Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ལྔ་པ།


   
   
   
   
   
   
   
   
   
   
   
   
དཔལ་ཡང་དག་གི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩིའི་ཉིང་ཁུ། འགྱུར་མེད་རྡོ་རྗེ།
   
   
   
   
   
   
   
   


 
previousདཔལ་ཡང་དག་གི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩིའི་ཉིང་ཁུ། འགྱུར་མེད་རྡོ་རྗེ།next

དཔལ་ཡང་དག་གི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩིའི་ཉིང་ཁུ། འགྱུར་མེད་རྡོ་རྗེ།

དཔལ་ཡང་དག་གི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །དཔལ་ཡང་དག་གི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ། བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མི་འགྱུར་མཆོག་ཏུ་བདེ་ཆེན་ཧེ་རུ་ཀ །སྟོང་ཉིད་དབྱིངས་ཀྱི་དཔའ་མོར་དགྱེས་རོལ་པའི། །ཟུང་འཇུག་དགའ་ཆེན་རོལ་མོས་ས་གསུམ་པོ། །དབུགས་འབྱིན་མཛད་པ་ཡང་དག་བླ་མར་འདུད། །དེ་ཡི་དཀྱིལ་འཁོར་བདེ་ཆེན་མཆོག་གི་གཞིར། །འཇུག་པའི་ལམ་བཟང་བརྒྱུད་ལྡན་དམ་པ་ཡི། །རྗེས་འབྲང་བདུད་རྩིའི་ཉིང་ཁུ་ལྟ་བུའི་ངག །གཞན་ཕན་བློ་ཡིས་མདོ་ཙམ་གསལ་བར་བྱ། །འདི་ལ་གསུམ་སྟེ། དམིགས་པར་བྱ་བའི་ཡུལ། བསྒྲུབ་པར་བྱ་བའི་ཐབས། ཉམས་སུ་བླངས་བའི་འབྲས་བུའོ། །དང་པོ་ནི། གཞི་འབྲས་ཀྱི་དེ་ཁོ་ན་ཉིད་དེ། ཇི་སྐད་དུ། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ལ། ཐབས་ཀྱི་ཡན་ལག་དང་། ཐབས་ཀྱི་ངོ་བོ་གཉིས་ལས། དང་པོ་ནི། སྣོད་དང་། དམ་ཚིག་དང་། གཙང་སྦྲ་དང་། བརྟུལ་ཞུགས་ལ་སོགས་པ་རྣམས་ལ་སྔོན་དུ་གོམས་ཤིང་འདྲིས་པར་བྱ་བ་ལ་བསླབ་པའོ། །གཉིས་པ་ནི། དེ་དག་གོམས་ནས་ཉམས་སུ་བླང་། །ཞེས་གསུངས་པ་ལ་ཡང་། ལས་ཀྱི་གཞི་བཟུང་བ་དང་། ལས་ཀྱི་རིམ་པ་དངོས་ལ་འཇུག་པའོ། །དང་པོ་ནི། ཕུན་སུམ་ཚོགས་པ་གཞིར་ལྡན་ནས། །ཞེས་པས། སྟོན་པ་འཁོར་གནས་ཡོ་བྱད་ལ་སོགས་པ་རྣམས་ཕུན་སུམ་ཚོགས་པས་ལས་ཀྱི་གཞི་བཟུང་བའོ། །གཉིས་པ་ལས་ཀྱི་རིམ་པ་དངོས་ལ། དང་པོར་ས་གཞི་ཡོངས་སུ་བཟུང་། །གཉིས་པ་སྟ་གོན་གནས་པ་དང་། །ནུབ་གསུམ་པ་ལ་འཇུག་པར་བྱ། །ཞེས་གསུངས་པ་བཞིན་དུ་ཤེས་པར་བྱ་བ་ལས། དང་པོ་ལའང་། གནས་དང་ས་གཞི་བརྟགས་པ་དེར། །བསླང་དང་བརྟག་དང་སྦྱང་བ་དང་། །བགེགས་བསྐྲད་ས་བཟུང་དཔང་པོ་བཞག །ཅེས་པའི་དང་པོ་སྤྱིར་བརྟག་པ་ནི། ཁྲོ་བོའི་དགོན་གནས་སྲིན་པོའི་གནས། །རི་བོ་ཆེན་པོ་བཙན་པའི་ངོས། །ཞེས་སོགས་སམ། དུརཁྲོད་དང་ནི་ལྷ་རྟེན་དང་། །མ་མོའི་ཁྱིམ་དང་ཡིད་དུ་འོང་། །ཞེས་པའམ། ནམ་མཁའ་འཁོར་ལོ་ལྟ་བུའི་མཉམ་པར་བྲེས་ཤིང་། ས་གཞི་པདྨ་འདྲ་བ་ལས་དབུས་མཐོ་བ། བར་སྣང་བདུད་རྩི་འབར་བ་འདྲ་བའི་མཚན་ཉིད་ཅན་ཏེ་སྤྱི་དང་། ཁྱད་པར་རིགས་དང་ལས་མཐུན་གྱི་གནས་སུ་གསུངས་པ་རྣམས་ལེགས་པར་བརྟགས་ནས་བཙལ་བར་བྱའོ། །གཉིས་པ་ནི། བརྟགས་པས་རུང་བའི་ས་དེ་རྒྱལ་པོ་སོགས་ལ་བདེན་པའི་ཚིག་གིས་བླང་བའམ། རིན་གྱིས་ཉོས་ནས་རང་དབང་དུ་བྱས་པའི་གཞི་དེར། བ་བྱུང་དང་དྲི་བཟང་དང་བདུད་རྩི་ལ་སོགས་པའི་མཎྜལ་བྱས་ལ། མེ་ཏོག་གི་ཚོམ་བུ་དགོད། མཆོད་པ་རྣམ་པ་ལྔ་དང་། གཏོར་མ་ཆ་གཉིས་བཤམས་ལ། བདག་ཉིད་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་སྒོམ་པ་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས་བྱིན་གྱིས་བརླབས་ཏེ། ས་བདག་ལྷ་ཀླུ་འཁོར་བཅས་ལ། །བདག་གི་བསྙེན་སྒྲུབ་མ་ཐོན་བར། །ཁྱོད་ལ་གནས་འདི་བདག་གཡར་གྱིས། །ཅི་བདེ་བར་ནི་གནང་དུ་གསོལ། །ཞེས་བརྗོད་ཨརྒྷཾ་སྦྲེེང་ཞིང་ས་བདག་སྤྱི་ལ་བསླང་ངོ་། །ཁྱད་པར་དུ་སའི་ལྷ་མོ་ལ་བསླང་བ་ནི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དག་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གསོལ། །ཞེས་བརྗོད་ནས་ཐལ་མོ་ལན་གསུམ་ས་ལ་བརྡབས་པས། སའི་ལྷ་མོ་གསེར་གྱི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་སྐྱབས་སྦྱིན་དང་། གཡོན་གསེར་གྱི་བུམ་པ་བསྣམས་པ་ལྟེ་བ་ཡན་ཆད་ས་འོག་ནས་འཐོན་པ་ལ། མེ་ཏོག་ལ་སོགས་པ་མཆོད་པ་རྣམ་པ་ལྔ་དང་། འབྲུ་གསུམ་གྱིས་ནང་མཆོད་དང་། ཨ་ཀཱ་རོས་གཏོར་མ་ཕུལ་ལ། སྐུ་མདོག་སེར་པོ་རྒྱན་གྱིས་བརྒྱན། །བཞིན་སྡུག་མཛེས་པའི་ཆ་བྱད་ཅན། །སྐྱབས་སྦྱིན་གསེར་གྱི་བུམ་པ་བསྣམས། །ཀུན་གྱི་དབང་སྒྱུར་ཁྱོད་ལ་བསྟོད། །ཅེས་བསྟོད་པས། ལྷ་མོ་དགའ་བའི་མདངས་ཕྱུངས་ནས། །རྣལ་འབྱོར་བཀའ་སྩོལ་ཇི་ལྟར་བགྱི། །ཞེས་བཀའ་ནོད་པ་ལ། ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་བརྗོད་པས་ལྷ་མོ་དགའ་བའི་ཡིད་ཀྱིས། ཁྱོད་ཀྱི་སློབ་དཔོན་དམ་པ་ཡིན། །སེམས་ཅན་དོན་ཕྱིར་དཀྱིལ་འཁོར་བྲིས། །ཞེས་གནང་བ་བྱིན་ནས། སླར་ཡང་དེ་ཉིད་དུ་ཐིམ་པར་བསམ་མོ། །གསུམ་པས་ཁྱད་པར་དུ་བརྟག་པ་ནི། དཀྱིལ་འཁོར་གྱི་ས་གཞི་གསར་དུ་བསྒྲུབ་ན་ས་བདག་ལྟོ་འཕྱེའི་ལྟོ་བ་ལས་མདུན་གྱི་ཆ་ནས་བརྩམས་ཏེ་དཀྱིལ་འཁོར་གྱི་ཉིས་འགྱུར་ཙམ་དུ་ཁྲུ་གང་ལ་སོགས་པར་བརྐོས་པས་རིན་པོ་ཆེ་སྣ་ལྔ་ལྟ་བུ་དང་འཕྲད་ན་བཟང་ལ། གྱོ་མོ་དང་། གསེག་མ་དང་། རུས་པ་ལ་སོགས་པ་འཐོན་ན་ངན་པས་སྐྱོན་དེ་དག་བསལ་ནས་རྫས་ཉེར་ལྔས་བཀང་བའི་བུམ་པ་རིན་པོ་ཆེའི་གཏེར་དུ་དམིགས་པ་སྙིང་པོར་བཅུག་ལ། སྔར་བརྐོས་པའི་ས་དང་དུར་ཁྲོད་ཀྱི་ས་སོགས་ལས་དང་མཐུན་པའི་ས་སྤོས་ཆུས་བྲན་པས་དགང་ཞིང་འཐས་པར་བཅགས་པའི་སྟེགས་བུ་འདོམ་གང་གྲུ་བཞི་པ། ཁྲུ་གང་ཙམ་དུ་མཐོ་ཞིང་ངོས་མཉམ་པར་བྱས་ལ། ཅི་སྟེ་མཚན་མ་ངན་པ་ཞིག་ན་གཞན་དུ་སྤོ་བའམ་སྦྱིན་སྲེག་གིས་ཞི་བར་བྱའོ། །བཞི་པ་ལ་སྦྱང་བ་དང་། བགེགས་བསྐྲད་པ་གཉིས་ལས། དང་པོ་ནི། རཾ་ཡཾ་ཁཾ་ཨ། ཞེས་བརྗོད་པས། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་ཨ་འཕྲོས་པས་ཡེ་ཤེས་ཀྱི་མེ་རླུང་ཆུས་དངོས་པོར་སྣང་བའི་མཚན་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས་ནས་ཆོས་ཉིད་སྟོང་པ་ཉིད་དུ་རྣམ་པར་དག་པར་བསམ་ཞིང་། ལས་སྔགས་ཀྱིས་བཏབ་པའི་དྲིའི་ཆུས་ཀྱང་གཏོར་རོ། །གཉིས་པ་ནི། བདག་ཉིད་ཧེ་རུ་ཀའི་ཆས་སུ་ཞུགས་ཏེ། རྡོ་རྗེ་དང་དྲིལ་བུ་འཛིན་པས། རྣམ་པར་མི་རྟོག་པའི་ངང་ལས། ཧཱུཾ། ཤྲཱི་བཛྲ་དྷྲིཀ྄་ཧཱུཾ་ཛཿཞེས་བརྗོད་པས། རང་ཉིད་ཁྲོ་བོའི་རྒྱལ་པོ་ཞེ་སྡང་རྡོ་རྗེ་འཇིགས་སུ་རུང་བའི་སྐུར་བསྐྱེད་ལ། དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་མདུན་གྱི་ནམ་མཁར་སད་པར་བྱས་ལ། ཁྱེད་རྣམས་ཀྱིས་བྱིན་གྱིས་བརླབ་པའི་གནས་སུ་དགོངས་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་དཀྱིལ་འཁོར་གྱི་དབུས་སུ་བྱོན་པ་ལ། ཕྱག་དང་མཆོད་པ་ཕུལ་བས། དེ་དག་གི་བྱིན་རླབས་ཀྱིས་སྟེགས་བུ་དེ་ཡང་གཟི་མདངས་དང་ལྡན་པར་བསམ་ལ། བདག་ཉིད་སྟེགས་བུའི་དབུས་སུ་ཞུགས་ཏེ། རྐང་མཐིལ་གཉིས་སུ་ཨ་ལས་སྣ་ཚོགས་རྡོ་རྗེ་དང་། མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བར་བསམ་ནས། བཛྲ་དྲྀཥྚི་མ་ཊ། ཞེས་བརྗོད་ཅིང་ཕྱོགས་ཀུན་ཏུ་སྡང་མིག་གིས་བལྟ་བ་དང་། ཧཱུཾ་ཧཱུཾ། ཞེས་དྲག་ཏུ་བརྗོད་ཅིང་། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་དུ་རྡོ་རྗེའི་འགྲོས་ཀྱིས་གཡས་སུ་བསྐོར་ནས། བཀའ་བསྒོ་བ་ནི། ཧཱུཾ། ས་ཕྱོགས་འདི་ན་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། འབྱུང་པོ་སྲིན་པོ་ཤ་ཟའི་ཚོགས། །གང་དག་གནས་པ་མྱུར་དུ་སོང་། །རྡོ་རྗེ་འཛིན་པའི་བཀའ་བྱུང་ནས། །གང་དག་མི་འགྲོ་དེ་རྣམས་ལ། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །མགོ་ནས་བརྒྱབ་སྟེ་རྐང་བར་འགས། །ཞེས་དང་། ཧཱུཾ་བཞི་པའི་སྔགས་བརྗོད་དེ་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ་ཅིང་རོལ་མོའི་སྒྲ་དྲག་པོ་དང་བཅས་པའི་ཚམས་རྔམས་དང་། བདག་གི་ཐུགས་ཀ་ནས་ཁྲོ་བོའི་སྤྲིན་མི་ཟད་པ་སྤྲོ་པས་བགེགས་ཐམས་ཅད་ཤིང་བལ་རླུང་གིས་གཏོར་བ་བཞིན་ཕྱོགས་བཅུར་བསྐྲད་པར་བསམ་མོ། །དེ་ནས་སླར་ཡང་ཞེ་སྡང་རྡོ་རྗེའི་སྙེམས་པས་ཧཱུཾ་ཧཱུཾ་ཞེས་གླུར་ལེན་ཅིང་། རྡོ་རྗེ་གསོར་བ་དང་། དྲིལ་བུ་འཁྲོལ་བཞིན་དུ་བརྗིད་བག་དང་བཅས་པའི་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་བསྐོར་ཏེ། སྟངས་སྟབས་རེ་རེའི་མདུན་དུ་ལག་པའི་གར་དང་གོམ་པ་གསུམ་གསུམ་བྱས་ནས་ཤར་དུ་བལྟས་ནས་དབང་ལྡན་གྱི་བར་དུ་བཅགས་པས་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱས་ལ། སླར་ཡང་ཤངས་ཀྱི་རླུང་སྒྲོམ་ནས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལ་སོགས་པ་མཚོན་ཆ་སྣ་ཚོགས་གྲངས་མེད་པ་ཕྱོགས་བཅུར་སྤྲོས་པས་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་པ་ལས་མཚོན་ཆ་རྣམ་པ་ལྔའི་གུར་དུ་འཁྲིགས་པས་ཅིས་ཀྱང་མི་ཤིགས་པར་བསམ་མོ། །ལྔ་པ་ས་བཟུང་བ་ནི། སེང་ལྡིང་གི་ཕུར་བུ་ཙན་དན་གྱིས་བྱུག་ཤིང་སྐུད་པ་དང་ཅོད་པན་དམར་པོ་མེ་ཏོག་གི་ཕྲེང་བ་རྣམས་བཅིངས་པ་བཞི་མདུན་དུ་བཀོད་པ་ལ། རང་གི་སྙིང་ག་ནས་ཧཱུཾ་སྤྲོས་ཕུར་བུ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། མཐའ་ཡས་དང་། རྣམ་པར་རྒྱལ་བ་དང་། འབྲུག་སྒྲ་དང་། གསུས་པོ་ཆེ་བཞིར་གྱུར་ཏེ། སྟོད་ཁྲོ་བོའི་གཟུགས་ཅན། སྨད་རྡོ་རྗེ་རྩེ་གཅིག་པ་ལྟ་བུར་འབར་བར་བསམ་ལ། ཧཱུཾ། ཀྲོ་དྷ་ཡ་ས་ཧ་ཏྲེ་ཏ་ཏྲེང་ཕཊ། ཅེས་བརྒྱ་རྩ་སོགས་བཟླས་ནས་དྲིལ་ཞིང་བཏབ་པས། བགེགས་རྣམས་ཀྱི་སྙིང་ཕུག་ནས་འོད་གསལ་བའི་གནས་ཐོབ་པར་བསམ་སྟེ་དཀྱིལ་འཁོར་གྱི་གྲལ་ཞིར་གདབ་ཅིང་། སྔགས་ནི། ༀ་གྷ་གྷ་སོགས་ཀྱིས་སོ། །བསྡུ་ན། ཕུར་བུ་གཅིག་ཁོ་ན་བདུད་རྩི་འཁྱིལ་བར་མོས་ཏེ་བཏབ་པས་ཀྱང་འགྲུབ་བོ། །དེ་ནས་འཁོར་ལོའི་རྒྱ་བཅིངས་ཏེ། ༀ་བཛྲ་ཙཀྲ་མཎྜལ་ཧཱུཾ། ཞེས་པས་དེ་བཞིན་གཤེགས་པ་ཐམས་ཅད་མདུན་གྱི་ནམ་མཁར་གསལ་བར་བྱས་ལ་འབེབས་པའི་རྒྱས། ༀ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨ། ཞེས་པས་དེ་དག་ཕབ་སྟེ་ས་གཞི་ལ་ཐིམ་པས་དཀྱིལ་འཁོར་གྱི་རང་བཞིན་དུ་དབྱེར་མེད་པར་བསམ་མོ། །དྲུག་པ་དཔང་པོ་གསོལ་བ་ནི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སོགས་ནས་དེ་ཉིད་དུ་ཐིམ་པས་བསམ་པའི་བར་སྔར་དང་འདྲ་སྟེ། སྔ་མ་ནི་ས་བསླང་བའི་དོན་དང་། ཕྱི་མ་ནི་བདུད་གཞོམ་པའི་དོན་དུའོ། །དེ་དག་ནི་སའི་ཆོ་ག་ཡན་ལག་དང་བཅས་པའོ། ༈ །གཉིས་པ་སྟ་གོན་ནམ་ལྷག་པར་གནས་པ་ནི། བདག་བསྐྱེད་སྔོན་དུ་འགྲོ་བ་ཅན་ཏེ། དེ་ཡང་རྒྱུད་སྦྱང་བ་ནས་བཟུང་བཟླས་པ་ཡན་ཆད་སྒྲུབ་ཐབས་བཞིན་ཤེས་པར་བྱའོ། །ལྷག་གནས་དངོས་ལ། དཀྱིལ་འཁོར་གྱི་ལྷ། དབང་གི་བུམ་པ། སློབ་མ་ལྷག་པར་གནས་པ་དང་གསུམ་ལས། དང་པོ་ནི། དཀྱིལ་འཁོར་གྱི་གཞི་ལ་རྡོ་རྗེའི་གནོད་སྦྱིན་གྱི་སྔགས་བཟླས་པའི་འབྱུང་ལྔ་དང་། དྲི་ལྔ་དང་། བདུད་རྩི་རྣམ་པ་ལྔ་རྣམས་ཀྱིས་རིམ་པ་བཞིན་ནམ། དེ་དག་སྦྱར་བས་ཅིག་ཅར་དུའང་རུང་སྟེ་ཤར་སོགས་ནས་ཁྱེམ་མེད་པར་བྱུག་ཅིང་། དེ་བཟླས་པའི་ཡུངས་ཀར་གྱིས་བྲབ་ནས་བགེགས་བསལ་ལ། དྲི་བཟང་དང་བདུད་རྩི་ལྔའི་ཐིག་ལེ། ལྷ་སོ་སོའི་ལྔགས་བཟླས་བཞིན་པར་གཙོ་བོའི་གནས་སུ་གྲུ་བཞི་པ་དང་། གཞན་རྣམས་སུ་ཟླུམ་པོར་བྱ་ཞིང་། དེ་རྣམས་ཀྱི་སྟེང་དུ་རང་རང་གི་སྔགས་ཀྱིས་མེ་ཏོག་གི་ཚོམ་བུ་བཀོད། ད་ལྟའི་ལག་ལེན་ལྟར་ན་ལས་ཐིག་རྫོགས་པའམ། ཐིག་ཆེན་བརྒྱད་སྐྱ་ཐིག་ཙམ་བཏབ་ནས་དྲིའི་ཐིག་ལེ་འགོད་པ་སོགས་བྱེད་དོ། །གང་ལྟར་ཡང་མཐའ་མཆོད་གཏོར་གྱིས་བསྐོར་ཏེ། བསང་སྦྱངས་བྱིན་གྱིས་བརླབས་ནས། བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་པདྨ་དང་ཉི་མའི་གདན་ལ་འདུག་པར་མོས་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་བསྐྱེད་པར་བྱ་སྟེ། དཀྱིལ་འཁོར་གྱི་ས་གཞི་དྭངས་ཤིང་ཐོགས་པ་མེད་པ་ལ་ཚོམ་བུ་རྣམས་ལྷ་སོ་སོ་རང་རང་གི་གདན་ཇི་ལྟ་བ་བཞིན་གྲུབ་པར་གྱུར་པའི་དབུས་སུ་བཅོམ་ལྡན་འདས་དཔལ་ཆེན་པོ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན་སོགས་ནས། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་ཞིང་འཁྲུག་པའི་དབུས་ན་བཞུགས་པའོ། །ཤར་དུ་དཀར་མོ་མཐིང་ག་གཡས་ཞིང་དབྱུག་འཕྱར་ཞིང་ནས། གཡོན་བརྐྱང་བའི་སྟབས་ཀྱིས་ཞིང་གི་སྟན་ལ་རོལ་པའི་བར་གྱིས་དམ་ཚིག་གི་འཁོར་ལོ་གསལ་བཏབ་ལ། སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ལས་སོགས་ཀྱི་ཡེ་ཤེས་པར་སྙན་གསན་དབབ་ཅིང་། སྤྱན་འདྲེན་པ། བསྟིམ་པ། བརྟན་པ། ཕྱག་མཆོད་བསྟོད་པ་སོགས་སྒྲུབ་ཐབས་བཞིན་རྒྱས་བསྡུས་ཅི་རིགས་པར་བྱས་ལ། སྙན་གསན་དབབ་པ་ནི། སྤོས་དང་བཅས་ཏེ་རྡོར་དྲིལ་འཛིན་པས། ཐུགས་བརྩེར་ལྡན་པའི་དགོངས་པ་ཅན། །ཁྱེད་རྣམས་ལ་ནི་མཆོད་པ་དང་། །སེམས་ཅན་ཡོངས་སུ་གཟུང་བའི་ཕྱིར། །དཀྱིལ་འཁོར་བཟང་པོ་ས་འདི་ཡི། །བྱིན་གྱིས་རློབས་པར་མཛད་དུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པས། དགྱེས་པ་ཆེན་པོའི་རྗེས་སུ་གནང་བས་དེ་ཉིད་དུ་ཐིམ་པར་བསམ་མོ། །གཉིས་པ་ནི། བུམ་པ་ལྷའི་གྲངས་དང་མཉམ་པའམ། ཡང་ན་གཉིས་སུ་བསྡུ་སྟེ་རྣམ་རྒྱལ་དང་། ལས་ཀྱི་བུམ་པའོ། །དེ་ཡང་རྒྱུ་གསེར་རམ་དངུལ་སོགས་ལས་བྱས་པ་མི་གནག་ཅིང་གསུས་པ་ཆེ་བ། མགྲིན་པ་ཕྲ་བ ། མཆུ་འཕྱང་བ། མེ་ཏོག་གི་ཕྲེང་བ་དང་། ན་བཟའ་ཟུང་གི་མགུལ་ཆིངས་ཅན། ཡལ་ག་དང་། ལོ་མ་དང་། འབྲས་བུར་བཅས་པའི་ཤིང་དྲི་ཞིམ་པོས་ཁ་བརྒྱན་པ་ལས། རྣམ་རྒྱལ་ལ་གཙོ་བོའི་ཕྱག་མཚན་དང་། ལས་བུམ་ལ་སྣ་ཚོགས་རྡོ་རྗེ་བཀོད། རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཟླས་པའི་ཡུངས་དཀར་གྱིས་བྲབ་ཅིང་གུ་གུལ་གྱིས་བདུག་སྟེ་བགེགས་བསྐྲད། སྨན་ལྔ་འབྲུ་ལྔ་དྲི་ལྔ་རིན་ཆེན་ལྔ་སྙིང་པོ་ལྔ་བདུད་རྩི་ལྔ་རྣམས་དང་ལྡན་པའི་ཆུ་ལ་གཙོ་བོའི་སྔགས་དང་ལས་སྔགས་སོ་སོར་བཟླས་ནས་བུམ་པ་གཉིས་པོར་བླུགས་ལ་མཉྫི་ལ་སོགས་པའི་སྟེགས་ལ་བཞག །མཆོད་པ་ལ་སོགས་པ་སྤྱི་དང་མཐུན་པར་བཤམས་ལ། བསང་སྦྱངས། སྟོང་པའི་ངང་ལས་བུམ་པ་ཡུམ་ཀུན་ཏུ་བཟང་མོར་རྫོགས་པའི་མཁའ་ཀློང་རྣམ་པར་དག་པ་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ཅན་གྱི་གཞལ་ཡས་ཁང་གདན་དང་བཅས་པ་གསལ་བར་གྱུར་པ་ལ། བདག་གི་ཐུགས་ཀ་ནས་ཧཱུཾ་དང་ཧ་ཡིག་བརྒྱད་འཕྲོས་པ་ལས། ༀ་མ་ཧཱ་ཤྲཱི་ཧེ་རུ་ཀ་སོགས་བསྐྱེད་སྔགས་རྣམས་བརྗོད་པས། དཔལ་ཆེན་པོ་ཁྲག་འཐུང་ཧེ་རུ་ཀ་ཡབ་ཡུམ་མ་མོ་བརྒྱད་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ལྷ་སྟ་གོན་གྱི་སྐབས་བཞིན་གསལ་བར་བསྐྱེད། ལས་བུམ་བྷྲཱུཾ་ལས་གཞལ་ཡས་ཁང་གི་ནང་དུ་ཉི་མ་ལ་གནས་པའི་ཧཱུཾ་ཡིག་འབར་བར་གྱུར། ༀ་བཛྲ་ཡཀྵ་བིགྷྣཱནྟ་ཀྲྀཏ་ཧཱུཾ་ཕཊ། ཅེས་བརྗོད་པས། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ལྗང་གུ་རྒྱ་གྲམ་དང་སྡིགས་མཛུབ་བསྒྲེང་བ་ཞབས་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པར་བསྐྱེད་ལ། ཐུན་མོང་དུ་བསྐུར། བརླབ། དབབ། དྲང་། བསྟིམ། བརྟན། མཆོད་ཅིང་བསྟ ོད་པ་རྣམས་བྱས་ནས། གཟུངས་ཐག་ལ་འཇུས་ཏེ། བདག་གི་ཞལ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་། བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཆགས་པ་ཆེན་པོས་དགྱེས་པར་རོལ་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིར་བབས་པས་བུམ་པ་གང་བར་བསམ་ཞིང་། ལྷ་དགུའི་སྔགས་གཙོ་འཁོར་གྱི་འགྲོས་སྦྱར་བ་བརྒྱ་བརྩ་བརྒྱད་དམ་ཉེར་གཅིག་སོགས་དང་། ལས་བུམ་ལ་དམིགས་ཏེ་ལས་སྔགས་བརྒྱ་རྩ་སོགས་བཟླས་ལ། སླར་ཡང་མཆོད་དེ། སྔགས་ཀྱི་བཏབ་པའི་མེ་ཏོག་དཀར་པོ་བུམ་པའི་ནང་དུ་འབུལ་ཞིང་། སྔགས་དེ་ཉིད་ཀྱིས་སྤོས་དང་བདུག་པའང་དབུལ་ཞིང་བདུག་པར་བྱའོ། །དེ་ནས། ༀ་བཛྲ་ཨ་ན་ལ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་བྷཉྫ་ར་ཎ་ཧཱུཾ། ཞེས་དུས་དྲུག་ཏུ་ལན་བདུན་བདུན་ནམ། ཉིན་རེ་ལ་ལན་གསུམ་གསུམ་དུ་བརྗོད་ཅིང་བུམ་པའི་མཐུ་བསྐྱེད་དོ། ༈ །གསུམ་པ་སློབ་མ་སྟ་གོན་ལ་གནས་པའི་ཆོ་ག་ནི། དབང་ཆོག་ཏུ་འཆད་པ་ལས་ཤེས་པར་བྱའོ། །ཡང་ན། ལྷ་སྟ་གོན་གྱི་སྙན་གསན་ཕེབས་པ་སྐབས་འདིའམ། བུམ་པ་སྟ་གོན་གྱི་རྗེས་སུ་མཛད་མོད། དེ་ལྟར་ན། སྦྱིན་སྲེག་དང་མཆོད་པས་མཆོད་ཅིང་བསྟོད་ནས། བདག་གི་ལྕེ་ཧཱུཾ་གི་མཐར་བཛྲ་ཛི་ཧཱ་དང་། ལག་པ་གཡས་གཡོན་ལ་ཉི་ཟླའི་སྟེང་དུ་རིགས་ལྔ་ཡབ་ཡུམ་གྱི་ཡི་གེ་བཀོད་པའི་འཕྲོ་འདུས་ཐབས་ཤེས་གཉིས་སུ་མེད་པར་མོས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་བྷ་ཏ་པདྨ་བྷནྡྷ་ནཾ་ཀ་རོ་མི། ཞེས་ཕྱག་བྱས་ནས། ཐུགས་བརྩེར་ལྡན་པའི་ཞེས་སོགས་སྔར་བཞིན་བརྗོད་དེ་རྣམ་པར་དག་པའི་ལག་ལེན་ཕྱོགས་གཅིག་གོ། །དེ་དག་ནི་སྟ་གོན་གྱི་ཆོ་ག་སྟེ་ཉིན་གཉིས་པའི་བྱ་བའོ། །གསུམ་པ་དཀྱིལ་འཁོར་དངོས་ཀྱི་བྱ་བ་ལ། སྔོན་དུ་བྱ་བ་དང་། དངོས་གཞིའི་བྱ་བ་དང་། རྗེས་ཀྱི་བྱ་བའོ། །དང་པོ་ལ་ལྔ་སྟེ། ཆག་ཆག་གདབ་པ། ཐིག་ཚོན་སྒྲུབ་པ། ཐིག་གདབ་པ། ཚོན་དགྱེ་བ། རྒྱན་དགྲམ་པའོ། །དང་པོ་ནི། བེ་གཱ་ཀྲ་མ་ཡཾ། ཞེས་འདེགས་པའི་རྒྱས་སྟ་གོན་གྱི་ལྷ་ནམ་མཁར་བཏེགས་ལ། སྔར་ལས་ཐིག་མ་བཏབ་ན། སྟེགས་བུ་ལ་བདུད་རྩི་ལྔས་སྐྱང་ནུལ་བྱ་ཞིང་། ཧཱུཾ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ། །དམ་རྫས་དག་པ་རང་བྱུང་བདུད་རྩི་ལྔས། །བདེ་གཤེགས་རིགས་ལྔའི་དངོས་གྲུབ་བསྒྲུབ་པའི་ཕྱིར། །ཡང་དག་གསང་བའི་དཀྱིལ་འཁོར་ཆག་ཆག་འདེབས། །ༀ་ཨཱཿཧཱུཾ་སྭཱ་ཧཱ། སརྦ་པཉྩ་ཨ་མྲྀ་ཏ་མཎྜལ་ཧཱུཾ། ཞེས་པའོ། །གཉིས་པ་ནི། བ་སུ་ཏའམ་རས་བལ་གྱི་ཐིག་སྐུད་ལྔ་བསྒྲིལ་ཚོན་སྣ་ལྔས་ཁ་བསྒྱུར་བ་དང་། རྡུལ་ཚོན་ཁ་དོག་ལྔ་ཐལ་ཆེན་དང་བདུད་རྩི་ལྔ་ཅུང་ཟད་སྦྱར་བ་ལ་རིགས་དང་མཐུན་པའི་ས་བོན་ལྔ་བྲིས། ཐིག་སྐུད་དང་མདོག་རིགས་སྡེབས་ནས་བཞག །བསང་སྦྱངས། སྟོང་པའི་ངང་ལས་ཐིག་ཚོན་ཁ་དོག་ལྔ་པོ་ཧཱུཾ་ༀ་སྭཱ་ཨཱཾ་ཧཱ་ལས་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་གནས་པར་བསམ་ལ། བདག་གི་མིག་གཉིས་སུ་ཛ་ཡིག་བཀོད་པ་ལས་བྱུང་བའི་འོད་ཟེར་གྱིས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་ཚོན་འོད་ཟེར་ལྔའི་རང་བཞིན་དུ་བྱ་བ་ཐིག་ཚོན་རྣམས་ལ་ཐིམ་པ་ལས་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་བསམ་ལ། ས་བོན་ལྔ་བརྗོད་ཅིང་། དྲི་དང་མེ་ཏོག་ལ་སོགས་པས་མཆོད་ནས། ཐིག་སྐུད་སྒྲིལ་ཞིང་། ༀ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ༀ་ཨཱཿཧཱུཾ། ཞེས་བརྗོད་ཅིང་བདུད་རྩི་ལྔ་དང་དྲི་ཆབ་ཀྱི་བསང་ནས་སྣོད་གཙང་མར་བཞག་གོ། །ༀ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བཟླ་ཞིང་ཚོན་རྣམས་ལ་རེག་པའི་མཐར། ཧཱུཾ། ཞེས་བརྗོད་པས། རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་མོ། །གསུམ་པ་ནི། ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཞེས་བརྗོད་པས་བདག་ཉིད་དཀྱིལ་འཁོར་གྱི་བདག་པོར་གསལ་བ་ནུབ་ནས་ཤར་དུ་ཕྱོགས་པ་དང་། ཐིག་གཡོག་རིགས་ཀྱི་ཡུམ་དུ་བྱིན་གྱིས་བརླབས་པ་ཤར་ནས་ནུབ་ཏུ་ཕྱོགས་པ་ལས་རྗེས་སུ་ཆགས་པའི་སྦྱོར་བས་ཞུགས་པས་ཐིག་སྐུད་བྱང་ཆུབ་སེམས་ཀྱི་ངོ་བོར་དཀར་བྲེང་གིས་བྱུང་བར་བསམ་ཞིང་། ཛྙཱ་ན་བཛྲ་ཧཱུཾ། ཞེས་གཡས་པའི་ཁུ་ཚུར་གྱིས་ཐིག་སྐུད་ཀྱི་སྣེ་མོ་ཐིག་གཡོག་ལ་བསྐྱུར་ཏེ། དེས་ཀྱང་གཡོན་པ་ཁུ་ཚུར་གྱིས་དྲངས་ནས་ལྟེ་བར་བསྲུང་ལ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུཾ། ཞེས་བརྗོད་ཅིང་། དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་རྒྱ་གྲམ་དུ་བཏབ་པས་རང་བཞིན་གྱི་དཀྱིལ་འཁོར་བཀྲ་ལམ་གྱིས་གསལ་བར་བསམ་མོ། །དེ་ལྟར་ཚངས་ཐིག་གཉིས་པོ་ཙམ་མམ། ཡང་ན་ཐིག་ཆེན་བརྒྱད་པོ་སྤྱི་དང་མཐུན་པར་མཁའ་ལ་གདབ་ཅིང་། དེ་བཞིན་དུ་ཡབ་ཡུམ་གྱི་སྙིང་པོ་བརྗོད་བཞིན་པར་ས་ལ་ཡང་གདབ་པར་བྱ་སྟེ། ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་ཆེན་བརྒྱད་བརྒྱད་བཅུ་དྲུག་ལས། །ཚངས་ཐིག་ནས་བཟུང་དང་པོ་དང་། །དྲུག་པ་ཕྱེད་གདབ་ཕྱི་མ་བསིལ། །གཉིས་པ་བདུན་པ་ཆ་བཞིར་བགོ། །ལྔ་བརྒྱད་དབུས་དོར་མཐའ་གཉིས་གདབ། །གསུམ་པ་མི་གདབ་བཞི་པ་ཕྱེད། །བཅད་པ་ཕོ་བྲང་ནང་མའི་ས། །དབུས་ནས་བཞི་པའི་ཕྱེད་ཚུན་བཅད། །ཆ་བྲན་གཅིག་བསྐོར་ཤར་ངོས་སུ། །ཟུར་ཐིག་ནས་བརྩམས་ཆ་ཕྲན་གཉིས། །ཕྱིར་བསྐྱེད་པ་ནས་འཕྲེད་དུ་བཅད། །དེ་ལ་ནང་སྒོ་རྒྱན་མེད་བྱ། །ནང་སྒོའི་རྩ་ཐིག་སྒོ་ཟུར་ནས། །ཆ་བྲན་གཅིག་བསྐོར་རེ་མིག་གླིང་། །དགུར་བཅད་ཟླ་གམ་དགུ་པ་བྱ། །ཕྱི་ཡི་མདའ་ཐིག་ཟུར་རྩེ་ནས། །ཆ་ཆེན་ཕྱེད་དང་གཅིག་དང་ཕྱེད། །སླར་ཡང་གཅིག་བསྐོར་ཁོར་ཡུག་གོ། །རྟ་བབས་འོག་གཞིའི་རྒྱ་གྲམ་སོགས། །ཐུན་མོང་ཉིད་ཕྱིར་སྤྱི་ལྟར་བྱ། །ཞེས་པའོ། །བསྐོར་ཐིག་ལ་འཇུག་པ་ན། སེང་ལྡེང་གི་ཕུར་བུ་རྡོ་རྗེ་རྩེ་གཅིག་པར་མོས་ཏེ། ཀཱི་ལ་ཡའི་སྔགས་ཀྱིས་དབུས་སུ་བཏབ་པ་ལ་ཐིག་སྐུད་དཀྲིས་ནས་བསྐོར་བར་བཤད་དོ། །ཕོ་བྲང་ནང་མ་ལ་བཞེད་སྲོལ་ཐ་དད་པ་གསུམ་ལས་འདིར་ཟླ་གམ་དགུ་པའི་སྒྲུབ་ཐབས་ཀྱིས་བཀྲལ་བའི་ལུགས་སོ། །བཞི་པ་ནི། བཛྲ་ཧྲཱིཿཞེས་འདེགས་པའི་རྒྱས་ཐིག་གི་ཕོ་བྲང་མཁའ་ལ་བཏེགས་ནས། ཧྲཱི་ཞེས་སྒོའི་རྩ་ཐིག་ཕྱིས་ལ། ཧཱུཾ་བཞི་པ་བཟླས་ནས་ལྟེ་བའི་ཕུར་བུ་ཕྱུངས་ཏེ། ཁུང་བུ་ཚོན་སྣ་ལྔ་འབྱུང་རིགས་སྡེབས་པས་འགེང་ངོ་། །དེ་ནས་སློབ་དཔོན་གྱིས་དབང་ལྡན་གྱི་རྩིག་པའི་རེ་ཁཱ་ལྔ་སོར་བཞི་ཙམ་བྲིས་ལ་ཐོད་པས་བཀབ། རྩིག་པ་སྦྲེལ་རན་པ་ན་ཚོན་པྲ་བརྟག །དེ་ནས་སློབ་མ་རྣམས་ཀྱིས་ཀྱང་ཅི་བདེར་བྲི་སྟེ་ཧཱུཾ་གི་སྒྲ་རྒྱུན་མི་ཆད་པས་སོ། །ཟླ་གམ་དབུས་མའི་ཤར་དཀར་པོ། གཞན་དགུ་པོ་དམར་པོ། གཞི་དམར་སྨུག །གདུང་བཞི་གདུང་ཟླུམ་དང་བཅས་པ་སྔོན་པོ་ལ་རྡོ་རྗེ་དཀར་པོ། ནང་རྩིག་ཐོད་པ་སྟེ་སྔོ་དམར་དཀར་བ། གྲུ་ཆད་ལྗང་གུ། ཁྱམས་ཕྱོགས་མདོག་སོགས་སྤྱི་དང་མཐུན་པ་ལས་ཁྱད་པར་དུར་ཁྲོད་ཀྱི་བཀོད་པའི་མཚན་ཉིད་ཅན་དུ་བྲིས་ལ། མཚན་མ་རྣམས་རྡུལ་ཚོན་གྱིས་བྱེད་ན་སྐུ་དང་ཡིག་འབྲུ་ཕྱག་མཚན་ཐིག་ལེ་སོགས་སྔ་མའི་རྗེས་འབྲེལ་ཁོ་ནར་འབྲིའོ། །དེ་ལྟར་ཐིག་ཚོན་གྱི་ལས་རྫོགས་པ་ན་མཆོད་བསྟོད་བྱས་ནས། གཙྪ་མུཿཞེས་ཡེ་ཤེས་པ་གཤེགས་སུ་གསོལ། ལྔ་པ་ནི། ཁམ་ཕོར་རི་མོ་བྲིས་པ་དགུ། །སྣང་བའི་འོད་དང་བཅས་པ་དགྲམ། །ཞེས་པས་ཐོད་པ་མཚན་ལྡན་ལ་བྱང་སེམས་དཀར་དམར་གྱིས་གཙོ་བོའི་སྔགས་དང་རྡོ་རྗེ་ཁ་ཊྭཱཾ་ཀ་བྲིས་པ་དང་། བྲམ་ཟེ་ལ་སོགས་པའི་ཐོད་པ་ཚལ་བུ་བརྒྱད་ལ་ག་རཱི་མ་སོགས་མ་མོ་བརྒྱད་སོ་སོའི་སྔགས་རང་མཚན་མ་བྲིས་པ་རྣམས་དང་། པདྨ་བྷནྡྷར་སྣུམ་ཆེན་དང་འབྲུ་མར་སྣ་ཚོགས་ཙིཏྟའི་ཤར་བུ་ལ་སོགས་པའི་སྡོང་བུ་ལ་སྤར་བའི་མར་མེ་དགུ་ཡང་ཐོད་པ་རྣམས་དང་འབྲེལ་ཆགས་སུ་བཤམས་ལ། བགེགས་བསྐྲད། མཐུ་བྱིན་བསྐྱེད་ནས་ལྷ་སོ་སོའི་གནས་སུ་དགོད་དེ། ཧཱུཾ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །ཐུགས་མཆོག་བཛྲ་ཧེ་རུ་ཀ །བཛྲ་ཀྲོ་དྷཱི་ཤྭ་རཱི་གཉིས། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། །ཛཿཧཱུྃ་བཾ་ཧོས་སྤྱན་འདྲེན་ན། །དུར་ཁྲོད་ཆེན་པོའི་གནས་མཆོག་དང་། དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་འདིར། །ལྷ་ཆེན་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཞེས་དང་། ལྷ་དགུ་རང་རང་གྱི་སྔགས་ཀྱི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ཏིཥྛ་ལྷན། ཞེས་རིམ་པ་བཞིན་བཀོད་པ་དང་འབྲེལ་བར་མར་མེ་རྣམས་ཀྱང་། ཨཱ་ལོ་ཀེ་ས་མ་ཡ་ཏིཥྛ་ལྷན། ཞེས་བྷནྡྷ་རྣམས་ཀྱི་མཆན་དུ་དགོད་ཅིང་། སྔར་ལྷག་གནས་བྱས་པའི་བུམ་པ་ཡང་དཀྱིལ་འཁོར་གྱི་དབུས་སུ་མཉྫི་ལ་སོགས་པའི་སྟེགས་ལ་བཞག །ཞིང་གི་གཡང་གཞིར་རཀྟའི་ཐིག་ལེ་དགུ་ཚོམས་སུ་བཀོད་པར་བླར་བྲེ་བ་སོགས་ཕྱོགས་ཀུན་ཏུ་བླ་རེ་དང་ཡོལ་བ་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན། ཕྱིའི་འཁོར་ཡུག་ལ་མདའ་དར། མེ་ལོང་། རལ་གྲི། ཕུར་བུ་ལ་སོགས་པ་བཞི་བཞི་དང་། ཚོན་སྐུད་ཀྱི་དྲྭ་བས་མཛེས་པར་བསྐོར། མཐའ་སྐོར་དུ་མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་རྣམས་དང་། སྨན་གཏོར་རཀྟ་ལ་སོགས་པ་ནང་གི་དམ་རྫས་རྣམས་དང་། ཞིང་གི་བཅད་དུམ་དང་རས་མ་ལ་སོགས་པ་ཁྱད་པར་གྱི་དམ་རྫས་རྣམས་ཀྱིས་འཁོར་ཡུག་རྣམས་མཛེས་ཤིང་བརྗིད་ལ་བཀྲ་བར་བཤམ་པར་བྱ་སྟེ། རྫས་ཀྱིས་མཛེས་པར་བཞག །ཅེས་གསུངས་པ་བཞིན་ནོ། །དེའི་རྗེས་སུ་ལྷག་ཆད་སྐོང་བའི་ཡིག་བརྒྱ་མང་དུ་བཟླ་ཞིང་རོལ་མོའི་སྒྲ་རྒྱ་ཆེར་བྱ། དཀྱིལ་འཁོ་རབ་གནས་ཀྱང་འགྲུབ་ན་གཞན་དང་མཐུན་པར་བྱ་སྟེ་སྐབས་འདི་ཉིད་དུའོ། །གཉིས་པ་དངོས་གཞི་ལ། སྒྲུབ་ཅིང་མཆོད་པ་དང་དབང་བསྐུར་བའོ། །དང་པོ་ནི། རྣལ་འབྱོར་པ་རྣམས་ཁྲུས་བྱས། རྒྱན་དང་ཆས་གོས་བསྟར་ཏེ། སློབ་དཔོན་ཤར་ནས་དཀྱིལ་འཁོར་ལ་ཕྱོགས་པ་དང་། གཞན་རྣམས་ཀྱང་ཇི་ལྟར་འོས་པར་འདུག་ནས། རྒྱུད་སྦྱང་བ་དང་། མཚམས་བཅད་པ་དང་། བཤགས་པ་རྣམས་ཀྱི་རྗེས་སུ་ཆོ་གའི་དཀྱུས་ཀྱི་བྱིན་འབེབས་ཀྱི་མཐར། ལྷ་སོ་སོའི་སྙིང་པོ་རྣམས་ཀྱི་གཤམ་དུ། ཨ་བེ་ཤ་ཡ་ཨ་ཛཿཧཱུཾ་བཾ་ཧོཿ ཞེས་བཏགས་པ་མང་དུ་བཟླ་ཞིང་། རོལ་མོའི་སྒྲ་དང་བཅས་པས་ཡེ་ཤེས་ཀྱི་ལྷ་རྣམས་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་དབྱེར་མེད་དུ་ཐིམ་པར་བསམ་ཞིང་། དེ་དང་འབྲེལ་བར་བརྡ་སྒོ་དབྱེ་བ་དང་བརྡ་ཕྱག་འཚལ་བ་ཡང་བཤད་དེ། དེ་ལྟར་ན། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ༀ་པྲ་བེ་ཤ་ཡ་ཕཊ། ཨ་ལ་ལ་ཧོཿ ཞེས་ཕྱོགས་བཞི་ནས་སྒོ་དབྱེ། ༀ་ཨཱཿཧཱུཾ་ཨཱ་ཏི་པུ་ཧོཿ སརྦ་ཏ་ཐཱ་ག་ཏ་བྷནྡྷ་ནཾ་ཀ་རོ་ཡཱ་མི། མ་ཧཱ་ཡོ་གཱི་ནཱི། པྲ་ཏི་པུ་ཧོཿ ཞེས་བརྡའི་ཕྱག་བྱ་སྟེ། ཉི་མ་དང་པོ་ཁོ་ན་ལ་འཇུག་གོ། །དེ་ནས་མཆོད་རྫས་བརླབ་པ་སོགས་དཀྱུས་བཞིན་ལས། དཀྱིལ་འཁོར་བསྐྱེད་པ་ན། སྒྲུབ་གཞི་བདག་གི་ལུས་ངག་ཡིད་གསུམ་དང་བསྒྲུབ་བྱ་ལྷའི་སྐུ་གསུང་ཐུགས་གསུམ་དབྱེར་མེད་ཅིང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཐ་མི་དད་དེ། ཡེ་ནས་སངས་རྒྱས་ཀྱི་ངོ་བོར་རོ་མཉམ་པའི་ཕྱིར་བདག་དང་ལྷ་ཞེས་སོ་སོར་དབྱེ་ཞིང་གདགས་སུ་མེད་པས་ན། སྒྲུབ་གཞི་དང་། སྒྲུབ་རྫས། བསྒྲུབ་བྱ་ཐམས་ཅད་བདག་མདུན་དབྱེར་མེད་དམ་ཚིག་གི་དཀྱིལ་འཁོར་གཅིག་གིས་བསྡུས་པར་སྒོམ་པ་ནི། གཞུང་འདིའི་དོན་གྱི་དགོངས་པར་གནས་པ་ཡིན་ཏེ། མི་དམིགས་ཆོས་ལ་བློ་བརྟན་ཞིང་། །ཡེ་ཤེས་ཅན་གྱི་བྱིན་སྟོབས་ཀྱིས། །ཐམས་ཅད་ཚུལ་བཞིན་བྱིན་གྱིས་རློབས། །ཞེས་གསུངས་པའི་དོན་ཏིང་འཛིན་གྱི་ཕྲིན་ལས་རྣམ་པ་ལྔའི་བྱེ་བྲག་ཏུ་ཕྱེ་བ་རྣམས་ཀྱང་དབྱེ་གཞིའི་ངོ་བོ་དབྱེར་མེད་གཅིག་ཏུ་བསྒྲུབ་པའི་སྒྲུབ་བྱེད་དུའང་འགྱུར་ལ། འོན་ཀྱང་རྒྱུ་དང་འབྲས་བུའི་ཆ་ཙམ་ལ་དགོངས་ནས་མཆོད་པ་དང་བསྙེན་པ་ལ་སོགས་པའི་སྐབས་སུ་ལྷ་ལ་དབང་མི་ཟ་བའི་ཕྱིར། དམ་ཡེའུ་ཐ་སྙད་དུ་སོ་སོར་ཕྱེ་ནས་ལས་དེ་དག་སྒྲུབ་པ་ནི་བཀག་པ་མེད་ཀྱི། དེའི་ཕྱིར་ཏིང་ངེ་འཛིན་གསུམ་གྱི་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་གྱི་མཐར་ཐུག་པའི་བར་སྒྲུབ་ཐབས་ཀྱི་དཀྱུས་བཞིན་ལ་ཁྱད་ཆོས་བྱེ་བྲག་པ་རྣམས་མན་ངག་གི་ཞལ་རྒྱུན་བཞིན་ཤེས་པར་བྱའོ། །གཉིས་པ་དབང་བསྐུར་བ་ནི། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པའི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་དུ་ཞུགས་ལ་རིགས་པའི་མེ་ཏོག་དོར་ནས། སློབ་མ་གཞུག་ཅིང་དབང་བསྐུར་བར་བྱ་སྟེ། སློབ་དཔོན་ཇི་བཞིན་སྟན་བདེར་གནས། །རྡོ་རྗེའི་ཚུལ་དུ་དབང་དག་སྦྱིན། །ཞེས་གསུངས་པ་བཞིན་ཏེ། སློབ་མའི་ནུས་སྟོབས་དང་སྦྱར་ནས་དབང་རྣམས་སྦྱིན་པར་བྱ་བ་ནི་དབང་ཆོག་ལས་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་ལྔ་སྟེ། དང་པོ་ཚོགས་མཆོད་དང་། གཉིས་པ་བརྟན་མ་སྐྱོང་བ་རྣམས་ནི་སྒྲུབ་ཐབས་བཞིན་དང་། ཉེར་བསྡུའི་ཚེ་གཏང་རག་གི་མཆོད་པ་བཤམས་ལ། བྱིན་གྱིས་བརླབས་ཏེ་ཀུན་བཟང་རྣམ་བདུན་སྨན་གཏོར་རྣམས་ཀྱིས་མཆོད་ཅིང་། བསྟོད་པ་རྒྱས་བསྡུས་ཅི་རིགས་པས་བསྟོད། ཡིག་བརྒྱ་དང་བཟོད་གསོལ་རྣམས་བྱས་ལ། རས་བྲིས་ཀྱི་དཀྱིལ་འཁོར་ལ་ཡེ་ཤེས་པ་བརྟན་བཞུགས་དང་། དམ་ཚིག་གི་དཀྱིལ་འཁོར་གསལ་བཏབ་ནས། ཧཱུཾ་དགུ་བརྩེགས་སུ་བརྗོད་པས་བསྡུས་ལ། གོ་བགོ་ལུས་བསྲུང་སོགས་སྒྲུབ་ཐབས་ལྟར་བྱ་ཞིང་རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་ཞག་སྦྲེལ་དུ་བྱེད་པའི་ཉིན་སྔ་མ་རྣམས་ལ་ཡང་དེ་བཞིན་ནོ། །གཟུགས་བརྙན་གྱི་དཀྱིལ་འཁོར་གཤེགས་གསོལ་བྱེད་ན། བེ་གཱ་ཀྲ་མ་ཡཾ། ཞེས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཏེགས་ལ། གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་སྔར་བཞིན་བྱས་ནས། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། ཛྙཱ་ན་མཎྜལ་བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་སྔར་བཞིན་བསྡུས་ནས། གོ་ཆ་བགོ་ཞིང་ལུས་བསྲུང་བ་བྱས་ལ། ཆོས་ཐམས་ཅད་སྐྱེ་མེད་དུ་མོས་པས། ཨ་ཀཱ་རོ་བཟླ་ཞིང་དྲིལ་བུ་འཁྲོལ། གཡས་རྡོ་རྗེ་དང་བཅས་པས་ལྷ་མཚན་རྣམས་བླངས་ལ་ཅུང་ཟད་མགོ་བོར་བཀོད། ལྷག་མ་རྣམས་ཤར་གྱི་ཚངས་ཐིག་ནས་དབུས་ཀྱི་བར་ཕྱག་ལ་བུམ་པར་བླུག་སྟེ་བཀུར་སྟི་ཆེན་པོས་ཆུ་ཀླུང་དུ་དོར། བུམ་པ་དེ་ཆུས་བཀང་སྟེ་སླར་འོངས་ནས་དཀྱིལ་འཁོར་ཁང་པ་སོགས་ལ་བསང་གཏོར་བྱ། ཕུར་བུ་རྣམས་ཕྱུངས་ལ་སྤྱན་མའི་སྔགས་ཀྱིས་བཏབ་པའི་འོ་མས་བཀྲུས་པས་བགེགས་རྣམས་སོས་པར་བསམ་ལ། དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་དང་། བཀྲ་ཤིས་དང་དགའ་སྟོན་རྒྱ་ཆེར་བྱའོ། །སྤྱི་དོན་གསུམ་པ་གྲུབ་པའི་འབྲས་བུའི་ཚུལ་ལ། ཇི་ལྟར་བསྒྲུབ་པ་དང་། དེས་གྲུབ་པའི་ཚུལ་བསྟན་པ་སྟེ། སྒྲུབ་ཐབས་སུ་བཤད་པ་བཞིན་ཤེས་པར་བྱ་བ་ཡིན་ནོ། །དེ་ལྟར་ན་ཟབ་མོའི་ལམ་འདི་སྔོན་དུས་ཤིན་ཏུ་དར་ཞིང་རྒྱས་པས་རྒྱ་བོད་ཀྱི་མཁས་གྲུབ་ཁྱད་པར་ཅན་རྣམས་ཀྱི་མཛད་པའི་བཤད་འབུམ་དང་། སྒྲུབ་ཁོག་ལ་སོགས་པའི་ལེགས་བཤད་ངོ་མཚར་ཅན་དུ་མ་ཡོད་མོད། སྨིན་སློབ་སྒྲུབ་ཆེན་ཁོ་ནའི་དབང་དུ་མཛད་པའི་ཕྱིར་དུས་མཐའི་འགྲོ་བས་ལག་ལེན་དུ་བསྡེབས་དཀའ་བར་སྣང་བ་དང་། དབང་རྐྱང་དང་སྒྲུབ་མཆོད་དཀྱུས་མ་ལ་འདི་ཙམ་གྱིས་དོན་གྱི་དགོས་པ་འགྲུབ་ཅིང་། ལམ་འདིའི་བཀའ་སྲོལ་མི་ནུས་པའི་ཟོངས་སུ་འགྱུར་བ་ལ་བསམས་ཏེ་ལག་ལེན་སྙིང་པོ་མདོར་བསྡུས་སུ་དྲིལ་བ་ཡིན་གྱི། གཞུང་གི་གོ་དོན་ཁོག་འབུབས་པ་ལ་ནི་དམ་པ་གོང་མ་རྣམས་ཀྱི་གསུང་རབ་ལ་དྲིས་བར་བྱའོ། །ཁྱབ་བདག་ཧེ་རུ་ཀ་དཔལ་ཡང་དག་གི། །སྒྲུབ་ཐབས་ཟབ་དང་རྒྱ་ཆེའི་རྒྱ་མཚོ་ལས། །ལག་ལེན་སྙིང་པོར་དྲིལ་བ་བདུད་རྩི་ཡི། །ཉིང་ཁུ་ལྟ་བུ་དཀྱིལ་འཁོར་ཆོ་གར་སྤེལ། །འདི་ལས་བསོད་ནམས་གང་ཞིག་ཐོབ་པ་དེས། །སྐྱེ་བར་ལམ་བཟང་འདི་དང་མི་འབྲལ་བར། །ཧེ་རུ་ཀ་དཔལ་མཆོག་གི་སྐུ་འགྲུབ་ནས། །མཁའ་མཉམ་འགྲོ་བའི་མགོན་དུ་འགྱུར་བར་ཤོག །དཔལ་ཡང་དག་གི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་འདི་ནི་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་རང་ལོ་ཞེ་བརྒྱད་པ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་དབེ་གནས་སུ་སྦྱར་བའི་ཡི་གེ་བ་ནི་ཆོས་མིག་རྡུལ་དང་བྲལ་བའི་བཤེས་གཉེན་དྷརྨ་ཤྲཱིའོ།། །།


previousདཔལ་ཡང་དག་གི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩིའི་ཉིང་ཁུ། འགྱུར་མེད་རྡོ་རྗེ།next