Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡ་མ་རཱ་ཛ་སྐུ་ཁྲོས་པའི་རྒྱུད།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡ་མ་རཱ་ཛ་སྐུ་ཁྲོས་པའི་རྒྱུད།next

ཡ་མ་རཱ་ཛ་སྐུ་ཁྲོས་པའི་རྒྱུད།

ཡ་མ་རཱ་ཛ་སྐུ་ཁྲོས་པའི་རྒྱུད་བཞུགས་སོ། །འདི་གཏེར་ཆེན་གསན་ཡིག་ན་མི་བཞུགས།

རྒྱ་གར་སྐད་དུ། ཤྲཱི་ཡ་མ་རཱ་ཛ་ཀཱ་ཡ་ཀྲོ་དྷ་ཀ་ལ་ཏནྟྲ། བོད་སྐད་དུ། དཔལ་གཤིན་རྗེའི་གཤེད་ཡ་མ་རཱ་ཛ་སྐུ་ཁྲོས་པའི་རྒྱུད། བཅོམ་འདས་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །ལྷོ་ཕྱོགས་གཤིན་རྗེའི་འཇིག་རྟེན། །གཤིན་རི་ཕྱིན་ཅི་ལོག་གི་རྩ་བ་ན། །གཤིན་གྱི་བླ་མཚོ་མེར་བ་ཡོད། །དུག་མཚོ་ཁོལ་མའི་ནང་ཤེད་ན། །དུག་གི་སྡིག་པ་ནག་པོ་ཡོད། །ཁ་རླངས་དུག་ཏུ་འཕྲོ་བ་ལས། །ནག་པོ་གེལ་པ་འཇིགས་པའི་གཟུགས། །སྟོབས་ཆེན་མགྲིིན་པ་ཡངས་ལ་རྔམས། །ཐུགས་ནི་རྒྱ་མཚོའི་གཏིང་ན་གནས། །ཚེ་སྲོག་ཀུན་གྱི་བདག་པོ་མཛད། །གསུང་གི་ང་རོས་འཇིག་རྟེན་གཡོ། །སྲོག་དང་དབུགས་ཀྱི་བདག་པོ་མཛད། །སྐུ་ནི་རི་རབ་ངོས་ལ་བརྟེན། །འཆི་བདག་བདུད་ཀྱི་བདུད་གཅིག་པོ། །གཤིིན་རྗེ་ནག་པོ་ཞེས་ཀྱང་གྲགས། །བདུད་མོ་ཁྲག་གི་རལ་པ་ཅན། །སྲིད་གསུམ་ཟས་སུ་ཟ་བྱེད་མ། །ལས་ཀྱིས་བསྟུན་པའི་ཡུལ་དུ་གནས། །མགོ་འཁོར་ཁྲག་སྐྱུགས་བརྒྱལ་པ་དང་། །གསོད་པར་བྱེད་པའི་གཤིན་རྗེ་ཡིས། །གནོན་ཅིང་བསྲེགས་ལ་གཡེངས་ཤིང་འཐོར། །ནག་པོ་བཀྲག་མེད་བདུད་ཀྱི་གཙོ། །སྲོག་གཤེད་ནག་པོ་གིང་གི་གཙོ། །ཁྲག་སྐྱུགས་ཟོར་ཐོགས་མ་མོའི་གཙོ། །ཞེ་སྡང་གདུག་པ་གཏུམ་པོའི་ཚོགས། །ཕུང་པོ་ལྔ་ལ་དབང་བསྒྱུར་བ། །ཕོ་གཤེད་སུམ་བརྒྱ་དྲུག་ཅུ་ཡིས། །གསོད་པར་བྱེད་པའི་གཤིན་རྗེ་བྱེད། །འབྱུང་བ་ལྔ་ལ་དབང་བསྒྱུར་བ། །མོ་གཤེད་བདུན་བརྒྱ་ཉི་ཤུ་ཡིས། །བླ་སྲོག་འགུགས་པའི་གཤིན་རྗེ་བྱེད། །ཡ་མ་བདུན་བརྒྱ་ཉི་ཤུ་ཡིས། །ཉིན་དང་མཚན་མོའི་འཁོར་ལོ་བསྐོར། །སྲིད་པ་གསུམ་གྱི་སེམས་ཅན་རྣམས། །འགུགས་དང་གནོན་དང་གསོད་པའི་ལས། །འཇིགས་བྱེད་གཤིན་རྗེའི་ལྟོ་བར་འཇུག །ཞལ་ནས་གདུག་པའི་ང་རོ་འདིས། །ཁམས་གསུམ་འཁྲུགས་པར་གྱུར་པ་ལས་། །འཇམ་དཔལ་ཁྲོ་བོ་གཤིན་རྗེའི་གཤེད། །ཡ་མ་རཱ་ཛ་ཁྲོས་པ་དེས། །སྤྲུལ་པས་འཇིག་རྟེན་དབང་བསྡུད་ཕྱིར། །གསང་བའི་ཡུམ་དང་གཉིས་མེད་ལས། །སྤྲུལ་པ་ཡེ་ཤེས་ཁྲོ་བོའི་ཚོགས། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ཁྲོ་བོའི་གྱད་ཀྱི་འདོར་སྟབས་ཀྱིས། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ནག་པོ་གེལ་པ་གཏུམ་པོའི་ཚོགས། །རབ་ཏུ་གཟིར་ནས་སྲོག་འཕྲོགས་པས། །ལས་ཀྱི་གཤིན་རྗེ་གཏུམ་པོའི་ཚོགས། །གུས་པས་ལུས་བཏུད་གདན་དུ་ཕུལ། །ཞལ་ནས་དམོད་པ་དྲག་པོའི་ཐུན། །སྲོག་གི་སྙིང་པོ་དྲིལ་ཏེ་ཕུལ། །དཀྱིལ་འཁོར་ཆེན་པོ་བསྲུང་བ་ཡི། །ལས་དང་བྱ་བ་ཁས་བླངས་ཏེ། །སྙིགས་མ་ལྔ་བརྒྱའི་དུས་ཉིད་དུ། །གཤིན་རྗེ་མཐར་བྱེད་གང་བསྒྲུབ་པའི། །རྣལ་འབྱོར་ཆེན་པོའི་ཕྲིན་ལས་རྣམས། །མྱུར་དུ་བསྒྲུབ་པར་ཁས་བླངས་པས། །ལས་ཀྱི་བདག་པོར་དབང་བསྐུར་ནས། །དམོད་པའི་ཁ་ཐུན་དྲག་པོ་དེས། །དུག་གི་མཚོན་ཆ་བྱིན་གྱིས་བརླབས། །སྒྲོལ་གིང་བདག་པོར་མཚན་གསོལ་ཏོ། །དེ་ནས་རྡོ་རྗེ་སྙིང་པོ་དེས། །འཇིགས་བྱེད་སྐུ་ལ་འདི་སྐད་གསོལ། །འཇམ་དབྱངས་ཁྲོ་བོ་རྔམ་པའི་སྐུ། །འབར་བྱེད་འཇིགས་པའི་གཏུམ་བག་ཅན། །གདུག་པ་བཏུལ་བ་དེ་ལྟར་ན། །གཤིན་རྗེ་དཔའ་བོ་བསྒྲུབ་པ་དང་། །འཆི་བདག་བཤན་པ་བཀོལ་བ་དང་། །ལས་རིམ་རྫོགས་པ་ཇི་ལྟར་བགྱི། །དེ་ནས་འཇམ་དབྱངས་ཁྲོ་བོ་ཡིས། །འཁོར་ལ་ངེས་པར་བཀའ་སྩལ་པ། །སྐྱེ་མེད་དབྱིངས་ལས་རོལ་པ་ཡི། །བསྟན་པའི་སྙིང་པོ་གསང་བའི་དོན། །ལུས་དང་ཡན་ལག་སྤུ་གྲིའི་སོ། །ལས་ཀྱི་ཐུས་ཀ་གསང་བ་ཡི། །ཞལ་གྱི་དམོད་པ་དུག་གི་ངར། །རྣལ་འབྱོར་ཅན་ལ་གནས་བྱའི་ཕྱིར། །བསྙེན་སྒྲུབ་རྫོགས་པའི་ལས་མཐའ་རུ། །རྣལ་དང་བཟློག་དང་ལྟོ་དཀྲུགས་དང་། །འཆི་བདག་བསྙེན་དང་འབོད་པ་དང་། །ལུས་སྲོག་འབྱེད་དང་མ་གྲུབ་སྤོགས། །གཤིན་རྗེ་བདུན་བརྒྱ་ཉི་ཤུ་ཡི། །ཡང་སྙིང་དྲིལ་བའི་དམོད་པ་ཡིས། །དྲག་པོ་དཔའ་སྨད་ཨར་ལ་གཏད། །གནོན་པ་ལས་ཀྱི་ཐུས་ཀ་རུ། །ཀླུ་བདུད་སྦྲུལ་ནག་ལྟོ་བསྡེབས་བྱ། །བསྐྱོད་པ་ཟོར་གྱི་མདེའུ་ཀ་རུ། །བདུད་ཀྱི་ལྕམ་མོ་ཁྲག་མིག་གདགས། །ཡ་མ་རཱ་ཛ་སྐུ་ཁྲོས་པའི། །གསང་བའི་བཀའ་བརྒྱུད་སྙིང་པོའི་བཅུད། །གསང་བ་དོན་གྱི་མན་ངག་འདི། །དྲོད་ཐོབ་ཤིས་དང་ལྡན་པ་དང་། །སྟོབས་ལྡན་ཕྱག་རྒྱར་གསལ་བ་ཡི། །དམོད་པའི་རྒྱལ་པོ་ལས་ཀྱི་མཆོག །ཐབས་ཀྱིས་གྲོལ་བའི་ལམ་ཆེན་འདི། །ཉེ་བར་གྱུར་པའི་དོན་དུ་བཤད། །དཔལ་ཡ་མ་རཱ་ཛ་སྐུ་ཁྲོས་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། ༈ །།དེ་ནས་རྡོ་རྗེ་སྙིང་པོ་ཡིས། །འཇིགས་བྱེད་སྐུ་ལ་འདི་སྐད་གསོལ། །འཇམ་དབྱངས་ཁྲོ་བོ་རྔམ་པ་ཡི། །བསྙེན་ཅིང་སྒྲུབ་པ་ཇི་ལྟ་བུ། །དེ་ནས་འཇམ་དབྱངས་ཁྲོ་བོ་ཡིས། །ཡེ་ཤེས་ལྷ་དང་ལས་བྱེད་ཀུན། །བསྙེན་པའི་དུས་སུ་གསུངས་པ་ཉིད། །དུར་ཁྲོད་ཆེན་པོ་མ་ལ་ཡ། །ཤན་དམར་རི་དང་རི་ནག་སྤུངས། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་པའི། །བྲག་གམ་ཡང་ན་ས་ཕུག་དང་། །མི་རོ་སྤུངས་པའི་ས་ཕྱོགས་སམ། །ནགས་ཁྲོད་སྟག་གཟིག་འགྲིམ་པའི་གནས། །ཉམས་དགའ་ས་ཕྱོགས་དབེན་པ་རུ། །ལྟ་སྤྱོད་གདེངས་ལྡན་རྣལ་འབྱོར་གྱིས། །དཔལ་བརྟུལ་ཁྲོ་བོའི་གྲོགས་ཁྲིད་ལ། །བསྒྲུབ་པའི་ཉི་མ་བརྩིས་ལ་འཇུག །ས་ཕྱོགས་ཞི་བར་བྱས་ནས་ནི། །མི་རོ་སྤུངས་པའི་ས་བླངས་ལ། །སྟེགས་བུ་བྱས་ལ་ཁྲག་གིས་བྱུགས། །མཆོད་པ་ལྔ་དང་བ་ལིང་གསུམ། །དགོས་པའི་རྫས་རྣམས་ཀུན་ཚོགས་ནས། །སྔོན་དུ་བསོད་ནམས་ཚོགས་བསགས་ནས། །དེ་ཉིད་ཡེ་ཤེས་ཚོགས་ཆེན་རྫོགས། །དུར་ཁྲོད་རོ་ཡི་གོས་བླངས་ལ། །ཆར་སྲིན་ནག་པོའི་མདོག་འདྲ་བའི། །ཡབ་ཡུམ་སྲས་དང་བཅས་པ་བྲི། །ལྷོ་ཕྱོགས་དམིགས་པའི་རྟེན་དུ་དགྲམ། །རང་གི་རིག་པ་བྱང་ཆུབ་སེམས། །སྐྱེ་མེད་སེམས་ཉིད་དོན་གྱི་ལྷ། །ངང་ལས་རྫོགས་པ་ཁྲོ་བོའི་སྐུ། །འཁོར་བ་མི་དམིགས་མྱ་ངན་འདས། །མ་བཅོས་རྣལ་འབྱོར་ངང་ལ་གནས། །གྲངས་དང་དུས་དང་མཚན་མ་ཡིས། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །དགོས་པའི་དོན་ནི་གང་ཡང་རུང་། །བསྙེན་ན་དངོས་གྲུབ་ཐོབ་པར་འགྱུར། །བཟླས་པའི་ཡི་གེ་བཅུ་བདུན་པ། །ཁྲོ་བོ་ཉིད་ཀྱིས་གསུངས་པ་དག །མི་སྨྲ་མི་སྤུར་མི་འཁྱམས་པས། །འབུམ་ཕྲག་ལྔ་གཉིས་རྫོགས་པར་བྱ། །དེ་ཚེ་མཚན་མ་ལུས་ལ་འབར། །འོད་དང་སྒྲ་དང་ལུང་སྟོན་དང་། །རྨི་ལམ་རྟགས་ནི་དུ་མ་འབྱུང་། །གལ་ཏེ་གྲུབ་པར་མ་གྱུར་ན། །སྒྲུབ་རྫས་བསྐྱར་ལ་བསྙེན་པ་སྤོགས། །གཙོ་བོའི་བསྙེན་པ་གྲངས་ཐེམས་ནས། །ལྷ་ཡི་མཚན་མ་མ་མཐོང་ན། །བསྙེན་པའི་ཡི་གེ་ལྟོ་ནས་བཟློག །ལྷ་ཉིད་གནད་ལ་དབབ་པ་སྟེ། །དེ་རྟགས་མངོན་དུ་སྟོན་པ་ཡིན། །ལྷ་རྟགས་མངོན་དུ་གྱུར་པའི་ཚེ། །དངོས་གྲུབ་བླང་བའི་ཆོ་ག་བྱ། །རྒྱ་ཆེ་བ་ཡི་མཎྜལ་ཡང་། །རཀྟ་ཆེན་པོས་བྱུག་པར་བྱ། །དཔལ་དང་མ་མོའི་གཏོར་མ་བཤམ། །གཤིན་རྗེ་ཕོ་མོའི་དམ་རྫས་དང་། །སྣང་སྲིད་མ་མོ་འདུ་བའི་ཕྱིར། །རཀྟ་དམར་གྱི་ཨརྒྷཾ་བཀྲམ། །དངོས་གྲུབ་དམ་ཤིས་བླང་བའི་ཕྱིར། །བཀྲ་ཤིས་ཕུན་སུམ་ཚོགས་པ་དང་། །ཚེ་དང་གལ་ཕྱིས་ལ་སོགས་པ། །སྤྱོད་པའི་ཡོ་བྱད་སྣ་ཚོགས་དགྲམ། །སྔགས་པ་ཆས་གོས་ལེགས་གྱོན་ལ། །ཀུ་ཤའི་སྟན་ལ་འདུག་ནས་ནི། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ལ། །རྣམ་པར་རྟོག་མེད་ཆོས་ཀྱི་དབྱིངས། །དེ་ཡི་ངང་ལས་སྙིང་རྗེའི་ཤུགས། །རྟོག་མེད་ཀུན་ཏུ་གདལ་ཁྱབ་འོད། །དེ་ལ་རྒྱུ་ཡི་རྣམ་པར་ལྡན། །འོད་ཟེར་འཕྲོ་འདུའི་སྦྱོར་བ་ལས། །འབྱུང་བ་ཡེ་ནས་དག་པ་ཡི། །ལྷུན་གྲུབ་ཕོ་བྲང་གཞལ་ཡས་སུ། །དྲེགས་པའི་སྟན་ལ་སྐུ་མཐིང་ནག །ཧཱུྃ། རྡོ་རྗེ་འཕྲོས་ལས་ཁྲོ་བོའི་སྐུ། །རང་གི་ཚིག་གིས་བསྐུལ་བ་ཡི། །ང་ཡི་གཟུགས་སུ་གྲུབ་པར་བྱོས། །ཁྲོ་བོའི་རྒྱལ་པོ་ཡ་མའི་གཤེད། །མཐིང་ནག་འཇིགས་པའི་གཏུམ་བག་ཅན། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དབུ་སྐྲ་ཁམ་ནག་སྤྱན་དགུ་འབར། །ཞལ་གདངས་མཆེ་གཙིགས་ལྗགས་རློག་ཅིང་། །སྨིན་མཚམས་གློག་བཞིན་འོད་དུ་འབར། །འབྲུག་གློག་འཚུབས་མ་འཐོར་ཞིང་འབྱིན། །ཞིང་དབྱུག་དགྲ་སྟྭ་རལ་གྲི་གཡས། །སྡིགས་མཛུབ་མདུང་དང་ཐོད་ཁྲག་ཐོགས། །རིགས་བཞིས་རྒྱན་མཛེས་དཔལ་ཆས་བརྒྱན། །ཐོད་སྦྲུལ་ཉི་ཟླས་སྐུ་ལ་སྤྲས། །མ་ཧེ་སྨུག་པོའི་ཁྲི་སྟེང་ན། །གྱད་ཀྱི་འཇིགས་ཚུལ་བརྗིད་པར་གནས། །རྡོ་རྗེ་སྐུ་ཡི་བྱིན་རླབས་ལས། །སྐྱེ་མེད་ཆོས་དབྱིངས་སྦྱོར་བའི་ཡུམ། །གྱེན་དུ་སྐྲ་བརྫེས་གསུས་མོ་ཆེ། །ཏྲི་ཤུལ་བྷན་དམར་ཐོགས་ནས་ཀྱང་། །གཙོ་ལ་འདུད་པའི་ཚུལ་དུ་བཞུགས། །དུག་གསུམ་རྩད་གཅོད་ཁྲོས་མའི་ཡུམ། །མཐིང་ནག་མི་སྙིང་སྤྱང་མོ་བསྣམས། །རབ་ཏུ་ཁྲོས་པའི་ཚུལ་དུ་གནས། །འཇིགས་བྱེད་ཐུགས་ཀྱི་བྱིན་རླབས་ལས། །མེ་དཔུང་ནང་ནས་ཁྲོ་བོའི་སྐུ། །འཇིགས་བྱེད་ཡ་མ་རཱ་ཛ་དང་། ནག་མོ་མིག་དམར་ཁྲོ་གཉེར་ཅན། །མངགས་པ་ལས་ཀྱི་ཕོ་ཉར་བསམ། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་ཚོགས། །དཔག་ཏུ་མེད་པའི་བསྐོར་ནས་ནི། །བདག་ཉིད་རྣམ་པར་གསལ་བ་འོ། །ཡང་དང་ཡང་དུ་བསྒོམ་པར་བྱ། །འཇམ་དབྱངས་ཁྲོ་བོ་ཧཱུྃ་རིང་གིས། །སྐུ་རྒྱན་གཅིག་པའི་དཀྱིལ་འཁོར་ལ། །བསྟོད་ཅིང་གསལ་གདབ་བསྐུལ་བ་ཡིས། །གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར། །དྲག་པོ་སྔགས་ཀྱི་ཚམས་རྔམ་བརྗོད། །མཐིང་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས། །ཡ་མཱནྟ་ཀ་སྤྱན་དྲངས་ནས། །མཆོད་ཅིང་བསྟོད་པ་དག་ཀྱང་བྱ། །རྟག་པར་ཆུ་བོའི་རྒྱུན་བཞིན་དུ། །སྔགས་ཀྱི་རིམ་པ་ཡི་གེ་བྱ། །དངོས་གྲུབ་ཆེན་པོ་བསྒྲུབས་བྱས་ལ། །ཅི་ལྟར་འདོད་པ་བཞིན་དུ་བླང་། །གསང་སྔགས་ཡེ་གེའི་ཕྲེང་བ་ལ། །གསོད་པ་སྤུ་གྲིའི་སྔགས་བཏགས་ལ། །ཉི་མ་བཞི་རུ་ལས་ལ་སྦྱར། །ཐུན་གྱི་ཁ་གསོ་རྒྱུན་དུ་འབད། །ཅེས་གསུངས་སོ། །དཔལ་གཤིན་རྗེ་ཡ་མ་རཱ་ཛ་སྐུ་ཁྲོས་པའི་རྒྱུད་ལས། གཤིན་རྗེ་དཔའ་བོ་བསྙེན་ཅིང་སྒྲུབ་པའི་ལེའུ་སྟེ་གཉིས་པའོ།། ༈ །།དེ་ནས་འཇིགས་བྱེད་ཆེན་པོ་དེས། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །སྔགས་ཀྱི་ངེས་པ་བཤད་པར་བྱ། ། ཨཱོྂ་ས་མ་ཡ་མཉྫུ་ཤྲཱི་མུ་ཏྲ་ཡ་མཱནྟ་ཀ་པཉྩ་ཏེ་རོ་ནི་ཧཱུྃ་ཛཿ ཨཱོོྂཾ་ས་མ་ཡ་མཉྫུ་ཤྲཱི། ཡ་མཱནྟ་ཀ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཙ་ཏི་ཛ་ཛཿ ཏྲག་རག་ཤ་མུ་དྲ་སྙིང་ཁ་རག་མ་བྷྱོ། རག་མོ་ཏེ་ཀུཾ་ཛ་ཛཿ ཁ་ལ་མ་ཧི་བྷྱོ་བྷྱོ། ཡ་ཡ་ལོན་ལོན་ཙིཏྟ་མ་མ་བྷྱོ་ཛཿ སྙིང་ཁ་རག་མོ་སྲོག་ལ་བྷྱོ་བྷྱོ། འཕགས་པའི་ནང་ནས་གཤིན་རྗེའི་གཤེད། །རྡོ་རྗེ་ཁྲོ་མོ་འཇིགས་པ་ཆེ། །འཆི་བདག་གཤིན་རྗེ་བཤན་པའི་ཚོགས། །འཁོར་ནི་ནག་མོ་འབུམ་དང་བཅས། །བསྙེན་ཅིང་བསྒྲུབ་ན་གང་ཡང་འགྲུབ། །སྐྱེ་མེད་དབྱིངས་ལས་སྤྲུལ་པ་ཡི། །ཤེས་སྐྱོབ་ལས་རྣམས་འགྲུབ་པས་ན། །གསང་སྔགས་ཡི་གེའི་རིམ་པར་བྱ། །ཨཱོོྂཾ་ཤྲཱི་མཉྫུ་ཡ་མཱནྟ་ཀ །ཡ་མ་ར་ཙ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡཀྵེ་ཡ་ཙ་ནི། ར་མ་ཡ་ཧཱུྃ་ཕཊ། ཡེ་ཤེས་ལྷ་ཡི་སྙིང་པོ་སྟེ། །འཇིག་རྟེན་དྲེགས་པ་ཀུན་གྱི་སྲོག །མ་ལུས་འདུས་པའི་སྟོབས་དཔག་མེད། །རང་བཞིན་སྟོང་པ་སྤྲོས་དང་བྲལ། །ཡེ་ཤེས་རིག་པའི་ཀློང་དུ་བརྡལ། །སྨིན་ཅིང་གྲོལ་བའི་ཐབས་མཆོག་སྟེ། །སྤྲོས་བྲལ་རྣམ་ཤེས་སྐྱོབ་པ་ཉིད། །འདི་དག་བདེ་བའི་ལམ་མཆོག་ཡིན། །སྔགས་ནི་ལྷ་ཡི་མིང་ཡིན་ལ། །མཚན་དང་དཔེ་བྱད་ཡོངས་རྫོགས་པས། །ཕྱག་རྒྱ་ཆེན་པོ་ཤེས་སྐྱོབ་ཉིད། །ནམ་མཁའ་རིན་ཆེན་རྒྱ་མཚོ་ས། །གནམ་ཐོག་སེང་གེ་ཁྱུང་ཆེན་མེ། །ཀམ་པ་ཀྱི་བ་སོ་མ་རི། །རམ་ཡམ་བམ་ལམ་ཙ་མ་རི། །ནཱ་ག་དེ་བ་རག་ཤ་དང་། །ཨ་དང་ཁྱབ་བྱེད་ཧོན་བུ་དང་། །ཡ་མ་ཀ་ལི་བདེ་བའི་ཀློང་། །ཡིད་བཞིན་ཕྲེང་བ་ལྟ་བུར་བཤད། །ཡོན་ཏན་མཐའ་ཡས་ཤེས་སྐྱོབ་ཉིད། །དྲེགས་པའི་སྲོག་དང་འགྲོ་དྲུག་སེམས། །དུས་གསུམ་བདེ་གཤེགས་རྒྱལ་བའི་ཐུགས། །དངོས་གཞི་མ་བཅོས་རྣལ་མ་ཡི། །རྩ་བ་མི་འགྱུར་བྱང་ཆུབ་སེམས། །གཅིག་ནི་ཀུན་གྱི་རང་བཞིན་ཡིན། །ཁྲོ་བོ་ཉིད་ཀྱི་གསུངས་པ་ཡིན། །ཐུགས་ཀྱི་སྙིང་པོ་གསང་བ་སྟེ། །སྡུག་པའི་ཡི་གེ་མཚོན་པ་ནི། །ཡིད་དང་དབང་པོར་རང་གྲོལ་གྱི། །བརྒྱད་ཡངས་ལྔ་ཡི་འདུ་ཤེས་མེད། །རི་མོ་ལ་ནི་སེམས་བཞག་སྟེ། །མྱུར་བུལ་ཡི་གེ་འདྲེས་སྤངས་ཏེ། །རྒྱུན་གྱི་སྤྱོད་ལམ་ཐམས་ཅད་ཀུན། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིས། །ཡན་ལག་མ་ཉམས་བདེ་བར་བཟླས། །ཕྱག་རྒྱ་བསྟན་དང་དམིགས་པ་ཐོབ། །བདེ་བའི་ཡེ་ཤེས་སྐྱེ་བ་སྟེ། །གྲོལ་བའི་ཕྱག་རྒྱ་ཡང་དག་ལམ། །འདི་དག་བདེ་དང་སྨིན་པའི་མཆོག །བགྲོད་དང་ཕྱག་རྒྱ་སྟོབས་མེད་ཅིང་། །བླ་མའི་བཀའ་ལུང་མ་ཐོབ་བར། །ཇི་སྲིད་བཟླས་པ་བརྩོན་པ་དག །སུན་འབྱིན་གྲོལ་མེད་འཆིང་བའི་གནས། །དངོས་མེད་གྲོལ་བའི་ལམ་མཆོག་བྲལ། །བདེ་མེད་རང་འཆིང་མནར་མེད་སྤྱོད། །དེ་བཞིན་སྐྱོན་སྤངས་ཡོན་ཏན་ལྡན། །ཡིད་བཞིན་ནོར་བུ་ལྟ་བུ་སྟེ། །མ་ལུས་དགོས་པའི་དོན་ཀུན་འགྲུབ། །དཔལ་ཡ་མ་རཱ་ཛ་སྐུ་ཁྲོས་པའི་རྒྱུད་ལས། གསང་སྔགས་ཡི་གེའི་ངོ་བོ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ༈ །།དེ་ནས་རྡོ་རྗེ་སྙིང་པོ་ཡིས། །གསང་སྔགས་རིམ་པ་འདི་ལྟར་ན། །དྲག་པོ་ཕྲིན་ལས་སྦྱར་ཁ་རུ། །གནག་པའི་ཁ་ཐུན་ཇི་ལྟར་བཅའ། །ལས་ཀྱི་འཁོར་ལོ་ཇི་ལྟར་བསྐོར། །འཇམ་དབྱངས་ཁྲོ་བོས་དངོས་གསུངས་པ། །སྙིགས་མ་ལྔ་བརྒྱའི་དུས་ཉིད་དུ། །སངས་རྒྱས་བསྟན་པ་འཇིག་པའམ། །ཉམས་པ་བདུན་པོ་བསྒྲལ་བའི་ཕྱིར། །དུར་ཁྲོད་མ་ལ་ཡ་ཡི་གནས་མཆོག་ཏུ། །སྟོབས་ལྡན་མཆོག་ཏུ་གྱུར་པ་ཡི། །བྱེད་པའི་འཆིང་བ་གསུམ་སྤངས་ཤིང་། །དམན་པའི་སྙིགས་མ་གསུམ་དོར་ན། །བདེ་བའི་རིག་པ་གསུམ་རྙེད་དེ། །དྲུག་ལྡན་གསུམ་དང་ལྡན་པའོ། །རྣལ་འབྱོར་བདེ་བའི་ལམ་ཆེན་དེ། །མི་འཇིགས་སེང་གེ་ལྟ་བུར་བྱ། །དུར་ཁྲོད་ཆེན་པོའི་ས་དག་ལ། །སྔགས་ཀྱི་མཚན་མ་ཐོབ་པ་དེས། །མཎྜལ་མདའ་གང་གྲུ་བཞི་ལ། །དམེ་ཁྲག་སྣ་ཚོགས་བྱུག་པར་བྱ། །དབུས་སུ་དྲག་པའི་བྲུབ་གནས་སུ། །དུག་དང་ཁྲག་གིས་བྱུག་པར་བྱ། །ཁ་ཁྱེར་གདུག་པའི་རྩང་གིས་བསྐོར། །ཉམས་པའི་གཟུགས་ནི་འབྲི་བར་བྱ། །རྣམ་ཤེས་གནས་ནས་འགུགས་པ་ཡི། །ཛཿཡི་བར་དུ་ཡི་གེ་ནྲྀ། །འབོད་ཅིང་སྒྲོག་པར་བྱེད་པས་ན། །མིང་དང་རུས་ཀྱང་བྲི་བར་བྱ། །གདུག་པའི་ཁྲམ་ལ་འདེབས་པ་ཡི། །མཚོན་ཆའི་ཡི་གེ་འཁོར་བར་བྲི། །སྔགས་དང་ཏིང་འཛིན་ཕོ་ཉ་ཡིས། །རྣམ་ཤེས་བཀུག་ལ་གཟུགས་ལ་བསྟིམ། །གུ་གུལ་སྦྱར་མའི་དུད་པ་ཡིས། །ལྷ་ལྔ་མྱོས་ཤིང་འཚུབས་པར་བྱེད། །ལྷ་ལྔ་བསྐྲད་ཕྱིར་ཞབས་མས་དགབ། །སྔོ་དམར་སྐུད་པས་རྐེ་ནས་གདགས། །དུར་ཁྲོད་གནས་ནས་འཁོར་ལོའི་རྒྱུ། །རབས་ཆད་མོན་དང་མུ་སུ་ར། །ནག་པོ་མི་ཤིག་མགོ་བླངས་ལ། འགུག་རྒྱལ་ཆུ་དང་དྲི་ཡིས་བསང་། །མ་ནོར་ཐོད་པ་གཤགས་པར་བྱ། །ལྟག་པའི་ཕྱོགས་ན་གནས་པ་ཡི། །སྲིད་པ་རང་གྲུབ་གཤིན་རྗེ་བཙལ། །ནག་པོ་གེལ་པ་སེང་གེའི་ཚུལ། །ཞལ་བགྲད་མཆེ་བ་གཙིགས་པའོ། །སྲིད་གསུམ་ཟས་སུ་ཟ་བའི་ཚུལ། །ལྟག་པ་འཆི་བདག་ཞལ་དབྱེ་འོ། །ནག་པོ་གེལ་པ་འཇིགས་པ་ཆེ། །དངོས་ནི་བྱེ་བ་གུང་རིངས་སོ། །དེ་ཡི་སྙིང་གར་ཡི་གེ་ཡ། །རྡོ་སོལ་ནག་པོས་བྲི་བར་བྱ། །ཞལ་ནས་ཁ་ཐུན་ངན་སྔགས་ནི། །འཆི་བདག་མཐའ་མར་འཁོར་བར་བྲི། །ཞལ་གྱི་དམོད་པ་ནག་པོ་སྟེ། །འཁོར་ལོ་ཐུན་བརྡེབས་བསྒྲལ་བའི་ལས། །ཀ་པཱ་ལ་རུ་རོ་ལངས་བྲི། ལྟོ་བའི་ནང་དུ་འཁོར་ལོ་ནི། །ཁམསས་གསུམ་སྲིད་གསུམ་གྲོང་ཁྱེར་གསུམ། །ཡུམ་གྱི་ལྟོ་ན་ཡོད་པས་ན། །ཁོང་ཁྱུད་རིམ་པ་གསུམ་དུ་བསྐོར། །ཐོད་མཁར་ལྔ་དང་བཙོན་ཁང་བཞི། །ལྕགས་མཁར་བཅུ་གཉིས་བཅུ་དྲུག་ཏུ། །མཁས་པས་གཤིན་རྗེའི་གྲོང་ཁྱེར་བྱ། །དབུས་སུ་འཕེལ་བྱེད་མཱུ་ལའི་ཡ། །ཁང་པ་བཞི་རུ་འབྱུང་བ་བཞི། །གཤེད་ཀྱི་ཡི་གེ་འཁོར་བར་བྱ། །བཅུ་གཉིས་མེ་དབལ་ཡི་གེ་ལ། །བཅུ་དྲུག་ཁ་གནོན་གསང་སྔགས་བྲི། །མུན་དོང་ནང་དུ་གདུག་པ་ཡི། །ཀླུ་ཡི་འཁོར་ལོ་བྲི་བར་བྱ། །དེ་ཡི་ཕྱི་རིམ་དག་ཏུ་ཡང་། །དམོད་པ་དུག་གི་སྤུ་གྲི་བྲི། །འཆི་བདག་དམོད་པ་ཞེས་སུ་གྲགས། །དེ་ནས་ཐོད་པ་ཁ་སྦྱར་ལ། །རྫ་རྔ་བརྡུང་ཞིང་གཤིན་རྗེ་འབོད། །ཚིལ་ཆེན་མེ་དང་གསུར་དུད་གཏོང་། །མཁུར་བ་བུས་ཏེ་བཤུགས་གླུ་བླང་། །རཀྟ་དམར་གྱི་ཨརྒྷཾ་དང་། །སྨུག་ཆེན་སྨུག་ཆུང་སྙིང་ལ་འབོད། །འཆི་བདག་བསྐྱེད་ལ་སྤྱན་དྲངས་བསྟིམ། །དབང་དུ་བསྡུས་ལ་ཕྲིན་ལས་བཅོལ། །མཆོད་བསྟབ་ལས་ཀྱི་གཤེད་མར་བསྐུལ། །དུར་ཁྲོད་རས་སམ་རྒྱ་ཤོག་ལ། །གཅོད་པ་ནམ་མཁའི་འཁོར་ལོ་བྲི། །རིམ་པ་གསུམ་ལྡན་མཚོན་ཆ་དང་། །ཐོད་དབྱུག་རལ་གྲི་མཚོན་ཆ་དང་། །བེ་ཅོན་རྒྱ་གྲམ་སྣ་ཚོགས་བྲི། །རྩང་བཞི་ཧོམ་ཁུང་ཁ་ལ་དགྲམ། །རྣམ་ཤེས་གཅོད་ཅིང་འགུགས་པ་སྟེ། །མཚོན་ཆའི་འཁོར་ལོ་ཞེས་སུ་གྲགས། །རབས་ཆད་དང་ནི་མོན་ཐོད་དུ། །དམེ་ཁྲག་གསུམ་དང་དུག་ཏུ་སྦྱར། །དྲག་པོའི་སྔགས་ནི་བསྟིམ་ཞིང་བསགས། །གསང་བ་ཐུགས་ཀྱི་འཁོར་ལོ་ཡིན། །དེ་ནས་འཁོར་ལོ་བསྐོར་བ་དག །ཕྱི་ནང་གསང་བའི་རིམ་པ་ཡིས། །ཚོགས་བརྒྱད་འཇོམས་པའི་ཡ་ཚོགས་བརྒྱད། །དྲིལ་གཏོར་སྔགས་ཀྱི་མཚོན་ཆ་སྟེ། །ཕྱི་ཡི་འཁོར་ལོ་ཡིན་པར་འདོད། །ནད་དགུ་འཇོམས་པ་དྲག་པོའི་འབྲུ། །གཟེར་དགུ་འདེབས་པ་མཚོན་ཆའི་སོ། །གྱེན་ཟློག་གནད་ཀྱི་རིམ་པ་ནི། །བཅུ་བདུན་དྲག་པོ་རུས་སྦལ་འགྲོས། །གསང་བའི་སྔགས་སུ་དེ་ལ་བཤད། །ཡང་གསང་དྲག་པོ་གནད་ཀྱི་གཅོད། །རྣལ་དང་ལྡོག་དང་ལྟོ་དཀྲུགས་པ། །ཡང་གསང་ཐུགས་ཀྱི་མཚོན་ཆར་བཤད། །ངན་སྔགས་དུག་གི་མཚོན་ཆ་སྟེ། །རྩ་བ་སྤུ་གྲི་གཅོད་པའི་ངར། །མཚོན་ཆ་ལས་ཀྱི་ངེས་པ་བཤད། །ཡ་མ་ར་ཙ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། ཆྒཻ་མོ་ཞིག་ཨ་མུ་ཀཾ་པྲ་མ་ཡ་ཧཱུྃ་ཕཊ། རག་ཏ་ཙ་ར་ཡ་ཧཱུྃ་ཕཊ། མུར་ཙ་ཡ་ཧཱུྃ་ཕཊ། མཱ་ར་ཡ་ཧཱུྃ་ཕཊ། ར་ཙ་ས་ཏོ་རུ་ན་ཡོ་ཏ་ཡ། ར་ནི་ཙ་ཡ་ར་ནི་ཡོ་ཏ་ཡ། ཏོ་རུ་ན་ཡོ་ནི་ར་ཡ་ཀྵེ་ཡ། ཏོ་ས་ཙ་ར་ནི་ཙ་ཡ་ཀྵེ་ཡ། ཡོ་ནི་ར་ཡ་ཙ་ནི་ར་མ་ཡ། ཡོ་ན་རུ་ཏོ་ས་ཙ་ར་མ་ཡ། ཡ་ཙ་ནི་ར་ཙ་ས་ཏོ་མེ་ཡ། ཡ་ར་ནི་ཡོ་ན་རུ་ཏོ་མེ་ཡ། ཆྒཻ་མོ་ཨ་མུ་ཀཾ། སྙིང་བམ་རིལ་རྦད་ཡ། ཁ་ཏྲ་པ་ལ་མུ་དྲ་རྦད་ཡ། རུ་ཏ་ནན་ཁྲམ་ཏ་རྦད་ཡ། མཱ་ར་ཡ་ཁྲམ་དུ་རྦད་ཡ། ཡ་མ་མེ་ཏ་ཀྵེ། ར་ཙ་ས་ཏོ་རུ་ན་ཡོ་ནི་ར་ཡ་ཙ་ནི། ཀ་བ་བཞི་ཡི་འཁྲུལ་འཁོར་གྱིས། །ཉིན་དང་མཚན་མོའི་ལས་བྱ་བ། །གསང་བའི་འཁོར་ལོ་བཤད་པ་ཡིན། །ཡང་གསང་སྙིང་པོ་བཅུ་དང་འབྲུ། །ཡ་མ་མེ་ཏ་ཀྵེ། ནི་ར་ཙ་ས་ཏོ་རུ་ན་ཡོ་ནི་ར་ཡ་ཙ། དྲག་པོ་དུག་གི་འབྲུ་ཐུས་དེ། །འཆི་བདག་ལས་ལ་འབོད་པ་སྟེ། །རྣལ་མའི་ལས་སུ་བཤད་པ་ཡིན། །ཡ་མ་ཀྵེ་ཏ་མེ། ཙ་ར་ནི་ཙ། ཡ་ར་ནི་ཡོ། ན་རུ་ཏོ་ས། དྲག་པོ་གནད་གཅོད་དུག་གི་མཚོན། །གཤིན་རྗེའི་དམག་དཔུང་འབེབས་པ་སྟེ། །བཟློག་པ་གསོད་པའི་ལས་སུ་བཤད། །ཡ་མ་མེ་ཏ་ཀྵེ། ནི་ར་ཡ་ཙ། ནི་ར་ཙ་ས་ཏོ་རུ་ན་ཡོ། རྒྱུ་མཐུན་དྲག་པོའི་དྲག་སྔགས་དེ། །ཐུན་གྱི་ལས་སུ་དེ་ལ་འདོད། །ཡ་མ་ཀྵེ་ཏ་མེ། ན་རུ་ཏོ་ས་ཙ་ར་ནི་ཙ། ཡ་ར་ནི་ཡོ། འབྲུ་ཐུས་ལས་ཀྱི་ཐུས་ཀ་དེ། །མ་གྲུབ་སྤོགས་པའི་ལས་སུ་བཤད། །ཨར་ལ་གཏད་པའི་དྲག་སྔགས་དེ། །དཀྲུགས་པའི་སྔགས་སུ་གསུངས་པ་ཡིན། །མཱ་ར་ཡ་ཡི་སོ་གདགས་སམ། །ཡང་ན་ཉིན་བཞི་གོ་རིམ་བཞིན། །དྲག་པོའི་འཁོར་ལོ་བསྐོར་བར་བྱ། །ཆྒཻ་མོ་ཨ་མུ་ཀཾ། སྲོག་ལ་ཧྲི་ཤག་རྦད། ཙིཏྟ་བྲེང་ཤག་ཛཿ སྲོག་ལ་ཐུན་རྨུགས་རྦད། ཙིཏྟ་བྲེང་ཤག་རྦད་ཛཿ སྲོག་ལ་ཐུན་ཤག་རྦད། ནྲྀ་ཙིཏྟ་བྲེང་བྲེང་ཧུར་ཐུམ་ཛཿ སྲོག་ལ་གཟིར་ཤག་རྦད། ཙིཏྟ་བྲེང་ཤག་ཛཿ སྲོག་ལ་བྲེང་བྲེང་རྦད། ནི་སྲོག་ལ་དུན་དུན་རྦད། ཁམ་ཤང་རྩ་ལ་རྦད། སྲོག་ལ་མྱོགས་རྦད། ཁྱེར་ཆུང་མུགས་ཏི་ལིང་ཤག་ལོང་ཛཿ སྲོག་རྩ་ཁྲག་ཏི་སྙིང་ཕྱུང་ཐུམ་རིལ་རམ་ཤག་རྦད། གསོད་པ་སྤུ་གྲི་མཚོན་ཆ་སྟེ། །ལུས་སྲོག་འབྱེད་པའི་སྔགས་སུ་བཤད། །ཟླ་བ་ཐ་ཆུང་མར་ངོ་ལ། །དྲག་པོའི་ལས་ལ་སྦྱར་བར་བྱ། །འཁོར་ལོ་མཚོན་ཆ་མེ་དབལ་གྱིས། །རྩ་སྲོག་ཤེས་པ་འདྲལ་བར་བྱེད། །སྔགས་ཀྱི་སྟོངས་ཚིག་བར་བར་དུ། །སྤྱི་རྒྱུག་སྔགས་ཀྱི་ཕྲུ་ཕྲུགས་བྱ། །དགོང་ཁ་རོ་ལངས་རུབ་དུས་སུ། །དྲག་པོ་ཁ་ཐུན་སྔགས་ཀྱིས་གདབ། །རྒྱུན་གྱི་འཛབ་ཀྱིས་ཁོག་ཕུབ་ལ། །གཤིན་རྗེ་ནག་པོས་ཁྲམ་ལ་གདབ། །ཡུངས་ཀར་སྔགས་ཀྱིས་བླ་འགུགས་ཤིང་། །ཁྲག་ཐུན་དག་གིས་བསྣུན་ཅིང་གདབ། །འཁོར་ལོ་གཅོད་པའི་གྲོགས་སུ་འགྱུར། །ལས་ཀྱི་སྦྱོར་བ་རྫོགས་པ་དང་། །ཚེས་གཅིག་དག་ཏུ་རྩིས་པ་ཡི། །ཉི་མ་ས་འོག་སོང་བ་ལ། །དུར་ཁྲོད་གནས་སམ་ཀླུ་ཡི་གྲོང་། །འབྱུང་བོའི་སྲང་དུ་མནན་པར་བྱ། །མནན་པའི་ལས་རྣམས་རྫོགས་པ་དང་། །ཟོར་གྱི་ཁ་གསོ་རྒྱུན་མི་བཅད། །ཅེས་གསུངས་སོ། །དཔལ་ཡ་མ་རཱ་ཛ་སྐུ་ཁྲོས་པའི་རྒྱུད་ལས། ཁ་ཐུན་འཁོར་ལོ་གཅོད་བྱེད་ཀྱི་ལེའུ་སྟེ་བཞི་པའོ།། ༈ །།དེ་ནས་རྡོ་རྗེ་སྙིང་པོ་ཡིས། །ཁ་ཐུན་འཁོར་ལོ་ནག་པོ་ཡི། །ལས་ཀྱི་རིམ་པ་ཇི་ལྟར་བྱ། །འཆི་བདག་ལས་ཀྱི་གཤིན་རྗེ་རྣམས། །གཤེད་མ་ལས་ལ་རྦད་པ་དང་། །དྲག་པོ་ཐུན་གྱིས་གསོད་པ་ཡི། །ཐུན་གྱི་ལས་རྣམས་ཇི་ལྟ་བུ། །འཇམ་དབྱངས་ཁྲོ་བོས་ངེས་གསུངས་པ། །གདུག་བྱེད་གཤིན་རྗེ་ཕོ་མོ་རྣམས། །འདི་ནས་བྱང་དུ་རི་བོའི་གཤེད་དམར་བསྐུལ་བ། རྨངས། །དཔག་ཚད་བརྒྱད་ཁྲི་མར་འདས་ན། །རྒྱ་མཚོ་རླུང་གི་བར་དག་ན། །ཐོད་པ་ལྕགས་ཀྱི་མུན་ཁུང་ན། །གཤིན་རྗེ་ཡོངས་ཀྱི་དེད་དཔོན་པོ། །མ་མོ་ཀུན་གྱི་ཚོགས་རྗེ་བོ། །ཀླུ་བདུད་ཡོངས་ཀྱི་སྲིན་པོ་སྟེ། །གསོན་གཤིན་གཉིས་ཀྱི་ཟམ་ཁ་བ ། །གསོན་པོ་སྐོས་ལ་འདེབས་པར་བྱེད། །ཤི་བ་ཀུན་གྱི་གཤིན་བུ་རྗེ། །གཤིིན་རྗེ་ནག་པོ་དགྲ་བོའི་གཤེད། །བདུད་པོ་མི་ཟན་སྐྱེ་འགྲོའི་བདུད། །བྱེ་བ་གུང་རིངས་སུས་མི་བཟློག །མེ་ལྕེ་གློག་གི་ཕྲེང་བ་ཅན། །ལག་ན་བེ་ཅོན་འཁོར་ལོ་ཐོགས། །ཟས་སུ་དམ་ཉམས་སྲོག་དབུགས་ཟ། །མ་ཧེ་ནག་པོ་ཞོན་ནས་སུ། །ཐོག་དང་སེར་བ་ཞལ་ནས་འབེབས། །བསྟན་པ་འཇིག་པའི་དགྲ་བོ་འདི། །ཁྲམ་ལ་ཐོབ་ལ་སྟོང་ལ་རྒྱུས། །བེ་ཅོན་རྒྱོབ་ལ་འཁོར་ལོ་བསྐོར། །བདུད་མོ་ཁྲག་མིག་རལ་ཡུམ་བསྐུལ། པ་ཅན། །སྲིན་གསུམ་ལྟོ་ན་འཆང་བ་མོ། །ཤ་ཁྲག་སྲོག་དབུགས་བདག་མོ་སྟེ། །ལས་ཀྱི་རླུང་དམར་ཞོན་ནས་ནི། །ལག་ན་ཐོད་པ་ཁྲག་སྐྱོ་ཞིང་། །འདུ་བ་རྣམ་བཞིའི་ནད་གཏོང་མ། །བསྟན་པ་འཇིག་པའི་དགྲ་བོ་འདི། །ཁྲམ་ལ་ཐོབ་ལ་སྟོང་ལ་རྒྱུས། །ཁྲག་མདའ་བུ་ཡུག་ཆར་ལྟར་ཕོབ། ༈ །སྤྲུལ་པ་གཤིན་རྗེ་ནག་པོའི་ཚོགས། །ཕོ་བྲང་ལྕགས་མཁར་གླིང་དགུ་ནས། །འཆི་བདག་གཤིན་རྗེ་ལས་ལ་རྒྱུག །གཤིན་རྗེ་ཆོས་ཉི་མ་དང་པོའི་ལས་བྱེད་པར་བསྐུལ། ཀྱི་རྒྱལ་པོ་ནི། །མཐིང་ནག་མ་ཧེ་སྔོ་ནག་བཅིབས། །ལག་ན་རལ་གྲི་ཞགས་པ་བསྣམས། ༡ །བཀའ་ཉན་གཤིན་རྗེ་སྲིད་པའི་སྐོས་འདེབས་པར་བསྐུལ། ཕྱྭ་སངས་ནི། །དཀར་སྐྱ་ཉི་ཟླའི་འཁོར་ལོ་ཞོན། །ལག་ན་ཚེ་སྲོག་བུམ་པ་ཐོགས། །མགོ་འཁོར་བྱེད་པའི་གཤིིན་རྗེ་དང་། །ཚེ་སྲོག་སྡུད་པའི་གཤིན་རྗེ་ཡིས། །ཚངས་པའི་རྩ་ཆེན་གཅོད་པའི་ཕྱིར། །ཁྲམ་ལ་ཐོབ་ལ་སྟོང་ལ་རྒྱུས། །མཚོན་ཆས་གཏུབས་ལ་འཁོར་ལོ་བསྐོར། ༢ །གཤིན་རྗེའི་སྲིད་པས་གཞི་འཛིན་པར་བསྐུལ། རྒྱལ་པོ་ཡ་བ་ཏི། །སྔོ་ནག་ཆུ་གླང་སྔོན་པོ་ཞོན། །ལག་ན་རལ་གྲི་དགྲ་སྟྭ་བསྣམས། ༣ ། བཀའ་སྲིད་པའི་དབུགས་ལེན་པར་བསྐུལ། ཉན་གཤིན་རྗེ་ཏེལ་པ་ནི། །ནག་པོ་རྔ་མོང་རླུང་ལ་ཞོན། །ལག་ན་གསོད་བྱེད་མདའ་གཞུ་ཐོགས། །ཁྲག་ཏུ་སྐྱུག་པའི་གཤིན་རྗེ་དང་། །སྲོག་དབུགས་ལེན་པའི་གཤིན་རྗེ་ཡིས། །མགྲིན་པའི་རྩ་ཆེན་གཅོད་པ་དང་། །ཁྲམ་ལ་ཐོབ་ལ་སྟོང་ལ་རྒྱུས། །མཚོན་ཆས་གཏུབས་ལ་འཁོར་ལོ་བསྐོར། ༤ །གཤིན་རྗེ་ཨ་བ་གླང་སྲིད་པའི་ཁོག་འབུབ་པར་བསྐུལ། མགོ་ནི། །བདུད་ཀྱི་དྲེལ་རྟ་རྐང་གསུམ་ཞོན། །ལག་ན་ལྕགས་ཀྱུ་ཞགས་པ་ཐོགས། ༥ །བཀའ་ཉན་གཤིན་རྗེ་རྨིགས་སྲིད་པའི་བརྐུ་བར་བསྐུལ། པ་ནི། །སྔོ་ནག་རླུང་ཤ་རུ་བཅུ་ཞོན། །ལག་ན་བེར་ཀ་ཞགསས་པ་ཐོགས། །བརྒྱལ་བར་བྱེད་པའི་གཤིན་རྗེ་དང་། །བླ་སྲོག་ལེན་པའི་གཤིན་རྗེ་ཡིས། །ལྟེ་བའི་རྩ་ཆེན་གཅོད་པའི་ཕྱིར། །ཁྲམ་ལ་ཐོབ་ལ་སྟོང་ལ་རྒྱུས། །མཚོན་ཆས་གཏུབས་ལ་འཁོར་ལོ་བསྐོར། ༦ །གཤིན་རྗེ་རལ་པ་སྲིད་པའི་དབྱེན་བྱེད་པར་བསྐུལ། ཚར་དགུ་ནི། །ལྗང་ནག་གདུག་པ་སྦྲུལ་ལ་ཞོན། །ལག་ན་དབྱུག་པ་ཞགས་པ་ཐོགས། ༧ །བཀའ་ཉན་གཤིན་རྗེ་སྲིད་པའི་བླ་སྲོག་གཅོད་པར་བསྐུལ། མིག་དམར་ནི། །དམར་པོ་ལྐུགས་པ་ལུག་ལ་ཞོན། །ལག་ན་སྤུ་གྲི་ཞགས་པ་ཐོགས། །གསོད་པར་བྱེད་པའི་གཤིན་རྗེ་དང་། །རྩ་སྲོག་གཅོད་པའི་གཤིན་རྗེ་ཡིས། །སྙིང་གི་རྩ་ཆེན་གཅོད་པའི་ཕྱིར། །ཁྲམ་ལ་ཐོབ་ལ་སྟོང་ལ་རྒྱུས། །མཚོན་ཆས་གཏུབས་ལ་འཁོར་ལོ་བསྐོར། །གཤིན་རྗེའི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །གསོད་བྱེད་གཤིན་རྗེའི་ཆུང་མ་སྟེ། །ནག་མོ་རལ་པ་འབེབས་པ་མོ། །བདུད་ཀྱི་ལྕམ་མོ་ཁྲག་མིག་མ། །མོན་མོ་གསེར་གྱི་རྣ་ཆ་ཅན། །ཉམས་པའི་དགྲ་བོ་བསྒྲལ་བའི་ཕྱིར། །ཁྲམ་ལ་ཐོབ་ལ་སྟོང་ལ་རྒྱུས། །མྱོས་པ་ཁྲག་གི་ཐུན་ཕོབ་ཅིག །གསོད་པ་དུག་གི་ཐུན་ཕོབ་ལ། །གསོད་བྱེད་གཤིན་རྗེའི་གནས་སུ་ཁྲིད། །མཚོན་ཆའི་འཁོར་ལོའི་རྩིབས་ལ་སྐྱོན། །གཤིན་རྗེའི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །གདུག་བྱེད་གཤིན་རྗེ་ཕོ་མོ་རྣམས། །སྲོག་དམར་གཤེད་ལ་བསྐུལ་བར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོའི་ཐུན་སྔགས་འདི་གསུངས་སོ། །ཨཱོོྂཾ་ཡ་མ་རཱ་ཛ་ས་ཏོ་མེ་བྷྱོ་རུ་ལུ་རུ་ལུ་ཧཱུྃ་ཕཊ། བམ་རི་ལི་ལི་རྦད་ནན། ཨཱོོྂཾ་དུབ་ནུར་དུབ་ནུར་ཆྒཻ་མོ་ཚལ་པ་ཚལ་པ་ནན། ཨཱོོྂཾ་སྙིང་གཤོགས་མེ་ཁ་ལ་མུ་ལོ་ཙ་ཐུན་ནན། ཨཱོོྂཾ་སྭ་སྟི་རུ་རུ་ཁོང་ཁྲ་ར་ཙ་ནན་ཆྒཻ་མོ་མཱ་ར་ཡ་ནན། ཨཱོོྂཾ་མུན་ཡ་མུགས་ཏི་སུབས་ཆྒཻ་མོ་ལ་ཆོ་ཆོ་བལ་ཧུབ་བལ་ཧུབ། བལ་ཡུ་བལ་ཡུ། སྙིང་གོང་རྩ་ཐུན་ནན། མ་ཐུན་ནན། ཁྲག་ཐུན་ཁོང་ཁྲག་ཆྒཻ་མོའི་ཁོང་ཁྲག་ལ་ཐུམ་རི་ལི་ལི་བྷྱོ། མྱོས་པ་ཁྲག་ལ་གསོད་པ་དུག །གདུག་པའི་མདའ་ལ་དྲིལ་ཏེ་བརྡེག །ཞལ་གྱི་དམོད་པ་དུག་མདའ་སྟེ། །འཁོར་ལོའི་ཁ་ནི་ཐུན་གྱིས་བཅད། །དཔལ་གཤིན་རྗེ་གཤེད་ཡ་མ་རཱ་ཛ་སྐུ་ཁྲོས་པའི་རྒྱུད་ལས། སྲོག་དམར་གཤེད་མར་སྲོག་ལ་བསྐུལ་ཞིང་། ཐུན་དབབ་པས་བསད་པའི་ལེའུ་སྟེ་ལྔ་པའོ།། ༈ །།དེ་ནས་རྡོ་རྗེ་སྙིང་པོ་ཡིས། །གདུག་བྱེད་འཆི་བདག་སྒྲུབ་པ་དང་། །ཐུས་ཀས་གསོད་པ་ཇི་བཞིན་པ། །ལས་རྣམས་ཀུན་གྱིས་མ་གྲུབ་ན། །གསོད་པ་ལས་ཀྱི་ཐུས་ཀ་རུ། །འཆི་བདག་གཤིན་རྗེ་དཔའ་སྨད་ཀྱི། །དམོད་པའི་དྲག་སྔགས་ཇི་ལྟར་བསྒྲུབ། །འཇམ་དབྱངས་ཁྲོ་བོས་ངེས་གསུངས་པ། །འཆི་བདག་གཤིན་རྗེ་ནག་པོ་ཡི། །གསོད་པ་ལས་ཀྱི་ཐུས་ཀ་རུ། །དྲག་པོ་དཔའ་སྨད་ཨར་ལ་གཏད། །ཞལ་དང་འཁོར་ལོའི་དམོད་པ་ཡིས། །གསང་བའི་དྲག་སྔགས་བསྟན་པ་ཡིན། །ཐོག་མར་བྱང་ཆུབ་སེམས་ལྡན་པས། །དུར་ཁྲོད་དགོན་པ་དེ་དག་ཏུ། །མི་བསད་ཡུལ་གྱི་ས་སྤུངས་ལ། །མཎྜལ་མདའ་གང་གྲུ་བཞི་ལ། །དབུས་སུ་གྲུ་གསུམ་ཆག་གང་བརྩིག །བང་རིམ་གསུམ་ལྡན་ནག་པོས་བྱུག །ཕྱི་རོལ་རཀྟས་དམར་པོ་བྱ། །གཏོར་མ་བདུད་རྩི་རཀྟ་དང་། །གཤིིན་རྗེ་ཕོ་མོའི་དམ་རྫས་བསགས། །མོན་དང་ནེལ་གྲིའི་ཐོད་པ་ལ། །མཁས་པས་གཤགས་ལ་འཆི་བདག་བྲི། །ཕོ་དང་མོ་ཡི་དྲག་སྔགས་ནི། །གཡས་དང་གཡོན་དུ་མ་ནོར་བྲི། །བེ་ཝ་སྭ་ཏྭ་སེང་གེའི་མགོ། །བསྐྱེད་པ་སྤྱན་དྲངས་དབང་བསྡུས་མཆོད། །ལྷོ་རུ་ཨ་མོ་ནི་ཛ་གཞུག །ཚས་ལྡན་དར་ནག་རེ་བས་བསྟུམས། །བྲུབ་ཁུང་བཅུག་ལ་རོ་གཡམ་བཀབ། །ཏིང་འཛིན་རྣམ་གསུམ་རིམ་པ་ལས། །གཤིན་རྗེའི་གཤེད་པོ་གསོལ་བར་བྱ། །མདུན་དུ་ལས་ཀྱི་གཤིན་རྗེ་བསྐྱེད། །སྤྱན་དྲངས་མཆོད་འབུལ་གཤེད་མར་དབབ། །དེ་ནས་ཉིན་མཚན་དམོད་པ་བྱ། །དགོང་ཁ་གྲིབ་སོ་བྱུང་བ་དང་། །རོ་ལངས་ལས་ལ་རུབ་དུས་སུ། །དམོད་པ་སྔགས་ཀྱི་ཕྲུ་ཕྲུགས་བྱ། །ལས་རྫོགས་བྲག་དང་ཆུ་འཐབ་བམ། །ཡང་ན་འབྱུང་པོའི་སྲང་དུ་མནན། །ཐོད་སྒྲུབ་ནག་པོའི་ལས་སུ་བཤད། །གཞན་ཡང་ཕོ་མོའི་ཐོད་པའམ། །དུར་ཁྲོད་རོ་རས་དེ་དག་ལ། །མཁས་པས་འཁོར་ལོ་བྲི་བར་བྱ། །ཕོ་མོ་ཞལ་གྱི་དམོད་པ་དགོད། །ཉི་མ་བཞི་རུ་ལས་ལ་སྦྱར། །ལས་རྣམས་གྲུབ་པར་དཔའ་བོས་བཤད། །ཉིན་བཞི་གདུག་པ་ཕོ་ཡི་སྔགས། །མཱ་ར་ཡ་ཡི་སྒྲ་སྒྲོགས་ལ། །མཚན་མོ་གདུག་པ་མོ་ཡི་སྔགས། །མ་ར་ནི་ཛའི་སྒྲ་སྒྲོགས་ལ། །གསང་བ་སྔགས་ཀྱི་སྤུ་གྲི་ལ། །རྣོ་དབལ་སྔགས་ཀྱི་སོ་བཏགས་ལ། །དམོད་པ་ཉིན་མཚན་བསྣོལ་མར་དྲངས། །སྤྱི་རྒྱུགས་སྔགས་ཀྱི་ཆར་ཕབ་ལ། །བླ་འགུགས་ཁྲམ་ལ་གདབ་པར་བྱ། །མྱོས་པའི་ཁྲག་གིས་རབ་བྱུགས་ལ། །གདུག་པ་ཅན་ནམ་ཤི་ས་མནན། །གཞན་ཡང་དམོད་པའི་ལས་བྱ་ན། །རབས་ཆད་ཐོད་པར་གྲུ་གསུམ་ཨེ། །དུག་ཁྲག་ལྡན་པས་བྲི་བར་བྱ། །དྲག་པོ་དམོད་པ་དྲིལ་བའི་མཆོག །བཟླས་ཤིང་གཟུགས་ལ་ཁྲག་ཐུན་དབབ། །ལས་རྫོགས་ལུང་དང་མཐུན་པར་སྦ། །དྲག་པོ་སྔགས་ཀྱི་གྲངས་རྫོགས་ཀྱང་། །ལུས་སྲོག་མངོན་དུ་མ་ཕྱེས་ན། །སྔགས་ཀྱི་ཡི་གེ་ལྟོ་ནས་བཟློག །དཀྲུག་པ་སྔགས་ཀྱི་ཤི་ས་བསྟན། །དེ་ནས་བཅོམ་ལྡན་འདས་ཀྱིས། འཆི་བདག་དུག་གི་སྤུ་གྲི་རྣོ་དབལ་འདི་གསུངས་སོ། །ཡ་མ་རཱ་ཛ་གཤིན་རྗེ་ས་ཏྭ་ཡམ། ཡ་མ་རཱ་ཛ་གཤིན་རྗེ་མུག་ཏོ་ཡམ། ཡ་མ་རཱ་ཛ་གཤིན་རྗེ་ཁ་ཏོ་ཡམ། ཡ་མ་རཱ་ཛ་གཤིན་རྗེ་སྙིང་ཏོ་ཡམ། ཡ་མ་རཱ་ཛ་གཤིན་རྗེ་ཁྲག་ཏོ་ཡམ། ཡ་མ་རཱ་ཛ་ཁ་ཐུན་དུན་བསྡུས། ཡ་མ་རཱ་ཛ་སུམ་བྷྱོ། གཤིན་རྗེ་ནག་པོ་དུན་བྷྱོ། ཏྲིང་ཏྲིང་ར་ཙ་མ་ནི། སྙིང་ཤད་ཤད་ནི་ཛཿ ཀླད་པ་གོ་རོ་ཙ་ན་གཤོགས། སྙིང་ཁ་རག །སྙིང་ཁ་རག །རག་ཤ་དུག །ཐུ་ལུ་ལུ་ཤག །རག་ཤ་མུ་ཏང་ནི་ཛ། བྷྱོ་རུ་ལུ་རུ་ལུ་སྡང་བའི་དགྲ་བོ་ལ། མ་མོ་ལས་ཀྱི་ཐུན་ཕོབ། ཁྲག་ནང་རིམས་ནད་ཕོབ། དམོད་པ་སྤུ་གྲིའི་སྔགས་སུ་བཤད། ཨཱོོྂཾ་མཉྫུ་ཤྲཱི་ཡ་མ་རཱ་ཛ་ས་ཏོ་མེ་ཡ། ཡ་མ་སྙིང་ཏོ་མེ་ཡ། ཡ་མ་ཁྲག་ཏོ་མེ་ཡ། ཡ་མ་མུག་ཏོ་མེ་ཡ། ནག་པོ་ཡ་མ་རི་ཛ། ནག་པོ་དྷ་མ་རི་ཛ། ནག་པོ་རག་ཤ་དགྲ་བོ་མཱ་ར་ཡ་བ་མ་རིལ་རྦད་ཡ། ཏྲག་རག་ཤ་མ་ཏི་རག་མོ་ནི་ཤ་ཀུ་རུ་ཐུམས་ཐུམས་རྦད་རྦད། མ་ཏ་ཡ་མྱོས་མྱོས། ལོང་ལོང་། རྦད་རྦད། འདར་ཡེད་ཡེད། ཐུམས་ཐུམས་ལིང་ལིང་། དགྲ་བོ་མཱ་ར་ཡ་ཛ་རྦད་ཡ། ལས་ཀྱི་གཤིན་རྗེའི་དམོད་པ་སྟེ། །ཡབ་ཡུམ་གསང་བའི་དྲིལ་སྔགས་ཡིན། །གཞན་ཡང་ལས་ཀྱི་བརྒྱ་ཁ་རུ། །འཆི་བདག་ཨར་ལ་གཏད་པར་བྱ། །དབྱར་དགུན་གཉིས་ཀྱི་ཐ་ཆུང་ལ། །ཞག་གྲངས་བཅུ་གཉིས་གཅིག་ཏུ་བསྒྲུབ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །མཐའ་མ་ཐལ་ཆེན་རེ་ཁཱ་བཏང་། །ཐོད་ངན་རོ་རས་ག་འུ་ལ། །དྲག་པོ་དཔའ་སྨད་འཁོར་ལོ་ནི། །འཁོར་ལོའི་ནང་དུ་ཨ་མུ་ཁ། །ཐོད་པར་བྱ་རོག་རྗེས་ཅན་དུ། །གཏོར་མ་བཤམས་ལ་འཆི་བདག་མཆོད། །འོད་དང་སྒྲ་དང་རྡོ་འཕེན་དང་། །དཀར་ཤལ་མ་དང་ཉི་ཟླ་དང་། །ཁ་ལ་མི་གཟུགས་ཕུང་པོ་འོང་། །དེ་ལ་འཇིགས་པའི་སེམས་སྤངས་ཏེ། །འཆི་བདག་དྲག་སྔགས་བཟླས་ཤིང་བརྡེག །དྲ་མ་ཧ་ར་བྱི་ཤ་ཡ་མ། མ་རག་ཏྲག་ཟེར། ཏྲ་ཡ་བྷྱོ། རུ་ལུ་རུ་ལུ་ཧེ་ཡ་མེ་པན་ཙ་ཡ་ཀྲོ་ཏི། ཡ་མ་མ་མ་ར་ཡ། སྙིང་ཁ་རག་ཏྲ་ཤ་ཤ་མེ་པན་ཙ། ཡ་མ་མ་མ་ར། ཡ་སྙིང་ཁ་རག །རག་ཏྲ་ཡ་སུ་མ་ཏི། ཡ་མ་མ་ཧཱ་ཀ་ལི། ཧཱུྃ་ཏྲ་མ། ར་ཡ་ཙ་དང་། ཁ་རག་ཧ་ཡ། མ་ཡ་ཀ་ལ། ཀོ་ཏ་མ་ར་ཡ་ཙིཏྟ་དུ། ཧེ་ལ་ཛ་ཛཿ འཆི་བདག་འགྱུ་བའི་དུས་སུ་བརྡེག །རྫོགས་ནས་ལིང་ག་གའུར་གཞུག །ལྷ་ཁང་མཆོད་རྟེན་འབྱུང་པོའི་སྲང་། །ཀླུ་ཡི་གནས་སུ་ཡང་དག་སྦ། །དུས་མི་བྱས་ན་བར་ཆད་འོང་། །སྒྲིབ་སེལ་བྱས་ནས་འཆི་བདག་བསྐང་། །ཚོགས་དང་གཏོར་མས་མཁའ་འགྲོ་མཆོད། །ཅེས་གསུངས་སོ། །དཔལ་གཤིན་རྗེ་ཡ་མ་རཱ་ཛ་སྐུ་ཁྲོས་པའི་རྒྱུད་ལས། དྲག་པོ་དཔའ་སྨད་ཨར་ལ་གཏད་པའི་ལེའུ་སྟེ་དྲུག་པའོ།། ༈ །།དེ་ནས་རྡོ་རྗེ་སྙིང་པོ་དེས། །གསོད་པའི་ཐུས་ཀས་དེ་ལྟར་ན། །བསྐྱོད་པ་ཟོར་གྱི་ཐུས་ཀ་གང་། །འཇམ་པའི་དབྱངས་ཀྱི་ངེས་གསུངས་པ། །བདུད་ཀྱི་ལྕམ་མོ་ཁྲག་མིག་མ། །སྲིན་པོ་འཇིགས་བྱེད་རེ་མ་ཏཱི། །སྲོག་ཏིག་རྩ་ཡི་ཐུན་བསྒྲུབ་བརྩམ། །རི་གསུམ་རྩེའམ་ཆུ་གླིང་དུ། །དུག་ལས་སྦྲུས་པའི་མཎྜལ་བྱ། །མཐིང་ནག་གྲུ་གསུམ་ཐོད་ཕྲེང་མཛེས། །རྒྱ་གྲམ་ཐོད་ཕྲེང་གྲུ་ཆད་ལྡན། །སྒོ་བཞི་དུར་ཁྲོད་མཚོན་པར་བྱ། །དབུས་སུ་བསེ་མཁར་དར་འཕན་བཅས། །བྱ་ནག་ཞིང་དང་ཙིཏྟས་བརྒྱན། །མ་མོ་དྲེལ་ཞོན་མདུང་ཐོད་འཛིན། །དུར་ཁྲོད་རྒྱན་ལྡན་རལ་པ་ཅན། །སྤྱི་གཙུག་རྒྱ་གྲམ་ཉི་ཟླ་འབར། །ཐོད་ཕྲེང་ཞིང་ཆེན་གཡང་གཞི་དང་། །རེ་སྡེ་སྦྲུལ་དང་ཁྲོ་ཆུང་འབར། །ཕྱོགས་བཞིར་གསོད་བྱེད་སྲིན་མོ་བཞི། །སེང་གེ་སྟག་ཆེན་གླང་དང་འབྲུག །ཀུན་ཀྱང་སྙིང་འབྱིན་ཐོད་ཁྲག་འཛིན། །དཀྱིལ་འཁོར་ལྷོ་ནུབ་བྲུབ་གནས་སུ། །མཚན་ངན་བྷནྡྷར་དུག་ཁྲག་བསྲེ། །ཡུངས་ཀར་ཡུངས་ནག་ཀེ་ཚེ་བསྟིམ། །ཐོད་པ་ལིང་ག་བཅས་པ་བྲབ། །སྔགས་པས་གཤིན་རྗེ་བསྒོམ་བྱས་ལ། །ཐུགས་ཀའི་སྙིང་པོ་སྔགས་བཅས་པས། །གཙོ་མོའི་སྙིང་གར་བཟླས་པའམ། །བཟླས་པའི་སྔགས་ཀྱིས་སྲོག་འཕྲོག་ལ། །ཕྲིན་ལས་བདག་མོར་དེ་མངག་གོ། །གཏོར་མ་རཀྟ་བདུད་རྩིས་མཆོད། །སྲོག་སྙིང་བཟླས་ཤིང་དམ་རྫས་བསྟབ། །དཀྱིལ་འཁོར་དབུས་སུ་ནག་མོའི་སྐུ། །ཁྲོ་གཉེར་འཇིགས་པར་བཤད་པ་དང་། །མེ་ཡི་ཕུང་པོ་འཐོར་བ་དང་། །ཁྲག་གི་རྒྱ་མཚོ་འཁྱིལ་དང་རློབ། །ལྗི་འཐིབས་འོད་དང་སྒྲུབ་ཁང་འཚག །འདོད་པ་མཐོང་ན་བསད་པ་བརྩམ། །ཞག་གསུམ་བདུན་ནམ་བཅུ་བཞི་ཡིས། །གསོད་པ་དྲག་པའི་ལས་རྣམས་བྱ། །ཕུར་གདབ་ཟོར་འཕང་མཚོན་གྱིས་བསྣུན། །ལིང་ག་དུར་ཁྲོད་མུན་གླིང་མནན། །དཀྱིལ་འཁོར་ཐུན་རྫས་དགྲ་ལ་འཕང་། །གསང་བ་ཐུས་ཀའི་ལས་སུ་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོའི་ཐུན་སྔགས་འདི་གསུངས་སོ། །ཨཱོོྂཾ་ས་མ་ཡ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་མ་མ་ཨེ་ཀ་ཙ་ཏི་ཛཿཛཿ ཏྲག་རག་ཤ་མུ་ཏྲ་སྙིང་ཁ་རག་མ་བྷྱོ་བྷྱོ། རག་མོ་ཏེ་ཀུ་མ་ཛཿཛཿ ཁ་ལ་མ་ཧི་བྷྱོ་བྷྱོ། ཡ་ཡ་ལོན་ལོན་ཙིཏྟ་མ་མ་བྷྱོ་ཛཿ སྙིང་ཁ་རག་མ་སྲོག་ལ་བྷྱོ་བྷྱོ། ཨཱོོྂཾ་ཏདྱ་ཐཱ། རག་མོ་ཏྲག་རག་ཤ་སྲོག་ལ་ཛཿཛཿ མ་མ་རག་མོ་ཀ་ལི་སྲོག་ལ་དུན་དུན་ཛཿཏྲག་རག་ཤམ་ཧི་སྲོག་ལ་བྲེང་བྲེང་། ཐུམ་རི་ལི་ལི་བྷྱོ། ཏྲག་རག་ཤ་མ་ཧི་དུན་བྷྱོ། རེ་མ་ཏཱི་དགྲ་བོའི་སྲོག་ལ་ཧུར་ཧུར་ཐུམ་ཐུམ་མཱ་ར་ཡ་རྦད། སྤྱི་དང་ཁྱད་པར་བསྙེན་པ་སྟེ། །དྲག་པོའི་གསོད་པའི་ལས་རྫོགས་ནས། །སྲོག་གི་ཡང་ཏིག་གནག་པའི་ལས། །མགོ་འཕྱང་མ་ཛ་ཛཿ བླ་རྩ་ལ་ཛ་ཛཿ རྩ་བོ་ཆེ་ལ་དུན་རྨུགས། ནང་ཁྲོལ་སྨད་ལྔ་ལ་རྩ་བི་ཐུན་བམ་ཐུམ་རི་ལི་ལི་རྦད་རྦད། བླ་སྲོག་འགུགས་ཤིང་གསོད་པ་སྟེ། །མ་མོ་ཡུངས་ཐུན་སྔགས་སུ་འདོད། །ཁྲམ་སྔགས་དྲག་པོ་འདིས་ཀྱང་གདབ། ཨཱོོྂཾ་ཡ་མཱནྟ་ཀ་ཀྵཾ། ཨཱརྻ་ཨ་ཙ་ལ་ཀྵཾ། ཨཱོོྂཾ་མ་དུག་ཙ་ཙ། ཚལ་པ་ཚལ་པ་རྦད་རྦད། མ་དུག་ཀྵི། ཡ་མན་ཀྵི། ཆྒཻ་མོའི་སྲོག་རྩ་ལ་མུགས་ཏི་རྦད། རྩ་རྩ་རཱ་ཙ་རྦད། མ་མོ་ཁྲག་ལ་དུན་ཏི་རྔུབས། སྲིན་པོ་རུས་ལ་ཆོམ་ཆོམ་ཚལ། གཤིན་རྗེས་ཁྲམ་ལ་ལྷན་ལྷན་ཐོབ། དགྲ་བོ་ཁྲམ་ཁ་ལ་ཧྲིལ་ཧྲིལ་ནྲྀ་ཛ་རྦད། ཕུར་པ་ཡ་མ་རཱ་ཛའི་སྐུ། །ཁྲག་མིག་མ་དང་བཅས་པར་བསམ། །ཉིན་མཚན་དུས་དྲུག་དག་ཏུའམ། །དུས་ནི་འབྲུག་སྒྲ་འཚུབས་མས་གདབ། །རྩ་དང་སྲོག་ལུས་འབྲལ་བར་བཤད། །དཔལ་ལ་གཤིན་རྗེ་ཡ་མ་རཱ་ཛ་སྐུ་ཁྲོས་པའི་རྒྱུད་ལས། བདུད་ཀྱི་ལྕམ་མོ་སྒྲུབ་པའི་ལེའུ་སྟེ་བདུན་པའོ།། ༈ །།དེ་ནས་རྡོ་རྗེ་སྙིང་པོ་ཡིས། །བསྐྱོད་པ་ཟོར་ཁ་དེ་ལྟར་ན། །མནན་པ་ལས་ཀྱི་ཐུས་ཀ་རུ། །ཀླུ་བདུད་སྦྲུལ་ནག་ཇི་ལྟར་བསྒྲུབ། །འཇམ་དབྱངས་ཁྲོ་བོས་ངེས་གསུངས་པ། །མནན་པ་ལས་ཀྱི་ཐུས་ཀ་རུ། །འཆི་བདག་ཀླུ་བདུད་ནག་པོ་ཡི། །ཉིན་བཞི་འཁོར་ལོ་རྫོགས་བྱས་ནས། །གཉན་ར་གདུག་པའི་ས་ཕྱོགས་སུ། །ཀླུ་གནས་གྲོང་ངམ་དུར་ཁྲོད་གནས། །སྔགས་ཀྱི་མཚན་མ་ཐོབ་པ་དེས། །རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། །དུར་ཁྲོད་རས་ལ་དམེ་ཁྲག་བྱུག །ཚ་བ་གསུམ་དང་དུག་ཆུས་བསྐུ། །པདྨ་རཀྟས་འཁོར་ལོ་བྲི། །ཐིག་བཞི་བཏབ་པས་ལིང་ཚེ་དགུ། །བཅུ་གཉིས་བཅུ་དྲུག་མུ་ཁྱུད་གསུམ། །དབུས་སུ་སྦྲུལ་གྱི་ར་བ་ལྡན། །གཤེད་བཞིའི་གནས་སུ་ཐོད་པ་སྦྲུལ། །བཙོན་ཁང་རུས་སྦལ་ལྟོ་རུ་མིང་། །བཅུ་གཉིས་རྒྱ་གྲམ་སྦྲུལ་དང་མེ། །བཅུ་དྲུག་མཚོན་ཆ་རྒྱ་གྲམ་སྦྲུལ། །ནཱ་ག་ཀླུ་ཡི་སྔགས་ཀྱིས་བསྐོར། །གཤེད་བཞི་གསང་སྔགས་མཚན་བཞི་ལ། །སྤུ་གྲི་བསད་མནན་ཉིན་མཚན་བསྣོལ། །སྐབས་སུ་ཐུན་སྔགས་སྤྱི་རྒྱུགས་བཟླས། །རྫོགས་ནས་མཛེ་ཅན་ཐོད་པའམ། །གླད་དཀར་སྦྲུལ་ནག་ལྟོ་བ་རུ། །དམིགས་པའི་འཁོར་ལོ་དེ་རུ་བཞུགས། །དར་ནག་བསྟུམས་ལ་རྒྱ་ཡིས་གདབ། །གཉན་ར་གདུག་པའི་ས་ཕྱོགས་སམ། །བྱང་ཕྱོགས་གདོལ་བའི་གནས་སུ་མནན། །ཀླུ་སྦྲུལ་ནག་པོའི་ཏིང་འཛིན་གྱིས། །རྡོ་ཕྱེས་གཟིར་ལ་རྒྱ་ཡིས་བཅད། །ཀླུ་བདུད་ཡ་མའི་ཕོ་བྲང་གདབ། །སྟེང་དུ་རི་རབ་འཁོར་ལོ་བསྐྱེད། །རྡོ་རྗེ་རྒྱ་གྲམ་འགྲོས་ཀྱིས་མནན། །མཆོག་ཕུར་བདུན་གྱིས་ས་རུ་གདབ། །ལམ་དུ་ཞུགས་ལ་རྒྱ་གྲམ་བརྩེགས། །ཞག་བདུན་བར་དུ་སླར་མི་འགྲོ། །ཀླུ་ལ་ཕྱག་རྒྱ་བསྡིགས་ལ་རྦད། །ལས་རྣམས་མ་ལུས་འགྲུབ་པར་གསུངས། །དེ་ནས་བཅོམ་ལྡན་འདས་ཀྱིས། ཀླུ་སྦྲུལ་ནག་པོའི་གསང་སྔགས་འདི། སྐུ་གསུང་ཐུགས་རྡོ་རྗེ་ལས་ཐོན་ཏོ། །ཡ་མ་མེ་ཏ་ཀྵེ། དགྲ་བོ་པྲ་མ་ཡ་ཕཊ། ཡ་མེ་ར་ཀྵེ་མ། དགྲ་བོ་མུར་ཙ་ཡ་རྦད། ཡ་ཏ་མེ་མ་ཀྵེ། དགྲ་བོ་རག་ཧ་ཙ་ར་ཡ་རྦད། ཡ་ཀྵེ་མ་མེ་ཏ། དགྲ་བོ་མཱ་ར་ཡ་རྦད། ཡ་མ་མེ་ཏ་ཀྵེ། ནཱ་ག་ཁམས་ཐུམས་མྱགས། དགྲ་བོའི་སྲོག་ལ་ནི་རྦུད་རྦད། ཡ་མེ་ཏ་ཀྵེ་མ། ནཱ་ག་ཁམས་ཐུམས་མྱགས། དགྲ་བོའི་སྲོག་ལ་ནི་རྦུད་རྦད། ཡ་ཏ་ཀྵེ་མ་མེ། ནཱ་ག་ཁམས་ཐུམས་མྱགས། དགྲ་བོའི་སྲོག་ལ་ནི་རྦུད་རྦད། ཡཀྵེ་མ་མེ་ཏ། ནཱ་ག་ཁམས་ཐུམས་མྱགས། དགྲ་བོའི་སྲོག་ལ་ནི་རྦུད་རྦད། ཉིན་མཚན་སྔགས་ནི་མ་ནོར་བཟླས། །ཐུན་སྔགས་དྲག་པོས་བྲབ་པ་ནི། །ནག་པོ་པི་ཙི་ཙི་རྒྱས། དྲག་ཐུར་སྙིང་ལ་འགུལ་མྱགས་མྱགས། རྩ་བཞི་བསྐུམས་ཤན་ཤན་སྲོག་ལ་ཤན། ཐུར་སོད་སྭཱ་ཧཱ། དཔལ་གཤིན་རྗེ་ཡ་མ་རཱ་ཛ་སྐུ་ཁྲོས་པའི་རྒྱུད་ལས། ཀླུ་བདུད་སྦྲུལ་ནག་གི་ལེའུ་སྟེ་བརྒྱད་པའོ།། ༈ །།དེ་ནས་འཇམ་དཔལ་དབྱངས་ཀྱིས་ནི། །རྡོ་རྗེ་ཅན་ལ་ངེས་གསུངས་པ། །ཉོན་ཅིག་རྡོ་རྗེ་སྙིང་པོ་ཉོན། །རང་བཞིན་རྣམ་དག་སྤྲོས་མེད་ཀྱང་། །བསྟན་པའི་སྙིང་པོ་ངེས་པའི་དོན། །གསང་བའི་བཀའ་རྒྱུད་ངེས་པར་ཤར། །མ་ནོར་ལས་ཀྱི་ཐུས་ཀ་རུ། །ཐོད་པ་ནག་པོ་འཆི་བདག་གི། །ཕ་རྒྱུད་གཤིན་རྗེ་བསྒྲུབ་པའི་ལུང་། །འཁོར་ལོ་གསུམ་དང་ཕྱི་ནང་གསུམ། །གསང་བ་ཡང་ཏིག་མནོག་པའི་སོ། །ལས་ཀུན་ལས་ནི་ངེས་པར་འཕགས། །བསད་པ་ཟོར་དང་མནན་པ་ཡི། །ལས་ཀྱི་ཐུས་ཀ་གསང་བ་འདི། །རྡོ་རྗེ་ཅན་གྱིས་ངེས་པར་ལོངས། །རྩ་བ་ཡན་ལག་གཉིས་ཡིན་ཏེ། །སྒྲུབ་དང་སྤོགས་པའི་རིམ་པར་འདོད། །དོན་དམ་སྐྱེ་མེད་སྤྲོས་བྲལ་ལས། །ངང་ལས་རྫོགས་པ་ཁྲོ་བོའི་སྐུ། །འབར་བྱེད་ཁྲོ་བོ་གཏུམ་བག་ཅན། །རང་རྒྱུད་གཤིན་རྗེ་སྒྲུབ་པའི་ལུང་། །འཁོར་ལོ་ཐུན་བསྡེབས་བསྒྲལ་བའི་ལས། །གསང་བ་དོན་གྱི་སྙིང་པོ་འདི། །དྲོད་ཐོབ་ཕྱག་རྒྱའི་སྟོབས་ལྡན་པས། །དངོས་གྲུབ་ཐོབ་དང་བསྙེན་པ་རྫོགས། །དོན་ལྔ་ལྡན་པས་འཁོར་ལོ་བསྐོར། །དེ་མ་ཡིན་ན་རང་ལ་ལྡོག །དུས་ནི་ཟླ་བ་ཐ་ཆུང་བཞི། །མར་ངོ་དག་ལ་བྱ་བ་ཡིན། །ཡི་གེ་འབྲུ་ཤག་གྲོང་ཁྱེར་ཉིད། །སྲིད་པ་གསུམ་གྱི་ལྟོ་ན་གནས། །འཁོར་ལོ་རྣམ་པ་གསུམ་དུ་བཤད། །ཐོད་པ་ཞལ་གྱི་འཁོར་ལོ་དང་། །གཅོད་པ་ནམ་མཁའི་འཁོར་ལོ་དང་། །དྲག་པོ་ཐུན་གྱི་འཁོར་ལོའོ། །འཁོར་ལོ་ངེས་པའི་ཚད་མ་དག །ངེས་པར་བཤད་ན་འདི་ལྟར་ཏེ། །ཐེབས་ལྡོག་འབྱམས་དང་འགོར་བའོ། །དེ་ལ་འཁོར་ལོ་ཐེབས་པའི་རྒྱུ། །དྲོད་ཐོབ་ལྷ་གསལ་བསྙེན་པ་རྫོགས། །ཀ་བཞི་ཚུགས་དང་གདུང་བཞི་བྲེས། །བཅུད་ཕུར་བཞི་དང་གཟེར་བཞི་ཐེབས། །རྣལ་དང་ལྟོ་དཀྲུགས་ལས་རྣམས་རྫོགས། །དེ་ཡིས་ངེས་པར་གཅོད་ཅིང་ཐེབས། །དེ་བཞིན་ལྡོག་པའི་རྒྱུ་དག་ནི། །ཡི་གེ་ལྷག་ཆད་ནོར་བ་དང་། །ཤད་ཀྱི་སྣ་འདྲེས་ཐིག་མཚམས་འབྱོར། །རེ་ཁཱ་ལ་བརྟེན་དྲི་མས་གོས། །དྲག་པོའི་འཁོར་ལོ་ལྡོག་པར་བཤད། །དེ་བཞིན་འབྱམས་པའི་རྒྱུ་བསྟན་པ། །སྔགས་ལ་ནན་ཆུང་འཛབ་མ་རྫོགས། །ལས་ཚོགས་ཉམས་དང་གཏད་ཡར་ཆུང་། །གཉེན་པོ་མ་བསྒོམ་རི་རབ་ཀྱི། །བསྒོམ་ཐབས་མ་བྱས་འཁོར་ལོ་འབྱམས། །དེ་བཞིན་འཁོར་ལོ་འགོར་བ་དག །ཡི་གེ་སོ་སོའི་མིང་ཉམས་དང་། །མགོ་ལོག་ཡི་གེ་ནོར་བ་རྣམས། །སྒྲུབ་ཀྱང་མི་འགྲུབ་ལས་རྣམས་འགོར། །དེ་བས་ཚད་མས་གཏན་ལ་དབབ། །དྲག་ཆེན་འཁོར་ལོ་བསྐོར་བྱ་ཞིང་། །ཐུན་གྱི་ཁ་གསོ་རྒྱུན་དུ་བྱ། །ཡན་ལག་སྤོགས་པ་ཆེན་པོ་སྟེ། །ཞལ་དང་གསོད་པའི་འཁོར་ལོ་ཡིས། །དྲག་པོ་དཔའ་སྨད་ཨར་ལ་གཏད། །གསང་ཐུན་སྲིན་མོའི་དམོད་པ་ཡིས། །སྲོག་སྒྲུབ་མ་མོ་བཤད་པ་གདབ། །དྲག་པོ་ཐུས་ཀའི་ལས་ཀྱིས་ནི། །དུག་སྦྲུལ་ནག་པོའི་འཁོར་ལོ་ཡིས། །མནན་པ་ལས་ཀྱི་མཐའ་སྡུད་བྱ། །དེ་ནས་ཡང་ནི་བཤད་བྱ་བ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད། །གསང་སྔགས་ངེས་པའི་རྣོ་དབལ་འདི། །ཐུགས་ལས་གསང་བའི་ལམ་དུ་ཕྱུང་། །འདི་ལ་འཇིག་རྟེན་དངོས་གྲུབ་མཆོག །གསང་བའི་ངེས་དོན་འདི་ཡིན་པས། །མ་འོངས་དམ་ཅན་སྒྲུབ་བྱེད་ན། །ང་ནི་འདི་ལ་ཐུགས་བརྩེའོ། །ཞེས་གསུངས་པས་འཁོར་རྣམས་དགའ་མགུ་ཡི་རང་ནས་མངོན་པར་བསྟོད་དོ། །དཔལ་ཡ་མ་རཱ་ཛ་སྐུ་ཁྲོས་པའི་རྒྱུད་ལས། རྒྱུད་གཏད་ཅིང་རྗེས་སུ་ཡི་རང་བའི་ལེའུ་སྟེ་དགུ་པའོ།། །།རྫོགས་སོ།། །།


previousཡ་མ་རཱ་ཛ་སྐུ་ཁྲོས་པའི་རྒྱུད།next