Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
ཡང་གསང་ཚེ་ཡི་སྒྲུབ་པ་འཆི་མེད་རྡོ་རྗེའི་སྲོག་གྲུབ། འཇམ་དཔལ་དགྱེས་པའི་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡང་གསང་ཚེ་ཡི་སྒྲུབ་པ་འཆི་མེད་རྡོ་རྗེའི་སྲོག་གྲུབ། འཇམ་དཔལ་དགྱེས་པའི་རྡོ་རྗེ།next

ཡང་གསང་ཚེ་ཡི་སྒྲུབ་པ་འཆི་མེད་རྡོ་རྗེའི་སྲོག་གྲུབ། འཇམ་དཔལ་དགྱེས་པའི་རྡོ་རྗེ།

ཡང་གསང་ཚེ་ཡི་སྒྲུབ་པ་འཆི་མེད་རྡོ་རྗེའི་སྲོག་གྲུབ་བཞུགས་སོ། །འཇམ་དཔལ་སྒྲུབ་ཐབས་ལས་ཡང་གསང་ཚེ་ཡི་སྒྲུབ་པ་འཆི་མེད་རྡོ་རྗེའི་སྲོག་གྲུབ་སྦྱར་བར་འདོད་ན། བརྟེན་གྱི་རྟེན་མདའ་དར་དང་། ཚེ་འབྲང་ཚེ་རྫས་ཀྱི་རིལ་བུས་བསྐོར་བ་དང་། ཚེ་ཆང་བཤམས་ལ་ལས་གཞུང་བསྲང་། བསྟོད་པའི་མཇུག་ཏུ་འཆི་མེད་ཚེ་སྒྲུབ་ཀྱི་བཟླས་དམིགས་འདི་སྦྱར་བར་བྱ་སྟེ། ཐུགས་ཀར་རྡོ་རྗེའི་རྒྱ་གྲམ་སྟེང༔ གསལ་འཚེར་ཉི་ཟླའི་གྭའུ་རུ༔ སྔགས་ཀྱི་ཕྲེང་བའི་དབུས་ཉིད་ན༔ དྭངས་མའི་ཐུགས་སྲོག་དྷཱིཿཡི་དབུས༔ མི་ཤིགས་བྷྲཱུྃ་གྱི་ཡི་གེའི་ཁོང༔ བདག་གི་བསོད་ནམས་ངོ་བོ་ནི༔ ཨ་ཡིག་དཀར་པོའི་ཁོང་སེང་དུ༔ སྲོག་དངོས་ནྲི་ལྗང་འོད་དུ་འབར༔ ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ཡིས༔ རང་གི་བླ་ཚེ་བརྐུས་ཉམས་བཀུགཿ འཁོར་འདས་སྣོད་བཅུད་ཐམས་ཅད་ཀུནཿ འོད་དུ་བཞུས་པའི་དྭངས་མའི་བཅུདཿ ཨཱ༔ཡིག་དཀར་པོ་འོད་ཟེར་དང༔ བཅས་པའི་རྣམ་པར་འུབ་ཀྱིས་འདུས༔ སྙིང་གའི་ས་བོན་ལ་ཐིམ་པས༔ གཟི་བརྗིད་བཀྲག་མདངས་ཆེས་ཆེར་རྒྱས༔ དེ་ཡང་གཉུག་མའི་རིག་པ་དང༔ རོ་མཉམ་འགྱུར་མེད་ངང་དུ་བསྲེ༔ གཞོམ་མེད་རྡོ་རྗེའི་སྲོག་གྲུབ་གྱུར༔ ཞེས་དམིགས་པ་དྲག་ཏུ་སྩལ་སྦ་ལ། ༀ་ཨ་ར་པ་ཙ་ན་དྷཱི༔ ༀ་ནྲྀ་བྷཱུྃ་བཛྲ་ཛྙཱ་ན་ཨཱ་ཡུཿཥེ་ཧཱུྃ་ཨཱ༔ བརྒྱ་སྟོང་ཁྲི་འབུམ་རྟགས་དང་སྦྱར་ལ་བཟླས་པས་ཚེ་ཉི་ཟླ་དང་མཉམ་པར་འགྱུར་རོ། །གཞན་དོན་དུ་བྱེད་ན་གཞན་ལྷར་གསལ་ལ་དམིགས་པ་སླའོ། །ཐུན་མཐར་ཚེ་འགུགས་པ་ནི་དམིགས་པ་གཟེར་ཞིང་དབྱངས་སྙན་པ་བཅས་མདའ་དར་གཡབ་ལ། ཧཱུྃ་ཧྲཱི༔ འཁོར་འདས་ཆོས་ཀུན་མཉམ་པ་ཉིད་གྱུར་པའི། །གདོད་ནས་རྣམ་དག་རང་བྱུང་ཡེ་ཤེས་སྐུ། །འཕོ་འགྱུར་བྲི་གང་བྲལ་བ་ཚེ་ཡི་ལྷ། །བཅོམ་ལྡན་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་། །བདེ་སྟོང་ཕྱག་རྒྱ་ཆོས་དབྱིངས་ལྷ་མོ་ཆེ། །གང་འདུལ་རྣམ་རོལ་སྲས་བཅས་རྒྱལ་བའི་ཚོགས། །ཏིལ་གྱི་གོང་བུ་ཕྱེ་བ་ལྟ་བུ་ཡི། །རབ་འབྱམས་རྩ་གསུམ་ཚེ་ཡི་ལྷ་ཚོགས་ཀུན། །ཐུགས་དམ་བསྐུལ་ལོ་ཡེ་ཤེས་ཐུགས་རྗེས་དགོངས། །བདེ་སྟོང་རྡོ་རྗེའི་ལྕགས་ཀྱུ་ཞགས་པ་སོགས། །འོད་ལྔའི་ཟེར་ཕྲེང་ཕྱག་མཚན་མགྱོགས་མའི་ཚོགས། །ཁ་བ་བུ་ཡུག་བཞིན་དུ་འཚུབས་པ་ཡིས། །སྣོད་བཅུད་སྲིད་དང་ཞི་བའི་སྣང་ཆ་ཀུན། །བདེ་སྟོང་འོད་དུ་འཁྱིལ་ཞིང་ཤིགས་ཤིག་བསྐྱོད། །རང་གི་བླ་ཚེ་ཉམས་འཁྱར་ཡར་བ་དང་། །གདོན་བགེགས་བྱད་ཀྱིས་བརྐུས་པ་ཐམས་ཅད་བཀུག །ནམ་མཁའ་རླུང་མེ་ཆུ་ས་འབྱུང་བའི་བཅུད། །ནམ་མཁའི་དབྱིངས་ཁྱབ་ཁམས་གསུམ་སྐྱེ་རྒུའི་དཔལ། །ལྷ་དང་དྲང་སྲོང་གྲུབ་པའི་སྟོབས་རྩལ་དང་། །ཉི་ཟླ་ནོར་བུ་དཔག་བསམ་གཏེར་གྱི་གཡང་། །སྲས་བཅས་རྒྱལ་བ་རྩ་གསུམ་ཚེ་ཡི་ལྷའི། །མི་ཟད་བྱིན་རླབས་གསང་བའི་ཚེ་མཆོག་བཅུད། །མདོར་ན་འཁོར་འདས་ལམ་གྱི་དཔལ་ཡོན་ཀུན། །འོད་ལྔའི་ཐིག་ལེ་སྐུ་དང་ཡིག་འབྲུ་དང་། །ཕྱག་མཚན་བཀྲ་ཤིས་རྫས་ཀྱི་རྣམ་པ་རུ། །ཁབ་ལེན་རྡོ་ཡིས་ལྕགས་བཞིན་བསྡུས་ནས་ཀྱང་། །མཁའ་དབྱིངས་འོད་དུ་འཁྱིལ་བའི་ལུ་གུ་རྒྱུད། །དྭངས་མ་སྲོག་གི་རྟེན་ལ་བསྟིམས་མཛད་ནས། །མི་ཤིགས་རྡོ་རྗེ་ཚེ་ཡི་ཀ་བ་ཚུགས། །རྩ་རླུང་ཐིག་ལེ་ལུས་ཀྱི་འབྱུང་བ་གསོས། །ཉམས་རྟོགས་ཡེ་ཤེས་མཐུ་རྩལ་ནུས་པ་སྤེལ། །འཆི་མེད་འོད་སྐུ་འགྲུབ་པར་མཛད་དུ་གསོལ། །འཁོར་འདས་བདེ་ཆེན་ཐིག་ལེར་གྲོལ་བའི་དཔྱིད། །རང་སྣང་ཡེ་ཤེས་བདུད་རྩིའི་སྤྲིན་ཆེན་ལས། །རྩ་གསུམ་རྒྱལ་བ་དགྱེས་པའི་བྱིན་རླབས་རྒྱུན། །འཛད་མེད་ཆར་དུ་ཕོབ་ལ་དགེ་མཚན་བསྐྱེད། །གསང་བའི་དམ་རྫས་རྣམས་ལ་བཅུད་མཆོག་བསྐྱིལ། །རྩ་རླུང་རིག་པའི་ཁམས་ལ་བདེ་དྲོད་སྦོར། །གསང་མཆོག་བསྒྲུབས་པའི་རྟགས་མཚན་དངོས་སུ་སྟོན། །རེ་བའི་འབྲས་བུ་དུས་འདིར་མཆིས་པར་མཛོད། །རིག་སྟོང་ཀུན་ཁྱབ་གདོད་མའི་ཡེ་ཤེས་ནི། །རང་བྱུང་འཕོ་འགྱུར་བྲལ་བའི་ངང་ཉིད་དུ། །འཕོ་ཞིང་གཡོ་བའི་འགྱུར་བ་ཀུན་བསྡམས་ནས། །གཞོམ་མེད་རྡོ་རྗེའི་སྐུ་རུ་འགྲུབ་པར་མཛོད། །ཞེས་ཚེ་བཀུག་ནས་མཐར་རྒྱས་གདབ་གསུམ་གྱི་རྟེན་འབྲེལ་བྱ་སྟེ། དེ་ཡང་དང་པོ་ཚེ་མི་ཉམས་པར་གནས་པའི་ཕྱིར་སྲུང་བའི་རྒྱལ་པོ་བྷྲཱུྃ་གྱིས་རྒྱས་གདབ་པ་ནི། ཚེ་བཅུད་ཐམས་ཅད་བཀུག་ནས་བསྟིམ་པའི་མཐར། བྷྲཱུྃ་ལས་འོད་འཕྲོས་པས་ཕྱིའི་ཉི་ཟླའི་གའུ་སྒོ་ང་ལྟར་སྲུབས་མེད་པ་སྲ་བརྟན་རྡོ་རྗེའི་རང་བཞིན་དུ་གྱུར་པས་ཚེ་ཉམས་ཤིང་འཕོ་བ་མེད་པར་བྱིན་གྱིས་བརླབས་པར་བསམས་ལ། བྷྲཱུྃ་གཅིག་པུ་ཅི་རིགས་བཟླ། དེ་ནས་བར་ཆད་དང་གནོད་པ་སྲུང་ཕྱིར་དྲག་པོ་ཐུགས་ཀྱི་ཡི་གེས་རྒྱས་གདབ་པ་ནི། ཧཱུྃ་བཟླས་པས་གའུའི་ཕྱི་ནས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པའི་དྲ་བ་ལུ་གུ་རྒྱུད་དུ་འབྲེལ་བ་ལྟེ་བར་ཧཱུྃ་གིིས་མཚན་པས་གྭའུ་དང་གདན་རྡོ་རྗེའི་རྒྱ་གྲམ་མི་ཕྱེད་པར་བཅིངས་ཤིང་གང་གིས་ཀྱང་མི་ཚུགས་པའི་རང་བཞིན་ཅན་དུ་བྱིན་གྱིས་བརླབས་པར་བསམས་ལ། ཧཱུྃ་ཇི་རིགས་པ་བཟླའོ། །གསུམ་པ་ནམ་ཡང་མི་འཕོ་བའི་ཕྱིར་དུ་གཞོམ་མེད་ཀྱི་ཡེ་གེས་རྒྱས་གདབ་པ་ནི། དྭངས་མའི་སྲོག་བཅུད་དེ་དག་གཉུག་མའི་སྲོག་དང་རང་བཞིན་གྱིས་འདུ་འབྲལ་མེད་པར་ཤེས་པའི་ལྟ་བས་གདོད་མའི་རིགས་པ་འགྱུར་མེད་བློ་འདས་ཀྱི་ངང་ལ་བཞག་ཅིང་དེའི་མདངས་སྐྱོང་བཞིན་ཨ་ཞེས་བཟླས་པས་གདབ་པར་བྱའོ། །རྟགས་མཐོང་ནས་རྫས་ལས་དངོས་གྲུབ་བླངས་ཞིང་ཐུན་མཐར་མཆོད་བསྟོད་སོགས་ཆོ་གའི་ལས་རྗེས་གཞུང་ལྟར་བྱའོ། །ཟབ་ཨི་ཐིཿ རིག་འཛིན་བརྒྱུད་པའི་མན་ངག་གི་སྙིང་པོ་ཡིན་ནོ་གསང་རྒྱ། རབ་ཚེས་ལྕགས་སྦྲུལ་ཟླ་བ་གསུམ་པའི་ཚེས་ཉེར་གཅིག་ལ་བྲིས་སོ་དགེ།། །།


previousཡང་གསང་ཚེ་ཡི་སྒྲུབ་པ་འཆི་མེད་རྡོ་རྗེའི་སྲོག་གྲུབ། འཇམ་དཔལ་དགྱེས་པའི་རྡོ་རྗེ།next