྱ་ཞིང་། །ཟབ་པའི་མདོ་གདོན་སྲོག་སྦྱིན་རྒྱས་པར་བྱ། །དེ་ནས་གསང་ཕྱིར་ནན་ཏན་གྱིས་ནི་ནང་གི་མཚམས་བཅད་དེ། །དུར་ཁྲོད་བདག་པོ་མ་ཏྲཾ་གཟུགས་ལ་དགུག་ཅིང་གསད། །མནན་བྱས་ལྷོ་ཕྱོགས་མགོ་བསྟན་དུར་ཁྲོད་བརྒྱད་སྲུངས་ཏེ། །ཡིད་འོངས་ས་སྟེགས་ལུས་གང་ལེགས་བྱས་སོར་བཞིའི་འཕང་། །གྲུ་བཞི་མཉམ་བྱ་དྲི་ཆེན་དྲི་ཆུའི་རྐྱང་ནུལ་བྱ། །དེ་འོག་དྲི་སྣ་ལྔ་དང་ཁྲག་སྦྱར་ལེགས་བྱུགས་ལ། །རིག་མས་བ་སུ་ཏ་ལ་སོགས་པའི་ཐིག་བཀལ་གཡོག་བྱས་ཏེ། །གནས་ལྔ་མཁའ་གསང་ཡུམ་ཁྲོར་མེ་རིར་བརླབས། །ཕྱི་ཡི་ཆས་གོས་རྒྱན་ཀླུབས་དྲི་ཡིས་ལེགས་བྱུགས་ལ། །དཔལ་མཆོག་རྡོ་རྗེ་སེམས་དཔར་སྦྱོར་བའི་ཕྱག་རྒྱ་ཡིས། །མཁའ་དབྱིངས་རྡོ་རྗེ་པདྨོར་ཧཱུྃ་དང་ཨ་ལས་ཏེ། །རྡོ་རྗེ་རྩེ་ལ་ༀ་དང་པདྨར་ཧྲཱིཿདབུས་ཕཊ། །གསང་བའི་སེམས་ཀྱིས་བྷ་གར་ཐིག་གདབ་འཕྲོ་འདུ་བྱའོ། །དེ་བཞིན་མཎྜལ་བརྒྱད་དམ་ལྔ་པའམ་བཅུ་དྲུག་ཆ་ལ་སོགས། །གང་འདོད་མཎྜལ་ཅི་རིགས་གནམ་སའི་ཐིག །ཆོ་ག་ཇི་བཞིན་བྱིན་རླབས་ཐིག་གདབ་མཚོན་རྣམས་ཀྱང་། །ཡེ་ཤེས་ལྔར་བྱས་རིམ་གྱིས་མ་ནོར་དགྱེ་བར་བྱའོ། །གཟུགས་བརྙན་ཐིག་ནི་གང་ཡང་ཕྱོགས་བཅུར་ཀུན་ལ་ཡང་། །བཞི་བཞི་དག་དུ་ཆ་ནི་མཉམ་པོར་དབྱེ་བྱས་ཏེ། །རྩ་བ་དབུས་ཆ་གཉིས་ཏེ་མཐའ་གཉིས་དོར་བ་བགོ། །རྒྱན་དང་བཅས་བྱས་དབུས་བརྒྱད་ཆ་ལ་སྒོ་འགྲམ་དང་། །ཡ་ཕུབ་ལ་སོགས་སྒོ་ཁྱུད་ངེས་ལ་མཚོན་སྣ་ལྔ་བསྐོར་བྱ། །ཁྱམས་ཀྱི་ཆ་ལ་ལོངས་སྤྱོད་འགྲམ་གྱི་ཆར། །རིན་ཆེན་ཕ་གུ་ལོགས་རྒྱན་ཆ་གཉིས་དང་དྲ་བ་ཕྱེད། །ལོགས་རྒྱབ་ཆ་གཞན་རྟ་བ་ཆ་ལྔ་པོ་ལ་ཡ་ཕུབ་བཏེགས། །ཏ་ར་ཎ་བཞི་རྒྱན་གྱིས་རྣམ་མཛེས་རྟ་བབས་འདོད། །ཆོས་ཀྱི་འཁོར་ལོ་རྩེ་ཕྲན་གདུགས་མཛེས་རི་དྭགས་ཅན། །བ་དན་འཕན་དང་རྡོ་རྗེ་རིན་ཆེན་རྒྱལ་མཚན་བཅས་པར་བྱ། །མེ་འོད་རྡོ་རྗེ་པདྨོའི་ཕྲེང་བས་བརྗིད་པར་བསྐོར། །རྩ་བའི་དཀྱིལ་འཁོར་རང་གཞུང་ཅི་རིགས་མཛེས་པར་བྱ། །ཕྱག་རྒྱའི་ཐིག་ལེ་སྙིང་པོའི་རྫས་རྣམས་དགོད། །ཁྲོལ་བུ་ཕྱེ་མར་བྱ་སྟེ་ཁྲོ་བོར་གནས་བསྒྱུར་ནས། །ལོངས་སྤྱོད་ཁྲོ་བོའི་ལོངས་སྤྱོད་དུ་བསྒྱུར་ཏེ། །ཕ་གུ་ཐོད་ཕྲེང་དྲ་བ་ཐོད་སྐམ་ཡིན། །དྲྭ་བ་ཕྱེད་པ་དག་ནི་ཐོད་ཚལ་ཀ་བ་ཞིང་། །རྟ་བབས་ཆུ་སྲིན་ཞིང་གི་ཡན་ལག་སྦྲུལ་གྱིས་བརྒྱན། །སྤྲིན་ནག་གྲིབ་སོས་བརྒྱན་པའི་འཁོར་ལོ་ཞིང་གིས་གདུགས ། །རི་དྭགས་ཆུ་སྲིན་ཞིང་ཕྲན་བ་དན་ཞིང་ཆེན་འཕན། །རྐང་ཆེན་རྡོ་རྗེ་རིན་ཆེན་ཤུན་གྱི་རྒྱལ་མཚན་བསྒྲེངས། །མེ་འོད་རྡོ་རྗེ་བྲག་རིས་གཏམས་ཤིང་རབ་བརྗིད་པར ། །དེ་ལྟར་ལེགས་བྲིས་ཕྱོགས་བཞིན་མཎྜལ་བཟང་པོ་བཞི། །བདུད་རྩིས་ལེགས་བྱུགས་ལས་བཞི་སོ་སོའི་དབྱིབས། །སྒྲུབ་རྫས་ཤར་དུ་དུར་ཁྲོད་མེ་མར་ལྔ་བརྒྱད་ལྷོར། །ནུབ་དུ་ཡབ་ཡུམ་བྱང་རྒྱུ་རྒྱུ་མཆོག་ཅི་འབྱོར་བཞག །དབུས་སུ་བྲམ་ཟེའི་མགོའམ་ཚངས་པའི་སྐུད་པ་ཅན། །རྟའི་སྙིང་པོར་བྲིས་ཏེ་རུ་སྦལ་མགོ་དང་བཅས་པའོ། །ཕྱོགས་མཚམས་རིགས་སུ་གྱུར་པའི་ཁམས་ཕོར་མཐུན་པ་ཡི། །དར་གྱིས་དགབ་པའི་སོ་སོའི་མགུལ་ཆིངས་བྱས་པ་དགོད ། །དར་གྱིས་བསྐོར་ཏེ་གྲྭ་བཞིར་མདའ་དང་དར་སྣ་རལ་གྲི་བཞི། །ཕུར་པ་བརྒྱད་དང་དུར་ཁྲོད་རྫས་ཀྱིས་བསྐོར་བར་བྱ། །ཕྱོགས་བཞིར་བདེ་བའི་སྟན་ལ་ལས་བཞིའི་འདུག་སྟངས་གནས། །མདུན་དུ་ཨརྒ་དཔའ་བོ་བཟེད་ཕོར་གཏོར་མ་དགྲམ། །རྩ་བ་ལྔ་སོགས་ཇི་སྙེད་སྨན་གྱི་བྱེ་བྲག་ཀུན། །དབུས་སུ་སྣོད་དུ་ཚང་བར་བསགས་ཏེ་བསྒོམ་བྱ་བ། །ཆོས་རྣམས་ཐམས་ཅད་རང་སེམས་སྣང་སྟེ་གུད་ན་མེད། །སེམས་ཉིད་གདོད་ནས་མ་སྐྱེས་སྨྲ་བསམ་འདས། །དེ་ཉིད་མ་རྟོགས་འཁྲུལ་འཁོར་འགྲོ་དང་ལྡན་པ་ལ། །མཁའ་ལྟར་ཁྱབ་པའི་སྙིང་རྗེ་མི་རྟོགས་ངང་ལས་རང་བྱུང་བའོ། །ཐབས་ཀྱི་རང་བཞིན་ཐིག་ལེ་བྱང་ཆུབ་སེམས་ཉིད་ནི། །རྒྱུ་མཆོག་ཨ་དཀར་དམ་པ་ཟླ་དཀྱིལ་འོད་ཀྱིས་བསྐོར། །ཨཱཿལི་ཀཱ་ལི་མཚན་དང་དཔེ་བྱད་ཚོགས་ཀྱིས་བརྒྱན། །རཾ་འབྱུང་མེ་ནི་གྲུ་གསུམ་འབར་བས་དངོས་བསྲེག་ཡཾ། །ཟླ་གམ་དམར་པོ་རྒྱན་ལྡན་སྟེང་དུ་ཁམས་ལས་ཆུ། །མདོག་དཀར་ཟླུམ་པོ་བུམ་པས་མཚན་པ་མ་མ་ཀི། །སུ་ལས་ས་གཞིའི་རྡོ་རྗེས་མཚན་པའི་གྲུ་བཞིའོ། །རི་རབ་སྟེང་དུ་གཞལ་ཡས་གསལ་བ་བྷྲཱུྃ་ལས་སྟེ། །དེ་རུ་ཨ་མ་ལས་ནི་ཉི་ཟླའི་དཀྱིལ་སྟེང་པཾ་ལས་པདྨ་ཁ་སྟོང་དང་། །ལྡན་པའི་དབུས་སུ་དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ལས། །རྡོ་རྗེ་ལ་སོགས་ཐུགས་མཚན་འཕྲོ་ཞིང་འདུ། །དེ་ལས་རིགས་ལྔའི་སྐུ་ལྔ་སོ་སོར་གསལ་བར་བསྒོམ། །གཟུགས་སོགས་ཕུང་པོ་ལྔ་ལ་ཐིམ་པས་སྐུ་ལྔར་གྱུར། །འབྱུང་བ་ལྔ་པོ་ཡུམ་ལྔ་རྣམ་ཤེས་བརྒྱད། །ས་སྙིང་ལ་སོགས་ཡུལ་བརྒྱད་སྒེགས་སོགས་རེག་སོགས་དང་། །ཁྲོ་བོ་རྟག་སོགས་ཁྲོ་མོ་ཡིད་ཆོས་ཀུན་བཟང་གཟུངས། །བྱིན་རླབས་སྤྲུལ་སྐུ་ལ་སོགས་རང་བཞིན་དཀྱིལ་འཁོར་རྫོགས། །བདག་ཉིད་ཆེན་པོ་དེ་ཡི་སྐུ་གསུང་ཐུགས་བརླབས་པ། །ཀླད་པ་མགྲིན་འོག་ཟླ་དཀྱིལ་ཡི་གེས་མཚན་བྱས་ཏེ། །ང་རྒྱལ་བྱ་ཞིང་མགྲིན་འོག་ཡེ་ཤེས་སྐུ་མཆོག་ལེགས་གསལ་བྱ། །ཡེ་ཤེས་ལྔ་ཡི་དབུ་བརྒྱན་བཀོད་ལ་ང་རྒྱལ་བྱའོ། །ཡབ་ཡུམ་ཀུན་གྱིས་མཐུན་པ་བསྒོམ་བྱ་དེ་འོག་ཏུ། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བསྟོད་པའི་བར་དག་བྱའོ། །སྨན་གྱི་སྲུང་མ་གཙང་མ་ཀུན་ཐོག་བདེ་བྱ་སྟེ། །མཉམ་པའི་ཚིག་གིས་རྟོག་བྲལ་དམ་ཚིག་ལྡན་བྱས་ནས། །དམ་པ་རིགས་བརྒྱའི་བསྙེན་པས་དེ་ཉིད་དག་པར་སྦྱངས། །ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ར་ས་ཡ་ན་ཏ་ན་ཛ་ཡ་གུ་ཧྱ་སིདྡྷི་ཧཱུྃ་ཧྲཱི་ཋ། དེས་ནི་ལྷ་ཚོགས་མང་པོ་རང་བཞིན་ཉིད་དུ་གྱུར་པར་བརྟག །སྟོང་དུ་ཚངས་ནས་མཆོད་བྱས་ཏིང་འཛིན་བསལ་བར་བྱའོ། །དེ་ནས་སྣོད་ལྔར་དངོས་གཞི་ལྔ་སོགས་རིགས་ཕྱེད་ལ། །དེ་ཉིད་རིགས་ལྔའི་བསྙེན་པས་ཡེ་ཤེས་ལྔ་ནི་དག་པར་བྱ། །དབུས་སུ་དཀར་དམར་སེམས་དང་ག་བུར་ཤ་རི་རམ། །ཅུ་གང་དག་དང་ཐལ་དཀར་རྡོ་རྗེ་བཞག་པར་བྱའོ། །ཤར་དུ་དྲི་ཆེན་དག་དང་ཛ་ཏི་ཨ་རུ་ར། །ཨ་ག་རུ་དང་དུ་རུ་ཀ་བཞག་གོ། །ལྷོར་ནི་མཾ་ས་སྣ་ཚོགས་སྙིང་དང་མཁལ་མ་ཞོ་ཤ་དང་། །གླ་གོར་ཞོ་ཤ་ཙི་ཏྲ་ཀ་དང་ཀ་ཀོ་ལ་བཞག་གོ། །ནུབ་ཏུ་རཀྟའི་ཚོགས་དང་ཙན་དན་སྨུག་པོ་དང་། །ལི་ཤི་ཀུ་རུ་དང་སྟར་བུ་རྒུན་འབྲུམ་སོགས། །བྱང་དུ་དྲི་ཆུ་སྣ་ཚོགས་འོ་མ་ཆུ་དང་ནི། །ཅོང་ཞུན་བྲག་ཞུན་གུར་གུམ་ལྕེ་དཔོག་དཀར་པོ་བཞག །རྩ་བ་ཇི་སྙེད་དབུས་ཏེ་ལོ་མ་ཤར། །ལྷོ་རུ་འབྲས་བུ་སྣ་ཚོགས་ནུབ་ཏུ་མེ་ཏོག་ཀུན། །ཡུ་བ་བྱང་སྟེ་འབྲས་བུ་ལྔ་བསྒྲལ་རྐང་དང་རུས་པའི་བཅུད། །གླད་པ་དབུས་སུ་ནང་གི་དྲི་ཆེན་སྣ་ཚོགས་ཤར། །དབང་པོ་ལྔ་དང་མཾ་སའི་བཅུད་ཀུན་ལྷོ་རུ་སྟེ། །ནུབ་དུ་ཁྲག་དང་རྩ་རྣམས་བྱང་དུ་ཆུ་རྣམས་སོ། །དེ་ལ་སོགས་པའི་ཕྱི་ནང་ཇི་སྙེད་འབྱོར་པའི་སྨན། །དབྱིབས་དང་ཁ་དོག་རོ་རྣམས་ཀྱིས་ནི་རིགས་ལྔར་དབྱེ། །སོ་སོའི་སྣོད་དག་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནི། །སྔོན་པོ་གཞུ་འདྲ་རྒྱལ་མཚན་ཕྱར་ཏེ་རཾ་ལས་མེ། །དམར་ནག་གྲུ་གསུམ་སྟེང་དུ་ཨ་ལས་བྷན་དྷའི་ནང་དུ་སོ་སོ་ཡི ། །སྨན་གྱི་སྟེང་དུ་ཨ་མ་ལས་ནི་ཉི་ཟླ་སོ་སོའི་སྟེང་ཉིད་དུ། །ཧཱུྃ་ཨཱྃ་སྭཱ་ཨཱྃ་ཧཱ་དེ་མདོག་ལྔ་པའོ། །འཕྲོས་པས་འགྲོ་བ་ལྔ་ཡི་སྡིག་བཅོམ་དུག་ལྔའི་སྒྲིབ་སྦྱང་སྟེ། །བདུད་རྩི་ལྔ་ཡི་བཅུད་བསྡུས་ཐིམ་པས་ཐུགས་མཚན་ལྔར། །དེ་བཞིན་འཕྲོ་འདུས་སྐུ་ལྔ་གཟུགས་དང་བཅས་པ་ལ། །སྦྱོར་བྱས་བྱང་སེམས་མེ་ལོང་གིས་བླངས་དབུས་ཀྱང་བླངས། །རིགས་ཀྱི་དབྱངས་ཚིག་བརྒྱ་རྩ་བརྒྱད་ཀྱི་སྔགས་ཀྱིས་བཏབ་པ་ཡིས། །སྐུ་ལྔ་སོ་སོའི་འོད་དུ་ཞུ་སྟེ་ལས་སུ་རུང་བ་དང་། །ཆང་དང་རིན་ཆེན་འོ་མ་ཆུ་རྣམས་སྣ་ཚོགས་ཀྱང་། །རང་རང་སོ་སོའི་སྔགས་ཀྱིས་གདུལ་སྦྱངས་བྱས་ཏེ་བཞག །དེ་འོག་རྣམ་ལྔ་ཐུགས་སུ་བསྡུས་ཏེ་སྦྱངས་པ་ནི། །གསང་ཆེན་རིགས་གཅིག་རྡོ་རྗེ་སེམས་དཔའ་ཉིད་དུ་བསྒོམ། །ༀ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་པ་ཙི་ཏ་ས་མ་ཡ་ཧཱུྃ། །དེས་ནི་སེམས་དཔའ་ཞུ་བའི་ངོ་བོ་ཉིད་དུ་བྱའོ། །རྣལ་འབྱོར་ཀུན་གྱིས་ངོས་ངོས་ནས་ནི་སྨན་ཉིད་ཀྱི། །ཆེ་བའི་ཡོན་ཏན་རྒྱས་པར་བརྗོད་ཅིང་ལེགས་བསྟོད་དེ། །སྨན་ཉིད་ཡུམ་གྱིས་བླངས་ཏེ་གཙོ་མ་བསྐུལ་ཞིང་དབུལ། །གཙོ་སོགས་འཇིགས་བྱེད་སྒོམ་ཞིང་ཆ་ལུགས་ཇི་བཞིན་བསྒྱུར། །དཔལ་གྱི་ལོངས་སྤྱོད་གླུ་གར་བྱ་ཞིང་གནས་བསྒྱུར་ཏེ། །གིང་ཡང་ཆས་སུ་བཅུག་སྟེ་མཆོག་གི་གཡང་གཞི་ཡི། །སྟེང་དུ་ཚར་མ་བཏིང་སྟེ་གུ་གུལ་དྷེ་གུས་བྱུག །རཀྟའི་ཚོམ་བུ་རེ་ལ་ཏ་ཀྲིཏ་རེ་རེ་བསྒོམས། །དེ་སྟེང་གཏན་གཏུན་མཁའ་དང་དབྱིངས་བསྒོམ་བདུད་རྩི་འཁྱིལ། །རྩིབས་བརྒྱད་ཟླ་གམ་དམར་པོའི་སྟེང་དུ་སྨན་སྤུངས་སྟེ། །ཇི་བཞིན་སྦྱོར་བའི་སེམས་ནི་སྨན་ལ་བསྟིམ་ཞིང་སྦྱངས། །ཞིང་ཡང་བཀུག་སྟེ་བྲོད་བསྐྱེད་ལམ་དགག་ངན་སོང་སྦྱངས། །གནས་ལྔའི་སྐུ་ཡི་ཐུགས་ཀ་ནས་ནི་འོད་སྤྲོས་ཏེ། །སྨན་ལ་བསྟིམ་ཏེ་འགྲོ་བའི་དོན་བྱས་འོད་དུ་ཞུ། །བསྒྲལ་ཏེ་རྫས་ཀྱང་སྨན་གྱི་ཕྲད་དུ་སྦྱར་བྱས་ཏེ། །དེ་སེམས་ཡུམ་གྱི་མཁའ་ལ་ཡར་བསྡུས་སངས་རྒྱས་བྱ། །མ་མོའི་བརྙེན་པས་ཀྱང་ནི་སྦྱངས་ཏེ་ལས་སུ་རུང་བ་དང་། །གང་གི་མཚན་མ་ཐམས་ཅད་དབྱིངས་སུ་སྦྱང་བའི་ཕྱིར། །གཙོ་བོ་ནས་ནི་རིམ་བཞིན་ཞིབ་ཏུ་དབབ་པ་ཡི། །ཕྱག་རྒྱས་གདབ་ཅིང་ཧ་ན་ཧ་ནའི་སྔགས་བརྒྱ་རྩ་བརྒྱད་དུ་བཟླས་ཏེ་ཤར་དུའོ། །ལྷོ་ཡི་མཎྜལ་སྟེང་བཙག་ཧ་ལའི་སྔགས། །ནུབ་ཏུ་མུ་ས་ལ་ཡིས་བསྲེ་ཞིང་ཆང་ལ་སོགས་པས་སྦྱར། །བྱང་དུ་ལེགས་པར་སྦོལ་ཞིང་དབུས་སུ་བཞུགས་སུ་གསོལ། །བདུག་དང་གར་དང་གླུ་བྲོ་བསྟོད་པ་བྱ། །རྡོ་རྗེའི་འགྲོས་བསྐོར་ཡོན་ཏན་བརྗོད་ལ་ཞི་བའི་བཟླས་པ་བྱ། །འབྲུ་ལྔ་བསྟིམ་ཞིང་འཇུ་འདུལ་རབ་ཏུ་བྱས་པ་དང་། །ལས་གཞི་རྫོགས་པའི་ཧོམ་བྱས་མེ་ཡི་ཕུད་ཀྱང་སྨན་གྱི་ནང་དུ་བླུགས། །རིག་མ་བརྒྱན་གྱིས་བརྒྱན་པས་ཀྲུགས་ནས་སྣོད་གསལ་ཏེ། །ཁ་ཕོར་སྦྱར་ལ་དར་གྱིས་བཅིངས་ཏེ་རྒྱ་གྲམ་རྒྱས་བཏབ་ལ། །ལེགས་པར་གཞལ་ཏེ་ཟླ་གམ་དབུས་སུ་དར་གྱི་ཁང་པ་ནི། །སྣ་གསུམ་རིག་པར་ཕུལ་ཏེ་གཟུང་ཐག་པན་ཙ་ཡིས། །བླ་མ་ལྔ་ལ་ཕུལ་ཏེ་རྩེ་གཅིག་སྒོམ་པའི་རིམ། །དེ་བཞིན་ཉིད་དང་ཀུན་སྣང་རྒྱུ་ལས་འབྱུང་བ་རིམ་རྩིགས་བསྐྱེད། །དུར་ཁྲོད་གཞལ་ཡས་འབར་སྣང་འཁོར་ལོ་གདན་དང་རྒྱན། །བདག་ཉིད་དཔལ་ཆེན་གཙོ་གཟུངས་གཉིས་མེད་སྦྱོར་བའི་སེམས། །ཁྲོ་བོ་འཆོལ་བར་འཐོན་ཏེ་ཕྱོགས་བཅུར་བདུད་བཏུལ་དུས། །ཕྱོགས་བཅུར་ཁྲོ་བཅུར་གྱུར་ཏེ་ཕྱོགས་མཚམས་བརྒྱད་དུ་འཁོད། །ཕོ་བྲང་ནང་དུ་ཀླུ་བདག་ཧྲཱི་ལས་གསང་བའི་ཡུམ་བཞིར་བཅས། །སྟེང་དུ་ཧཱུྃ་དང་འོག་ཏུ་པདྨོ་འཁྱིལ། །རླུང་དང་མེ་ཡང་དེ་བཞིན་སྣོད་ནི་གཞལ་མེད་ཁང་། །རྒྱལ་པོའི་སྟེང་དུ་བཞི་ནི་དབུ་གསུམ་ཕྱག་དྲུག་ཞབས་བཞིས་བརྫིས། །བཞི་སྟེང་བཛྲ་ཧེ་རུ་ཀ་ནི་དབུ་གསུམ་ཞབས་བཞིས་མནན། །སྟེང་ནས་མཁའ་མཉམ་དབུ་དགུ་ཕྱག་བཅོ་བརྒྱད། །ཞབས་ནི་བརྒྱད་ཀྱིས་དབུ་གཉིས་མནན་པའི་མཁར། །དབུས་ཀྱི་དབུ་ནི་སྤྱན་ཕྱེད་ནུབ་པར་རྡུབ་པ་ཡི། །དེ་སྟེང་འཆི་མེད་རྡོ་རྗེ་གཅིག་པུར་ལྡན། །བཅུ་ཕྲག་བཞི་དང་གཉིས་ཀྱིས་ཕྱག་དང་ཞབས་བརྒྱད་གཏམས། །བྷ་གར་རྡོ་རྗེ་སྦྱོར་ཞིང་དབུ་བརྒྱད་ཞབས་ཀྱིས་སྦྱོར ། །ཉི་མའི་སྟེང་ནས་ས་ནུ་ཡབ་ཡུམ་རྟག་སྦྱོར་བ། །བཅུ་གཉིས་དབུ་མའི་ལྗགས་ལ་ཐུགས་ཀ་ཡི། །ཉི་དཀྱིལ་རྡོ་རྗེའི་བུམ་པར་ཨ་ལས་དགུ་པས་བསྐོར། །བདག་ཉིད་ཀྱང་ནི་དེ་འདྲར་བྱས་ཏེ་སྔགས་ཀྱི་བརྡེག །ཏིང་འཛིན་མེ་ལ་བཟླས་བརྗོད་རླུང་གིས་བསྐྱོད་པས་ནི། །ཡེ་ཤེས་བདུད་རྩི་དཀར་པོ་དྲི་མེད་ལྟར། །ཡེ་ཤེས་ལས་ནི་འཆི་མེད་མཁའ་མཉམ་སྐུ་གདུང་རིགས་བརྒྱད་དང་། །གཉིས་ལས་ཀླུ་བདག་དངོས་གཞི་ལ་ཞུ་སྟེ། །བར་སྐབས་མཛད་པ་བཅུ་གཉིས་འཕྲོ་འདུས་གཞན་དོན་སྒྲུབ། །དགུ་པ་གཅིག་ལ་དེ་འདྲའི་སྦྱོར་བས་ལེ་ལོ་སྤངས། །བར་ཆད་མེད་པའི་འབྱུང་འཇུག་སྟོབས་ཀྱིས་འོད་ལ་སོགས། །དེ་དག་མ་བྱུང་བར་དུ་བསོགས་ཤིང་ཏིང་འཛིན་གསལ། །སྦྱངས་དང་མཚམས་དང་བསལ་དང་བསྒྲུབ་རྫས་ཡོ་བྱད་བསགས། །ཐང་གཅིག་ཞལ་གཅིག་ཞག་བདུན་ཉི་ཤུ་གཅིག་གིས་རིམ་བཏང་ལ། །ཡ་མཚན་མི་བསྐྱེད་ཐེ་ཚོམ་མེད་ན་ངེས་པར་འགྲུབ། །སྟོང་སྟོང་ཚང་ཞིང་ཚོགས་མཆོད་བྱ་བར་རབ་ཏུ་གཅེས། །ཏིང་འཛིན་གསལ་ཞིང་བར་ཆོད་ཉམས་ལེན་ལྔ་ཡང་བཟློག །བདུད་རྩི་འཁྱིལ་པས་བར་ཆོད་རྟག་ཏུ་བཟློས་པ་གཅེས། །རང་རིག་སྤྱན་དྲངས་མཆོད་སོགས་བྱས་ནས་བཟླས་པ་ལ་ཡང་འཇུག །རྟགས་བྱུང་ན་ནི་སྤྱིལ་བའི་སྦྱོར་བ་རབ་ཏུ་གཅེས། །ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཧྲཱིཿཋ། བརྒྱ་རྩ་བརྒྱད་ཀྱིས་མཁའ་ལ་བསྐྱིལ་ནས་ནི། །སྨན་ཉིད་ལ་ནི་དབབ་པའི་སྦྱོར་བས་དབབ་བྱས་སྟེ། །ༀ་མེ་པྲ་བེ་ཤ་ཡ་ཕེབས་ཕེབས་ཧཱུྃ་ཧྲཱིཿཋ། དངོས་གྲུབ་དག་ཀྱང་གསོལ་བ་བཏབ་ཏེ་གནང་བ་དང་། །སྤྱད་ཕྱིར་འཕགས་པ་མཆོད་ནས་བདག་ཉིད་དངོས་གྲུབ་བླངས། །སློབ་མའི་ཚོགས་ལ་དབང་ཡང་རིམ་པ་བཞིན་དུ་སྦྱིན། །ཕྱོགས་བཅུའི་འཕགས་པའི་གནས་དང་ཉེ་བའི་ལྷ། །ཡི་དམ་ལྷ་དང་སློབ་དཔོན་རིག་འཛིན་མཆོད་བྱས་ཏེ། །རེ་དོགས་སྤངས་པའི་སེམས་ཀྱིས་གུ་ཧྱ་ལག་པའི་ཕྱག་རྒྱ་ཡིས། །ཨ་ཧོ་སུ་ཀ་དྷརྨ་ཀ་ཡ་ན་ཨ་མྲྀ་ཏ་སིངྔྷི་ཧཱུྃ་ཧྲཱིཿཋ། ལྕེ་དབུས་ཉི་མ་རྡོ་རྗེའི་དབུས་སུ་ཧཱུྃ་བསྒོམས་ཏེ། །ལུས་དང་དབང་པོ་ཡན་ལག་ཀུན་ཀྱང་ཐིག་ལེར་བྱའོ། །སློབ་མའི་སྤྱིར་བཞག་ཚིགས་བཅད་དབྱངས་ཀྱིས་དབང་བསྐུར་རོ། །དཀྱིལ་འཁོར་དུ་ཡང་རིག་པའི་མེ་ཏོག་དོར་ནས་སློབ་མ་གཞུག །གཏོར་མ་ཚོ་གསུམ་བཅད་ལ་དང་པོས་སྦྱིན་སྲེག་བར་མས་མཁའ་འགྲོ་བསྐྱང་ལ་ཐ་མ་གཏེར་དུ་སྦ། །སྨན་ཡང་གསུམ་དུ་བཅད་དེ་དང་པོ་འཕགས་པ་ལ། །དེ་ནས་བདག་སྤྱད་རྣལ་འབྱོར་ཡོངས་ལ་ཆ་གཅིག་བགོ། །ལྷའི་ཅི་རིགས་ཡོངས་སྤྲོ་འཛིན་ཆགས་སྤོངས་པས་སྤྱད། །སོ་སོའི་ཡི་དམ་མཆོད་དེ་ཡུམ་རྣམས་ཀུན་གྱིས་མར་མེ་ཡི། །སྨོན་ལམ་བཏབ་ལ་གཤེགས་གསོལ་དཀྱིལ་འཁོར་བསྡུ། །ལྕགས་གསུམ་གའུ འམ་སྲོག་དང་རྩ་བའི་སྣོད། །ཅི་རིགས་ལེགས་པར་བླུགས་ནས་གཞལ་ཡས་ལྷར་བསྒོམས་ཏེ། །སྤྱི་གཙུག་བཅིངས་ན་བདེ་གཤེགས་བཀུར་བར་བཤད། །མགུལ་དུ་བཅང་པས་སྲས་དགོངས་ལུས་ལ་ནི། །ཡུན་དགོངས་དུས་སུ་མཆོད་བྱས་ཡི་དམ་བསྒོམ་པ་དང་། །བཟླས་པའི་དངོས་གྲུབ་ཡོན་ཏན་བསམ་གྱིས་མི་ཁྱབ་གྲངས་ལས་འདས། །སྐད་ཅིག་ཙམ་དུ་འགྲོ་བའི་དོན་བྱས་ཡོན་ཏན་ཡང་། །ཉན་ཐོས་རང་རྒྱལ་བྱང་སེམས་རྣམས་ཀྱིས་བསྐལ་པར་བྱས་པས་ལྷག །མཇུག་ཏུ་དྲག་པོའི་ལས་ཀྱིས་དགྲ་བགེགས་ཞི་བྱས་ནས། །མཚམས་ལྷོད་མགོན་པོ་རྣམས་ལ་གཏང་རག་ཆེན་པོ་བཏང་། །ཞག་གཅིག་གནས་སྲུང་ཞག་གསུམ་ཕྱག་བཙལ་མ་རུངས་འགྱུར། །ཟིན་ནས་དགེ་རྩ་སེམས་ཅན་ཀུན་གྱི་དོན་དུ་བསྔོ། །དེ་ལྟར་གསང་སྔགས་སྤྱོད་སྒོ་ཇི་སྙེད་རང་སྣང་སྟེ། །སེམས་ལས་མ་གཏོག་པ་ཡི་ཆོས་ནི་འགའ་ཙམ་ཡོད་མ་ཡིན། །སེམས་ཉིད་གདོད་ནས་མ་སྐྱེས་ནམ་མཁའ་འདྲ་སྟེ་ཡེ་ནས་སྟོང་། །སྟོང་ཉིད་སྟོང་པའི་དངོས་བྲལ་སྤྲོས་མེད་སྨྲ་བསམ་ཡུལ་ལས་འདས། །དེ་ཉིད་མ་རྟོགས་འཁྲུལ་འཁོར་ཉིད་ཀྱང་ཡེ་ཤེས་ཆེན་པོའི་ངང་། །དེས་ན་གང་ལའང་རང་བཞིན་ཅི་ཡང་མེད་ཅེས་བྱའོ། །འདི་བརྩམས་གཞུང་དང་འགལ་བ་བཟོད་པར་གསོལ། །དགེ་བའི་རྩ་བ་གང་ལགས་དེ་ཉིད་འགྲོ་བའི་དོན་དུ་བསྔོ། །བདུད་རྩི་སྒྲོན་མ་གསལ་བ་ཞེས་བྱ་བའི་སྒྲུབ་ཐབས་ཞིབ་མོ་སློབ་དཔོན་ཆེན་པོ་རྡོ་རྗེ་ཟླ་བས་མཛད་པ་རྫོགས་སོ །། །།

དམ་རྫས་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ། འགྱུར་མེད་རྡོ་རྗེ།

དམ་རྫས་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །རྡོ་རྗེའི་ཐེག་པའི་དམ་ཚིག་གི་རྫས་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འགྱུར་མེད་ཀ་དག་ཆོས་ཀྱི་སྐུ་སྟེ་དངོས་པོ་ཀུན་གྱི་ངོ་བོ་ཉིད། །ལྷུན་གྲུབ་རང་རྩལ་སྒྱུ་འཕྲུལ་རྡོ་རྗེ་ཞི་ཁྲོ་རིགས་བརྒྱ་རིགས་ལྔ་སོགས། །བརྟན་གཡོའི་འཁོར་ལོར་ཆད་པ་མེད་འཇུག་ཀུན་བཟང་ཧེ་རུ་ཀ་དཔལ་དང་། །དབྱེར་མེད་ཁྱབ་བདག་ཐོད་ཕྲེང་རྩལ་ཞེས་རིགས་བརྒྱའི་མགོན་པོ་དེར་ཕྱག་འཚལ། གཙང་དམེའི་གཉིས་འཛིན་མ་དག་ལྕགས་ཁམས་བདུད། །རྟོག་བྲལ་ཡེ་ཤེས་མཆོག་གི་གསེར་འགྱུར་རྩིས། །བདེ་ཆེན་བདུད་རྩིར་རྒྱས་འདེབས་རྡོ་རྗེ་སེམས། །མི་ཡི་ཟོལ་བསྟན་རིག་འཛིན་ཚོགས་རྣམས་རྒྱལ། །རྒྱལ་ཀུན་ཐུགས་རྗེའི་ནུས་གཟུགས་པད་དཀར་འཛིན། །རྩོད་དུས་འགྲོ་བའི་བཤེས་གཉེན་མཆོག་གི་གར། །སྒྱུར་མཛད་སྲིད་པ་གསུམ་ན་མཚན་དབྱངས་རྔ། །བློ་བཟང་རྒྱ་མཚོའི་གྲགས་འབར་དེ་ལ་འདུད། །གང་གསུང་ཡེ་ཤེས་ཉི་མའི་ཟེར་ཕྲེང་གིས། །བློ་གྲོས་འདབ་སྟོང་བཞད་པའི་ཀེ་ས་ར། །ལེགས་བཤད་སྦྲང་རྩིས་མངར་བའི་འཛུམ་ཕྲེང་ཅན། །ངོ་མཚར་མཆོད་སྤྲིན་མེ་ཏོག་ཕྲེང་བར་སྤེལ། །དེ་ཡང་རྒྱལ་བ་རྣམས་ཀྱིས་སེམས་ཅན་གྱི་བློ་དང་བསྟུན་ནས་ཐེག་པའི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང་བསྡུ་ན་ཐེག་པ་གསུམ་དུ་འདུས་ཏེ། བདུད་རྩི་བམ་བརྒྱད་ལས། བསམ་གྱིས་མི་ཁྱབ་བསྟན་པ་དང་། །བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་ཀྱང་། །ཐེག་པའི་སྒོ་ནས་གསུམ་དུ་འདུས། །ཞེས་བཤད་པས། དེ་ཡང་ཉན་རང་གི་ཐེག་པ་ནི་མྱང་འདས་ཀྱི་ལམ་དང་འབྲས་བུས་རྫོགས་པ་མ་ཡིན་ཏེ། ལམ་གྱི་གནད་ཉུང་ཞིང་ཆོད་ཆུང་བས་འབྲས་བུ་ཐར་པའི་ཆ་ཙམ་ཐོབ་པ་ལས་མེད་པས་མཐར་ཐུག་གི་ཐེག་པ་ཆེན་པོ་ལ་གཞོལ་དགོས་པའི་ཕྱིར། དགོས་པའི་དབང་གིས་ཐེག་པ་གསུམ་དུ་གསུངས་ཀྱང་གཉིས་པོ་ཐེག་ཆེན་གྱི་ལམ་ཁོ་ནར་འདུ་ཞིང་ཐེག་པ་ཆེན་པོ་དེ་ལ་ཡང་རྒྱུ་འབྲས་གཉིས་སུ་བསྟན་པའི་རྒྱུའི་ཐེག་པ་ནི་འབྲས་བུ་མཐར་ཐུག་བགྲོད་བྱེད་ཀྱི་ལམ་རྫོགས་པར་མི་འབྱུང་བས་དང་པོར་འཇུག་པའི་སྒོ་དང་། ལམ་རྫོགས་པར་སྟོན་པ་ནི་རྡོ་རྗེ་ཐེག་པ་ཁོ་ནར་ངེས་པ་སྟེ། སྔ་མའི་ལམ་དང་འབྲས་བུའི་རྣམ་པ་ཐམས་ཅད་ཕྱི་མར་ཚང་ཞིང་། ཕྱི་མའི་ཐུན་མོང་མ་ཡིན་པ་རྣམས་སྔ་མར་མེད་པའི་ཁྱད་ཆོས་ཡིན་པས་དོན་གྱི་སྒོ་ནས་མཐར་ཐུག་གི་འབྲས་བུ་རྡོ་རྗེ་ཐེག་པ་ཁོ་ནར་འདུས་པར་བསྟན་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་གྱི་མཐར་ཐུག་པ་སྟེ། ཟབ་མོའི་འཇུག་སྒོ་འདི་ཉིད་དུ་ཞུགས་ཤིང་དཀྱིལ་འཁོར་ཆེན་པོར་དབང་གིས་སྨིན་པར་བྱས་པའི་གང་ཟག་གིས་ལམ་གྱི་སྤང་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའི་དངོས་པོ་མཐའ་དག་འགྲུབ་པའི་ཉེ་རྒྱུའི་གནད་ནི་དམ་ཚིག་དག་པ་ལ་རག་ལས་ཤིང་། དེ་ལ་ཡང་འདིའི་དབང་དུ་བྱས་ན་རྩ་བ་དང་ཡན་ལག་གི་དམ་ཚིག་གཉིས་ལས། ཡན་ལག་གི་སྐབས་སུ་དང་དུ་བླང་བྱར་བཤད་པ་ནི་དམ་རྫས་བདུད་རྩིར་གྲགས་པ་འདི་ཉིད་ཡིན་ཏེ། སྒྱུ་འཕྲུལ་རྩ་རྒྱུད་ལས། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་དང་། དེ་ཉིད་ཀྱི་ཕྱི་རྒྱུད་འགོས་འགྱུར་ལས། ལས་དང་ཉོན་མོངས་བྲལ་བའི་ཕྱིར། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །དྲི་ཆེན་སོགས་ལྔ་བྱིན་རླབས་དང་། །བདུད་རྩི་ལྔ་པོ་དག་ཀྱང་སྟེ། །ཡང་ན་བ་ལང་ཤ་ལ་སོགས། །སྒྲོན་མ་ལྔར་བཤད་དག་ཀྱང་ངོ་། །ལྷ་ཡི་རྣམ་པར་སྦྱོར་བ་ཡིས། །ལ་སོགས་སྦྱོང་བ་རིམ་པས་ཀྱང་། །དངོས་གྲུབ་ཕྱིར་བཟའ་རྣལ་འབྱོར་མའི། །དངོས་གྲུབ་འགྱུར་གྱི་གཞན་དུ་མིན། །ཞེས་གསུངས་པས་དམ་ཚིག་གི་རྫས་འདི་ཉིད་ཆོ་ག་བཞིན་རྒྱུན་དུ་བསྟེན་པས་ནི་དང་དུ་བླང་བྱའི་དམ་ཚིག་རང་གི་ངོ་བོ་འདའ་བར་མི་བྱ་བའི་དོན་ལ་གནས་པ་དང་། ཉེས་ལྟུང་དང་ཉམས་ཆག་གཞན་མང་པོ་ཡང་སྦྱོང་ཞིང་། སྦྱངས་འབྲས་གསར་ཐོབ་ཀྱི་ཡོན་ཏན་དུ་མ་ཡང་སྐྱེད་པར་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་ཉིད་དོ། །དེ་ལ་བདུན་ཏེ། བདུད་རྩིའི་ངོ་བོ་བཞག་པ། ངེས་ཚིག་བསྟན་པ། བསྟེན་པར་གསུང་ཚུལ། རྣམ་གྲངས་ཀྱི་དབྱེ་བ། དམ་རྫས་བསག་ཚུལ། སྒྲུབ་པ་ཉམས་སུ་བླང་བ། དེའི་ཕན་ཡོན་བརྗོད་པའོ། །དང་པོ་ནི། དེ་ཡང་བདུད་རྩིའི་གཞི་ནི། འཁོར་འདས་ཐམས་ཅད་ཡེ་ནས་བདུད་རྩིའི་ངོ་བོར་གནས་པ་སྟེ། འདི་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ཡིན་ལ། དེ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ལས་བྱུང་ཞིང་། དམ་རྫས་བདུད་རྩི་དག་ཀྱང་དེ་ལ་ཕན་པས་ན་བདུད་རྩིའི་སྒྲར་བརྗོད་དོ། །བདུད་རྩིའི་བམ་བརྒྱད་ལས། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །དུག་གསུམ་སྲིད་གསུམ་སྐུ་གསུང་ཐུགས། །ཡེ་ནས་བདུད་རྩི་ཡིན་པའི་ཕྱིར། །ངེས་པའི་ཀློང་ནས་བཀའ་སྩལ་ཏོ། །ཞེས་པས་སྲིད་པ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ནི་དངོས་སྣང་ཉོན་མོངས་པ་ལྔ་དང་། འདོད་པའི་ཡོན་ཏན་ལྔ་དང་། འབྱུང་བ་ཆེན་པོ་ལྔ་དང་། ཕུང་པོ་ལྔར་སྣང་ལ། དེ་ཉིད་ཡེ་ནས་རང་བྱུང་གི་བདུད་རྩི་ལྔར་རྣམ་པར་དག་པས་རྐྱེན་གཞན་གྱིས་འཕྲལ་དུ་མ་བཅོས་མ་བསྒྲུབས་པར་གདོད་ནས་མངོན་པར་བྱང་ཆུབ་པའི་ཕྱིར་དུས་གསུམ་སོགས་འཁོར་འདས་ཀྱི་ཆོས་སོ་ཅོག་སྐུ་གསུང་ཐུགས་སུ་རྫོགས་ཤིང་དེ་ལྟར་སྣང་བ་ནི། སྒྱུ་འཕྲུལ་སོགས་དཀྱིལ་འཁོར་ཆེན་པོ་དག་གི་སྨན་མཆོད་ལས། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་པར་དག །ཅེས་སོགས་གསུངས་པ་སྟེ། སངས་རྒྱས་ཀུན་དང་མཉམ་པར་སྦྱོར་བའི་དམ་རྫས་བདུད་རྩི་དེ་ཉིད་རང་ལས་བྱུང་ཞིང་གདོད་ནས་རྣམ་པར་དག་པའི་ངོ་བོ་ཅན་ཡིན་ནོ། །ཞེས་པའི་ངེས་པ་དང་འབྲེལ་ཞིང་། གཉིས་པ་ནི། མྲྀད་སྲོག་གཏོང་བའི་ཁམས་ལ་ཀྟའི་རྐྱེན་དང་སྔོན་དུ་དགག་པའི་ནཉ྄྄་བཞག་པས་ཨ་མྲྀ་ཏ་འཆི་བ་མེད་པ་ཞེས་པའི་སྒྲ་ལས་བདུད་རྩིར་འཇུག་པ་སྟེ་འཆི་བའི་འཇིགས་པ་སེལ་བའི་གསོས་སམ། སྨན་དུ་གྱུར་བའི་ཕྱིར་བདུད་རྩིའི་ངེས་པ་ཅན་ཏེ། སློབ་དཔོན་ཆེན་པོས། དམ་རྫས་བདུད་རྩི་རྣམ་དག་ཅེས་བྱ་བ་ནི་ལྔ་སྟེ། དྲི་ཆེན་དང་། དྲི་ཆུ་དང་། བྱང་སེམས་དང་། རཀྟ་དང་། ཤ་ཆེན་དང་ལྔ་པོ་དེ་མི་གཙང་དམེ་བར་མཐོང་བས་བདུད་དང་འདྲ་ལ། རང་ལས་བྱུང་ཞིང་གདོད་ནས་དག་པས་རྩི་དང་འདྲ་སྟེ། བདུད་རྩི་དེས་ཉོན་མོངས་པ་དང་དུག་ལྔ་འཇོམས་ཤིང་དག་པར་བྱེད་པས་ན་དམ་རྫས་བདུད་རྩི་ཞེས་བྱའོ། །ཞེས་གསུངས་ཤིང་། ལུང་རབ་གསལ་ལས་ཀྱང་། གཙང་དམེར་འཛིན་བདུད་དམ་རྫས་རྩིས། །ཡེ་ཤེས་ངང་དུ་རོ་གཅིག་པ། །ཞེས་གསུངས་པའི་ངེས་ཚིག་ཅན་ནོ། །གསུམ་པ་ནི། ངེས་ཚིག་དེ་ལྡན་གྱི་བདུད་རྩི་དེ་ཉིད་ཡེ་ནས་བླང་དོར་མེད་པའི་ཆོས་ཉིད་ཀྱི་རོལ་པ་ཡིན་པས་ཀྱང་དང་དུ་བླང་སྟེ། སྒྱུ་འཕྲུལ་ལེ་ལག་ལས། བདུད་རྩི་ཡེ་ནས་དག་པའི་ཆོས། །བླང་དོར་མེད་པ་ཀུན་ལས་འདས། །ཡེ་སྲུང་ཆེན་པོས་དམ་ཚིག་ཏུ། །མཁས་པས་དང་དུ་བླང་བར་བྱ། །ཞེས་དང་། རིགས་ལྔའི་རང་བཞིན་ཡིན་པས་ཀྱང་དང་དུ་བླང་སྟེ། སྒྱུ་འཕྲུལ་ཐལ་བ་ལས། བདུད་རྩི་ལྔ་ནི་རིགས་ལྔའི་དངོས། །དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས། །ཞེས་དང་། དངོས་གྲུབ་སྒྲུབ་པའི་རྫས་ཡིན་པས་ཀྱང་དང་དུ་བླང་དགོས་ཏེ། ཐུགས་རྒྱུད་གསང་འདུས་ལས། ཤ་ཆེན་དམ་ཚིག་མཆོག་གིས་ནི། །རྡོ་རྗེ་གསུམ་མཆོག་བསྒྲུབ་པར་བྱ། །བཤང་གཅིའི་དམ་ཚིག་མཆོག་གིས་ནི། །རིག་པ་འཛིན་པའི་གཙོ་བོར་འགྱུར། །གླང་པོའི་ཤ་ཡི་དམ་ཚིག་གིས། །མངོན་པར་ཤེས་པ་ལྔ་ཐོབ་འགྱུར། །རྟ་ཤ་དག་གི་དམ་ཚིག་གིས། །མི་སྣང་བ་ཡི་བདག་པོར་འགྱུར། །ཁྱི་ཤ་དག་གི་དམ་ཚིག་གིས། །དངོས་གྲུབ་ཐམས་ཅད་འགུགས་པར་འགྱུར། །བ་གླང་ཤ་ཡི་དམ་ཚིག་གིས། །རྡོ་རྗེ་འགུགས་པའི་མཆོག་ཏུ་འགྱུར། །ཞེས་གསུངས་ཤིང་དེ་ཉིད་བསྟེན་ན་མཁའ་འགྲོ་རྣམས་འདུ་ཞིང་དངོས་གྲུབ་ཉེ་བས་ཀྱང་དང་དུ་བླང་སྟེ། འདུས་པ་མདོར། བ་གླང་ཁྱི་དང་རྟ་ཤ་དང་། །མི་ཤ་གླང་ཆེན་ཤ་ལ་སོགས། །ཟོས་ན་ཡོན་ཏན་ཐམས་ཅད་འགྲུབ། །བདག་ཅག་རྣམས་ཀྱི་དམ་ཚིག་ལགས། །ཞེས་དང་། སྔོན་གྱི་རྒྱལ་བ་གྲངས་མེད་ཀྱིས། །བརྟུལ་ཞུགས་འདི་ལྔ་གཙོར་སྤྱད་ཅིང་། །དམ་ཚིག་དམ་པར་བཟུང་བས་ན། །སྔོན་གྱི་དམ་ཚིག་ཡིན་པར་གྲགས། །ཞེས་བརྟུལ་ཞུགས་སྤྱོད་པའི་གྲོགས་སུ་འགྱུར་བས་ཀྱང་དང་དུ་བླང་བར་བྱ་བ་ཡིན་ནོ། །བཞི་པ་ནི། བདུད་རྩི་ཡོན་ཏན་རྒྱུད་ལས། གཙོ་བོ་དམ་རྫས་བདུད་རྩི་ལྔ། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །དམ་རྫས་རྩི་བཅུད་སྨན་དུ་སྦྱར། །ར་སཱ་ཡ་ན་སྨན་ཆེན་པོ། །ཟོས་པས་མཆོག་ཐུན་དངོས་གྲུབ་ཐོབ། །ཅེས་གསུངས་པའི་རྩ་བ་བརྒྱད་ལ་ཡང་ལྔ་སྟེ། སྔོན་བྱུང་དང་། ཕྱིའི་དང་། ནང་གི་དང་། གསང་བའི་དང་། སྒྲུབ་པ་ལག་ལེན་གྱི་རྩ་བ་བརྒྱད་དང་ལྔའོ། །དང་པོ་སྔོན་བྱུང་གི་རྩ་བ་བརྒྱད་ནི། སྔོན་དཔལ་ཆེན་པོ་མ་ཏྲཾ་རུ་དྲ་བསྒྲལ་བའི་ཟག་པ་རྒྱ་མཚོར་འཕངས་པའི་རྒྱུ་ལས་བདུད་རྩི་ཐམས་ཅད་ཀྱི་ཕྱི་མོ་ཙནྡན་སྦྲུལ་གྱི་སྙིང་པོའི་སྡོང་པོར་གྲུབ་སྟེ། དེ་ཡང་སྡོང་པོ་ཙནྡན་སྨུག་པོ། རྩ་བ་མཱུ་ལ་མ་ནུ། པ་ཏྲ། ཡལ་ག་ལི་ཤི། ལོ་མ་གནྡྷ་རྒྱ་ཤུག་ལོ་མ། པ་ཏྲ། མེ་ཏོག་གུར་གུམ། འབྲས་བུ་ཛཱ་ཏི། ཐང་ཆུ་ག་བུར། ཤུན་པ་ཤིང་ཚར་སྣང་བ་ཞིག་བྱུང་སྟེ། དེ་ཡང་བམ་བརྒྱད་ལས། འདི་དག་ཀུན་གྱི་མཚན་ཉིད་ནི། །རྩ་བ་སྡོང་པོ་ཡལ་ག་དང་། །ལོ་མ་འདབ་མ་མེ་ཏོག་དང་། །ཤུན་པགས་འབྲས་བུ་སྙིང་པོར་བཅས། །ཞེས་པའི་ཚུལ་གྱི་གནས་པ་ཉིད་དེ་རྒྱལ་བ་ཀུན་གྱི་དམ་ཚིག་གི་རྫས་ཆེན་པོའོ། །གཉིས་པ་ཕྱིའི་རྩ་བ་བརྒྱད་ནི། གོང་དུ་ཙནྡན་སྦྲུལ་གྱི་སྙིང་པོར་རྫོགས་པའི་སྨན་སྣ་བརྒྱད་པོ་སོ་སོ་བ་དེང་སང་ཡོངས་སུ་གྲགས་པ་འདི་ཉིད་ཡིན་ནོ། །གསུམ་པ་ནང་གི་རྩ་བ་བརྒྱད་ནི། མཆོག་ཆེན་པོ་མི་ལ་ཚང་སྟེ་སྲིད་པ་ཆགས་པའི་རྩ་བ་ལྟེ་བ། གཟུགས་ཕུང་བྱིངས་ཀྱི་ཤ་རུས་སྡོང་པོ། ཡལ་ག་ཡན་ལག་བཞི། ལོ་མ་སེན་མོ་སྐྲ་དང་བ་སྤུ། མེ་ཏོག་དབང་པོ་ལྔ། འབྲས་བུ་དོན་སྙིང་ལྔ། སྙིང་པོ་རྐང་མར་དང་ལྷ་བ་ཀླད་རྒྱུངས། ཤུན་པ་པགས་པའོ། །བཞི་པ་གསང་བའི་རྩ་བ་བརྒྱད་ནི། ཡབ་ཀྱི་རྒྱུ་བཞི་དང་ཡུམ་གྱི་རྐྱེན་བཞི་སྟེ་བརྒྱད་ལས། དང་པོ་ནི། བྱང་ཆུབ་ཀྱི་སེམས་སྤྱི་བོར་ཧྃ་ཡིག་གི་རྣམ་པར་གནས་པས་ཀླད་པ། གཞུང་ལམ་རྒྱུངས་པ། བསྟི་བའི་སྒོ་གསང་བའི་འབྲས་བུ། གཤེགས་ཤུལ་རྡོ་རྗེའི་རྩ་བོ་ཆེ་སྟེ་བཞིའོ། །གཉིས་པ་ནི། པདྨ་རཀྟའི་ཕོ་བྲང་མཆིན་པ། གསོག་པའི་སྣོད་བུ་སྣོད། ལེན་པའི་གནས་པདྨའི་སྒོ། རྒྱུན་ལམ་ཟེའུ་འབྲུ་དང་བཞི་སྟེ་བརྒྱད་དོ། །དེ་ལྟར་བརྒྱད་ཚན་གསུམ་པོ་དེ་དག་རེ་རེ་ལ་ཡང་སྐྱོབས་དང་གྲོགས་ལ་སོགས་པ་སོ་སོར་བརྒྱ་ཉེར་ལྔ་རེ་སྦྱར་དུ་ཡོད་པས། རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །ཞེས་འབྱུང་ངོ་། །ལྔ་པ་སྒྲུབ་པ་ལག་ལེན་གྱི་རྩ་བ་བརྒྱད་ལ་ལྔ་ཚན་བརྒྱད་དེ། གཙོ་བོ་ལྔ། སྙིང་པོ་ལྔ། འབྲས་བུ་ལྔ། ཡོན་ཏན་ལྔ། སྡུད་པ་ལྔ། དུལ་བ་ལྔ། དགོས་དོན་ལྔ། དགོས་ཆས་ལྔའོ། །དེ་ཡང་གཙོ་བོ་ལྔ་ནི། དྲི་ཆེན། དྲི་ཆུ། བྱང་སེམས། རཀྟ། ཤ་ཆེན་གྱི་དྭངས་མ་གསུམ་གང་རུང་ངོ་། །སྙིང་པོ་ལྔ་ནི། བམ་གཙང་མའི་དབང་པོ་ལྔའོ། །འབྲས་བུ་ལྔ་ནི། དུད་འགྲོ་རྨིག་ཟླུམ། རྨིག་ལེབ། རྨིག་པ་ཁ་བྲག །འདབ་ཆགས། ས་འོག་ན་གནས་པ་འཕྱི་བ་རྣམས་ཀྱི་ཤ་ལ་བཤད་དོ། །ཡོན་ཏན་ལྔ་ནི། ཁ་ཅིག་ཏུ་འབྲས་བུ་གསུམ་དང་། ཅུ་གང་། ལི་ཤི་ལྔ་ལ་བཤད་ཀྱང་། ཅུ་གང་། སིནྡྷུ་ར། ཨ་རུ་ར། སྤོས་ཆེན། ལྷང་ཚེར་རྣམས་རིམ་པ་བཞིན་བྱང་སེམས་དཀར་དམར་ཤ་ཆེན་དྲི་ཆེན་དྲི་ཆུ་རྣམས་སུ་བཤད་པ་དོ ན་གྱིས་ཐོབ་བོ། །སྡུད་པ་ལྔ་ནི། བཞི་མཉམ་བཞི་མཉམ་པའི་དྲི་ཆེན་ལག་ལེན་བཞིན་སྦྱར་བ་སྟེ། སྡོམ་འབྱུང་ལས། འོ་མའི་སྟོན་ལ་སོགས་སྐྱེས་པའི། །ཙནྡན་སེར་པོ་ཡང་དག་གཟུང་། །ཞེས་སོགས་ཀྱིས་ཤེས་སོ། །གྱི་སྟེང་དུ་ཨ་མྲྀ་ཏའི་རྩ་བ་ཕབ་རྒྱུན་ག་བུར་གུར་གུམ་ཛཱ་ཏི་ཙནྡན་དང་ལྔའོ། །དུལ་བ་ལྔ་ནི། ཨ་ག་རུ་ནག་པོ། དུ་རུ་ཀ །ལི་ག་དུར། དབང་ལག །སུག་སྨེལ་དང་ལྔའོ། །དེ་རྣམས་ལ་སྨན་གཞན་རྣམས་དུལ་བའི་ནུས་པ་དང་ལྡན་པས་དུལ་བ་ཞེས་བཤད་དོ། །དགོས་དོན་ལྔ་ནི། རྡོ་རྗེ་སློབ་དཔོན། རྡོ་རྗེ་རྒྱལ་ཐེབས། ཀརྨ་ཀིང་ཀ་ར། ལས་བྱེད། གཟུངས་མ་དང་ལྔའོ། །དགོས་ཆས་ལྔ་ནི། དཀྱིལ་འཁོར། མཆོད་པ། རྫས། ཡོ་བྱད། ཀ་པཱ་ལ་མཚན་ལྡན་དང་ལྔའོ། །དེ་ལྟར་རྩ་བ་བརྒྱད་པོ་དེ་རྣམས་ལ་ཡན་ལག་སྟོང་སྦྱར་བ་ནི། ལྔ་ཚན་ཕྱི་མ་གཉིས་མ་གཏོགས་པའི་གོང་མ་དྲུག་པོ་དེ་རྣམས་རེ་རེར་རྩི་བཅུད་སྨན་དུ་གྱུར་ཚད་སྦྱར་བས་འགྲུབ་པ་ཡིན་ལ། དེ་དག་ཀྱང་དཀྱིལ་འཁོར་ལ་སོགས་པ་དགོས་ཆས་ལྔ་དང་ལྡན་པས་སློབ་དཔོན་ལ་སོགས་དགོས་དོན་ལྔ་པོ་དེ་རྣམས་ཀྱིས་ཚུལ་བཞིན་བསྒྲུབས་པས་རྩ་བརྒྱད་ཡན་ལག་སྟོང་སྦྱར་ཞེས་པའི་དོན་ཡོངས་སུ་རྫོགས་པའོ། །གཞན་ཡང་བདུད་རྩི་ལྔ་རེ་རེ་ལ་ཡང་རྩ་བ་བརྒྱད། སྨན་དང་། རིན་པོ་ཆེ་དང་། ཆུ་ལ་སོགས་པ་རེ་རེ་ལ་ཡང་རྩ་བ་བརྒྱད་ཡོད་པར་འཆད་ཀྱང་དོན་འདིར་མ་འདུས་པ་མེད་དེ། མདོར་ན་སྣང་སྲིད་ཀྱི་རྩི་བཅུད་ཐམས་ཅད་ཀྱང་སྨན་འདི་ཉིད་དུ་བསྡུ་བར་བཤད་དེ། སྣང་སྲིད་རྩི་བཅུད་སྨན་དུ་སྡུད། །ཅེས་དང་། བམ་བརྒྱད་ལས་ཀྱང་། ར་སཱ་ཡ་ན་ལ་སོགས་རྫས། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །ཅེས་དང་། དེའི་འགྲེལ་པར། ཕྱི་ནང་གསང་བའི་སྨན་འབུམ་ཕྲག་བསམ་གྱིས་མི་ཁྱབ་པའི་བཅུད་ཀྱང་བདུད་རྩི་འདི་ཉིད་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་སོགས་འདི་དག་གི་དབྱེ་བསྡུ་རྣམ་གྲངས་ཇི་སྙེད་པ་ཞིག་འབྱུང་ཡང་གཞན་དུ་བཤད་པ་ལས་ཤེས་སོ། །ལྔ་པ་དམ་རྫས་ཀྱི་རྒྱུ་བསག་པ་ནི། དེ་ཡང་རྫས་ཀྱི་གཙོ་བོ་བདུད་རྩི་ལྔ་ལས། དྲི་ཆེན་དང་དྲི་ཆུ་ནི་བླ་མ་དམ་པའམ་རིམ་གཉིས་ཀྱི་ལམ་ལ་སྤྱོད་པའི་རྣལ་འབྱོར་ཕོ་མོ་དམ་ཚིག་དག་པ་ལས་བླངས་ཏེ་དེ་ཉིད་ཀྱང་ལུས་རྡུལ་བ་དང་། བྱང་སེམས་ཉམས་པ་དང་། ན་བ་དང་། ངལ་ཞིང་དུབ་པའི་དུས་མ་ཡིན་པར་བྱུང་བའི་དྲི་ཆེ་ཆུང་ངོ་། །བྱང་སེམས་ནི་ཁྱེའུ་གཙང་མའམ། རང་ངམ། རང་ཉིད་དང་ཤེས་རབ་མ་རྡུལ་འཛག་པའི་དུས་སྙོམས་པར་ཞུགས་པའི་ཁུ་བ་གང་ཡང་རུང་བ་ལ་བྱ་སྟེ། བམ་བརྒྱད་ལས། འཛག་པའི་དུས་སུ་སྦྱར་བ་ཡི། །ཁྲག་ཆེན་དེ་ཡི་སེམས་དང་བཅས། །ར་སཱ་ཡ་ནའི་གཙོ་བོར་བྱ། །ཞེས་སོ། །རཀྟ་ནི་བུ་མོ་སྐྱེས་པ་དང་མ་འཕྲད་པའི་དང་པོར་འབབ་པའི་མངལ་ཁྲག་གོ། །ཤ་ཆེན་ནི་དྭངས་མ་ལ་བྱ་སྟེ། དེའང་རབ་མགོ་སྐྱེས་ཏེ་ཀླད་པ། འབྲིང་ཡན་ལག་སྐྱེས་ཏེ་རྐང་མར། ཐ་མ་ཤ་ལས་སྐྱེས་ཏེ་ཚིལ་བུ་གསུམ་གང་ཡང་རུང་བའོ། །འདི་ལྔ་ནི་དངོས་གྲུབ་མྱུར་དུ་འགུགས་པའི་རྫས་སུ་གྱུར་པའི་ཕྱིར་ལྕགས་ཀྱུ་ལྔ་ཞེས་གྲགས་སོ། །ཤ་ལྔ་ལས་མི་ཤ་ནི། རབ་སྐྱེ་བ་བདུན་པའི་ཤའམ། མ་རྙེད་ན་མཚམས་མེད་ལྔ་མ་བྱས་པ་དང་མི་བསད་པ་མ་ཡིན་པའི་སྐྱེས་པ་དར་མ་ནད་མེད་གཡུལ་དུ་བསད་པའི་ཤ་སྟེ་གལ་པོའི་བརྟག་པ་ལྔ་པར། སྐྱེ་བདུན་བྱ་རྐང་གྲིབ་མ་བདུན། བཅང་དང་གཡུལ་དུ་མཚོན་གྱིས་བསྣུན། །ཞེས་གསུངས་པ་བཞིན་ནོ། །བ་ལང་གི་ཤ་ནི་ཡུན་རིང་ནད་ཀྱིས་གདུངས་པ་མ་ཡིན་པར་ཤི་བའི་ཤའོ། །གླང་པོའི་ཤ་ནི་དངོས་རྙེད་ན་དང་། མ་རྙེད་ན་བོད་གླང་དཀར་པོའི་ཤའོ། །ཁྱི་དང་རྟ་ནི་ཁ་དོག་དཀར་པོ་ཅན་ནད་ངན་པས་ཤི་བ་མ་ཡིན་པའི་ཤའོ། །དེ་ལྟར་ཡང་ཕྱག་ཆེན་ཐིག་ལེར། །དཀར་པོའི་ཤ་དང་ལྡན་པ་ལ། །ཞེས་གསུངས་པས་སོ། །ཤ་ལྔ་པོ་འདི་ནི་སྤྱི་དང་མཐུན་པར་བྱས་ཀྱི། གཞན་དུ་ནི་མི་དང་ཁྱིའི་ཤ་མ་གཏོགས་གཞན་གསུམ་གྱི་ཚབ་ཏུ་སེང་གེ་དང་རྨ་བྱ་ཤང་ཤང་གི་ཤ་རྣམས་ལ་བཤད་དེ། གཙོ་བོ་སྐྱོབས་ཀྱི་ངོ་བོར་ངོས་འཛིན་ཙམ་མ་གཏོགས་སྦྱོར་སྡེ་དངོས་གཞིའི་སྐབས་ནི་གཉིས་ཀ་ཚང་བར་གསུངས་སོ། །འདི་དག་ནི་རིགས་དང་དངོས་གྲུབ་ཐམས་ཅད་གསལ་བར་བྱེད་པའི་ཕྱིར་སྒྲོན་མ་ལྔ་ཞེས་བརྗོད་པར་གྲགས་ཀྱང་། ཤ་ཟོས་པས་ནི་བཀྲག་མདངས་དང་གཟི་བརྗིད་བསྐྱེད་པའི་ཕྱིར་སྒྲོན་མ་ལྔ་ཞེས་བརྗོད་པར་བྱའོ་ཞེས་མཁས་པ་དག་གིས་འཆད་དོ། །གཞན་ཡང་། མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང་། །མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང་། །མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང་། །བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ། །དབང་པོ་ལྔ་དང་གོ་རོ་ཙ་ན་དང་། །ཞེས་པའི་སྲོག་ཆགས་སྣ་ཚོགས་པའི་ཤ་ཁྲག་སྙིང་སྣ་དབང་པོ་སོགས་ཀྱང་ཇི་ལྟར་རྙེད་པ་དག་བསག་པར་བྱ་ཞིང་། གལ་ཏེ་མ་རྙེད་ན་ནི་གསང་འདུས་ལས། ཤ་རྣམས་ཐམས་ཅད་མེད་ན་ཡང་། །ཐམས་ཅད་བསམ་པས་རྣམ་པར་བརྟག །ཅེས་པའི་འགྲེལ་པར་དཔལ་ལྡན་ཟླ་བས། ཤ་རྣམས་ཀྱང་མ་རྙེད་ན་དེའི་ས་བོན་ཉིད་བསམ་པའི་ཟན་ལ་སོགས་པ་ལ་དེ་དག་གི་གཟུགས་བྱས་ཏེ་རང་རང་གི་ལས་ཀྱིས་ཤི་བའི་ཚུལ་དུ་བྱས་ལ་སྦྱར་རོ། །ཞེས་བཤད་པ་བཞིན་བྱ་སྟེ། དེ་ལ་ས་བོན་ནི། མི་ལ་ནྲྀ་ལྗང་གུ་དང་། དུད་འགྲོ་སྤྱི་ལ་སུ་སེར་པོ་ཡིན་པས་དེ་དང་འདྲ་བ་སྟོང་ཕྲག་མང་པོ་ཞུ་བ་ལས་བྱུང་བའི་མི་དང་བྱོལ་སོང་གི་རྣམ་པ་མཐའ་ཡས་པར་བློས་བརྟགས་ཏེ་དེ་དག་ཀྱང་རང་རང་གི་ལས་ཀྱིས་ཤི་བའི་ཤར་མོས་ལ་སྦྱར་བར་བྱའོ། །གོང་གི་བདུད་རྩི་ལྔ་ལ་བརྡའམ་སྐྱོབས་ལྔར་གྲགས་པ་ཡང་སྦྱར་ཏེ། དྲི་ཆུའི་གླ་རྩི། དྲི་ཆེན་གྱི་ཨ་རུ་ར། རཀྟའི་དུ་རུ་ཀ །བྱང་སེམས་ཀྱི་ག་བུར། ཤ་ཆེན་གྱི་ཙནྡན་དམར་པོའོ། །གཞན་ཡང་འབྲས་བུ་གསུམ་དང་བཟང་དྲུག་སོགས་བརྐོ་བའི་དུས་རང་དབང་དུ་མི་འགྱུར་ཡང་། ཡུན་རིང་པོར་སྙིང་ཞིང་རོ་ནུས་ཡལ་བ་དང་དྲི་མས་སྦགས་པ་སོགས་མ་ཡིན་པ་གཙང་ཞིང་གསར་པ་ངད་དང་ལྡན་པ་དག་བསག་ཅིང་། བོད་སྨན་གྱི་རིགས་རྣམས་འཚོལ་བའི་དུས་ནི་རྩེ་མོའི་ཆ་ཤས་རྣམས་དཔྱིད་དང་། རྩ་བའི་རྣམས་སྟོན་དུས་འཐུ་བ་གཞན་དུ་གྲགས་པ་བཞིན་འདིར་ཡང་དེ་བཞིན་ཏེ། བམ་བརྒྱད་ལས། སྟོན་ཟླ་ཐ་ཆུང་དཔྱིད་ཟླ་འབྲིང་། །ཉ་ཡི་ཚེ་ན་བཙལ་བར་བྱ། །ཞེས་སྨོས་ཏེ། དེ་ཡང་སྟོན་ཟླ་ཐ་ཆུང་ལ་སྨན་གྱི་བཅུད་རྫོགས་ལ། དཔྱིད་ཟླ་འབྲིང་པོར་སྨན་གྱི་ལྷ་མོ་དྲོད་གཡོ་བས་ན་ཟླ་བ་དེ་གཉིས་ཀྱི་ཉ་སྟེ་བཅོ་ལྔ་ལ་སྨན་གྱི་སྲུང་མ་རྣམས་མྱུལ་བས་དངོས་གྲུབ་མྱུར་བར་གསུངས་ཤིང་། དུས་དེ་ཉིད་ལ་བཙལ་བའི་ཐབས་ནི། བྱིས་པ་ལོ་དྲུག་ལོ་བདུན་པ། །ཁྲུས་བྱས་དར་དཀར་གོས་གྱོན་ནས། །ཞེས་བཤད་པས། རིགས་བཟང་གི་ཁྱེའུ་གཙང་མ་ཁྲུས། བྱས་གོས་བཟང་པོ་དང་ལྡན་པས་ལྷག་པའི་ལྷ་དང་སྨན་གྱི་ལྷ་ལ་ཕྱག་བྱས་ནས་འཐུ་བར་བྱའོ། །གཞན་ཡང་སྐྱོབས་དང་འཕྲད་དུ་གྱུར་པའི་སྨན་གྱི་རིག་རྩ་བ་འབྲས་བུ་ལོ་མ་མེ་ཏོག་ཡལ་ག་ཐང་ཆུ་རིན་པོ་ཆེ་དང་འབྲུ་སྨན་སོགས་འོག་ཏུ་དགོས་པའི་ཚོགས་མཐའ་དག་གཙང་ཞིང་དག་པར་བསགས་ཤིང་འདུ་བྱའོ། །དེ་དག་ནི་དང་པོར་འཚོལ་བ་ལ་མཁས་པ་ཞེས་གསུངས་པའི་དོན་ནོ། །དེ་ལྟར་འདུ་བྱས་པའི་སྨན་གྱི་རིགས་སུ་གྱུར་པ་ཐམས་ཅད་ཀྱང་ཉི་མ་དང་རླུང་གིས་ངད་ཡལ་བ་དང་། དུ་བ་སོགས་རྫས་གཞན་གྱི་དྲིས་སྦགས་པ་དང་། རུལ་ཞིང་འཁྱགས་པ་སོགས་སྨན་གྱི་རོ་ནུས་དྲི་བསུང་རྣམས་ཉམས་པར་འགྱུར་བའི་སྐྱོན་ཐམས་ཅད་དང་བྲལ་བར་བསྲེལ་དགོས་ཤིང་། སྨན་རུལ་པ་བཏང་ན་སྨན་ཐམས་ཅད་རུལ་པར་འགྱུར་བས་སྤང་ཞེས་དགོངས་འདུས་ལས་གསུངས་སོ། །དེ་དག་ནི་བར་དུ་བསྲེལ་བ་ལ་མཁས་པ་ཞེས་གསུངས་པའི་དོན་ནོ། །དྲུག་པ་སྒྲུབ་པས་ཉམས་སུ་བླང་བ་ལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ། སྔོན་འགྲོ་ལ་དྲུག །བསྙེན་པ་གསོ་བ། སྒྲུབ་པའི་གཞི་བཟུང་བ། ཕྱིར་བཤགས་བྱ་བ། སའི་ཆོ་ག །རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ། དེར་དམ་རྫས་བཀོད་པ་དང་དྲུག་གོ། །དང་པོ་ནི། གཞིའི་བསྙེན་པ་སྔོན་དུ་སོང་བས་ལས་རིམ་འདིའི་ཆེད་དུ་གང་ལ་བརྟེན་རྒྱུའི་ལྷ་དེའི་བཟླས་པ་ཞག་བདུན་གྱིས་མཐའ་བརྟེན་པའི་བར་གྱིས་ཁ་གསོ་བྱའོ། །གཉིས་པ་ནི། སྟོན་འཁོར་གནས་དུས་ཡོ་བྱད་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་སྟེ། གཞན་སྤྱི་དང་འདྲ་བ་ལས་ཁྱད་པར་སྒྲུབ་པའི་དུས་ནི་སྟོན་དཔྱིད་བསིལ་དྲོད་སྙོམས་པའི་ཡར་གྱི་ངོའི་ཚེས་བརྒྱད་ལ་བྱ་བར་བཤད་ཅིང་། ཁྱད་པར་གྱི་ཡོ་བྱད་ནི་འཆད་པར་འགྱུར་བ་བཞིན་ནོ། །གསུམ་པ་ནི། སཱཙྪ་གདབ་པ། ཆུ་གཏོར་བཏང་བ། ཞི་བའི་སྦྱིན་སྲེག །བཀའ་སྒྲོགས་པ། བསང་བརྔན། ཉེ་འདོན། ལམ་འཕྲང་བསལ་བ། གསེར་སྐྱེམས། སྦྱིན་གཏོང་སོགས་མཐུན་རྐྱེན་གྱི་དཔུང་བསྐྱེད་པའི་ཆོ་ག་ཅི་འགྲུབ་བྱའོ། །བཞི་པ་ནི། ས་བརྟག་པ་སློང་བ་སྦྱོང་བ་གཟུང་བ་བསྲུང་བ་ལྷག་པར་གནས་པའི་རིམ་པ་སོགས་སོ། །ལྔ་པ་ནི། ཕྱི་ནང་གསང་བའི་མཚམས་བཅད་པ། མ་ཏྲཾ་བསྒྲལ་ཞིང་ཆག་ཆག་གདབ་པ། ཐིག་ཚོན་གྱི་རྟེན་དཀྱིལ་འཁོར་བཞེངས་པ་རྣམས་ནི་རྩ་བའི་སྒྲུབ་གཞུང་གང་ལ་བརྟེན་པ་དེས་འཆད་པ་བཞིན་ནོ། །ཁྱད་པར་ཁྲོལ་སྒྲུབ་ཀྱི་དཀྱིལ་འཁོར་ནི་སྒྲུབ་ཆེན་གཞན་གྱི་ཁོག་ཕུབ་ཕྱིར་རས་བྲིས་བྱས་ན་འཇུག་པ་བདེ་བས་འདི་ལྟར་ཤེས་པར་བྱ་སྟེ། དེ་ཡང་ཞི་བ་རིགས་བརྒྱར་བྱེད་ན་བདེ་གཤེགས་འདུས་པའམ། གསང་རྫོགས་ཀྱི་ཞི་བའི་དཀྱིལ་འཁོར་སོ་སོའི་སྒྲུབ་རིམ་གྱི་ངེས་པ་དང་མཐུན་པར་བྲི་ཞིང་། དེ་ལྟར་མི་ནུས་ན་ཞི་བ་ཞེ་གཉིས་ཀྱི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་སོགས་གཞནལ་ཡས་ཁང་གི་མཚན་ཉིད་ཚང་བའི་ལྟེ་བར་འཁོར་ལོ་རྩིབས་བཞི་མུ་ཁྱུད་ཀྱིས་བསྐོར་བ་སྟེ་གསང་བ་སྒྱུ་འཕྲུལ་དྲྭ་བའི་ལུས་ལྟར་མཛེས་ཤིང་བཀྲ་བར་བྲིའོ། །དྲུག་པ་ལ་གཉིས། དཀྱིལ་འཁོར་ལ་འགོད་རྒྱུའི་སྨན་གྱི་བཤམ་དང་། དེ་ཉིད་དཀྱིལ་འཁོར་ལ་འགོད་པའི་ཚུལ་ལོ། །དང་པོ་ནི། ཀ་པཱ་ལ་ལྔ་ཚོམས་སུ་ཤོང་བའི་རིན་པོ་ཆེའི་སྣོད་ཀྱི་དབུས་དང་ཕྱོགས་མཚམས་སུ་སྨན་དང་སྣོད་རིགས་སོ་སོར་ཕྱེ་ནས་འགོད་དེ། སྒྲོན་མ་གསལ་བར། དེ་ནས་སྣོད་ལྔར་དངོས་གཞི་ལྔ་སོགས་རིགས་ཕྱེ་སྟེ། ཞེས་འབྱུང་བས། སྣོད་ལྔ་ནི་ཀ་པཱ་ལ་སྟེ། བམ་བརྒྱད་ལས། དེ་ཡི་དབུས་སུ་བཞག་པའི་སྣོད། །ཐོད་པ་མ་གས་མ་ཆག་པ། །ཞེས་དང་། བཀྲ་ཤིས་གཙང་མའི་ཐོད་པ་བཞག །ཅེས་གསུངས་པས་ཀ་པཱ་ལའི་དོན་བདེ་བར་སྐྱོང་བ་མཚོན་ཅིང་ལྷ་དང་མཁའ་འགྲོ་རྣམས་དགྱེས་པ་སྐོང་བའི་སྣོད་ཀྱི་མཆོག་ཡིན་ནོ། །དེ་ཡང་དབུས་སུ། སྐུ་གསུམ་ལྷུན་གྲུབ་རྡོ་རྗེ་ཀ་པཱ་ལ། །ཞེས་པས་མཚན་ལྡན་སྲུབས་མེད་ཚངས་སྐུད་ཅན་བཞག །དེའི་ནང་ངམ་འོག་ཏུ། མི་འགྱུར་གཡུང་དྲུང་རྡོ་རྗེ་ཀ་པཱ་ལ། །ཞེས་པ་ནི་རུས་སྦལ་གྱི་ཐོད་པ་སྟེ། མ་འབྱོར་ན་ཁོག་པས་ཀྱང་རུང་ལ། དེའི་ནང་དུ་གི་ཝང་གིས་ཡི་གེ་ཧྲཱིཿབྲིས་པའོ། །དེའི་ཕྱིར་འགོད་པའི་ཐོད་པ་ནི། བམ་བརྒྱད་ལས། ཕྱོགས་བཞི་མཚམས་བརྒྱད་རྣམས་སུ་ཡང་། །སྣོད་ནི་བཞིའམ་བརྒྱད་བཞག་ལ། །ཞེས་པས། ཤར་དུ། མི་འགྱུར་སྲ་མཁྲེགས་རྡོ་རྗེ་ཀ་པཱ་ལ། །ཞེས་དཀར་པོ་ཟླུམ་པོ། ལྷོར། ཡིད་བཞིན་གཏེར་ལྡན་རྡོ་རྗེ་ཀ་པཱ་ལ། །ཞེས་སུལ་མང་འབུར་བཞི་པ། ནུབ་ཏུ། ཁམས་གསུམ་དབང་སྡུད་རྡོ་རྗེ་ཀ་པཱ་ལ། །ཞེས་ཟླ་གམ་གཤོང་བུ་གཉིས་པ། བྱང་དུ། ཆོ་འཕྲུལ་རྟགས་འབྱིན་རྡོ་རྗེ་ཀ་པཱ་ལ། །ཞེས་གྲུ་གསུམ་གཤོང་བུ་གསུམ་པ་རྣམས་བཞག་གོ། །ཤོང་ན་མཚམས་བཞིར་ཡང་ཐོད་པ་རེ་བཞག་སྟེ། ཁྲོ་མཁར་ལས། མི་ཤིགས་མཛོད་ལྡན་རྡོ་རྗེ་ཀ་པཱ་ལ། །སྲིད་པ་ཡོངས་གྲོལ་རྡོ་རྗེ་ཀ་པཱ་ལ། །དུག་གསུམ་གཏན་དཀྲུགས་རྡོ་རྗེ་ཀ་པཱ་ལ། །མཚན་མ་སྤྲོས་བྲལ་རྡོ་རྗེ་ཀ་པཱ་ལ། །ཞེས་པ་རྣམས་ཏེ་ཤར་ལྷོ་ནས་རིམ་པ་བཞིན། སེང་གེ་དང་། གླང་པོ་ཆེ་དང་། ལྷ་ཆེན་དང་། མི་ཕྱེ་གླ་མི་ཆེན་གླ་གླི་ཟེར་བའམ་འདུག །གླི་རྣམས་ཀྱི་ཐོད་པ་སྟེ་དངོས་ནི་རྙེད་བཀའ་བས་དེར་བརྟགས་པ་ཉིད་ཤར་ལྷོ་ནས་གཡས་བསྐོར་དུ་བཞག་གོ། །སེང་གེའི་ཐོད་པ་ནི་རུང་མཐུན་ཁྱི་དཀར་གྱི་ཐོད་པ། གླང་ཆེན་ནི་ཡུལ་གླང་གི་ཐོད་པ། ལྷ་ཆེན་གྱི་ཐོད་པ་ནི་ཕྱག་ཚང་ཀུ་བའོ། །གླ་གླི་ནི་ངོས་འཛིན་གཞན་ལ་བྱེད་པ་མང་ཡང་། བམ་བརྒྱད་ཀྱི་མི་ཆེན་གླ་གླིའི་སྙིང་ལ་སོགས། ཞེས་པའི་འགྲེལ་པར། གླ་གླི་ནི་བརྡ་ཡིན་ཏེ། འབྲས་བུ་ལྔའི་ཙིཏྟའོ། །ཞེས་པའི་འབྲས་བུ་ལྔ་ནི་མི་གླང་ཆེན་རྟ་བོང་རྨ་བྱ་ཤང་ཤང་ཀུ་ཀུ་རྣམས་ལ་ངོས་བཟུང་བས་དེ་དག་གི་ཐོད་པ་རྣམས་གང་ཡང་རུང་བ་ལ་བྱའོ། །སྣོད་དེ་རྣམས་སུ་བཞག་པར་བྱ་བའི་རྫས་ནི། བམ་བརྒྱད་ལས། གཙོ་བོ་ལྔ་དང་འབྲས་བུ་ལྔ། །དྲི་ཞིམ་བཅུད་ལྡན་ཐམས་ཅད་ཀུན། །ཞེས་གསུངས་པའི་གཙོ་བོ་ལྔ་ནི་བདུད་རྩི་ལྔའོ། །འབྲས་བུ་ལྔ་ནི་འདིར་ཤ་ལྔའོ། །དྲི་ཞིམ་བཅུད་ལྡན་ཐམས་ཅད་ཀུན། །ཞེས་པས་སྐྱོབས་དང་འཕྲད་དུ་དགོས་པའི་སྨན་མཐའ་དག་བསྟན་པའོ། །དེ་དག་ཀྱང་རིགས་ཀྱི་དབྱེ་ཚུལ་བསྟན་པ་ནི། སྒྲོན་གསལ་ལས། འདིའི་མཛད་བྱང་དུ། སློབ་དཔོན་ཟླ་བ་ཚེས་པས་མཛད་ཟེར་བ་འདུག་ཀྱང་། རྡོ་ཐོག་ཆོས་འབྱུང་དུ་མཁས་པ་བི་མ་ལས་མཛད་ཟེར་བ་འདུག་པ་དོན་གཅིག་གི་རྣམ་གྲངས་སོ། །དབུས་སུ་དཀར་དམར་སེམས་དང་ག་བུར་ཤ་རཱི་རམ། །ཅུ་གང་དག་དང་ཐལ་དཀར་རྡོ་རྗེ་བཞག་པར་བྱ། །ཞེས་པས་ཐོད་པ་དབུས་མར་བྱང་སེམས་དཀར་པོ་མིའི་ཤ །ཀླད་རྒྱུངས། ག་བུར། རིང་བསྲེལ། ཅུ་གང་། ཙནྡན་དཀར་པོ་སོགས་ཁ་དོག་དཀར་པོའི་སྨན་རྣམས་དང་། དུང་དང་མུ་ཏིག་སོགས་རིན་པོ་ཆེ་དཀར་པོ། འབྲས་སོགས་འབྲུ་དང་མེ་ཏོག་དཀར་པོ་རིགས། །སྲོག་ཆགས་དཀར་པོ་རྣམས་ཀྱི་ཤ་ཁྲག་སྙིང་སྣ་སྤོས་དཀར་དང་ཀ་ར་དང་དཀར་གསུམ་སོགས་དཀར་པོའི་རིགས་ཐམས་ཅད་དང་། ཨ་རུ་ར་སོགས་རོ་བསྐ་བའི་ཚོགས་དང་། བུར་སྦྲང་རྒུན་འབྲུམ་སོགས་མངར་བའི་རིགས་ཐམས་ཅད་བསག་གོ། །དེ་བཞིན་དུ། ཤར་དུ་དྲི་ཆེན་དང་ནི་ཛཱ་ཏི་བ་རུ་ར། །ཨ་ཀ་རུ་དང་དུ་རུ་ཀ་རྣམས་བཞག་པར་བྱ། །ཞེས་པས་ཤར་གྱི་ཐོད་པར་དྲི་ཆེན་དང་། བ་གླང་གི་ཤ །ཛཱ་ཏི། བ་རུ་ར། ཨ་ཀ་རུ། དུ་རུ་ཀ །ཤིང་མངར་སོགས་ཁ་དོག་དམར་སེར་གྱི་སྨན་རྣམས་དང་། གསེར་དང་སྦུར་ལེན་སོགས་རིན་པོ་ཆེ་སེར་པོ། །གྲོ་སོགས་འབྲུ་དང་མེ་ཏོག་དམར་སེར་གྱི་རིགས། སྲོག་ཆགས་དམར་སེར་རྣམས་ཀྱིས་ཤ་ཁྲག་སྙིང་སྣ། ཤིང་ཏོག་སེར་པོ་དང་སྤང་སྤོས་སོགས་དམར་སེར་གྱི་རིགས་ཐམས་ཅད་དང་། ནུམ་པ། ཏིགྟ་སོགས་རོ་ཁ་བའི་སྨན་ཐམས་ཅད་བསག་གོ། །དེ་བཞིན་དུ། ལྷོར་ནི་མཱཾ་ས་སྣ་ཚོགས་སྙིང་ཞོ་ཤ་དང་མཁལ་མ་ཞོ་ཤ །གླ་གོར་ཞོ་ཤ་ཙི་ཏྲ་ཀ་དང་ཀ་ཀོ་ལ་བཞག་གོ། །ཞེས་པས་ལྷོའི་ཐོད་པར་ཤ་ཆེན་གྱི་དྭངས་མ་གསུམ་དང་། ཁྱིའི་ཤ །ཞོ་ཤ་གསུམ། ཀླད་པ་སྣ་ཚོགས། ཙི་ཏྲ་ཀ་དང་། ཀ་ཀོ་ལ་དང་། ཁ་དོག་སྔོ་བའི་སྨན་རྣམས་དང་། །ཨིནྡྲ་ནཱི་ལ་དང་མུ་མེན་སོགས་རིན་པོ་ཆེ་སྔོན་པོ་དང་། འབྲུ་དང་མེ་ཏོག་སྔོན་པོའི་རིགས། སྲོག་ཆགས་སྔོན་པོ་རྣམས་ཀྱི་ཤ་ཁྲག་སྙིང་སྣ་དང་ཤིང་ཐོག་སྔོན་པོ་སོགས་ཁ་དོག་སྔོན་པོའི་རིགས་ཐམས་ཅད་དང་། སེ་འབྲུ། སྟར་བུ། བསེ་ཡབ། སྐྱུ་རུ་ར་སོགས་རོ་སྐྱུར་བའི་སྨན་ཐམས་ཅད་བསག་གོ། །དེ་བཞིན་དུ། ནུབ་ཏུ་རཀྟའི་ཚོགས་དང་ཙནྡན་སྨུག་པོ་དང་། །ལི་ཤི་སྐྱུ་རུ་ར་དང་རྒུན་འབྲུམ་སྟར་བུ་བཞག །ཅེས་པས་པདྨ་རཀྟ་དང་ཁྲག་སྣའི་རིགས། རྟའི་ཤ་དང་རྨ་བྱའི་ཤ །ཙནྡན་དམར་པོ། ལི་ཤི། སྐྱུ་རུ་ར། སྟར་བུ། སིནྡྷུ་ར་དང་། གནྡྷ་པ་ཏྲ། རྩ་འབྲས་སོགས་ཁ་དོག་དམར་བའི་སྨན་རྣམས་དང་། བྱུ་རུ་དང་པདྨ་རཱ་ག་སོགས་རིན་པོ་ཆེ་དམར་པོ་དང་། འབྲུ་དང་མེ་ཏོག་དམར་པོའི་རིགས། སྲོག་ཆགས་དམར་པོ་རྣམས་ཀྱི་ཤ་ཁྲག་སྙིང་སྣ་དང་། ཤིང་ཐོག་དམར་པོ་སོགས་ཁ་དོག་དམར་པོའི་རིགས་ཐམས་ཅད་དང་། ལྒ་སྐྱ་དང་། ན་ལེ་ཤམ། པི་པི་ལིང་སོགས་རོ་ཚ་བའི་སྨན་ཐམས་ཅད་དང་། ཚྭ་སྣའི་རིགས་རྣམས་བསག་གོ། །དེ་བཞིན་དུ། བྱང་དུ་དྲི་ཆུ་སྣ་ཚོགས་འོ་མ་ཆུ་དང་ཅོང་ཞི་དང་། །བྲག་ཞུན་གུར་གུམ་ལྕེ་བོག་བཞག་པར་བྱ། །ཞེས་པས། དྲི་ཆུ་དང་། གླང་པོ་ཆེའི་ཤ །ཤང་ཤང་ངམ་ཕ་ཝང་གི་ཤ །ཅོང་ཞི་བྲག་ཞུན། གུར་གུམ་ལྕེ་བོག་གུ་གུལ་དཀར་པོ་རྣམས་དང་། གཞན་ཡང་ཁ་དོག་བྱེ་བྲག་རྟོགས་བྱེད་ཀྱི་སྤོས་མིང་སྡེ་ཚན་དུ་གུ་ལྒུལ་ཅ་ཀུན་ཏུ་རུ་སོགས། སརྫྫ་རས། རྨ་རྩི་བོགས་ཞེས་འབྱུང་བ་དང་སྦྱར་ན་གུ་གུལ་དཀར་པོའོ། །བདུད་རྩི་སྒྲོན་གསལ་གྱི་འགྲེལ་པ་དགེ་བསྙེན་ཆེན་པོ་རིན་ཆེན་དབང་ཕྱུག་གིས་མཛད་པ་ལས་ལྕེ་བོག་དཀར་པོ་བཤད་ཅིང་ལམ་རིམ་མཆན་རྙིང་ལས་ཀྱང་དེ་ལྟར་བཤད་དོ། །ལྗང་བའི་སྨན་རྣམས་དང་། གཡུ་སོགས་རིན་པོ་ཆེ་ལྗང་གུ་དང་། འབྲུ་དང་། མེ་ཏོག་དང་ཤིང་ཐོག་ལྗང་གུའི་ཚོགས་ཐམས་ཅད་དང་། རོ་ཐ་དད་སྣ་ཚོགས་པའི་སྨན་ཐམས་ཅད་བསག་གོ། །གཞན་ཡང་དབུས་སུ་སེང་གེ་ལ་སོགས་པ་སྡེར་ཆགས་སྣ་ཚོགས་ཀྱི་ཤ །ཤར་དུ་རྨིག་པ་ཁ་བྲག་གི་སྡེ། ལྷོར་རྨིག་ཟླུམ། ནུབ་ཏུ་འདབ་ཆགས། བྱང་དུ་གདོང་ཅན་གྱི་སྡེ་རྣམས་ཀྱི་ཤ་རྣམས་བསགས་ཏེ། ཞི་ཁྲོ་བཀའ་བརྒྱད་འདུས་པ་ལས། མདོར་ན་སེམས་ཅན་མ་ལུས་ཐམས་ཅད་ལ། །བདུད་རྩིའི་རྒྱུ་ནི་ལྔ་ལྔ་ཡོད་པས་ན། །སོ་སོར་རྩ་བ་བརྒྱད་བརྒྱད་ཡོད་ཕྱིར་བསག །ཅེས་པ་བཞིན་ནོ། །གཞན་ཡང་སྨན་གྱི་དབྱིབས་ལས་མཚོན་ན་རྡོ་རྗེ་འདྲ་བ་དབུས། འཁོར་ལོ་འདྲ་བ་ཤར། རིན་པོ་ཆེ་འདྲ་བ་ལྷོ། པདྨ་འདྲ་བ་ནུབ། རལ་གྲི་འདྲ་བ་བྱང་དུའོ། །མདོག་ལས་མཚོན་ན་དཀར་པོ་དབུས། སེར་པོ་ཤར། སྔོན་པོ་ལྷོ། དམར་པོ་ནུབ། ལྗང་གུ་བྱང་། གཅིག་ལས་མཚོན་ན་རྩ་བ་དབུས། ལོ་མ་ཤར། འབྲས་བུ་ལྷོ། མེ་ཏོག་ནུབ། སྡོང་བུ་བྱང་། གཞན་ཡང་འབྲས་བུ་ལྔའི་རྐང་དང་རུས་བཅུད་ཐམས་ཅད་དབུས། དྲི་ཆེན་ཤར། དབང་པོ་ལྔ་སོགས་ལྷོ། ཁྲག་རྣམས་ནུབ། ཆུ་རྣམས་བྱང་དུའོ། །དེ་ལྟར་ཡང་སྒྲོན་གསལ་ལས། དེ་ལ་སོགས་ཏེ་ཕྱི་ནང་ཇི་སྙེད་འབྱོར་བའི་སྨན། །དབྱིབས་དང་ཁ་དོག་རོ་རྣམས་ཀྱི་ནི་རིགས་ལྔར་དབྱེ། །ཞེས་འབྱུང་བ་བཞིན་ནོ། །གཞན་ཡང་ཀཎྚ་ཀ་རི། སླེ་ཏྲེས། དབང་ལག །རྒྱ་མཚོ་ལྦུ་བ། ལི་ག་དུར་སོགས་སྨན་དང་དྲི་བཟང་པོ་ཇི་སྙེད་པ་ཐམས་ཅད་ཀྱིས་ཐོད་པའི་བར་མཚམས་ཐམས་ཅད་བྲུབས་ཤིང་གཅེར། གོང་གི་ཐོད་པ་ལྔ་པོ་ཡང་སོ་སོའི་རྫས་ཀྱིས་གང་བ་ལས་ལྷག་པར་དབུས་ཀྱི་ཐོད་པའི་རྫས་ཉིད་ཆེས་མཐོ་བར་བྱས་པའི་སོ་སོའི་དབུས་སུ་གཙོ་བོ་བདུད་རྩི་ལྔ་དང་ཤ་ལྔ་རིགས་བསྡེབས་པ་སྙིང་པོར་བྱ་ཞིང་། ཐོད་པ་དབུས་མའི་ཁར་བླ་མ་གོང་མ་རྣམས་ཀྱི་གདུང་རིང་བསྲེལ་བདུད་རྩིའི་ཕབ་གཏའ་སེལ་མེད་རྣམས་ཆང་དང་སྦྱར་བ་གསེར་ལ་སོགས་པའི་སྣོད་དུ་བཞག །མཚམས་བཞིར་ཐོད་པ་ཡོད་ན་དེ་དང་མེད་ན་སྣོད་གཞན་དུ་རིམ་པ་བཞིན་ཤར་ལྷོར་འོ་མ། ལྷོ་ནུབ་ཏུ་རིན་པོ་ཆེ། ནུབ་བྱང་དུ་ཆང་། བྱང་ཤར་དུ་ཆུ་རྣམས་སོ་སོའི་སྔགས་ཀྱིས་སྦྱངས་ཏེ་བཞག །དེ་དག་གི་ཁེབས་ནི་བམ་བརྒྱད་ལས། རིགས་དང་ཁ་དོག་མཐུན་པའི་དར། །བྷཉྫ་ལྔ་ཡི་ཁ་ནས་དགབ། །ཅེས་པས་དཀར་པོས་དབུས། སེར་པོས་ཤར། སྔོན་པོས་ལྷོ། དམར་པོས་ནུབ། ལྗང་གུས་བྱང་གི་བྷཉྫ་རྣམས་ཀྱི་ཁ་ནས་དགབ་བོ། །དེ་ཡང་སྤྱིར་སྣང་སྲིད་ཀྱི་སྨན་དང་རྩི་བཅུད་ཐམས་ཅད་འདིར་སྦྱར་དུ་རུང་ཡང་། གནས་སྐབས་སུ་ཁ་དོག་དྲི་རོར་གནོད་པའི་སྤང་བྱ་ནི་སྨན་གྱི་སྤྱང་ཀི་ཞེས་པ་སྟེ། དྲི་ཡི་སྤྱང་ཀི་སྒོག་པ། ཤིང་ཀུན། ཤུ་དག་ནག་པོ། བྱེའུ་རུག་པ། རྩ་གླ་བ། རྩ་ཁུ་བྱུག་རྣམས་སོ། །ཤའི་སྤྱང་ཀི་པུ་ཤུད་ཟེར་མོང་སོ་ཏོ་རོག་པོ་མཛོ་དྲེལ་རྣམས་ཀྱི་ཤའོ། །མེ་ཏོག་གི་སྤྱང་ཀི་ནི། སྤྲུ་མ། རི་ཤོ། སྲན་མ་རྣམས་ཀྱི་མེ་ཏོག་གོ། །ནུས་པའི་སྤྱང་ཀི་དུག་སྣ་ཚོགས་སོ། །རོའི་སྤྱང་ཀུ་གཞོབ་ཀྱི་རིགས། ཐལ་ཚྭ་བ་ཚྭ་བོང་ང་དཀར་དམར། ཧོང་ལེན་རྣམས་སོ། །མདོག་གི་སྤྱང་གི་སྤང་རྒྱན་སྔོན་པོའི་མེ་ཏོག་གོ། །སྤང་སྤོས་བྲག་སྤོས་ཀྱང་ཆེས་མི་ལེགས་སོ། །གོང་དུ་བཤད་པའི་སྨན་དེ་རྣམས་ཀྱང་སྤྱིར་མང་ཉུང་གི་ཚད་ནི་གཉགས་ལོ་ཆེན་པོས། ལ་སྨན་སུམ་གཉིས་བོད་སྨན་སུམ་ཆ་ལ། །ནང་གི་སྨན་དང་ཤ་རྣམས་དེ་ཡི་ཕྱེད། །སྔོ་དང་སྤོད་ཀྱིས་སུམ་ཆ་ཐུབ་པར་སྦྱར། །ཞེས་འབྱུང་བས་དཔེར་ན་ཨ་རུ་ར་རྒྱ་གར་མ་འདི་ཉིད་ཉུང་མཐར་བྱས་ཀྱི་གཞན་གསུམ་འགྱུར་ཉིས་འགྱུར་ཇི་ཙམ་མང་གིན་བཟང་། རུས་པ་དང་བྲལ་བ་བྲེ་གང་གི་ཚེ་ན། བ་རུ་ར་ཕུལ་བྱེད། སྐྱུ་རུ་ར་ཕུལ་བྱེད། ཙནྡན་དཀར་དམར། ཨ་ཀ་རུ་ནག་པོ་རྣམས་བསྡོམས་པས་ཕུལ་གང་། གུར་གུམ་ཕུལ་ཕྱེད། ནཱ་གི་དུལ་མ་དང་གི་ཝང་ལི་ཤི་རྣམས་བསྡོམས་པས་ཕུལ་ཕྱེད། བཟང་སྨན་གཞན་རྣམས་བསྡོམས་པས་ཕུལ་གང་། བོད་སྨན་སྔོ་ངད་རྣམས་སུམ་ཆ་གཅིག་བཏང་བར་བཤད་ཀྱང་ལག་ལེན་ལ་ཕུལ་ཕྱེད། ཤ་སྣ་སོགས་ནང་སྨན་ཐམས་ཅད་བསྡོམས་པས་ཕུལ་ཕྱེད། དབང་ལག་ཕུལ་གང་། ལིག་དུར་ཕུལ་གང་ངམ་དོ། སྦྲང་བུར་ཀ་ར་ཕུལ་དོ་རྣམས་ཏེ། དེ་ལྟར་སྦྱར་ཚད་རགས་པ་ཙམ་སྐབས་འདིར་ངེས་པར་མ་བྱས་ན། ཁྲོལ་བུར་བསྒྲུབས་ཟིན་གྱི་སྨན་རྣམས་དམ་རྫས་ཀྱི་རྒྱུར་མི་ཚུད་པ་སོགས་ཀྱི་དགག་བྱ་འགེགས་པའི་ཕྱིར་རོ། །དེ་ལྟར་ཡང་གཉགས་ལོ་ཆེན་པོས། ཤེས་རབ་རྙོག་མ་ཅན་གྱིས་སྨན་གྱི་རིགས་དབྱེ་མི་ཤེས་པར། །ལོང་ཐུབ་བཞིན་དུ་ཕྱི་ནང་ཚོགས་ཚད་གཅིག་ཏུ་བསྲེ། །དྲི་དང་རོ་དང་མདོག་ཀྱང་སྤྱང་ཀི་དག་གིས་ཁྱེར། །གཉེར་གྱི་བདག་ནས་སློབ་དཔོན་ས་འཛིན་སྙིང་རེ་རྗེ། །ཞེས་གསུངས་པའི་རྩིང་དཔྱོད་འཆོལ་བའི་སྐྱོན་དང་བྲལ་ཞིང་ཞིབ་མོར་དཔྱོད་པའི་བློ་དང་ལྡན་པས་ལག་ལེན་ལ་འཇུག་གོ། །སྤྱིར་སྨན་རིགས་ལྔར་དབྱེ་བའི་སྐབས་ནི་གཞུང་གི་དངོས་བསྟན་རིགས་བརྒྱས་སྦྱངས་ཟིན་གྱི་རྗེས་སུ་གསུངས་ཤིང་། དེ་ལྟར་ན་དམ་རྫས་ཀྱི་གཙོ་བོ་ལྔ་ནི་རིགས་ལྔ། དེའི་སྐྱོབས་ལྔ་ནི་ཡུམ་ལྔ། རིགས་ངེས་པ་རྣམས་ནི་སེམས་དཔའ་སེམས་མ་ཐུབ་དྲུག་སྒོ་བ་ཡབ་ཡུམ། རིགས་ལྷག་པ་དང་མ་ངེས་པ་རྣམས་ནི་ཀུན་བཟང་ཡབ་ཡུམ་དུ་བྱིན་གྱིས་བརླབས་ཏེ་ལྷ་གནས་སོ་སོར་རང་སྔགས་བཟླ་བཞིན་པས་འགོད་པར་བཤད་ཀྱང་གནས་སྐབས་སུ་ལག་ལེན་མང་བས་མི་བདེ་བ་དང་། དམིགས་རྟེན་རིགས་ལྔར་བཀོད་ཀྱང་དམིགས་པས་རིགས་བརྒྱར་བསྒོམ་པ་མི་འགལ་ཏེ། རིགས་བརྒྱ་ཡང་རིགས་ལྔའི་དབྱེ་བསྡུའི་ངོ་བོ་ཅན་ཡིན་པ་དང་། བླ་མ་བཀའ་བརྒྱད་ཀྱིས་ཀྱང་དེ་ལྟར་གསུང་ངོ་། །གཉིས་པ་དེ་ཉིད་དཀྱིལ་འཁོར་ལ་འགོད་པའི་ཚུལ་ནི། སྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་སྒྲུབ་རྫས་འགོད་པའི་སྒྲོམ་ཁྲི་རིམ་པ་གཉིས་པའམ་གསུམ་པ་གང་རིགས་འགོད་ཅིང་། དེ་ལ་ཁྱད་པར་གྱི་སྒྲུབ་རྫས་བཤམ་ཚུལ་སོ་སོའི་གཞུང་གིས་འཆད་ཅིང་། སྤྱིར་རིགས་འགྲེས་མཚོན་པ་ཙམ་ནི། ཁྲིའུའི་རིམ་པ་དང་པོར་བུམ་པ་དགུ་སོགས་རིམ་པ་བར་མའི་དབུས་སུ་སྨན་གྱི་དཀྱིལ་འཁོར་བཀྲམ་པའི་ཁར་མཉྫིའི་སྟེང་དུ་སྔར་འདུ་བྱས་པའི་ཁྲོལ་བུའི་བཤམས་དེ་ཉིད་སྦྱོང་ཁྲུས་སྔོན་དུ་འགྲོ་བས་རིགས་བརྒྱའི་ལྷ་སྔགས་བཟླ་བཞིན་པས་བཀོད། སྟེང་ནས་དར་སྣ་ཚོགས་ཀྱིས་དགབ་ཅིང་ཚོན་སྐུད་ལྔས་རྒྱ་གྲམ་དུ་བཏབ་པའི་སྣེ་མོར་རྡོ་རྗེ་བཏགས་པ་ཐོད་པ་དབུས་མའི་ཁར་བཞག །སྣེ་མོ་ཅིག་ཤོས་ལས་སྟེང་དུ་དམུ་ཐག་དང་ཕྱོགས་བཞིར་གཟུངས་ཐག་ཏུ་དྲང་། ཁྲོལ་བུའི་ཕྱོགས་མཚམས་སུ་ཐོད་པ་བདུད་རྩི་ཅན་ནམ། ཡང་དག་མེ་གཅིག་སོགས་དང་། ལྡིང་ཁྲིའི་འོག་སྒྲུབ་དཀྱིལ་ཁར་ཕུར་བུ་མར་མེ་སོགས་སོ་སོའི་སྐབས་ཐོབ་དང་སྦྱར་ལ་དགྲམ། གོང་གི་སྨན་ཁང་ལ་ནང་ནས་རིམ་བཞིན་མཐིང་དམར་དཀར་བའི་དར་ཡོལ་སུམ་རིམ་བྲེ། སྟེང་དུ་ཚངས་པ་དང་རྒྱུ་སྐར་སོགས་ཤིང་བུ་ཀུ་རུ་རིས་སུ་བྱས་པ་ལ་འགོད་པར་བཤད་ཀྱང་། ད་ལྟ་ཕྱག་ལེན་ལ་རྒྱ་གདུགས་ལྟ་བུའི་དབུས་སུ་ཚངས་པ་བརྒྱ་བྱིན་གྱི་སྐུ་དང་རྔ་ཡབ་ཀུ་ཤའི་ཆུན་པོ་རྣམས་བཏགས། ཤམ་བུའི་ནང་དངོས་སུ་རྒྱུ་སྐར་ཉེར་བརྒྱད་ཀྱི་ཙཀླི་རྒྱབ་ཏུ་སོ་སོའི་སྔགས་བྱང་བྲིས་པ་དར་གྱི་འཕུར་ལྕེ་དང་ལྡན་པ་རྣམས་བྱང་ཤར་ནས་བརྩམས་ཏེ་གཡས་སྐོར་དུ་ཕྱོགས་མ་འཆོལ་བར་བཀོད། དེའི་སྟེང་གི་ཕྱོགས་མཚམས་སུ་མེ་ལོང་བཅུ་ལ་མཚལ་གྱིས་ཁྲོ་བོ་བཅུའི་སྔགས་བྲིས་པ་དང་། བར་མཚམས་རྣམས་སུ་དར་དཔྱངས་དྲིལ་གཡེར་སོགས་ཀྱི་མཛེས་པར་བརྒྱན། ཚངས་པ་བརྒྱ་བྱིན་གྱི་སྐུ་དང་ཕོ་བྲང་གི་བར་དམུ་ཐག་གིས་སྦྲེལ། གཞན་ཡང་དཀྱིལ་འཁོར་གྱི་མཐའ་སྐོར་དུ་ཕུར་བུ་རལ་གྲི་བ་དན་རྒྱལ་མཚན་ཕྱི་ནང་གསང་བའི་མཆོད་པ་གཏོར་ཚོགས། སྤྱན་གཟིགས་སོགས་མཛེས་ཤིང་བཀྲ་བའི་རྒྱན་གྱི་ཁྱད་པར་ཇི་སྙེད་པ་ཡང་སྒྲུབ་པའི་དཀྱིལ་འཁོར་གང་ལ་བརྟེན་པ་དེ་དང་རྗེས་འབྲེལ་གྱིས་བཤམ་པར་བྱའོ། །སྤྱི་དོན་གཉིས་པ་དངོས་གཞི་ལ་གསུམ། སྒྲུབ་པའི་དཀྱིལ་འཁོར་གཞུང་སྲོང་བ་དང་། སྨན་ཁྲོལ་བུའི་དགོངས་པ་དང་། ཕྱེ་མའི་དགོངས་རྒྱུད་དང་གསུམ་མོ། །དང་པོ་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ལས། སྔོན་འགྲོ་ནི། སྐྱབས་སེམས་ནས་མཆོད་རྫས་བྱིན་གྱིས་བརླབ་པའི་བར་སོགས་སོ། །དངོས་གཞི་ནི། ཏིང་འཛིན་གསུམ་ནས་བསྟོད་པའི་བར་སོགས་ཏེ། བདག་མདུན་སྒྲུབ་རྫས་གསུམ་ཀ་སྒོམ་དོན་ལ་དབྱེར་མེད་ཡིན་པར་གོ་དགོས་ཤིང་ཛ་བ་དམིགས་ཀྱི་དབྱེ་བ་ཁྱད་པར་བ་ནི་ཡོད་དོ། །རྗེས་ནི་ཚོགས་མཆོད་ནས་རྒྱུན་ཏིང་གི་བར་སོགས་སོ། །དེ་དག་གི་སྐབས་མཚམས་ཅི་རིགས་པར་བར་གཅོད་ཉུལ་ལེ་འདུལ་བ་བྱིན་དབབ་པ་སོགས་ལས་ཀྱི་མདེའུ་སྦྱར་རྒྱུ་གཞན་ཡང་ཡོད་མོད། སྒྲུབ་གཞུང་གང་ལ་བརྟེན་པ་སོ་སོའི་རྩིས་འགོས་བསྡུས་ཏེ་འཆད་པ་བཞིན་མཐོང་བརྒྱུད་ལས་རྟོགས་པར་བྱ་བ་ཡིན་ནོ། །འདི་དག་ནི་ས་བཅད་ཕྱི་མ་ཀུན་གྱི་ཁོག་ཕུབས་སུ་ཤེས་པར་བྱའོ། །གཉིས་པ་ཁྲོལ་བུ་ལ་གསུམ་སྟེ། རྡོ་རྗེ་བཀོད་པ་ལས། དམ་པ་དེ་ཉིད་གསང་ཆེན་གྱི། །རིགས་བརྒྱ་རིགས་ལྔ་རིགས་གཅིག་གིས། །ཐམས་ཅད་སྦྱོང་བའི་མཆོག་ཏུ་བྱ། །ཞེས་གསུངས་པས་དམ་པ་རིགས་བརྒྱས་སྦྱོང་བ། དེ་ཉིད་རིགས་ལྔས་སྦྱོང་བ། གསང་ཆེན་རིགས་གཅིག་གིས་སྦྱོང་བ། མཇུག་དོན་བསྟན་པ་དང་བཞིའོ། །དང་པོ་དམ་པ་རིགས་བརྒྱས་སྦྱོང་བ་ནི། དེ་ཡང་སྣོད་བཅུད་སྣང་བའི་ཆོས་འདི་དག་ཐམས་ཅད་འཁྲུལ་པ་བདེན་མེད་བདེན་འཛིན་ཨ་འཐས་སུ་ཞེན་པའི་རྟོག་ཚོགས་རིགས་བརྒྱའི་ལྷའི་འཁོར་ལོར་སྦྱོང་བ་སྟེ། བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་དུ། ཐུན་མོང་དམ་པ་རིགས་བརྒྱ་ཡིས། །རང་གི་རྟོག་ཚོགས་ལྷ་རུ་སྦྱོང་། །ཞེས་དང་། སྒྲུབ་པའི་དམ་པ་རིགས་བརྒྱ་ཡིས། །དམན་གྱི་རྟོག་པ་ལྡོག་བྱས་ནས། །ཐམས་ཅད་ལྷ་ཡི་སྐུ་རུ་གསལ། །ཞེས་གསུངས་པས་ན་སྦྱོར་དངོས་ཀྱི་ཕྲིན་ལས་ཁོག་འབུབས་སུ་བྱ་ཚུལ་སྔར་བཤད་པ་བཞིན་དང་། རིགས་བརྒྱའི་ལྷ་ནི། རྡོ་རྗེ་དབྱིངས་ཀྱི་ལྷ་ལྔ་བཅུ་ལ་ཐབས་ཤེས་ཀྱིས་དབྱེ་བས་རིགས་བརྒྱར་བྱེད་པ་དང་། སྒྱུ་འཕྲུལ་སོགས་ལས་ཞི་བ་ཞེ་གཉིས་དང་། ཁྲོ་བོ་ལྔ་བཅུ་རྩ་བརྒྱད་དེ་རིགས་བརྒྱར་ངེས་པའོ། །སྔ་མའི་ལས་གཞུང་ནི། བདེ་གཤེགས་འདུས་པ་སོགས་སུ་གསལ་བར་གསུངས་ཤིང་། འདིར་ནི་ཕྱི་མའི་ལུགས་སུ་བྱས་པ་སྟེ། དེ་ཡང་རྩ་བའི་དཀྱིལ་འཁོར་གྱི་དམ་ཚིག་པ་བསྐྱེད་པའི་རྗེས་སུ། ཁྲོལ་བུའི་ལྷ་བསྐྱེད་ཅིང་སྤྱན་འདྲེན་སོགས་དཀྱུས་གཅིག་གིས་བྱེད་པ་ཉིད་གཞུང་སྔ་མ་མང་པོར་གསུངས་ཀྱང་། ཐོག་མར་རྩ་བའི་དཀྱིལ་འཁོར་སྒྲུབ་མཆོད་ཛཔ྄་ཀྱིས་མཐར་ཐུག་པའི་བར་བདག་མདུན་སྒྲུབ་རྫས་གསུམ་དབྱེར་མེད་དུ་བྱས་ནས། སླར་སྨན་གྱི་དཀྱིལ་འཁོར་ཛཔ྄་ཁང་དབྱེ་བ་ལྟར་མདུན་དུ་ཕྱེས་ནས་བསྒྲུབས་ན་དམིགས་ཕྱེད་ཅིང་སྒོམ་སྟབས་བདེ་བར་སྣང་བ་དང་། གཞུང་གི་ངེས་པ་རྣམས་བླ་མའི་མན་ངག་གིས་ཀྱང་དེ་ལྟར་འཆད་པས་སོ། །ལས་རིམ་ཇི་ལྟར་བྱ་བ་ནི། ལྷ་བསྐྱེད་༡ དབང་བསྐུར་༢གནས་གསུམ་བརླབ༣། །སྤྱན་འདྲེན་མེ་ཏོག་༤འཐོར་མཆོད་༥བསྟོད༦། །སྨན་སྲུང་༧སྤྱན་འདྲེན་རྟོག་བསལ་༨ཛཔ྄༩། །ཅེས་པ་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཧཱུྃ། ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་དབྱིངས། །རང་བཞིན་སྤྲོས་བྲལ་ཀུན་ཁྱབ་སྙིང་རྗེའི་མདངས། །འགྱུར་མེད་ཨ་དཀར་རྒྱུ་ཡི་ཐིག་ལེར་ཤར། །དེ་ལས་ཨེ་ཡྃ་བྃ་སུྃ་རྃ་བྷྲཱུྃ་ཆད། །ནམ་མཁའ་རླུང་ཆུ་ས་མེའི་དཀྱིལ་འཁོར་སྟེང་། །བྷྲཱུྃ་ཡིག་ཡོངས་གྱུར་ཀུན་བཟང་ཞལ་མེད་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་ཀྱི་བརྒྱན། །རྩིག་པ་ལྔ་ལྡན་འདོད་སྣམ་ཕ་གུ་དང་། །དྲྭ་བ་དྲྭ་ཕྱེད་མདའ་ཡབ་པུ་ཤུས་མཛེས། །རྩིབས་བཞི་མུ་ཁྱུད་གྲུ་ཆད་བར་ཁྱམས་ལྡན། །ཡེ་ཤེས་འོད་ཕུང་འཁྲིགས་པའི་དཀྱིལ་འཁོར་དབུས། །སེང་གླང་རྟ་མཆོག་རྨ་བྱ་མཁའ་ལྡིང་ཁྲི། །པདྨ་ཉི་ཟླའི་གདན་ལ་དྭངས་མའི་སྲོག །དེ་ལས་སོ་སོའི་ཕྱག་མཚན་ཡིག་འབྲུས་མཚན། །འོད་ཟེར་འཕྲོ་འདུས་དོན་བྱས་ཡོངས་གྱུར་པ། །བཞི་བཅུ་རྩ་གཉིས་རྒྱལ་བའི་འཁོར་ལོར་ཤར། །དབུས་སུ་རྡོ་རྗེ་སེམས་དཔའ་དབྱིངས་ཕྱུག་ཡུམ། །མཐིང་གསལ་རྡོ་རྗེ་དྲིལ་འཛིན་མཉམ་པར་སྦྱོར། །ཤར་རྩིབས་རྣམ་པར་སྣང་མཛད་སངས་རྒྱས་སྤྱན། །དཀར་པོ་འཁོར་ལོ་དྲིལ་འཛིན་མཉམ་པར་སྦྱོར། །ལྷོ་རྩིབས་རིན་ཆེན་འབྱུང་ལྡན་མཱ་མ་ཀཱི། །སེར་པོ་རིན་ཆེན་དྲིལ་འཛིན་མཉམ་པར་སྦྱོར། །ནུབ་རྩིབས་སྣང་བ་མཐའ་ཡས་གོས་དཀར་མོ། །དམར་པོ་པདྨ་དྲིལ་འཛིན༴ བྱང་རྩིབས་དོན་ཡོད་གྲུབ་པ་དམ་ཚིག་སྒྲོལ། །ལྗང་གུ་རལ་གྲི་དྲིལ་འཛིན༴ རྩིབས་མཆན་ཤར་ལྷོར་ས་སྙིང་ལཱ་སེ་དཀར། །མཉམ་སྦྱོར་རིན་ཆེན་མྱུ་གུ་མེ་ལོང་འཛིན། །ལྷོ་ནུབ་ནམ་སྙིང་མཱ་ལེ་སྐུ་མདོག་སེར། །མཉམ་སྦྱོར་རིན་པོ་ཆེ་དང་ཕྲེང་བ་འཛིན། །ནུབ་བྱང་སྤྱན་རས་གཟིགས་དང་གླུ་མ་དམར། །མཉམ་སྦྱོར་པདྨ་དཀར་པོ་པི་ཝང་འཛིན། །བྱང་ཤར་ཕྱག་ན་རྡོ་རྗེ་གར་མ་ལྗང་། །མཉམ་སྦྱོར་རྡོ་རྗེ་རྩེ་ལྔ་གར་རྒྱ་འཆིང་། །དེ་ཡི་ཕྱི་རོལ་གྲུ་ཆད་གྲྭ་བཞི་ལ། །ཤར་ལྷོར་བྱམས་པ་མཻ་ཏྲི་དྷཱུ་པེ་མ། །དཀར་སེར་ཀླུ་ཡི་ཤིང་དང་སྤོས་ཁང་འཛིན། །ལྷོ་ནུབ་སྒྲིབ་པ་རྣམ་སེལ་མེ་ཏོག་མ། །དམར་སེར་གླེགས་བམ་མེ་ཏོག་ཕྲེང་བ་འཛིན། །ནུབ་བྱང་ཀུན་ཏུ་བཟང་དང་མར་མེ་མ། །དམར་ལྗང་རིན་ཆེན་སྙེ་མ་སྒྲོན་མེ་འཛིན། །བྱང་ཤར་འཇམ་དཔལ་དབྱིངས་དང་དྲི་ཆབ་མ། །དཀར་ལྗང་ཨུཏྤལ་དང་དུང་ཕོར་འཛིན། །ཐམས་ཅད་གཡོན་པའི་ཕྱག་ན་དྲིལ་བུ་བསྣམས། །ཡབ་རྣམས་མཉམ་སྐྱིལ་ཡུམ་རྣམས་བརྟུལ་ཞུགས་ཚུལ། །ཤར་ཁྱམས་དབུས་སུ་ཀུན་ཏུ་བཟང་པོ་མཐིང་། །མཉམ་གཞག་ཕྱག་རྒྱ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ནུབ་ཁྱམས་དབུས་སུ་བཟང་མོ་དབང་སྔོན་མདོག །ཏིང་འཛིན་ཕྱག་རྒྱ་མཉམ་པའི་སྐྱིལ་མོ་ཀྲུང་། །ཀུན་ཀྱང་མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་མཚེར་ལྷུན་སྡུག་གཟི་བྱིན་མཆོག་ཏུ་འབར། །ཞི་ཚུལ་དགུས་མཛེས་མཚན་དང་དཔེ་བྱད་ལྡན། །ལྷ་རྫས་དར་གྱི་སྟོད་གཡོགས་སྨད་དཀྲིས་དང་། །ཟི་ལྡིང་གར་གྱི་ཕུ་དུང་རིན་པོ་ཆེའི། །དབུ་རྒྱན་སྙན་ཆ་མགུལ་རྒྱན་སེ་མོ་དོ། །དོ་ཤལ་དཔུང་རྒྱན་ཕྱག་ཞབས་གདུ་བུ་དང་། །གསེར་སྐེ་ལ་སོགས་བཅུ་གསུམ་ཆས་ཀྱིས་སྤྲས། །ཤར་ལྷོར་ལྷ་ཐུབ་དཀར་པོ་པི་ཝང་འཛིན། །ལྷོ་རུ་མི་ཡི་ཐུབ་སེར་གསེག་པར་འཛིན། །ལྷོ་ནུབ་ཡི་དྭགས་ཐུབ་དམར་རིན་ཆེན་སྒྲོམ། །ནུབ་བྱང་བྱོལ་སོང་ཐུབ་མཐིང་པུསྟི་འཛིན། །བྱང་དུ་ལྷ་མིན་ཐུབ་ལྗང་གོ་ཆ་འཛིན། །བྱང་ཤར་དམྱལ་བའི་ཐུབ་ནག་མེ་དང་ཆུ། །ཀུན་ཀྱང་ཚངས་སྤྱོད་མཆོག་གི་སྤྲུལ་སྐུའི་ཚུལ། །འགྲོ་བའི་དོན་དུ་བཞེངས་པའི་སྟབས་ཀྱིས་བཞུགས། །ཤར་སྒོར་གཤིན་རྗེ་གཤེད་དང་ལྕགས་ཀྱུ་མ། །སྨུག་ནག་མཉམ་སྦྱོར་མི་མགོ་ལྕགས་ཀྱུ་འཛིན། །ལྷོ་སྒོར་སྟོབས་པོ་ཆེ་དང་ཞགས་པ་མ། །སེར་ནག་རྡོ་རྗེ་ཐོད་སྣོད་ཞགས་པ་འཛིན། །ནུབ་སྒོར་རྟ་མཆོག་དཔལ་དང་ལྕགས་སྒྲོག་མ། །དམར་ནག་ཐོད་སྦྲུལ་འཆང་ཞིང་ལྕགས་སྒྲོག་འཛིན། །བྱང་སྒོར་བདུད་རྩི་འཁྱིལ་དང་དྲིལ་བུ་མ། །ལྗང་ནག་རྡོ་རྗེ་རྒྱ་གྲམ་དྲིལ་བུ་འཛིན། །ཀུན་ཀྱང་གར་དགུའི་རོས་སྒེག་དུར་ཁྲོད་ཀྱི། །ཆས་ཅན་འབར་བའི་མེ་ཕྲེང་དབུས་ན་བཞུགས། །གཉིས་པ་དབང་བསྐུར་བ་ནི། རིགས་ལྔ་སོ་སོའི་ཕྱག་རྒྱ་བཅིངས་ཏེ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། དེ་བཞིན་དུ་ཐོག་མཐའ་འདྲ་བ་ལས། ཨཱ་དཪྴ། སཱ་མ་ཏཱ། པྲ་ཏྱ་བེ་ཀྵ་ཎ། ཀྲྀ་ཏྱཱ་ནུཥྛ་ཎ་རྣམས་བརྗོད་ལ་ལྷ་ཚོགས་རྣམས་ཀྱི་སྤྱི་བོའི་གནས་ལྔར་དེ་བཞིན་གཤེགས་པ་ལྔ་རྗེས་ཆགས་ཀྱིས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར། ཉོན་མོངས་པ་ལྔ་སྦྱངས། ཕུར་པོ་ལྔ་སངས་རྒྱས་ལྔར་གནས་གྱུར་ནས་དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་བསམ་མོ། །གསུམ་པ་བྱིན་གྱིས་བརླབ་པ་ནི། རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་འཆིང་ཞིང་། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་དང་། དེ་བཞིན་དུ་ཝཱ་ཀ་དང་ཙིཏྟའི་མཐར་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ་འདོན་ཅིང་། ལྷ་རྣམས་ཀྱི་སྤྱི་མགྲིན་སྙིང་གར་ཟླ་བ་པདྨ་ཉི་མ་ལ་གནས་པའི་ༀ་ཨཱཿཧཱུྃ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་བྱོན་ནས་ཡི་གེ་གསུམ་ལ་ཐིམ། ཡོངས་སུ་གྱུར་པ་ལས་རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་དང་བཅས་པའི་སྐུར་གྱུར་པར་བསམ་མོ། །བཞི་པ་སྤྱན་དྲངས་པ་ནི། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་བཛྲ་ས་མཱཿཛཿས་སད་པར་བྱས་ལ། ཧཱུྃ། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བའི། །ཕྱོགས་དུས་ཀུན་ནས་གཤེགས་པར་གྱིས། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུྃ་བྃ་ཧོཿ ཞེས་སྤྱངས་དྲངས་ལ་གཉིས་མེད་དུ་བསྟིམ་མོ། །ལྔ་པ་རིག་པའི་མེ་ཏོག་དོར་བ་ནི། ༀ་བཛྲ་ས་མ་ཡ་ༀ། ཨཱཾཿབཛྲ་ས་མ་ཡ་ཨཱཾཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་རིག་པའི་མེ་ཏོག་དོར་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་གཉིས་སུ་མེད་པར་གྱུར་པར་བསམ་མོ། །དྲུག་པ་མཆོད་བསྟོད་ནི། ཀུན་བཟང་། ཞབས་བསིལ། བཞི་བསྣོལ། སྨན་གཏོར་རཀྟ་ལ་སོགས་པ་ཞི་ཁྲོའི་ཕྲིན་ལས་གཞུང་བཞིན་མཆོད་ཅིང་། བསྡུ་ན། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །སོགས་ཀྱི་མཐར་སྔགས་མཆོད་ཀྱིས་ཀྱང་ཆོག་གོ། །བསྟོད་པ་རྩ་རྒྱུད་ལས་གསུངས་པའི་གཞི་བསྟོད་ཡོངས་རྫོགས་སམ། མི་ནུས་ན། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པར་བྱའོ། །བདུན་པ་སྨན་སྲུང་སྤྱན་འདྲེན་ནི་སྐབས་འདིར་བྱ་བ་སྟེ། སྒྲོན་མ་གསལ་བར། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བསྟོད་པའི་བར་དུ་བྱས། །སྨན་གྱི་སྲུང་མ་གཙང་མར་གཏོགས་ཀུན་འབོད་བྱ་སྟེ། །མཉམ་པའི་ཚིག་གིས་རྟོག་བསལ་དམ་ཚིག་ལྡན་བྱས་ནས། །དམ་པ་རིགས་བརྒྱའི་བསྙེན་པས་དེ་ཉིད་དག་པར་སྦྱང་། །ཞེས་གསུངས་ཤིང་། དེ་ཡང་སྨན་གྱི་རྩི་བཅུད་དང་དངོས་གྲུབ་མྱུར་བའི་གྲོགས་སྨན་གྱི་རིག་འཛིན་རྣམས་ཀྱིས་མཛད་པས་སྤྱན་དྲངས་དགོས་ཤིང་། དེ་དག་ཀྱང་གཙང་སྦྲ་ལ་གནས་པས་གཉིས་འཛིན་གྱི་རྟོག་པ་ཐམས་ཅད་བདེ་ཆེན་ཡེ་ཤེས་ཆེན་པོར་རོ་གཅིག་པའི་ལྟ་བ་དང་ལྡན་པའི་ཚིག་གིས་བསལ་ནས་འཁོར་འདས་དཀྱིལ་འཁོར་གཅིག་ཏུ་བྱང་ཆུབ་པས་བཟང་ངན་བླང་དོར་བྲལ་བའི་དམ་ཚིག་དང་ལྡན་པར་བྱ་བ་ནི་མྱུར་བའི་ལམ་གྱི་གནད་ཡིན་ཏེ། ཇི་ལྟར་བྱ་བའི་ཚུལ་ནི། སློབ་དཔོན་གྱིས་ཁ་དོག་སྣ་ཚོགས་པའི་དར་གྱིས་གཡབ། སྤོས་དཀར་བསྲེག་ཅིང་རོལ་མོར་བཅས་པས་སྨན་སྲུང་སྤྱན་དྲང་བ་ནི། ཧཱུྃ། ཚངས་དང་ཁྲོ་མཁར་ལས། དྲང་སྲོང་ཀླུ་རྣམས་དང་། །ཤིང་དང་སྨན་གྱི་ལྷ་མོ་དང་། །ར་སཱ་ཡ་ནའི་སྲུང་མའི་ཚོགས། །སྔོན་ཚེ་འདས་དུས་དང་པོ་ལ། །ཀུན་བཟང་ལྷ་ཡི་སྤྱན་སྔ་རུ། །ཁས་བླངས་དམ་བཅས་དབང་མནོས་ཤིང་། །སྡོམ་ལ་གནས་པའི་རིག་འཛིན་བདག །དུས་གསུམ་བདེ་གཤེགས་མཆོད་པ་དང་། །སྨན་གྱི་རིག་འཛིན་བསྒྲུབ་པའི་ཕྱིར། །འཁོར་དང་བཅས་པ་སྤྱན་འདྲེན་ན། །འདིར་གཤེགས་དམ་ཚིག་ཚུལ་བཞིན་དགོངས། །ར་སཱ་ཡ་ནའི་དངོས་གྲུབ་སྩོལ། །ཞེས་སྤྱན་དྲངས་པས། སྔོན་སྨན་གྱི་དམ་ཚིག་གི་དངོས་གྲུབ་ཐོབ་ཅིང་། སྒྲུབ་པ་པོའི་སྡོང་གྲོགས་མཛད་པར་དམ་མནོས་པའི་སྨན་གྱི་རིག་འཛིན་ལྷ་དང་དྲང་སྲོང་སྲུང་མ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་བྱོན་ནས། སྨན་གྱི་ཕོ་བྲང་སྟེང་གི་ནམ་མཁར་སྤྲིན་ཕུང་གཏིབ་པ་བཞིན་བཞུགས་པར་བསམ་མོ། །བརྒྱད་པ་རྟོག་པ་བསལ་བ་ནི། བྱིན་གྱིས་བརླབས་པའི་བདུད་རྩི་འཐོར་ཞིང་། ཧཱུྃ། ཚངས་དང་བམ་བརྒྱད་ལས། དྲང་སྲོང་གཙང་མ་ཟ། །དེ་དག་གྲོལ་བར་ངས་མ་བཤད། །ཀླུ་དང་བྲམ་ཟེ་གཙང་མ་ཟ། །དེ་དག་གྲོལ་བར༴ བྱོལ་སོང་རྩྭ་མཆོག་ཟ་བ་ཡང་། །ཇི་སྲིད་འཚོ་ཡི་བར་དུ་ཟ། །དེ་དག་གྲོལ་བར༴ ཡང་དག་དོན་གྱི་ལུང་འདི་ཉོན། །རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི། །ཆོས་སྐུ་གཅིག་ལ་ཐ་དད་པའི། །རིགས་ལྔའི་མཚན་ཉིད་འདིར་བཤད་དོ། །དེ་ལྟར་རྟོགས་ན་གྲོལ་ཞེས་བཤད། །རང་བཞིན་ཡོངས་སུ་དག་པའི་རྫས། །མཉམ་པའི་དབྱིངས་སུ་རབ་རྟོགས་ན། །གཉིས་མེད་དོན་གྱིས་ཟིན་པ་ཡིན། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །དངོས་དང་དངོས་མེད་རྟོག་པའི་མཚན། །མཁས་པས་དབུས་ལའང་གནས་མི་འགྱུར། །ཡེ་ཤེས་སྐུ་ལྔར་བསྟན་པའི་ཕྱིར། །བྱང་ཆུབ་སེམས་ནི་དཀར་བས་ན། །དྲི་མེད་དཀར་བའི་ཡེ་ཤེས་སྐུ། །རཀྟ་ཆགས་མེད་དམར་བས་ན། །ཆགས་མེད་རྣམ་དག་ཆོས་ཀྱི་སྐུ། །མཱཾ་ས་ཡིད་བཞིན་རིན་ཆེན་ལྔ། །སྣ་ཚོགས་འབྱུང་ལྡན་མཉམ་ཉིད་སྐུ། །དྲི་ཆེན་གསེར་མདོག་སྣང་མཛད་དེ། །མངོན་བྱུང་སྤྲུལ་པ་ཆོས་ཀྱི་སྐུ། །དྲི་ཆུ་དག་བྱེད་ལྗང་གུའི་མདོག །ཀུན་ཏུ་དོན་གྲུབ་ཆོས་ཀྱི་སྐུ། །སྐུ་ལྔ་ལྷུན་གྲུབ་བདུད་རྩི་འདི། །སོ་སོ་ལུས་ལ་གནས་པ་ཡིན། །དྲི་ཆེན་དྲི་ཆུ་རཀྟ་དང་། །མཱཾ་ས་སེམས་ཆུ་འདི་དག་ཀུན། །སེམས་ཅན་རྟོག་པ་ལྡོག་བྱའི་ཕྱིར། །གཙོ་རུ་དང་དུ་བླང་བར་བྱ། །གཙང་དམེ་མེད་པར་ཀུན་གྱིས་སྤྱོད། །དེ་དག་གྲོལ་བར་ངས་བཤད་དོ། །ཞེས་བརྗོད་པས་སྨན་གྱི་དྲང་སྲོང་རིག་འཛིན་ཐམས་ཅད་གཙང་དམེའི་གཉིས་འཛིན་དག་ནས་འདོད་པའི་དངོས་གྲུབ་སྩོལ་བ་ལ་དགྱེས་བཞིན་བཞུགས་པར་བསམ་མོ། །དགུ་པ་ཛཔ྄་ལ་གཉིས་ལས། དང་པོ་ལྷའི་ཛཔ྄་ནི། ལྷ་ཚོགས་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས། །གསལ་བརྟན་འགྱུར་མེད་ཐུགས་ཀྱི་དཔལ་བེའུར། །ཟླ་སྟེང་ཏིང་འཛིན་སེམས་དཔའ་ཡིག་འབྲུའི་གཟུགས། །དྭངས་གསལ་འོད་འཕྲོ་སྔགས་ཀྱི་ཕྲེང་བས་བསྐོར། །རང་སྲོག་ཡིག་འབྲུའི་ཟེར་གྱིས་ཐུགས་བརྒྱུད་བསྐུལ། །ལྷ་ཚོགས་ཐུགས་ལས་འོད་འཕྲོས་རྒྱལ་བ་མཆོད། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་བསྡུས། །མདུན་བསྐྱེད་ལྷར་ཐིམ་གཟི་བྱིན་མཆོག་ཏུ་འབར། །དྭངས་མའི་འོད་ཟེར་འཁོར་འདས་ཁྱབ་པར་གསལ། །མ་དག་དངོས་འཛིན་ཡེ་ཤེས་འཁོར་ལོར་བསྒྱུར། །ཞེས་དམིགས་པའི་འཕྲོ་འདུ་དང་སྦྱར་ཏེ་ཞི་བ་བཞི་བཅུའི་སྒོས་ཛཔ྄་དང་། སྤྱི་ཛཔ྄། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་བརྒྱ་རྩ་སོགས་བཟླ། མི་ནུས་ན་ཞི་དཀྱིལ་ཁོ་ནས་ཀྱང་རུང་། སྤྲོ་ཞིང་ནུས་ན་ཁྲག་འཐུང་ང་བརྒྱད་ཀྱི་བསྐྱེད་སྔགས་ལན་གཅིག་བརྗོད་ལ། དེའི་རྐྱེན་གྱིས་ཁྲོ་བོར་བསྒྱུར་བ་སྟེ། ཧཱུྃ། ཞི་བའི་ལྷ་ཚོགས་ཡོངས་གྱུར་ཁྲག་འཐུང་ལྔ། །གནས་ཡུལ་མ་མོ་དབང་ཕྱུག་སྒོ་སྐྱོང་སོགས། །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་དཀྱིལ་འཁོར་ལྷ། །གར་དགུའི་ཉམས་ལྡན་དུར་ཁྲོད་ཆས་ཀྱིས་བརྒྱན། །བསྐལ་པའི་མེ་བཞིན་བཟོད་དཀའི་གཟི་བརྗིད་འབར། །ཁྲག་འཐུང་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ། །ཅེས་གསལ་བཏབ་ནས་མཆོད་ཅིང་བསྟོད། དམིགས་པའི་འཕྲོ་འདུ་སྔར་བཞིན་གྱིས་སྒོས་ཛཔ྄་དང་། སྤྱི་ཛཔ྄། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྒྱ་རྩ་སོགས་བཟླའོ། །གཉིས་པ་སྨན་ཛཔ྄་ནི། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་སྨན་གྱི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་འོད་འཕྲོས་འཁོར་འདས་ཀྱི། །རྩི་བཅུད་ཀུན་བསྡུས་བྱང་སེམས་ངོ་བོར་ཞུ། །ཕོ་བྲང་སྟེང་གི་སྨན་སྲུང་རིག་འཛིན་ཀུན། །དམ་ཚིག་རྗེས་དྲན་བརྟན་གཡོ་སྣོད་བཅུད་ཀྱི། །དྭངས་མའི་ཡོན་ཏན་འཆི་མེད་བདུད་རྩིའི་རྒྱུན། །དཀྱིལ་འཁོར་ཆེན་པོར་ཆར་བཞིན་འབེབ་པར་གྱུར། །ཞེས་པའི་དམིགས་པ་དང་ལྡན་པས། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ར་སཱ་ཡ་ན་ཏ་ན་ཛ་ཡ་གུ་ཧྱ་སིདྡྷི་ཧཱུྃ་ཧྲཱིཿཋཱ། ཞེས་སྟོང་དུ་གྲངས་ཚང་བར་བཟླས་པའི་མཚམས་སུ་སྟོང་ཚིགས་ཀྱི་མཆོད་པ་ཡང་བྱ་སྟེ། སྒྲོན་གསལ་ལས། སྟོང་དུ་ཚང་ནས་མཆོད་བྱས་ཏིང་འཛིན་གསལ་བར་བྱ། །ཞེས་གསུངས་པས། བྱིང་རྨུགས་གཉིད་དང་ལེ་ལོ་སོགས་ཀྱི་དབང་དུ་མ་སོང་བར་ཏིང་ངེ་འཛིན་གྱི་ངར་དང་ལྡན་པས་ཐུན་བཞིའམ་དྲུག་གི་ངེས་པར་བཟླ་ཞིང་། བསྙེན་གྲོགས་ཀྱིས་ཁོར་ཡུག་ཏུ་གསུང་མི་ཆག་པར་བཟླ་བ་གལ་ཆེའོ། །དུས་དྲུག་ཏུ་བར་ཆོད་ཀྱི་ཉུལ་ལེ་སྐྲོད་པ་དང་སྐུ་གསུང་ཐུགས་ཀྱི་བྱིན་དབབ་པ་ཡང་ནན་ཏན་དུ་བྱ་ཞིང་། ཐུན་མཇུག་ཏུ། རིགས་བརྒྱའི་ལྷ་ཚོགས་འོད་ཀྱི་གོང་བུར་ཞུ། །གཙོ་བོ་རིགས་ལྔའི་ཐུགས་ཀྱི་ཐིག་ལེར་ཐིམ། །རིགས་ལྔ་ཡབ་ཡུམ་སྙོམས་ཞུགས་བྱང་སེམས་ཀྱི། །ངོ་བོར་འོད་ཞུ་སྨན་དང་རོ་གཅིག་གྱུར། །ཞེས་བསྒོམས་ཏེ། ཉེ་སྙིང་ལས། རིམ་གྱིས་དཀྱིལ་འཁོར་བསྡུས་ནས་ནི། །དེ་ཉིད་རིགས་ལྔའི་དཀྱིལ་འཁོར་གསལ། །ཞེས་གསུངས་པའི་དོན་ནོ། །ཚོགས་མཆོད་སོགས་རྗེས་ཀྱི་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །གཉིས་པ་དེ་ཉིད་རིགས་ལྔས་སྦྱོང་བ་ནི། དེ་ཡང་རིགས་མང་པོ་བཟང་ངན་ཐ་དད་པར་བལྟ་བའི་རྣམ་པར་རྟོག་པ་ལྡོག་པའི་ཕྱིར་ཏེ། འཁོར་ལོ་འབར་བར། གསུང་གི་བསྒྲུབ་པ་བྱ་བ་ཡང་། །དེ་ཉིད་རིགས་ལྔར་ཡང་དག་གནས། །ལྷར་འཛིན་ཐ་དད་སོ་སོར་དྲངས། །སྨན་གྱི་དངོས་པོ་རང་རྒྱུད་པར། །འཛིན་པའི་རྟོག་པ་ལྡོག་བྱས་ནས། །རིགས་ལྔ་ཡེ་ཤེས་ལྔ་རུ་བསྒྲུབ། །ལོངས་སྤྱོད་རྫོགས་སྐུར་འཚང་རྒྱའོ། །ཞེས་གསུངས་པས། སྨན་རྣམས་ཕྱོགས་བཞི་དབུས་དང་ལྔར་བསྡུ་བའི་སྐབས་འདིར་ཡིན་ཀྱང་འཇུག་པ་བདེ་ཕྱིར་གོང་དུ་བཀོད་པ་མི་འགལ་བར་གསུངས་པའི་དབང་དུ་བྱས་ཀྱི། འོན་ཀྱང་སྔར་ཐོད་པའི་ལྔའི་བར་མཚམས་སུ་བཀོད་པ་ཡོད་ན་སྣོད་ལྔ་པོར་བསྡུས་ཏེ་དཔའ་བོ་འབྲུ་ལྔའི་རང་བཞིན་དུ་གྱུར་པར་བལྟའོ། །ཕྲིན་ལས་ཀྱི་སྡོམ་ནི་སྔར་བཤད་པ་བཞིན་དགུ་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཧཱུྃ། ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་དབྱིངས། །ཞེས་ཏིང་འཛིན་གསུམ་ནས། ཡེ་ཤེས་འོད་ཕུང་འཁྲིགས་པའི་དཀྱིལ་འཁོར་དབུས། །ཞེས་པའི་བར་དང་། སྐབས་འདིར་བདེ་གཤེགས་འདུས་པར། དབུས་ཀྱི་ཕོ་བྲང་གདན་དང་བཅས་པ་བསྒོམ། །ཞེས་པའི་གདན་ནི་འདིར་རྩིབས་གདན་སྟབས་སུ་བྱེད་པར་ངོས་བཟུང་བའོ། །རྩིབས་སྟེང་དུ་དམ་རྫས་ཀྱི་སྟེགས་དང་སྣོད་སྒོམ་ཚུལ་ནི། སྒོམ་མ་གསལ་བར། སོ་སོའི་སྣོད་དག་འོག་ཏུ་ཡྃ་ལས་རླུང་གི་དཀྱིལ་འཁོར་ནི། །ཞེས་སོགས་བསྟན་པའི་དོན་ནི་འདི་ལྟར། དབུས་དང་རྩིབས་བཞིར་ཡྃ་ལས་རླུང་གཞིའི་དབྱིབས། །དེ་སྟེང་རྃ་ལས་དམར་ནག་གྲུ་གསུམ་སྟེང་། །གནས་པའི་ཨ་ཡིག་ཡོངས་གྱུར་ཀ་པཱ་ལ། །ཕྱི་དཀར་ནང་དམར་ཡངས་ཤིང་རྒྱ་ཆེ་ལྔའི། །སོ་སོའི་ནང་དུ་པྃ་ལས་པདྨ་དང་། །ཨ་ལས་ཟླ་བ་མྃ་ལས་ཉི་དཀྱིལ་སྟེང་། །བྱང་སེམས་དྲི་ཆེན་ཤ་དང་རཀྟ་ཆུར། །རིམ་བཞིན་ཧཱུྃ་ༀ་སྭཱ་ཨཱཾཿཧཱ་ཡིག་ལྔ། །མཐིང་དཀར་སེར་དམར་ལྗང་གུའི་མདོག་ཏུ་འཚེར། །དེ་ལས་འོད་འཕྲོས་མཁའ་མཉམ་འགྲོ་དོན་བྱས། །ཡེ་ཤེས་ལྔ་ཡི་བཅུད་བསྡུས་ཡོངས་གྱུར་ལས། །རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་དང་། །རལ་གྲི་ཕྱག་མཚན་རྣམ་ལྔ་ཡིག་འབྲུས་མཚན། །འོད་འཕྲོས་སེམས་ཅན་དོན་བྱས་འཁོར་འདས་ཀྱི། །བཅུད་བསྡུས་བདེ་གཤེགས་ལྔ་ཡི་སྐུར་གྱུར་པ། །དབུས་སུ་རྡོར་སེམས་ཨིནྡྲ་ནཱི་ལའི་མདོག །རྡོ་རྗེ་དྲིལ་འཛིན་དབྱིངས་ཕྱུག་ཡུམ་དང་སྦྱོར། །ཤར་དུ་རྣམ་པར་སྣང་མཛད་ཟླ་བའི་མདོག །འཁོར་ལོ་དྲིལ་འཛིན་སྤྱན་མ་ཡུམ་དང་སྦྱོར། །ལྷོ་རུ་རིན་ཆེན་འབྱུང་ལྡན་གསེར་གྱི་མདོག །རིན་ཆེན་དྲིལ་འཛིན་མཱ་མ་ཀཱི་དང་སྦྱོར། །ནུབ་ཏུ་སྣང་བ་མཐའ་ཡས་རཱ་གའི་མདོག །པདྨ་དྲིལ་འཛིན་གོས་དཀར་ཡུམ་དང་སྦྱོར། །བྱང་དུ་དོན་ཡོད་གྲུབ་པ་མ་རྒད་མདོག །རལ་གྲི་དྲིལ་འཛིན་སྒྲོམ་མ་ཡུམ་དང་སྦྱོར། །ཡབ་རྣམས་མཉམ་སྐྱིལ་ཡུམ་རྣམས་བརྟུལ་ཞུགས་ཀྱི། །སྐྱིལ་ཀྲུང་གིས་འཁྲིལ་ཞི་བའི་ཚུལ་དགུས་བརྗིད། །བཅུ་གསུམ་ཆས་ཀྱིས་རབ་མཛེས་མཚན་དཔེར་ལྡན། །མཐའ་ཡས་འོད་ཟེར་སྤྲོ་བའི་བདག་ཉིད་ཅན། །བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས། །ཞེས་པས་གསལ་གདབ་བོ། །གཉིས་པ་དབང་བསྐུར་བ་ནས་དྲུག་པ་མཆོད་པའི་མཐར་ཐུག་གི་བར་སྔར་བཞིན་ལས། བསྟོད་པ་ནི། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བདུན་པ་སྨན་སྲུང་སྤྱན་འདྲེན་དང་། བརྒྱད་པ་རྟོག་བསལ་སྔར་བཞིན། དགུ་པ་ཛཔ྄་ལ་གཉིས་ཀྱི། དང་པོ་ལྷ་ཛཔ྄་ནི། དམིགས་པའི་འཕྲོ་འདུ་རིགས་བརྒྱའི་སྐབས་བཞིན་ལས་སྔགས་ཚིག་ནི། ཧཱུྃ་བཛྲ་དྷྲྀཀ྄ །མཱུྃ་དྷཱ་ཏྭཱི་ཤྭ་རཱི། ༀ་ཛི་ན་ཛིཀ྄ །ལཱྃ་དྭེ་ཥ་ར་ཏི། སྭཱ་རཏྣ་དྷྲིཀ྄ །མཱྃ་མོ་ཧ་ར་ཏི། ཨཱྃ་ཨ་རོ་ལིཀ྄ །པཱྃ་རཱ་ག་ར་ཏི། ཧཱ་པྲཛྙཱ་དྷྲིཀ྄ །ཏཱྃ་བཛྲ་ར་ཏི། ཞེས་བརྒྱ་རྩ་སོགས་བཟླ། གཉིས་པ་སྨན་ཛཔ྄་ནི། དྭངས་མའི་སྲོག་ཡིག་འོད་ཀྱིས་ཐུགས་རྒྱུད་བསྐུལ། །རིགས་ལྔ་ཡབ་ཡུམ་རྗེས་སུ་ཆགས་པའི་རོས། །སྙོམས་པར་ཞུགས་པའི་དགའ་བའི་འོད་དང་སྒྲས། །འཕགས་མཆོད་སེམས་ཅན་དོན་བྱས་དངོས་གྲུབ་དབྱིག །ཚུར་འདུས་བྱང་ཆུབ་སེམས་རྒྱུན་མཁའ་གསང་ལས། །བབས་པས་བྷཉྫར་བདུད་རྩིའི་རྒྱ་མཚོར་བསྐྱིལ། །ཕོ་བྲང་སྟེང་གི་སྨན་སྲུང་རིག་འཛིན་གྱིས། །བརྟན་གཡོའི་རྩི་བཅུད་བདུད་རྩིར་འབེབས་པར་གྱུར། །ཞེས་བསྒོམ་ཞིང་། ༀ་ཨཱཿཧཱུྃ་སྭཱ་ཧཱ། ཛྙཱ་ན་པཉྩ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཞེས་བཟླ་ཞིང་སྟོང་ཚིགས་ཀྱི་མཆོད་པ་སོགས་སྔར་བཞིན་ནོ། །ཐུན་གྱི་མཇུག་ཏུ། ལྷ་རྣམས་དགའ་བས་མཉམ་སྦྱོར་ཡེ་ཤེས་ལྔ། །བདུད་རྩིའི་ངོ་བོར་ཞུ་སྟེ་དམ་རྫས་དང་། །དབྱེར་མེད་ཁ་དོག་དྲི་རོ་ནུས་ལྡན་པའི། །དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་གྱུར། །ཞེས་དང་། མཚམས་ཀྱི་ཆང་དང་འོ་མ་རིན་པོ་ཆེ་ཆུ་རྣམས་ཀྱང་དེ་དང་དེའི་རང་བཞིན་གྱི་བདུད་རྩིའི་ངོ་བོར་ཞུ་བར་བསམ་ལ་ཆང་ལ། ༀ་བཛྲ་ཨ་མྲྀ་ཏ་ཛ་གད་པྲ་ཝཱ་ཡ་སྭཱ་ཧཱ། འོ་མར། ༀ་བི་ཏང་སཾ་ཤོ་དྷཱ་ཡ་ཀྲོ་དྷཱི་ཤྭ་རི་སྭཱ་ཧཱ། རིན་པོ་ཆེར། ༀ་སརྦ་པཉྩ་ཨ་མྲྀ་ཏ་རཏྣ་ཙིཏྟ་ཧཱུྃ་ཧྲཱིཿཋཱ། ཆུར། ༀ་བཛྲ་ཨ་མྲྀ་ཏ་བི་ཤུདྡྷ་ཀུཎྜ་ལཱི་སྭཱ་ཧཱ། ཞེས་སོ་སོར་བརྒྱ་རྩ་རེ་དང་། ༀ་ཀྲོ་དྷཱི་ཤྭ་རཱི་ཤོ་དྷཱ་ཡ་སྭཱ་ཧཱ། ཞེས་པས་ཐུན་མོང་དུ་རོའི་མཆོག་ཏུ་བྱིན་གྱིས་བརླབ་པར་བྱའོ། །གསུམ་པ་གསང་ཆེན་རིགས་གཅིག་གིས་སྦྱོང་བ་ནི། རིགས་ཐ་དད་དུ་འཛིན་པའི་ཞེན་པ་སྦྱོང་བའི་ཕྱིར་ཏེ། སྒྲོན་གསལ་དུ། དེ་འོག་རྣམ་ལྔ་ཐུགས་སུ་བསྡུས་ཏེ་སྦྱོང་བ་ནི། ཞེས་གསུངས་པས་རིགས་ལྔ་རྡོ་རྗེའི་རིགས་དང་། ཡེ་ཤེས་ལྔ་ཆོས་དབྱིངས་ཡེ་ཤེས་དང་། ཕུང་པོ་ལྔ་རྣམ་པར་ཤེས་པའི་ཕུང་པོར་བསྡུ་བའོ། །དེ་ཡང་། སྣོད་གཞན་གྱི་སྣོད་ཐམས་ཅད་དབུས་ཀྱི་ཐོད་པར་བསྡུས་ནས་གཅིག་ཏུ་བྱ་སྟེ། འཁོར་ལོ་འབར་བར། དྲན་པ་སྣ་ཚོགས་སྣང་བ་ཡང་། །སྣོད་བཅུད་དམ་པ་རིགས་བརྒྱར་སྦྱང་། །དེ་ཉིད་དྲན་མེད་རིགས་ལྔར་འདུས། །སྣོད་བཅུད་རིགས་སུ་དབྱེ་བ་མེད། །དེ་ཕྱིར་གསང་ཆེན་རིགས་གཅིག་བསྒོམ། །རིགས་ལྔ་ཡེ་ཤེས་ཐ་དད་དུ། །འཛིན་པའི་རྟོག་པ་ལོག་བྱས་ནས། །གཉིས་མེད་ཆོས་སྐུར་སངས་རྒྱས་པས། །དྲན་མེད་ངང་དུ་རིགས་གཅིག་གནས། །གཉིས་མེད་ཆོས་ཀྱི་དབྱིངས་སུ་ཐིམ། །ཞེས་གསུངས་པས། ཕྲིན་ལས་ཀྱི་སྡོམ་ནི་སྔར་བཤད་པ་བཞིན་དགུ་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ནི། བདེ་གཤེགས་འདུས་པར། རྒྱུ་ཡི་ཏིང་ངེ་འཛིན་ལས་རྡོ་རྗེ་སེམས་དཔར་བསྐྱེད། །ཅེས་གསུངས་པས། ཧཱུྃ། ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་དབྱིངས། །རང་བཞིན་སྤྲོས་བྲལ་ཀུན་ཁྱབ་སྙིང་རྗེའི་གདངས། །འགྱུར་མེད་ཧཱུྃ་ཡིག་རྒྱུ་ཡི་ཐིག་ལེར་ཤར། །དེ་ལས་ཐུགས་མཆོག་རྡོ་རྗེ་ཧཱུྃ་གིས་མཚན། །འོད་འཕྲོས་འཕགས་མཆོད་བྱིན་རླབས་དངོས་གྲུབ་བསྡུས། །འགྲོ་རྣམས་བྱང་ཆུབ་ཞིང་བསྒྲལ་ཚུར་འདུས་ཧཱུྃ། །ཡོངས་གྱུར་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །མཐིང་གསལ་དྲི་མེད་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །དབྱིངས་ཕྱུག་ཡུམ་འཁྱུད་ཞི་བའི་ཚུལ་དགུས་བརྗིད། །བཅུ་གསུམ་ཆས་ཀྱིས་རབ་བརྒྱན་མཚན་དཔེར་ལྡན། །མཐའ་ཡས་འོད་ཟེར་འཕྲོ་བའི་བདག་ཉིད་ཅན། །བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས། །ཞེས་པས་གསལ་གདབ། གཉིས་པ་དབང་བསྐུར་བ་ནས་དྲུག་པ་མཆོད་པའི་བར་སྔར་བཞིན་ནོ། །བསྟོད་པ་ནི། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བདུན་པ་སྨན་སྲུང་སྤྱན་འདྲེན་དང་། །བརྒྱད་པ་རྟོག་བསལ་ཀྱང་སྔར་བཞིན། །དགུ་པ་ཛཔ྄་ལ་གཉིས་ཀྱི། དང་པོ་ལྷའི་ཛཔ྄་ནི། རྡོར་སེམས་སྤྱི་མགྲིན་སྙིང་གར་འཁོར་ལོ་དང་། །པདྨ་རྒྱ་གྲམ་ལྟེ་བར་ༀ་དཀར་པོ། །ཨཱཿདམར་ཧཱུྃ་མཐིང་མཐའ་མར་སྔགས་ཀྱིས་བསྐོར། །བདག་ལྕེ་རྡོ་རྗེའི་ཧཱུྃ་དང་སྔགས་ཕྲེང་ལས། །འོད་འཕྲོས་རྒྱུད་བསྐུལ་འཕགས་མཆོད་འགྲོ་དོན་བྱས། །ཚུར་འདུས་ཡབ་ཡུམ་མཉམ་སྦྱོར་བྱང་ཆུབ་སེམས། །མུ་ཏིག་ལྟར་དཀར་དངོས་གྲུབ་ཀུན་གྱི་དབྱིག །རང་སྲོག་དྭངས་མའི་ཧཱུྃ་ལ་ཐིམ་པར་གྱུར། །ཞེས་མོས་ལ། ཧཱུྃ་བཛྲ་དྷྲི་ཀ྄ །མཱུཾ་དྷཱ་ཏྭཱི་ཤྭ་རཱི་ཧཱུྃ་ཕཊ། ཅེས་བརྒྱ་བརྩ་ཙམ་བཟླ། གཉིས་པ་སྨན་ཛཔ྄་ནི། དམིགས་པའི་འཕྲོ་འདུ་སྔར་བཞིན་གྱིས། ༀ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་ཙིཏྟ་ས་མ་ཡ་ཧཱུྃ། ཞེས་བཟླ་ཞིང་སྟོང་ཚིགས་ཀྱི་མཆོད་པ་སོགས་སོ། །ཐུན་མཇུག་ཏུ། ཡེ་ཤེས་ཁྲོ་མཁར་ལས། སྙིང་པོ་ཅན་རྣམས་ཀྱི། །སངས་རྒྱས་ཀུན་གྱི་ཆོས་འདི་ནི། །སྙིང་པོ་ཆོས་ཀྱི་དོན་ལ་བསྡུ། །བྱང་ཆུབ་སྤྱོད་པའི་གནས་ཆེན་ཡིན། །སྨད་པར་བྱ་བའི་རྫས་ལྔ་པོ། །གཅིག་ལ་ཡོན་ཏན་ལྔ་ལྔའམ། །གཅིག་ལའང་ཡོན་ཏན་གསུམ་དུ་དབྱེ། །དམ་ཚིག་རྩ་བ་བཅོ་ལྔ་ཡིན། །ཡང་ན་ཉི་ཤུ་རྩ་བརྒྱད་དོ། །སྣོད་བཅུད་དབུས་སུ་བསྡུས་ནས་ནི། །ཐབས་དང་ཤེས་རབ་རབ་ལྡན་པས། །རྟོག་པའི་མཚན་མ་བརྟག་པར་བྱ། །ཞེས་བརྗོད་ཅིང་རྡོར་སེམས་ཡབ་ཡུམ་ཡང་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཆོས་ཀྱི་སྐུའི་རང་བཞིན་དུ་ཞུ་ཞིང་། དམ་ཚིག་གི་རྫས་དང་དབྱེར་མེད་པར་བསམ་ཞིང་ཚོགས་མཆོད་སོགས་རྗེས་ཀྱི་ཆོ་ག་བྱའོ། །དེ་ལྟར་རིགས་བརྒྱ། རིགས་ལྔ། རིགས་གཅིག་རྣམས་རེ་རེ་ལའང་ཐུན་དྲུག་གི་ངེས་པ་དང་ལྡན་པས་སྤྱིར་ཁྲོལ་བུ་ལ་ཞག་གསུམ་དུ་བྱའོ། །བཞི་པ་ཁྲོལ་བུའི་མཇུག་དོན་ནི། སྒྲོན་མ་གསལ་བར། རྣལ་འབྱོར་ཀུན་གྱིས་ངོས་ངོས་ནས་ནི་སྨན་ཉིད་ཀྱི། ཆེ་བའི་ཡོན་ཏན་རྒྱས་པར་བརྗོད་ཅིང་ལེགས་བསྟོད་དེ། །སྨན་ཉིད་ཡུམ་གྱིས་བླངས་ཏེ་གཙོ་ལ་གུས་ཤིང་དབུལ། །ཞེས་གསུངས་པའི་སྡོམ་ནི། བདུད་རྩི་མཆོད་བསྟོད་དངོས་གྲུབ་བསྡུ། །ཞེས་གསུམ་ལས། དང་པོ་སྨན་ཆེ་བའི་ཡོན་ཏན་བརྗོད་དེ་འབུལ་བ་ནི། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །སྒྲུབ་པ་པོ་རྣམས་དཀྱིལ་འཁོར་ལ་བསྐོར་ཏེ་བདུད་རྩིའི་ཐིག་པ་འཐོར་ཞིང་། རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །ར་སཱ་ཡ་ན་ལ་སོགས་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་སྨན་གྱི་མཆོག །དཔའ་བོའི་རོ་དང་མཉམ་སྦྱར་ནས། །རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་འབུལ། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། །ཞེས་དང་། རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་མཚན་དོན་སྦྱར་བས་ཀྱང་རྒྱ་ཆེར་མཆོད་དོ། །གཉིས་པ་བསྟོད་པ་ནི། ཨེ་བམ་བརྒྱད་ལས། མ་ཧོ་སངས་རྒྱས་ཀུན་ཏུ་བཟང་། །གསང་ཆེན་ཐིག་ལེ་ཉིད་ལ་རྫོགས། །མ་རིག་མུན་སེལ་ཡེ་ཤེས་སྒྲོན། །དཔའ་བོ་ཁྱེད་ལ་སྐྱབས་སུ་མཆི། །རང་བྱུང་དྲི་མེད་བདུད་རྩི་ཆེ། །སངས་རྒྱས་ཀུན་གྱིས་བསྔགས་པའི་མཆོག །མི་ཤེས་སྒྲིབ་སྦྱོང་དབྱིངས་བཀོད་མཛད། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །རྣམ་སྣང་རྡོ་རྗེ་རྒྱལ་ཅན་དང་། །མི་བསྐྱོད་ཉི་མ་སྣང་མཐའ་ཡས། །དོན་ཡོད་བདུད་རྩི་འཁྱིལ་སོགས་ལ། །དགྱེས་ཤིང་གུས་པས་ཕྱག་འཚལ་ལོ། །ཞེས་པས་སྟོན་པ། ཆོས་བདུད་རྩི། དཀྱིལ་འཁོར་གྱི་ལྷ་རྣམས་ལ་བསྟོད་པ་སྟེ་བམ་བརྒྱད་ལས་གསུངས་པ་བཞིན་ནོ། །གཞན་འོས་སུ་གྱུར་པའི་བསྟོད་པ་ཇི་ལྟར་རིགས་པས་ཀྱང་རུང་ངོ་། །གསུམ་པ་དངོས་གྲུབ་བསྡུ་བ་ནི། ཕྱག་རྒྱའམ་དེར་བཏགས་པའི་ལས་ཀྱི་རྡོ་རྗེས་ཁྲོལ་བུའི་སྨན་གཞོང་དར་གྱིས་ལྕིབས་ལ་བླངས་ཏེ། ངོ་བམ་བརྒྱད་ལས། མཚར་རྨད་དུ་བྱུང་བའི་ཆོས། །ནམ་མཁའ་དང་ནི་མཉམ་པའི་གནས། །རྣམ་པར་མི་རྟོག་རྟོག་ལས་འདས། །ཀུན་རྫོབ་ཙམ་དུ་བསྟན་པ་མཚར། །ཞེས་བརྗོད་དེ་སློབ་དཔོན་གྱི་ཕྱག་ཏུ་ཕུལ། དེས་ཀྱང་། ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི་ཨ་མྲྀ་ཏ་སིདྡྷི་ཧྲཱིཿ ཞེས་དངོས་གྲུབ་ཀྱི་སྙིང་པོ་འོད་ཀྱི་གོང་བུའི་རྣམ་པར་ཐུགས་ཀྱི་ཐིག་ལེར་བསྡུའོ། །དེ་ཡང་གཞུང་འགའ་ཞིག་ལས། དེ་ཉིད་རིགས་ལྔས་སྦྱངས་པའི་མཇུག་ཏུ་སྨན་ཆ་གསུམ་དུ་བསྡུས་ནས། སྐུ་གསུང་ཐུགས་ཀྱི་འཕྲོ་འདུས་གསང་ཆེན་རིགས་གསུམ་གྱིས་སྦྱང་བར་བཤད་ཀྱང་། བམ་བརྒྱད་ཀྱི་འགྲེལ་བ་སོགས་གཞུང་མང་པོར། རིགས་བརྒྱ་སྐུ། རིགས་ལྔ་གསུང་། རིགས་གཅིག་ཐུགས་ཀྱི་སྒྲུབ་པ་ཡིན་ཞེས་གསལ་བར་གསུངས་པས་ཟུར་དུ་མ་བྱས་ཀྱང་དོན་གྱིས་ཚང་བ་ཡིན་ནོ། །དེ་ཉིད་ཁྲོལ་བུའི་མཇུག་དོན་དང་སྨན་འཐག་པའི་སྔོན་འགྲོ་ཐུན་མོང་བ་ཡིན་ཀྱང་སྦྱར་བའི་དུས་ནི་ཁྲོལ་བུའི་ཞག་གསུམ་རྫོགས་པའི་ཉིན་ཕྱི་མའི་ཐོར་ཐུན་གྱི་རྗེས་སུ་བྱ་བ་ཡིན་ནོ། །སྐབས་འདིར་སྒྲོམ་ཁྲིའི་སྟེང་ཞི་དཀྱིལ་ཡང་བསྡུ་ཞིང་། གཞུང་མང་པོར་ཁྲོལ་བུའི་སྣོད་དེ་ཉིད་རེ་ཞིག་རྩ་བའི་དཀྱིལ་འཁོར་ཁྲོ་བོར་ཞལ་བསྒྱུར་བའི་སྟེང་དུ་འགོད་པར་བཤད་ཀྱང་། ལག་ལེན་མི་བདེ་བས་སྟེགས་བུ་གང་ཡང་རུང་བའི་ཁར་འཁོར་ལོར་ནག་པོ་རྩིབས་བརྒྱད་པའི་ལྟེ་བར་ཟླ་གམ་དམར་པོ་བཅད་ཁ་ནུབ་བསྟན་གྱི་དབུས་སུ་འགོད་པར་བྱའོ། །གསུམ་པ་བདུད་རྩི་ཕྱེ་མར་སྒྲུབ་པ་ལ་གཉིས། བཏགས་བཙག་སོགས་ཀྱི་དགོངས་པ་དང་། ཕྱེ་མ་དངོས་ཀྱི་དགོངས་རྒྱུད་དོ། །དང་པོ་ལ་ལྔ། འཐག་པ། བཙག་པ། སྦྱར་བ། སྦོས་ཞིང་གཞལ་བ། འགོད་པ་དང་ལྔའོ། །འཐག་པ་ལ་ཡང་གཉིས་ལས། དང་པོ་སྦྱོར་བ་ནི། སྨན་ཁྲོལ་བུའི་དངོས་གྲུབ་བླངས་པའི་དེ་མ་ཐག་པར། སློབ་དཔོན་ཡབ་ཡུམ་འཁོར་དང་བཅས་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན། དཔལ་ཆེན་པོ་སོགས་ཁྲག་འཐུང་གཙོ་འཁོར་གྱི་ང་རྒྱལ་བཟུང་ནས་རྡོ་རྗེའི་གོམ་སྟབས་ཀྱིས་དཀྱིལ་འཁོར་ལ་གཡས་སུ་བསྐོར་ཞིང་། རུ་ལུ་སོགས་ཁྲོ་བོའི་ཛཔ྄་བྱ། མཆོག་གི་ཧསྟ་གཡོབ་ཅིང་སྦྱར་བའི་སྤོས་བསྲེག །རྐང་གི་གླིང་བུ་དང་ཀུ་ཤའི་གླུ་བླང་བ་སོགས་དྲག་པོའི་རོལ་གར་མང་པོ་དང་བཅས་པས་རྒྱལ་བ་རྣམས་ཐུགས་དམ་བསྐུལ། མཁའ་འགྲོ་དམ་ཅན་དབང་དུ་བསྡུས་ནས་ལས་ལ་བཙུད། དགྲ་བགེགས་རྣམས་གཟིར་ཞིང་ཚར་གཅོད་པའི་བརྟུལ་ཞུགས་བསྐྱེད་ཅིང་ཉམས་བསྐྱང་། སྒྲུབ་དཀྱིལ་གྱི་ཤར་ཕྱོགས་སུ་ཞིང་ཆེ་ཆུང་གི་གཡང་གཞི་དངོས་སམ་རི་མོར་བྲིས་པ་བརྩེགས་མར་བཏིང་། དེ་ལ་གུ་གུལ་གྱིས་བྱུགས་ཤིང་། རཀྟའི་ཐིག་ལེ་ཧཱུྃ་ཡིག་གིས་མཚན་པ་དགུ་བཀོད། དེའི་སྟེང་དུ་གཏན་གཏུན་ཐབས་ཤེས་ཀྱི་བརྡ་མཚོན་པར་བཞག །གཞུང་གཞན་ལས་གོང་གི་རྗེས་འབྲེལ་དུ་མ་ཏྲཾ་བསྒྲལ་བ་སྦྱོར་སྒྲོལ་གྱི་མཆོད་པའི་ཚུལ་དུ་མཛད་པ་མི་ལེགས་པ་མིན་ཀྱང་། འཆད་འགྱུར་གྱི་དོན་ལ་མ་ཚང་བ་མེད་པས་སྐབས་འདིར་དེ་ཙམ་མོ། །གཉིས་པ་འཐག་པ་དངོས་ལ་གསུམ་གྱི། དང་པོ་སྦྱོར་བའི་ལས་ཀྱིས་འདོད་ཆགས་བཏག་པ་ནི། གོང་དུ་བཀོད་པའི་སྨན་གཞོང་གི་ཤར་དུ་སློབ་དཔོན་དཀྱིལ་འཁོར་ལ་ཕྱོགས་པས་འཁོད། དེའི་མདུན་དུ་ཡུམ་མམ་དེར་བཏགས་པའི་སློབ་མ་སློབ་དཔོན་ལ་ཕྱོགས་ཏེ་འདུག་པའི་ཡབ་ཡུམ་གྱི་ཞབས་གཉིས་སྨན་གཞོང་གི་འགྲམ་གཉིས་སུ་ཕན་ཚུན་བསྣོལ་ཏེ་བརྐྱང་། སློབ་དཔོན་གྱིས་ཕྱག་གཉིས་སོར་མོ་བསྣོལ། མཛུབ་མོ་སྒྲེང་། མཐེ་བོང་བཀུག་པ་བྱིན་དབབ་པའི་རྒྱས་གཏུན་བུ་བཟུང་། ཡུམ་གྱི་ལག་གཉིས་སློབ་དཔོན་དང་ལྷན་ཅིག་པས་གཏུན་བུ་བཟུང་བའམ། མཁའ་དབྱིངས་ཀྱི་རྒྱས་གཏུན་ཁུང་འཛིན་པར་ཡང་བཤད་དོ། །སློབ་དཔོན་དང་གཟུངས་མ་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དང་ལྡན་པས། གཏན་པ་ཡུམ་གྱི་མཁའ་དབྱིངས་སུ། གཏུན་བུ་ཡབ་ཀྱི་རྡོ་རྗེ་མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་སྨན་རྣམས་དཀར་དམར་བྱང་ཆུབ་སེམས་ཀྱི་རང་བཞིན་ཅན་གྱི་བདུད་རྩི་ཆི་ལི་ལི་བྱུང་བར་བསམ་ཞིང་འཐག་གོ། །གཉིས་པ་སྒྲོལ་བའི་ལས་ཀྱིས་ཞེ་སྡང་བཏག་པ་ནི། གཏུན་ཁུང་ཁྲོ་མོ་འབར་བའི་ཨེ་དབྱིངས་སུ་གཏུན་བུ་ཁྲོ་མོ་འབར་བའི་རྡོ་རྗེའི་ཐོ་བས། སྨན་གྱི་མི་མཐུན་པའི་དགྲ་བགེགས་ཐམས་ཅད་རྡུལ་ཕྲན་བཞིན་དུ་བཅོམ་པར་བསམ་ཞིང་འཐག་གོ། །གསུམ་པ་སྦྱོར་སྒྲོལ་གཉིས་སུ་མེད་པས་གཏི་མུག་བཏག་པ་ནི། གཏུན་ཁུང་ཆོས་ཀྱི་དབྱིངས་སུ་གཏུན་བུ་རིག་པའི་ཡེ་ཤེས་སྦྱར་བས། སྨན་རྣམ་རྟོག་གི་མཚན་མ་ཐམས་ཅད་མཉམ་ཉིད་སྤྲོས་པ་དང་བྲལ་བའི་ཀློང་དུ་བསྒྲལ་བར་བསམ་ཞིང་འཐག་གོ། །སྔགས་ནི་ཐམས་ཅད་ལ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བཟླའོ། །དེ་ལྟར་ཡང་གསང་འཁོར་ལས། འཁོར་ལོ་སྦྱོར་བའི་འདུག་སྟངས་ཀྱིས། །ཕོ་མོ་གཉིས་ཀྱི་རྐང་བསྣོལ་ཏེ། །ལྕགས་ལས་བྱས་པའི་གཏན་གཏུན་གྱིས། །སྨན་རྣམས་ཧ་ནའི་སྔགས་ཀྱིས་བཏགས། །ཞེས་གསུངས་པའི་དོན་ནོ། །འདུག་སྟངས་སྤྱོད་ལམ་དེ་དང་ལྡན་པས་ཐོག་མར་སློབ་དཔོན་ཡབ་ཡུམ་གྱིས་འཐག་ཅིང་། དེ་ནས་གཞན་རྣམས་ཀྱིས་ཀྱང་འཐག་སྟེ། དེ་ཡང་སྨན་འཐག་དཀའ་བ་རྣམས་སྔོན་དང་། སྣུམ་གཤེར་ཅན་རྣམས་ཕྱི་ལ་འཐག་ཅིང་རྩྭ་དང་རུས་ཤུན་སོགས་ཀྱི་ཧྲམ་ཧྲོམ་ཟང་ཟིང་མེད་པར་ཤིན་ཏུ་དུལ་ཞིང་འཇམ་པར་འཐག་གོ། །དེ་ལྟར་མ་བྱས་ན་ཕྱེ་མའི་དུས་ཞིབ་པ་ལྟར་སྣང་ཡང་། རླན་དང་འཕྲད་ཚེ་རྩིངས་ཉམས་འབྱུང་ཉེན་ཡོད་དོ། །དེ་དག་ནི་རྣམ་པར་རྟོག་པའི་མཚན་མ་གཞོམ་པའི་ཆེད་དུའོ། །གཉིས་པ་བཙག་པ་ནི། དཀྱིལ་འཁོར་གྱི་ལྷོར་སློབ་དཔོན་དཀྱིལ་འཁོར་ལ་ཕྱོགས་པའི་མདུན་དུ་གཟུངས་མ་འཁོད་པའི་བར་དུ་དར་གྱི་ཁྱོགས་བཅས་པའི་སྣེ་གཉིས་སློབ་དཔོན་གྱི་རྐེད་དང་། གཉིས་ཡུམ་གྱི་རྐེད་དུ་མདུད་པའི་དབུས་ལྡིང་སྟབས་སུ་དཔྱངས་ལ། ཡུམ་གྱིས་དར་ཚགས་བཟུང་། ཡབ་ཀྱིས་སྨན་ཕྱེ་མ་བླུགས་ཤིང་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངང་དུ་རྣམ་རྟོག་གི་མཚན་མ་རྡུལ་ཙམ་ཡང་མི་གནས་པར་བསམས་ལ། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧོ་ས་ཡ་བི་ཤུདྡྷེ་ཧཱུྃ་ཧྲཱིཿཋཱ། ཞེས་བརྗོད་ཅིང་འཚག་སྟེ། ཉེ་སྙིང་ལས། ལྷོ་ཡི་ཕྱོགས་སུ་བཙག་བྱ་སྟེ། །ཕྱེ་མ་དར་ཚགས་ནང་ནས་དབྱུང་། །ཧོ་ས་ཡ་ཡི་སྔགས་ཀྱིས་བཙག །ཅེས་གསུངས་པའི་དོན་ནོ། །གསུམ་པ་བསྲེ་ཞིང་སྦྱར་བ་ནི། དཀྱིལ་འཁོར་གྱི་ནུབ་ཏུ་སློབ་དཔོན་ཡབ་ཡུམ་གྱི་བར་དུ་སྨན་སྣོད་མཁར་གཞོང་སོགས་ལྕགས་གཡའི་དྲི་མ་མེད་པར་བཞག །གུར་གུམ་སོགས་དྲི་བཟང་དམ་རྩིའི་དབང་ལག་ཟུར་དུ་ཕྱེ། སྨན་གཞན་རྣམས་རླན་མེད་པའི་དུས་ཉིད་ནས་འདྲེས་པར་བསྲེ་ཞིང་འབྲུམ་མེད་པར་བྱས་ལ། སློབ་དཔོན་གྱིས་སྔར་བྱིན་གྱིས་བརླབས་པའི་ཆང་གི་ཁ་ཕྲུ་སྦྲེང་ཞིང་། ༀ་བཛྲ་ཨ་མྲྀ་ཏ་ཛ་གད་པྲ་ཝཱ་ཡ་སྭཱ་ཧཱ། དེ་བཞིན་དུ་འོ་མ་སྦྲེང་ཞིང་། ༀ་བི་ཏང་སཾ་ཤོ་དྷ་ཡ་ཀྲོ་དྷཱི་ཤྭ་རཱི་སྭཱ་ཧཱ། རིན་པོ་ཆེ་སྦྲེང་ཞིང་། ༀ་སརྦ་པཉྩ་ཨ་མྲྀ་ཏ་རཏྣ་ཙིཏྟ་ཧཱུྃ་ཧྲཱིཿཋཱ། ཆུ་སྦྲེང་ཞིང་། ༀ་ཨ་མྲྀ་ཏ་བི་ཤུདྡྷེ་ཀུཎྜ་ལཱི་སྭཱ་ཧཱ། ཞེས་བཟླ་ཞིང་འདྲེས་པར་འཕུར། དེ་ནས་སྔར་གྱི་དམ་རྫས་ཀྱི་ཕབ་རྒྱུན་རྣམས་ཆང་གི་ཉིང་ཁུ་བཟང་པོ་དང་སྦྱར་བའི་ཁ་ཕྲུས་འདེབས་བཞིན་པར་ནན་གྱིས་སྦོལ་བཞིན་བསྲེས། བསྐ་སླའི་ཚད་ནི་སྙིམ་པར་བཅངས་ནས་ཆག་གང་དུ་བསྐྱུར་བས་བམ་པོར་འཇིག་ཅིང་ཕྱེ་མར་མི་འདྲིལ་བ་ཙམ་དུ་བྱའོ། །དེ་ནས་སྔར་ཟུར་དུ་ཕྱེ་བའི་དྲི་བཟང་གི་ཕྱེ་མས་མདངས་བསྒྱུར་ཞིང་། དབང་ལག་གི་ཕྱེ་མའང་བཏབ་ལ་འདྲེས་པར་སྦོལ། དེ་དག་གི་ཚེ་སྔགས་ནི། ༀ་བཛྲ་ཨ་མྲྀ་ཏ་མུ་ས་ལ་མུ་ས་ལ་ཧཱུྃ་ཕཊ། ཅེས་བཟླ་ཞིང་དབྱིངས་དང་ཡེ་ཤེས་གཉིས་མེད་དུ་འདྲེས་པར་བསམ་མོ། །བཞི་པ་སྦོས་ཞིང་གཞལ་བ་ནི། དཀྱིལ་འཁོར་གྱི་བྱང་དུ་ནམ་དུས་དང་བསྟུན་པའི་དྲོད་བརྟགས་ལ། ཕབ་རྩི་ཞིམ་པོ་ནོན་ཙམ་བླུགས་ནས་མཆོག་གི་ལག་པ་གཡོན་པའམ་རྐང་ངམ་རྡོ་རྗེས་དཀྲུགས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེ་ཆེན་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཏུ་འདྲེས་པར་བསམ་མོ། །དེ་ཡང་སྨན་སྦྱོར་བ་ལ་ལེགས་པའི་ཚད་ནི་མདོག་བཟང་ལ་བརྟག་ཏུ་མི་བཏུབ་པ། དྲི་བཟང་ལ་ངོས་བཟུང་དཀའ་བ། རོ་ཞིམ་ལ་སྨྲར་མེད་པ། ཟོས་ན་ཁ་ཟས་གཞན་གྱིས་སྨན་ངད་མི་འཕྲོག་པ་འབྱུང་ངོ་ཞེས་བླ་མ་གཉགས་ཀྱིས་གསུངས་སོ། །དེ་ནས་འཕེལ་བ་བརྟགས་ཕྱིར་དྲིལ་བུས་འཇལ་ཏེ་གྲངས་ངེས་པར་བྱས་ནས་དར་གོས་དམར་པོའི་ཁུག་མར་བླུགས། གཞུང་གཞན་ལས་སྲང་ལ་བཅལ་བར་ཡང་གསུངས་སོ། །སྐབས་འདིར་སྔགས་ནི་བདེར་འདུས་ལས། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཧྲཱིཿཋཱ། ཞེས་བཟླ་བར་གསུངས་སོ། །སྨན་གྱི་སྣོད་ནི་བམ་བརྒྱད་ལས། བྷཉྫར་བཙལ་ཏེ་བྷཉྫ་གཉིས་ཁ་སྤྲད། དར་གྱིས་བཅིངས་ལ་མཚམས་སུ་རྒྱས་བཏབ། ཅེས་དང་། སྒྲོན་གསལ་ལས། ཁམ་ཕོར་སྦྱར་མར་དར་གྱིས་བཅིངས་ཏེ་རྒྱས་བཏབ་ལ། །ཞེས་གསུངས་པའི་སྣོད་ཕོ་མོའི་ཐོད་པ་མཚན་ལྡན་གྱི་ནང་དུ་རཀྟ་དང་ཨ་མྲྀ་ཏས་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་བྲིས་པའི་ཕོ་ཐོད་ལ་རིགས་ལྔ་ཡབ་ལྔའི་ས་བོན་དང་མོ་ཐོད་ལ་ཡུམ་ལྔའི་ས་བོན་འབྲི། གཉིས་ཀའི་མུ་ཁྱུད་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲི་ཏ་ཤྲཱི་མ་ཧཱ་སུ་ཁ་ཧཱུྃ་ཧྲཱིཿཋཱ། ཞེས་བྲིས་པའི་མོ་ཐོད་ཀྱི་ནང་དུ་སྨན་གྱི་སྒྱེའུ་བཅུག །ཕོ་ཐོད་ཀྱིས་སྟེང་ནས་དགབ། དར་གྱིས་གྲིལ། ཚོད་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པའི་སྟེང་གི་མདུད་ཁར་མི་འགྱུར་བའི་ཕྱིར་རྡོ་རྗེ་རྒྱ་གྲམ་གྱི་རྒྱས་གདབ་ཅིང་། ཁྲོ་མཁར་ལས། ཧཱུྃ། དང་པོ་སྐུ་གསུང་ཐུགས་ཀྱི་རྒྱ། །གཉིས་པ་རྡོ་རྗེ་རྒྱ་གྲམ་རྒྱ། །གསུམ་པ་དབང་མཆོག་རྟགས་ཀྱི་རྒྱ། །བཞི་པ་ཀརྨ་ལས་ཀྱི་རྒྱ། །ལྔ་པ་ཚེ་ཡི་རི་བོའི་རྒྱ། །དྲུག་པ་ཟླ་གམ་དབང་གི་རྒྱ། །བདུན་པ་ཆོས་ཀྱི་ཕྱག་རྒྱའི་རྒྱ། །ཆོས་ཀྱི་དབྱིངས་སུ་རྒྱས་གདབ་བོ། །ཞེས་རྒྱས་གདབ་ཅིང་སྲང་ལ་བཅལ་བར་འདོད་ན་སྐབས་འདི་ཉིད་དུ་བྱའོ། །ལྔ་པ་དཀྱིལ་འཁོར་གྱི་དབུས་སུ་བཞུགས་སུ་གསོལ་བ་ནི། སློབ་དཔོན་གྱི་མདུན་དུ་སྨན་བཀོད་ལ། དྲིའི་རྒྱལ་པོ་ལྔ་དང་། ཛཱ་ཏི་ག་བུར་ཙནྡན་གླ་རྩི་དུ་རུ་ཀ །གུ་གུལ་དང་། ཚིལ་ཆེན་གྱི་དུད་པས་བདུག་ཅིང་དྲག་སྔགས་ཡུངས་ཐུན་ཚམ་རྔམས་དང་བཅས་པས་བགེགས་བསྐྲད། བཤུག་གླུ་འབོད། །ཛཔ྄་དབྱངས་རྡོ་རྗེའི་འགྲོས་གར་དང་བཅས་པས་དཀྱིལ་འཁོར་ལ་བསྐོར་ནས་ཤར་དུ་འཁོད་དེ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །དམ་རྫས་རྩ་བ་བརྒྱད་དང་ཡན་ལག་སྟོང་། །འབྲས་བུ་སྐུ་གསུང་ཐུགས་སུ་རབ་སྦྱར་ནས། །དུག་ལྔ་མ་སྤངས་སྐུ་གསུམ་ལྷུན་གྱིས་གྲུབ། །དབྱིངས་ནས་སྤྱན་དྲངས་སངས་རྒྱས་སྐུར་བསྐྱེད་དེ། །ཕྱོགས་བཅུ་དུས་གསུམ་འཕགས་པ་མཆོད་པ་དང་། །རྣལ་འབྱོར་དབང་ཕྱུག་ཐུགས་དམ་བསྐང་བའི་ཕྱིར། །གསང་བ་མཆོག་གི་དབུས་སུ་བཞུགས་སུ་གསོལ། །ༀ་སརྦ་པཉྩ་ཨ་མྲྀ་ཏ་ས་མ་ཡ་ཏིཥྛ་ལྷན། ཞེས་གཙོ་བོར་མངའ་གསོལ་ཏེ། དཀྱིལ་འཁོར་དབུས་ཀྱི་བར་ལྡིང་ལ་མཉྫིའི་ཁར་རིན་པོ་ཆེའི་གཞོང་པར་བལ་བུའི་ཕུར་མའམ་འབྲུ་རླན་ཅན་གྱིས་གང་བའི་ནང་དུ་རུས་སྦལ་གྱི་ཁོག་པར་ཧྲཱིཿཡིག་བྲིས་པའི་ཁར་བཞུགས་སུ་གསོལ། དར་ཟབ་སྣ་ཚོགས་ཀྱི་ན་བཟའ་གསོལ། གཡས་གཡོན་དུ་རྡོར་དྲིལ་དང་དེ་སྟེང་དུ་དབུ་རྒྱན་བཅིང་། གཟུངས་རྡོར་སྟེང་དུ་བཞག་པའི་སྲད་བུ་ལྔ་ཕྱིར་དྲང་ཞིང་སྟེང་དུ་དམུ་ཐག་སྦྲེལ། འོག་ཏུ་དྲོད་འབེབས་ཀྱི་མར་མེ་གཏམ། སྐབས་འདིར་གཞུང་མང་པོར་སྨན་ཆེ་བའི་ཡོན་ཏན་བརྗོད་ཅིང་དཔའ་བོ་འབྲུ་ལྔས་སྦྱངས་པར་གསུངས་པ་སྟེ། སྒྲོན་གསལ་དུ། རྡོ་རྗེའི་འགྲོས་ཀྱིས་བསྐོར་ཏེ་ཆེ་བའི་ཡོན་ཏན་བརྗོད། །དེ་ནས་ཞི་བའི་བཟླས་པ་བརྒྱ་རྩ་བྱ། །འབྲུ་ལྔ་བསྟིམ་ཞིང་བཞུ་བཏུལ་བྱ་བ་དང་། །ལས་བཞི་རྫོགས་པའི་ཧོམ་བྱས་མེ་ཡི་ཕུད་ཀྱང་སྨན་དུ་བླུག །ཅེས་གསུངས་པ་བཞིན་སྤྲོ་ན་འདི་ལྟར་བྱ་སྟེ། སློབ་དཔོན་སློབ་མར་བཅས་པས་དཀྱིལ་འཁོར་ལ་བསྐོར་ཞིང་། རང་བྱུང་གདོད་ནས་རྣམ་པར་དག །ཅེས་སོགས་ཀྱིས་ཆེ་བའི་ཡོན་ཏན་བརྗོད། འབྲུ་ལྔས་སྦྱོང་བ་ནི། ཧཱུྃ། རབ་ཡངས་བདུད་རྩིའི་སྣོད་དུ་དམ་རྫས་ལྔའི། །ས་བོན་ལྔ་ལས་ཕྱག་མཚན་ས་བོན་གྱིས། །ཡོངས་མཚན་འཕྲོ་འདུས་བདེ་གཤེགས་རིགས་ལྔར་གྱུར། །བདག་ཐུགས་སྔགས་ཀྱིས་རྒྱུད་བསྐུལ་འཁོར་འདས་ཀྱི། །དངོས་གྲུབ་བཅུད་བསྡུས་མཉམ་སྦྱོར་བྱང་ཆུབ་སེམས། །བདུད་རྩིར་རབ་འདྲེས་ཡབ་ཡུམ་འོད་དུ་ཞུ། །འཆི་མེད་དམ་རྫས་རྒྱ་མཚོར་འཁྱིལ་བའི་ཞག །རབ་འབར་དཔའ་བོ་འབྲུ་ལྔས་མཚན་པར་གྱུར། །ཧཱུྃ་ༀ་སྭཱ་ཨཱཾ་ཧཱཿ ༀ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་བརྒྱ་རྩ་སོགས་བཟླ། དེ་རྗེས་སུ་ལས་བཞིའི་ཧོམ་མཆོད་མེའི་ཕུད་ནི་དྲོད་འབེབས་པའི་ཕྱིར་མར་མེ་སྦར་བའོ། །ཀྱང་བྱ་བར་བཤད་དོ། །གཞུང་གི་དངོས་བསྟན་གྱི་མཚམས་ནི་བྱང་དུ་སྨན་སྦོལ་བའི་རྗེས་སུ་བྱ་བར་བཤད་ཀྱང་འཁྲུགས་བསྡེབས་ལ་དགོངས་པ་བཞིན་ཕྱག་ལེན་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་པའོ། །དེ་དག་ནི་གཞུང་གི་དགོངས་པ་ཧོར་ཁོངས་སུ་མ་བསྡུས་པར་ཞིབ་མོར་སྨོས་པ་ཡིན་ནོ། །སྤྲོས་པ་རྒྱ་ཆེན་པོ་མི་ལྕོགས་པས་ནི་གོང་གི་སྨན་ཆེ་བའི་ཡོན་ཏན་བརྗོད་པ་ནས་འདིའི་བར་མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་ཏེ། ཚད་ལྡན་གྱི་གཞུང་མང་པོར་དེ་ལྟར་ཡང་གསུངས་པའི་ཕྱིར་རོ། །ཁྲོལ་བུའི་མཇུག་དོན་ནས་བཟུང་འདིའི་བར་ཉིན་གཅིག་གི་ཐོར་ཐུན་ནས་སྲོད་ཐུན་གྱི་མཐར་ཐུག་པའི་བར་བྱ་བའི་ཆོ་གའོ། །གཉིས་པ་ཕྱེ་མ་སྒྲུབ་པའི་དགོངས་པ་ལ་ལྔ་སྟེ། འཇུ་འདུལ་གྱི་དགོངས་པ་དང་། བདུད་རྩིར་བསྐྱིལ་བའི་དགོངས་པ་དང་། དབང་དུ་བྱ་བའི་དགོངས་པ་དང་། དངོས་གྲུབ་ལེན་པ་དང་། རྒྱ་བཀྲོལ་ཏེ་མཆོད་ཅིང་བགོ་བ་དང་ལྔའོ། །དང་པོ་ལའང་གཉིས། སྤྱིའི་དཀྱིལ་འཁོར་སུམ་ལྡན་དབྱེར་མེད་དུ་བསྟན་པ་དང་། བྱེ་བྲག་དཀྱིལ་འཁོར་གསུམ་ཐ་དད་དུ་བཤད་པའོ། །དང་པོ་སྤྱིའི་དཀྱིལ་འཁོར་གསུམ་དབྱེར་མེད་དུ་སྒོམ་པ་ནི། བདེ་གཤེགས་འདུས་པར། དེ་ནས་བསྐྱེད་རྫོགས་འབྲིང་པོའི་ཕྲིན་ལས་གཞུང་བསྲང་མཆོད་བསྟོད་བྱའོ། །ཞེས་གསུངས་པ་བཞིན་ཏེ་དེ་ཡང་སྐྱབས་སེམས་ནས་བཟུང་སྔོན་འགྲོའི་ཆོས་དང་། ཏིང་འཛིན་གསུམ་ནས་རྩ་བའི་ཛཔ྄་ཀྱི་བར་རྫོགས་པར་བྱ་སྟེ། བདག་སྒྲུབ་པ་པོ། སྒྲུབ་རྟེན་བྲིས་པའི་དཀྱིལ་འཁོར། སྒྲུབ་རྫས་བདུད་རྩི་གསུམ་ཀར་རང་བཞིན་དབྱེར་མེད་གཅིག་ཏུ་སྒོམ་ཚུལ་སྔར་ཁྲོལ་བུའི་དུས་སུ་བཤད་པ་བཞིན་ནོ། །དེ་ཡང་སྒྲུབ་ཆེན་གཞན་དང་སྦྱོར་ཏེ་བྱ་བའི་སྐབས་འདིར་སྔོན་དུ་དེ་ལྟར་བསྒྲུབས་ནས། ཕྱེ་མའི་ཛཔ྄་དགོངས་དངོས་ཀྱི་ཚེ་བདག་རང་བཞིན། བདུད་རྩི་རང་བྱུང་། ཆེ་མཆོག་རྩ་བ་ཞེས་སོ་སོར་དབྱེ་ནས་བསྒོམ་པ་དེ་ཉིད་འདིར་དབྱེར་མེད་དུ་སྒོམ་པའི་དོན་གྱིས་སྤྱིའི་དཀྱིལ་འཁོར་གསུམ་ལྡན་ཞེས་ཐ་སྙད་བཞག་པ་ཡིན་གྱི། བམ་བརྒྱད་དང་སྒྲོན་གསལ་ལས་སྐབས་འདིའི་སྒོམ་རིམ་དངོས་བསྟན་ནི། སྨན་གྱི་དཀྱིལ་འཁོར་རྐྱང་སྒྲུབ་ཀྱི་དབང་དུ་བྱས་ནས་གསུངས་པ་སྟེ་སླད་ནས་འཆད་པར་འགྱུར་བ་ལས་ཤེས་ཤིང་། ཤུགས་བསྟན་གྱི་དོན་དང་གཞུང་གཞན་གྱི་ངེས་པ་བླ་མའི་བཀའ་བརྒྱུད་ཀྱིས་འཆད་པ་ནི་འདི་ཁོ་ནའོ། །གཉིས་པ་བྱེ་བྲག་དཀྱིལ་འཁོར་གསུམ་ཐ་དད་དུ་སྒྲུབ་པ་ལ་བཞི། དཀྱིལ་འཁོར་གྱི་དབྱེ་བའི་ཚུལ་དང་། རང་བཞིན་གྱི་དཀྱིལ་འཁོར་དང་། བདུད་རྩིའི་དཀྱིལ་འཁོར་དང་། རྩ་བའི་དཀྱིལ་འཁོར་རྣམས་སོ། །དང་པོ་དཀྱིལ་འཁོར་དབྱེ་བ་ནི། གོང་དུ་བདག་མདུན་དབྱེར་མེད་དུ་བསྒྲུབས་པའི་དཀྱིལ་འཁོར་དེ་ལས་བདག་ཉིད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གཉིས་པའི་རྣམ་པར་བྱེ་བར། མདུན་བསྐྱེད་དང་མེ་རི་འདབ་འབྱར་གྱི་ཚུལ་དུ་འཁོད་པར་བསམ་མོ། །གཉིས་པ་བདག་རང་བཞིན་གྱི་དཀྱིལ་འཁོར་ནི། སྒྲོན་གསལ་ལས། དུར་ཁྲོད་གཞལ་ཡས་ཁང་ནང་འཁོར་ལོ་བ་དན་བརྒྱན། །བདག་ཉིད་དཔལ་ཆེན་གཙོ་གཟུངས་གཉིས་མེད་སྦྱོར་བའི་སེམས། །ཞེས་གསུངས་པས། དེ་ལྟར་ཟུར་དུ་ཕྱེ་བའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་ཉིད་སླར་ཡང་གསལ་གདབ་སྟེ། ཧཱུྃ། མཚན་ཉིད་ཡོངས་རྫོགས་ཁྲག་འཐུང་དཀྱིལ་འཁོར་དབུས། །བདེ་གཤེགས་སྤྱི་གཟུགས་ཆེ་མཆོག་ཧེ་རུ་ཀ །སྒེག་པ་དཔའ་བ་མི་སྡུག་ཚུལ་སྟོན་ཅིང་། །དགོད་དང་གཤེ་དང་འཇིགས་སུ་རུང་བ་དང་། །སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པ། །གར་དགུས་རྣམ་རོལ་ཆེ་མཆོག་ཧེ་རུ་ཀ །གནས་ཞལ་ཡུམ་འཁྱུད་སྤྲུལ་འཁོར་བསམ་མི་ཁྱབ། །རང་བཞིན་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ། །ཅེས་པས་གསལ་གདབ། དེའི་དོན་ནི་ངོ་བོ་གདོད་ནས་འགྱུར་བ་མེད་པའི་ཡེ་ཤེས་ཆོས་ཀྱི་སྐུར་གནས་པའི་དྭངས་ཆ་དཀྱིལ་འཁོར་འཁོར་ལོའི་རང་བཞིན་དུ་གསལ་བར་སྒོམ་པའི་དོན་གྱིས་བདག་རང་བཞིན་གྱི་དཀྱིལ་འཁོར་ཞེས་གྲགས་པ་སྟེ་ཇི་སྐད་དུ། སྒྱུ་འཕྲུལ་དྲྭ་བ་ལས། འགྲོ་བ་ཀུན་ལ་རབ་གནས་པའི། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྟེན་དང་བརྟེན་པར་བཅས་པ་ཡི། །དཀྱིལ་འཁོར་མ་ལུས་རྫོགས་པར་ལྡན། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་བདུད་རྩི་རང་བྱུང་གི་དཀྱིལ་འཁོར་ནི། བསྒོམ་གཞི་སྨན་ཏེ། སྒོམ་པའི་གནས་ནི་ཕོ་བྲང་དགུའི་ལྟེ་བའི་ཆེ་མཆོག་གི་ལྷ་ཚོགས་རྣམ་པར་བསྒྱུར་བའོ། །དེ་ཡང་བི་མ་ལས། བདུད་རྩི་རྣམ་ལྔ་དང་། སྨན་སྟོང་རྩ་བརྒྱད་དུ་སྦྱོར་བས་བདུད་རྩི་སྨན་གྱི་དཀྱིལ་འཁོར་དང་། སྣོད་བྷཉྫ་ལྔའི་ནང་དུ་དཔའ་བོ་འབྲུ་ལྔ་ལས་རིགས་ལྔའི་སྐུར་གསལ་བས་རང་བྱུང་གི་དཀྱིལ་འཁོར་རོ། །ཞེས་སྦྱང་གཞི་དང་སྦྱོང་བྱེད་ཀྱི་དབྱེ་བས་དཀྱིལ་འཁོར་གཉིས་སུ་བསྟན་ཀྱང་དོན་གྱི་ངོ་བོས་གཅིག་ཏུ་བསྡུའོ། །ཇི་ལྟར་སྒོམ་ན་སྒྲོན་གསལ་དུ། རླུང་དང་མེ་ཡང་དེ་བཞིན་སྣོད་ནི་གཞལ་མེད་ཁང་། །ཞེས་གསུངས་པས་དེ་བཞིན་གཤེགས་པ་ཞེས་པ་ནི་སྔར་རིགས་ལྔའི་བསྙེན་པའི་སྐབས་སུ་བསྟན་པ་བཞིན་ནོ་ཞེས་སྦྲེལ་བར་བསྟན་པ་ཡིན་ནོ། །དེ་ཡང་འདི་ལྟར། ཕོ་བྲང་ལྟེ་བར་ཡཾ་ལས་རླུང་གཞུའི་དབྱིབས། །དེ་སྟེང་རྃ་ལས་མེ་དཀྱིལ་གྲུ་གསུམ་འབར། །ཨ་ལས་བྷཉྫའི་གཞལ་ཡས་རྒྱ་ཆེའི་ནང་། །པད་ཟླའི་གདན་ལ་ཤ་ལྔ་བདུད་རྩི་ལྔར། །ཧཱུྃ་ༀ་སྭཱ་ཨཱྃ་ཧཱ་ལས་ཕྱག་མཚན་ལྔ། །ས་བོན་གྱིས་མཚན་ཡོངས་གྱུར་བདེ་གཤེགས་ལྔ། །ཡབ་ཡུམ་མཉམ་སྦྱོར་བྱང་སེམས་བདུད་རྩིར་ཞུ། །དེ་སྟེང་དཔའ་བོ་འབྲུ་ལྔས་མཚན་པར་གྱུར། །ཧཱུྃ་ༀ་སྭཱ་ཨཱྃ་ཧཱ། ཞེས་པ་ནི་བདུད་རྩི་རང་བྱུང་གི་དཀྱིལ་འཁོར་ཏེ། སྦྱང་གཞི་རང་བྱུང་ལྷུན་གྲུབ་ཀྱི་བདུད་རྩི་དམ་རྫས་ཀྱི་གཞི་དེ་ཉིད་སྦྱོང་བྱེད་ཀྱི་དཀྱིལ་འཁོར་ཆེན་པོའི་རོལ་པར་བསྒོམ་པའོ། །བཞི་པ་ཆེ་མཆོག་རྩ་བའི་དཀྱིལ་འཁོར་ལ་ལྔ་སྟེ། འགྲོ་བ་འདུལ་བའི་དཀྱིལ་འཁོར། རྟ་མགྲིན་དབང་གི་དཀྱིལ་འཁོར། སྐུ་གདུང་འབར་བའི་དཀྱིལ་འཁོར། མཁའ་མཉམ་ཀློང་གི་དཀྱིལ་འཁོར། འཆི་མེད་རྡོ་རྗེའི་དཀྱིལ་འཁོར་དང་ལྔའོ། །དང་པོ་འགྲོ་འདུལ་གྱི་དཀྱིལ་འཁོར་ནི། དངོས་གྲུབ་ལ་བར་དུ་གཅོད་པའི་འགྲོ་བ་མི་བསྲུན་པ་རྣམས་འདུལ་ཞིང་ཚར་གཅོད་པའི་ཕྱིར་ཏེ། སྒྲོན་གསལ་དུ། བདག་ཉིད་དཔལ་ཆེན་གཙོ་གཟུངས་གཉིས་མེད་སྦྱོར་བའི་སེམས། །ཁྲོ་བོ་འཆོལ་བར་བསྟན་ཏེ་ཕྱོགས་བཅུའི་བདུད་བཏུལ་འདུལ། །ཕྱོགས་བཅུའི་ཁྲོ་བཅུར་གྱུར་ཏེ་ཕྱོགས་མཚམས་བརྒྱད་དུ་འཁོད། །ཅེས་གསུངས་པའི་དོན་ནི་འདི་ལྟར། ཧཱུྃ། བདག་ཉིད་རང་བཞི་དཀྱིལ་འཁོར་དཔལ་ཆེན་པོ། །ཡབ་ཡུམ་མཉམ་སྦྱོར་བྱང་ཆུབ་སེམས་སྤྲིན་ལས། །ཁྲོ་བོ་བཅུ་འཕྲོས་ཕྱོགས་བཅུའི་གདོན་བགེགས་བཏུལ། །ཚུར་འདུས་བདུད་རྩིའི་དཀྱིལ་འཁོར་ཕྱོགས་མཚམས་འཁོད། །ཧཱུྃ་མཛད་རྣམ་རྒྱལ་དབྱུག་སྔོན་གཤིན་རྗེའི་གཤེད། །མི་གཡོ་རྟ་མགྲིན་འདོད་རྒྱལ་བདུད་རྩི་འཁྱིལ། །སུམ་རྒྱལ་སྟོབས་པོ་ཆེ་རྣམས་རྔམས་བརྗིད་འབར། །རང་རྟགས་མཚོན་ཆ་ཐོགས་ནས་ཕྱོགས་བཅུར་འཁོད། །ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ། དེ་བཞིན་དུ། བི་ཛ་ཡ། ནཱི་ལ་དཎྜ། ཡ་མཱནྟ་ཀ །ཨཱརྻ་ཨ་ཙ་ལ། ཧ་ཡ་གྲཱི་ཝ། ཨ་པ་ར་ཛཱི་ཏ། ཨ་མྲྀ་ཏ་ཀུཎྜ་ལཱི། ཏྲཻ་ལོཀྱ་བི་ཛ་ཡ། མ་ཧཱ་བ་ལ་སོགས་ཀྱིས་སྤྲོས་ནས་བདུད་རྩིའི་དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དུ་རྣམ་རྒྱལ་སོགས་བརྒྱད། འོག་གི་མེའི་ཀློང་དུ་སྟོབས་ཆེན། སྟེང་གི་ནམ་མཁའ་ལ་ཧཱུྃ་མཛད་རྣམས་སྲུང་བའི་ལས་མཛད་ཅིང་བཞུགས་པར་བསམ་མོ། །བམ་འགྲེལ་བདུན་པར། བདུད་རྩི་འཁྱིལ་བ་ནི་ཁྲོ་བོ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ཡིན་ལ། པདྨ་འཁྱིལ་བ་ནི་ཁྲོ་མོ་ཐམས་ཅད་ཀྱི་གསང་བའི་མཁའ་ལ་བསྡུའོ། །ཞེས་ཏ་ཀྲྀཏ་བརྒྱད་དུ་བསྡུ་བར་བཤད་པས། དེ་ལྟར་བྱས་པས་ཀྱང་རུང་མོད། གདུལ་བྱ་འདུལ་བྱེད་ཀྱི་གྲངས་ངེས་སོགས་ཀྱིས་བཅུར་བྱེད་པ་ཉིད་ལེགས་ཏེ། ཉེ་སྙིང་ལས། འཇིག་རྟེན་དྲེགས་པ་བཏུལ་ནས་ནི། །སླར་འདུས་ཕྱོགས་བཅུར་ཁྲོ་བཅུར་གྱུར། །ཞེས་གསུངས་པ་དང་། ཁྲོ་མཁར་སྒྲོན་གསལ་སོགས་གཞུང་གཞན་ལས་ཀྱང་དེ་ལྟར་བཤད་དོ། །གཉིས་པ་རྟ་མགྲིན་དབང་གི་དཀྱིལ་འཁོར་ནི་སྒྲོན་གསལ་དུ། ཕོ་བྲང་ནང་དུ་ཧྲཱིཿལས་ཀླུ་བདག་གསང་བའི་ཡུམ་བཞིར་བཅས། ཞེས་གསུངས་པས། དེ་ཡང་ཀླུའི་བདག་པོ་ནི་རྟ་མགྲིན་ཡིན་ལ། དེ་ཉིད་གསང་བའི་ཡུམ་བཞིར་དུས་གཅིག་ཏུ་མཉམ་པར་སྦྱོར་བར་བསྟན་པ་ནི་འདི་ལྟར། ཧཱུྃ། རང་བྱུང་བདུད་རྩི་རིགས་ལྔའི་དཀྱིལ་འཁོར་སྟེང་། །འགྲོ་འདུལ་ཏ་ཀྲྀཏ་ཁྲོ་བོ་བརྒྱད་ཀྱི་དབུས། །པདྨའི་ལྟེ་བར་ཧྲཱིཿལས་རྟ་མཆོག་དཔལ། །དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་པདྨ། །གཡོན་པ་རྒྱ་གྲམ་བདུད་རྩིའི་སྟེང་ནས་གནོན། །ཕྱོགས་ཀྱི་འདབ་བཞིར་བདེ་ཆེན་གསང་བའི་ཡུམ། །མི་ཕམ་དཀར་མོ་ཁྲོ་གཉེར་ཅན་མ་སེར། །རོ་ལངས་མ་དམར་རལ་གཅིག་ལྗང་གུ་སྟེ། །གྲི་གུག་ཐོད་འཛིན་གཅེར་བུ་བདེ་ཉམས་རྒྱས། །གསང་བའི་མཁའ་ལ་དཔལ་བོ་རྟ་མགྲིན་སྐུ། །ཕྱེད་ནུབ་ཙམ་གྱི་སྦྱོར་བ་དུས་གཅིག་མཛད། །བདེ་སྟོང་དབྱེར་མེད་ཉམས་རྒྱས་རྣམ་པར་བརྗིད། །ཅེས་བསྒོམ། གཞུང་ལ་ལར་ཆེ་མཆོག་གི་དབུ་ལ་རྟ་ཞལ་བྱས་པ་རྟ་མགྲིན་དབང་གི་དཀྱིལ་འཁོར་དུ་ངོས་བཟུང་བ་ཚད་ལྡན་གྱི་བཤད་ཁུངས་ཡོད་པས་སྤྱིར་མི་འགལ་མོད། འོན་ཀྱང་འགྲོ་འདུལ་ཁྲོ་དཀྱིལ་གྱི་ནང་བདུད་རྩིའི་དཀྱིལ་འཁོར་གྱི་སྟེང་དུ་བསྒོམ་པ་ཉིད་ལམ་འདི་སྟོན་པའི་གཞུང་ཕལ་ཆེར་དུ་མཐུན་པར་གསུངས་པའི་དོན་བཞིན་བྱས་སོ། །གསུམ་པ་སྐུ་གདུང་འབར་བའི་དཀྱིལ་འཁོར་ནི། སྔར་བསྒོམས་པའི་ཕྱོགས་མཚམས་ཀྱི་ཏ་ཀྲྀཏ་བརྒྱད་པོའི་སྟེང་དུ་རིགས་བཞིའི་ཧེ་རུ་ཀ་བསྒོམ་པ་སྟེ། སྒྲོན་གསལ་ལས། བརྒྱད་པོའི་སྟེང་དུ་བཞི་ནི་དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྫིས། །བཞི་སྟེང་བཛྲ་ཧེ་རུ་དབུ་གསུམ་ཕྱག་དྲུག་ཞབས་བཞིས་མནན། །ཞེས་གསུངས་པ་ནི་འདི་ལྟར། ཧཱུྃ། ཕྱོགས་མཚམས་མཐར་བྱེད་བརྒྱད་སྟེང་ཕྱོགས་བཞི་རུ། །ཤར་ནས་རིམ་བཞིན་ཁྲག་འཐུང་ཆེན་པོ་བཞི། །བུདྡྷ་ཁྲག་འཐུང་སྨུག་ལྗང་སེར་བའི་ཞལ། །གཡས་གསུམ་རྡོ་རྗེ་འཁོར་ལོ་ཏི་ར་དང་། །གཡོན་གསུམ་དྲིལ་བུ་བྷན་དམར་ཁ་ཊྭཱཾ་འཛིན། །རཏྣ་ཁྲག་འཐུང་སེར་སྨུག་དམར་བའི་ཞལ། །གཡས་གསུམ་རིན་ཆེན་རྡོ་རྗེ་ཏི་ར་དང་། །གཡོན་གསུམ་དྲིལ་བུ་བྷན་དམར་དགྲ་སྟྭ་འཛིན། །པདྨ་ཁྲག་འཐུང་དམར་སེར་ལྗང་བའི་ཞལ། །གཡས་གསུམ་པདྨ་རྡོ་རྗེ་ཏི་ར་དང་། །གཡོན་གསུམ་དྲིལ་བུ་བྷན་དམར་རྔེའུ་ཆུང་འཛིན། ཀརྨ་ཁྲག་འཐུང་ལྗང་དམར་སྨུག་པའི་ཞལ། །གཡས་གསུམ་རྒྱ་གྲམ་རྡོ་རྗེ་ཏི་ར་དང་། །གཡོན་གསུམ་དྲིལ་བུ་བྷན་དམར་ཐོང་གཤོལ་འཛིན། །ཁྲོ་བོ་བཞི་སྟེང་བཛྲ་ཧེ་རུ་ཀ །མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། །གཡས་གསུམ་རྩེ་དགུ་རྩེ་ལྔ་ཏི་ར་དང་། །གཡོན་གསུམ་དྲིལ་བྷན་འཇིག་རྟེན་གཡོ་བའི་ཚུལ། །ཞབས་བཞིས་ཁྲག་འཐུང་རིགས་བཞིའི་དབུ་ནས་བརྫིས། །ཐམས་ཅད་རང་རང་ཡུམ་འཁྱུད་གར་དགུ་ལྡན། །དཔལ་གྱི་ཆས་རྫོགས་འབར་བའི་ཀློང་ན་བརྗིད། །ཅེས་བསྒོམ། མངོན་རྟོགས་རྒྱས་པར་བསྒོམ་པར་མི་ནུས་པས་ནི་ཁྲག་འཐུང་ལྔ་ཞལ་གཅིག་ཕྱག་གཉིས་པར་བྱས་ཀྱང་རུང་ངོ་། །བཞི་པ་མཁའ་མཉམ་ཀློང་གི་དཀྱིལ་འཁོར་ནི། སྒྲོན་གསལ་དུ། སྟེང་ནས་མཁའ་མཉམ་ཀློང་དཀྱིལ་དབུ་དགུ་ཕྱག་བཅོ་བརྒྱད། །ཞབས་ནི་བརྒྱད་ཀྱིས་དབུ་གཉིས་མནན་པའི་མཁར། །དབུས་ཀྱི་དབུ་ནི་སྤྱན་ཕྱེད་ནུབ་པར་རྡུངས་པ་ཡི། །ཞེས་གསུངས་པས། བཛྲ་ཧེ་རུ་ཀའི་དབུར་ཡུམ་གནམ་ཞལ་མ་དབུ་དགུ་ཕྱག་བཅོ་བརྒྱད། ཞབས་བརྒྱད་དང་ལྡན་པའི་ཞབས་ཀྱིས་བཛྲ་ཧེ་རུ་ཀའི་དབུ་གཡས་གཡོན་གཉིས་མནན་ཅིང་། དབུ་དབུས་མ་གནམ་ཞལ་མའི་མཁར་དབུས་མའི་སྤྱན་ཕྱེད་ནུབ་ཙམ་དུ་བསྒོམ་པར་བསྟན་པ་སྟེ། འདི་ལྟར། རྡོ་རྗེ་ཁྲག་འཐུང་དབུའི་སྟེང་གནམ་ཞལ་ཡུམ། །སྔོ་སྐྱ་དབུ་དགུ་བཅོ་བརྒྱད་ཕྱག་དང་ལྡན། །དང་པོའི་ཕྱག་གཉིས་རྡོ་རྗེ་དྲིལ་བུ་དང་། །ལྷག་མ་གཡས་བརྒྱད་གནས་ཀྱི་མ་མོ་བརྒྱད། །གཡོན་བརྒྱད་ཡུལ་གྱི་ཕྲ་མེན་བརྒྱད་པོ་བསྣམས། །གེལ་བའི་འདུག་སྟངས་ཚུལ་ལྡན་ཞབས་བརྒྱད་ཀྱིས། །བཛྲ་ཁྲག་འཐུང་གཡས་གཡོན་དབུ་གཉིས་བརྫིས། །དབུས་ཞལ་ཡུམ་མཁར་སྤྱན་ཕྱེད་ནུབ་པར་ཆུད། །ཁྲོ་འཛུམ་བདེ་བའི་ཉམས་རྒྱས་འཁྲིལ་བག་ཆགས། །ཁྲོ་མོའི་ཆས་ཅན་འབར་བའི་ཀློང་ན་བརྗིད། །ཅེས་པས་གསལ་གདབ་བོ། །ལྔ་པ་འཆི་མེད་རྡོ་རྗེ་དཀྱིལ་འཁོར་ནི། སྒྲོན་གསལ་ལས། དེ་སྟེང་འཆི་མེད་རྡོ་རྗེ་བཅུ་གཉིས་གཅིག་དབུར་ལྡན། །བཅུ་ཕྲག་བཞི་དང་གཉིས་ཀྱིས་ཕྱག་དང་ཞབས་བརྒྱད་གཏམས། །བྷ་གར་རྡོ་རྗེ་སྦྱོར་ཞིང་དབུ་བརྒྱད་ཞབས་ཀྱིས་སྦྱོར། །ཉི་མའི་སྟེང་ན་ས་ནུ་ཡབ་ཡུམ་རྟག་སྦྱོར་བ། །བཅུ་གཉིས་དབུ་མའི་ལྗགས་ལ་ཐུགས་ཀ་ཡི། །ཉི་དཀྱིལ་རྡོ་རྗེ་བུམ་པའི་ཨ་ལ་དགུ་པས་བསྐོར། །ཞེས་གསུངས་པའི་དོན་ནི། ཁྲོ་མོ་གནམ་ཞལ་མ་དེའི་སྟེང་དུ་འཆི་མེད་རྡོ་རྗེ་སྟེ་ཆེ་མཆོག་ཧེ་རུ་ཀ་དབུ་ཉེར་གཅིག་ཕྱག་ཞེ་གཉིས་ཞབས་བཅོ་བརྒྱད་པར་བསྒོམ་པ་ནི་འདི་ལྟར། གནམ་ཞལ་ཡུམ་སྟེང་ཆེ་མཆོག་ཧེ་རུ་ཀ །སྐུ་མདོག་སྨུག་ནག་དབུ་ནི་ཉི་ཤུ་གཅིག །བཞི་བཅུ་རྩ་གཉིས་ཕྱག་གི་དཀྱིལ་འཁོར་ན། །ཞི་བ་ཡབ་རྣམས་གཡས་ལ་ཡུམ་རྣམས་གཡོན། །ཐུབ་པ་དྲུག་ནི་གཡས་གཡོན་གསུམ་གསུམ་བཞུགས། །ཞབས་བརྒྱད་རོལ་པས་ཡུམ་གྱི་དབུ་བརྒྱད་བརྫིས། །གསང་བའི་རྡོ་རྗེ་ཡུམ་ཞལ་དབུས་མ་ཡི། །སྨིན་མཚམས་མཁར་བཅུག་དཔལ་ཆེན་རྩ་ཞལ་གྱིས། །ལྗགས་སྟེང་ཉི་དཀྱིལ་ས་ནུ་ཧེ་རུ་ཀ །ཡབ་ཡུམ་མཉམ་སྦྱོར་དཀར་གསལ་ཚོན་གང་བའི། །ཐུགས་ཀར་ཉི་སྟེང་རྡོ་རྗེར་ཨ་ཡིག་ལ། །གསང་སྔགས་འབྲུ་དགུ་གཡས་སུ་བསྐོར་བས་མཚན། །གར་དགུའི་ཉམས་རྒྱས་དཔལ་ཆེན་ཆས་རྣམས་རྫོགས། །དྲི་མེད་འོད་ཟེར་འཕྲོ་བའི་ཀློང་ན་བཞུགས། །ཞེས་གསལ་གདབ། དེ་ལྟར་རྩ་བའི་དཀྱིལ་འཁོར་གྱི་བྱེ་བྲག་ལྔ་དང་། བདག་དང་སྨན་གྱི་དཀྱིལ་འཁོར་གཉིས་ཏེ་དཀྱིལ་འཁོར་བདུན་དུ་བྱེད་པའམ། རྩ་བའི་དཀྱིལ་འཁོར་གྱི་ཆེ་མཆོག་གི་ལྗགས་ལ་ས་ནུ་ཧེ་རུ་ཀ་ཡབ་ཡུམ་བསྒོམ་པ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཞེས་ཟུར་དུ་ཕྱེ་ནས་རྩ་བའི་དཀྱིལ་འཁོར་ལ་དྲུག་དང་། གཞན་གཉིས་ཏེ་བརྒྱད་དུ་བྱེད་པ་ཡང་བཤད་དོ། །སྐབས་འདིར་སྦྱོར་བ་བརྒྱད་ཀྱི་རིམ་པ་ཡང་འདི་ལྟར་ཤེས་པར་བྱ་སྟེ། གཙོ་བོའི་ལྗགས་སྟེང་ས་ནུ་ཧེ་རུ་ཀ །ཡབ་ཡུམ་མཉམ་སྦྱོར་ཡེ་ཤེས་སྦྱོར་བ་དང་། །ཕྱག་རྣམས་ཞེ་གཉིས་ལྷར་སྦྱོར་ཕྱག་མཚན་སྦྱོར། །རྡོ་རྗེ་སྨིན་མཚམས་མཁར་རོལ་ཞལ་གྱི་སྦྱོར། །ཡུམ་མཁར་ཁྲག་འཐུང་དབུ་ཚུད་དབུ་ཡི་སྦྱོར། །གཙོ་ཞབས་ཡུམ་གྱི་དབུར་སྦྱོར་ཞབས་ཀྱི་སྦྱོར། །རྟ་མགྲིན་ཡུམ་བཞིར་རོལ་པ་དབང་གི་སྦྱོར། །བདུད་རྩི་ཡེ་ཤེས་སྨན་སྦྱོར་རྫས་ཀྱི་སྦྱོར། །རྫས་དཀྱིལ་བྷཉྫ་ལ་སྦྱོར་ཐབས་ཤེས་སྦྱོར། །སྦྱོར་བ་བརྒྱད་ལྡན་བདེ་ཆེན་ཉམས་བརྒྱར་འབར། །དཀྱིལ་འཁོར་འཁོར་ལོའི་གཙོ་བོར་ལྷུན་གྱིས་གྲུབ། །ཕྱི་རོལ་ཕྱོགས་མཚམས་སྒྲུབ་སྡེ་བརྒྱད་ཀྱི་ལྷ། །རང་རང་འཁོར་བཅས་ཉི་མའི་དཀྱིལ་འཁོར་ལས། །འོད་ཟེར་བཞིན་དུ་གསལ་བརྟན་འབར་བར་གྱུར། །ཞེས་པའི་ཚུལ་ལོ། །དེ་ལྟར་གསལ་འདེབས་པ་ལ་སྤྱན་འདྲེན་སོགས་མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་ཏེ། སྔར་དཔལ་ཆེན་པོ་འཁོར་བཅས་ཀྱི་དམ་ཚིག་གི་འཁོར་ལོར་གསལ་བ་ལ་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་སོགས་སོང་གྲུབ་པས་ལྷ་དེ་ཉིད་ཞལ་བསྒྱུར་བ་ཙམ་ལས་དམ་ཚིག་གི་འཁོར་ལོ་གསར་དུ་བསྒོམ་པ་མིན་པ་དང་། སྔར་དམ་ཡེ་གཉིས་མེད་དུ་གྲུབ་པའི་ཕྱིར་ཏེ། འགག་ཞིག་སྒྲུབ་གཞུང་གཞན་ལ་བརྟེན་ཀྱང་འདིར་ཡང་མཆོད་པ་བྱེད་པ་སོགས་ནི་སྤྱིར་ཚོགས་བསགས་ཀྱི་རྒྱུ་ཡིན་པས། ཇི་ཙམ་མང་གིན་བཟང་མོད། མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་བ་དང་། དེ་ལྟ་བུའི་ལས་རིམ་མང་པོས་བཟླས་པའི་གྲངས་ལ་གནོད་པའི་ཕྱིར་རེ་ཞིག་བཏང་སྙོམས་སུ་བྱས་སོ། །སྨན་རྐྱང་སྒྲུབ་ཀྱི་ཚེ་ནི་ཞལ་བསྒྱུར་གྱི་ཐ་སྙད་བཞག་ཏུ་མེད་པས་བདུད་རྩི་རང་བྱུང་ནས་འཆི་མེད་རྡོ་རྗེའི་བར་གྱི་དཀྱིལ་འཁོར་བདུན་པོ་དམ་ཚིག་པར་བསྐྱེད་པའི་རྗེས་དེ་ཉིད་དུ་ཡེ་ཤེས་ལྔའི་དབང་བསྐུར། གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་དྲངས། བསྟིམ་ཕྱག་མཆོད་བསྟོད་རྣམས་བྱས་ནས་གདོད་ཛཔ྄་ལ་འཇུག་པར་བཤད་དོ། །གསུམ་པ་ཛཔ྄་ལ་དྲུག་སྟེ། སྨན་སྲུང་སྤྱན་འདྲེན། རྟོག་པ་བསལ་བ། གཟུངས་ཐག་འཛིན་པ། ཛཔ྄་དགོངས་དངོས། རྟགས་ཚད་བསྟན་པ། སྤོགས་ཆོག་བྱ་བ་དང་དྲུག་གོ། །དང་པོ་ནི། སྤོས་དང་རོལ་མོ་གཡབ་དར་དང་བཅས་པས། ཧཱུྃ། ཚངས་དང་དྲང་སྲོང་ཀླུ་རྣམས་དང་། །ཞེས་སོགས་སོ། །གཉིས་པ་ནི། བདུད་རྩིའི་ཟེགས་མས་འཐོར་ཞིང་། ཧཱུྃ། ཚངས་དང་དྲང་སྲོང་གཙང་མ་ཟ། །སོགས་ནས་གཙང་དམེའི་གཉིས་འཛིན་དག་ནས་འདོད་པའི་དངོས་གྲུབ་སྩོལ་བ་ལ་དགྱེས་ཤིང་བཞུགས་པར་བསམ་པའི་བར་སྔར་བསྟན་པ་བཞིན་ནོ། །གསུམ་པ་ནི། བམ་འགྲེལ་ལས། གཟུངས་ཐག་བཞི་བདུད་རྩི་ལ་བཏགས་ལ་ཕྱོགས་བཞིར་ཕྱག་ཏུ་བཞེས་ཏེ། ཞེས་གསུངས་པས་ལས་ཀྱི་རྡོ་རྗེས་གཟུངས་ཐག་གི་སྣེ་མོ་ལྔ་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབས་བཞིའི་ཕྱག་ཏུ་ཕུལ་བ། དེ་རྣམས་ཀྱིས་ལག་གཡོན་པའི་མཐེ་བོང་དང་སྲིན་ལག་སྦྱར་བ་རྟ་མགྲིན་ཡབ་ཡུམ་དུ་བསྒོམ། གུང་མཛུབ་དང་མཐེའུ་ཆུང་བསྒྲེང་བའི་བར་དུ་བཟུང་བ་འདི་སྐད་དོ། །ཤེས་རབ་སྒྲོག་གིས་སྦྲེལ་བའི་གཟུངས་ཐག་ལ། །རིག་པ་སྲོག་གིས་འབྲེལ་བའི་ལུ་གུ་རྒྱུད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ཐོབ་པར། །སྐྱེ་བ་ཇི་སྲིད་བར་དུ་མི་བཏང་ངོ་། །ཞེས་གཟུངས་ལ། གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད་ཁོང་སེང་བྲེང་ཆགས་སུ་ཡོད་པར་བསྒོམ་མོ། །བཞི་པ་ནི། སྒྲོན་གསལ་ལས། བདག་ཉིད་ཐུགས་ཀྱང་དེ་འདྲར་བྱས་ལ་སྔགས་ཀྱིས་བརྡེག །ཏིང་འཛིན་མེ་ལ་བཟླས་བརྗོད་རླུང་གིས་བསྐྱོད་པ་ནི། །ཞེས་གསུངས་པས་འཆི་མེད་རྡོ་རྗེའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་དེ་ཁོ་ན་བཞིན། བདག་རང་བཞིན་གྱི་ལྷའི་ཐུགས་ཀར་ཡང་དེ་དང་འདྲ་བར་སྒོམ་པའི་དོན་དང་། བསྐྱེད་བཟླས་ནི་མེ་དང་རླུང་གི་དཔེས་མཚོན་པར་མཛད་པ་དེ་དཔེར་ན། བུད་ཤིང་དང་མེའི་ས་བོན་སོགས་འབར་བྱེད་ཀྱི་རྒྱུ་རྐྱེན་འཛོམས་པ་ལས་མེ་འབར་ཞིང་དེ་རླུང་གིས་བསྐུལ་ན་ལྷག་པར་ཡང་འབར་བ་བཞིན་དུ་དཀྱིལ་འཁོར་མདུན་གྱི་ཏིང་ངེ་འཛིན་ཤིན་ཏུ་གསལ་ཞིང་བརྟན་པས་གསང་སྔགས་སྐྱོན་དང་བྲལ་བར་བཟླས་བརྗོད་བྱེད་པ་ནི་བསྒྲུབ་བྱའི་དངོས་གྲུབ་ཀྱི་འབྲས་བུ་ཤིན་ཏུ་མྱུར་བའི་གནད་ཀྱི་མཆོག་ཡིན་ཏེ། ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་དང་འདྲ་བས་བསྐུལ། །ཞེས་གསུངས་པ་བཞིན་ཏེ་འདི་ལྟར། བདག་ཉིད་རང་བཞིན་དཀྱིལ་འཁོར་དཔལ་ཆེན་པོའི། །ཐུགས་ཀར་ཉི་དཀྱིལ་རྡོ་རྗེར་ཨ་ཡིག་ལ། །འབྲུ་དགུའི་སྔགས་ཕྲེང་ཕྲ་ཞིང་གསལ་བས་བསྐོར། །དེ་ལས་འོད་འཕྲོས་བདུད་རྩིའི་རླུང་དཀྱིལ་བསྐུལ། །མེ་སྦར་བདུད་རྩི་ཁོལ་བའི་ཟེར་རླངས་ལས། །དཔའ་བོ་འབྲུ་ལྔའི་འོད་ཟེར་མཆོད་པའི་སྤྲིན། །འགྲོ་འདུལ་དབང་ཆེན་སྐུ་གདུང་མཁའ་ཀློང་དཀྱིལ། །འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ཐུག་གི་བར། །རིམ་པར་སྤྲོས་པས་སྐུ་གསུང་ཐུགས་ཀྱི་རྒྱུད། །མཉེས་པར་བྱས་ཤིང་ཐུགས་ཀྱི་དམ་ཚིག་བསྐུལ། །ཞེས་པ་ནི་མཆོད་པ་མས་འབུལ་ཞེས་བྱ་བའི་དོན་ནོ། །ཡེ་ཤེས་ལྔ་ཡི་འོད་ཟེར་བདུད་རྩིའི་རྒྱུན། །འཆི་མེད་རྡོ་རྗེ་ནས་བཟུང་རིམ་པ་བཞིན། །སྐུ་ཡི་དབྱིབས་བརྒྱུད་མཁའ་གསང་སྦྱོར་མཚམས་ནས། །བདུད་རྩིར་བབས་པས་དབང་བསྐུར་བྱིན་གྱིས་བརླབས། །ཞེས་པ་ནི་དབང་ཡས་བསྐུར་ཞེས་བྱ་བའི་དོན་ནོ། །སླར་ཡང་སྦྱོར་བ་བརྒྱད་ཀྱི་སྦྱོར་མཚམས་ནས། །བྱང་ཆུབ་སེམས་སྤྲིན་འོད་ཟེར་ཕྱོགས་བཅུར་འཕྲོས། །འཕགས་པ་ཀུན་མཆོད་མཁའ་མཉམ་འགྲོ་དོན་བྱས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་དང་། །འཁོར་འདས་དྭངས་མའི་བཅུད་བསྡུས་བདག་རང་བཞིན་གྱི་དཀྱིལ་འཁོར། ལ་ཐིམ། །གུ་ཧྱ་ལག་གི་ཕྱག་རྒྱ་མཐེབ་སྲིན་གྱི། །རྟ་མགྲིན་ཡབ་ཡུམ་ལ་ཐིམ་མཉམ་སྦྱོར་བའི། །བྱང་ཆུབ་སེམས་དང་གཅིག་འདྲེས་འོད་ཟེར་རྣམས། །གཟུངས་ཐག་རྡོ་རྗེའི་ཁོང་གསེང་ནས་བརྒྱུད་དེ། །བདུད་རྩིའི་ཕོ་བྲང་ལ་ཐིམ་དམ་རྫས་ཉིད། །ཡེ་ཤེས་བདུད་རྩིའི་རང་བཞིན་མུ་ཏིག་ལྟར། །དྲི་མེད་དཀར་གསལ་དྭངས་མར་འཁྱིལ་བར་གྱུར། །ཞེས་པའི་དོན་ནན་ཏན་དུ་བསྒོམས་ནས་དགུ་པའི་ཛཔ྄་ཁོ་ན་ཆིག་དྲིལ་དུ་བཟླའོ། །སྔགས་ཚིག་ནི། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་དགུ་པའི་སྔགས་ཞེས་གྲགས་པ་འདིའམ། ཡང་ན་སརྦ་པཉྩ་ཞེས་པ་དོར་ཏེ་བཛྲ་ཞེས་བཅུག་ནས་བཟླ་བར་ཡང་བཤད་དོ། །གང་བཟླ་ཡང་རུང་སྟེ་སྔགས་སྟོང་ཕྲག་རེའི་མཚམས་སུ་མཆོད་པ་བྱ་བ་སོགས་ནི་སྔར་བཞིན་ནོ། །དེ་ལྟར་ཐུན་བཞིའམ་དྲུག་གི་ངེས་པ་དང་ལྡན་པས་བཟླ་ཞིང་། བསྙེན་གྲོགས་ཀྱིས་གསུང་མི་ཆག་པར་ཁོར་ཡུག་ཏུ་བཟླའོ། །དེ་ཡང་ཐུན་དྲུག་ཏུ་གཞུང་བསྲང་བར་བཤད་པས། ནུས་ན་ཐུན་རེ་རེ་བཞིན་ཡང་སྐྱབས་སེམས་ནས་བཟུང་རྩ་བའི་ཛཔ྄་ཀྱི་བར་སོང་བའི་རྗེས་སུ་བྱེ་བྲག་དཀྱིལ་འཁོར་གསུམ་གྱི་སྒོམ་རིམ་དང་སྦྱར་ཏེ། སྒྲུབ་ཚུལ་སྔར་བཤད་པ་བཞིན་ཚང་བ་དང་། དེ་ཡང་ཐུན་སྔ་མ་རྣམས་ཀྱིས་ཛཔ྄་འཇོག་པ་དང་ཐུན་རྗེས་མ་རྣམས་ཀྱིས་ཛཔ྄་ལ་ཐུག་པ་ངེས་པར་དགོས་ཤིང་། ཐུན་བསྡུ་བའི་ཚེ་ནི། འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ནས་འགྲོ་འདུལ་ཁྲོ་བོའི་དཀྱིལ་འཁོར་གྱི་བར་འོད་དུ་ཞུ་ནས་བདུད་རྩི་ལ་ཐིམ་པར་བསམས་ཤིང་། འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ནས་བཟུང་སྟེ། །རིམ་བཞིན་འོད་ཞུ་བདུད་རྩིར་ཐིམ་པར་གྱུར། །ཞེས་བསྡུའོ། །ཐུན་འཛིན་ཕྱི་མ་རྣམས་ཀྱིས་སྔར་བཞིན་གསལ་འདེབས་པ་བར་མ་ཆད་པར་བྱ་སྟེ། བམ་བརྒྱད་ལེའུ་ལྔ་པར། ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས། །བར་ཆད་མེད་པའི་འཕྲོ་འདུ་བྱ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་སོ་སོའི་མཇུག་ཏུ་ཚོགས་ཀྱི་མཆོད་པ་བྱ་བར་ཡང་བཤད་དེ། སྒྲོན་གསལ་དུ། སྟོང་སྟོང་ཚང་ཞིང་ཚོགས་མཆོད་བྱ་བ་གཅེས། །ཞེས་གསུངས་པས་འབྱོར་ན་ཐུན་རེ་རེ་བཞིན་ཡང་ཚོགས་ཀྱི་མཆོད་པ་དང་། མ་འབྱོར་ན་ཡང་ཐུན་ཐོག་མཐའ་གཉིས་གང་རུང་ལ་མེད་དུ་མི་རུང་ངོ་། །དུས་དྲུག་ཏུ་གཞུང་སྲོང་མི་ནུས་ན། ཐུན་ཐོག་མ་ལ་སྐྱབས་སེམས་ནས་རྩ་བའི་ཛཔ྄་ཀྱི་བར་སོང་བའི་རྗེས་སུ་སྨན་གྱི་སྒོམ་རིམ་རྣམས་དང་། ཐུན་རྗེས་མའི་མཐར་ཚོགས་མཆོད་སོགས་རྗེས་ཀྱི་ཆོ་ག་རྣམས་བྱ་ཞིང་། ཐུན་གཞན་བཞི་ལ་བདག་རང་བཞིན་གྱི་དཀྱིལ་འཁོར་གསལ་འདེབས་པ་ནས་དགུ་པའི་ཛཔ྄་བཟླ་བའི་བར་སྔར་བཞིན་ནོ། །ཐུན་སོ་སོའི་མཇུག་དེ་ཉིད་དུ་ཉུལ་ལེ་བསྐྲད་པར་བྱ་སྟེ། སྒྲོན་གསལ་དུ། ཏིང་འཛིན་གསར་ཞིང་བར་གཅོད་ཉམས་ལེན་ལྔ་ཡང་བཟློག །ཅེས་གསུངས་པས། སྤྱིར་བར་ཆད་ཀྱི་ཉུལ་ལེ་འོང་བའི་དུས་མང་དུ་བཤད་ཀྱང་། མདོར་བསྡུ་ན་ཉིན་གསུམ། མཚན་གསུམ་ཞེས་སོ་སོའི་དུས་ཀྱི་ཐུན་ཚོད་དེ་ཉིད་དུ་ཉུལ་ལེ་རེ་རེའི་གཉེན་པོའི་ཕོ་ཉ་བསྐུལ་ཞིང་བསྐྲད་པ་དང་། དུས་དེར་དངོས་གྲུབ་སྟེར་བའི་ཕོ་ཉ་རེ་ཡང་འོང་བས་བྱིན་འབེབས་བྱ་བར་ཡང་བཤད་དོ། །ཐུན་དྲུག་ཏུ་མི་ནུས་ན་ཐུན་བཞིར་བྱེད་པ་སྟེ་གུང་ཐུན་གཉིས་དོར་བ་ལས་གཞན་སྔར་བཞིན་ནོ། །ལྔ་པ་ནི། བམ་བརྒྱད་ལས། རྟགས་དང་མཚན་མ་བདུན་གྱིས་འབྱུང་། །འོད་དང་དྲི་དང་དུ་བ་སྒྲ། །ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད། །མང་དུ་འཕེལ་ན་འགྲུབ་རྟགས་ཡིན། །དེ་ལ་ཡ་མཚན་བསྐྱེད་མི་བྱ། །ཞེས་གསུངས་པས་སྔར་བཤད་པ་བཞིན་ལེ་ལོ་དང་ཐེ་ཚོམ་མེད་པའི་ཡིད་ཀྱིས་འབད་པས་བསྒྲུབས་ན་ངོ་མཚར་བའི་རྟགས་རྣམས་མཐོང་བར་འགྱུར་རོ། །དེ་ཡང་ཐུན་མོང་ཏིང་ངེ་འཛིན་གསལ་བ་ལས་འོད། ཡོན་ཏན་ཕྲིན་ལས་ཏེ་སྨན་ཆ་སྙོམས་པ་ལས་དུ་བ་དང་དྲི། གསུང་སྔགས་དག་པ་ལས་སྒྲ། སྐུ་ཕྱག་རྒྱ་གསལ་བ་ལས་ལྷ་མོའི་སྐུ་སྟོན་པ། མང་དུ་འཕེལ་བ་ནི་སྤྱིར་འགྲུབ་པའི་རྟགས་སོ། །དེ་དག་ལ་ཡང་དགའ་བྲོད་ཀྱི་སྙེམས་འཕྲིགས་མེད་པ་གལ་ཆེ་ཞིང་། སྤྱིར་རྟགས་དེ་རྣམས་མྱུར་བའི་ཚད་གཞུང་གི་སྨོས་ཚོད་ཞག་བདུན་ན་མཐོང་བར་བཤད་ཅིང་། དེ་ལས་མྱུར་བར་འབྱུང་བ་ཡང་ཡོད་མོད། དེང་སངས་ལག་ལེན་ལ་སྨན་རླན་ཅན་དུ་གྱུར་པས་རུལ་པ་སོགས་ཀྱི་ཉེས་པ་འགེགས་ཕྱིར་ཞག་གསུམ་དུ་ཤས་ཆེའོ། །དྲུག་པ་ནི། སྒྲུབ་པའི་ཞག་གྲངས་ཐེམས་ནས་ཀྱང་རྟགས་མ་བྱུང་ན་སྤོགས་པའི་ཆོ་ག་བྱ་བར་བཤད་དེ། སྒྲོན་གསལ་དུ། བར་ཆད་མེད་པའི་འབྱུང་འཇུག་སྟོབས་ཀྱིས་འོད་ལ་སོགས། །དེ་དག་མ་བྱུང་བར་དུ་སྤོགས་ཤིང་ཏིང་འཛིན་གསར། །སྦྱང་དང་མཚམས་དང་བསལ་དང་ཡོ་བྱད་གསར། །ཐང་གཅིག་ཞག་གཉིས་ཞག་བདུན་ཉི་ཤུ་གཅིག་གིས་རིམ་བརྟགས་ལ། །ཞེས་གསུངས་པས་སྒྲུབ་པའི་དམ་ཚིག་ཉམས་ཆག་རྣམས་སྐོང་བཤགས་ཀྱིས་སྦྱང་། མཚམས་དམ་དུ་བཅད། མཆེད་དང་སྒྲུབ་རྫས་ངན་པ་ཕྱིར་བསལ། མཆོད་རྫས་སོགས་ཡོ་བྱད་རྣམས་གཙང་ཞིང་དག་པར་གསར། ཐེ་ཚོམ་མེད་པའི་ཡིད་རྩེ་གཅིག་པས་བསྒྲུབ་པར་བྱ་སྟེ། བམ་བརྒྱད་ལས། ཡོན་ཏན་ཅན་གྱིས་བརྩོན་འགྲུས་བསྐྱེད། །ཐེ་ཚོམ་མེད་ན་ངེས་པར་འགྲུབ། །ཅེས་པའི་ཚུལ་གྱིས་བསྒྲུབས་པས། རབ་ཀྱིས་ཐང་གཅིག་དང་ཞག་གཅིག །འབྲིང་གིས་ཞག་བདུན། ཐ་མས་ཉེར་གཅིག་གིས་སྔར་བཤད་པའི་རྟགས་མཚན་རྣམས་ཚུལ་བཞིན་དུ་མཐོང་བར་འགྱུར་རོ། །གཉིས་པ་ལ། བདུད་རྩི་བསྐྱིལ་བ་དང་དབབ་པ་གཉིས་ལས། དང་པོ་ནི། སྒྲོན་གསལ་ལས། རྟགས་བྱུང་ནས་ནི་བསྐྱིལ་བའི་སྦྱོར་བ་རབ་ཏུ་གཅེས། །ཞེས་པས་སྔར་བཤད་པའི་རྟགས་དང་མཚན་མ་རྣམས་མཐོང་ནས་འདི་ལྟར་ཤེས་པར་བྱ་སྟེ། ཧཱུྃ། བྷཉྫ་གཞལ་ཡས་ཁང་ནང་བདུད་རྩི་ཡི། །རྒྱ་མཚོར་བསྐྱིལ་སྟེང་དཀྱིལ་འཁོར་ལྷ་ཚོགས་རྣམས། །བདེ་ཆེན་དགྱེས་རོལ་སྦྱོར་མཚམས་བརྒྱད་ཀྱི་མཁར། །དཀར་དམར་བྱང་སེམས་ཡེ་ཤེས་བདུད་རྩིའི་བཅུད། །དངུལ་ཆུ་བཞིན་དུ་གསལ་འཚེར་འཛག་ལ་ཁད། །འཕོ་ཞིང་གཡོ་བ་ཙམ་དུ་འཁྱིལ་བར་གྱུར། །ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱ། ཞེས་བཟླས་པའི་མཐར་ཕྲིན་ལས་བསྐུལ་བ། བདག་ཅག་སྐལ་ལྡན་སྒྲུབ་པ་པོའི། །ལོངས་སྤྱོད་བདུད་རྩི་རྫས་མཆོག་གིས། །རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་། །དམ་ཅན་མ་གཡེལ་དམ་ལ་འདུ། །སྨན་གྱི་སྲུང་མ་དམ་ཚིག་ཅན། །བདུད་རྩི་སྨན་གྱི་གཡབ་དོར་ན། །རྟགས་དང་མཚན་མ་བསྟན་པ་དང་། །སྒྲུབ་པ་པོ་ཡི་ཕྲིན་ལས་མཛོད། །ཅེས་བདུད་རྩི་འཐོར་ཞིང་བསྐུལ་ལོ། །གཉིས་པ་ནི། སྒྲོན་གསལ་ལས། སྨན་ཉིད་ལ་ནི་དབབ་པའི་སྦྱོར་བས་དབབ་བྱ་སྟེ། །ཞེས་གསུངས་པས། དཀྱིལ་འཁོར་ལྷ་ཚོགས་མཁའ་ལས་བྱང་ཆུབ་སེམས། །དཀར་དམར་བདུད་རྩི་སྨན་གྱི་རྒྱ་མཚོར་ཕབ། །སྨན་གྱི་སྲུང་མ་རིག་འཛིན་རྣམས་ཀྱིས་ཀྱང་། །འཁོར་འདས་རྩི་བཅུད་མཚོ་ལ་སྦྲང་ཆར་བཞིན། །ཕབ་པས་དངོས་གྲུབ་གསོས་བཏབ་དམ་ཚིག་རྫས། །ཁ་དང་དྲི་རོ་ནུས་ལྡན་རྒྱ་མཚོར་གྱུར། །ཞེས་བསྒོམ་ཞིང་། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མེ་པྲ་བེ་ཤ་ཡ་ཕེཾ་ཕེཾ་ཧཱུྃ་ཧྲཱིཿཋཱ། ཞེས་སྟོང་དུ་བཟླ་ཞིང་དབབ་པའི་ཕྱག་རྒྱས་སྨན་ལ་གཏུག་གོ། །མ་མོ་བརྒྱད་བསྐུལ་བ་ནི། ཧཱུྃ། འདས་པའི་དུས་ནས་མངོན་བྱུང་བ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་ལས། །འབར་བའི་ཁྲོ་བོའི་ཚོགས་བྱུང་སྟེ། །འཇིག་རྟེན་དྲེགས་པ་བསྒྲལ་བ་ལས། །ཡུལ་ཆེན་བརྒྱད་དུ་དུར་ཁྲོད་བརྒྱད། །མ་མོ་ཆེན་མོ་རྣམ་བརྒྱད་བྱུང་། །ཐབས་མཁས་ཐུགས་རྗེ་རྨད་པོ་ཆེ། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །བདུད་རྩི་འདི་ལ་བྱིན་ཅིག་ཕོབ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་ཅིང་དབབ་པར་བྱའོ། །གསུམ་པ་ལ་དབང་དུ་བྱ་བ་དང་། གནད་ལ་དབབ་པ་གཉིས་ལས། དང་པོ་ནི། འགྲུབ་པའི་རྟགས་རྣམས་བསྟན་པར་གྱུར་ཏེ་དངོས་གྲུབ་བླང་རན་པ་ན། སྨན་གྱི་ཕོ་བྲང་ནང་དུ་རྟ་མཆོག་དཔལ། །ཡབ་ཡུམ་མཉམ་སྦྱོར་བྱང་ཆུབ་སེམས་ཀྱི་རྒྱུན། །འཆི་མེད་བདུད་རྩིའི་སྨན་དང་རབ་འདྲེས་ནས། །གཟུངས་ཐག་རྡོ་རྗེའི་ཁོང་གསེང་ལམ་བརྒྱུད་པ། །བདག་ལ་རབ་ཐིམ་གཉིས་སུ་མེད་པར་གྱུར། །ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་བྷནྡྷ་བྷནྡྷ་ཧཱུྃ་ཧྲཱིཿཋཱ། ཞེས་བརྗོད་ཅིང་བདུད་རྩིའི་དངོས་གྲུབ་གཞན་གྱིས་མི་འཕྲོག་པར་བདག་གིས་ཐོབ་པར་བསམ་མོ། །གཉིས་པ་ནི། དེ་ལྟར་བསྒྲུབས་ཤིང་དབང་དུ་བྱས་ཀྱང་དངོས་གྲུབ་ཀྱི་འབྲས་བུ་འབྱིན་པར་མི་མཛད་ན་ཞལ་བཞེས་དམ་ཚིག་ལས་ཉམས་པར་འགྱུར་རོ། །ཞེས་ཐ་ཚིག་བསྒྲག་པའི་དོན་ཏེ། ཧཱུྃ། ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །གསང་གསུམ་འཁོར་ལོས་རབ་བསྒྱུར་ཞིང་། །རིགས་ལྔའི་ཁྲག་འཐུང་འཁོར་དང་བཅས། །ཐུགས་དམ་དབང་གིས་སྤྱན་འདྲེན་ན། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །དམ་ཚིག་ཚུལ་བཞིན་མ་གཤེགས་ཤིང་། །གྲུབ་པའི་མཆོག་དག་མ་སྩལ་ན། །སྐུ་གསུང་ཐུགས་དང་འགལ་བར་འགྱུར། །ས་མ་ཡ་ལ་དགོངས་ནས་ཀྱང་། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ། །ཞེས་སྨན་གྱི་དཀྱིལ་འཁོར་ལྔ་ཀ་ལ་གནད་དབབ་ཀྱི་ཚིག་སོ་སོར་བཤད་ཀྱང་དོན་རིགས་ལྔར་མ་འདུས་པ་མེད་པས་འདི་ཙམ་གྱིས་ཁྱབ་སྟེ་ཆད་པར་མི་འགྱུར་རོ། །དོན་བཞི་པ་དངོས་གྲུབ་བླངས་པ་ལ་མཆོད་པ། ཛཔ྄། གསོལ་གདབ། དངོས་གྲུབ་ལེན་པ་དངོས། མེ་ཏོག་འཐོར་བ། དབང་ནོད་ཅིང་བསྐུར་བ་དང་དྲུག་གོ། །དང་པོ་ནི། བམ་བརྒྱད་ལས། དེ་ནས་མཆོད་ཅིང་དངོས་གྲུབ་བླང་། །སློབ་མ་ལ་ཡང་དབང་བསྐུར་རོ། །ཞེས་གསུངས་པས་སྒྲུབ་པའི་ཞག་གྲངས་རྫོགས་པའི་ནངས་པར་སྔ་བའི་ཆར། ཚེ་དང་གལ་སྨན་གཏོར་རཀྟ་ཉེར་སྤྱོད་ཚོགས་ཀྱི་ཡོ་བྱད་སོགས་མཆོད་པའི་རྣམ་པ་ཇི་ཙམ་འབྱོར་པ་གསར་དུ་བཤམ། ཕྲིན་ལས་ཀྱི་གཞུང་སྲོང་བཟླས་པའི་བར་རྫོགས་པར་བྱས་ནས། བདག་ཉིད་རྟ་མགྲིན་གྱི་རྣམ་པ་དཀྱིལ་འཁོར་ལས་ཟུར་དུ་བྱེ་བས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འཁོད་པར་མོས་ལ། བཤམ་པའི་མཆོད་པ་རྣམས་སྒྲུབ་གཞུང་སོ་སོ་ལས་ཇི་ལྟར་གསུངས་པའི་ཚུལ་གྱིས་འབུལ་ཞིང་། བསྡུ་ན་སྨན་ཕུད་ཙམ་གྱིས་ཀྱང་རུང་ངོ་། །གཉིས་པ་ནི། སླར་ཡང་དད་པའི་གདུང་ཤུགས་ཀྱིས་གསོལ་བ་འདེབས་ཏེ། ཉེ་སྙིང་ལས། འདུས་པའི་རྣལ་འབྱོར་རབ་གུས་ཀྱིས། །དངོས་གྲུབ་ཐོབ་ཕྱིར་གསོལ་བ་གདབ། །ཅེས་གསུངས་པས། དཀྱིལ་འཁོར་ལྷ་ཚོགས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་འདུས་པའི་དངོས་གྲུབ་ཀུན་གྱི་དབྱིག །འཆི་མེད་བདུད་རྩིའི་འོད་ཀྱི་རྣམ་པར་ནི། །བདག་ལ་ཐིམ་ནས་གཉིས་སུ་མེད་པར་གྱུར། །ཞེས་བསྒོམ་ཞིང་། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མཉྫུ་ཤྲཱི་བྱ་བ་ལོ་ཀི་ཏེ་ཧཱུྃ་ཧྲཱིཿཋཱ། ཞེས་སྟོང་དུ་རྫོགས་པར་བཟླའོ། །གསུམ་པ་ནི། ཧཱུྃ། ནམ་མཁའི་མཐའ་ཀླས་ཆོས་ཀྱི་དབྱིངས་ལ་མཁས། །མ་ཆགས་སྤྱན་མངའ་མ་བསྒྲིབས་ཡེ་ཤེས་གསལ། །ཐམས་ཅད་འདུས་པ་ཀུན་ནས་དགོངས་སུ་གསོལ། །དུས་ལས་མི་འདའ་རྡོ་རྗེའི་དམ་ཚིག་ཅན། །སྐྱོབ་ལས་མི་གཡེལ་ཡལ་གམ་གཅིག་པའི་ལྷ། །དཔལ་ཆེན་དཔལ་འབར་ཆེ་མཆོག་ཧེ་རུ་ཀ །སྐུ་གསུང་ཐུགས་ཀྱི་དམ་ཚིག་རབ་བསྐུལ་ནས། །བླ་མེད་བྱང་ཆུབ་འབྲས་བུ་བདག་གིས་བསྒྲུབ། །འགྲོ་བ་མ་ལུས་ཐུགས་རྗེས་ཆེན་པོས་བསྒྲལ། །སྒྲུབ་མཆོག་བདག་ལ་སྒྲུབ་པ་ཆེན་པོ་མཛོད། །བསྙེན་པ་པོ་ལ་ཉེ་བའི་བསྙེན་པ་མཛོད། །དབང་ཆེན་དབང་སྩོལ་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །ཐུགས་དམ་དུས་ལ་བབས་ལགས་ན། །བཏང་སྙོམས་ཡལ་ཡོལ་མི་མཛད་ཅིང་། །དངོས་གྲུབ་སྩོལ་བའི་དུས་འདི་ལགས། །རེ་བ་ཐམས་ཅད་བསྐང་བའི་ཕྱིར། །ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །གཉིས་མེད་བདུད་རྩིའི་དངོས་གྲུབ་སྩོལ། །ཞེས་བརྗོད་ཅིང་དཀྱིལ་འཁོར་ལ་བསྐོར་རོ། །བཞི་པ་ནི། སློབ་དཔོན་ཤར་དུ་འཁོད་པས་གུ་ཧྱ་ལག་གི་ཕྱག་རྒྱས་དངོས་གྲུབ་ལེན་པར་བྱ་སྟེ། བམ་བརྒྱད་ལེའུ་དྲུག་པར། ལག་པ་གཡོན་པའི་དཔུང་པ་བརྐྱང་། །མཐེ་བོང་སྲིན་ལག་མཐིལ་དུ་དགུག །རྡོ་རྗེ་ཚོན་གང་བཅས་པ་ཡི། །བདུད་རྩིའི་སྣོད་ཀྱི་སྟེང་ནས་མནན། །ཞེས་པས་ལག་གཡོན་མཐེབ་སྲིན་རྩེ་སྤྲད་ལྷག་མ་གསུམ་བརྐྱང་པས་བདུད་རྩིའི་སྟེང་ནས་མནན། ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི་ཨ་མྲྀ་ཏ་སིདྡྷི་ཧཱུྃ་ཧྲཱིཿཋཱ། ཞེས་བརྒྱ་རྩ་བརྒྱད་བཟླ། དངོས་གྲུབ་ལེན་ཁར་སྲིད་པ་དཔང་དུ་གསོལ་བའི་སྔགས་བཟླ་ཞེས་པ་ཡང་འདི་ཉིད་ཡིན་ནོ། །ཧཱུྃ། བདུད་རྩི་སྒྲུབ་པའི་ཞག་གྲངས་ད་ནང་ཚང་། །བདུད་རྩི་སྒྲུབ་པའི་ཛཔ྄་ནི་དེ་རིང་རྫོགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ནམ་མཁའི་མཐའ་དང་མཉམ་པའི་སྐུ་མངའ་བ། །མི་འགྱུར་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །འགྲོ་དྲུག་ཐུགས་རྗེས་སྒྲོལ་བའི་གསུང་མངའ་བ། །མ་འགགས་གསུང་གི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཐུགས་རྗེས་ཁྱབ་པའི་ཐུགས་མངའ་བ། །འཆི་མེད་ཐུགས་ཀྱི་དངོས་གྲུབ་རྩལ་དུ་གསོལ། །ས་གཞིའི་གཏོས་དང་མཉམ་པའི་སྐུ་མངའ་བ། །ཡོན་ཏན་ལྷུན་གྲུབ་དངོས་གྲུབ་སྩལ་དུ་གསོལ། །ཆོ་འཕྲུལ་མཐར་ཕྱིན་མཛད་པའི་སྐུ་མངའ་བ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད་ཅིང་དངོས་གྲུབ་བླང་ངོ་། །ལྔ་པ་ནི། སྙིམ་པ་མེ་ཏོག་དང་བཅས་པས་དཀྱིལ་འཁོར་ལ་འདུད་ཅིང་། ཧཱུྃ། འཆི་མེད་བདུད་རྩིའི་དཀྱིལ་འཁོར་ལ། །ཇི་ལྟར་མཆོད་ཅིང་བསྟོད་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །མཆོད་སྦྱིན་མེ་ཏོག་འབུལ་ལགས་ན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ༀ་བོ་དྷི་ཙིཏྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་མ་ཧཱ་ས་མ་ཡ་ཨཱཿ ཞེས་མེ་ཏོག་དོར། དྲུག་པ་ནི། སྨན་གྱི་ཕོ་བྲང་སློབ་དཔོན་རིག་མར་བཅས་པས་ཁྲག་འཐུང་གར་གྱི་ཕྱག་རྒྱས་དཀྱིལ་འཁོར་ནས་སྤྱན་དྲངས་པ་གཙུག་ཏུ་བཀོད་ལ། སློབ་དཔོན་བདག་ཉིད་རང་བཞིན་གྱི་དཀྱིལ་འཁོར་དུ་གསལ་བ་ལ་བདུད་རྩི་རྩ་བའི་དཀྱིལ་འཁོར་པ་ཐིམ་ནས་གཉིས་མེད་དུ་གྱུར་པར་བསམ་ཞིང་། ཧཱུྃ། བདུད་རྩིའི་ལྷ་ཚོགས་རང་བཞིན་དཀྱིལ་འཁོར་དང་། །གཉིས་སུ་མེད་པ་ལྷུན་གྱིས་གྲུབ་ནས་ཀྱང་། །བདག་ཉིད་སྒོ་གསུམ་དཔལ་ཆེན་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེད་བྱིན་དབང་བསྐུར། །ཨ་མྲྀ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་སིདྡྷི་ཕ་ལ་ཧོཿ ཞེས་སློབ་དཔོན་གྱིས་དབང་ནོད་ནས་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་གྱུར་པ་ལ། སློབ་མ་རྣམས་ཀྱིས་རུ་ལུ་གར་གྱི་བྲོས་བསྐོར་ཏེ་རྡོ་རྗེའི་སློབ་དཔོན་དུ་དབང་གསོལ་སྔར་བཞིན་མེ་ཏོག་འབུལ་བ་སྔོན་དུ་འགྲོ་བས་བཏུད་དེ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཀུན་ཏུ་བཟང་པོའི་ངང་དུ་ལྟོས་བཅའ་ན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དམ་པ་དེ། །རྡོ་རྗེ་རྒྱལ་པོས་དབང་བསྐུར་བྱིན་གྱིས་རློབས། །ཞེས་གསོལ་བ་གདབ། དེ་ནས་སློབ་མ་རྣམས་ལ་དབང་བསྐུར་ཏེ། གསང་འཁོར་ལས། ཕོ་བྲང་དེ་ཉིད་སོ་སོའི་མགོར་བཞག་སྟེ། །ལས་དང་ལྡན་པར་དབང་རྣམས་བསྐུར་བར་བྱ། །ཞེས་གསུངས་པས། དབང་བསྐུར་བ་ནི། གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས། །དག་དང་མ་དག་མི་རྟོག་རྟོག་ལས་འདས། །དུས་གསུམ་གཅིག་ལས་སྐུར་བསྟན་ཕྱི་བཤོལ་མེད། །དངོས་གྲུབ་སྣ་ཚོགས་རླབས་ཆེན་འབར་བ་ཅན། །སུ་འདོད་སྦྱིན་གྱིས་ད་ལྟ་ང་ལས་ལོངས། །བསྐལ་པར་བསྒྲིབས་པའི་གཏི་མུག་མུན་པ་ལ། །སྤྲིན་མཐོངས་ཉི་ཤར་ཁུད་པར་དྲོ་བ་བཞིན། །བདུད་རྩི་རྒྱལ་པོའི་དབང་ཆེན་འདི་བྱིན་པས། །རིག་འཛིན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སྟྭཾ་ས་མ་ཡ་ཨ་བེ་ཤ་ཡ་ཨཱཿ ཞེས་དབང་བསྐུར་ནས་དེའི་ཕན་ཡོན་བརྗོད་པ་ནི། ཚེ་དང་སྐོང་དང་ཡིད་དུ་འོང་། །བགེགས་རྣམས་ཞི་བ་ལ་སོགས་ཏེ། །ནད་དང་བྲལ་ནས་ཅི་འདོད་པའི། །ཡོན་ཏན་རྩ་བརྒྱད་འདིས་ཐོབ་བོ། །ཞེས་ཕན་ཡོན་བསྟན་ནས་ཇི་ལྟར་རིགས་པའི་སྟེགས་ལ་བཞུགས་སུ་གསོལ་ལོ། །ལྔ་པ་ལ། གཏད་ཅིང་རྒྱ་འགྲོལ་བ། མཆོད་པ་བྱ་བ། ལྡེ་གུར་སྒྲུབ་ཅིང་རིལ་བུར་བྱ་བ། བདུད་རྩི་བགོ་བ། བཅང་བ། བསྟེན་པ་དང་དྲུག་ལས། དང་པོ་ནི། བདུད་རྩི་བསྡུ་བ་པོ་འཇམ་དཔལ་རྣོན་པོ་ཡིན་པས་དེའི་ཕྱིར། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལཱི་སྭཱ་ཧཱ། མ་ཧཱ་གུ་ཧྱ་མཉྫུ་ཤྲི་སིདྡྷི་ཧཱུྃ་ཧྲཱིཿཋཱ། ཞེས་བརྒྱ་རྩ་བརྒྱད་བཟླས་ནས། ལས་ཀྱི་རྡོ་རྗེ་ཡུམ་དུ་བཏགས་པས་སྨན་སློབ་དཔོན་ལ་འབུལ་ཞིང་། ཨེ་མ་ཧོཿ ངོ་མཚར་རྨད་དུ་བྱུང་བའི་ཆོས། །ནམ་མཁའ་དང་ནི་མཉམ་པའི་གནས། །རྣམ་པར་མི་རྟོག་རྟོག་ལས་འདས། །ཀུན་རྫོབ་ཙམ་དུ་བསྟན་པ་མཚར། །ཞེས་དཀྱིལ་འཁོར་པ་རྣམས་ཀྱིས་འཇམ་དཔལ་རྣོན་པོ་ལ་གཏད་ནས་གནང་བ་བྱིན་པར་བསམ་ཞིང་སློབ་དཔོན་གྱིས། ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི་ཨ་མྲྀ་ཏ་སིདྡྷི་ཧྲཱིཿ ཞེས་པས་བླངས་ནས་སྨན་ཐོད་ལ་དཀྲིས་པའི་སྲད་བུ་སོགས། བཛྲ་པྲ་བེ་ཤ་ཡ་ཕཊ། ཅེས་རིམ་པས་བཀྲོལ་ནས་སྨན་ཁ་ཕྱེ་ལ། སྨན་གྱི་བདུད་རྩིའི་དྭངས་མ་དཀར་དམར་སྔོ་བའི་འོད་ཀྱི་རྣམ་པས་བདག་གི་གནས་གསུམ་དུ་ཐིམ་པར་བསམ་ཞིང་། ཨ་མྲྀ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད། དེ་ནས་སྨན་དྲིལ་བུ་ལ་གཞལ་ཏེ་ཇི་ཙམ་འཕེལ་བ་འདིར་མདངས་འགུགས་པའི་སྲོལ་ཡང་ཡོད་དོ། །བརྟག་ནས་སྔར་གྱི་སྟེགས་ལ་བཀོད། གཉིས་པ་ནི། ཐོད་པ་བཟང་པོ་མྱོས་བྱེད་ཀྱིས་བཀང་བ་ལ་བདུད་རྩིའི་ཕུར་མ་ཅུང་ཟད་ཅིག་བཏབ་ལ་བྱིན་གྱིས་བརླབ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱིས་རྣམ་པར་མདུན་གྱི་ནམ་མཁར་སད་པར་མོས་ལ། རང་བྱུང་གདོད་ནས་རྣམ་པར་དག །ཅེས་སོགས་ཀྱིས་སོ་སོའི་མཚན་དོན་སྦྱར་བས་རྒྱས་པར་མཆོད། དེ་ནས་བདག་གིས་མྱང་ཏེ། རང་གི་ལྕེ་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན་པར་བསམ་ཞིང་། གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །ཞེས་སོགས་ཀྱིས་མྱང་ཞིང་ལུས་ཀྱི་རྩ་ཁམས་ཐམས་ཅད་བདུད་རྩི་བྱང་ཆུབ་སེམས་ཀྱིས་ཡོངས་སུ་གང་བའི་བདེ་སྟོང་གི་ངང་ལ་མཉམ་པར་བཞག་གོ། །མཐེབ་སྲིན་གྱིས་ལུས་ཀྱི་གནས་རྣམས་སུ་བདུད་རྩིའི་ཐིག་ལེ་ཡང་བྱ་སྟེ། ཉེ་སྙིང་ལས། རྣ་བ་སྙིང་ག་ལྕེ་སྟེང་དང་། གཡན་ལག་ཀུན་ལ་ཐིག་ལེ་བྱའོ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ནི། དེ་ཡང་སྔ་འགྱུར་གྱི་ཕྱོགས་འདིར་བདུད་རྩི་རིལ་བུར་མཛད་པ་ཤས་ཆུང་ཞིང་། འོན་ཀྱང་བྱེད་པར་སྤྲོ་ན། ཕྱེ་མའི་དངོས་གྲུབ་ལེན་པ་མདོར་བསྡུས་ཙམ་བྱས་པའི་རྗེས་དེ་ཉིད་དུ། བདུད་རྩིའི་ཕྱེ་མ་དེ་ཉིད་ཆང་བཟང་པོའི་ཉིང་ཁུ་དྲི་བཟང་གིས་སྦགས་པའི་འདམ་བཏགས་དང་བརྫིས་འཐེམས་ཤ་ཆོད་པར་བྱས་ལ། སྔར་བཞིན་དཀྱིལ་འཁོར་གྱི་དབུས་སུ་ཐོད་པར་བླུག །ཆས་སུ་བཅུག་ནས་ཞག་གསུམ་ལྡེ་གུར་བསྒྲུབ། དེ་ནས་རིལ་བུ་བྱ་སྟེ། ཚད་ནི་དུས་འཁོར་དང་མ་ཧཱ་མཱ་ཡཱ་ལས་ཡུངས་ཀར་ཙམ་དང་། སྒྱུ་འཕྲུལ་དང་། ལྷ་མོ་བཞིས་ཞུས་རྩ་འགྲེལ་རྣམས་ལས་ཡུངས་ཀར་ལྔའི་ཚད་དེ་བྲ་རིལ་ཙམ་དང་། བདེ་གཤེགས་འདུས་པ་ལས་སྲན་མ་འཕོས་པ་ཙམ་དུ་བཤད་པ་སོགས་ཆེ་ཆུང་ཇི་ལྟར་རིགས་པར་བསྒྲིལ་ལ་གུར་གུམ་གྱི་ཆུས་མདངས་བསྒྱུར། སྔར་བཞིན་དཀྱིལ་འཁོར་གྱི་དབུས་སུ་ཐོད་པར་བླུགས་ནས་དར་གྱི་ན་བཟའ་སོགས་ཆས་སུ་བཅུག་ལ་ཞག་གསུམ་གྲངས་ཚང་བར་བསྒྲུབས་རྗེས་སྔར་བཞིན་དངོས་གྲུབ་བླང་བ་སོགས་ཏེ་ཆོ་གའི་ཡན་ལག་སྦྱར་རྒྱུ་གཞན་ཡོད་མོད་ཀྱང་འདིར་དེ་ཙམ་མོ། །བཞི་པ་ནི། སྒྲོན་གསལ་ལས། སྨན་ཡང་གསུམ་དུ་བྱས་ཏེ་དང་པོས་འཕགས་པ་མཆོད། །བར་པ་བདག་སྤྱད་རྣལ་འབྱོར་ཡོངས་ལ་ཆ་གཅིག་གོ། །ལྷ་ཡི་ཅི་རིགས་ཡོངས་སྤྲོ་འཛིན་ཆགས་སྤང་པས་སྤྱད། །ཅེས་གསུངས་པས་སྨན་ཆ་གསུམ་དུ་བགོས་པའི་དང་པོ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་བསྔོ། །བར་པ་སློབ་དཔོན་གྱིས་བཟུང་། ཐ་མ་སྒྲུབ་པ་པོ་སྤྱི་ལ་སྤེལ། དང་པོའི་ཆ་ལས་གཞན་དོན་དུ་གཉེར་བ་ལ་ཡང་ཇི་ལྟར་རིགས་པ་སྦྱིན་པར་བྱའོ། །ལྔ་པ་ནི། དེ་ལྟ་བུའི་བདུད་རྩི་དེ་ཉིད་རིན་པོ་ཆེའི་གའུ་འམ་པགས་ཤུན་སོགས་ཇི་ལྟར་རིགས་པའི་སྣོད་དུ་བླུགས་ལ། སྤྱི་བོའམ་མགུལ་དུ་བཅང་བར་བྱ་སྟེ། སྒྲོན་གསལ་དུ། དེ་ནས་ལྕགས་གསུམ་གའུའམ་སྲོག་དང་རྩ་བའི་སྣོད། །ལེགས་པར་ཅི་རིགས་བླུགས་ལ་གཞལ་ཡས་ལྷར་བསྒོམས་ཏེ། །སྤྱི་གཙུག་བཅངས་ན་བདེ་གཤེགས་ཀུན་གྱིས་བཀུར་བར་འགྱུར། །ཞེས་སོགས་གསུངས་པ་བཞིན་ནོ། །དྲུག་པ་ནི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཌཱ་ཀིའི་སྙིང་ཐིག་ཏུ། གསང་བའི་དམ་ཚིག་ཆེན་པོ་ནི། །ཡེ་ཤེས་བསྒྲུབ་རྫས་བདུད་རྩི་ལྔ། །དམར་ཆེན་ག་བུར་ཙནྡན་སྦྱར། །རྡོ་རྗེ་ཆུ་ཡིས་ཀུན་ཏུ་བསྲེ། །དུས་གསུམ་རྒྱལ་བ་ཀུན་དང་མཚུངས། །འདི་དང་འདོད་པའི་ཡོན་ཏན་ལྔ། །རྒྱུན་དུ་ཡང་དང་ཡང་དུ་བསྟན། །འདི་ནི་དམ་ཚིག་བླ་ན་མེད། །ཅེས་གསུངས་པས། དེ་ལྟ་བུའི་དམ་རྫས་བདུད་རྩི་དེ་ཉིད་རབ་ཐུན་བཞིའི་ཐོག་མཐར་ཆག་མེད་དུ་བསྟེན། འབྲིང་ཐུན་མགོར་རེ་རེ་དང་། ཐ་མས་ཐུན་དང་པོའི་མགོ་དང་། དེ་ཡང་མ་འབྱོར་ན་ཟླ་བ་དྲུག་ལ་རེ་རེ་དང་། གལ་ཏེ་དེ་ཡང་མ་འགྲུབ་ན་ལོ་རེའི་དཔྱིད་ཟླ་འབྲིང་པོའི་ཚེས་གཅིག་གམ་བཅོ་ལྔ་ལ་ལན་རེ་མ་ཆག་པར་བསྟེན་ནོ། །དེའི་ཚེ་རང་ཉིད་ལྷར་གསལ་བས་བདུད་རྩི་ཡེ་ཤེས་ལྔའི་རང་བཞིན་དུ་མོས་ལ་གཡོན་པའི་མཐེབ་སྲིན་རྡོ་རྗེ་དང་པདྨ་སྦྱར་བ་ལས་ཡེ་ཤེས་ཀྱི་བདུད་རྩི་བྱུང་བ་ལྕེ་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་ཐིམ་པས་རྩ་ཁམས་ཐམས་ཅད་ཁྱབ་སྟེ་ལུས་དཀྱིལ་གྱི་ལྷ་ཚོགས་རྣམས་ཚིམ་པར་བསམ་ལ་ཟ་བར་བྱ་སྟེ། སྒྱུ་འཕྲུལ་ལས། ལྕེ་ཡི་རྡོ་རྗེའི་དམ་ཚིག་གིས། །རྡོ་རྗེ་ཅན་གྱིས་ཧཱུྃ་བསྒོམས་ཏེ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱངས་ན་རྡོ་རྗེའི་ཐུགས་ཐོབ་འགྱུར། །ཞེས་གསུངས་པ་བཞིན་ནོ། །སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ལ་གཏོར་མ་བཏང་བ། སྦྱིན་སྲེག་བྱ་བ། དཀྱིལ་འཁོར་བསྡུ་བ། མཚམས་འགྲོལ་བ། རྡུལ་ཚོན་གཤེགས་པ། སྨོན་ལམ་གདབ་པ། དགའ་སྟོན་ཤིས་བརྗོད་དང་བདུན་ནོ། །དང་པོ་ནི། འཇིག་རྟེན་ལས་འདས་པའི་གཏོར་མ་རྣམས་ཆ་གསུམ་དུ་བགོས་པའི་དང་པོ་བསྲེག་རྫས་སུ་བསྡོགས། གཉིས་པ་ཆོས་སྐྱོང་གི་གཏོར་མ་དང་མཉམ་དུ་སྒྲུབ་ཁང་གི་ཡང་ཐོག་སོགས་ནས་སོ་སོའི་གཏོར་སྐྱོང་གིས་ཕུལ། གསུམ་པ་གཏེར་དུ་སྦ་སྟེ། ཉེ་སྙིང་ལས། དེ་ནས་གཏོར་མ་ཆ་གསུམ་དུ་བཅད་དེ། དང་པོས་སྦྱིན་སྲེག་བྱ། བར་པས་མཁའ་འགྲོ་ཚིམ་པར་བྱ། །ཐ་མ་མི་འཛད་གཏེར་དུ་སྦ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཞི་བའི་སྦྱིན་སྲེག་ཚུལ་བཞིན་དུ་བྱ་སྟེ། སྔར་བཤད་པའི་གཏོར་མ་དང་བདུད་རྩིའི་ཆ་ཤས་ཀྱང་བསྲེག་རྫས་སུ་འབུལ་ཏེ། དེའི་ཆོ་ག་ནི་གཞན་དུ་བརྗོད་པ་ལས་ཤེས་པར་བྱའོ། །གསུམ་པ་ནི་དཀྱིལ་འཁོར་ལ་གཏང་རག་གི་མཆོད་པ་རྒྱ་ཆེན་པོ་འབུལ་ཞིང་བསྟོད་པ་བྱ། ནོངས་པ་བཟོད་པར་གསོལ་ནས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུས་ནས། རྒྱུན་གྱི་ཏིང་ངེ་འཛིན་ལ་འཇུག་གོ། །བཞི་པ་ནི། ཕྱི་ནང་གསང་བའི་མཚམས་འགྲོལ་བ་སྟེ་སྒྲུབ་ཆེན་སོ་སོའི་ངེས་པས་འཆད་པ་བཞིན་ནོ། །ལྔ་པ་ནི། རྡུལ་ཚོན་རྣམས་ཨ་ཀཱ་རོས་བསྡུ་ཞིང་། རྒྱ་མཚོར་འབབ་པའི་ཆུར་དོར་བ་སོགས་སོ། །དྲུག་པ་ནི། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །ཞེས་སོགས་མར་མེའི་སྨོན་ལམ་དང་གཞན་ཡང་སྨོན་ལམ་གྱི་རིམ་པ་ཇི་ལྟར་ནུས་པ་གདབ་བོ། །བདུན་པ་ནི། དགའ་སྟོན་དང་བཀྲ་ཤིས་བྱ་བ་སྟེ་ཆོ་གའི་མཐའ་རྒྱས་པར་བྱ་ཕྱིར་ཕུན་སུམ་ཚོགས་པའི་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་བའོ། །གཉིས་པ་སྨན་ཁོ་ནའི་རྐྱང་སྒྲུབ་བྱེ་བྲག་ཏུ་བཤད་པ་ལ་ཅུང་ཟད་བསྡུས་པ་དང་། ཤས་ཆེར་བསྡུས་པ་གཉིས་ལས། དང་པོ་ནི། སྒྲུབ་པའི་གཞི་བཟུང་ཕྱི་བཤགས་ས་ཆོག་ཕྱི་ནང་གསང་བའི་མཚམས་གཅོད། མ་ཏྲཾ་བསྒྲལ་བ། ཆག་ཆག་འདེབས་པ་སོགས་སྤྱིའི་ཁོག་འབུབས་རགས་པ་ཙམ་བྱས་རྗེས། སྒྲུབ་པ་དངོས་གཞི་དཀྱིལ་འཁོར་ལ་མ་ལྟོས་པར་སྨན་གྱི་དཀྱིལ་འཁོར་ཁོ་ན་ཁོལ་བུར་ཕྱུངས་ཏེ་སྒྲུབ་ཚུལ་མཐའ་རྒྱས་ཀྱི་བར་སྔར་བཤད་པ་ལས་སྐབས་སུ་བབས་པའི་ཚོམས་བསྡུས་ཏེ་ཤེས་པར་བྱའོ། །གཉིས་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། དབེན་པའི་གནས་སུ་དུས་དགེ་བ་ལ་ཕྱི་བཤགས་ཀྱི་ཚོགས་བསག་འགྲུབ་ཚད་བྱ། གཞི་བགེགས་ལ་གཏོར་མ་བཏང་། མཚམས་དམ་དུ་བཅད། སྟེགས་བུའི་ཁར་ཁྲོལ་བུའི་དཀྱིལ་འཁོར་དགྲམ། དེར་སྨན་སོ་སོའི་རིགས་ཀྱི་དབྱེ་བས་སྔར་བཞིན་བཀོད། མཆོད་གཏོར་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཀྱང་ཚོགས་པར་བཤམ་མོ། །གཉིས་པ་ནི། སློབ་དཔོན་སྒྲུབ་གྲོགས་དང་བཅས་པས་ཡི་དམ་གང་ལ་བརྟེེན་པ་དེའི་སྐྱབས་སེམས་ནས་བཟུང་བཟླས་པའི་བར་བྱས་ལ། སྨན་ལ་བགེགས་སྐྲོད་དང་ཁྲུས་གསོལ་སྔོན་དུ་འགྲོ་བས་ཏིང་འཛིན་གསུམ་གྱི་ཁོག་ཕུབ་སྟེ་མདུན་དུ་སྨན་རིགས་བརྒྱའི་དམ་ཚིག་པར་བསྐྱེད། དབང་བསྐུར་གནས་གསུམ་བརླབ། ཡེ་ཤེས་པ་སྤྱན་དྲངས། རིག་པའི་མེ་ཏོག་འཐོར། མཆོད་ཅིང་བསྟོད། སྨན་སྲུང་སྤྱན་འདྲེན་རྟོག་བསལ་ཛཔ྄་རྣམས་སྔར་བཤད་པ་བཞིན་ནོ། །དེས་མཚོན་ནས་རིགས་ལྔ། རིགས་གཅིག་གི་སྒྲུབ་པ་རྣམས་ཀྱང་ཐུན་དྲུག་གམ་བཞིའི་ངེས་པས་ཉིན་ཞག་རེ་རེ་བྱའོ། །ཉིན་ལྔ་པར་ཁྲོལ་བུའི་མཇུག་དོན་དང་། བཏག་བཙག་སྦོལ་གཞལ་སྟེགས་བུའི་དཀྱིལ་འཁོར་གོ་བརྗེས་ནས་ཁྲོ་དཀྱིལ་དུ་ཞལ་བསྒྱུར། སྨན་དཀྱིལ་འཁོར་གཙོ་བོར་མངའ་གསོལ་བ་བཀོད་ནས་ཕྱེ་མའི་དགོངས་རྒྱུད་ལ་འཇུག་སྟེ། བདག་བསྐྱེད་བཟླས་པའི་བར་སོང་ནས་རང་བཞིན་གྱི་དཀྱིལ་འཁོར་དུ་གནས་པས། མདུན་དུ་ཏིང་འཛིན་གསུམ་ལས་རྟེན་གཞལ་ཡས་ཁང་དུ་སྨན་དཀྱིལ་འཁོར་དྲུག་བརྩེགས་དམ་ཚིག་པར་བསྐྱེད། དབང་བསྐུར་ནས་ཛཔ྄་ཀྱི་བར་སྔར་བཞིན་གྱིས་ཉིན་ཞག་གསུམ་བསྒྲུབ། ཉིན་བརྒྱད་པར་བདུད་རྩི་བསྐྱིལ་དབབ་སོགས་དང་། དགུ་པའི་ནངས་པར་དངོས་གྲུབ་ལེན་པ་དངོས་གཞིའོ། །གསུམ་པ་ནི། དངོས་གྲུབ་བླངས་པའི་རྗེས་དེ་ཉིད་དུ་གཏོར་མ་བཏང་བ་སོགས་རྗེས་ཀྱི་ཆོ་ག་རྣམས་བྱའོ། །དེ་ལྟར་ན་ཕྱི་བཤགས་ལ་ཞག་གཅིག །ཁྲོལ་བུར་ཞག་གསུམ། བཏག་བཙག་ཉིན་གཅིག །ཕྱེ་མར་ཞག་གསུམ། བསྐྱིལ་དབབ་ཉིན་གཅིག །དངོས་གྲུབ་ལེན་ཅིང་རྗེས་ཆོག་དང་བཅས་པས་སྤྱིར་ཞག་དགུར་ངེས་པ་ཡིན་ཅེས་སློབ་དཔོན་ཆེན་པོའི་གསུང་ལས་འབྱུང་ངོ་། །བདུན་པ་ཕན་ཡོན་བསྟན་པ་ལ། འཆི་བ་མེད་པའི་བཅུད་ལེན་དུ་འགྱུར་ཚུལ། དུག་ལྔ་ཞི་ཞིང་ལམ་ལྔ་རྒྱུད་ལ་སྐྱེ་ཚུལ། མཐར་ཐུག་གི་འབྲས་བུ་ཐོབ་ཚུལ་དང་གསུམ་མོ། །དང་པོ་ནི། རང་ལུས་ལ་གནས་པའི་བདུད་རྩི་ལྔ་པོ་དྭངས་མར་གྱུར་ན་འཆི་བ་མེད་པར་འགྱུར་ཞིང་། དེའི་རིགས་སུ་གཏོགས་པའི་ཕྱི་རོལ་གྱི་རྫས་དེ་རྣམས་ལ་ཡང་ནུས་པ་རྗེས་མཐུན་པ་ཡོད་པས་སྦྱང་རྟོགས་སྦར་གསུམ་ནུས་པས་བྱིན་གྱིས་བརླབས་ཏེ་བསྟེན་ན་རང་ལུས་ཀྱི་བདུད་རྩི་ལྔ་དྭངས་མའི་བཅུད་དུ་འགྱུར་བའི་གྲོགས་བྱེད་དོ། །དེ་ཡང་བདུད་རྩི་ལྔ་པོ་ཁོ་ནའི་ཡོན་ཏན་གྱིས་ཀྱང་ནད་ལྔ་སེལ་ཏེ། ཤ་ཆེན་གྱིས་རླུང་། དམར་རྩིས་མཁྲིས་པ། དྲི་ཆུས་བད་ཀན། དཀར་རྩིས་ཁྲག །དྲི་ཆེན་གྱིས་འདུས་པའི་ནད་རྣམས་སེལ་ལོ། །ཤ་ལྔས་ནི་ལུས་གཟི་བརྗིད་ཆེན་པོ་དང་ལྡན་ཞིང་འཇིག་རྟེན་ཀུན་གྱི་ཡིད་འཕྲོག་པར་འགྱུར་བ་དང་དེ་དག་གི་སྐྱོབས་དང་འཕྲད་དུ་སྦྱར་བའི་སྨན་གཞན་རྣམས་ཀྱིས་ཀྱང་ཁ་བས་རླུང་། མངར་བས་མཁྲིས་པ། ཚ་བས་བད་ཀན། སྐྱུར་བས་འདུས་པའི་ནད་རྣམས་སེལ་བར་འགྱུར་ཞིང་། དེ་ལྟར་འགལ་རྐྱེན་ནད་རྣམས་སེལ་བའི་སྟོབས་ཀྱིས་བཀྲག་མདངས་དང་གཟི་བརྗིད་རྒྱས་པ་སོགས་གཞོན་ནུའི་ལང་ཚོ་དང་ལྡན་པར་འགྱུར་ཏེ། བམ་བརྒྱད་ལས། དེ་དག་ཀུན་གྱི་ཡོན་ཏན་ཡང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ཞེས་དང་། ལོ་ནི་ལྔ་བརྒྱ་ལོན་བར་དུ། །མདོག་ནི་བཅུ་དྲུག་གཞོན་ནུ་འདྲ། །ནད་མེད་རྟག་ཏུ་དར་ལ་བབ། །སྟོབས་ཀྱང་གླང་པོ་ཆེ་དང་འདྲ། །མངོན་ཤེས་ལྔ་དང་ལྡན་པར་འགྱུར། །ཞེས་གསུངས་པས་མཐུན་རྐྱེན་ཕུན་སུམ་ཚོགས་པའི་མཐུ་ཐོབ་ནས་ཚེ་དང་ལུས་ཀྱི་བཅུད་ལེན་བླ་ན་མེད་པར་འགྱུར་བ་ཡིན་ནོ། །གཉིས་པ་ནི། ཤ་ལྔ་ཟོས་པས་ཉོན་མོངས་པ་དུག་ལྔ་སེལ། བདུད་རྩི་ལྔ་ཡེ་ཤེས་ལྔའི་རྟོགས་པ་རྒྱུད་ལ་འཆར། སྤང་རྟོགས་ཀྱི་མཐུ་དེས་ལམ་ལྔའི་རྟོགས་པ་རྒྱུད་ལ་སྐྱེ་ཞིང་བདུད་བཞི་ཡང་འཇོམས་པར་ནུས་སོ། །བདུད་བཞི་ནི། ཚེ་ལ་བར་དུ་གཅོད་པ་འཆི་བདག་གི་བདུད་དང་། ཏིང་ངེ་འཛིན་ལ་བར་དུ་གཅོད་པ་ལྷའི་བུའི་བདུད་དང་། ལྷག་མེད་ལ་བར་དུ་གཅོད་པ་ཕུང་པོའི་བདུད་དང་། ཐར་པ་ལ་བར་དུ་གཅོད་པ་ཉོན་མོངས་པའི་བདུད་རྣམས་འཇོམས་པར་གྱུར་ཏེ། བམ་བརྒྱད་ལས། བདུད་བཞི་ངེས་པར་འཇོམས་པར་བྱེད། །ཅེས་གསུངས་པ་བཞིན་ནོ། །གཞན་ཡང་དེ་ཉིད་ལས། བདུད་རྩི་ཆོས་ཀྱི་དོན་འདི་ནི་དཔེར་ན་མེ་དང་འདྲ་སྟེ། ཆུང་སྟེ་རྡུལ་ཙམ་ནས་ཆེ་སྟེ་སྲིད་པའི་རི་བོ་ཡང་བསྲེག་གོ། །དེ་བཞིན་དུ་ཆོས་བདུད་རྩི་ཆེན་པོ་འདིས་ཀྱང་སེམས་ཅན་ཀྱི་ཉོན་མོངས་པའི་རྟོག་པ་ཆ་ཕྲ་མོ་དང་། དུག་ལྔའི་རྡུལ་དཔྱིས་ཕྱུངས་ཏེ་རིགས་ལྔ་ཡེ་ཤེས་ལྔར་འཚང་རྒྱ་བར་བྱེད་དོ། །ཞེས་གསུངས་པས་དུག་ལྔ་ཡེ་ཤེས་ལྔར་སྦྱངས་པས་ལམ་ལྔའི་རྟོགས་པ་རྒྱུད་ལ་སྐྱེ་བར་འགྱུར་རོ། །གསུམ་པ་ནི། དེ་ལྟ་བུའི་དམ་ཚིག་གི་རྫས་དེ་ཉིད་གསང་ཞིང་ཐབས་དང་ལྡན་པའི་ཆོ་གས་བསྟེན་ན་ཕུང་པོ་སངས་རྒྱས་ལྔར་སྦྱོར་ཞིང་སྣང་སྟོང་ཟུང་འཇུག་གི་རྟོགས་པ་བསྐྱེད་པས་བུམ་དབང་གི་ཡེ་ཤེས་ལམ་དུ་སློང་། མགྲིན་པར་མྱངས་ཏེ་རྩ་ཁམས་ལ་ཁྱབ་པས་གསལ་སྟོང་གཉིས་མེད་ཀྱི་རྟོགས་པ་བསྐྱེད་པས་གསང་དབང་གི་ཡེ་ཤེས་ལམ་དུ་སློང་། བྱང་སེམས་ཆེར་རྒྱས་ཏེ་བདེ་སྟོང་ཟུང་འཇུག་གི་རྟོགས་པ་བསྐྱེད་པས་དབང་གསུམ་པའི་ཡེ་ཤེས་ལམ་དུ་སློང་། མདོར་ན་རྫས་དེ་དག་ཀྱང་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པས་བཟང་ངན་སྤང་བླང་མེད་པར་ཁྱབ་བརྡལ་ཆོས་ཉིད་རིག་སྟོང་ཀ་དག་གི་རྟོགས་པ་བསྐྱེད་པས་དབང་བཞི་པའི་ཡེ་ཤེས་ལམ་དུ་སློང་། དེ་ལྟར་དབང་བཞིའི་རྟོགས་པ་ཉམས་སུ་མྱོང་བས་གྲུབ་མཐའ་བཞི་མཐར་ཕྱིན་ཏེ་འབྲས་བུ་སྐུ་བཞིའི་གོ་འཕང་མངོན་དུ་འགྱུར་བ་སོགས་ཕན་ཡོན་མཐའ་ཀླས་པར་གསུངས་ཏེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །བདེ་གཤེགས་མ་ལུས་མཆོད་པའི་རྫས། །བླ་མ་ཡི་དམ་སྡུད་པའི་རྩི། །མཁའ་འགྲོ་ཀུན་གྱི་སྙིང་ཁྲག་ཡིན། །ཟོས་པས་ཡོན་ཏན་བརྗོད་མི་ལངས། །སངས་རྒྱས་སྐུ་ལྔའི་ཡོན་ཏན་ཐོབ། །ཕྱི་ལྟར་ལུས་ཀྱི་ནད་གདོན་འཇོམས། །ནང་དུ་ཉོན་མོངས་དུག་ལྔ་འདག །དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་། །གསང་བ་རང་བྱུང་ཡེ་ཤེས་རྟོགས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱིས། །ཟོས་པས་ས་བཅུ་ནོན་ནས་ཀྱང་། །ཐེག་ཆེན་བྱང་སེམས་ཆེན་པོར་འགྱུར། །བླ་མ་མཆོད་ན་བྱིན་རླབས་འཇུག །ཡི་དམ་མཆོད་ན་དངོས་གྲུབ་སྟེར། །བདེ་གཤེགས་མཆོད་ན་ཐུགས་རྗེ་འབྱུང་། །མཁའ་འགྲོ་མཆོད་པས་ལུང་ཡང་སྟོན། །རྣལ་འབྱོར་པའམ་སུས་ཟོས་ཀྱང་། །ཕྱི་ཡི་ནད་གདོན་སྡིག་སྒྲིབ་བྱང་། །ནང་གི་བསྐྱེད་རིམ་ཏིང་འཛིན་གསལ། །གསང་བ་རང་རིག་ཆོས་སྐུར་རྟོགས། །ཉམས་དང་ལྷག་ཆད་མ་ལུས་སྐོང་། །འཆང་བས་དུས་མིན་འཆི་བ་ཟློག །གདུག་པའི་དུག་ཀྱང་གཞིལ་བར་ནུས། །བྱུག་པས་ནད་གདོན་མ་ལུས་སེལ། །བསྲེགས་ན་གདོན་བགེགས་ཐམས་ཅད་སྐྲོད། །འདི་ཉིད་སྒྲུབ་པའི་གནས་དེ་ཡང་། །དུར་ཁྲོད་བསིལ་བའི་ཚལ་དང་མཚུངས། །དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ། །ས་ཕྱོགས་བྱིན་དང་ལྡན་པར་འགྱུར། །ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས། །གང་སྒྲུབ་པ་ཡི་གནས་དེ་རུ། །སུ་བསྡད་མི་རྣམས་ཏིང་འཛིན་འཆར། །ནམ་ཞིག་ཚེ་ཡི་དུས་བྱས་ཚེ། །ཕོ་མོ་བཟང་ངན་མེད་པ་རུ། །རིག་པ་འཛིན་པའི་ས་ལ་གནས། །དེ་ཕྱིར་མཆོག་གི་དམ་རྫས་སོ། །ཞེས་གསུངས་ཤིང་། གཞན་ཡང་བམ་བརྒྱད་ལས། འཇམ་དཔལ་བསྐལ་པ་སྟོང་གི་བར་དུ་སེམས་ཅན་གྱི་དོན་བྱས་པ་བས་བདུད་རྩི་ཆེན་པོ་འདིས་ལན་གཅིག་སེམས་ཅན་གྱི་དོན་བྱས་པ་བསོད་ནམས་ཆེ་སྟེ། སེམས་ཅན་ཐམས་ཅད་དམྱལ་ཁམས་བཅོ་བརྒྱད་ཀྱི་ནང་ནས་ཐར་པའི་ལམ་དུ་འདྲེན་པ་ཡིན་ནོ། །ཞེས་གསུངས་ཤིང་། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྒྱ་མཚོ་ལ་དབང་འབྱོར་བས་རང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པའི་འབྲས་བུ་དཀའ་བ་མེད་པར་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟའོ། །སྨྲས་པ། རབ་འབྱམས་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །འཆི་བ་མེད་པའི་དངོས་གྲུབ་བདུད་རྩི་ཡི། །སྒྲུབ་པའི་ཐབས་ཚུལ་བདེ་ཆེན་འདོད་འཇོའི་གཏེར། །གསང་ཆེན་མཆོག་གི་མྱུར་ལམ་དོ་ཟླ་མེད། །ཟབ་གསང་རྒྱུད་སྡེ་རྒྱ་མཚོའི་ངེས་པའི་མཐའ། །དཔག་ཡས་ནམ་མཁའི་རྗེས་སུ་འགྲོ་བ་གང་། །རྒྱལ་བ་རྣམས་ཀྱིས་མཁྱེན་པའི་སྤྱོད་ཡུལ་ལས། །བློ་རྨོངས་སྦྲང་བུའི་བགྲོད་པས་གཞལ་ནུས་ཅི། །འོན་ཀྱང་དཔལ་ལྡན་བསྐལ་བཟང་པདྨོའི་གཉེན། །མཁའ་ཁྱབ་ཐུགས་རྗེས་ཕན་བདེར་འཛག་པའི་ཟེར། །ཤར་བས་བདག་བློ་ཉེས་བརྒྱའི་ཚལ་ནང་དུ། །ལེགས་བཤད་མེ་ཏོག་གསར་པ་བཞད་འདི་མཚར། །བྱིས་བློས་གཞལ་བྱའི་ཡུལ་འདས་གཞུང་ཟབ་དོན། །རྟོགས་མིན་ཡི་གེར་བཀོད་པ་ངོ་མཚར་ཅི། །འོན་ཀྱང་ཉེས་པར་བཤད་གང་བདག་གི་སྐྱོན། །ལེགས་བཤད་ཡོན་ཏན་མཆིས་ན་བླ་མའི་དྲིན། །དེ་ཕྱིར་རང་གིས་ཇི་ལྟར་རྟོགས་པའི་ཚད། །བརྗོད་པ་འདིས་ཐོབ་དགེ་བས་མཁའ་མཉམ་འགྲོ། །ཁྱབ་བདག་ཧེ་རུ་ཀ་དཔལ་རྒྱལ་སྲིད་ལ། །འགོད་པའི་བདེ་ཆེན་མཆོག་གི་གཞིར་གྱུར་ཅིག །རྡོ་རྗེ་ཐེག་པའི་དམ་ཚིག་གི་རྫས་འཆི་མེད་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་ཞེས་བྱ་འདི་ནི་ཁམས་གསུམ་གྱི་མགོན་པོ་རྒྱལ་མཆོག་རིགས་བརྒྱའི་བདག་པོ་མཆོག་གིས་གསེར་གྱི་མེ་ཏོག་འདྲི་གཞི་དང་བཅས་གསུང་གི་གསང་བས་འདི་ལྟར་གྱིས་ཞེས་རྗེས་སུ་གནང་བ་དད་བརྒྱའི་གཙུག་གིས་གུས་པར་མཆོད་དེ། བདུད་རྩི་རྩ་བཤད་ཀྱི་རྒྱུད་རྣམས་དང་། བཀའ་བརྒྱད་ལུགས་བཞིའི་སྨན་སྒྲུབ། བི་མ་ལ་དང་གཉགས་ལོའི་ཡིག་ཆ། རོང་ཟོམ་ཆེན་པོའི་བདུད་རྩིའི་ཐོ་ཡིག་ལས་བྱང་སོགས་ཚད་ལྡན་གྱི་གཞུང་རྣམས་དང་། བླ་མའི་མན་ངག་གི་དགོངས་པ་ཇི་ལྟ་བའི་དོན་བཞིན་བཀླགས་ཆོག་ཏུ་བཀོད་པ་སྟེ་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོས་བགྱིས་སོ།། །།

དམ་རྫས་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་སོགས་སྤྱི་ལ་ཉེ་བར་མཁོ་བའི་ཟིན་བྲིས་དགོས་དོན་རབ་གསལ། བློ་གྲོས་མཐའ་ཡས།

དམ་རྫས་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་སོགས་སྤྱི་ལ་ཉེ་བར་མཁོ་བའི་ཟིན་བྲིས་དགོས་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡེ། འདིར་གསང་སྔགས་སྔ་འགྱུར་བའི་རིང་ལུགས་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ནང་ཚན་བདུད་རྩི་ཡོན་ཏན་གྱི་རྒྱུད་ལུང་དང་འབྲེལ་བར་དམ་རྫས་བདུད་རྩིའི་སྒྲུབ་ཐབས་རྩ་གསུམ་སོ་སོ་ལ་སྦྱོར་བའི་ཚུལ་མང་དུ་འབྱུང་བ་ལས་གཙོ་བོ་བཀའ་བརྒྱད་རྣམ་པ་གསུམ་གྱི་དགོངས་པ་གུང་མཐུན་ཨོ་རྒྱན་གཏེར་བདག་གླིང་པས་མཛད་པའི་གསང་ཆེན་མྱུར་ལམ་གྱི་ཕྱག་ལེན་ལེགས་པར་ཤེས་ན་ཐམས་ཅད་ཀྱི་སྤྱི་ཁོག་ཁྲོལ་བར་འགྱུར་བས། དེ་ཉིད་གཞིར་བྱས་པའི་གསལ་བྱེད་ཟིན་བྲིས་ཅུང་ཟད་འབྲི་བ་ལ་གཉིས། རྣམ་གཞག་མདོ་ཙམ་བསྟན་པ་དང་། ཉེར་མཁོའི་ལག་ལེན་དང་དམིགས་རིམ་སོགས་ཀྱི་གསལ་བྱེད་དོ། །དང་པོ་ནི། མྱང་གཏེར་བཀའ་བརྒྱད་ཀྱི་བདུད་རྩིའི་མན་ངག་ལས། ཐམས་ཅད་བདུད་རྩིའི་སྒྲུབ་ཆེན་བཤད། །བདུད་རྩིའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་དཔེ་དགོས་པའི་ཆེད། །ཐབས་དངོས་འབྲས་བུ་ཐོབ་ཚུལ་ལོ། །ཞེས་གསུངས་པ་ལྟར། ངོ་བོ། ངེས་ཚིག །དབྱེ་བ། མཐུན་དཔེ། དགོས་ཆེད། ཐབས་དངོས། འབྲས་བུ་འཐོབ་ཚུལ་རྣམས་ལས། དང་པོ་ནི། འཁོར་འདས་ཐམས་ཅད་ཆོས་ཀྱི་དབྱིངས་བཟང་ངན་ཕྱོགས་ལྷུང་བྲལ་བའི་ཀློང་དུ་རོ་གཅིག་ཅིང་། གདོད་མ་ཉིད་ནས་རང་བཞིན་གྱིས་རྣམ་པར་དག་པ་ནི་བདུད་རྩིའི་ངོ་བོ་སྟེ། བདུད་རྩི་བམ་བརྒྱད་ལས། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །དུག་གསུམ་སྲིད་གསུམ་སྐུ་གསུང་ཐུགས། །ཡེ་ནས་བདུད་རྩི་ཡིན་པའི་ཕྱིར། །ངེས་པའི་ཀློང་ནས་བཀའ་སྩལ་ཏོ། །ཞེས་དང་། མྱང་གཏེར་བདུད་རྩིའི་མན་ངག་ལས། དང་པོ་བདུད་རྩིའི་ངོ་བོ་ནི། །རང་བྱུང་གདོད་ནས་རྣམ་དག་པའོ། །ཞེས་གསུངས། དེ་ལྟར་སྲིད་པ་གསུམ་གྱིས་བསྡུས་པའི་ཉོན་མོངས་པ་ལྔ་དང་། འདོད་པའི་ཡོན་ཏན་ལྔ་དང་། འབྱུང་བ་ལྔ་དང་། ཕུང་པོ་ལྔར་སྣང་བ་ཐམས་ཅད་ཀྱང་། རིགས་ལྔ་ཡབ་ཡུམ་གྱི་རང་བཞིན་ཅན་དུ་ཐོག་མ་ཉིད་རྣམ་པར་དག་པས། དེའི་ཕྱིར་ན། སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །རང་བྱུང་གདོད་ནས་རྣམ་པར་དག །ཅེས་གསུངས། གཉིས་པ་ངེས་ཚིག་ནི། རྣམ་རྟོག་གི་བདུད། རིག་པ་ཡེ་ཤེས་སུ་རྒྱས་འདེབས་པའི་རྩི་ཡིན་པས་ན་བདུད་རྩི་སྟེ། བདུད་རྩིའི་མན་ངག་ལས། མ་རིག་རྣམ་རྟོག་འཁྲུལ་པའི་བདུད་ལ། རིག་པ་ཡེ་ཤེས་ཀྱི་རྩི་བརྡ་དོན་གྱིས་འདེབས་པའོ། །ཞེས་པ་དང་། བདུད་ནི་བདག་འཛིན་རྟོག་ཚོགས་བཅས༔ རྩི་ནི་རང་རིག་མཉམ་པ་ཉིད༔ ཅེས་གསུངས། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཆེན་པོར་རྒྱས་འདེབས་པའི་སྨན་ཡིན་པས་ན་ཆོས་སྨན་ཞེས་ཀྱང་བྱ་སྟེ། འཁོར་འདས་ཆོས་ཀུན་ཡེ་ཤེས་སྨན༔ བརྡ་བརྟགས་ཆོས་སྨན་དེ་སྤྱད་ན༔ ཉོན་མོངས་དུག་རྣམས་སྨན་དུ་འགྱུར༔ ཞེས་གསུངས། གསུམ་པ་དབྱེ་བ་ནི། དེ་ཉིད་ལས། མཚོན་བྱ་ཆོས་ཉིད་དོན་གྱི་བདུད་རྩི་དང་༴ མཚོན་བྱེད་རྟགས་ཀྱི་བདུད་རྩིའོ༔ ཞེས་གསུངས་ཤིང་། ཆོས་བདུད་རྩི། དོན་བདུད་རྩི། རྟགས་བདུད་རྩི། རྫས་བདུད་རྩི། སྨན་བདུད་རྩི་སོགས་སྒྲས་བརྗོད་རིགས་ཀྱི་སྒོ་ནས་ཕྱེ་ན་དུ་མར་ཡོད། བཞི་པ་མཐུན་དཔེ་ནི། དེ་ཉིད་ལས། ལྷའི་བདུད་རྩིས་དུག་རྣམས་འཇོམས་པའི་བདུད་རྩི་བྱེད༔ ན་བ་ཤི་གསོས་ཀྱི་སྨན་དུ་འགྱུར་བ་བཞིན་དུ་འདིས་ཀྱང་དུག་ལྔ་འཇོམས་ཤིང༔ ན་བ་ཤི་གསོས་ཀྱི་སྨན་དུ་འགྱུར་བའོ༔ ཞེས་གསུངས། ལྔ་པ་དགོས་ཆེད་ནི། དེ་ཉིད་ལས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཡོན་ཏན་ཕུན་ཚོགས་ཐོབ་ཅིང༔ ལྷ་དང་ཆོས་སྐྱོང་མཉེས་པར་བྱའོ༔ ཞེས་གསུངས། དྲུག་པ་ཐབས་དངོས་ནི། སྒྲུབ་གཞི་ཁྲོལ་བུ་དང་ཕྱེ་མའི་སྨན་འདུ་བྱ་བ། སྒྲུབ་ཆོས་སྤྱོད་པ་དང་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་སྒོམ་བཟླས། བསྒྲུབས་པའི་འབྲས་བུ་དངོས་གྲུབ་ཀྱི་དགའ་སྟོན་སྤེལ་བ། དེ་རྣམས་ཀྱང་སྒྲུབ་པའི་ཡན་ལག་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཉམས་སུ་ལེན་པ་སྟེ། གཞུང་རྩ་བར་རྒྱ་ཆེར་གསུངས་པ་ལྟར་རོ། །བདུན་པ་འབྲས་བུ་ཐོབ་ཚུལ་ནི་རྒྱུད་ལས། འདི་གྲུབ་རྒྱལ་སྲས་དམ་པར་འགྱུར། །ཡོན་ཏན་མཆོག་འབྲས་ཡོངས་སུ་རྫོགས། །ཞེས་དང་། ཨོ་རྒྱན་ཆེན་པོས། བླ་མ་མཆོད་ན་བྱིན་རླབས་འཇུག །ཡི་དམ་མཆོད་ན་དངོས་གྲུབ་སྟེར། །བདེ་གཤེགས་མཆོད་ན་ཐུགས་རྗེ་འབྱུང་། །མཁའ་འགྲོ་མཆོད་ན་ལུང་ལྔ་སྟོན། །སྒྲུབ་པ་པོའམ་སུས་ཟོས་ཀྱང་། །ཕྱི་ཡི་ནད་གདོན་སྡིག་སྒྲིབ་སེལ། །ནང་གི་བསྐྱེད་རིམ་ཏིང་འཛིན་གསལ། །གསང་བ་རང་རིག་ཆོས་སྐུར་རྟོགས། །དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་། །བཅངས་པས་དུས་མིན་འཆི་བ་བཟློག །གདུག་པའི་དུག་ཀྱང་འཇིལ་བར་ནུས། །བསྲེགས་པས་གདོན་བགེགས་ཐམས་ཅད་སྐྲོད། །བྱུགས་པས་ནད་གདོན་མ་ལུས་འཇོམས། །ཞེས་དང་། འདི་ཉིད་སྒྲུབ་པའི་གནས་དེ་ཡང་། །དུར་ཁྲོད་བསིལ་བའི་ཚལ་མཚུངས་ཏེ། །དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ། །ས་ཡུལ་བྱིན་དང་ལྡན་པར་འགྱུར། །ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས། །གང་དུ་བསྒྲུབས་པའི་གནས་དེ་རུ། །སུ་བསྡད་མི་རྣམས་ཏིང་འཛིན་འཆར། །འདི་ཟོས་ཚེ་ཡི་དུས་བྱུང་ཡང་། །ཕོ་མོ་བཟང་ངན་མེད་པ་རུ། །རིག་པ་འཛིན་པའི་ས་ལ་གནས། །དེ་ཕྱིར་མཆོག་གི་དམ་རྫས་སོ། །ཞེས་དང་། ཚེ་དང་སྐོང་དང་ཡིད་དུ་འོང་། །བགེགས་རྣམས་ཞི་བ་ལ་སོགས་ཏེ། །ནད་དང་བྲལ་ནས་ཅི་འདོད་པའི། །ཡོན་ཏན་རྩ་བརྒྱད་འདིས་ཐོབ་བོ། །ཞེས་གསུངས་སོ། །གཉིས་པ་ཉེར་མ ཁོའི་ཟིན་བྲིས་ལ་དང་པོ་ལག་ལེན་གྱི་གསལ་བྱེད་ནི། ར་སྭ་ཡ་ནའི་སྒྲུབ་རྫས་ཀྱི་གཙོ་བོ་ནི་བདུད་རྩི་ལྔ་སྟེ་དེ་ལ་གཞུང་ཆེན་རྣམས་ནས་རེ་རེ་ལའང་སྦས་པ་ནང་གི་རྩ་བ་བཞི། མངོན་པ་ཕྱིའི་རྩ་བ་བཞི། སྐྱོབས་ལྔ་སོགས་རྒྱས་པར་གསུངས་ཀྱང་དེང་སང་ཚུལ་ལྡན་འབྱུང་དཀའ་བས། བདུད་རྩི་ལྔ་དང་ཤ་ལྔ་ནི་གོང་མ་རྣམས་ཀྱིས་བསྒྲུབས་པའི་ཆོས་སྨན་སེལ་མེད་ལ་ཕབ་རྒྱུན་འདྲེས་པས་ཆོག་པར་མཛད་ཅིང་ད་ལྟ་ནི་གསར་དུ་གཏེར་ནས་བྱོན་པ་ཚད་ལྡན་ཀྱང་བཞུགས་བཞིན་པས་དེ་ཀ་ལ་གཞིར་བྱེད། སྨན་རྩ་བ་བརྒྱད་ལ་ནང་གསེས་དབྱེ་བ་བརྒྱད་ཚན་ལྔ་སོགས་གསུངས་པ་ལས་སྨན་གྱི་དབང་དུ་བྱས་པ། ཙན་དན་སྨུག་པོ། མཱུ་ལ་པ་ཏི། ལི་ཤི། གནྡྷ་བྷ་དྲ། གུར་གུམ། ཛཱ་ཏི། ག་བུར། ཤིང་ཚྭ་རྣམས་ཕྱིའི་རྩ་བ་བརྒྱད་དེ། དེ་ལ་མཱུ་ལ་པ་ཏི་གཏེར་ཆེན་གྱིས་མ་ནུ་དང་། རྩེ་ལེ་སྣ་ཚོགས་རང་གྲོལ་གྱིས་པུཥྐར་མཱུ་ལ་སྟེ་ཁམས་ཀྱི་རུ་རྟ་ལ་ངོས་བཟུང་། གནྡྷ་བྷ་དྲ་དྲི་བཟང་སྤྱི་མིང་ལ་འཇུག་ཀྱང་དགོངས་འདུས་ལས་ཙནྡན་ལོ་མར་གསུངས་པ་ལྟར་འདིར་རྒྱ་ཤུག་ལོ་མ་ལ་བཞེད། སྒྲུབ་པ་ལག་ལེན་གྱི་རྩ་བ་བརྒྱད་ལ་ལྔ་ཚན་བརྒྱད་དུ་གསུངས་པའི་ནང་ཚན་ཡོན་ཏན་ལྔ་ནི། ཅུ་གང་། སིནྡྷཱུ་ར། ཨ་རུ་ར། སྤོས་ཆེན། ལྷང་ཚེར། སྡུད་པ་ལྔ་ནི། བཞི་མཉམ། ག་བུར། གུར་གུམ། ཛཱ་ཏི། ཙནྡན་དཀར་པོ། དུལ་པ་ལྔ་ནི། ཨ་ག་རུ་ནག་པོ། དུ་རུཥྐ། ལི་ག་དུར། དབང་ལག །སུག་སྨེལ་ཏེ་དེ་རྣམས་ནི་རྩ་བ་བརྒྱད་ཀྱི་སྨན་དུ་སྦྱར་བར་བྱ་བ་ཡིན་ལ། འདིར་བཞི་མཉམ་ནི་དྲི་ཆེན་ཏེ། དེ་ཡང་སྡོམ་འབྱུང་ལས། འོ་མའི་སྟོན་མོ་སོགས་སྐྱེས་པའི། །ཙནྡན་སེར་པོ་ཡང་དག་བཟུང་། །ཞེས་འོ་མ་སོགས་ཁ་ཟས་བཟང་པོས་བསྐྱེད་པའི་དྲི་ཆེན་ཉིད་བདུད་རྩི་མར་ཁུར་བསྒྲུབ་པའི་ཚུལ་འོག་ཏུ་ཆུ་ཡུར་ལ་དྲངས་པའི་ཡུར་སོར་ཟམ་བཀལ་བའི་ཁར་སྒྱེད་བུ་བཙུགས་ཏེ་མེ་བཏང་། དེའི་ཁར་རྫ་མ་སྐྱོན་མེད་གཙང་མ་བཀབ། དེའི་ཁར་རྫ་མ་མཐིལ་ཁྲོལ་ཚགས་ལྟར་བུག་པ་ཆུང་ངུ་མང་པོ་ཕུག་པ་བཞག །དེའི་ནང་དུ་དྲི་ཆེན་མ་རུལ་བ་འབྱོངས་ཙམ་བླུགས། ཁ་དང་རྫ་མ་གཉིས་ཀྱི་བར་མཚམས་སུ་རླུང་མི་འཆོར་བར་བཀག་པས། ཇི་ཞིག་ན་སྟོད་ཀྱི་ཟིལ་པ་མཐིལ་དུ་འཛག་ནས་ཁུ་བ་འཁྱིལ་བ་ལ་ཨ་རག་ལྟ་བུ་འབྱུང་བས་དེར་བྱ་ལ། དེ་ཙམ་མ་གྲུབ་ཀྱང་དམ་ཚིག་མ་ཉམས་ཤིང་རིམས་དང་དུག་སོགས་ནད་གཞི་ངན་པ་ཅན་མ་ཡིན་པའི་ལང་ཚོ་དར་བའི་དྲི་ཆེན་ནམ། །རྟོག་པ་ཆེ་ན་སྐྱེས་ཆེན་དམ་པའི་གསང་ཆེན་རིགས་ལས་ཕལ་པ་མི་བཏང་བ་སྐབས་འདི་དང་གཞན་དུའང་མཚོན་ཅིང་། ཕབ་གཏའ་ལ་ཡོད་པས་ཀྱང་དོན་ཚང་བྱའོ། །དུལ་བ་ལྔའི་ནང་ཚན། དུ་རུཥྐ་དངོས་ནི་ཟུར་པ་ཡིན་ཀྱང་། ཨ་གར་ནག་པོའི་རྩ་བ་དྲི་གཞན་ལས་བཟང་བ་དེས་ཚ་བ་རུང་དུ་མཛད། རྩ་བ་བརྒྱད་ལས་གྱེས་པའི་ཡན་ལག་སྟོང་ནི། སྤྱིར་སྣང་ཞིང་སྲིད་པའི་རྩི་བཅུད་ཐམས་ཅད་སྨན་དུ་སྦྱོར་བར་གསུངས་པས་རྒྱ་བལ་མོན་བོད་སོགས་ནས་བྱུང་བའི་སྨན་སྣ་ཇི་ཙམ་ཚོགས་པ་དང་། རིན་པོ་ཆེའི་རིགས་སུ་གྱུར་པ། མི་དང་འདབ་ཆགས་སྡེར་ཆགས་རི་དྭགས་གཡུང་དྭགས་ཆུ་གནས་ས་འཛུལ་རྣམས་ཀྱི་ཤ་ཁྲག་སྙིང་སྣ་དབང་པོ་ལྔ། ལྔ་ཚན་ལྔ། དཀར་མངར་འབྲུ་སྣ་སོགས་སྦྱོར་དུ་མི་རུང་བ་གང་ཡང་མེད་པས་གང་འཛོམས་བསགས། གནས་སྐབས་དུག་རིགས་གཙོས་ནུས་པ་དྲི་རོ་ཁ་དོག་ཤ་མེ་ཏོག་གི་སྤྱང་ཀི་རྣམས་སྤང་བྱར་བཤད་པ་ལྟར་སྦྱོར་བ་མི་བྱ། སྨན་གང་ཡང་རྒྱུད་དང་ཁུངས་དག་ལ་མ་རུལ་བ་དང་དྲི་རོ་མ་ཉམས་པ་གལ་ཆེ་བས་གང་བྱུང་ཅི་རྙེད་མི་བྱ། ཁུངས་དག་པའི་རྟེན་འབྲེལ་དུ་གཟའ་ཚེས་བཟང་པོ་ལ་རྒྱ་བལ་གྱི་སྨན་རྣམས་དེའི་ཚོང་པའི་ཆ་ལུགས་ཅན་གྱིས་སྨན་རྣམས་རས་དཀར་གྱི་ཁུག་མར་ཁྱེར་ལ་སྦྱིན་བདག་གིས་གསེར་དངུལ་གྱི་རིན་སྤྲད་ནས་ཉོ་ཚོང་བྱེད་པའི་ཚུལ་བྱ་བར་གསུངས་པ་དང་། བོད་སྨན་རྣམས་ཀྱང་མེ་ཏོག་སོགས་དཔྱིད་སོས། རྩ་བ་འབྲས་བུ་རྣམས་སྟོན་དུས་ཉར་ཚགས་དགོས་པ་གཞིར་བྱས། རྒྱུད་ལས་དཔྱིད་ཟླ་འབྲིང་པོ་དང་སྟོན་ཟླ་ཐ་ཆུང་གི་ཚེས་བཅོ་ལྔ་ལ་དམིགས་སུ་གསུངས་ཤིང་། སྐབས་དེར་ཁྱེའུ་གཙང་མས་ཁྲུས་དང་ལྷ་ལ་ཕྱག་བྱས་ནས་ཚོལ་དགོས་པར་གསུངས། རིན་པོ་ཆེ་མང་དུ་བཏང་ན་གསོ་རིག་གི་གཞུང་ལས་བཤད་པ་ལྟར་གཡའ་ཕྱི་དུག་འདོན་ཚད་ལྡན་ཐོན་ན་ཤིན་ཏུ་ལེགས། མདོར་བསྡུས་པད་རཱག་ནལ་སོགས་ཤེལ་རིགས་དང་གཡུ་མུ་མན་མུ་ཏིག་སོགས་མི་བཞུ་བའི་ཁམས་རྣམས་ཐོག་མར་ཧྲོབ་ཙམ་བརྡུངས་ཏེ་རས་ནང་བསྟུམས། དེ་རྣམས་དང་ལྗིད་མཉམ་པའི་ཟེ་ཚྭ། རེ་རལ། གངྒཱ་ཆུང་། གླ་རྩི། ཚྭ་ལ་བཏུལ་མ། ཨ་རུ་ར། མགྲོན་ཐལ། སྟར་བུ་བཅས་བྱིས་པ་ལོ་བརྒྱད་ཀྱི་དྲི་ཆུའམ། དགེ་སློང་གཙང་མའི་ཆུ་ལ་བཏབ་སྟེ་ལན་གཅིག་བཙོ། དེ་རྗེས་ཆུ་གཙང་ལ་བཙོ། དེ་ནས་ཅང་བཟང་པོ་ལ་བཙོ། དེ་ནས་ཆུ་གཙང་གིས་ཡང་ཡང་བཀྲུ་བཤལ་བྱ། བཞུ་བའི་ཁམས་གསེར་དངུལ་ཟངས་ལྕགས་རྣམས་སིང་པོ་ལྟ་བུའི་སྐྱུར་ནང་དུ་བཏབ་ནས་གཡའ་ཡང་ཡང་བཅད། དེ་ནས་ཆུ་ཚན་དུ་བཙོས་པའི་ཆུ་ཕྱིར་འཕོ། །ཆུ་གྲང་གིས་བཤལ་བ་མང་དུ་བྱ། ཤ་སྣ་མང་དུ་བཏང་ནའང་གསོ་རིག་གི་ལག་ལེན་ལྟར་དུག་འདོན་ངར་འདོགས་གྲུབ་ན་ལེགས་པའི་ཡན་ལག་ཏུ་འགྱུར་ཞིང་མི་འགྲུབ་ན་བཀྲུ་བཤལ་ལེགས་པར་བྱ། ཤ་སྣ་སོགས་མ་འཛོམས་ན་བཏང་སྙོམས་ནི་མི་རུང་སྟེ་ཟན་ལ་མི་དང་དུད་འགྲོ་རྣམས་ཀྱི་གཟུགས་འབུར་མའམ་སྤར་བཏབ་པ་མང་དུ་འཆོས། ནྲི་ལྗང་གུ་ལས་མི་དང་། སུ་སེར་པོ་ལས་དུད་འགྲོའི་རིགས་བརྒྱ་སྟོང་མང་པོ་གསལ་བཏབ་པའི་མཐར་དེ་དག་སོ་སོའི་ཚེ་ཟད་པས་ལས་ཀྱིས་ཤི་བའི་ཕུང་པོ་ཤ་ཁྲག་ཏུ་དམིགས་ལ་དམ་རྫས་ཀྱི་རྒྱུར་སྦྱང་བ་གསང་འདུས་ལས་བཤད་པ་ཙམ་མ་ཆད་པ་གལ་ཆེ། སྨན་གྱི་སྦྱར་ཚུལ་གཞུང་འདིའི་དཀྱུས་སུ་བསྟན་པ་ལས་ལྷག་མ་དགོས་ཀྱང་ཁམས་ཕྱོགས་ལྟ་བུར་སྨན་དཀོན་ཞིང་འབྱོར་པ་དམན་ལ་བུང་མང་འདོད་པ་རྣམས་ཀྱིས། གཙོ་བོ་ཨ་རུ་ར་ལ་གཞི་བྱེད། བ་རུ་སྐྱུ་རུ་གཉིས་ཧ་ཅང་མང་ན་རོ་ལ་གནོད་པས་དེའི་ཕྱེད་ཆ་ཙམ། བཟང་དྲུག་ཙནྡན་དཀར་དམར། ཨ་གར་རིགས་སོགས་དྲི་རོ་བཟང་པོའི་རིགས་མང་ནའང་སྐྱོན་མི་བསྐྱེད། སྔོ་སྨན་རིགས་མང་ན་མི་ལེགས་པ་དང་། ཚྭ་སྣ། རྡོ་སྨན་རིགས་འདྲེས་ཙམ་ལས་མང་པོ་མི་བཏང་། བུང་སྐྱེད་དུ་རུ་རྟ་དང་། སེ་འབྲུའི་རྩམ་པ། རམ་བུའི་རྩ་བ་རྣམས་ཅུང་མང་ཙམ་བཏང་ན་ཧ་ཅང་སྐྱོན་དུ་མི་འགྱུར་ཞིང་སྟོན་དུས་ཀྱི་གྲོ་མའི་ཕྱེ་མའང་ཕྲན་བུ་བསྲེར་བཏུབ། སྤྱིར་སྨན་ཁ་དོག་དཀར་བ། སེར་བ། དམར་སེར་རྣམས་དང་། རོ་མངར་བ་སྐ་བ་ཅུང་ཟད་སྐྱུར་བ། དྲི་ངད་སྡུག་ཅིང་བཟང་བ་རྣམས་དཔུང་བསྐྱེད་དུ་རུང་། དེ་ལས་ལྡོག་པའི་ཁ་དོག་སྔོ་ལྗང་ནག་པོ་དམར་སྨུག་སོགས་དང་། ཤིང་ཚྭ་ལྟ་བུ་དྲི་ངད་ཆེ་ཞིང་མི་ཞིམ་པ་དང་། ཁམས་ལ་ཕོག་པའི་དྲི་མ་དུག་ཅན། རོ་ཧ་ཅང་ཚ་བ་ཁ་བ་སྐྱུར་བ་ལན་ཚྭ་བ་རྣམས་ཉུང་ངུ་ལས་མང་དུ་མི་བཏང་། གླ་རྩིའང་དྲི་ཐོན་ཙམ་གྱིས་ཆོག །སྨན་མང་བར་འདོད་ཅིང་རྒྱུ་ཚོགས་མ་འབྱོར་ན་འབྲས་ཆུ་ལ་བཀྲུས་པའི་རྩམ་པའམ་ཞིབ་ཆེན་དར་ཚགས་ལ་དྲངས་པ་ཨ་རུ་དང་བུང་མཉམ་ཙམ་བཏང་སྲོལ་སྣང་ཡང་སྨན་འབྱོར་ན་དེའང་དགོས་པ་ཆུང་། སྦྱར་ཟིན་པའི་ཁ་དོག་སེར་པོ་ལ་དམར་མདངས་ཆགས་པའི་སྣུམ་བག་ཅན་ནཱ་གི་དང་བཟང་དྲུག་སོགས་ཀྱི་དྲི་གཙོ་བོར་བསྣམ་ཞིང་ཨ་རུ་གསེར་མདོག་ཆང་དང་བསྲེས་པ་ལྟ་བུའི་རོ་བྲོ་བ་དགོས། ཕྱག་ལེན་ཕལ་ཆེར་ལ་ཆོས་སྨན་སྨུག་པོ་བྱེད་པ་ལྟར་ན་ཐོག་མ་ནས་དམར་པོ་དང་སྨུག་པོའི་རིགས་མང་ཆོག །སྨན་དེ་ཐམས་ཅད་ཀྱང་ཁྲོལ་སྒྲུབ་སྐབས་ཕྱོགས་བཞི་དབུས་ལྔའི་རིགས་སོ་སོར་ཕྱེ་ནས་བཞག་དགོས་པས་འདིའི་གཞུང་གསལ་ལྟར་རིགས་དང་དྲི་རོ་ཁ་དོག་སོགས་སོ་སོར་ཕྱེ། དེའང་བཏགས་བཙགས་ཉིན་མང་པོ་ལོངས་ཁོམ་མེད་པས་ཁྲོལ་བུ་སྣེ་ཚང་ཉུང་བསྡུས་རེ་བཞག སྨན་བྱིངས་སྔ་སོར་ནས་བརྡུངས་ལ་དར་ཚགས་ཤིན་ཏུ་ཞིབ་མོར་བཙགས། འདི་དུས་རྩིང་ཞད་བྱུང་ན་བརླན་ཕོག་དུས་རྩ་དང་པགས་པ་སོགས་ཟིང་ཟིང་པོར་འགྱུར་བས་ཞིབ་དགོས། སྨན་ཕྱེ་རྣམས་རས་ཁུག་དཀར་སེར་དམར་ལྗང་སྔོན་པོ་ལྔར་བླུགས་ནས་ཕྱོགས་བཞི་དབུས་ལྔའི་ཐོད་པར་བཀོད་པའམ། སྨན་ཕྱེེ་ཤིན་ཏུ་མང་ན་དབུས་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཐོད་པ་དགུ་པོར་རིགས་དང་ཁ་དོག་སོ་སོར་ཕྱེས་པ་གང་ཤོང་བླུགས། མ་ཤོང་བ་རྣམས་ཀ་ཊོ་ར་ཤིན་ཏུ་ཆེན་པོའི་ནང་དུ་བརྡལ་ནས་དེ་ནང་ཐོད་པ་རྣམས་བཀོད་པའི་ཁར་སྨན་ཁྲོལ་བུ་ཤོག་ཐུམ་བྱས་པ་སོ་སོར་བཞག་ལ་དར་ཕྱོགས་མདོག་གིས་ཁ་འགེགས་པ་ཉིད་ཕྱག་ལེན་བདེ་བར་སྣང་། ཐོད་པ་རྣམས་ཀྱང་གཞུང་བཤད་མི་འབྱོར་ཡང་མི་ཐོད་དུམ་བུ་བཞི་པ་ཕན་ཆད་དང་མདོག་ངན་གྲོག་སྐེད་སོགས་མཚན་ངན་མིན་པའི་ཐོད་པ་བཟང་པོ་ལ་སོ་སོར་ཡིན་པའི་མོས་པ་བྱ། བྱིན་རླབས་ཀྱི་ཕབ་རྒྱུན་ཡང་གཏེར་བྱོན་སེལ་མེད་ཀྱི་དགའ་རབ། ཤྲཱི་སིཾ། ཨོ་རྒྱན་རིན་པོ་ཆེ། རིག་འཛིན་བརྒྱད། རྗེ་འབངས་ཉེར་ལྔ་སོགས་ཀྱིས་བསྒྲུབས་པའི་ཆོས་སྨན་རིག་འཛིན་གོང་མ་རྣམས་ཀྱི་དམ་རྫས་ཀྱི་རྒྱུན་ལ་བཞུགས་པ་དང་། དེང་སང་གསར་དུ་བྱོན་པ་རྣམས་གཙོ་བོར་བྱེད་པ་ལས་གསར་རྙིང་གི་བྱིན་རྟེན་གང་རྙེད་བསྲེ་བའི་རྟེན་འདུས་ལྟ་བུ་བྱེད་པ་ནི་དགོས་པ་ཆུང་ངོ་། །འདི་སྐབས་སུ་གལ་ཆེ་བ་དཀྱིལ་འཁོར་སྟེང་ཕུབ་ཚངས་པའི་ཕོ་བྲང་དུ་གྲགས་པ་ལ་སྨིན་ལུགས་སུ་མདོར་བསྡུས་ཀྱི་ཕྱག་ལེན་མཛད་པ་ནི་གཞུང་གསལ་ལྟར་ལ། དགོངས་འདུས་མཁན་པོ་རྣམས་དང་རཏྣའི་ཕྱག་བཞེས་ཀྱི་རྒྱུན་རྙིང་མ་ཕལ་མོ་ཆེའི་ལུགས་སྲོལ་དང་རོལ་རྡོར་བྲག་གཏེར་ཐེམ་མེད་ལས་ཀྱང་གལ་པོ་ཆེར་བཤད་པ་ལྟར་དེའི་ཆས་བསྒྲིགས་ཚུལ། གཏེར་གཞུང་མང་པོའི་གནད་ཀྱི་ཞལ་གདམས་མཐུན་པར་འབྱུང་བའི་དོན་རིག་འཛིན་བརྒྱད་པའི་ཕྱག་རྒྱུན་དུ། སྒྲུབ་ཁང་དཀྱིལ་འཁོར་བཞེངས་པའི་ཡང་ཐོག་ཏུ་ཤིང་རིང་བཙུགས་པའི་རྩེ་མོར་རྔ་མ་དཀར་པོ་འདོགས། དེ་འོག་ཀུ་ཤའི་ཆུན་པོ་གཉིས་རྩེ་སྤྲད་དུ་བཅིངས་པའི་གསེབ་ཏུ་ལྷ་དབང་བརྒྱ་བྱིན་སྐུ་རྒྱབ་བྱང་འདོད་གསོལ་བྲིས་པ་ལ་དམུ་ཐག་དཀར་པོ་བཏགས་པ་སྨན་གྱི་ཕོ་བྲང་དང་སྦྲེལ། དེ་འོག་དཀྱིལ་འཁོར་སྟེང་གི་རྒྱ་མཐོང་ལྟ་བུར་ཤིང་ཀུ་རུ་ཁ་ཞེས་རྒྱ་གྲམ་རྩེ་སྦྲེལ་གྲུ་བཞིའི་དབྱིབས་སྟེང་འོག་རིམ་པ་བཞི་མཛེས་ཆོས་བང་རིམ་གྱི་རྣམ་པར་བྱས་པའི་དང་པོར་ལྷ་ཆེན་བརྒྱད། གཉིས་པ་རྒྱུ་སྐར་ཉེར་བརྒྱད། གསུམ་པར་རྩི་བཅུད་ལྷ་མོ་བཅུ་དྲུག །བཞི་པར་ཀླུ་ཆེན་བརྒྱད་རྣམས་སྔགས་བྱང་འདོད་གསོལ་བཅས་བཀོད། སྐུ་གཟུགས་རྣམས་ཀྱང་རྒྱས་པར་གྲུབ་ན་ལྡེར་བཟོ་གཙང་མའི་ནང་གཞུག་རང་རང་གི་སྙིང་པོ་དང་འདོད་གསོལ་བཅུག་པ་ལྡིང་ཁྲི་བརྟན་པོར་བཞག །གོང་འོག་གཉིས་ཀྱི་ཟུར་བརྒྱད་ལ་མེ་ལོང་བརྒྱད་ཕྱར། བྲིས་འབུར་གང་ལའང་སོ་སོར་བསྐྱེད་བསྟིམ་ནན་དུ་བྱ་བར་གསུངས་པ་ལྟར་གལ་ཆེ་ཞིང་། རྒྱུ་སྐར་ལ་གཏོར་འབུལ་དམིགས་སུ་སྣང་བའང་ཙཀ་གདུགས་དབུབ་སྐབས་ངེས་པར་དགོས། སྨིན་ལུགས་ཕྱག་རྒྱུན་སྟེང་ཕུབ་རྒྱ་གདུགས་ཀྱི་ཁོངས་སུ་བསྡུ་སྐབས་ཀྱང་བཅས་འདི་རྣམས་ཚང་ན་དགོས་པ་ཆེ་བར་འདུག་པས། གདུགས་ཀྱི་ཡུ་བ་ལ་རྔ་དཀར་ཀུ་ཤ་བརྒྱ་བྱིན་གྱི་སྐུ་རྣམས་བཀོད། ཤམ་བུའི་ཕྱོགས་མཚམས་བརྒྱད་ཀྱི་དང་པོར་ལྷ་ཆེན་བརྒྱད། དེ་འོག་ཕྱོགས་སྐར་དྲུག་རེ་དང་མཚམས་སྐར་རེ་རེ། དེ་འོག་ཕྱོགས་མཚམས་བརྒྱད་ལ་རྩི་བཅུད་ལྷ་མོ་གཉིས་རེ། དེ་འོག་ཀླུ་ཆེན་བརྒྱད་ཀྱི་ཙཀླི་བཀོད་པའམ། འདི་ཉིད་མགྲོན་ཐབས་ཀྱི་ལྷ་ཡིན་སྟབས་གཙོ་འཁོར་གྱི་གོ་རིམ་མི་དགོས་པས་ཤར་ངོས་སུ་ཙཀླི་བཞིའི་དང་པོར་ལྷ་ཆེན་གཉིས། གཉིས་པར་ཤར་སྐར་དྲུག་དང་མཚམས་སྐར་གཅིག །གསུམ་པར་རྩི་བཅུད་ལྷ་མོ་བཞི། བཞི་པར་ཀླུ་ཆེན་གཉིས་བཀོད་པའི་ཙཀླི་འདོགས། ཕྱོགས་གཞན་གསུམ་ལ་གཡས་བསྐོར་དུ་དེ་ལྟར་བྱས་པས་སྟབས་བདེ་ལ་དོན་ཚང་བར་འོང་། ཚངས་པ་བྲི་ཚུལ་གཞུང་ཕལ་ཆེར་ནས་མི་འབྱུང་ཡང་སྨན་སྲུང་མགྲོན་གྱི་གཙོ་བོ་ཡིན་པ་མ་ཟད་ཚངས་པའི་ཕོ་བྲང་ཞེས་པའི་མིང་དོན་དང་འབྲེལ་བ་ལྟར་ན། བཟང་ཤིང་གི་བྱང་བུའི་སྟོད་ལ། ཚངས་པ་གདོང་བཞི་གསེར་མདོག་འཁོར་ལོ་འཛིན་ཅིང་ངང་པ་ལ་གནས་པ། སྨད་དུ་བརྒྱ་བྱིན་དཀར་པོ་པི་ཝཾ་བསྒྲེང་ཞིང་རྒྱལ་པོ་རོལ་སྟབས་ཀྱིས་རིན་པོ་ཆེའི་ཁྲི་ལ་བཞུགས་པ། གཉིས་ཀ་དར་དང་རིན་པོ་ཆེའི་རྒྱན་ལྡན་ཞི་ཞིང་འཛུམ་པ་བྲི། རྒྱབ་ངོས་སུ། འཇིག་རྟེན་མེས་པོ་ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་གྱིས་བདག་ཅག་འཁོར་དང་བཅས་པ་ལ་བདུད་རྩི་སྨན་གྱི་དངོས་གྲུབ་སོགས་འདོད་དོན་མ་ལུས་པ་སྩལ་དུ་གསོལ། །ཞེས་བྲིས། ལྷ་བརྒྱད་ནི། ཤར་དུ་དབང་ཕྱུག་ནག་པོ། བརྒྱ་བྱིན་དཀར་པོ། ལྷོར་ཚངས་པ་སེར་པོ། ཁྱབ་འཇུག་ལྗང་གུ། ནུབ་ཏུ་ཚོགས་བདག་དཀར་པོ། བྷྲིང་གི་སེར་པོ། བྱང་དུ་འདོད་ལྷ་དམར་པོ། གཞོན་ནུ་གདོང་དྲུག་ལྗང་གུ་སྟེ། ཕྱག་གཡས་ཐམས་ཅད་བཀྲ་ཤིས་རྫས་བརྒྱད། གཡོན་རྣམས་བདུད་རྩིའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་པ། རོལ་སྟབས་ཀྱིས་པདྨ་ལ་གནས་པའི་རྒྱབ་ཏུ་སྲོག་ཡིག་རིམ་བཞིན། ཨཱིཾ། ཤཾ། བྲཾ། བིཾ། གཾ །བྷྲྀཾ། ཀཱཾ། ཀཾ་རྣམས་དང་། ཨཱཿརེ་རེ་བརྩེགས་མར་བྲི། རྒྱུ་སྐར་ཉེ་བརྒྱད་ཀྱི་ཤར་སྐར་བདུན་ནི་ཤར་སྟོད་ནས་གཡས་བསྐོར་དུ། སྨིན་དྲུག་ལྗང་གུ་བུམ་པའི་ཁྲི། །སྣར་མ་དམར་སྐྱ་བ་དཀར་ཁྲི། །མགོ་ནི་ནག་པོ་ཤ་བའི་ཁྲི། །ལག་ནི་སེར་པོ་སྦྲུལ་ལ་ཞོན། །ནབས་སོ་སེར་པོ་པདྨའི་གདན། །རྒྱལ་ནི་ལྗང་གུ་བུམ་པའི་ཁྲི། །སྐག་ནི་དཀར་པོ་བྱ་རོག་ཁྲི། །ལྷོར། མཆུ་ནི་སེར་པོ་པདྨའི་དབུས། །བྲེ་ནི་ལྗང་སེར་པདྨའི་གདན། །དབོ་ནི་ལྗང་ཁུ་རིན་ཆེན་ཁྲི། །མེ་བཞི་དཀར་པོ་གླང་པོ་ཞོན། །ནག་པ་ལྗང་གུ་རྨ་བྱའི་ཁྲི། །ས་རི་སེར་པོ་སྤྱང་མོ་ཞོན། །ས་ག་ནག་པོ་ར་དཀར་ཁྲི། །ནུབ་ཏུ། ལྷ་མཚམས་ལྗང་གུ་བྱ་རོག་ཞོན། །སྣྲོན་ནི་སེར་པོ་འབོལ་སྟན་ཁྲི། །སྣྲུབ་ནི་སེར་པོ་རུས་སྦལ་ཞོན། །ཆུ་སྟོད་ནག་པོ་ཟབ་འབོལ་གདན། །ཆུ་སྨད་དཀར་པོ་ཙིཏྟ་ཞོན། །བྱི་བཞིན་ལྗང་གུ་འབོལ་གྱི་གདན། །གྲོ་བཞིན་སེར་མོ་ཁྲི་ལ་བཞུགས། །བྱང་དུ། མོས་གྲེ་ནག་པོ་གླང་དཀར་ཁྲི། །མོན་གྲུ་སེར་པོ་དར་སྟན་ཏེ། །ཁྲུམས་སྟོད་ལྗང་གུ་གསེར་གྱི་གདན། །ཁྲུམས་སྨད་སེར་པོ་ཁྲིའུའི་གདན། །ནམ་གྲུ་དཀར་སེར་རྟ་ལ་ཞོན། །ཐ་སྐར་དཀར་པོ་མི་ལ་ཞོན། །བྲ་ཉེ་ལྗང་གུ་འཁོར་ལོ་ཞོན་པ་ཐམས་ཅད་ཀྱང་ལྷ་མོའི་གཟུགས་ཅན། ལྷའི་གོས་ཀྱི་སྟོད་གཡོགས་དང་སྨད་གཡོགས་ཅན་དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཉིས་ཐལ་མོ་སྦྱར་བའོ། །དེ་རྣམས་ཀྱི་རྒྱབ་ཏུ། ནཀྵ་ཏྲ་ཧཱུྃ་ཙིཏྟ་ཨཱ་བེ་ཤ་ཡ་ཧྲཱིཾཿ གཏོད་ལ་ནོན་ཅིག༔ སརྦ་ཨནྟར་བྷྱོ༔ སརྦ་ཨཱ་ཡུཿཔུཎྡྱེ་སིདྡྷཾ་ཕ་ལ་ཧཱུྃ༔ མི་མཐུན་སོལ་ཅིག༔ མཐུན་རྐྱེན་སྒྲུབས་ཤིག༔ ཅེས་བྲི། རྩི་བཅུད་ལྷ་མོ་བཅུ་དྲུག་ནི། ཤར་དུ་ལྷ་མོ་ལཱ་སྱ་དཀར་མོ། ཤིང་གི་ལྷ་མོ་འོད་འཆང་དཀར་སེར། རྡོ་རྗེ་ལྷ་མོ་ཤེལ་མདོག་དཀར་པོ། རིན་ཆེན་གསེར་གྱི་ལྷ་མོ་སེར་པོ། ལྷོར་ལྷ་མོ་མཱ་ལེ་མ་སྔོན་མོ། ལྷ་མོ་ནོར་རྒྱུན་མ་སྔོ་བསངས། ལྷ་མོ་ཁྲོ་གཉེར་མ་སྔོན་མོ། རིན་ཆེན་གཡུའི་ལྷ་མོ་སྔོན་མོ། ནུབ་ཏུ་ལྷ་མོ་གཱིརྟི་མ་དམར་མོ། རྩིའི་ལྷ་མོ་གྲུབ་པ་མོ་དམར་སེར། ལྷ་མོ་སྲ་བརྟན་དབང་བསྒྱུར་མ་དམར་མོ། །རིན་ཆེན་བྱི་རུའི་ལྷ་མོ་དམར་མོ། བྱང་དུ་ལྷ་མོ་ནིརྟི་མ་ལྗང་མོ། ནགས་ཀྱི་ལྷ་མོ་རྨ་བྱའི་མགྲིན་ལྗང་སེར། ལྷ་མོ་གཉན་གསལ་མ་སྨུག་ནག །རིན་ཆེན་ཨིནྡྲའི་ལྷ་མོ་ལྗང་མོ་ཐམས་ཅད་ཀྱི་ཕྱག་གཡས་མདའ་དར་དང་། གཡོན་རྣམས་མེ་ལོང་ཐོགས་པ། དར་དང་རིན་པོ་ཆེའི་རྒྱན་ལྡན་བཞེངས་སྟབས་ཅན་ནོ། །དེ་རྣམས་ཀྱི་རྒྱབ་ཏུ། མ་ཧཱ་དེ་བི་ཧཱུཾ་ཨ་མི་ཏ་སིདྡྷི་ཧཱུྃ། ཞེས་བྲི། ཀླུ་ཆེན་བརྒྱད་ནི། ཤར་དུ་དགའ་བོ་སེར་པོ་སྦྲུལ་མགོ་བཅུའི་གདེངས་ཀ །འཇོག་པོ་དཀར་པོ་སྦྲུལ་མགོ་བཅུའི་གདེངས་ཀ །ལྷོར་སོག་མ་མེད་སེར་པོ་སྦྲུལ་མགོ་བདུན་གྱི་གདེངས་ཀ །དུང་སྐྱོང་དཀར་པོ་སྦྲུལ་མགོ་བརྒྱའི་གདེངས་ཀ །ནུབ་ཏུ་གཙུག་ན་རིན་ཆེན་སེར་པོ་སྦྲུལ་མགོ་བཞི་བཅུའི་གདེངས་ཀ །གཟི་ཆེན་དམར་པོ་སྦྲུལ་མགོ་ཉི་ཤུའི་གདེངས་ཀ །བྱང་དུ་མཁར་ནག་ནག་པོ་སྦྲུལ་མགོ་ཉིས་བརྒྱའི་གདེངས་ཀ་སྐུ་སྟོད་ཁྲོ་བོའི་ཆ་བྱད་ཁ་ནས་མེ་ཞགས་འཕྲོ་བ་གླང་པོའི་སྟེང་ན་བཞུགས་པ། སྦལ་མཛེས་ནག་པོ་སྦྲུལ་མགོ་ལྔ་བཅུའི་གདེངས་ཀ་ཅན། མཁར་ནག་མ་གཏོགས་བདུན་པོ་ཞལ་གཅིག་ཞི་འཛུམ་སྐུ་སྟོད་ལྷ་བུའི་ཆ་བྱད་དར་དང་རིན་པོ་ཆེས་བརྒྱན་པ་སྐུ་སྨད་སྦྲུལ་དུ་འཁྱིལ་བ། ཀུན་ཀྱང་གཡས་ཐམས་ཅད་པདྨ་དང་། གཡོན་རྣམས་སུ་དུང་ཆོས་བསྣམས་ཤིང་རྒྱ་མཚོ་ལ་གནས་པ་བྲི། རྒྱབ་ཏུ། ཕུ་ནཱ་ག་ཧཱུཾ་དྷ་ལ་སམྦྷོ་སིདྡྷི་ཧཱུྃ་ལཀྵྨཱི་སིདྡྷི་བྷྲཱུྃ། ཕུ་སིདྡྷི་ཕ་ལ་ཧི་ད་ཧི་ད་སྭཱ། ཞེས་བྲི། ལྷ་སྐུ་རེ་རེའི་མདུན་ནམ་མི་འགྲུབ་ན་ཀུན་གྱི་མདུན་དབུས་ཕྱོགས་སུ་ཤིང་བྱང་དཀར་པོའི་ངོས་སུ། ༀ་ཨ་དེ་བ་ཙིཏྟ་སིདྡྷི་ཧཱུྃ༔ དེ་བ་ཨ་མྲྀ་ཏ་མ་ཧཱི་ར་ཎ་ཨ་ཐ་ཧཱུྃ་པྲ་བེ་ཤ་ཡ་ཧྲིངཿ སིདྡྷི་ཕ་ལ་ཧཱུཾ་བྷྲཱུྃ༔ ཨཱ་ཡུ་ཤེ་ཛཿཔུཎྱེ་བ་ལ་ཏེ་ཛོ་བྷྲཱུྃ་ནཱ་ནཱ་ཁ་དྷེ་སིདྡྷི་ཧཱུྃ་འདུས་འདུས་སྭཱ་ཧཱ། ཞེས་བྲིས་ལ་བཏགས་པ་ཤིན་ཏུ་གསང་བའི་ཟབ་གནད་དུ་གསུངས། རྡོ་རྗེ་སློབ་དཔོན་གྱི་ཁྲིའི་འོག་ཏུ། རུ་སྦལ་གྱི་ཁོག་པར་སྟག་སྐྱ་འབྲུག་སྔོན་བྱ་དམར་རུས་སྦལ་རྒྱ་བོ་བཞིའམ། བྱའི་མལ་དུ་སྤྲེལ་སེར་བཤད་པའང་སྣང་ཞིང་། རྒྱུ་སྐར་ཉེར་བརྒྱད། རླུང་ལྷ་ལྗང་གུ་བ་དན་ཐོགས་ཤིང་ཤ་བ་ཡུ་མོ་ལ་ཞོན་པ་རྣམས་བྲིས་ཏེ་དར་སྣ་འབྲུ་སྣ་དང་བཅས་དར་དཀར་ཁུད་དུ་དྲིལ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་རིས་སུ་བསྡམས་ལ། ༀ་དྷ་ལ་མ་དྷུ་སི་པདྨེ་ཧཱུྃ། ཡཾ་བྷ་ཡ་བྷེ་དེ་བ་ཧཱུྃ། སརྦ་ཨནྟ་ར་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་བསྔགས་ཏེ་བཞག་པས་འབྱུང་བའི་གནོད་པ་ཞི། ཁྲོམ་དུལ། བཀྲ་ཤིས་བདེ་ལེགས་འབྱུང་བར་གསུངས། འགའ་ཞིག་ནས་བཅས་འདི་དཀྱིལ་འཁོར་གྱི་འོག་ཏུ་བཞག་པའང་བཤད་པས་ཅི་བདེར་ཆོག །འདི་ནི་སྒྲུབ་ཆེན་སྤྱི་ལའང་གཅེས་སོ། །སྦོལ་བའི་སྐབས་སོགས་སྨན་སྣོད་ཟངས་དཀར་ལྟ་བུ་གཡའ་མེད་ཆེ་ལེགས་གཙང་མ་དགོས། མ་འབྱོར་ན་ཤིང་གཞོང་དང་རྫ་སྣོད་གསར་པས་ཀྱང་རུང་། ལྕགས་སྣོད་ལྕགས་ཁེམ་ལྕགས་ཐུར་སོགས་དང་ཐུག་ན་མདོག་ནག་པོ་བཅོས་མེད་དུ་འགྱུར་བས་ཤིན་ཏུ་སྤང་དགོས། དེ་མཚུངས་སིནྡྷུ་ར་དང་ས་གི་ཝཾ་ལའང་ཚུར་འདྲེས་སྟབས་མང་ན་ནག་པོར་བསྒྱུར་བས་ཕུན་ཚོགས་ཙམ་ལས་འདེབས་མི་བཏུབ། སིནྡྷུར་འབྱུང་བའི་ཆུའང་མི་བླུགས། ཆང་ཡང་གསར་མ་རྣམས་ཀྱིས་བདེ་མཆོག་སྡོམ་འབྱུང་ལས་གསུངས་པའི་ཆོ་གས་བསྒྲུབ་པ་ལྟ་བུ་མ་བྱུང་ན་ཕལ་པས་བདུད་རྩི་རིལ་བུ་སྦྱོར་བ་སོགས་མི་རུང་བར་གསུངས་ཀྱང་། འདིར་སྣང་སྲིད་བདུད་རྩི་རྣམ་དག་གི་དགོངས་པ་ལ་དམ་རྫས་གཙོ་བོ་ཤ་ལྔ་བདུད་རྩི་ལྔ་རིགས་ལྔའི་བཞུ་བཏུལ་གྱིས་སྦྱོང་བའི་མོས་པ་ཡིན་བཞིན་དེ་ཙམ་གྱི་གཙང་དམེའི་རྟོག་འཛིན་མི་དགོས་ཀྱང་། ཆང་སྣ་བཞི་པོ་ལ་རབ་ཏུ་འཛོམ་ན་ཡང་གཏེར་རྡོ་རྗེ་བདུད་རྩིའི་ལུགས་ཀྱི་མ་ད་ན་སྒྲུབ་ཐེམས་དང་མ་རྙེད་ན་སྔར་བསྒྲུབས་པའི་ཆོས་སྨན་བཏབ་ལ་བདུད་རྩི་ལྟར་བྱིན་རླབས་ནན་ཏན་བྱ་དགོས། དྲི་བཟང་མདོག་བསྒྱུར་དམ་རྩིའི་དབང་ལག་ཕྱེ་རྣམས་ཟུར་དུ་དབྱེ། སྨན་ཕྱེ་གཞན་ཐམས་ཅད་སྐམ་པོའི་སྐབས་སུ་འདྲེས་ངེས་པར་འཕུར། བརླན་སངས་ནས་འདྲེས་དཀའ། སྦོལ་བའི་ཚད་གཞུང་གསལ་ལྟར་སྐམ་གཤེར་རན་པ་དགོས་ཧ་ཅང་རློན་ཆེས་ན་གོང་བུར་འདྲིལ། སྐམ་ཆེས་ན་ཕྱེ་མར་བརྡལ། འཕུར་དུས་ཀྱང་ཤེད་ཧ་ཅང་ཆེས་ན་གོང་བུར་འདྲིལ་བས་མི་ལེགས་ཤིང་ཤུགས་ཆུང་སེ་བ་ཡུན་རིང་དུ་འཕུར་ཐུབ་ན་ཁ་དོག་ཁུག་ཅིང་སྣུབ་ཞད་ཆེ་བ་འབྱུང་། དབྱར་དུས་ལྟ་བུར་རུལ་དོགས་ཀྱི་ཟོན་སྐྱོར་དགོས་ཚེ་སྦོལ་དུས་རློན་ཆེན་པོ་མི་བྱ། གྲོལ་དུས་བདུད་རྩིའི་ཁ་ཕྲུ་བཏབ་ཅིང་སྦོལ་བས་ལེགས་པ་འབྱུང་། སྤྱིར་ནམ་ཟླ་དཔྱིད་སོས་དང། སྟོན་ཀ་བསིལ་དྲོད་སྙོམས་པས་བྱ་སྟབས་བདེ། ཁྱད་པར་སྟོན་ཟླ་ཐ་ཆུང་དང་། དཔྱིད་ཟླ་འབྲིང་པོའི་ཡར་ངོ་ལ་མཆོག་ཏུ་བསྔགས། དབྱར་རུལ། དགུན་འཁྱག །དཔྱིད་ཀའི་ཐོག་མར་སྐམ་ཉེན་ཡོད་པས་ནམ་དུས་དང་བསྟུན་པའི་ཚ་ཚོད་དང་གྲང་ཚོད་སྐམ་རློན་གྱི་གནད་ཞིབ་ཆ་བྱ་དགོས། སྦོལ་བའི་ཐོག་མར་ཆུ་སོགས་བླུགས་ཟིན་རྗེས་དམ་རྫས་ཕབ་གཏའ་སྔར་ནས་ཆུ་གཙང་ལ་བཏབ་ནས་བཞག་པ་ལ་སླར་ཆང་གི་ཉིང་ཁུ་མང་ཙམ་བླུགས་ལ་ལག་པས་མཉེ། ཐམས་ཅད་ཞུ་ནས་སྨན་ལ་བསྲེ། སྦོལ་ཟིན་རྗེས་དྲི་བཟང་རིགས་དང་མདོག་སྒྱུར་རྣམས་བསྲེ། དེའང་ཁ་ཆེ་དྲི་བཟང་ཕྱེ་མ་སྐམ་འདེབས་གང་འབྱོར་དང་། ཁྲོལ་བུ་གཡའ་མེད་པའི་སྣོད་དུ་ཞག་གཅིག་སོགས་སྦངས་ནས་ཅུང་ཟད་བསྐོལ་བ་དང་ཚགས་ལ་བཙགས་པའི་དྭངས་མ་བྲན་པ་ལས། ཕྱེ་མ་བྱས་ནས་སྦངས་ན་དྭངས་སྙིགས་འདྲེས་ནས་དངོས་གཙང་རང་མི་འོང་། མདངས་འདོན་དུས་ཀྵི་ལ་ཝཱ་རི་སྟེ་ཇ་བཟང་པོའི་གར་ཁུས་ཀྱང་འཚམས་པར་བྲན། སེར་མདངས་ཆེ་བ་དང་། སྣུམ་ཤས་ཆུང་ན་མར་དཀར་བཙག་བཅད་པའི་ཁུ་བ་ཉུང་ཙམ་རེ་ལག་པར་བྱུགས་ནས་འཕུར་བས་སྨུག་པ་དང་སྣུམ་ཞག་ཅན་དུ་འགྱུར། དཔྱིད་དུས་ལྕང་དཀར་ཁ་འབུས་ཀྱི་ཐང་ཆུ་བསྲེ་རྒྱུ་བྱུང་ན་སྣུམ་དང་དམ་རྩི་གཉིས་ཀ་འོང་། དེ་ནས་ཆང་ཕབ་ཕྱེ་མ་ཞོ་རེ་ལ་རྡོག་པོ་དང་བཏང་ཡུལ་གཤོ་དང་བསྟུན་པ་སྐམ་འདེབས་བྱེད་པའང་སྣང་རུང་ཆང་བཟང་དྲོན་མོ་ནང་འདྲེས་པར་དཀྲུགས་ཏེ་བླུགས་ལ་ཁྱབ་པར་འཕུར་བ་འདི་ལེགས། རྡོ་རྗེས་དཀྲུགས་ཞེས་པ་འབྱོར་ན་བམ་གཙང་མའི་གསང་རྡོར་དངོས་དང་། མ་འབྱོར་ན་ཤིང་སོགས་ལས་བཅོས་པའི་གསང་རྡོར་གྱིས་དཀྲུགས་ཏེ་སྔར་སྨིན་གླིང་དུ་སྨན་སྒྲུབ་གནང་སྐབས་ཆོས་དབང་རིན་པོ་ཆེའི་དུས་སུ་སྨན་དཀྲུགས་པའི་རྡོ་རྗེ་ཡིན་ཞེས་གྲགས་པའི་ཤིང་གི་གསང་རྡོར་ཞིག་ཡོད་ཅེས་གསུངས། འོན་ཀྱང་ཕྱག་མཚན་གྱི་རྡོ་རྗེ་ལ་དེར་བཏགས་པས་ཀྱང་རུང་བར་བྱེད། ཕྱེ་སྒྲུབ་ཀྱི་སྨན་བསྙལ་ཚུལ་ལག་ལེན་མི་འདྲ་བ་འགའ་རེ་འདུག་ཀྱང་སྨན་ཕྱེ་མང་ཉུང་གང་ཡིན་ཀྱང་སྟབས་བདེ་བའི་ཕྱག་ལེན་ནི། ཟངས་དཀར་དྲི་མེད་དང་བལ་པོའི་རག་རྡིག་ནང་རྩི་ལྡན་པ་ལྟ་བུ་གཙང་ཞིང་གཡའ་མེད་པའི་སྣོད་མ་འབྱོར་ན་རྫ་གསར་པས་ཀྱང་རུང་སྟེ་ཆེ་ཆུང་སྨན་སྒྱེ་ཤོང་ཚོད་དང་བསྟུན་པའི་ནང་བལ་བུའི་ཕུར་མ་དང་འབྲུ་སྣ་རླན་ཅན་འཚམས་པར་བླུགས་པའི་དཀྱིལ་ཀྱོང་མོ་བྱས་པ་ལ་མོ་ཐོད་འཁོར་ལོ་བྲིས་པ་དཔྲལ་བ་མདུན་དང་ཁ་གྱེན་བསྟན་གྱི་སྟེང་སྨན་སྒྱེ་བཞག་པའི་སྟེེང་ཕོ་ཐོད་འཁོར་ལོ་ཅན་དཔྲལ་བ་མདུན་བསྟན་ཁ་སྦུབས་པས་བཀབ། སྣོད་ཀྱི་ཁ་དར་སྣ་ལྔའམ་རྟེན་ཁེབས་ལྟ་བུས་གཡོགས། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་རྒྱས་བཏབ། སྣོད་ཀྱི་ཁར་དབུ་རྒྱན་རིགས་ལྔ་སྒྲོན། གཡས་གཡོན་དུ་རྡོར་དྲིལ་བཅིང་། སྟེང་དུ་བམ་གཙང་མའི་རྡོ་རྗེ་སྦུབས་ཅན་དངོས་སམ་བཅོས་པའམ་དེར་བཏགས་པའི་གཟུངས་རྡོར་དང་། ཆེ་མཆོག་བདུད་རྩི་འཁྱིལ་བ་ལྗང་སེར་ཁྲོ་འཛུམ་ཕྱག་གཉིས་ཐལ་སྦྱར་བར་བདུད་རྩིའི་བུམ་པ་བསྣམས་པ། ཁྲོ་བོའི་རྒྱན་ལྡན། ཞབས་ཕྱེད་སྐྱིལ་པད་ཉི་ལ་བཞུགས་པའི་སྐུར་གསལ་བ་ཉིད་རད་གླིང་ནས་གལ་པོ་ཆེར་གསུངས། སྨན་སྣོད་ལྕགས་སྒྱེད་ལྟ་བུར་བཞུགས་པའི་འོག་ཏུ་མི་ཚིལ་དང་དུག་གསུམ་གྱི་ཚིལ་བུ་བསྲེས་པའི་དྲོད་འབེབས་མར་མེ་སྡོང་ཤེད་ནམ་དུས་བསྟུན་པ་སྦར་བའི་ཕྱི་རོལ་དར་ཁང་དཀར་དམར་མཐིང་གསུམ་གྱི་ཡོལ་བ་བྲེས་ལ་མེ་ངད་རླུང་གིས་མི་འཕྲོག་པར་བྱ། ཕྱོགས་རེ་རེར་ཚ་ཆེས་གྲང་ཆེས་མ་ཡིན་པར་སྨན་གྱི་ཁང་བུ་སྤྱི་སྙོམས་སུ་ཚ་ཆི་ལེ་བ་དང་། སྨན་སྣོད་ལ་དྲོད་རྒྱུན་ལྡན་དུ་ཡོད་པ་དགོས། སྒྲུབ་བཞག་མ་ཚང་གོང་སྨན་ལངས་པའི་རྟགས་བྱུང་ན་མར་མེ་བཅད། ཁ་ཕྱེ་བ་སོགས་བྱེད་མཁན་འདུག་ཀྱང་གཞུང་དང་འགལ་བས་མི་བྱ་ཞིང་དེ་འདྲ་དགོས་པའང་མི་འབྱུང་ངོ་། ༈ །སྒྲུབ་པ་པོའི་གྲངས་སྤྲོས་བཅས་ཀྱི་དབང་དུ་བྱས་ཏེ་རྡོ་རྗེ་རྒྱལ་པོ། ཕྱོགས་བཞིའི་རིགས་ཀྱི་གཙོ་བོ་བཞི། རྡོ་རྗེ་རྒྱལ་ཐེབས། རིན་ཆེན་རྒྱལ་ཐེབས། པདྨ་རྒྱལ་ཐེབས། ལས་ཀྱི་རྒྱལ་ཐེབས་སོ། །རྒྱ་ཐེབས་བཞི་སོགས་དགུ་པོ་དེར་ཡབ་ཡུམ་ཚང་དགོས་པས་བཅོ་བརྒྱད། སྤྱན་པ་གཅིག །དུས་མཚམས་པའམ་དྲོད་འཛིན་པ་གཅིག །གིང་པ་གསུམ། མཚམས་པ་གཉིས། རྡུལ་ཕྱགས་པ་གཅིག་རྣམས་ལ་ཡུམ་དམིགས་བསལ་མ་གསུངས་པས་མེད་ཀྱང་ཆོག་ལ། བྱན་པར་ཕོ་མོ་གཉིས་དགོས་ལ། དེ་དག་གི་སོ་སོའི་ལས་བྱེད་ཚུལ་ནི་སྒྲུབ་ཁོག་ཏུ་གསལ་བ་ལྟར་ཡིན་ལ། དེར་མ་གཏོགས་པའི་མཆེད་ལྕམ་རབ་ཕོ་བརྒྱད་དང་། མོ་བརྒྱད་དེ་བཅུ་དྲུག །འབྲིང་ཟུང་བཞི་སྟེ་བརྒྱད། ཐ་མ་གཉིས་སམ་གསུམ་སྟེ། ཁྱོ ན་ཡོངས་སུ་དྲིལ་བས་རྒྱས་པ་རང་གི་དབང་དུ་བྱས་ན། བཞི་བཅུ་ཞེ་བཞི་ཙམ་ཅིས་ཀྱང་དགོས་ལ། འདིར་རྡོ་རྗེ་སློབ་དཔོན་དང་རྡོ་རྗེ་རྒྱལ་པོ་གཉིས་གཅིག་ཏུ་བགྱིས་མོད། གཞན་དུ་སོ་སོར་གསུངས་པའང་ཡོད་ལ། དགོངས་འདུས་སུ་རྡོ་རྗེ་རྒྱལ་པོ་དང་། རྒྱལ་ཚབ་བཅས་གཙོ་ཆེ་བ་གཉིས་སུ་བྱེད་ཅིང་གྲངས་ལྷག་པོ་གཞན་ཡང་གསུངས། སྒོམ་དོན་ལ། ཡབ་ཡུམ་གཙོ་འཁོར་གྱི་རྣམ་པར་བསྒོམ་རྒྱུ་ཡོད་པ་རྣམས་ལ། སློབ་དཔོན་ཡབ་ཀྱིས་ཡབ་དང་། ཡུམ་གྱིས་ཡུམ་རང་གི་ང་རྒྱལ་དང་རྣམ་པ་གསལ་འདེབས་ཤིང་། དེས་མཚོན་ནས་གཞན་དག་ཀྱང་སྡེ་ཚན་བཅད་དེ་ལྷ་གྲངས་དང་མཚུངས་པའི་ཡབ་ཡུམ་གྱི་ང་རྒྱལ་བཟུང་ཐུབ་ན་ལེགས་ཤིང་། ཇི་སྐད་བཤད་པའི་སྒྲུབ་པ་པོ་ཕོ་མོ་དངོས་སུ་མ་འཛོམས་ཀྱང་དེར་བཏགས་པས་རུང་བ་ཉིད་དོ། ༈ །ཕྱེ་སྒྲུབ་དངོས་གཞིའི་སྐབས་དཀྱིལ་འཁོར་བདུན་དང་སྦྱོར་བ་བརྒྱད་ཀྱི་རྣམ་བཞག་གསུངས་པའི་དང་པོ་བདག་རང་བཞིན་གྱི་དཀྱིལ་འཁོར་ནི། བདག་ཉིད་རྩ་བའི་དཀྱིལ་འཁོར་གང་རུང་དུ་གསལ་བཏབ་པ་ལས་ཛཔ྄་ཁང་ཕྱེས་ཏེ། མདུན་གྱི་རྟེན་དང་དབྱེར་མེད་པར་མེ་རི་འདབ་འབྱར་གྱི་ཚུལ་དུ་འཁོད་པར་མོས་པའོ། །གཉིས་པ་བདུད་རྩི་རང་བྱུང་གི་དཀྱིལ་འཁོར་ནི། བསྒོམ་གཞི་སྨན་གྱི་སྣོད་བདུད་རྩི་དང་བཅས་པ། བསྒོམ་བྱ་སྙིང་པོའི་དཀྱིལ་འཁོར་ཉིད་བདུད་རྩིར་ཞུ་བ་དཔའ་བོ་འབྲུ་ལྔས་མཚན་པར་གསལ་གདབ་པའོ། །གསུམ་པ་འགྲོ་བ་འདུལ་བའི་དཀྱིལ་འཁོར་རམ། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ནི། བདག་ཉིད་གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཁྲོ་བཅུ་བསམ་གྱིས་མི་ཁྱབ་པར་སྤྲོས་ཏེ། བགེགས་ཐམས་ཅད་བསྐྲད། མདུན་གྱི་བདུད་རྩིའི་དཀྱིལ་འཁོར་གྱི་ཁ་ཁྱེར་གྱི་ཕྱོགས་མཚམས་སུ་འཁོད་པར་བསམ་ཞིང་། སྟོབས་པོ་ཆེ་ནི་ཐོད་པའི་འོག་གི་མེའི་དཀྱིལ་འཁོར། ཧཱུྃ་མཛད་ནི་རྟ་མགྲིན་དབང་གི་དཀྱིལ་འཁོར་གྱི་འོག་བདུད་རྩིའི་དཀྱིལ་འཁོར་གྱི་སྟེང་ཕྱོགས་ཀྱི་ནམ་མཁར་བསྒོམ་མོ། །བཞི་པ་རྟ་མགྲིན་དབང་གི་དཀྱིལ་འཁོར་ནི། ཧཱུྃ། རང་བྱུང་བདུད་རྩི་རིགས་ལྔའི་དཀྱིལ་འཁོར་སྟེང་། །ཞེས་སོགས་ཀྱིས་བདུད་རྩིའི་དཀྱིལ་འཁོར་གྱི་སྟེང་དུ་རྟ་མགྲིན་ཡུམ་བཞི་དང་བཅས་པ་བསྐྱེད་ཅིང་། སྦྱོར་བ་དུས་གཅིག་ཏུ་མཛད་པ་ནི་ལྷ་མོ་སོ་སོའི་སྣང་ངོར་གཙོ་བོའི་ཞལ་སོ་སོ་ལ་ཕྱོགས་པར་བཞུགས་ནས་རོལ་པའི་གནད་ཀྱིས་ཡིན་ནོ། །ལྔ་པ་སྐུ་གདུང་འབར་བའི་དཀྱིལ་འཁོར་ནི། ཧཱུྃ། ཕྱོགས་མཚམས་མཐར་བྱེད་བརྒྱད་སྟེང་ཕྱོགས་བཞི་རུ། །ཞེས་སོགས་ཀྱིས་བུདྡྷ་ཁྲག་འཐུང་གི་ཞབས་གཉིས་ཀྱིས་ཁྲོ་བཅུའི་ཤར་དང་། ཤར་ལྷོའི་ཁྲོ་བོའི་དབུ་མནན་ཞིང་། རཏྣ་ཁྲག་འཐུང་གིས་ལྷོ་དང་། ལྷོ་ནུབ། པདྨ་ཁྲག་འཐུང་གིས་ནུབ་དང་། ནུབ་བྱང་། ཀརྨ་ཁྲག་འཐུང་གིས་བྱང་དང་། བྱང་ཤར་གྱི་ཁྲོ་བོའི་དབུ་མནན་པའི་དབུས་ཀྱི་ནམ་མཁའ་ཆེས་མཐོ་བར་བཛྲ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པའི། ཞབས་མདུན་མ་གཉིས་ཤར་ནུབ་ཀྱི་ཁྲོ་བོ་གཉིས་དང་། རྒྱབ་མ་གཉིས་ཀྱིས་ལྷོ་བྱང་གི་ཁྲོ་བོ་གཉིས་ཀྱི་དབུ་མནན་པའམ། ཡང་ན་མདུན་མས་ཤར་དང་ལྷོ། རྒྱབ་མས་ནུབ་དང་བྱང་མནན་པར་བྱའོ། །མངོན་རྟོགས་རྒྱས་པ་བསྒོམ་མི་ནུས་ན། ཁྲག་འཐུང་ལྔ་ཀ་ཞལ་གཅིག་ཕྱག་གཉིས་པར་བྱས་ཀྱང་ཆོག་གསུངས། དྲུག་པ་མཁའ་མཉམ་ཀློང་གི་དཀྱིལ་འཁོར་ནི། རྡོ་རྗེ་ཁྲག་འཐུང་དབུའི་སྟེང་གནམ་ཞལ་ཡུམ། །ཞེས་སོགས་ཀྱིས་ཡུམ་གནམ་ཞལ་མ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་དང་ལྡན་པའི་ཞབས་གཡས་པ་བཞིས་བཛྲ་ཧེ་རུ་ཀའི་དབུ་གཡས་པ་དང་། གཡོན་པ་བཞིས་དབུ་གཡོན་པ་མནན་ཞིང་། དབུ་དབུས་མའི་སྤྱན་གསུམ་གྱི་དཀྱིལ་མའི་ཕྱེད་ཡན་གནམ་ཞལ་མའི་བྷ་གའི་ནང་དུ་ཆུད་པ་བསྒོམ། བདུན་པ་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ནི། གནམ་ཞལ་ཡུམ་སྟེང་ཆེ་མཆོག་ཧེ་རུ་ཀ །ཞེས་སོགས་ཀྱིས་གནམ་ཞལ་མའི་སྟེང་དུ་ཆེ་མཆོག་སྨུག་ནག་དབུ་ཉི་ཤུ་རྩ་གཅིག །ཕྱག་བཞི་བཅུ་རྩ་གཉིས་པ། ཞབས་བརྒྱད་ཀྱིས་ཡུམ་གྱི་དབུ་བརྒྱད་བརྫིས་ཤིང་། གསང་གནས་ཀྱི་རྡོ་རྗེ་ཡུམ་གྱི་རྩ་ཞལ་གྱི་སྨིན་མཚམས་ཀྱི་དབུ་མའི་མཁའ་ཀློང་དུ་བཅུག་པར་བསྒོམས་ཏེ། དཀྱིལ་འཁོར་བདུན་བརྩེགས་སུ་བྱེད་ཚུལ་ཡིན་ལ། ཆེ་མཆོག་གི་ལྗགས་ཀྱི་སྟེང་དུ་ས་ནུ་ཧེ་རུ་ཀ་ཡབ་ཡུམ་བསྒོམས་པ་ལ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཞེས་ཟུར་དུ་ཕྱེ་ནས་དཀྱིལ་འཁོར་བརྒྱད་དུ་བྱེད་པ་དང་། འགྲོ་འདུལ་གྱི་དཀྱིལ་འཁོར་ཡན་འདྲ་བ་ལ། བཞི་པར་ཏ་ཀྲྀཏ་ཁྲོ་བོའི་དཀྱིལ་འཁོར་དང་། ལྔ་པར་མཁའ་དབྱིངས་ཀྱི་དཀྱིལ་འཁོར་དང་། དྲུག་པར་རྡོ་རྗེ་ཚེའི་དཀྱིལ་འཁོར་དང་། ཆེ་མཆོག་གི་དབུའི་ནང་དུ་རིགས་ལྔ་ཡབ་ཡུམ་དང་། དབུ་གཙུག་ཏུ་རྟ་ཞལ་ཡོད་པར་བདུན་པ་རྟ་མགྲིན་དབང་གི་དཀྱིལ་འཁོར་ཞེས་བཞེད་པ་ཡང་ཡོད་ལ། ལུང་འདི་ལ་ཆེ་མཆོག་གི་རྡོ་རྗེ་གནམ་ཞལ་མའི་རྩ་ཞལ་གྱི་ནང་དུ་ཆུད་པར་བསྒོམ་མོ། །ཆེ་མཆོག་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཁྲོ་བཅུ་སྤྲོས་པར་སྐུ་སྟོང་གསུམ་ཁྲོ་བོའི་དཀྱིལ་འཁོར། གསུང་པདྨ་དབང་གི་དཀྱིལ་འཁོར། ཐུགས་བཛྲ་ཧེ་རུ་ཀའི་དཀྱིལ་འཁོར། ཡོན་ཏན་འཆི་མེད་རྡོ་རྗེའི་དཀྱིལ་འཁོར། ཕྲིན་ལས་གསང་བ་མཆོག་གི་དཀྱིལ་འཁོར། གཟི་བརྗིད་མཁའ་མཉམ་ཀློང་གི་དཀྱིལ་འཁོར། ཡེ་ཤེས་སེམས་དཔའ་རང་བྱུང་བདུད་རྩིའི་དཀྱིལ་འཁོར་ཞེས་འདྲེན་ཚུལ་གཅིག་དང་། འདི་དག་གི་སྐབས་སུ་སྦྱོར་བརྒྱད་ཀྱི་དམིགས་པ་བྱེད་ན། ཆེ་མཆོག་གཙོ་བོའི་ལྗགས་ཀྱི་སྟེང་གི་ས་ནུ་ཧེ་རུ་ཀ་ཡབ་ཡུམ་སྦྱོར་བ་ནི་ཡེ་ཤེས་ཀྱི་སྦྱོར་བ། ཕྱག་ཞེ་གཉིས་ཀྱི་གཡས་པའི་ཞི་བ་ཡབ་རྣམས་དང་། གཡོན་པའི་ཡུམ་རྣམས་སྦྱོར་ཞིང་ཕྱག་མཚན་ཐམས་ཅད་ཀྱང་ལྷར་སྦྱོར་བ་ནི་ཕྱག་མཚན་གྱི་སྦྱོར་བ། ཡབ་ཀྱི་རྡོ་རྗེ་ཡུམ་གྱི་སྨིན་མཚམས་ཀྱི་མཁར་སྦྱོར་བ་ནི་ཞལ་གྱི་སྦྱོར་བ། ཡུམ་གྱི་བྷ་གར་བཛྲ་ཧེ་རུ་ཀའི་དབུ་སྦྱོར་བ་ནི་དབུའི་སྦྱོར་བ། གཙོ་བོའི་ཞབས་ཀྱིས་ཡུམ་གྱི་དབུར་སྦྱོར་བ་ནི་ཞབས་ཀྱི་སྦྱོར་བ། རྟ་མགྲིན་གྱིས་ཡུམ་བཞིར་སྦྱོར་བ་ནི་དབང་གི་སྦྱོར་བ། དམ་ཚིག་སྨན་གྱི་བདུད་རྩི་ལ་ཡེ་ཤེས་ཀྱི་བདུད་རྩི་སྦྱོར་བ་ནི་རྫས་ཀྱི་སྦྱོར་བ། རྫས་དཀྱིལ་གྱི་ཕོ་མོའི་ཐོད་པ་སྦྱོར་བ་ནི་ཐབས་ཤེས་ཀྱི་སྦྱོར་བ་ཞེས་བྱ་སྟེ་བརྒྱད་དོ། །ཡང་ན་ཡེ་ཤེས་ཀྱི་སྦྱོར་བ་ལྔ་དང་། འཇིག་རྟེན་ཆ་མཐུན་གྱི་སྦྱོར་བ་གསུམ་སྟེ་བརྒྱད་དུ་འབྱེད་པ་ཡང་ཡོད་དོ། ༈ །བཞི་པ་ཛཔ྄་དགོངས་ཀྱི་སྐབས། བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་འགྲེང་གི་ལྟེ་བར་ཨ་ཡིག་ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ ཞེས་པའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཇའ་ཚོན་བཞིན་དུ་བུན་གྱིས་འཕྲོས་པ། བདུད་རྩིའི་འོག་གི་རླུང་དཀྱིལ་ལ་ཕོག་པས་རླུང་གཡོས་མེ་སྦར་བདུད་རྩི་ཁོལ་བའི་ཟེར་རླངས་ལས་དཔའ་བོ་འབྲུ་ལྔ་འོད་ཟེར་འཕྲོ་བ་བསམ་གྱིས་མི་ཁྱབ་པ་བྱུང་། དེ་ལས་མཆོད་པའི་རང་བཞིན་གྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། འགྲོ་འདུལ་གྱི་ལྷ་ཚོགས་རྣམས་མཆོད། དེ་ལས་འོད་ཟེར་འཕྲོས་པས་དབང་གི་དཀྱིལ་འཁོར་རིམ་པ་བཞིན་དུ་སྐུ་གདུང་། མཁའ་ཀློང་། འཆི་མེད་རྡོ་རྗེའི་བར་མཆོད་པས། དགྱེས་ཤིང་ཚིམ་པར་བསམ་པ་ནི་མཆོད་པ་མས་འབུལ་ཞེས་བྱ་བའི་དོན་ཡིན་ནོ། །དེ་ལྟར་མཆོད་པའི་རྐྱེན་གྱིས་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ལས་བདུད་རྩི་འོད་ཟེར་ཁ་དོག་ལྔ་ལྡན་བྱང་སེམས་ཀྱི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པ་སྐུའི་ཆ་ཤས་སྤྱི་དང་། ཁྱད་པར་རྡོ་རྗེའི་ལམ་ནས་བྱུང་སྟེ་གནམ་ཞལ་མའི་སྨིན་མཚམས་ཀྱི་མཁའ་ཀློང་དུ་ཞུགས། དེའི་སྐུའི་དབྱིབས་བརྒྱུད་བཛྲ་ཧེ་རུ་ཀའི་དབུ་གཙུག་ནས་ཞུགས་པས་སྔར་ལས་ཀྱང་ཆེས་ཆེར་མང་བ་བབས་ཏེ། ཞབས་ཀྱི་དབྱིབས་བརྒྱུད་ནས་ཕྱོགས་ཀྱི་ཁྲོ་བོ་བཞིའི་དབུ་གཙུག་དང་། སྦྱོར་མཚམས་ནས་བབས་པས་བདུད་རྩི་རྟ་མགྲིན་དབང་དཀྱིལ་གྱི་ལྷ་ཚོགས་ཀྱི་དབུ་གཙུག་ནས་ཞུགས། ཕྱོགས་ཀྱི་ཁྲོ་བོ་བཞིའི་ཞབས་གཡས་གཡོན་ལས་བབས་པའི་བདུད་རྩི་ཕྱོགས་མཚམས་ཀྱི་ཏ་ཀྲི་ཏ་བརྒྱད་ཀྱི་དབུ་གཙུག་ནས་ཞུགས་ཏེ། དེ་དག་ཡོངས་རྫོགས་ལས་བབས་པའི་བདུད་རྩི་ཐོད་པའི་ནང་གི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པར་བསམ་པ་ནི་དབང་ཡས་བསྐུར་ཞེས་བྱ་བ་ཡིན་ནོ། །སླར་ཡང་སྔར་བཤད་པའི་སྦྱོར་བ་བརྒྱད་ཀྱི་སྦྱོར་མཚམས་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་ཞིག་འཕྲོས་ཏེ། མཁའ་ཁྱབ་ཀྱི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད་དེ་བྱིན་རླབས་རྣམས་ཚུར་བསྡུས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སྣང་སྲིད་ཐམས་ཅད་བདུད་རྩི་སྨན་གྱི་དཀྱིལ་འཁོར་དུ་བསྒྱུར་བའི་དྭངས་བཅུད་བདུད་རྩི་འོད་ཟེར་དང་བཅས་པའི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་ལག་པ་གཡོན་པའི་དབྱིབས་བརྒྱུད་མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་ཐོན་པ་དང་ལྷན་ཅིག་པར་རྟ་མགྲིན་ཡབ་ཡུམ་ཀྱང་འོ་དང་། འཁྱུད་པ་དང་། སྦྱོར་བ་དང་། བསྲུབ་པ་ལ་སོགས་པ་བདེ་བ་ཆེན་པོའི་ཉམས་འགྱུར་དཔག་ཏུ་མེད་པ་མཛད་དེ་ལྷག་པར་མྱོས་པའི་རང་བཞིན་ཅན་དུ་གྱུར་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བྲག་སྟེང་ནས་ཆུ་འབབ་པ་བཞིན་དུ་བྱུང་བ་སྔར་གྱི་བདུད་རྩི་དང་ལྷན་ཅིག་པར་གཟུངས་ཐག་འོད་ཀྱི་སྦུ་གུའི་རྣམ་པར་ཅན་གྱི་ཁོང་གསེང་བརྒྱུད་དེ་བདུད་རྩི་རང་བྱུང་གི་དཀྱིལ་འཁོར་ལ་ཐིམ་པས་དམ་རྫས་ཐོད་པ་ཁ་སྦྱོར་གྱི་བར་ན་མཆིས་པ་དེ་ཡེ་ཤེས་ཀྱི་བདུད་རྩི་མུ་ཏིག་ལྟ་བུ་ཤིན་ཏུ་དཀར་བའི་རང་བཞིན་དུ་གྱུར་པར་བསམ། དེ་ཡང་ཐོད་པ་ཁ་སྦྱར་གྱི་སྣང་བ་ཤར་དུས་དེ་ལྟར་བྱ་བ་ཡིན་གྱི། གཞན་དུ་ན་དཀྱིལ་འཁོར་དྲུག་གི་རྨང་གཞི་བདུད་རྩི་དཀྱིལ་འཁོར་ཐོད་པའི་རྣམ་པར་ཤར་བའི་ནང་གི་དམ་རྫས་ལ་བསྟིམ་རྒྱུ་ཡིན་ནོ། །མཆོད་པ་མས་འབུལ་གྱི་སྤྲོས་བསྡུའི་སྐབས་སུ་འཆི་མེད་རྡོ་རྗེའི་ལྷ་ཚོགས་རྣམས་མཆོད་པའི་མཐར་འོད་ཟེར་སྟེང་ཕྱོགས་སུ་འཕྲོས་པས། སྟེང་གི་ནམ་མཁར་བཞུགས་པའི་སྨན་བླ་དྲང་སྲོང་། རིག་འཛིན་བཀའ་སྲུང་དང་བཅས་པ་རྣམས་ལ་མཆོད་པས་དེ་དག་ཐམས་ཅད་ཤིན་ཏུ་དགྱེས་ནས་ཛཔ྄་དབྱངས་དང་། གླུ་གར་གྱི་རྣམ་འགྱུར་ཅིར་ཡང་མཛད་ཅིང་བདུད་རྩིའི་ཆར་འབེབས། གནས་དང་ཡོ་བྱད་ཐམས་ཅད་བྱིན་གྱིས་རློབ་པར་བསམ་ཞིང་། དེ་དག་ལས་བདུད་རྩི་བབས་པ་འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ལ་ཞུགས་ནས་དབང་ཡས་བསྐུར་གྱི་དམིགས་སྐོར་ལ་འཇུག་པ་གཅེས་སོ། །བཟླས་བྱའི་སྔགས་ནི། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ ཞེས་དགུ་པའི་སྔགས་སུ་གྲགས་པ་ཉིད་ཡིན་ལ། ༀ་ཨཱཿཧཱུྃ་ནི་སྐུ་གསུང་ཐུགས་རྡོ་རྗེའི་ས་བོན་ཏེ་ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ཏེ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་གྱི་བདུད་རྩིར་བསྒྱུར་བའི་འདྲེན་བྱའི་སྔགས་ཡིན་ལ། སརྦ་པཉྩ་ཨ་མྲྀ་ཏ་ནི་ཐམས་ཅད་བདུད་རྩི་ལྔ་ཞེས་པ་སྟེ། རྡོ་རྗེ་གསུམ་གྱི་ས་བོན་དེས་བསྒྲུབ་བྱའི་དམ་རྫས་ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དུ་བྱིན་གྱིས་རློབ་པའི་དོན་དང་། ཧཱུྃ་ནི་དམ་ཚིག་པ། ཧྲཱི་ནི་ཡེ་ཤེས་པ། ཋཱ་ནི་དབྱེར་མེད་དུ་བྱེད་པའི་དོན་ཏེ། ཇི་ལྟར་བྱིན་གྱིས་བརླབ་ཚུལ་བསྟན་ནས་ནུས་ལྡན་དུ་བྱེད་པའི་དོན་ཡིན་ནོ། །སརྦ་པཉྩ་བོར་ནས་བཛྲ་ཞེས་བཟླ་བ་ཡང་བཤད་དོ། ༈ །བདུད་རྩི་བསྐྱིལ་བའི་སྐབས། སྐྱབས་སེམས་ནས་བཟུང་སྟེ་སྨན་ཛཔ྄་བཟླ་བའི་བར་བཏང་ནས། སྔགས་རྒྱུན་འཛིན་མཁན་སོགས་ཚང་མ་ཆབ་ཅིག་པར། ཧཱུྃ། བྷཉྫའི་གཞལ་ཡས་ཁང་ན་བདུད་རྩི་ཡི། །ཞེས་སོགས་དམིགས་པ་དང་བཅས་པའི་སྒོ་ནས། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱཿ ཞེས་དམིགས་པ་དང་བཅས་ཏེ་རྩེ་གཅིག་ཏུ་བཟླའོ། །དེ་ལྟར་ཡང་མྱང་གཏེར་བཀའ་བརྒྱད་ཀྱི་བདུད་རྩིའི་མན་ངག་ལས། ༀ་ལས་ཡེ་ཤེས་འོད་བྱུང་ཞིང༔ ཨཱཿཡི་མེས་བསྲེགས་ཐལ་བར་སྦྱང༔ ཧཱུྃ་གིས་བདུད་རྩིར་རྣམ་པར་དག༔ སརྦ་ཐམས་ཅད་བདུད་རྩིར་གསལ༔ པཉྩ་རྣམ་ལྔ་མངོན་སངས་རྒྱས༔ ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ༔ མྲྀ་ནི་དུག་གསུམ་རྩད་ནས་གཅོད༔ ཏ་ནི་ཐུགས་རྗེའི་འོད་ཟེར་སྤྲོ༔ ཀུཎྜ་ལཱི་ནི་བདུད་རྩིར་འཁྱིལ༔ ཧཱུྃ་ནི་ཡེ་ཤེས་ལྔ་ཡི་དངོས༔ ཧྲཱིཿནི་བདུད་རྩིའི་དངོས་གྲུབ་སྡུད༔ ཋཱ་ནི་ཐམས་ཅད་སངས་རྒྱས་པའོ༔ ཞེས་གསུངས། དེ་ནས་ཕྲིན་ལས་བསྐུལ་བ་ནི། །བདུད་རྩི་འཐོར་བ་དང་སྦྲགས་ཏེ། །བདག་ཅག་སྐལ་ལྡན་སྒྲུབ་པ་པོས༔ ཞེས་སོགས་བརྗོད། ༈ །དབབ་པའི་སྐབས། དཀྱིལ་འཁོར་ལྷ་ཚོགས་མཁའ་ནས་བྱང་ཆུབ་སེམས། ཞེས་སོགས་ཀྱིས་སྦྱོར་མཚམས་ནས་འཛག་ལ་ཁད་དུ་བསྐྱིལ་བའི་བདུད་རྩི་དེ་དག་ཧར་སྒྲ་དང་བཅས་བབས་ཤིང་། སྨན་སྲུང་གི་རིག་འཛིན་རྣམས་ཀྱིས་ཀྱང་འ ཁོར་འདས་ཀྱི་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་བསྡུས་ནས་མཚོ་ལ་ཆར་འབེབས་པ་བཞིན་དུ་དམ་རྫས་ལ་བསྟིམས་པས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་རང་བཞིན་དུ་གྱུར་པར་བསམ་ལ། ༀ་ཨཱཿཧཱུྃ་སོགས་དབབ་པའི་བཟླས་པ་སྟོང་དུ་ལོངས་པ་བཟླ་ཞིང་། སློབ་དཔོན་གྱི་སོར་མོ་བསྣོལ་བ་ལས་མཛུབ་མོ་སྒྲེང་། མཐེ་བོང་བཀུག་པ་དབབ་པའི་ཕྱག་རྒྱས་སྨན་གྱི་སྟེང་ནས་དགབ། བཤུག་གླུ་རྐང་གླིང་དང་བཅས་པའི་སྒོ་ནས། ཧཱུྃ། འདས་པའི་དུས་ན་སྔོན་བྱུང་བ། །ཞེས་སོགས་ཀྱིས་མ་མོ་བརྒྱད་བསྐུལ་ལ་རུ་ལུ་ཉེར་གཅིག་བཟླས་ནས། སྨན་གྱི་ཕོ་བྲང་ནང་དུ་རྟ་མཆོག་དཔལ། །ཞེས་སོགས་ཀྱི་བཟླས་པ་བརྒྱ་ཕྲག་ཙམ་དང་བཅས། རྟ་མགྲིན་དབང་དཀྱིལ་གྱི་ཡབ་ཡུམ་མཉམ་པར་སྦྱོར་བའི་མཚམས་ནས་བྱང་སེམས་དཀར་དམར་གྱི་བདུད་རྩིའི་རྒྱུན་བསམ་གྱིས་མི་ཁྱབ་པ་འབབ། བདུད་རྩིའི་དཀྱིལ་འཁོར་དང་དབྱེར་མེད་དུ་འདྲེས། དེ་ལས་བདུད་རྩིའི་རྒྱུན་སྨྱུག་སྦུབས་ལས་ཆུ་དྲངས་པ་བཞིན་དུ་གཟུངས་ཐག་འོད་ཀྱི་སྦུ་གུའི་ཁོང་གསེང་བརྒྱུད་དེ་འོངས་པ་མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་བརྒྱད་ལུས་ཀྱི་ནང་ཐམས་ཅད་གང་ཞིང་། སྙིང་པོའི་དྭངས་མ་སྙིང་གའི་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་གྱུར་པར་བསམ། དེ་ནས། ཧཱུྃ། ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་སོགས་ཀྱིས་དཀྱིལ་འཁོར་དྲུག་བརྩེགས་ཀྱི་ལྷ་ཚོགས་རྣམས་ལ་ངེད་ཀྱིས་དེ་ལྟར་ཚུལ་བཞིན་དུ་བསྒྲུབས་ཤིང་དབང་དུ་བྱས་ཀྱང་རྟགས་དང་མཚན་མ་བཟང་པོ་ལ་སོགས་པ་བསྟན་ནས་དངོས་གྲུབ་ཀྱི་འབྲས་བུ་མྱུར་དུ་འབྱིན་པར་མ་མཛད་ན། ཁྱེད་རྣམས་ཀྱིས་སྔོན་ཐུགས་བསྐྱེད་དམ་བཅས་ཞལ་གྱིས་བཞེས་པའི་དམ་ཚིག་ཐམས་ཅད་ལས་ཉམས་པར་འགྱུར་རོ། །ཞེས་ཐ་ཚིག་བསྒྲགས་པས་ལྷ་ཚོགས་ཐམས་ཅད་ཐུགས་དམ་གྱི་གསོས་ཐེབས་ཏེ། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། དཔའ་བོས་ཤིས་པ་བརྗོད་ཅིང་བྲོ་བརྡུང་། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། མཆོད་པའི་བྱེ་བྲག་སྣ་ཚོགས་པ་ཐོགས་ཏེ་མེ་ཏོག་གི་ཆར་འབེབས། དངོས་གྲུབ་སྩོལ་བ་ལ་རིངས་པར་ཆས་ཏེ་སྩོལ་མ་རག་ལྟ་བུར་བསམ། ༈ །དེ་ནས་དངོས་གྲུབ་བླང་བའི་སྐབས། སྒྲུབ་ཁོག་ནས་བཤད་པ་ལྟར་གྱི་དངོས་གྲུབ་ཀྱི་རྫས་རྣམས་ཚོགས་པར་བྱས་ལ། རང་ཉིད་སྔར་སྨན་དཀྱིལ་དང་ཞལ་སྤྲོད་ཀྱི་དཀྱིལ་འཁོར་གཉིས་པའི་རྣམ་པར་མཆིས་པ་དེ། རྟ་མགྲིན་གྱི་རྣམ་པར་བསྒྱུར་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འཁོད་པ་དངོས་གྲུབ་ལེན་པ་པོར་བགྱིས་ཏེ་དཀྱུས་ནས་འབྱུང་བ་ལྟར་དངོས་གྲུབ་བླང་། དེའི་ཚེ་དཀྱིལ་འཁོར་བདུན་བརྩེགས་ཀྱི་འཁོར་ལོ་ཐམས་ཅད་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་བདུད་རྩི་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་བྱུང་སྟེ། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། སྙིམ་པ་མེ་ཏོག་དང་བཅས་པས་དཀྱིལ་འཁོར་ལ་བཏུད་དེ། ཧཱུྃ། འཆི་མེད་བདུད་རྩིའི་དཀྱིལ་འཁོར་ལ། །སོགས་ཀྱིས་མེ་ཏོག་དོར། སྤོས་རོལ་དང་བཅས་པས། ཡུམ་གྱིས་སྨན་སྣོད་དཀྱིལ་འཁོར་ནས་བཏོན་ཏེ་གདན་དྲངས་པ་སློབ་དཔོན་གྱི་དབུ་གཙུག་ཏུ་བཞག །སློབ་དཔོན་གྱིས་རང་ཉིད་བདག་རང་བཞིན་གྱི་དཀྱིལ་འཁོར་དུ་གསལ་བ་ལ་བདུད་རྩི་རྩ་བའི་དཀྱིལ་འཁོར་དྲུག་བརྩེགས་ཡོངས་སུ་རྫོགས་པ་ཐིམ་པས་དབྱེར་མི་ཕྱེད་པར་གྱུར་པར་བསམ་ལ། བདུད་རྩིའི་ལྷ་ཚོགས་བརྗོད་ཅིང་སློབ་དཔོན་གྱིས་དབང་ནོད་པའི་བར་དུ་ཚོགས་པ་བྱིངས་ནས་སྨན་ཛཔ྄་བཟླ། ༈ སློབ་མ་ལ་དབང་བསྐུར་སྐབས། སློབ་མ་རྣམས་ཀྱིས་རུ་ལུའི་ཛཔ྄་གར་གྱི་བྲོ་དང་བཅས་སློབ་དཔོན་དང་སྨན་གྱི་ཕོ་བྲང་ལ་ལན་གསུམ་དུ་བསྐོར། ཧཱུྃ། འཆི་མེད་བདུད་རྩིའི་དཀྱིལ་འཁོར་ལ། །ཞེས་སོགས་ཀྱིས་མེ་ཏོག་གཏོར། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཞེས་སོགས་ཀྱིས་གསོལ་བ་བཏབ་པ་ལ། སློབ་དཔོན་གྱིས་བདུད་རྩིའི་རྣམ་བཞག་སྒྲུབ་པའི་ཁོག་དབུབ་སོགས་ཁྱད་པར་གྱི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་སྒོ་ནས་བདུད་རྩིའི་དཀྱིལ་འཁོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་རྫོགས་པ་རྣམ་པ་ཐོད་པར་བསྐྱིལ་བའི་བདུད་རྩི་དཀར་ལ་དམར་བའི་མདངས་ཅན་དུ་གསལ་བ་ལས། དྭངས་མའི་བདུད་རྩི་འཛག་པ་སྤྱི་གཙུག་ནས་ཞུགས་ཏེ་ལུས་ཀྱི་ཆ་ཤས་ཐམས་ཅད་ཡོངས་སུ་གང་བས་དབང་བཞི་རྫོགས་པར་ཐོབ་པར་བསམ། ཧཱུྃ། གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས། །ཞེས་སོགས་སྔགས་དང་བཅས་པས་དབང་བསྐུར་ཏེ། དེ་དང་རྗེས་འབྲེལ་དུ་སྒྲུབ་རྫས་གཞན་རྣམས་ཀྱི་དབང་ཡང་ཅི་རིགས་པར་བསྐུར། ཕན་ཡོན་བརྗོད། སྨན་སྟེགས་ལ་བཞུགས་སུ་གསོལ། དེ་ནས་སྔོན་རྒྱུད་གསུངས་པའི་གླེང་གཞི་དང་འབྲེལ་བར་དཀྱིལ་འཁོར་པ་རྣམས་ཀྱིས་བདུད་རྩི་འཇམ་དཔལ་རྣོན་པོ་ལ་གཏད། དེའི་ཐུགས་རྒྱུད་བསྐུལ་བར་བསམ་ལ་མཉྫུ་ཤྲཱིའི་སྔགས་བཟླས་པས་དེས་བདག་ཉིད་ལ་གནང་བ་བྱིན་པར་མོས་ལ་བླངས་ཏེ་རྒྱ་བཀྲོལ། ཁ་ཕྱེས་ལ་དངོས་གྲུབ་བླང་། སྐབས་འདིར་སྨན་སྣོད་ནས་རིན་པོ་ཆེའི་གཞོང་པར་བླུགས་ལ་ཕྲ་བརྟགས་པར་གསུངས་པ་ལྟར་བྱེད་ན། ཨ་རུ་རའི་དབྱིབས་གོང་བུ་གཅིག་ཏུ་འདྲིལ་ན་དངོས་གྲུབ་གཉིས་ཀ་འགྲུབ། དུམ་བུ་གསུམ་དུ་གྱུར་ན་ཟས་ནོར་ལོངས་སྤྱོད་འཕེལ། ལྔར་གྱུར་ན་ཚེ་ལ་དབང་། མང་དུ་ཤིགས་ཀྱིས་འཕེལ་ན་སློབ་མ་ལ་བཟང་། ཆེ་བ་གཅིག་ལ་ཆུང་བ་མང་པོས་བསྐོར་བ་ལྟར་བྱུང་ན་སློབ་དཔོན་ལ་དགེ། སྣོད་དུ་མི་ཤོང་བ་ཕྱིར་ལྷུད་ན་ཡུལ་ཁམས་ལ་དགེ། སྣུམ་ལ་མ དོག་བཟང་ཞིང་དྲི་ངད་ཆེ་ན་ལེགས་ཤིང་དེ་ལས་ལྡོག་པ་རྣམས་ངན་པའི་རྟགས་སུ་གསུངས་སོ། །སྒྲུབ་པའི་དུས་སུ་ནམ་ལངས་སྐབས་ཁང་སྟེང་ནས་གསེར་སྐྱེམས་བཏང་། ཆུ་སྣ་ཕྱོགས་བཅུར་འཐོར། དུས་དྲུག་ཏུ་བསང་བཏང་ཞིང་སྨན་གྱི་ལྷ་དང་དྲང་སྲོང་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་དངོས་གྲུབ་མྱུར་དུ་སྐྱོལ་ཅིག་པའི་འབོད་པ་བཏང་། དྲི་ཟ་ལ་གསུར་བསྔོ་བ་སོགས་གལ་ཆེ་བར་བཤད་ཅིང་ཆགས་མེད་རིན་པོ་ཆེས་མཛད་པའི་དངོས་གྲུབ་བསྐུལ་བའི་བསང་གསུར་ཞེས་པ་དེ་ཟུར་བཞུགས་རེ་ཟུང་གིས་བཏང་ན་གཏེར་གཞུང་རྣམས་ཀྱི་དགོངས་པར་འདུག་པས་ལེགས་པར་སྣང་། རྒྱུན་དུ་ཆོས་སྨན་བཞུགས་པའི་སྣོད་ཀྱི་སྙིང་པོར་ཨ་རུ་ར་གསེར་མདོག་རྨ་མེད་པ་རབ་ཉེར་གཅིག །འབྲིང་བཅོ་ལྔ། ཐ་མ་བདུན་རས་དཀར་གྱིས་དྲིལ་ལ་གཞུག་པ་མན་ངག་གི་གནད་དུ་གསུངས་པའང་དེ་ལྟར་བྱའོ། །དེང་དུས་ཐམས་ཅད་ཀྱིས་ཕྱག་སྣེར་འགྱེད་རྒྱུའི་རྟེན་འདུས་ལ་ཆོས་སྨན་དུ་བཏགས་པ་བཟང་སྨན་སྤུས་ལྡན་བསྡུས་ཏེ་མོས་སྒྲུབ་མཚོན་ཙམ་རེ་བྱེད་པ་ལ་ནི་བར་ཆད་དང་དངོས་གྲུབ་གཉིས་ཀ་འབྱུང་བ་དཀོན་མོད། གཞུང་མཐུན་གྱི་དམ་རྫས་ཚུལ་བཞིན་བསགས། སྒྲུབ་པ་ཚད་ལྡན་རྩེ་གཅིག་བྱེད་ན་ཤིན་ཏུ་གཟབ་པ་གལ་ཆེ་སྟེ། ཞལ་གདམས་ལས། མདོར་ན་འདི་ནི་གཞན་སྒྲུབ་པའི་རིགས་རྣམས་དང་མི་འདྲ་བས། དང་པོ་ནས་རྐྱེན་དེ་རྣམས་མི་འབྱུང་བའི་ཐབས་དང་བྱ་བ་ལ་འབད་དོ། །འདི་ནི་ཁེ་ཆེ་ལ་ཉེན་ཆེ་བའི་སྒྲུབ་པ་ཡིན་པས་ཤིན་ཏུ་གཟབ་ནས་བ སྒྲུབ་པར་བྱའོ། །ཞེས་གསུངས་པ་ལྟར། སྨན་རུལ་པ་དང་། འབུ་ཞུགས་པ། དུད་འགྲོའི་རོ་གཟུགས་ཀྱི་རྣམ་པར་བྱུང་བ། སྨན་སྐམ་པ། དྲི་ངད་མ་ཁུག་ཅིང་སྔར་ཡོད་ཡལ་བ། མདོག་དང་རོ་མི་སྡུག་པ་སོགས་མི་འགྲུབ་པ་དང་བར་ཆད་ཀྱི་རྟགས་ཀྱང་འབྱུང་བ་ལས། རུལ་བ་ནི་རྒྱུ་མ་དག་པ་ལས་འབྱུང་བར་གསུངས་པ་དང་། གཞན་རྣམས་དམ་སེལ་དང་མི་མ་ཡིན་པའི་བར་ཆད་ལས་ཀྱང་འབྱུང་བས་ཉུ་ལེ་སྐྲོད་ཅིང་སྲུང་འཁོར་བསྒོམ། མདོས་གླུད་ཡང་ཡང་བསྔོ། ནད་གདོན་གྱི་བར་ཆད་འཆི་རྐྱེན་སོགས་བྱུང་ནའང་དེ་དབང་དུ་མ་ཤོར་བར་སྒྲུབ་པ་མཐའ་སྐྱོལ་བར་བྱ། གཙོ་བོ་རྡོ་རྗེ་སློབ་དཔོན་སོགས་བསྐྱེད་བཟླས་ལས་སུ་རུང་། ལྷ་སྒོམ་ཏིང་འཛིན་གྱི་གདིང་དང་ལྡན། མཆེད་ལྕམ་རྣམས་དམ་སེལ་མེད་ཅིང་སྒྲུབ་པ་ལ་བློ་མཐུན་པའི་མོས་གུས་རྩེ་གཅིག་པས་ཐང་ལྷོད་མ་ཤོར་བར་བསྒྲུབས་ན་དངོས་གྲུབ་འགྲུབ་པའི་རྟགས་དང་མཚན་མ་རང་རང་གི་སྐལ་བ་དང་འཚམས་པ་ངེས་པར་འབྱུང་བར་འགྱུར་རོ། །ཞེས་སྔ་འགྱུར་བསྟན་པའི་སྣང་བྱེད་ཆེན་པོ་རིག་འཛིན་འགྱུར་མེད་རྡོ་རྗེས་མཛད་པའི་དམ་རྫས་བདུད་རྩིའི་སྒྲུབ་ཐབས་ཀྱི་གསལ་བྱེད་ཞབས་ཏོག་གི་ཚུལ་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཙཱ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་དུ་བཀོད་པ་དགེ་ལེགས་འཕེལ།། །།

བདུད་རྩི་སྨན་གྱི་སྒྲུབ་པ་མདོར་བསྡུས་སུ་བྱ་ཚུལ་འཆི་མེད་རྟག་པའི་བཅུད་ལེན། མཉྫུ་གྷོ་ཥ།

བདུད་རྩི་སྨན་གྱི་སྒྲུབ་པ་མདོར་བསྡུས་སུ་བྱ་ཚུལ་འཆི་མེད་རྟག་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། །དོན་དམ་སྣང་སྲིད་ཐམས་ཅད་ཀུན། །བདུད་རྩིའི་ངོ་བོར་རབ་བཏུད་ནས། །ཀུན་རྫོབ་འགྲོ་བ་དྲང་པའི་སླད། །འཆི་མེད་རྟག་པའི་བཅུད་ལེན་སྤེལ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལའང་། གནས་གང་དུ་བྱ་བ། དུས་ནམ་གྱི་ཚེ་བྱ་བ། སྨན་བསག་ཅིང་སྦྱར་བ། ཡོ་བྱད་ཀྱི་བཤོམ་ས་ཇི་ལྟར་འགོད་པའི་ཚུལ་ཏེ་བཞི་ལས། དང་པོ་གསུམ་ནི་མན་ངག་གི་ཡི་གེ་དང་བརྒྱུད་ལྡན་དམ་པའི་ཕྱག་བཞེས་ལྟར་ཤེས་པར་བྱ་ལ། བཞི་པ་ནི། སྟེགས་བུའི་ཁར་དཀྱིལ་འཁོར་གྱི་དབུས་སུ་ལྡིང་ཁྲིའི་སྟེང་ཐོད་པ་མཚན་ལྡན་དཔྲལ་བ་རང་ལ་བསྟན་པའི་ནང་བདུད་རྩི་ཆོས་སྨན་གྱིས་གཏམས་པའོ། །ཉུང་ངུ་ལས་མེད་ན་འབྲུས་བཀང་བའི་སྟེང་དུ་ཆོས་སྨན་ཐུམ་བུ་བྱས་ལ་འཛུག །དར་དམར་གྱི་ཁ་གཅོད་དང་ཚོན་སྣ་ལྔས་རྒྱ་གྲམ་དུ་བཅིངས་པར་གཟུངས་ཐག་བཏགས་ལ་འགོད། མཐར་ཕྱི་ནང་གི་མཆོད་པ་དང་ཚོགས་ཀྱི་ཡོ་བྱད་སོགས་ཉེར་མཁོ་ཐམས་ཅད་འདུ་བྱའོ། །གཉིས་པ་དངོས་གཞི་ལ། ཁྲོལ་སྒྲུབ་ཁ་འགེངས་པའི་ལུགས་དང་། ཕྱེ་མ་རྐྱང་པ་བཤད་པའི་ལུགས་གཉིས་ལས། འདིར་ཕྱི་མ་ལྟར་བཤད་པ་ལ་རང་གི་ལྷག་པའི་ལྷའི་ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བདག་དང་སྒྲུབ་རྫས་ཐ་མི་དད་པའི་བསྐྱེད་བཟླས་སྔོན་དུ་འགྲོ་བས། བདག་རང་བཞིན་གྱི་དཀྱིལ་འཁོར་ལ་གནས་པས་མདུན་གྱི་སྒྲུབ་རྫས་ལ་དམིགས་ཏེ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡྃ་རྃ་ཀྃ་ཡིག་ལས། །རླུང་མེ་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང་། །ཨ་ལས་མཚན་ལྡན་པདྨ་བྷཉྫའི་སྣོད། །ཡངས་ཤིང་རྒྱ་ཆེ་དཔྲལ་བ་རང་ལ་བསྟན། །དེ་དབུས་འཁོར་ལོ་རྩིབས་བཞིའི་ལྟེ་བ་རུ། །བྱང་སེམས་སེངྒེའི་ཤ་དང་བཟང་པོ་དྲུག །དྲི་ཆེན་གླང་པོའི་ཤ་དང་ཛཱ་ཏི་ཤར། །ཤ་ཆེན་རྟ་མཆོག་ཤ་དང་ཀ་ཀོ་ལྷོ། །པད་རཱག་རྨ་བྱའི་ཤ་དང་ལི་ཤི་ནུབ། །དྲི་ཆུ་ཁྱུང་ཆེན་ཤ་དང་གུར་གུམ་བྱང་། །ཀུན་ཀྱང་ཁ་དོག་དྲི་རོ་ནུས་པར་ལྡན། །རང་གི་ཐུགས་ནས་སྔགས་ཀྱི་འོད་ཟེར་འཕྲོ། །རླུང་གཡོས་མེ་སྦར་ཐོད་པའི་རྫས་རྣམས་ཀུན། །འོད་ཞུ་ཡོངས་སུ་གྱུར་ལས་ཕྱག་མཚན་བཅུ། །སོ་སོའི་ལྟེ་བར་ཧཱུྃཿༀཿསྭཱཿཨཱྃཿཧཱཿ །མཱུྃཿལཱྃཿམཱྃཿཔཱྃཿཏཱྃཿགྱིས་མཚན་པ་ལས། །འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས། །འཁོར་འདས་ཀུན་གྱི་བཅུད་རྣམས་བསྡུས་ཏེ་ཐིམ། །སྐད་ཅིག་ཉིད་ལ་རིགས་ལྔ་ཡབ་ཡུམ་བཅུ། །ཟུང་འཇུག་བདེ་སྟོང་སྐུ་རུ་ལམ་གྱིས་གསལ། །ཞེས་བདུད་རྩི་རང་བཞིན་གྱི་དཀྱིལ་འཁོར་གསལ་བཏབ་ནས། བདུད་རྩིའི་སྟེང་གི་ཕྱོགས་བཞི་མཚམས་བརྒྱད་དུ། །རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ། །དབྱུག་སྔོན་མི་གཡོ་འདོད་རྒྱལ་ཁམས་གསུམ་རྒྱལ། །སྟེང་འོག་གཉིས་སུ་ཧཱུྃ་མཛད་སྟོབས་པོ་ཆེ། །རང་རྟགས་མཚོན་ཆ་ཐོགས་ནས་རྔམ་བརྗིད་འབར། །འགྲོ་འདུལ་དཀྱིལ་འཁོར་ཆེན་པོའི་རྣམ་པར་གསལ། །དེ་སྟེང་ཏ་ཀྲྀཏ་ཁྲོ་བོའི་དཀྱིལ་འཁོར་གྱི། །དབུས་དང་ཕྱོགས་བཞིར་རིགས་ཀྱི་ཧེ་རུ་ཀ །ས་ནུ་རཀྵ་གུ་ཧྱ་བི་ཤྭ་དང་། །ཡཀྴ་ཁྲོ་རྒྱལ་མཐིང་སྨུག་སེར་དམར་ལྗང་། །གནག་པའི་མདངས་ཆགས་རིགས་ཀྱི་ཕྱག་མཚན་དང་། །དུང་ཁྲག་ཐོགས་པའི་ཡུམ་དང་མཉམ་པར་སྦྱོར། །དེ་སྟེང་མཁའ་དབྱིངས་དཀྱིལ་འཁོར་གནམ་ཞལ་མའི། །ཞབས་བཞི་ཕྱོགས་བཞིའི་ཁྲོ་བོའི་དབུ་སྟེང་བརྐྱངས། །སྐུ་མདོག་སྔོ་ནག་དབུ་དགུ་བཅོ་བརྒྱད་ཕྱག །དང་པོའི་ཕྱག་གཉིས་རྡོ་རྗེ་དྲིལ་བུ་དང་། །ལྷག་མ་གཡས་བརྒྱད་གནས་ཀྱི་མ་མོ་བརྒྱད། །གཡོན་བརྒྱད་ཡུལ་གྱི་ཕྲ་མེན་བརྒྱད་པོ་བསྣམས། །གེལ་བའི་འདུག་སྟངས་ཚུལ་གྱིས་བཞུགས་པ་ཡི། །བྷ་གར་ས་ནུ་ཧེ་རུ་ཀའི་དཔྲལ་བ། །ཕྱེད་ནུབ་ཙམ་ཆུད་གནམ་ཞལ་ཡུམ་གྱི་སྟེང་། །རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་དཔལ་ཆེན་པོ། །ཆེ་མཆོག་སྨུག་ནག་དབུ་ནི་ཉི་ཤུ་གཅིག །བཞི་བཅུ་རྩ་གཉིས་ཕྱག་གི་དཀྱིལ་འཁོར་ན། །ཞི་བ་ཡབ་རྣམས་གཡས་ལ་ཡུམ་རྣམས་གཡོན། །ཐུབ་པ་དྲུག་ནི་གཡས་གཡོན་གསུམ་གསུམ་བཞུགས། །ཞབས་བརྒྱད་རོལ་པས་ཡུམ་གྱི་དབུ་བརྒྱད་བརྫིས། །གསང་བའི་རྡོ་རྗེ་ཡུམ་ཞལ་དབུས་མའི་སྤྱན། །ནང་དུ་བཅུག་པའི་ཆེ་མཆོག་དབུའི་ནང་དུ། །རིགས་ལྔ་ཡབ་ཡུམ་འཇའ་ཚོན་ལྟ་བུར་བཀྲ། །དབུ་གཙུག་རྟ་ཞལ་ངར་སྐད་ཕྱོགས་བཅུར་སྒྲོགས། །རྟ་མགྲིན་དབང་གི་དཀྱིལ་འཁོར་ཆེན་པོར་གསལ། །རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་སྤྲོས་པའི་མཆོད་པའི་རང་བཞིན་གྱིས། །བདུད་རྩིའི་སྟེང་གི་རིགས་ལྔ་ཡབ་ཡུམ་མཆོད། །ཐུགས་དམ་རྒྱུད་བསྐུལ་འོད་ཟེར་གོང་དུ་སྤྲོས། །འགྲོ་འདུལ་མཁའ་དབྱིངས་ཏ་ཀྲིཏ་ཚེ་རྟའི་བར། །མས་རིམ་མཆོད་པས་དགྱེས་པ་བསྐྱེད་པའི་མཐར། །ཆེ་མཆོག་དབུ་ཡི་རིགས་ལྔ་ཡབ་ཡུམ་རྣམས། །མཆོད་ཅིང་ཚིམས་ནས་ཐུགས་ཀའི་འོད་ཟེར་གྱིས། །རྒྱལ་བ་སྲས་བཅས་བྱིན་རླབས་དངོས་གྲུབ་བསྡུས། །ལྔ་ལྡན་འོད་དང་བདུད་རྩིའི་རྣམ་པར་བཀྲག །དུང་ཁང་ནང་གི་རིགས་ལྔའི་ཚངས་བུག་ཞུགས། །ཆེ་མཆོག་སྐུར་བརྒྱུད་རྡོ་རྗེའི་ལམ་ནས་ཐོན། །ཡུམ་ཞལ་བབས་པ་མཁར་ཐོན་ས་ནུ་ཡི། །ཚངས་བུག་བབས་པ་བདུད་རྩིའི་ཟེགས་མ་རྣམས། །རིགས་བཞིའི་ཁྲོ་བོ་ཀུན་གྱི་སྐུ་ལ་ཕོག །ཁྲག་འཐུང་རིགས་ལྔའི་སྦྱོར་མཚམས་ནས་བརྒྱུད་དེ། །ཁྲོ་བཅུར་ཕོག་པས་བདུད་རྩི་ཐོད་པའི་ནང་། །རིགས་ལྔ་ལས་བརྒྱུད་ཡབ་ཡུམ་སྦྱོར་མཚམས་ནས། །བབས་པས་བདུད་རྩིའི་རྒྱུན་དང་གཅིག་ཏུ་འདྲེས། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལས། །འོད་ཟེར་འཕྲོས་པས་སྣོད་བཅུད་ཡོན་ཏན་རྣམས། །མཁའ་ལས་ཆར་ཆེན་འབེབས་པ་བཞིན་དུ་བཀུག །སྔར་བཞིན་ཡས་འབེབས་བདུད་རྩིའི་རྒྱུན་ཆེན་པོ། །ཚད་མེད་བབས་པས་བྱིན་གྱིས་བརླབས་པར་གྱུར། །ཅེས་བསམ་ཞིང་། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ ཞེས་པ་རྩེ་གཅིག་ཏུ་བཟླ། ཐུན་བསྡུ་བ་ན། རྟ་མགྲིན་དབང་གི་དཀྱིལ་འཁོར་ནས་བཟུང་སྟེ། །རིམ་བཞིན་འོད་ཞུ་བདུད་རྩིར་ཐིམ་པར་གྱུར། །ཅེས་བསྡུས་ནས། དཀྱིལ་འཁོར་ཀྱི་ཉེར་བསྡུ་སོགས་རྗེས་ཆོག་རྣམས་དཀྱུས་ལྟར་བྱས་ལ། ཐུན་མཚམས་ཀྱི་ལྷར་ལང་། དེ་ལྟ་བུའི་རིམ་པས་ཐུན་ཕྱི་མ་གསུམ་ལའང་ལས་བྱང་རྫོགས་པ་རེ་བྱ། དེ་ལྟ་བུས་ཞག་གཅིག་བགྱིས་པའི་ཉིན་གཉིས་པ་ལ་གཞན་གོང་ལྟར་ཐུན་རེར་ཆ་གཉིས་སུ་བགོས་པས་ཕྱེད་ཉིན་སྔ་མ་བཞིན་ལ་དཀྱིལ་འཁོར་དྲུག་འོད་ཞུ་བགྱིས་རྗེས། མདུན་དུ་ཐོད་པར་བདུད་རྩི་འཁྱིལ་བ་ཡིས། །ཕྱག་གཉིས་ཉི་ཟླའི་གའུ་ཁ་སྦྱོར་འཛིན། །འཁོར་འདས་བཅུད་བསྡུས་དེ་ཡི་ནང་དུ་བསྐྱིལ། །ཕྱིར་འཛག་བདུད་རྩིའི་རྒྱུན་དང་འདྲེས་པར་གྱུར། །ཅེས་གསལ་བཏབ་སྟེ། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱཿ ཞེས་བཟླས་ནས་བསྡུ་བ་ནི། བདུད་རྩི་འཁྱིལ་བ་ཚེ་བཅུད་དང་བཅས་པ། །འོད་དུ་ཞུ་ནས་བདུད་རྩིར་ཐིམ་པར་གྱུར། །ཞེས་བརྗོད། ཉིན་གསུམ་པར་གཞན་གོང་ལྟར་ལ། ཐུན་རེར་ཆ་གསུམ་རེ་བགོས་པའི་ཚེ། རང་སྲོག་སྔགས་ཀྱི་འོད་ཟེར་འཕྲོ་འདུ་ཡིས། །འཁོར་འདས་བཅུད་བསྡུས་བདུད་རྩིར་ཐིམ་པ་ལས། །དཀར་དམར་མདངས་ཆགས་འཆི་མེད་ཚེའི་བདུད་རྩི། །འཛད་མེད་ར་སཱ་ཡ་ན་ཆེན་པོར་གྱུར། །ཅེས་བརྗོད་ལ་གསལ་བཏབ་སྟེ། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་པྲ་ཨ་བེ་ཤ་ཡ་ཡིན་ནམ་སྙམ་སྟེ་འདི་ཁོ་ན་བཞིན་ཡོད་པ་ཡོང་བས་བརྟག་གོ། །བེ་ཤ་ཡ་ཕེཾ་ཕེཾ་ཧཱུྃ་ཧྲཱིཿཋཱཿ ཞེས་བཟླའོ། །འདི་ནི་ཉི་མ་གསུམ་གྱི་དབང་དུ་བགྱིས་ཀྱི། གཞན་དུ་ཆ་བགོས་པའི་སྒྲུབ་ཚུལ་ཤེས་པས་བདུན་ཕྲག་གཅིག་དང་གསུམ་སོགས་ཇི་ལྟར་རིགས་པར་བསྒྲུབ་པར་བྱའོ། །གསུམ་པ་རྗེས་ནི། སྒྲུབ་པ་ཐོན་ཁར་གོང་གི་དཀྱིལ་འཁོར་དྲུག་པོ་བསྐྱེད་ཚིག་གིས་གསལ་མཐར་བཟླས་པ་ཅུང་ཟད་ཅིག་བགྱིས་ནས། དཀྱིལ་འཁོར་ལྷ་ཚོགས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་འདུས་པའི་དངོས་གྲུབ་ཀུན་གྱི་དབྱིག །འཆི་མེད་བདུད་རྩི་འོད་ཀྱི་རྣམ་པར་ནི། །བདག་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། །ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མཉྫུ་ཤྲཱི་བྱཱ་བ་ལོ་ཀི་ནི་ཧཱུྃ་ཧྲཱིཿཋཱཿ ཞེས་ཅི་འགྲུབ་ཏུ་བཟླ། ཨ་ཧོ་སུ་ཁ་དྷརྨཱ་ཀཱ་ཡ་ཨ་མྲྀ་ཏ་སིདྡྷི་ཧྲཱིཿ ཞེས་སྨན་ཐོད་བླངས་ནས་དཀྲིས་པའི་སྲད་བུ། བཛྲ་པྲ་ཝེ་ཤ་ཡ་ཕཊ། ཅེས་པས་རིམ་པར་དཀྲོལ། ཁ་ཕྱེ་བས། སྨན་གྱི་དྭངས་མ་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་བ་བདག་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་བྱིན་གྱིས་རློབ་པར་གྱུར། ཨ་མྲྀ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད། ཐོད་པ་ཆང་གིས་བཀང་བར་བསྒྲུབས་མ་ཐག་པའི་ཕུར་མ་ནས་ཅུང་ཟད་བཏབ། གོང་གི་བདུད་རྩིའི་དཀྱིལ་འཁོར་བསྐྱེད་ཆོག་གི་གཤམ་དུ། རིགས་ལྔ་ཡབ་ཡུམ་ལྔར་གྱུར་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྒྱུན་བབས་པའི་སྟེང་དུ་རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་ནས་ཐིམ་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་སྔགས་དང་བཅས་པས་བྱིན་གྱིས་བརླབས་ཏེ། རང་བྱུང་གདོད་ནས་དག་པའི་རྫས། །སོགས་ཀྱིས་མཚོན་ཏེ་རྩ་གསུམ་ལ་སྨན་མཆོད་རྒྱས་པར་ཕུལ། རང་གི་ལྕེར་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་གིས་མཚན་པར་བསམ་ལ་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་ནས་ལྕེ་ཐོག་ཏུ་བཞག །སྤྲོ་ན། ཧཱུྃ། ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །དམ་ཚིག་ཅན་གྱིས་ཧཱུྃ་བསྒོམ་སྟེ། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱོང་ན་དངོས་གྲུབ་མཆོག་ཐོབ་འགྱུར། །ༀ་སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད་ཅིང་མྱང་། རྩ་ཁམས་ཐམས་ཅད་བྱང་སེམས་བདུད་རྩིས་གང་བས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་ལ་མཉམ་པར་བཞག །སླར་ཡང་མཐེབ་སྲིན་གྱིས་བདུད་རྩི་གནས་གསུམ་ཙམ་མམ། རྣ་བ་སྙིང་ཁ་ལྕེ་སྟེང་དང་། །ཡན་ལག་ཀུན་ལ་ཐིག་ལེ་བྱ། །ཞེས་གསུངས་པ་ལྟར་བདུད་རྩིས་ཐིག་ལེ་གདབ། བཅང་ཚུལ་སོགས་རྒྱུད་དང་སྒྲུབ་པའི་མན་ངག་གིས་རྒྱ་ཆེར་ཕྱེ་བ་ལྟར་ཤེས་པར་བྱའོ། །དེ་ལྟར་འབད་པས་ཡུལ་ཕྱོགས་བཀྲ་ཤིས་ཤིང་བྱིན་ཆེ་བ་དང་། རྣལ་འབྱོར་པ་ཉམས་རྟོགས་རྩལ་ཁ་ཕྱོགས་མེད་དུ་རྒྱས་པ་དང་། བདུད་རྩི་མཐོང་རེག་མྱོང་བ་ཐམས་ཅད་དངོས་གྲུབ་རྣམ་པ་གཉིས་ཐོབ་པ་སོགས་ཡོན་ཏན་མཐའ་ཀླས་པ་ཉིད་དོ། །འཆི་མེད་བདུད་རྩིའི་ཟིལ་མངར་གྱིས། །རྟག་པའི་ལང་ཚོ་རྒྱས་འདོད་པས། །རྡོ་རྗེའི་བཅུད་ལེན་འདི་བསྟེན་ན། །དངོས་གྲུབ་ཀུན་གྱི་དབྱིག་ཏུ་འགྱུར། །བདུད་རྩི་སྨན་གྱི་སྒྲུབ་པ་མདོར་བསྡུས་ཏེ་ལག་ཏུ་བླང་བའི་ཚུལ་ཉུང་གསལ་སྙིང་པོར་དྲིལ་བ་འདིའང་རིག་འཛིན་གཏེར་བདག་གླིང་པའི་གསུང་གི་རྗེས་སུ་འབྲངས་ཏེ་ཉེར་མཁོའི་ཡན་ལག་ཏུ་མཉྫུ་གྷོ་ཥས་བྲིས་པ་སརྦ་དཱ་སིདྡྷི་རསྟུ།། །།

ཞི་ཁྲོའི་ཛཔ྄་བྱང་ལྡེབ།

ཞི་བ་བཞི་བཅུ་རྩ་གཉིས་ཀྱི་སྒོས་ཛཔ྄་ལས། གཙོ་བོ་ཡབ་ཡུམ་ནི། ཧཱུྃ་བཛྲ་དྷྲིཀ྄ །མཱུྃ་དྷཱ་ཏཱི་ཤྭ་རཱི། རིགས་བཞི་ཡབ་ཡུམ་ནི། ༀ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་རཱ་ཏེ། སྭཱཾ་རཏྣ་དྷྲིཀ྄ །མཱཾ་མོ་ཧ་རཱ་ཏི། ཨཱཾ་ཨཱ་རོ་ལིཀ྄ །པཱཾ་རཱ་ག་རཱ་ཏི། ཧཱཾ་པྲཛྙཱ་དྷྲིཀ྄ །ཏཱཾ་བཛྲ་རཱ་ཏི། སེམས་དཔའ་ཡབ་ཡུམ་བརྒྱད་ནི། ཀྵཱིཾ་ཧི་རཱ་ཛ་ཡ། ཧཱུྃ་ལ་སྱེ་ས་མ་ཡ་སྟྭཾ། ཏྲཱཾ་ཨཱ་གརྦྷ་ཡ། ཏྲཾ་མཱ་ལེ་ས་མ་ཡ་ཧོཿ ཧྲཱིཾ་ཧཱ་ཧཱུྃ་པདྨ་པྲ་ད་མ། ཧྲཱིཾ་གཱི་ཏི་རཱ་གོ་ཧཾ། ཛྲིཾ་ཀུ་རུ་པཱ་ཎ། ཨཱ་ནིརྟི་རཱ་ག་ཡ་མྱེ། མཻ་དྷཱ་ར་ཎེ་སྭཱ་ཧཱ། ཛཿདྷཱུ་པེ་པྲ་བེ། ཐླྷིཾ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨཱ་བེ་ཤ །ཧཱུྃ་སྭ་རཱ་ཛ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་གི་རཱི། མཱུཾ་ཤྲཱི་ཨཱཾ་རཱ་གཱ་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། བྱ་བྱེད་ཡབ་ཡུམ་ནི། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨཱཿ ཐུབ་པ་དྲུག་ནི། ༀ་མུ་ནེ་ཀྲིཾ་སྭཱ་ཧཱ། ༀ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱ། ༀ་མུ་ནེ་སྲུཾ་སྭཱ་ཧཱ། ༀ་མུ་ནེ་པྲཾ་སྭཱ་ཧཱ། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ༀ་མུ་ནེ་ཡེ་སྭཱ་ཧཱ། སྒོ་བ་ཡབ་ཡུམ་ནི། ཧཱུྃ་ཡ་མཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ཧཱུྃ་པྲཛྙཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུཾ་ཕཊ། ཧཱུྃ་པདྨཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ཧཱུྃ་བིགྷྣནྟ་ཀྲིཏ་ཕཊ། ༀ་མ་ཧཱ་ཀརྨ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ཅེས་སྒྱུ་འཕྲུལ་ཞི་བའི་སྒྲུབ་ཐབས་ལྟར་བྲིས་པའོ། ༈ །ཁྲག་འཐུང་ང་བརྒྱད་ཀྱི་སྒོས་ཛཔ྄་ལས་གཙོ་བོ་ཡབ་ཡུམ་ནི། ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ། བཛྲ་ཀྲོ་དྷེ་ཤྭ་རཱི་སྟྭཾ། ཁྲག་འཐུང་རིགས་བཞི་ཡབ་ཡུམ་ནི། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུྃ། བུདྡྷ་ཀྲོ་དྷི་ཤྭ་རཱི་སྟྭཾ། ༀ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུྃ། རཏྣ་ཀྲོ་དྷི་ཤྭ་རཱི་སྟྭཾ། ༀ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུྃ། པདྨ་ཀྲོ་དྷེ་ཤྭ་རཱི་སྟྭཾ། ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཀརྨ་ཀྲོ་དྷི་ཤྭ་རཱི་སྟྭཾ། གནས་མ་བརྒྱད་ནི། ༀ་བཛྲ་ག་རཱི་ཧཿ ༀ་བཛྲ་ཙཽ་རཱི་ཧཿ ༀ་བཛྲ་པྲ་མོ་ཧེ་ཧཿ ༀ་བཛྲ་བེ་ཏཱ་ལི་ཧཿ ༀ་བཛྲ་པུཀྐ་སཱི་ཧཿ ༀ་བཛྲ་གྷསྨ་རཱི་ཧཿ ༀ་བཛྲ་སྨེ་ཤ་ནཱི་ཧཿ ༀ་བཛྲ་ཙཎྜ་ལཱི་ཧཿ ཡུལ་མ་བརྒྱད་ནི། ༀ་བཛྲ་སིདྷ་མུ་ཁཱི་ཧེ། ༀ་བཛྲ་བྱཱ་གྷྲི་མུ་ཁཱི་ཧེ། ༀ་བཛྲ་ཤྲི་གཱ་ལ་མུ་ཁཱི་ཧེ། ༀ་བཛྲ་ཤྭ་ནཱ་མུ་ཁཱི་ཧེ། ༀ་བཛྲ་གྲི་དྷཱ་མུ་ཁཱི་ཧེ། ༀ་བཛྲ་ཀངྐ་མུ་ཁཱི་ཧེ། ༀ་བཛྲ་ཀཱ་ཀ་མུ་ཁཱི་ཧེ། ༀ་བཛྲ་ཨུ་ལཱུ་ཀཱ་མུ་ཁི་ཧེ། སྒོ་མ་བཞི་ནི། ༀ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿ ༀ་བཛྲ་ཨ་མུ་ཁཱི་ཧཱུྃ། ༀ་བཛྲ་ལོ་ཀ་བཾ། ༀ་བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོཿ དབང་མོ་ཉེར་བརྒྱད་ནི། མ་ནུ་རཀྵ་སཱི་བྷྱོ། བྲ་ཧྨ་ཎི་བྷྱོ། ར་ཏྲི་བྷྱོ། བེཥྞ་བཻ་བྷྱོ། ཀུ་མཱ་རཱི་བྷྱོ། ཨིནྡྲ་ཎཱི་བྷྱོ། བཛྲ་པིངྒ་ལ་བྷྱོ། ཨ་མྲྀ་ཏཾ་བྷྱོ། ས་མྱ་བྷྱོ། དཎྜ་དཾ་བྷྱོ། རཀྵ་སཱི་བྷྱོ། བཀྵ་སཱི་བྷྱོ། རཱ་ཏི་བཛྲ་བྷྱོ། རུ་དྷི་ར་མཏྟཱ་བྷྱོ། ཨེ་ཀ་ཙ་རི་ཎཱི་བྷྱོ། མ་ནོ་ར་ཧཾ་བྷྱོ། སིདྡྷི་ཀཾ་བྷྱོ། བཱ་ཡ་བཱི་བྷྱོ། མ་ཧཱ་མཱ་ར་ཎ་བཛྲ་བྷྱོ། ཨགྣཱི་བྷྱོ། བཱ་ར་ཧཱི་བྷྱོ། ཙ་མུཎྜཱི་བྷྱོ། སུ་ཏ་ནཾ་བྷྱོ། བ་རུ་ཎཱི་བྷྱོ། བཛྲ་མ་ཧཱ་ཀཱ་ལི་བྷྱོ། བཛྲ་ཙ་ཀཱ་ལ་བྷྱོ། བཛྲ་ཀུམྦྷ་ཀརྞ་བྷྱོ། བཛྲ་ལམྦོ་ད་ར་བྷྱོ། ཞེས་སྒྱུ་འཕྲུལ་ཁྲོ་བོའི་སྒྲུབ་ཐབས་ལྟར་རོ།། །།