Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
དཔལ་ཆེན་ཡང་དག་གི་རྒྱུན་གྱི་རྣལ་འབྱོར་རུ་ལུ་གསང་བའི་དགོངས་པ། རྡོ་རྗེ་ཐུགས་མཆོག་རྩལ།
   
   
   
   
   
   


 
previousདཔལ་ཆེན་ཡང་དག་གི་རྒྱུན་གྱི་རྣལ་འབྱོར་རུ་ལུ་གསང་བའི་དགོངས་པ། རྡོ་རྗེ་ཐུགས་མཆོག་རྩལ།next

དཔལ་ཆེན་ཡང་དག་གི་རྒྱུན་གྱི་རྣལ་འབྱོར་རུ་ལུ་གསང་བའི་དགོངས་པ། རྡོ་རྗེ་ཐུགས་མཆོག་རྩལ།

དཔལ་ཆེན་ཡང་དག་གི་རྒྱུན་གྱི་རྣལ་འབྱོར་རུ་ལུ་གསང་བའི་དགོངས་པ་བཞུགས་སོ༔ ༔ན་མོ་ཤྲཱི་ཧེ་རུ་ཀ་ཡ། དཔལ་ཡང་དག་གི་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ལ་འཇུག་པར་འདོད་པས། རྡོ་རྗེ་སློབ་དཔོན་སོགས་སྐྱབས་སེམས་ཚོགས་བསགས་སྔོན་དུ་འགྲོ་བས། ཐོག་མར་མཉམ་ཉིད་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དབྱིངས་སུ་མཉམ་པར་བཞག་པས་ཏིང་འཛིན་རྣམ་གསུམ་དབྱེར་མེད་ཀྱི་ཚུལ་དུ། ཧཱུྃ༔ ཕྱི་ནང་སྣོད་བཅུད་ཆོས་ཉིད་ཆེན་པོ་ནི༔ རང་བཞིན་རྣམ་དག་སེམས་ཀྱི་སྤྱོད་ཡུལ་ལ༔ སངས་རྒྱས་སེམས་ཅན་གཉིས་སུ་ངས་མ་མཐོང༔ སྣང་སྟོང་དབྱེར་མེད་རྡོ་རྗེ་ཐེག་པའི་ལམ༔ གོ་བའི་ཡུལ་འདི་སངས་རྒྱས་བདེ་ཆེན་ཞིང༔ འདི་ཉིད་རྣམ་དག་སྤྲུལ་སྐུར་ཐུག་ཕྲད་གསལ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དེ་ནས་ཕྱི་སྣོད་གཞལ་ཡས་ཁང་དུ་གསལ་བ། ཧཱུྃ༔ དབང་ཆེན་ཡུམ་ལྔ་འདུས་པའི་མཁའ་དབྱིངས་སུ༔ སྲིན་པོ་མ་ཏྲཾ་བསྒྲལ་བའི་ཁོག་པ་ལ༔ བནྡྷ་ཚར་གསུམ་བརྩེགས་པའི་རྩེགས་པ་བྱས༔ རཀྟའི་སྤྱིན་སྦྱར་གནམ་ལྕགས་གཟེར་ཆེན་བཏབ༔ ཡོན་ཏན་ཆེ་རྒྱས་གྲུ་བཞི་མཆོད་རྟེན་ཚུལ༔ ཟླ་གམ་དབང་ཆེན་སྨུག་ནག་འབར་བ་ན༔ ཀ་བ་མཆོག་བརྒྱད་ལྡན་པའི་རེ་ཆ་དགུ༔ ཚངས་པའི་གདུང་བཞི་མཆོག་ཆེན་ཀ་བ་དང༔ ཉི་ཟླའི་ཀ་ཞུ་ཕག་ཆེན་ཀ་གདན་དང༔ སྦྲུལ་གྱི་སྐྱེས་བུ་ཀ་རུའི་ཡ་སྤྱིབ་ལ༔ རུས་སྦལ་མ་ཐེམ་ཞིང་གི་སྒོ་འགེག་སྟེ༔ ཏ་ལའི་སྐྱེད་ཤིང་འདོད་ཡོན་ལྷ་མོ་དང༔ འབར་བའི་བར་ཁྱམས་དུར་ཁྲོད་གནས་བཅས་ཏེ༔ རབ་འཇིགས་དུར་ཁྲོད་ཆེན་པོའི་རྒྱན་དང་ཆས༔ མཐའ་དང་དབུས་མེད་ཡེ་ཤེས་ནམ་མཁའི་རྒྱ༔ དྲེགས་པ་ཁྱོ་ཤུག་བསྣོལ་ཞིང་ཞིང་ཆེན་བཏིང༔ རབ་གསལ་ཉི་མའི་གདན་དང་བཅས་པ་འདི༔ རྒྱུ་འབྲས་མ་བཀག་དག་པའི་གཞལ་ཡས་ཁང༔ དཔལ་ཆེན་ཁྲག་འཐུང་ཚོགས་ཀྱི་བཞུགས་གནས་ཡིན༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཅུད་ལྷར་གསལ་གདབ་པ། ཧཱུྃ༔ ཆོས་ཉིད་སྐྱེ་མེད་གདོད་ནས་དག་པ་ལ༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་བསྟན་པའི༔ བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་ཡབ་ཡུམ་ལ༔ ཀོ་སིང་ལ་སོགས་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ ཡེ་ཤེས་སྐུར་གསལ་ཐུགས་རྗེས་ཁྱབ་པའི་སྐུ༔ གདུག་པ་འདུལ་ཕྱིར་འཇིགས་བྱེད་སྐུར་སྟོན་པ༔ དུར་ཁྲོད་རྒྱན་མཛེས་གདུག་བྱེད་མཚོན་ཆ་བསྣམས༔ བསྐལ་པའི་མེ་འབར་དུར་ཁྲོད་དཀྱིལ་འཁོར་ན༔ ཁམས་གསུམ་སྟོང་མཛད་ཁྲག་འཐུང་ཕྱག་རྒྱའི་ཚོགས༔ རྒྱུ་འབྲས་མ་བཀག་ལྷ་ཡི་དཀྱིལ་འཁོར་གསལ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དེ་ལྟ་བུའི་ལྷ་དེ་གདོད་ནས་དམ་ཡེ་དབྱེར་མེད་ཀྱི་ངོ་བོར་ངེས་པས་དབང་བསྐུར་བྱིན་རླབས་སྤྱན་འདྲེན་མི་དགོས་ལ། མཆོད་པ་བྱ་བ་ནི། ཧཱུྃ༔ མེ་ཏོག་བདུག་སྤོས་ལྷ་བཤོས་མར་མེ་དང༔ བླ་རེ་རྒྱལ་མཚན་ན་བཟའ་འཕན་དང་གདུགས༔ སིལ་སྙན་རྔ་དུང་རིན་ཆེན་མུ་ཏིག་ཕྲེང༔ གཟུགས་སྒྲ་དྲི་རོ་རེག་སོགས་ལྷ་མོའི་ཚོགས༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་མཆོད་སྤྲིན་རྣམས༔ དངོས་སུ་བཤམས་ཤིང་སེམས་ཀྱིས་རྣམ་སྤྲུལ་ཏེ༔ ཡེ་ཤེས་རང་སྣང་ཞི་ཁྲོའི་དཀྱིལ་འཁོར་ལ༔ འབྲུ་བརྒྱད་འཕྲོ་འདུས་འབུལ་ནས་མཆོད་པ་བཞེས༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དེ་ནས་བཟླས་པ་ལ། ཧཱུྃ་ནི་ཐབས་ཆེན་ཤེས་རབ་སྦྱོང༔ ཡེ་ཤེས་ཐིག་ལེ་ཐུགས་ལ་ཤར༔ ཟུར་བརྒྱད་སྟེང་ན་འབྲུ་བརྒྱད་འཕྲོ༔ ཁམས་གསུམ་སེམས་ཅན་སྡུག་བསྔལ་བསལ༔ རྒྱལ་བ་རྒྱ་མཚོའི་སྐུ་ལ་ཐིམ༔ སྔགས་ཚིག་སྒྲ་ཡི་མཆོད་པས་མཉེས༔ ཚུར་འདུས་དང་པོའི་གནས་སུ་ཐིམ༔ ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ གཉིས་སུ་མེད་པའི་བྱང་ཆུབ་སེམས༔ འབྲུ་བརྒྱད་ཡི་གེ་འཕྲོ་ཞིང་འདུ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླ་ཞིང་སྐབས་སུ་ཛབ་བསྐུལ་བྱ་བ་ནི། ༀ། དཔལ་ཆེན་ཁྲག་འཐུང་ཐུགས་ནི་རིན་པོ་ཆེ༔ ཐུགས་རྗེ་སྐུ་མཆོག་ཡིད་བཞིན་འབྱུང་བའི་གཏེར༔ བདག་ནི་བླ་མེད་བྱང་ཆུབ་མཆོག་སེམས་བསྐྱེད༔ རང་སེམས་གདོད་ནས་མ་སྐྱེས་རིན་པོ་ཆེ༔ ལྷ་དང་གཉིས་སུ་མེད་པར་མཉམ་བཞག་ནས༔ ཨུཏྤལ་འདབ་བརྒྱད་ལྟ་བུའི་ལྗགས་བརྐྱང་ཞིང༔ འཁུར་བ་དབུགས་རིང་ༀ་དང་བཅས་པ་ཡི༔ རུ་ལུ་རུ་ལུ་འཁོར་ལོ་ཚོགས་ཆེན་པོ༔ བར་ཆད་མེད་པའི་བཟླས་བརྗོད་ཏིང་འཛིན་གྱིས༔ སེམས་རྟོག་སྦྱང་ཞིང་དངོས་གྲུབ་སྩལ་དུ་གསོལ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ གཞན་ཡང་སྤྲོ་ན་འོད་ཟེར་དང་ལྷ་ལ་འཕྲོ་འདུ་བཏང་བ་དང་རུ་ལུ་ཕྲིན་ལས་སུ་ཤེས་པ་གཞུང་བཞིན་བྱའོ། །བསྙེན་པ་ཇི་ཙམ་ནུས་པ་དམིགས་པ་གསལ་བས་བཟླ་ཞིང་། རྗེས་སུ་བཟླས་བརྗོད་མཆོད་པར་ཕུལ་བ་ནི། སྒྲུབ་པ་པོའི་བཟླས་བརྗོད་ཀྱི། རུ་ལུ་ཐམས་ཅད་བསྡུས་ཏེ་དཔལ་ཆེན་པོའི་ཐུགས་ཀར་ཕུལ་ལ། ༀ། བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ བདེ་བར་གཤེགས་སོ་ཁྲོ་རྒྱལ་ཚོགས༔ རྒྱལ་བ་རྒྱ་མཚོ་འཁོར་བཅས་ལ༔ བཟླས་བརྗོད་སྔགས་ཀྱི་འཁོར་ལོ་བསྐོར༔ མཆོད་པ་དམ་པ་བླ་ན་མེད༔ བཟླས་བརྗོད་མཆོད་པ་བཞེས་སུ་གསོལ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དེ་ནས་གོང་གི་མཆོད་པ་བྱ། བཤགས་པ་ནི་རུ་ལུ་བཤགས་པར་ཤེས་པའི་སྐབས་བཞིན་བྱའོ། །དེ་ནས་དངོས་གྲུབ་བསྡུ་བ། ཧཱུྃ། ཡེ་ཤེས་འབྱམ་ཀླས་དཀྱིལ་འཁོར་ལ༔ བསྒྲུབ་པའི་དཀྱིལ་འཁོར་བསམ་མི་ཁྱབ༔ ཟླ་གམ་དཀྱིལ་འཁོར་རིན་ཆེན་དབང༔ ནུབ་ཕྱོགས་ངོས་སུ་ཁ་བལྟས་ཏེ༔ དུས་གསུམ་སངས་རྒྱས་ཐམས་ཅད་དང༔ དཔལ་ཆེན་ཁྲག་འཐུང་འཁོར་ཚོགས་ལ༔ ཚོན་གང་ཆོས་ཀྱི་འཁོར་ལོ་ལས༔ རུ་ལུ་འབྲུ་བརྒྱད་འཕྲོ་ཞིང་འདུ༔ ཕར་འཕྲོས་པས་ནི་ཡེ་ཤེས་ལྷའི༔ སྐུ་གསུང་ཐུགས་ལ་མཆོད་པ་འབུལ༔ སླར་འདུས་པས་ནི་སྒྲུབ་པ་པོའི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བསམ་ལ། ཧཱུྃ། ཁྲོ་ལ་ཁྲོས་པས་ཞི་མཛད་པ༔ ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས༔ འབར་པའི་བྱིན་རླབས་རྨད་པོ་ཆེ༔ དེ་ཉིད་དུ་ནི་བདག་ལ་སྩོལ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ལྷ་ཐམས་ཅད་རང་ལ་ཐིམ་པས་དངོས་གྲུབ་ཐོབ་པས་བསམ། བསྡུ་ལྡང་བྲལ་བའི་དོན་ལས་བསྡུ་ལྡང་ལྷར་སྟོན་པ་ནི། ཨཱཿ ཕྱག་རྒྱའི་ཆ་ལུགས་ཐ་དད་ཀྱང༔ དང་པོར་ཆོས་ཉིད་ངང་ལས་བྱུང༔ བར་དུ་སྤྱོད་པ་ཅི་སྤྱད་ཀྱང༔ ཀུན་བཟང་རོལ་པའི་ངང་དུ་སྤྱད༔ ཐ་མར་རོལ་པའི་སྣང་བ་ཡང༔ ཆོས་ཉིད་མཉམ་པའི་ངང་དུ་བསྡུའོ༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས༔ རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར༔ མི་སྐྱེ་མི་འགག་ཅིར་མི་དགོངས༔ མིང་དང་མཚན་མ་མ་གྲུབ་པས༔ མི་གནས་མ་བྲལ་འདུས་མ་བྱས༔ ཆོས་ཀྱི་དབྱིངས་ཀྱིས་བསྲུངས་པས་ན༔ སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ༔ ཅིས་ཀྱང་མི་ཕྱེད་མི་ཤིགས་པའི༔ སྟོང་པའི་གོ་ཆ་བླ་ན་མེད༔ མཚན་མའི་ཡུལ་ཀུན་བཅོམ་ནས་ཀྱང༔ ཐམས་ཅད་མྱུར་དུ་རྒྱལ་བར་གནས༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་པས་གོ་བགོ་བ་བྱས་ནས་དགེ་བསྔོ་བཀྲ་ཤིས་བྱའོ། །འདི་ནི་དཔལ་ཡང་དག་ཧེ་རུ་ཀ་ཆེན་པོའི་སྤྲོས་མེད་དོན་གྱི་རྣལ་འབྱོར་གྲུབ་བརྒྱའི་གཤེགས་ཤུལ་དམ་པ་ལགས་ཏེ། དཔལ་ཧེ་རུ་ཀའི་ཏནྟྲ་ལས་རུ་ལུ་བྱེ་བྲག་ཏུ་ཤེས་པའི་སྐབས་ནས་ལུང་གི་ཚུལ་དུ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་བཏུས་པ་མངྒ་ལཾ། །འདི་ལ་དངོས་གྲུབ་ཇི་འདོད་བཞིན་ཐོབ་པའི་རྟེན་འབྲེལ་མཆོག་ཡོད་དོ། །རབ་ཚེས་ཉི་མ་ལོའི་ཟླ་བ་བརྒྱད་པའི་ཚེས་ཉེར་བརྒྱད་ལའོ་དགེ། ༈ །ཡང་དག་རྒྱུན་ཁྱེར་གྱི་ཚོགས་བཞུགས། མཚན་ལྡན་བནྡྷ་སྟོང་གསུམ་མཉམ་པའི་ནང༔ ཐབས་ཤེས་དབྱེར་མེད་ཚོགས་ཀྱི་ལོངས་སྤྱད་ཆེ༔ འདོད་ཡོན་ལྷ་མོའི་སྤྲིན་ཕུང་རབ་ཏུ་འཕྲོ༔ མཉམ་པའི་དམ་ཚིག་བདེ་ཆེན་རོལ་བར་གྱུར༔ རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ་ཧོ༔ ཧཱུྃ༔ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༔ ཐུགས་རྗེའི་ངང་ཉིད་ཆོས་སྐུའི་རོལ་པ་ལས༔ ཡེ་ཤེས་སྒྱུ་མར་རོལ་ཞིང་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི། བཛྲ་ས་མ་ཡ་ཛ༔ རྡོ་རྗེ་སྒེག་མོ་རྡོ་རྗེ་ཅན༔ རྡོ་རྗེ་མ་ལྱཱེ་རིན་ཆེན་ཕྲེང༔ རྡོ་རྗེ་གིརྟི་པདྨའི་དབྱངས༔ རྡོ་རྗེ་ནིརྟི་ལས་ཀྱི་གར༔ ཐབས་དང་ཤེས་རབ་ཚོགས་ལྡན་པའི༔ དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་རོལ༔ ༀ་ཤྲཱི་བཛྲ་རཱ་ག་ལ་སྱཱ་ཧཱུྃ༔ ༀ་ཤྲཱི་བཛྲ་རཱ་ག་མ་ལྱཱ་ཏྲཾ༔ ༀ་ཤྲཱི་བཛྲ་རཱ་ག་གིརྟི་ཧྲཱི༔ ༀ་ཤྲཱི་བཛྲ་རཱ་ག་ནིརྟི་ཨཱཿ བླ་མེད་མཆོག་གི་མཆོད་པ་དམ་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ དམ་ཚིག་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོཿ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ རྩ་བ་ཡན་ལག་བཅས་པའི་དམ་ཚིག་ལས༔ སེམས་ཅན་དབང་གིས་ནོར་འཁྲུལ་ཇི་མཆིས་པ༔ མི་འཆབ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཡིག་བརྒྱ། ཨེ་ནྲྀ་ཏྲི་ཛ་ཧཱུྃ་བྃ་ཧོ༔ པྲ་བེ་ཤ་ཡ་ཕཊ༔ ཨཱ་བེ་ཤ་ཡ་ཨཱ༔ ཁྲག་འཐུང་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཞིང་གྱུར་དག་ནི་སུ་ཡང་རུང༔ མ་ལུས་བསྡུས་ཏེ་བརླག་པར་མཛོད༔ སརྦ་དུཥྚན་མཱ་རཱ་ཡ་ཕཊ༔ དབྱིངས་ཀྱི་ཞལ་ནི་དུག་གསུམ་རོལ་པའི་ཧོམ༔ འབར་བའི་ཀློང་དུ་དུག་གསུམ་བམ་གྱི་ཚོགས༔ འབུལ་ལོ་ཨ་ལ་ལ་སྟེ་བཞེས་ནས་ཀྱང༔ དངོས་གྲུབ་བར་ཆོད་བདུད་རྣམས་མེད་པར་གྱིས༔ མ་ཧཱ་པཱུ་ཛ་ཁཱ་ཧི༔ མཉམ་པའི་ལོངས་སྤྱོད་བདེ་བ་ཆེ༔ མཚན་ལྡན་སྦྱོར་བས་ཐམས་ཅད་འགྲུབ༔ ལྷ་ཚོགས་ཀུན་ཀྱང་དེ་བཞིན་དུ༔ དགྱེས་སྦྱོར་བདེ་བའི་དངོས་གྲུབ་ཐོབ༔ མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ དངོས་པོ་ཆོས་ཉིད་ཡངས་པའི་ཀློང་དུ་བསྐང༔ སྣང་བ་ཡེ་ཤེས་ཆེན་པོའི་ཀློང་དུ་བསྐང༔ གསལ་བ་ཤེས་རབ་འབར་བའི་ཀློང་དུ་བསྐང༔ སྡུག་བསྔལ་བདེ་ཆེན་ཀ་དག་ཀློང་དུ་བསྐང་༔ ཀུན་རྫོབ་དོན་དམ་གཉིས་སུ་མེད་པར་བསྐང༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ བསྐང་དུ་མེད་དེ་སྐྱེ་མེད་ཀློང་དུ་བསྐང༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ བསྒྲལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས་དམ་བསྐང༔ ལྷག་མ་བསྡུས་ཏེ་བརླབས། ཁྲག་འཐུང་རོལ་པའི་བཀའ་ཉན་ནི༔ འབར་མ་ལ་སོགས་ལྷག་སྡུད་ཚོགས༔ ཚུར་གཤེགས་དཔལ་གྱི་ཕམ་ཕབ་བཞེས༔ དམ་སྐོང་ཕྲིན་ལས་འགྲུབ་པར་མཛོད༔ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ༔ འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པ་དང༔ རབ་འབྱམས་རྒྱལ་བའི་བཀའ་དབང་ཐོབ་ནས་ནི༔ འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག༔ རྣལ་འབྱོར་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས༔ དེ་དག་མ་སྐྱེས་པ་ནི་ཡུམ་གྱི་མཁའ༔ ཡབ་ཡུམ་དབྱེ་བ་མེད་པའི་སྐུ་གསུང་ཐུགས༔ འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་ཤོག༔ བཀྲ་ཤིས་གང་ཞིག་དངོས་གྲུབ་འབྱུང་བའི་གནས༔ འབར་བའི་རྒྱལ་པོ་ཁྲག་འཐུང་རོལ་པའི་སྐུ༔ མཁའ་འགྲོ་མང་པོ་བདེ་བའི་ཚོགས་དང་རོལ༔ མཆོག་ཏུ་མི་འགྱུར་ཀུན་ནས་གྲུབ་པར་ཤོག༔ གྲུབ་པའི་འབྲས་བུ་མཐའ་ཡས་ཀྱི༔ སེམས་ཅན་དོན་ཀུན་གྲུབ་པ་དང༔ དོན་གྲུབ་བསམ་པ་འགྲུབ་གྱུར་པའི༔ བཀྲ་ཤིས་ཀུན་གྱིས་བཀྲ་ཤིག་ཤོག༔ ཚོགས་དང་སྨོན་ལམ་བཀྲ་ཤིས་དང་བཅས་པ་འདི་ནི་ཆོ་ག་སྔ་མའི་ཁ་སྐོང་དུ་དཔའ་བོ་ལས་རབ་གླིང་པ་ལ་དག་སྣང་གི་ཚུལ་དུ་བཀའ་བབས་པའོ། །འདི་ཡང་རྒྱུད་ཀྱི་ཚིག་ཤ་སྟག་ཡིན་པར་འདུག་གོ། །མངྒ་ལཾ། ༈ །ཧེ་རུ་ཀའི་ཀ་ལྤོ་ལས། རུ་ལུ་བཤགས་པར་ཤེས་པ་ནི། ༀ། ཡེ་ཤེས་ལྷ་ཚོགས་ཞི་ཁྲོའི་དཀྱིལ་འཁོར་འདིར༔ རིག་འཛིན་དམ་ཅན་རྒྱ་མཚོ་དགོངས་སུ་གསོལ༔ ཚེ་རབས་ཐོག་མཐའ་མེད་པའི་དུས་མཐའ་ནས༔ ད་ལྟ་ལུས་འདི་བླངས་པ་ཡན་ཆོད་དུ༔ རང་སེམས་མ་རིག་བདག་ཏུ་བཟུང་པ་ཡིས༔ འཁོར་བའི་ཉེས་སྐྱོན་སྣ་ཚོགས་བྱུང་ནས་སུ༔ ཀུན་གཞིའི་བློ་ལ་བག་ཆགས་བསགས་པ་དང༔ བར་དུ་ཐུགས་རྗེས་བཟུང་དང་སྩོལ་བ་ཡིས༔ བྱང་ཆུབ་སེམས་བསྐྱེད་ཐར་ལམ་སྒོར་ཞུགས་ཏེ༔ ཐེག་པ་རིམ་པར་བགྲོད་ཅིང་སྤྱད་པའི་ཚེ༔ ཚུལ་ཁྲིམས་སྡོམ་པ་ཕྱི་ནང་དམ་ཚིག་ལས༔ ཞིག་རལ་ཆག་ཉམས་གྱུར་པ་ཇི་མཆིས་དང༔ ཁྱད་པར་གསང་སྔགས་ཐེག་པའི་སྒོར་ཞུགས་ནས༔ འདའ་དཀའ་སྡོམ་པའི་དམ་ཚིག་མནོས་པ་ལས༔ སྔོན་དུ་སྤྱོད་པའི་གོམས་ཤུགས་ཆུང་བ་ཡིས༔ ཉམས་སུ་མ་རྟོགས་གཞུང་བཞིན་མ་སྤྱད་དེ༔ བླ་མ་མཆེད་ལ་སྲི་ཞུ་བརྩེ་གདུང་ཆུང༔ སྔགས་དང་ཕྱག་རྒྱ་རྒྱུན་བཅད་གསང་ཚིག་སྤེལ༔ མཛད་སྤྱོད་རྣམ་ལྔས་འགྲོ་དོན་ལྷུར་མ་སྤང༔ དུག་ལྔ་རྣམ་གྲོལ་ལམ་དུ་གནས་མ་གྱུར༔ མཉམ་པའི་མཆོད་པས་ལྟ་བ་ཐག་མ་ཆོད༔ ཤེས་པར་བྱ་བའི་སྤྱད་ཡུལ་ཡལ་བར་དོར༔ གྲུབ་པར་བྱ་བའི་འབྲས་བུ་རྒྱུན་ཐག་བསྲིང༔ དབང་དང་མི་ལྡན་ཆོས་བཤད་ལས་རྣམས་བརྩམ༔ རྟོགས་པ་སྟོབས་ཆུང་དག་བསྒོམ་བསྒྲུབ་ལ་གཡེང༔ དམ་རྫས་མཆོད་ཚོགས་གཞུང་བཞིན་མ་སྟོབ་དང༔ དམ་བཅས་ཁས་བླང་བགྱིས་ཀུན་རྗེས་མ་སློབ༔ བྱང་ཆུབ་རིགས་ཅན་སྤྱོད་པས་ཐུགས་མ་བསྲུང༔ བར་ཆད་གནོད་སྐྱེན་མ་བཟོད་འཁྲུལ་སེམས་ཤོར༔ སྣོད་དང་མི་ལྡན་གྲོགས་ངན་གྲིབ་མས་ཕོག༔ དེ་ལ་སོགས་ཏེ་ཉེས་སྡིག་ཇི་བསགས་པ༔ གནོང་འགྱོད་མཐོལ་བཤགས་བཟོད་པར་གསོལ་ལགས་ན༔ བྱམས་མགོན་ཐུགས་རྗེས་ཚངས་པར་སྩལ་དུ་གསོལ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཤགས་ཡུལ་ལྷ་དང་མཁའ་འགྲོ་རིག་འཛིན་ཕོ་ཉའི་ཚོགས་ལ་རུ་ལུ་འབྲུ་བརྒྱད་ཀྱི་ཡེ་ཤེས་འོད་ཟེར་ཕར་འཕྲོས་པས་ཐམས་ཅད་ཡེ་ཤེས་ཀྱི་འོད་ཕུང་དུ་གྱུར། བདག་ལ་ཚུར་འདུས་པས་ཉེས་སྐྱོན་བྱང་ཞིང་དག་ནས་ཡེ་ཤེས་ཀྱི་སྐུ་ནག་ནོག་གི་དྲི་མ་དང་བྲལ་བ་ཤེལ་སྒོང་ཕྱིས་པ་ལྟར་གསལ་ཞིང་དྭངས་པར་བསམ་མོ། །དགེའོ། །དགེའོ།། །།


previousདཔལ་ཆེན་ཡང་དག་གི་རྒྱུན་གྱི་རྣལ་འབྱོར་རུ་ལུ་གསང་བའི་དགོངས་པ། རྡོ་རྗེ་ཐུགས་མཆོག་རྩལ།next