Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དྲུག་པ།


   
   
   
   
   
   
   
བགེགས་བསྐྲད་སྲུང་འཁོར་བསྒོམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབགེགས་བསྐྲད་སྲུང་འཁོར་བསྒོམ་པ།next

བགེགས་བསྐྲད་སྲུང་འཁོར་བསྒོམ་པ།

བགེགས་བསྐྲད་སྲུང་འཁོར་བསྒོམ་པ་ལ། རང་ཉིད་སྐད་ཅིག་གིས་ཁྲོ་བོ་གཤིན་རྗེའི་གཤེད་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། དུས་མཐའི་མེ་ལྟར་འབར་བའི་སྤྱན་གསུམ་སྡང་མིག་གིས་གཟིགས་པས་བགེགས་དཔུང་བསྲེག་པར་བྱེད་པ། གཡས་རྡོ་རྗེ་བེ་ཅོན་གདེངས་ཤིང་། གཡོན་སྡིགས་མཛུབ་མཛད་པ། དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཅིང་པད་ཉི་རོའི་སྟེང་ན་དོར་ཐབས་ཀྱི་བཞུགས་པ། ཡེ་ཤེས་ཀྱི་མེ་རི་མེ་དཔུང་དམར་ནག་འབར་ཞིང་འཁྲུགས་པའི་ཀློང་ན་གར་གྱི་ཉམས་དགུའི་རོལ་པས་ཁྲོ་བོའི་སྤྲིན་རབ་འབྱམས་སྤྲོ་བའི་བདག་ཉིད་ཅན་དུ་གྱུར ། བགེགས་གཏོར་ཆབ་བྲན་ལ། རྃ་ཡྃ་ཁྃཿ སྟོང་པའི་ངང་ལས་ཏྲྃ་ལས་རིན་པོ་ཆེའི་སྣོད་དུ། ཁྃ་ལས་འདོད་ཡོན་གླུད་ཀྱི་གཏོར་མ་བདུད་རྩིའི་རང་བཞིན་འདོད་དགུའི་གཏེར་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་སོགས། ལན་གསུམ་གྱིས་བརླབས་ལ། ལྕགས་ཀྱུའི་ཕྱག་རྒྱ་བཅས། ཧཱུྃ་སརྦ་བིགྣཾ་ཨཱ་ཀཪྵ་ཡ་ཛ༔ ༀ་སརྦ་བིགྣཾ་ན་མ༔སརྦ་སོགས་ནམ་མཁའ་མཛོད་ཀྱིས་བསྔོ། དེ་ནས་བཀའ་བསྒོ་བ་ནི། ཧཱུྃ་ང་ནི་དཔལ་ལྡན་གཤིན་རྗེའི་གཤེད། །ཁྲོ་བོ་ཀུན་གྱི་རྗེ་བཙན་ཡིན། །ཐོས་པས་ཁྲོ་ཚོགས་ཀུན་འཇིགས་ན། །བགེགས་ཚོགས་རྣམས་ལ་སྨོས་ཅི་དགོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ལན་ཆགས་གཏོར་མ་འདི་ལོངས་ལ། །འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་བཀའ་ལས་འདའ་བྱེད་ན། །རྡོ་རྗེ་བེ་ཅོན་འབར་བ་སོགས། །ཕྱག་མཚན་མེ་དཔུང་ཁྲོ་ཕྲེང་གིས། །རྡུལ་དུ་བརླག་པར་གདོན་མི་ཟ། །དེ་བས་རང་རང་གནས་སུ་དེངས། །ༀ་ཨཱཿཧཱུྃ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཧཱུྃ་བཞིའི་སྔགས་བརྗོད་ཅིང་ཐུགས་ལས་ཁྲོ་ཚོགས་ཕྱག་མཚན་མེ་དཔུང་གི་ཆར་ཉི་རྡུལ་ལྟར་གོ་མཚ མས་མེད་པར་དཀྲིགས་པས་བར་ཆད་ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་བསམ། དེ་ནས་སྲུང་འཁོར་བསྒོམས་པ་ནི། འཕྲོས་པའི་མེ་འོད་མཚོན་ཆ་རྣམས་ཚུར་འདུས་པའི་གུར་ཁང་ལ་ཁྲོ་བོ་རྣམས་འདུས་ཏེ་ཁྲོ་བོ་བཅུ་ཡི་རང་བཞིན་དུ་སྲུང་བའི་ལས་མཛད་པར་བསམས་ལ། ཧཱུྃ་གཙུག་ཏོར་འཁོར་ལོས་བསྒྱུར་བའི་ངོ་བོ་ཉིད། །མི་ཤིགས་རྡོ་རྗེ་སྲུང་བའི་འཁོར་ལོ་ལ། །བདུད་འདུལ་ཁྲོ་བོ་བཅུ་ཡིས་ཡོངས་སུ་གཏམས། །ཕྱག་མཚན་མེ་དཔུང་གུར་གྱིས་ཕྱོགས་ཀུན་ཁྱབ། །བར་ཆད་བགེགས་ཚོགས་འདའ་བའི་གནས་མེད་ཅིང། །གཞོམ་མེད་ལྷུན་གྱིས་གྲུབ་པ་ཡེ་ཤེས་ཀྱི། །རང་སྣང་རྟག་བརྟན་རྡོ་རྗེའི་ཕོ་བྲང་ཆེ། །ཆོས་དབྱིངས་འདུས་མ་བྱས་པའི་མཁའ་ལ་ཤར། །བྷྲཱུཾ་བཛྲ་ཛྙཱ་ན་རཀྴ་ཧཱུྃ་ཧཱུྃ་ཨཱཿ དེ་ནས་བརྡའ་ཕྱག་དང་དམ་བཅའ་ནི། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་སྙིང་ཁར་བཅས་ལ། ཧཱུྃ། འཁོར་འདས་ཀུན་གྱི་སྙིང་པོ་འཇམ་པའི་དཔལ། །རང་རིག་གདོད་མའི་ལྷ་ལ་ཕྱག་འཚལ་ཞིང་། །མི་འདའ་གསང་མཆོག་རྡོ་རྗེའི་དམ་ཚིག་གིས། །རྟག་ཏུ་འདུ་འབྲལ་མེད་པར་གཟུང་བགྱིའོ། །ༀ་ཨཱཿབཛྲ་ས་མ་ཡ་ཧཱུྃ་ཧོ༔ ཞེས་གཞུང་གི་ལྷན་ཐབས་སུ་སྦྱར་བར་བྱ་སྟེ་ལྕགས་སྦྲུལ་ཟླ་བ་གསུམ་པའི་ཚེས་ཉེར་གཅིག་ལ་གང་ཤར་བྲིས་པ་དགེའོ།། །།


previousབགེགས་བསྐྲད་སྲུང་འཁོར་བསྒོམ་པ།next