Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཤིན་རྗེའི་གཤེད་ཁ་ཐུན་གྱི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་ངེས།
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་རྗེའི་གཤེད་ཁ་ཐུན་གྱི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་ངེས།next

གཤིན་རྗེའི་གཤེད་ཁ་ཐུན་གྱི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་ངེས།

གཤིན་རྗེའི་གཤེད་ཁ་ཐུན་གྱི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་ངེས་བཞུགས་སོ། །བླ་མ་དམ་པ་རྣམས་དང་ནི། །བཅོམ་ལྡན་གཤིན་རྗེའི་གཤེད་པོ་ལ། །ཕྱག་འཚལ་ལས་ཀྱི་རིམ་པ་འདི། །གཞན་ལ་ཕན་པའི་མཐུ་མེད་ཀྱང་། །མི་བརྗེད་གཟུངས་ནི་མ་ཐོབ་པས། །རང་ཉིད་དྲན་པ་གསོ་ཕྱིར་བྲི། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་ཁ་ཐུན་ནག་པོའི་ལས་ཀྱི་རིམ་པ་འདི་ལ་སྤྱི་དོན་རྣམ་པ་བདུན་གྱིས་སྟོན་ཏེ། དང་པོ་བདེ་བར་གཤེགས་པའི་ཞལ་ནས་གསུངས་ཤིང་འཇིག་རྟེན་དྲེགས་པ་ཅན་གྱི་གཤིན་རྗེ་ཡེ་ཤེས་ཀྱི་གཤིན་རྗེས་ཇི་ལྟར་བཏུལ་བའི་ལོ་རྒྱུས་བསྟན་པ་དང་། རྩོམ་པ་པོ་རྟེན་གྱི་གང་ཟག་གང་གིས་མཛད་པ་བླ་མ་བརྒྱུད་པའི་རིམ་པ་དང་བཅས་ཏེ་བསྟན་པ་དང་། རྒྱུད་གང་ལ་བརྟེན་ནས་བརྩམས་པ་དང་། ཕྱོགས་གར་གཏོགས་པ་བསྟན་པ་དང་། དགོས་ཆེད་གང་གི་དོན་དུ་མཛད་པ་དང་། མཚན་ཅི་ལས་བཏགས་པ་དང་། མཚན་དེ་དང་ལྡན་པའི་མཚན་ཅན་དངོས་དེ་ལ་དབུ་ནས་ཞབས་སུ་བསྡུས་པའི་དོན་དུས་བསྟན་པ་དང་བདུན་ནོ། །དེ་ལ་དང་པོ་བདེ་བར་གཤེགས་པའི་ཞལ་ནས་ཇི་ལྟར་གསུངས་ཤེ་ན། སྔོན་བྱུང་གི་དུས་སུ་རི་རབ་རིའི་རྩེ་མོ་སྤོས་ཀྱི་གཞལ་མེད་ཁང་བརྩེགས་པ་ཞེས་བྱ་བ་ན། ཡབ་འཕགས་པ་འཇམ་དཔལ་ཞེས་བྱ་བ། དེ་ཐུགས་ཞི་བ་བྱང་ཆུབ་སེམས་དང་ལྡན་པ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་མངའ་བདག་མཛད་པར་ཐུགས་ཀྱིས་དགོངས་པ། སྐུ་ཞི་བའི་ཚུལ་དུ་བཞུགས་པ་ལ། དུས་དེ་ཙམ་ན་ཡབ་ཡུམ་དུ་མ་སྨྲོས་ཀྱང་རང་བཞིན་གྱིས་འཁོར་ན་གནས་པ་ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་དེས་རི་རབ་ཀྱི་ལྷོ་ཕྱོགས་ནས་སྤྱིར་སེམས་ཅན་ཐམས་ཅད་ཀྱི་ལས་དགེ་སྡིག་གི་དོན་བལྟས་པས་མེ་ལོང་གི་བྱེ་བྲག་ཏུ་ནང་དུ་ལྷོ་ཕྱོགས་གཤིན་རྗེའི་འཇིག་རྟེན་གྱི་ཁམས་ཤར་རོ། །ཁྱད་པར་དུ་རི་རབ་ཆེན་པོའི་རྨངས། རྒྱ་མཚོ་ཆེན་པོའི་གཏིང་། གསེར་གྱི་ས་གཞིའི་འོག་རླུང་གི་དལ་གྱི་སྟེང་ན་ལྕགས་ཀྱི་མུན་ཁང་ཆེན་པོ་སྒོ་མེད་གཅིག་གི་ནང་ན་ཁྲག་དང་ཞག་གི་རྒྱ་མཚོ་ཆེན་པོའི་དཀྱིལ། རྐང་དུམ་དང་ཤ་ཆེན་གྱི་ལང་ལིང་བརྩིགས་པའི་ནང་ན། ལས་ལྷར་འཛིན་པའི་ཤེས་པ་འཁྲུལ་པའི་ལས་ངན་པའི་དབང་གིས་ལུས་ངན་པ་བླངས་པས། ཀྱི་འཆི་བདག་ཞེས་བྱ་བ་སྐུ་མདོག་སྔོ་སྐྱ་ཐལ་མདོག་ཏུ་འདུག་པ། ལུས་པོ་མི་ཡི་ལུས་པོ་ལ་མགོ་བོ་ཆུ་སྲིན་གྱི་མགོ་བོར་འདུག་པ། ལྕེ་བར་སྣང་གི་ཁམས་སུ་མྱུག་པ། ཁ་གདངས་པ་མཆེ་བ་གཙིགས་པ་ཁ་རླངས་ནད་ཀྱི་བུ་ཡུག་སྔོན་དམར་དུ་འཕྱུར་བ། གཡས་ན་བདུད་ཀྱི་ཁྲམ་ཤིང་ཐོགས་པ། གཡོན་ན་རྩིས་ཀྱི་བྱང་བུ་འགྲེང་བ། སྣང་སྲིད་ལྟོ་ན་འཕྱོ་བ། སྲིད་གསུམ་ཞབས་འོག་ན་གནས་པ། མགོ་ལུས་མེད་པར་མིག་གིས་གང་བ། མིག་རྩ་རབ་ཏུ་རྒོད་པ། རྐང་ལག་ཐམས་ཅད་ཆུ་སྲིན་གྱི་སྡེར་མོ་ལྟར་རྣོ་ལ་ངར་ཆགས་པ། སྔོན་གྱི་ལས་ངན་པའི་དབང་གིས་སེམས་ལ་ཞེ་སྡང་གི་མེ་འབར་བ། སེམས་ཅན་ཐམས་ཅད་ཀྱི་སྲོག་གཅོད་པ། དབུགས་ལེན་མདངས་འཕྲོགས་པ། ཤ་ཟ་བ། ཁྲག་འཐུང་བ། ལོ་རྒྱགས་ཟླ་བས་ཚོལ་བ། ཟླ་རྒྱགས་ཞག་གིས་ཚོལ་བ། ཞག་རྒྱགས་ཟ་མས་ཚོལ་བ། སྔོན་གྱི་ཞེ་སྡང་ཚན་པོ་ཆེའི་དབང་གིས་བསད་འདོད་བཅད་འདོད་ཀྱང་། དེ་དག་གི་རྒྱུ་མི་རྙེད་པ། འཆི་བདག་མིང་གི་རྣམ་གྲངས། ལས་ཀྱི་གཤིན་རྗེ་ཞེས་ཀྱང་བྱ། གཤིན་རྗེ་བྷེ་བ་ས་ཏྭ་ཞེས་ཀྱང་བྱ། སྲོག་གཅོད་ཀྱི་བདུད་པོ་བྱེ་བ་གུང་རིང་ཞེས་ཀྱང་བྱ། ལས་ཀྱི་སྒྲོལ་གིང་ཆེན་པོ་ཞེས་ཀྱང་བྱ། དེ་ལྟ་བུའི་གཤིན་རྗེ་འཇིགས་པ་དེ་མཐོང་ནས་ལྷ་མོ་དེ་འཇིགས་དེ་ལ་ཤིང་སྐྲག་པར་གྱུར་ནས། ལྷ་མོ་དེ་རོ་ལངས་དེའི་མིང་། ཐལ་མདོག་མ་ཞེས་བྱ་བའི་ཁྲོ་མོའི་ཆ་ལུགས་སུ་བསྒྱུར་ནས་དེའི་མཚན་ཉིད་ཀྱང་མདོག་མཐིང་ནག་ལ་ལྕགས་ཀྱི་དྲེལ་རྟ་རྐང་གསུམ་ལ་བཅིབས་པ་ཕྱག་ན་སྲིད་པ་གསུམ་ལྟ་བར་བྱེད་པའི་འཕྲུལ་གྱི་མེ་ལོང་བསྣམས་པ་གཅིག་ཏུ་བསྒྱུར་ནས། འཕྲུལ་གྱི་མེ་ལོང་ཀླད་ལ་ལན་གསུམ་བསྐོར་ནས་ཡང་བལྟས་པས། དེའི་ཕྱི་རིམ་ན་ལྕགས་ཀྱི་མུན་ཁང་བཞིའི་ནང་ན། ཡབ་ཀྱི་ཞེ་སྡང་ལས་བསྐྱེད་པའི་གཤེད་པོ་བཞི། ཡུམ་གྱི་འདོད་ཆགས་ལས་སྐྱེས་པའི་གཤེད་མོ་བཞི་འདུག་པ་གཟིགས། དེ་ལ་ཡང་སྐྲག་ཅིང་བསྔངས་པར་གྱུར་ནས། ཡང་མེ་ལོང་དེ་ཀླད་ལ་ལན་གསུམ་བསྐོར་ནས་བལྟས་པས། དེའི་ཕྱི་རིམ་ལྕགས་ཀྱི་མུན་ཁང་སྒོ་མེད་བཅུ་གཉིས་ཀྱི་ནང་ན་ཡབ་ཡུམ་གཉིས་སུ་མེད་པ་ལས་སྲིད་པའི་མཐར་བྱེད་ཀྱི་གཤིན་རྗེ་བརྒྱད་དང་། ཕྱོགས་སྐྱོང་བའི་གཤིན་རྗེ་བཅུ་འདུག་པ་གཟིགས། དེ་ལ་ཡང་སྐྲག་ཅིང་བསྔངས་པར་གྱུར་ནས། ཡང་མེ་ལོང་ཀླད་ལ་ལན་གསུམ་བསྐོར་ནས་བལྟས་པས། དེའི་ཕྱི་རིམ་ལྕགས་ཀྱི་མུན་ཁང་སྒོ་མེད་བཅུ་དྲུག་གི་ནང་ན། ཁྲམ་ཐོགས་ཀྱི་བདུད་བཅུ། གྲི་ཐོགས་ཀྱི་གིང་བཅོ་བརྒྱད། རྩིས་བྱེད་ཀྱི་གིང་ཆེན་པོ་བཞི། མདངས་ལེན་གྱི་མ་མོ་སྟོང་རྩ་བརྒྱད། འཁོར་ཤ་ཟ་ཁྲག་འཐུང་གི་ཀིང་ཀང་དྲུག་ཁྲི་དྲུག་སྟོང་། ཡི་དྭགས་ཀྱི་ཕྲེང་བ་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་འཁོར་ཤ་ཟ་ཁྲག་འཐུང་བྱེ་བ་དྲུག་ཁྲི་དྲུག་སྟོང་གིས་བསྐོར་ནས། ཞིག་འདུག་སྟེ། དེ་རྣམས་ཐམས་ཅད་ཀྱང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་དྲག་པོ་ལས་གྲུབ་པས་སེམས་ཅན་ཐམས་ཅད་ཀྱི་སྲོག་གཅོད་དབུགས་ལེན་མདངས་འཕྲོག་པར་བྱེད་པ་དེ་ལྟ་བུ་གཅིག་གཟིགས་ཏེ། དེ་ནས་ལྷ་མོས་ཡབ་འཇམ་དཔལ་གྱི་དྲུང་དུ་ཕྱིན་ནས་ཡབ་གཅིག་ཆེན་པོ་ལགས། ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པའི་སེམས་ཅན་འདི་ལྟ་བུ་དཔག་ཏུ་མེད་པ་འདི་རྣམས་འདུལ་བར་ཞུ་ཞེས་ཞུས་པས། ཡབ་འཕགས་པ་འཇམ་དཔལ་དེ་ཁྱེའུ་ཆུང་ལོ་བཅུ་དྲུག་པའམ་ལོ་བརྒྱད་པ་ལྟ་བུ་སྐུ་མདོག་གསེར་བཙོ་མ་ལྟ་བཞུགས་པ་དེས་ཞི་བའི་སྒོ་ནས་བཀའ་མ་བསླུ་བའི་ཆོས་བཤད། བདེན་པའི་ངག་གིས་བཀྲོལ་བས་མ་ཐུལ་ཏེ། འཆི་བདག་གི་ང་རྒྱལ་བཅག་པ་དང་། དཔའ་བཀོང་བའི་ཕྱིར་ཁྲོ་བོར་བསྒྱུར་བ་ནི། བརྟན་པོ་མི་སྡུག་གཟུགས་འཆང་བ། །ཀེང་རུས་མཆེ་བ་བརྩིགས་པ་པོ། །ཞེས་པས་དེ་ཤིན་ཏུ་འཇིགས་སུ་རུང་བའི་ཁྲོ་བོའི་ཆ་བྱད་དུ་བསྒྱུར་ནས་གསང་བའི་རྟ་སྐད་དང་འཇིགས་པའི་ཧཱུྃ་སྒྲ་དྲག་པོ་བསྒྲགས་པས་གླིང་བཞི་རི་རབ་དང་བཅས་པ་གཡོ་ཞིང་འགུལ་བ་དང་བཅས་པར་གྱུར་ཏེ། དེ་ནས་ཕྱག་གིས་རྡོ་རྗེ་བེ་ཅོན་གནམ་དུ་གསོར་ནས་རི་རབ་ལ་བརྒྱབ་པས་རི་རབ་ཚལ་པར་བཀས་གཉིས་སུ། ཏེ་སའི་ཕར་སྒོ་ཕྱེ་ནས་རྒྱ་མཚོའི་གཏིང་ནས་དཀྲུགས་ཏེ་ལྕགས་ཁང་མེར་བསྲེགས་ནས། བཛྲ་ཨཾ་ཀུ་ཤ་ཞེས་བརྗོད་ནས་ཐུགས་ཀ་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་ནས་འཆི་བདག་གི་སྙིང་ག་ནས་བཟུང་སྟེ་རི་རབ་ཀྱི་རྩེ་ལ་དྲངས་ནས་ཞབས་འོག་ཏུ་བཅུག །ཡང་རྡོ་རྗེ་ལྕགས་ཀྱུས་སྤྱི་བོ་ནས་བཟུང་ནས། ལས་ཀྱི་གཤིན་རྗེའི་ལུས་ཀྱི་རྩ་ཨ་བ་དྷཱུ་ཏི་གཅུན་ནས་ཡི་གེ་ཨ་ཀྲོ་བཅུ་བདུན་བཏོན་ནས་འཇམ་དཔལ་གྱིས། ཧཱུྃ། ང་ནི་ཁྲོ་རྒྱལ་གཤིན་རྗེའི་གཤེད། །བཀའ་ཡི་འཁོར་ལོ་རབ་ཏུ་བསྐོར། །ཉོན་ཅིག་གཤིན་རྗེ་ཕོ་མོ་རྣམས། །ཚེ་སྲོག་བདག་པོ་ང་ཡིན་པས། །ང་ཡི་བཀའ་ལས་ཁྱོད་འདས་ན། །གློ་སྙིང་འགས་པར་གདོན་མི་ཟ། །ཞེས་གཟིར་བས་ལས་ཀྱི་གཤིན་རྗེ་རྣམས་བརྒྱལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དབུགས་དབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་ལས་ཀྱི་གཤིན་རྗེ་རྣམས་བརྒྱལ་སངས་ཏེ་མགྲིན་གཅིག་ཏུ། ཨེ་མ་དཔའ་བོ་ཆེན་པོ་གཤིན་རྗེའི་གཤེད། །བདག་ཅག་འཁོར་དང་བཅས་པ་རྣམས། །མ་གསོད་དཔའ་བོའི་བཀའ་སྩལ་ཉན། །ཞེས་གདུང་བའི་སྐད་ཕྱུང་ནས་ཞུས་པ་དང་། ཡབ་ཀྱིས་བཀའ་སྩལ་པ། ཉོན་ཅིག་གཤིན་རྗེ་ཕོ་མོ་རྣམས། །ཁྱེད་རྣམས་ང་ཡི་བཀའ་ཉན་ན། །ཁྱོད་ཀྱི་སྲོག་གི་སྙིང་པོ་རྣམས། །གང་ཡིན་ང་ལ་བྱིན་པ་དང་། །ང་ཡིས་བསྒོ་བའི་ལས་རྣམས་ཀུན། །བྱ་བར་ཁས་ལོངས་མནའ་བོར་ཅིག །ཅེས་གསུངས་པས། ཁོ་མ་བཟོད་ནས་སྐད་ངན་དང་ཙི་སྒྲ་འདོད་ཅིང་ཡ་མ་རཱ་ཛ་ས་ཏོ་མེ་ཡ་ཞེས་པའི་སྲོག་གི་སྙིང་པོ་འབྲུ་བཅུ་བདུན་མདོངས་གསོལ་དུ་ཕུལ། ས་མ་ཡ་རིང་ཐུང་གི་སྔགས་ཀྱིས་གཟིར་བས་ཁོང་དུ་ཡ་མཱནྟ་ཀའི་ཡི་གེ་ལྔ་དང་སྙིང་ཏྲིའི་སྲོག་སྙིང་ལྕགས་ཀྱི་བཙོན་ཁང་ནང་དུ་གབ་ནས་གནས་པ་ཕུལ་ལ། དེས་ཀྱང་མ་ཐུལ་གྱིས་དོགས་ནས་གསང་བ་ཧྲཱིཿཥྚི་གསུང་གི་སྙིང་པོ་དང་། ཀཱ་ལ་རཱུ་པ་ཐུགས་ཀྱི་སྙིང་པོས་གཉིས་ཀྱིས་གཟིར་བས་སྐད་ངན་དང་ཙི་སྒྲ་འདོན་ཅིང་མ་མོ་དང་གཤིན་རྗེ་ཐམས་ཅད་ཀྱི་སྲོག་སྙིང་བསམ་གྱིས་མི་ཁྱབ་པ་གཅིག་མདོངས་གསོལ་དུ་ཕུལ་ནས་དེའི་དུས་སུ་ལེགས་ཉེས་ཀྱི་ཞལ་ལྕེ་བཅད་པ་དང་། སྒྲུབ་པ་པོས་བསྒོ་བའི་ལས་བགྱི་པ་དང་། ལས་ཀྱི་གཤིིན་རྗེ་རེ་རེས་དགྲ་ལ་ནད་སྣ་མི་འདྲ་བ་རེ་རེ་གཏོང་བར་ཁས་བླངས་པ་དང་། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་ཏེ་དམ་ཆོས་སྐྱོང་བའི་སྲུང་མར། ལ་བཏགས་སོ། །དེ་ནས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱིས་ལྷའི་བུ་ནོར་བུ་གནོད་མཛེས་ལ་སོགས་པ་ལ་གཤིན་རྗེ་རྩ་བའི་རྒྱུད་འབུམ་པ་ལ་སོགས་པ་གསུངས་ཏེ། ལྷའི་བུ་ནོར་བུ་གནོད་མཛེས་ཀྱིས། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་པོའི་གསུང་ལྷང་ལྷང་པོ་ལ་མཉན་ཏེ་གཞུང་ཚིག་དང་ཡི་གེར་གྲུབ་པར་བྱས་ནས། བསྭེ་ཡི་གའུ་ཁ་སྦྱོར་དུ་བཅུག་ནས་ཁ་ལ་ཆས་རྒྱས་བཏབ་ནས། རི་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་མོ་ལ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་ཕྱག་ཏུ་ཕུལ་ཏེ་མི་ཡུལ་དུ་མི་སྣང་བར་བྱས་པ་ནི་སྡུད་པ་པོས་བསྡུས་བྱ་བའི་གོ་བ་ཡང་དེ་ཡིན་ནོ་གསུངས་སོ། །ད་ནི་དོན་གཉིས་པ་རྩོམ་པ་པོ་རྟེན་གྱི་གང་ཟག་གིས་བརྩམས་པ་དང་བླ་མ་བརྒྱུད་པའི་རིམ་པ་བསྟན་པ་ནི་དེ་ལྟར་རྩ་བའི་རྒྱུད་ལ་སོགས་པ་ལ་བརྟེན་ནས་ཁ་ཐུན་རྩོམ་པ་པོའི་རྟེན་གྱི་གང་ཟག་གང་ཡིན་སྙམ་ན། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྲས་ཀྱི་དམ་པ་འཇམ་དཔལ་བཤེས་གཉེན་ཡིན་ཏེ། དེའི་སྐུ་ཆེ་བའི་ཡོན་ཏན་ཇི་ལྟ་བུ་ཞེ་ན། སྐུ་ན་སོ་གཞོན་ནུ་ལ་འཇམ་དཔལ་གྱིས་བྱིན་གྱིས་བརླབས་པ། མཚན་ཟབ་མོ་གསང་སྔགས་ཀྱི་སྒོ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ། ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས་པའོ། །དེའི་ཚེ་དེའི་དུས་ན་རི་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་མོ་ལ་ཉིན་གྱི་རིང་ལ་འོད་དུ་ཆགས། མཚན་གྱི་རིང་ལ་མེར་འབར་བར་གཟིགས་ནས། རུས་ཤིང་གདུག་པ་ཅན་དང་སྦྲུལ་གདུག་པ་ཅན་ལས་བརྒལ་ཏེ་དེར་བྱོན་པས། མཁའ་འགྲོ་མ་རྣམས་ཀྱིས་སློབ་དཔོན་ལ་ཕྱག་དང་བསྐོར་བ་བྱས་ནས་གཤིན་རྗེ་རྩ་བའི་རྒྱུད་འབུམ་པ་ལ་སོགས་པ་རྩ་བའི་རྒྱུད་ཐམས་ཅད་སློབ་དཔོན་ལ་ཕུལ་ལོ། །དེ་ནས་སློབ་དཔོན་གྱིས་ཀྱང་རྒྱུད་ཀྱི་དོན་ཁ་ཐུན་ལ་བརྟེན་ནས་བསྒྲུབས་པས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ནག་པོའི་ཞལ་མཐོང་ནས། ཕྱི་རབས་ཀྱི་རྣལ་འབྱོར་པས་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་དོན་དུ་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་གཅིག་མཛད་དེ། དེ་རྣམས་ཀྱི་ནང་ནས་ཀྱང་ཁྱད་པར་དུ་གྱུར་པ་ཁ་ཐུན་འདི་ཡིན། གསུངས་སོ། །དེ་ནས་སློབ་དཔོན་གྱིས་གཤིན་རྗེ་ནག་པོའི་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པའི་དུས་སུ་སྐུ་ལ་བེར་ནག་པོ་གྱོན། མགོ་ལ་དར་ནག་གི་ཐོད་བཅིངས། དཔྲལ་བར་མེ་ལོང་གཅིག་བཏགས། རྩྭ་ཀུ་ཤའི་སོར་གདུབ་གཅིག་མཛུབ་མོ་ལ་བཅུག །སྤྲེའུ་ཁམ་ནག་གི་ཐོད་པ་མཆན་ཁུང་གཡོན་དུ་བཏགས། སེང་ལྡེང་གི་དབྱུག་པ་འདོམ་གང་བ་གཅིག་ཕྱག་ཏུ་ཐོགས་ནས། གྲོང་ཁྱེར་དུ་སྤྱོད་པ་ལ་བྱོན་པའི་དུས་སུ། མི་བསྲུང་དུ་མི་རུང་བའི་དམ་ཚིག་རྣམ་པ་གསུམ་བསྲུང་སྟེ། དེ་ཡང་གཞན་ལ་ཕྱག་མི་འཚལ། གཞན་ལ་ལམ་མི་བཟུར། གཏམ་མི་སྨྲ་བ་དང་གསུམ་པོ་བསྲུང་ཞིང་གནས་སོ། །དེ་སྐད་དུ་ཡང་འཇམ་དཔལ་གསང་རྒྱུད་ལས། ཕྱག་མི་འཚལ་ཞིང་ལམ་མི་བཟུར། །མི་སྨྲ་བ་དང་དབང་པོ་བསྡོམ། །དབྱུག་པ་ཐོགས་ཤིང་སྡིགས་མཛུབ་བསྒྲེང་། །ཐོད་ནག་བཅིངས་ནས་ཀུན་ཏུ་རྒྱུ། །ཞེས་སོ། །དེ་ཡང་དུས་ནམ་ཞིག་ན་སློབ་དཔོན་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པ་དང་ཁ་ཆེའི་རྒྱལ་པོ་ཟམ་ཁ་གཅིག་ཏུ་འཕྲད་པས་ཕྱག་ལ་མ་མཐུན་ཏེ། ཁ་ཆེའི་རྒྱལ་པོ་ན་རེ་སློབ་དཔོན་ལ་བཙུན་པ་ང་ཁ་ཆེའི་རྒྱལ་པོ་ཡིན་ཏེ། ང་ལྷ་རྗེ་ལ་མ་སུམ་བརྒྱ་དྲུག་ཅུ་ནི་འདར། རི་མཐོན་གྱི་ལྷ་ནི་མཆོད། གཡུང་དྲུང་གི་བོན་ནི་སྲིད་པའི་ཁུངས་ནས་གྱེར། ཁྲི་ལྡེ་གཙུག་གསུམ་རྗེའི་ཞབས་ནས་ནི་འདེགས་པས་ཕྱག་ང་ལ་འཚོལ་ཟེར། དེར་སློབ་དཔོན་གྱིས་བཟློག་ནས་ལན་བཏབ་སྟེ། ཁྱོད་ལྷ་རྗེ་ལ་མ་སུམ་བརྒྱ་དྲུག་ཅུ་འདར་ཟེར་ཡིན་སྲིད་པའི་འདྲེ་རབ་འདོན། རི་མཐོན་གྱི་ལྷ་མཆོད་ཟེར་ཡིན་ཁྱིའི་སྟོན་མོ་འགྱེད། གཡུང་དྲུང་གི་བོན་སྲིད་པའི་ཁུངས་ནས་གྱེར་ཟེར་ཅིང་སྒྲུང་དང་ལྡེའུ་འཆད། ཁྲི་ལྡེ་གཙུག་གསུམ་རྗེའི་ཞབས་ནས་འདེགས་ཟེར་ཅིང་ནི་ཕན་པ་བས་ཀྱང་གནོད་པ་ཆེ། རྒྱལ་པོ་ལ་བཙུན་པ་ང་རྒྱ་གར་ཆོས་ཀྱི་རྒྱལ་པོ་ཡིན་པས་ཕྱག་ང་ལ་འཚོལ་བྱས་པས། ཁོ་ཕྱག་འཚལ་མ་ཉན་ལམ་བཟུར་དུ་མ་ཉན། དེར་སློབ་དཔོན་གྱིས་མིག་གིས་ལྟ་སྟངས་གཅིག་མཛད་ནས། ཁ་ཆེའི་རྒྱལ་པོ་དེ་ལུས་ཚལ་པར་བཀས་སོ། །ཕྱི་ནས་སློབ་དཔོན་གྱིས་གསོ་བའི་ཆོ་ག་མཛད་ནས་སོས་སོ། །དེར་ཁོ་འགྱོད་པ་སྐྱེས་ནས་ཞེ་ས་ལུགས་བཞིན་དུ་ཕུལ་ལོ། །དེར་ཁོང་གི་སྐྲའི་ལ་བ་ཡང་བྲེགས་ཏེ་ཁ་ཆེའི་རྒྱལ་ཁམས་ཐམས་ཅད་ཀྱང་ནང་པ་སངས་རྒྱས་པའི་བསྟན་པ་ལ་བཙུད་པར་གསུངས་སོ། །དེ་ལྟར་ན་སྐུ་ཆེ་བའི་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་འཇམ་དཔལ་བཤེས་གཉེན་གྱིས་མཛད་དོ། །དེས་པཎྜི་ཏ་དྷ་ན་སཾསྐྲྀ་ཏ་དེས་ཀྱང་གཤིན་རྗེའི་སྒོ་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ་ཡིན་གསུངས། ལ་བཤད། དེས་བལ་པོའི་བ་སུ་དྷ་ར་ལ་བཤད། དེས་གནུབས་སངས་རྒྱས་རིན་པོ་ཆེ་ལ་བཤད། དེ་ལ་སྲས་གཉིས་ཡོད་པ་ལ་བསད་ཤོར་ནས་ཐུགས་ཆད་དེ་བལ་ཡུལ་དུ་སློབ་དཔོན་གྱི་རྩར་འགྲོ་བའི་ལམ་དུ། རོང་དུ་སོ་ཡེ་ཤེས་དབང་ཕྱུག་དང་མཇལ་ནས་བཞུགས་པར་ཞུས་པས་གནང་ངོ་། །དེ་ནས་སོས་རོག་ཆོས་ཉན་པའི་གསུམ་སྦྲན་ཏེ། པ་གོར་བློན་ཆེན་འཕགས་པ་དང་། སྲུ་ལེགས་པའི་སྒྲོན་མ་དང་། སྟོང་ཚབ་བྱང་ཆུབ་རིན་པོ་ཆེ་དང་གསུམ་སྦྲན་པས། དེ་གསུམ་དང་པོ་བཞིས་རོང་གི་སྟག་བྱ་བའི་དགོན་པར་སྤྱན་དྲངས་ནས་ཆོས་ཞུས་པས་དེ་བཞི་ལ་སོ་སོར་གནང་སྟེ་སོ་ལ་ཕུར་པ་བཤད། པ་གོར་ལ་བདུད་རྩི་བཤད། སྲུ་ལ་ཡང་དག །སྟོང་ཚབ་ལ་མ་མོ། །དེའི་དུས་སུ་ཁུ་ལུང་ཡོན་ཏན་རྒྱ་མཚོ་ཤ་བ་བཤོར་ནས་ཐང་ཆད་དེ། སྟག་གི་དགོན་པར་ཕྱིན་ནས། ཤ་བ་ཡང་མ་སོད། རྟ་ཡང་འཐེངས། ལྟོ་ཡང་ལྟོགས་ཟ་རྒྱུ་གཅིག་ཞུ་བྱས་པས་སློབ་དཔོན་གྱིས་གན་དུ་བོས་ནས་བཟའ་བ་བྱིན་ཏེ་རུས་ཅི་ཡིན་དྲིས་པས་གནུབས་ཡིན་ཟེར། དེར་སློབ་དཔོན་གྱིས་ང་ཡང་གནུབས་ཡིན་ཁྱོད་ཀྱི་སློབ་དཔོན་ངས་བྱ་ཡིས། རྔོན་པ་བཤོལ་ཞེས་གསུངས་པས་ཁོ་དད་པ་སྐྱེས་ནས་རྟ་སྒ་དང་བཅས་པ་ཕུལ་ལོ། །དེར་སློབ་དཔོན་གྱིས་ཐུགས་ལ་བཏགས་ཏེ་མ་ཕུར་གཤིན་གསུམ་གནང་ངོ་། །དེ་ནས་ཁུ་ལུང་གིས་བསམ་པ་ལ་སློབ་དཔོན་འདི་དྲིན་ཆེ་བས་ལན་གཅིག་བླན་དགོས་སྙམ་ནས། བྱང་སི་རི་རོང་ནས་གསེར་བརྐོས་ལ་དབུལ་སྙམ་ནས་སློབ་དཔོན་ལ་ཞུས་པ་ལ། ཇོ་བོའི་ཞལ་ནས་ང་ཡང་རྒས་གསེར་གྱི་དགོས་པ་མེད་མ་འགྲོ་བྱས་པ་ལ། ཁས་བླངས་དམ་བཅས་པས་འགྲོ་ཟེར་ནས་སོང་ངོ་། །དེའི་ཤུལ་དུ་ཇོ་བོས་སྔར་གྱི་སློབ་འཕྲོ་དང་ངན་སྔགས་དང་ཁྱད་པར་དུ་གཤིན་རྗེ་དམར་ནག་གི་ཆོས་ཐམས་ཅད་ཡི་གེར་བྲིས་ནས་ཕོ་ཐམས་ཅད་གྲུ་གུ་དམར་པོས་དྲིལ། མོ་ཐམས་ཅད་གྲུ་གུ་ནག་པོས་དྲིལ་ནས་སྟག་སྒྲོམ་གཟིག་སྒྲོམ་དུ་བཅུག་སྟེ་སོ་ཡེ་ཤེས་དབང་ཕྱུག་ལ་བཞག་ནས་འདི་ཁུ་ལུང་པ་ལ་གཏོད་ཅིག་བྱས་སོ། །དེ་ནས་ཇོ་བོ་སྟག་གི་དགོན་པར་གྲོངས་སོང་། དེ་ཙམ་ན་ཁུ་ལུང་གི་རྨི་ལམ་དུ་ཇོ་བོ་བྱོན་ནས་ང་ཚེ་ཡི་དུས་བྱས་ཁྱེད་རང་ལ་འུར་ཡུལ་དུ་སོང་ཟེར་བ་དང་གཉིད་སད་པས་སྙིང་མ་དགའ་ནས་གཅིག་ཆར་ཡུལ་དུ་འོངས་པ་དང་། སྔོན་ལ་སོ་དང་འཕྲད་ནས་དྲིས་པ་ལ་གྲོངས་ཟེར། འོ་ན་ང་ལ་ཞལ་ཆེམས་མ་བཞག་གམ་དྲིས་པས་ཞལ་ཆེམས་ཡོད་དེ། དང་པོར་སྤུར་གྱི་རྩར་སོང་ལ་ཤོག་བྱས་པས། དེ་ནས་སྤུར་གྱི་རྩ་ཕྱིན་པ་དང་ཁུ་ལུང་བརྒྱལ། བརྒྱལ་བའི་རྨི་ལམ་དུ་ཡང་ཇོ་བོ་བྱོན་ནས་ང་ལ་མྱ་ངན་མ་བྱེད་པར་ཁྱོད་ལ་དགོས་པ་ཐམས་ཅད་སོ་ལ་གཏད་ནས་ཡོད་དེ་སོས་གཤའ་མ་བྱེད་བྱེད་མི་འདྲ་བས་ལ་འུར་ཁོའི་གན་དུ་སོང་ཞིག །ཁོའི་འོག་ཁང་གི་ཀ་གཞུ་ལ་དཔེ་སྒྲོ་བཀལ་ནས་ཡོད་ཅེས་ཟེར་བས་བརྒྱལ་སངས་པ་དང་། གསེར་བག་རེ་ཡོད་པ་རྣམས་སྤུར་ལ་གཏོར་ཏེ། རྟ་བཟང་གཅིག་ལ་སྒ་བསྟད་ནས་ཁོའི་དྲུང་དུ་ཕྱིན་པ་དང་། སོས་ཁྱིམ་དུ་བོས་ནས་ནང་དུ་ཕྱིན་པ་ན་ཀ་གཞུ་ལ་འོད་དཀར་པོ་རེ་འདུག་པས་ལག་པས་བྱུག་པས་སྒྲོམ་དེ་གཉིས་འདུག་ནས་ཕྲག་པ་ལ་བཀལ་རྟ་ལ་ཞོན་ནས་བྲོས་པས་སོས་བདས་པས་མ་ཟིན་ནོ། །དེས་པདྨ་དབང་རྒྱལ་ལའོ། །དེས་སྲས་ཆེན་པོ་འཇམ་དཔལ་ལའོ། །དེས་ལྷ་རྗེ་ཇོ་རྡོར་དྲམ་ལུང་ལ་རང་ཟེར། ལའོ། །དེས་དགེ་བཤེས་དྭགས་འདི་སྣ་དགོན་པའི་པོ་ལའོ། །དེས་སློབ་དཔོན་སྤང་སྟོན་ལའོ། །དེས་སློབ་དཔོན་འབྲོ་ལའོ། །དེས་སློབ་དཔོན་སྟོན་པ་ལའོ། །དེས་བདག་ལའོ། །ད་ནི་དོན་གསུམ་པ་རྒྱུད་གང་ལ་བརྟེན་ནས་བརྩམ་པ་ནི། སློབ་དཔོན་དེས་རང་རང་གར་བརྩམས་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། འཇམ་དཔལ་གསང་བའི་རྒྱུད་ལ་སོགས་པ་དྲུག་ལས་བཏུས་ཏེ་བརྩམས། དེ་ཡང་ཇི་ལྟར་བཏུས་ན་འཇམ་དཔལ་གསང་བའི་རྒྱུད་ལས་ཨ་ཀྲོ་ལྷའི་བསྙེན་པ་བཏུས། ཙིཏྟ་གསང་བའི་རྒྱུད་ལས་ས་མ་ཡ་ཐུང་བའི་སྔགས་བཏུས། མ་མོ་གསང་བའི་རྒྱུད་ལས་ས་མ་ཡ་རིང་བའི་སྔགས་བཏུས། ཏནྟྲ་ནག་པོའི་རྒྱུད་ལས་ཕོ་འཁོར་ཉི་མ་བཞི་པ་བཏུས། རོ་ལངས་ནག་པོའི་རྒྱུད་ལས་དགྲ་བོ་ཕོ་ལྷ་དང་དབྲལ་བ་དབྱེ་བ་མན་ངག་གི་འཁོར་ལོ་བཏུས། གནོད་སྦྱིན་གཙུག་ན་མེ་འབར་གྱི་རྒྱུད་ལས་ཕུར་ཐུན་ལ་སོགས་པའི་ལས་ཀྱི་མཐའ་དྲུག་བཏུས་སོ། །ད་ནི་དོན་བཞི་པ་ཕྱོགས་གར་གཏོགས་པ་བསྟན་པ་ནི། དེ་ཡང་ཕྱོགས་གར་གཏོགས་ན། སྤྱིར་གསང་སྔགས་ལ་སྔ་འགྱུར་རྙིང་མ་དང་། ཕྱི་འགྱུར་གསར་མ་གཉིས་ཡོད་པ་ལས། འདི་སྔ་འགྱུར་རྙིང་མའོ། །དེ་ལ་ཐེག་པ་རིམ་པ་དགུ་ཡོད་པ་ལས། སྙིང་པོ་ལྟ་བུའི་ཐེག་པ་གསུམ་སྟེ། བསྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་ཆེན་ཨ་ཏི་ཡོ་ག་གསུམ་ལས། འདི་མ་ཧཱ་ཡོ་གའོ། །ཡིན་པར་ཅིས་ཤེས་ན་འོག་ནས་དང་པོའི་ནུབ་མོ་ཞི་ཁྲོའི་ཕྲིན་ལས་གཞུང་བསྲང་ཟེར་བས་ཀྱང་བསྐྱེད་པ་མ་ཧཱ་ཡོ་གར་གཏོགས། རྒྱུའི་ཏིང་ངེ་འཛིན་གྱི་རྗེས་ལ་རྩ་བའི་ལྷ་ལྔ་བསྐྱེད་པས་ཀྱང་མ་ཧཱ་ཡོ་གར་གཏོགས། དམ་ཚིག་སེམས་དཔའ་བསྐྱེད་ནས་ཡེ་ཤེས་སེམས་དཔའ་སྤྱན་འདྲེན་པའི་དུས་སུ་རྒྱལ་པོ་དཔེའི་ཆོས་བརྒྱད་དང་སྒོ་བསྟུན་ནས་བསྟན་པས་ཀྱང་དེར་གཏོགས་པར་སྨན་རག་ཚར་གསུམ་བྱིན་གྱིས་བརླབས་པ་བྱུང་བས་ཀྱང་ངོ་། །ཤེས་སོ། །དོན་ལྔ་པ་དགོས་ཆེད་གང་གི་དོན་དུ་མཛད་ཅེ་ན། སྔོན་འབྱུང་དུ་ཡེ་ཤེས་ལྷའི་གཤིན་རྗེས་ལས་ཀྱི་གཤིན་རྗེ་འདུལ་བའི་དོན་དུ་གསུངས་ལ། རྗེས་འཇུག་ཏུ་རྣལ་འབྱོར་པ་རྣམས་ཀྱིས་བསྟན་པ་འཛིན་སྐྱོང་བསྲུང་བ་དང་གསུམ་ལས་འདི་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་དོན་དུ་མཛད་པའོ། །དེ་ལ་གསུམ། དབང་ཕྱུག་གིས་བསྲུང་བ་དང་། རིག་པས་བསྲུང་བ་དང་། ནུས་པས་བསྲུང་བ་ལས། འདི་ནུས་པས་བསྲུང་བའོ། །དེའི་ཞར་ལ་བདུད་རུ་ཏྲ་ལ་སོགས་པ་ལོག་སྲེད་ཅན་རྣམས་འདུལ་བའི་དོན་དུའོ། །དོན་དྲུག་པ་མཚན་ཅི་ལས་བཏགས་ཤེ་ན། མཚན་ལ་སྤྱིར་བཀའ་དང་བསྟན་བཅོས། འདོགས་ལུགས་མང་སྟེ། ཡུལ་ལས་ལངྐར་གཤེགས་པ་མཚན་དུ་བཏགས་པ་དང་། གང་ཟག་ལས་དང་། མཚོ་སྐྱེས་དཔེ་ལས་དང་། སྒྲོན་གསལ་ཞུ་བ་པོ་གཙུག་ན་རིན་ཆེན་གྱིས་ཞུས་པ། ལས་དང་། དོན་ལས་མཚན་དུ་བཏགས་པ་ལས་འདི་ཕྱི་མའོ། །དེ་ཡང་དོན་ཇི་ལྟར་ཡིན་ཞེ་ན། ཡ་མ་རཱ་ཛ་གསང་བ་ཐུགས་ཀྱི་ཁ་ཐུན་ཞེས་བྱ་སྟེ། ཡ་སྐྱེས་པའི་ས་བོན་ཡིན་ལས་དྲངས་པས་གཤིན་རྗེ། མ་ལས་དྲངས་པས་མ་མོ། རཱ་ཛ་ཞེས་པ་ནི་རྒྱལ་པོ་སྟེ། མ་གཤིན་གཉིས་ཀྱི་བར་ཐེམས་སུ་རུ་ཏྲ་ཐམས་ཅད་འཇོམས་པས་ན་རཱ་ཛ་ཞེས་པའོ། །གསང་བ་ཞེས་པ་ནི། བཅོམ་ལྡན་འདས་གཤིན་རྗེའི་གཤེད་ནག་པོའི་སྐུའི་ཉམས་གསུམ་ལ་སྒེག་པ་དང་། དཔའ་བ་དང་། འཇིགས་སུ་རུང་བའོ། །གསུང་གི་ཉམས་གསུམ་ལ་རྒོད་པ་དང་། གཤེ་བ་དང་། འཇིགས་ཤིང་ངོ་མཚར་བའོ། །ཐུགས་ཀྱི་ཉམས་རྣམ་པ་གསུམ་ལ་སྙིང་རྗེ་ཆེ་བ། རྔམ་པ། ཞི་བ་སྟེ། དེ་ལྟར་ན་གསང་བའི་ཉམས་དགུ་པོ་དེ་སྐལ་བ་དང་ལྡན་པ་རྣམས་ལ་བསྟན་ལ། སྐལ་བ་དང་མི་ལྡན་པ་རྣམས་ལ་གསང་བའོ། །ཐུགས་ཀྱི་ཞེས་པ་ནི་གཤིན་རྗེའི་གཤེད་ཀྱི་དོན་དེ་སློབ་དཔོན་གྱི་ཐུགས་གཅིག་ནས་གཅིག་ཏུ་བརྒྱུད་པའོ། །ཐུགས་ཀྱི་ཉིང་མན་ངག་གི་དོན་ཁུ་ལྟ་བུར་གྱུར་པའོ། །ཁ་ཐུན་ཞེས་པ་ནི་རྒྱུད་སྡེ་ཁ་ཁ་ནས་བཏུས་པས་འདི་དོན་གྱི་ན་ཁ་ཐུན་ཞེས་སློབ་དཔོན་སྤང་སྟོན་གསུངས། འདི་རྣམས་གང་རུང་རེས་ཁ་ཐུན་གྱི་གོ་བ་བཞག་པར་མི་ནུས་ཏེ་སྒྲུབ་ཐབས་གཞན་ཡང་ཁ་ཐུན་དུ་ཐལ་བའི་སྐྱོན་འོང་ལ་དེ་བས་ན་གསུམ་ཁར་ཚོགས་པའི་དོན་གྱིས་ཁ་ཐུན་ཞེས་པར་བཞག་སྟེ་གསང་རྒྱུད་ཀྱི་ལུང་དེས་ཤེས། སམ། གཤིན་རྗེའི་འཁོར་ལོའི་ཁ་མ་མོའི་ཐུན་གྱིས་སྐོང་བས་སམ། འབྲོང་དར་མའི་རྭའི་ཁ་ལྟ་བུ་ནས་གསོད་པའི་ལས་བྱེད་པས་ན་ཁ་ཐུན་ནོ། །བརྣག་པ་ཞེས་པ་ནི་ཞེ་སྡང་དྲག་པོ་ཕྱོགས་གཅིག་པའོ། །མངོན་སྤྱོད་གཅིག་པུ་ལས་བྱང་ཞེས་པ་ནི་དེའི་བསྙེན་པ་དང་སྒྲུབ་པ་དང་ལས་སྦྱོར་ལ་སོགས་པའོ། །དེ་ནི་མཚན་གྱི་དོན་ནོ། །ད་ནི་སྤྱི་དོན་བདུན་པ་མཚན་དེ་དང་ལྡན་པའི་མཚན་ཅན་དངོས་ལ་དབུ་ནས་ཞབས་སུ་བསྡུས་པའི་དོན་དུས་བསྟན་ཞེ་ན་གསུམ་གྱིས་བསྟན་ཏེ། དེ་ཡང་ཆོས་གཞན་བཞིན་དུ་ཀླད་དང་གཞུང་དང་མཇུག་གསུམ་དུ་མི་སྦྱོར་རོ། །འོ་ན་ཇི་ལྟར་ཞེ་ན། དོན་དང་པོ་རྗེས་སུ་མཐུན་པའི་གནས་སུ་རྗེས་སུ་མཐུན་པའི་རྫས་བསགས་ནས་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་དང་། དོན་གཉིས་པ་ཉི་མ་བཞི་པའི་ཙཀྲ་བསྐོར་ཞིང་དྲག་པོའི་ཐུན་གྱིས་བསད་པའི་རིམ་པ་བསྟན་པ་དང་། དོན་ཐ་མ་འཆི་བདག་ནག་པོ་ཨར་ལ་གཏད་ཅིང་མནན་གཟིར་བྱ་བ་འཁོར་ལོ་ཁ་མནན་པའི་རིམ་པའོ། །དང་པོ་ལ་བཞི་སྟེ། རྗེས་སུ་མཐུན་པའི་གནས་དང་། དུས་དང་། རྫས་དང་། ཡེ་ཤེས་ཀྱི་ལྷ་བསྙེན་དངོས་བསྟན་པའོ། །དང་པོ་གནས་ལ་གཉིས་ཏེ། བསྙེན་པའི་གནས་མན་ངག་ཏུ་བཤད་པ་དང་། སྒྲུབ་པའི་གནས་དཀྱུས་དང་སྦྱར་བའོ། །དང་པོ་ནི། བྱང་ནུབ་ཏུ་སྐྱོབ་པ། ཤར་དང་ལྷོ་གཞོལ་བ། རྒྱབ་རྡོ་རྗེའི་བྲག་ལ་གཏད་པ། མདུན་ན་ནེའུ་སིང་དང་རྫིང་བུ་དལ་གྱིས་འབབ་པ་ཡོད་པ། ཤིང་བུ་མེ་ཏོག་དང་འབྲས་བུ་མགོ་ལྕོགས་གཡུར་ཟ་བ་ཡོད་པ། སྒྲུབ་པ་པོ་ཉམས་དགའ་བ། བཀྲ་ཤིས་པ། བྱིན་ཆེ་བ། ཡིད་འཇུག་པ། ཡོན་ཏན་སྣ་ཚོགས་དང་ལྡན་ཞིང་སྐྱོན་སྣ་ཚོགས་པ་སྤངས་པའོ། །སྒྲུབ་པའི་གནས་དཀྱུས་དང་སྦྱར་བ་ནི་གནས་ནི་དུར་ཁྲོད་དུ་བྱ། ཞེས་པས་སྟོན་ཏེ། དེ་ལ་རྒྱ་གར་གྱི་དབང་དུ་བྱས་ན་དུར་ཁྲོད་བསིལ་བའི་ཚལ་ལ་སོགས་པ་དུར་ཁྲོད་ཀྱི་བྱ་ཀང་ཀའི་ཀིང་ཀ་ལ་སོགས་པ་ཡོད་པ། ལས་ཀྱི་མཁའ་འགྲོ་མ་ཀླག་དི་རེ་བའི་གནས་ལྟ་བུར་བསྒྲུབ་ན་ཚེ་གཅིག་གིས་གཤིན་རྗེ་གཤེད་ཀྱི་དངོས་གྲུབ་ཐོབ་པ་ཡིན་གསུང་། བོད་ཀྱི་གནས་བོད་དུར་ཁྲོད་མེད་པས་ནི་སློབ་དཔོན་གོང་མ་རྣམས་ཀྱིས་སིདྡྷི་ཐོབ་བསྒྲགས་ཀྱི་ཡང་རྫོང་ངམ་ལྷོ་བྲག་མཁར་ཆུའམ་གཉལ་གྱི་དགེ་རིལ་ལ་སོགས་པ། པའི་གནས་སམ། ཡང་ན་བྲག་ཕུག་ཁ་བྱང་དུ་ལྟ་བ་རྟ་རོ་དམར་པོ་ཁ་ཕྱེ་བ་འདྲ་བའམ། ཤིང་རྐང་གཅིག་གམ་ལྷ་ཁང་རྙིང་པ་ལྟ་བུའམ་ཤིན་ཏུ་གཉན་པའི་གནས་སུ་བསྒྲུབ་བོ། །དུས་ལ་རྗེས་སུ་མཐུན་པའི་གཉིས་ལས་བསྙེན་པའི་དུས་མན་ངག་ཏུ་བཤད་ན། ལོ་ཡར་ངོ་ལ་བྱའོ། །ཟླ་བ་ཡར་ངོ་ལ་བྱའོ། །གཟའ་སྐར་བཟང་པོ། དུས་ཚིགས་བཟང་པོ་ལ་བྱའོ། །བསྒྲུབ་པའི་དུས་དཀྱུས་དང་སྦྱར་ན་ལོའི་དུས་ནི་ལོ་གསར་རྙིང་གི་མཚམས་སུ་ལྷ་འདྲེ་འཁྲུག་པའི་དུས་སུ་བྱ། ཟླ་བའི་དུས་ནི་ཟླ་བ་མར་ངོ་ལ་བྱའོ། །གཟའི་དུས་ནི་གཟའ་ཕུར་བུ་ལ་བྱ་སྟེ་ཁྱད་པར་དུ་ཕུར་ཁ་གཏོད་པ་ལ་ཤིས་ཏེ། རྒྱ་མཚོའི་གཏིང་དུ་མེ་འབུད་པའི་གཟའ་ཡིན་གསུངས་། སྐར་མའི་དུས་ནི་མཆུ་ལ་བྱ་སྟེ། ཁྱད་པར་དུ་ཟོར་ཁ་གཏོད་པ་ལ་ཤིས་སོ། །རྗེས་སུ་མཐུན་པའི་རྫས་ལ་གཉིས་ཏེ། བསྙེན་པའི་རྫས་མན་ངག་ཏུ་བཤད་པ་དང་། སྒྲུབ་པའི་རྫས་དཀྱུས་དང་སྦྱར་བའོ། །དང་པོ་ལ་གཉིས་ཏེ། འཚོ་བ་ཟས་ཀྱི་ཡོ་བྱད་དང་། རྐྱེན་བཟློག་སྨན་གྱི་ཡོ་བྱད་དོ། །གཉིས་པ་སྒྲུབ་པ་རྫས་ཀྱི་ཡོ་བྱད་ནི། རོ་ཚས་ཀྱི་ཞེས་པ་ལ་སོགས་པས་སྟོན་ཏེ། དེ་ལ་གཉིས་ལས། ཐུན་མོང་གི་རྫས་ནི་བསྙེན་པའི་དུས་དུས་མེ་ཏོག་ལ་སོགས་པ་ལྔ་བཤམ། བསྙེན་པའི་དམ་རྫས་ནི་རོ་ཚས་ཀྱི་རས་དང་རྡུལ་ཚོན་གྱི་དལ་ལ་སོགས་པའོ། །ཁྱད་པར་གྱི་དམ་རྫས་ལ་བཞི་སྟེ། མཆོད་པའི་དམ་རྫས་ནི་ཤ་ཆེན་གྱི་གཏོར་མ། དམར་ཆེན་གྱི་རཀྟ། ཚིལ་ཆེན་གྱི་མར་མེ། གསུར་ཆེན་གྱི་དུད་པའོ། །བསྲུང་བའི་དམ་རྫས་ནི་བསྒྲུབ་པའི་དུས་སུ་བེར་ནག་པོ་གྱོན་པ་ལ་སོགས་པའོ། །ཚིག་དོན་ནི་གོ་སླའོ། །ཡེ་ཤེས་ཀྱི་ལྷ་བསྙེན་དངོས་ལ་དྲུག་སྟེ། ལས་ཀྱི་ཧེ་རུ་ཀའི་ང་རྒྱལ་གྱི་ཚོགས་བསགས་པའི་རིམ་པ་དང་༡། མཚམས་བཅད་པའི་རིམ་པ་དང་༢། མཁྱེན་པར་གསོལ་བ་གདབ་ཅིང་ཁྱད་པར་གྱི་མཆོད་རྫས་རྣམ་གསུམ་གྱི་མཆོད་རྫས་རྣམ་གསུམ་བྱིན་གྱིས་རློབས་པ་དང་༣། ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་འཇམ་དཔལ་རྩ་བའི་ལྷ་ལྔ་བསྐྱེད་པ་དང་༤། གཏུམ་ཆེན་དྲེགས་པས་སྙན་གསན་དབབ། མཐིང་ནག་གི་སྤྱན་དྲངས་ཏེ་མཆོད་པས་མཆོད་ནས་དམ་ཚིག་པ་དང་གཉིས་སུ་མེད་པར་བསྲེ་བ་དང་༥། ཨ་ཀྲོ་ལྷའི་བསྙེན་པ་ཇི་ལྟར་བསྐྱལ་བའི་རིམ་པའོ། །དེ་ལ་དང་པོ་ཚོགས་བསགས་པའི་རིམ་པ་ནི། གོང་དུ་བསྟན་པའི་གནས་དེ་ལྟ་བུར་རྫས་ཐམས་ཅད་ཚོགས་ལས་དང་པོ་རང་གི་སྙིང་ཁར་རྂ་ལས་ཉི་མའི་དལ་གཅིག་བསམ་དེའི་སྟེང་དུ་ཡི་གེ་ཧཱུྃ་དེ་ལ་དམིགས་པ་གཏད། པར་བྱས་ནས། ཨཱོྂ་མཉྫུ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་པ་བསྐྱེད་པ་རྐྱེན་གྱི་སྔགས་བརྗོད་པ་ཙམ་གྱིས་རང་ཉིད་ལས་ཀྱི་གཤིིན་རྗེ་ཞལ་གཅིག་ཕྱག་གཉིས་པ་གཡས་ཞིང་གི་དབྱུག་ཏོ་འམ་བེ་ཅོན། གཡོན་སྡིགས་མཛུབ་རྒྱུ་ཞགས་ཅན་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ་གཅིག་ཏུ་ཝལ་གྱིས་བསྒོམས་ལ། རང་གི་སྙིང་གར་རྂ་ལས་ཉི་མའི་དལ་དེའི་སྟེང་དུ་ཧཱུྃ་གཅིག་བསམ། ཧཱུྃ་དེ་ལས་འོད་འཕྲོས་པས་འཇམ་དཔལ་ཞི་ཁྲོའི་ལྷ་ཚོགས་སྤྱན་དྲངས་པར་བསམ། དེ་རྣམས་ཀྱི་སྤྱན་སྔར་ཚོགས་བསགས་པ་ནི། འབྱོར་པ་རབ་ཡིན་ན་བདེ་བར་གཤེགས་པའི་བཀའ་མང་དུ་བསྒྲགས་པ་ལ་སོགས་དགེ་སྦྱོར་འགྲུབ་ཚད་བྱ། འབྱོར་པ་འབྲིང་ཡིན་ན་ཡང་དབང་སྐོར་འདོན་པའམ་སཱཙྪ་གདབ་པ་དང་ཆུ་གཏོར་བཏང་བ་ལ་སོགས་པ་གྲུབ་ཚད་གཅིག་བྱ། འབྱོར་པ་ཆུང་ན་ཡང་ཆོག་བསྒྲིགས་ནས་འབྱུང་བ་བཞིན་དུ་ཕྱག་འཚལ་བ་ལ་སོགས་པའི་བདུན་རྣམ་དག་ཚིགས་བཅད་དང་བཅས་པ་བྱའོ། །རང་གི་ལུས་ཀྱང་འཇམ་དཔལ་ཞི་ཁྲོའི་ལྷ་ཚོགས་ལ་འབངས་སུ་དབུལ་ལོ། །དེ་སྐད་དུ་ཡང་། བཅོམ་ལྡན་གཤིན་རྗེའི་གཤེད་པོ་ཁྲོ་བོ་ཡི། །སྐུ་གཟུགས་བྲིས་པའི་སྤྱན་སྔ་རུ། །བསོད་ནམས་ཚོགས་ནི་ཅི་ནུས་བསགས། །ཞེས་གསུངས་སོ། །གསུངས་པའི་དོན་ཡིན་ནོ། །དེའི་གཞུང་ནི་དང་པོའི་ནུབ་མོ་ཞི་བའི་ཕྲིན་ལས་གཞུང་བསྲང་ཞེས་པས་ཟིན་ནོ། །དེ་ནས་ཚོགས་རྟེན་གྱི་ལྷ་དེ་རྣམས་བསྡུ་བ་ལ་ལུགས་མང་སྟེ་རང་བཞིན་གྱི་གནས་སུ་གཤེགས་པ་ཡང་ཡོད། དེ་ཉིད་དུ་མི་དམིགས་པར་བྱེད་པ་ཡང་ཡོད། རང་གི་སྙིང་གར་སྡུད་པ་ཡང་ཡོད་པ་ལས་འདི་ནི་རང་གི་སྙིང་གར་སྡུད་པར་བྱེད་པའི་ལུགས་སོ། །དེ་ལ་དགོས་པ་ཅི་ཡོད་ཅེ་ན་རང་གི་སྙིང་གར་སྡུད་པས་བྱིན་དབབ་པར་འགྲོ་གསུང་ངོ་། །གཉིས་པ་མཚམས་བཅད་པའི་རིམ་པ་ནི། དེ་ནས་ཁྲོ་བོའི་ཕྲིན་ལས་ཞེས་པས་མཚམས་བཅད་པ་སྟོན། དེ་ལ་གཉིས་ཕྱི་མཚམས་བཅད་པ་དང་། ནང་མཚམས་བཅད་པའོ། །དང་པོ་ཕྱི་མཚམས་བཅད་པ་ནི་ཕྱོགས་བཞིར་ཐོ་བཞི་བརྩིགས་ལ་རྒྱལ་པོ་ཆེན་པོ་བཞིར་མངའ་གསོལ་བ་ལ་སོགས་པའོ། །གཉིས་པ་ནང་མཚམས་བཅད་པ་ལ་ཡང་ལྔ་སྟེ། དེ་ཡང་དང་པོ་རྣམ་པར་མི་རྟོག་པའི་མཚམས་ནི་ངག་ལས་གྱེར་རྒྱུ་ལྟ་བུ་མེད་དེ། བདག་ལས་ཀྱི་ཧེ་རུ་ཀའི་ང་རྒྱལ་གྱིས། ཨཱོྂ་སྭ་བྷཱ་ཝ་བཛྲ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་ཕྱི་ནང་སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་དུ་བསྒོམ་མོ། །རྟོགས་པའི་ལྟ་བ་དེ་མ་གསལ་བར་དུ་བསྒོམ་པ་གལ་ཆེ་གསུང་ངོ་། །དེ་ནས་གཉིས་པ་བཀའ་བསྒོ་བའི་མཚམས་བཅད་པ་ནི། ངག་ཏུ་ཧཱུྃ་ཞེས་བརྗོད་པས་བདག་ཉིད་ལས་ཀྱི་གཤིན་རྗེའི་བ་སྤུའི་བུ་ག་ཐམས་ཅད་ནས་ཁྲོ་བོའི་སྤྲུལ་པ་གྲངས་མེད་པ་ཕྱོགས་བཅུར་འཕྲོས་པས་བགེགས་ཐམས་ཅད་བསྐྲད་ནས་ཁྲོ་ཆུང་གི་ར་བ་དྲྭ་བར་གྱུར་པར་བསྒོམ་ལ། གསང་སྔགས་དོན་ལ་མི་མོས་ཤིང་། །ཞེས་པ་ལ་སོགས་པ་སྔགས་དང་བཅས་པས་གསལ་གདབ་པར་བྱའོ། །དེ་ནས་གསུམ་པ་རྒྱས་གདབ་པའི་མཚམས་ནི་སྣང་གྲགས་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་གསལ་བར་བསྒོམས་ཏེ་ཕྱི་སྣོད་ཀྱི་ལོ་ཀ་ཐོད་པའི་གཞལ་ཡས་ཁང་། ནང་བཅུད་ཀྱི་འགྲོ་བ་ཐམས་ཅད་ཁྲོ་བོ་དང་ཁྲོ་མོར་བསྒོམ་ལ། འོག་མིན་ལྷ་ཡི་རྒྱལ་བའི་ཕོ་བྲང་དུ། །ཞེས་པ་ལ་སོགས་སྔགས་དང་བཅས་པས་གསལ་འདེབས་གཅིག་ཀྱང་བྱའོ། །དེ་ནས་བཞི་པ་བེ་ཅོན་གྱི་མཚམསས་བཅད་པ་ནི་ཆོ་ག་བསྒྲིགས་ན་གསལ་ལོ། །དེ་ནས་ལྔ་པ་གཤིན་རྗེ་དང་མ་མོ་ཐུན་མོང་གི་མཚམས་བཅད་པ་ནི་སྤྲོས་པ་ལ་དགའ་ན། རྡོ་རྗེའི་རི་རབ་ལྷུན་པོའི་རྩེ་བརྒྱད་ནས། །ཞེས་པ་ལ་སོགས་པ་བརྗོད་དོ། །སྤྲོས་པ་ལ་མི་དགའ་ན་རང་གི་མདུན་དུ་ར་ལས་ཉི་མའི་དལ། དེའི་སྟེང་དུ་རྂ་བསམ་ལ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་བསམ་གཏན་དང་པོ་མན་ཆད་བསྐལ་པའི་མེ་རི་དང་མེ་དཔུང་དུས་མཐའ་ལྟ་བུའི་མེ་བྱུང་ནས་བར་དུ་གཅོད་པ་ཅིས་ཀྱང་མི་ཚུགས་པར་བསྒོམ་མོ། །དེ་ནས། ཕྱོགས་མཚམས་ཀུན་ཏུ་རྡོ་རྗེའི་མེ། །ཞེས་པ་ལ་སོགས་བཞི་དང་ཕཊ་རྂ་ཞེས་པ་ལ་སོགས་པའི་མེ་སྔགས་དང་བཅས་པས་རྒྱས་གདབ་བོ། །དེ་ལྟར་རིམ་པ་ལྔས་མཚམས་བཅད་པར་བྱས་ནས་དེའི་ནང་ན་བདག་ཉིད་ཆེན་པོ་སྤྱོད་པ་བག་ཡངས་སུ་གནས་པ་དེས། དམ་ཚིག་གི་དོན་དུ་མཁྱེན་པར་གསོལ་བ་གདབ་པ་ནི་ཆང་ཕུད་ཐོད་པར་བླུགས་ནས་རིན་པོ་ཆེ་བརྡར་ལ་སྤོས་ཀྱི་དུད་པ་ཡང་བཏང་ལ་ཨཱོྂ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། སྤྲོས་པ་ལ་དགའ་ན་ཆོག་བསྒྲིགས་ནས་འབྱུང་བ་བཞིན་དུ་གཤིན་རྗེ་འཁོར་དང་བཅས་ལ་དབུལ། སྤྲོས་པ་ལ་མི་དགའ་ན་དང་པོ་འཇམ་དཔལ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་དང་། ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་ལ་དབུལ། དེ་ནས་ལྷ་མོ་དང་མགོན་པོ་དང་ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་ལ་དབུལ། གཞན་ཡང་འཇིག་རྟེན་གྱི་ལྷ་མཐུ་བོ་ཆེའི་ཚོགས་དང་བཅས་པ་དང་ས་བདག་ལ་སོགས་པ་ལ་ཡང་བསྔོས་ལ་བཏང་ངོ་། །དེ་ནས་དམ་ཚིག་ཉམས་པ་ཐམས་ཅད་བསྐང་བའི་ཕྱིར་ཡེ་ཤེས་སྐུ་མཆོག་གམ་དམ་ཚིག་ཉི་ཤུ་རྩ་བརྒྱད་པའི་བཤགས་པ་བྱའོ། །དེ་ནས་ཁྱད་པར་གྱི་རྫས་རྣམ་གསུམ་བྱིན་གྱིས་བརླབ་ལ་དེ་ཉིད་རིགས་ལྔ་རུ་ལུ་འབྲུ་བརྒྱད་ཀྱིས་བྱིན་གྱིས་བརླབས་པ་དང་གསང་བ་རིགས་གསུམ་ཡི་གེ་གསུམ་གྱི་དང་གསང་ཆེན་རིགས་གཅིག་བཛྲ་ས་ཏྭ་དང་དམ་པ་རིགས་བརྒྱ་དང་བཞི་ལས་འདི་ཕྱི་མའོ། །པར་བྱ་སྟེ། དེ་ཡང་དང་པོ་བདུད་རྩི་བྱིན་གྱིས་བརླབ་པ་ནི། ཐོད་པ་མཚན་ལྡན་ཞིག་གི་ནང་དུ་ཆང་ཕུད་ཀྱི་ནང་དུ་ཨ་མྲྀ་ཏ་གདབ། དང་པོ་བདུད་རྩི་མི་དམིགས་པར་བསྒོམ། དེའི་ངང་ལས་ཡྂ་ལས་རླུང་གི་དལ། དེའི་སྟེང་དུ་རྂ་ལས་མེ། དེའི་སྟེང་དུ་ཀེཾ་ལས་ཐོད་པའི་སྒྱེད་པུ་བསྐྱེད་པའོ། །དེའི་སྟེང་དུ་སྣོད་ཅི་ཡིན་ཡང་བྷྲཱུྂ་ལས་ཐོད་པའི་གཞལ་ཡས་ཁང་དུ་བསྒོམ། དེའི་ནང་དུ་དམ་ཚིག་གི་བདུད་རྩི་ལྔ་བསམ། དེའི་སྟེང་དུ་ཉི་མའི་དལ་རེ་རེའི་སྟེང་དུ་དཔའ་བོ་འབྲུ་ལྔ་ལས་རིགས་ལྔ་ཡབ་ཡུམ་དུ་བསྐྱེད། ཡབ་ཡུམ་བརྡས་བསྐུལ་ནས་སྦྱོར་བ་གཉིས་སུ་མེད་པའི་བྱས་པའི་མཚམས་ནས་བདུད་རྩི་བྱང་ཆུབ་ཀྱི་སེམས་དཀར་སི་ལི་ལི་བབ་སྟེ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་བསམ་ལ། ཨཱོྂ་ཨཱཿཧཱུྃ་བཛྲ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་སྨན་ཛཔ྄་བརྒྱ་རྩ་བརྒྱད་བཟླས་པས་ཡེ་ཤེས་ཀྱི་བདུད་རྩིས་བནྡྷའི་གཞལ་ཡས་སུ་དཀར་མེར་གྱིས་གང་བར་བསྒོམ་མོ། །དེ་ནས་རཀྟ་བྱིན་གྱིས་བརླབ་པར་བྱ་སྟེ། རཀྟའི་རྒྱུ་ནི་ཕག་ཁྲག་དང་བོང་ཁྲག་ལ་མི་བྱ་སྟེ་དེ་ཉིད་གཉིས་ནི་ཐུན་ཁྲག་གི་རྒྱུ་ཡིན་ནོ། །འོ་ན་གང་ལ་བྱ་ན་མ་མོ་དང་གཤིན་རྗེའི་དམ་རྫས་མི་འཆི་ཀ་མའི་མཚལ་ཐིག་བྱ་བ་སྐྱེས་པ་གཡུལ་ངོར་མཚོན་གྱིས་བརྒྱབ་ནས་དབུགས་བག་ཙམ་མ་ཆད་པའི་ཁྲག་གི་གཞི་བྱས་པའི་ཁྲག་སྣ་ཚོགས་ཚད་ཕྲུ་བ་གཅིག་ཏུ་བླུགས་ལ། དེ་ནས་བྱིན་གྱིས་བརླབ་པ་ནི། དང་པོར་སྟོང་པར་བསྒོམ། དེའི་ངང་ལས་སྣོད་དེ་ཅི་ཡིན་ཡང་བྷྲཱུྂ་ལས་ཐོད་པའི་གཞལ་ཡས་སུ་བསྒོམ། དེའི་ནང་དུ་ར་ལས་ཉི་མའི་དལ་གཅིག་བསམ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཁམས་གསུམ་གྱི་ཤ་ཁྲག་ཐམས་ཅད་བསྡུས་ར་ལ་ཐིམ་པ་དང་ར་དང་ནས་ཉི་མའི་དལ་གཉིས་ཀྱང་རཀྟའི་ནང་དུ། ལ་ཐིམ་པ་ལས། ཨཱོྂ་བཛྲ་མ་ཧཱ་རཀྟ་ཧཱུྃ་ཞེས་བརྗོད་ཅིང་རྣ་གཟར་ལྟ་བུས། ཕྱར་བས་ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུགས་པ་ཤ་ཆེན་གྱི་ལང་ལིང་དང་རྐང་བུམ་ཡོད་པ་གཅིག་ཏུ་བསྒོམ་མོ། །བྱི་ལའི་གཅིན་ཟེར་ན་ཁྲག་སྣ་ཚོགས་ཞེས་པའོ། །དེ་ནས་གཏོར་མ་བྱིན་གྱིས་བརླབ་ཐོད་པ་གཉིས་ཀྱི་ནང་དུ་མི་ཤ་རྟ་ཤའི་གཏོར་མ་གཉིས་བཤམ། པ་ནི། དང་པོ་གཏོར་མ་དེ་མི་དམིགས་པར་བསྒོམ། དེའི་ངང་ལས་ཡྂ་ལས་རླུང་གི་དལ་གཞུའི་དབྱིབས་ལྟ་བུ་གཅིག་བསམ། དེའི་སྟེང་དུ་རྂ་ལས་མེའི་དལ་གྲུ་གསུམ། དེའི་སྟེང་དུ་ཧཱུྃ་གསུམ་ལས་མི་མགོའི་སྒྱེད་པུ་གསུམ། དེའི་སྟེང་དུ་གཏོར་མའི་སྣོད་ཅི་ཡིན་ཡང་ཨ་ལས་ཐོད་པའི་གཞལ་ཡས་ཁང་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བར་བསམ། དེའི་ནང་དུ་བདུད་རྩི་རྣམ་པ་ལྔ་བསམ་གཏོར་མའི་རྫས་ཤ་ལྔ་དང་། པ་ནི། ཆོས་གཞན་ལྟར་ཡིག་འབྲུ་ལས་བསྐྱེད་པ་ནི་མེད་ལ། མོས་པ་ཙམ་གྱིས་དབུས་སུ་བདུད་རྩི་བྱང་ཆུབ་ཀྱི་སེམས། ཤར་དུ་དྲི་ཆུ། ལྷོར་དྲི་ཆེན། ནུབ་ཏུ་རཀྟ། བྱང་དུ་རྒྱུངས་པ་དང་ལྔའོ། །ཤ་ལྔ་ལས་དབུས་སུ་མི་ཤ །ཤར་དུ་གླང་པོ་ཆེའི་ཤ །ལྷོར་རྟ་ཤ །ནུབ་ཏུ་བ་ལང་གི་ཤ །བྱང་དུ་ཁྱི་ཤ་དང་ལྔ་བསམ། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཁོང་སྟོང་དུ་འདུག་པ། ལྟེ་བ་ཧཱུྃ་གིས་མཚན་པ་ལྟེ་བའི་གཡས་གཡོན་ན་མར་བ་དན་དར་དཔྱངས་ཡོད་པ་གྱིས་མཚན་པ། རྡོ་རྗེ་རྩེ་མོ་ལ་ཨཱོྂ་མཚན་པ་གྱིས་ཁ་བཅད་ནས་ཡོད་པ་ལྟ་བུ་གཅིག་བསྒོམ་ལ། བསྐྱེད་པ་ངག་ཏུ་རྐྱེན་གྱི་སྔགས་ཨཱོྂ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཨཱོྂ་ཨཱཿཧཱུྃ་ཞེས་བརྗོད་པས་རླུང་གིས་མེ་སྦར། མེས་ཤ་ལྔ་བདུད་རྩི་ལྔ་ཁོལ་བས་དེའི་རླངས་པ་རྡོ་རྗེའི་ཁོང་སེང་ནས་ཡར་སོང་བས་རྡོ་རྗེ་རྩེ་མོའི་ཨཱོྂ་ལ་ཕོག །ཨཱོྂ་དེ་མ་བཟོད་པ་ལྟར་སོང་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཡེ་ཤེས་ཀྱི་ཤ་ལྔ་བདུད་རྩི་ལྔ་ལ་ཕོག་པས་སྤྱན་དྲངས་ནས་ཨཱོྂ་དང་བཅས་པ་རྡོ་རྗེའི་ཁོང་སེང་ནས་མར་བབས་ནས་དམ་ཚིག་གི་ཤ་ལྔ་བདུད་རྩི་ལྔ་དང་ཡེ་ཤེས་ཀྱི་བདུད་རྩི་འདྲེས་ནས་འོད་དུ་ཞུ། དེའི་རྗེས་ལ་བདག་གི་འབྲུ་གསུམ་བརྗོད་པས། རྡོ་རྗེ་ཡང་འོད་དུ་ཞུ་སྟེ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་བྱིིན་གྱིས་བརླབ་བོ། །དེའི་གཞུང་མི་ཁྲག་གི་ཞེས་པ་ལ་སོགས་པ་རྐང་པ་གསུམ་གྱིས་བསྟན། ད་ནི་དོན་བཞི་པ་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་འཇམ་དཔལ་རྩ་བའི་ལྷ་ལྔ་བསྐྱེད་པ་བསྟན་ཏེ། དེ་ལ་ཡང་གཉིས་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི་དེ་ནས་ནུབ་རེ་ཞེས་པས་བསྟན། །མདོར་རྒྱས་འདི་མ་སྦྱར་ཡང་ཆོག་པར་སྣང་སེམས། རྒྱས་པར་བཤད་པ་ལ་ལྷ་ཡ་མཱནྟ་ཀ་ཅེས་པ་ལ་སོགས་པས་སྟོན་ཏེ། དེ་ཡང་གཙོ་བོ་བསྐྱེད་པ་དང་། འཁོར་བསྐྱེད་པ་གཉིས་ལས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཞེས་པ་ལ་སོགས་པས་གཙོ་བོ་བསྐྱེད་པ་ནི། དང་པོར་རང་ལས་ཀྱི་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པའི་སྙིང་གའི་ཉི་མའི་དལ་གྱི་སྟེང་ན་ཧཱུྃ་ཡོད་པ་ལས་འོད་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་འོད་དུ་ཞུ། དེ་ནང་བཅུད་ཀྱི་འགྲོ་བ་ལ་ཐིམ་། འགྲོ་བ་འོད་དུ་ཞུ་ནས་ཐམས་ཅད་བདག་ལ་འདུས། བདག་ཉིད་ཀྱི་ལུས་ཀྱང་ཡས་ཞུ་མས་ཞུ་ནས་སྙིང་གའི་ཉི་མའི་དལ་ལ་ཐིམ། དེ་ཧཱུྃ་ལ་ཐིམ། ཧཱུྃ་ཡང་རིམ་གྱིས་ཞུ་ནས་ཟླ་ཚེས་ལ་ཐིམ། དེ་ཀླད་ཀོར་དང་ཐིག་ལེ་ལ་ཐིམ། ཐིག་ལེ་རང་ཡང་མི་རྟོག་པ་སྟེ་མཚན་མའི་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པ། སེམས་ཀྱི་སེམས་ཉིད་ཆོས་ཀྱི་ཆོས་ཉིད་རང་བཞིན་སྐྱེ་བ་མེད་པར་བསྒོམ་མོ། །དེའི་ངང་ལས་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་ཐམས་ཅད་ལ་ཁྱབ་པར་བསྒོམ། དཔེར་ན་ཆུ་ཟླ་ལྟར་རྐྱེན་གྱིས་སྣང་ཡང་ངོ་བོས་སྟོང་པ་སྙིང་རྗེ་ཆེན་པོ་ཕྱོགས་རིས་མེད་པར་བསྒོམ་མོ། །སྙིང་རྗེ་ཕྱོགས་རིས་ཅན་ནི་ཁྲ་དང་སྤྱང་ཀུ་ལ་ཡོད་དེ། དེ་ལྟ་བུ་མིན་གསུངས་སོ། །དེ་ནས་རྒྱུའི་ཏིང་ངེ་འཛིན་ནི་རྒྱུ་སྙིང་རྗེ་ཆེན་པོ་བསྒོམ་པ་དེའི་ངང་ལས་རང་གི་སེམས་ཀྱི་ངོ་བོ་ཡི་གེ་ཧཱུྃ་མཐིང་ནག་གཅིག་ཏུ་གསལ་བར་བསྒོམ་མོ། །ཧཱུྃ་སྥ་ར་ཎ་ཕཊ་ཅེས་བརྗོད་པས་ཧཱུྃ་དེ་ལས་འོད་ཟེར་ཕྲ་མོ་གྲངས་མེད་པ་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། སྂ་ཧ་ར་ཎ་ཧཱུྃ་ཞེས་བརྗོད་པས་དེ་བཞིན་གཤེགས་པའི་ཐུགས་ཀྱི་འོད་ཟེར་ཐམས་ཅད་ཚུར་འདུས་དང་པོའི་ཧཱུྃ་ལ་ཐིམ་པས་ཧཱུྃ་བཀྲག་དང་གཟི་མདངས་དང་ལྡན་པར་བྱས་ནས། གཞལ་ཡས་ཁང་བསྐྱེད་པའི་ནུས་པ་དང་ལྡན་པར་བྱས་པ་ཡིན་གསུང་། དེ་ནས་རྒྱུའི་ཧཱུྃ་དེ་ལས་འོག་ཏུ་ཨེ་ལས་ཆོས་འབྱུང་། གཅིག་ཆད་པ་ལས་ཨེ་གྲུ་གསུམ་འབར་བ་ཡུམ་གྱི་བྷ་གར་བསམ། རྒྱུའི་ཧཱུྃ་ལས་ཡྂ་ལས་རླུང་གི་དལ། དེ་ལས་དེའི་སྟེང་དུ་ར་གཅིག་ཆད་པ་ལས་རཀྟའི་རྒྱ་མཚོ་རི་རབ་ཀྱི་རྦ་རླབས་འཁྲུགས་པར་བསྒོམ། དེ་ལས་ཀེཾ་རུས་ཀྱི་རི་རབ་རྒྱ་ཁྱོན་དཔག་ཏུ་མེད་པ། དེའི་ཁ་ཁྱེར་ལ་རྂ་ལས་བསྐལ་པའི་མེ་རི་དང་མེ་དཔུང་བསམ། དེའི་དབུས་སུ་བྷྲཱུྂ་གཅིག་ཆད་པ་ལས་ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་། ནང་ཐོད་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ་ཞིག་བསྐྱེད། དེའི་ནང་དུ་ཆུ་གླང་སྔོན་པོའམ། བ་གླང་སེར་སྐྱའི་གདན་གང་མོས་དེའི་སྟེང་དུ་འཆི་བདག་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་གདན་བསྒོམ་བསྐྱེད་ཡིག་མ་གསུངས། གདན་དེའི་སྟེང་དུ་རང་གི་ཤེས་པའི་ངོ་བོ་སྔར་གྱི་ཧཱུྃ་མཐིང་ནག་འཚེར་གྱིས་བྱུང་བ་ལ་འཕྲོས་འདུས་ཧཱུྃ་ལ་ཐིམ་ངག་ཏུ་ཏིཥྛ་བཛྲ་ཞེས་བརྗོད་པ་ལས་ཕྱག་མཚན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་གྱུར། དེ་ལས་འོད་ཟེར་འཕྲོས་ཕྲིན་ལས་གཉིས་བྱས་ནས་ཚུར་འདུས་པས་ཕྲིན་ལས་ཀྱི་ངོ་བོ་འོད་ཕུང་ལྟ་བུར་གྱུར་ནས་ལྟེམ་ལྟེམ་གནས་པ་ལས། བསྐྱེད་པ་རྐྱེན་གྱི་སྔགས་ཨཱོྂ་ཨ་ཀྲོ་ཏེ་ཀ་ཞེས་བརྗོད་པ་བདག་གི་ངག་ཏུ་བརྗོད་ཀྱང་བྱུང་སྟོང་པ་ཉིད་ཀྱི་ངང་ལས་རང་སྒྲ་བྱུང་བའི་ཚུལ་དུ་བརྗོད་པས། བདག་ཉིད་ཡ་མཱནྟ་ཀ་སྐུ་ཆེ་ལ་ཡན་ལག་རགས་པ་ལ་སོགས་པ་སྐུ་མདོག་དང་ཕྱག་མཚན་དང་རྒྱན་དང་ཆ་ལུགས་དང་བཞུགས་ཚུལ་ཐམས་ཅད་གཞུང་ནས་འབྱུང་བ་ལྟར་བསྒོམ། དེ་དག་ནི་གཙོ་བོ་བསྐྱེད་པའོ། །གཉིས་པ་འཁོར་བསྐྱེད་པ་ལ་ཡང་གཉིས་ཏེ། ཡུམ་བསྐྱེད་པ་དང་སྲས་མཆོག་ཕོ་མོ་བསྐྱེད་པའོ། །དང་པོ་ནི་ལ་ལ་ན་རེ་ཆོ་ག་གསུམ་གྱིས་བསྐྱེད་ཟེར་ཏེ། འདིའི་ལུགས་ཀྱི་དེ་ལྟར་མི་འདོད་གསུང་། དེ་ཡང་བསྐྱེད་པ་རྐྱེན་གྱི་སྔགས་བརྗོད་པ་ཙམ་གྱིས་བསྐྱེད་དེ། ཡབ་ཀྱིས་སྦྱོར་བའི་ཡུམ་བསྐྱེད་སྙམ་པའི་བློ་དང་ལྡན་པས། ཨཱོྂ་བེ་ཏ་ལི་ཨུ་ཙུཥྨ་ཀྲོ་ཏ་བེ་ཏ་ལི་ཧཱུྃ་ཞེས་བརྗོད་པས། ཡུམ་བེ་ཏ་ལི་ཡབ་ཀྱི་གཡོན་དུ་བསྐྱེད་དོ། །ཡང་ཡབ་ཀྱིས་སྒྲོལ་བའི་ཡུམ་ཨེ་ཀ་ཛཱ་ཏི་བསྐྱེད་སྙམ་པའི་བློ་དང་ལྡན་པས། རཀྴ་ཡཀྴ་ཛཿཛཿཨེ་ཀ་ཛཱ་ཏི་མུན་དྲ་ཞེས་བརྗོད་པས། ཡབ་ཀྱི་གཡས་ཕྱོགས་སུ་སྒྲོལ་བའི་ཡམ་ཨེ་ཀ་ཛཱ་ཏི་ཆུ་ལས་ཆུ་ལྦུར་བརྡོལ་བཞིན་ཀྲོངས་ཀྱིས་བསྐྱེད། ཡུམ་དེ་གཉིས་ཀྱི་སྐུ་མདོག་དང་ཕྱག་མཚན་དང་རྒྱན་དང་ཆ་ལུགས་ནི་གཞུང་ལས་གཙོ་བོ་དང་མཐུན་པར་བཤད། ཆོག་བསྒྲིགས་སམ་བསྐུལ་བ་ཀུན་ནས་སོ་སོར་འདུག་སྟེ་གང་དང་ཡང་འདྲ་གསུང་ངོ་། །སྟེ་ཞལ་གཅིག་ཕྱག་གཉིས་མ་གཡས་སྡིགས་མཛུབ་གཡོན་བྷན་དམར་རོ། །སྐུ་ལ་འཁྲིལ་བར་བསྒོམ་ཞེས་པ་ལ་སོགས་པས་སྲས་མཆོག་ཕོ་མོ་བསྐྱེད་པ་བསྟན་ཏེ། དེ་ཡང་དང་པོ་གཙོ་བོ་ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབ་པ་ནི། ཡུམ་གྱི་མཁའ་སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས་ཧྲཱིཿལས་པདྨ་དམར་པོ་ཁ་བྱེ་བ་ལྟ་བུ་བསྒོམ་མོ། །དེ་ནས་ཡབ་ཀྱི་མཁའ་སྟོང་པ་ཉིད་དུ་བསྒོམ། སྟོང་པའི་ངང་ལས་ཧཱུྃ་ལས་ཡབ་ཀྱི་རྡོ་རྗེ་རྩེ་ལྔ་པ་ཤེལ་གོང་ཕྱིས་པ་ལྟ་བུར་བསྒོམ། དེ་ནས་ཡབ་ཡུམ་གཉིས་ཀས་ཧ་ཧོ་ཧཾ་ཞེས་བརྡའ་མཛད་ནས་ཡབ་ཡུམ་གཉིས་སྦྱོར་བ་བྱས་ནས་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་སིབ་སིབ་སྒྲ་དང་བཅས་པ་ཕྱོགས་བཅུར་འཕྲོས་པས། དེས་བདེ་བར་གཤེགས་པའི་ཐུགས་གཉིས་སུ་མེད་པ་ཐམས་ཅད་ཚུར་བསྡུས་ནས་ཡབ་ཀྱི་ཞལ་དུ་ཞུགས། རྩ་ཨ་བ་དྷུ་ཏིའི་ལམ་དུ་ཕྱུང་ནས་ཡུམ་གྱི་མཁའ་གསང་དུ་ཐིག་ལེ་དམར་ནག་གཉིས་སུ་གྱུར་པ་ལས། སྲས་མཆོག་བསྐྱེད་པའི་སྔགས་ཡ་མ་རཱ་ཛ་ནྲྀ་ཛཿཞེས་བརྗོད་པས་ཐིག་ལེ་དམར་པོ་ལས་སྲས་མཆོག་ཡ་མ་སྐུ་ཆེ་ལ་ཡན་ལག་རགས་པ་སྐུ་མདོག་དམར་ནག་སྤྱན་རྩ་དམར་བ་དབུ་སྐྲ་རལ་པ་གྱེན་དུ་འཁྱིལ་བ་ཞལ་གཅིག་ཕྱག་གཉིས་གཡས་གྲི་ཐོགས་པ་གཡོན་སྡིགས་མཛུབ་བསྒྲེངས་ནས་བ་སུ་ཏ་ཡི་རྒྱུ་ཞགས་བསྣམས་པ། རཱ་ཛ་སྐུ་མདོག་ལ་སོགས་པ་གཞུང་ནས་བཤད་པ་ལྟར་གསལ་བར་བསྐྱེད་དོ། །བདུད་མོ་དེ་ནས་ཡང་ཁྲམ་ཐོགས་ཀྱི་བདག་མོ་རེ་མ་ཏཱི་བསྐྱེད་སྙམ་པའི་བསམ་པས་པ་ནི། མ་མ་རུ་ལུ་རུ་ལུ་མ་ཧི་བྷྱོ་བྷྱོ་ཧཱུྃ་ཕཊ། ཅེས་བརྗོད་པ་ལས་ཐིག་ལེ་ནག་པོ་ལས་མདུན་དུ་སྲས་མོ་ཁྲམ་ཐོགས་ཀྱི་བདག་མོ་རེ་མ་ཏཱི་ཞལ་གཅིག་ཕྱག་གཉིས་པ་གཡས་ན་བདུད་ཀྱི་ཁྲམ་ཤིང་བསྣམས་པ། གཡོན་འཕྲུལ་གྱི་མེ་ལོང་བསྣམས་པ་གཅིག །སྲིན་མོ་ནི་གཡས་རལ་གྲི་གཡོན་ཐོད་ཁྲག་བསྣམས་པ་ཡིན་གསུངས། བསྐྱེད་དོ། །ཕྲིན་ལས་དགྲ་བགེགས་ཐམས་ཅད་རློག་པར་བསྒོམ་མོ། །དེ་རྣམས་ཀྱི་མཇུག་སྡུད་ལྟ་བུ་ནི་སྐུ་རྒྱན་གཅིག་པའི་དལ་བསྐྱེད་ཅེས་པ་སྟེ། དེ་ཡང་རྩ་བའི་ལྷ་ལྔ་ལ་སྐུ་རྒྱན་གཅིག་པ་ཟེར་བ་ནི་དཔའ་བོ་གཅིག་པ་ལྟ་བུ་མ་ཡིན་ཏེ། ཡེ་ཤེས་སེམས་དཔའ་མ་བཅུག་པའི་དམ་ཚིག་སེམས་དཔའ་རྐྱང་པ་ཡིིན་པས་སོ། །བར་འདིར་དམ་ཚིག་སེམས་དཔའི་དམ་པ་བརྗོད་པའམ་དམ་ཚིག་སེམས་དཔའ་གསལ་གདབ་པ་ནི། ཏིང་ངེ་འཛིན་རྣམ་གསུམ་ཞེས་པ་ལ་སོགས་པ་བརྗོད་དོ། །དེ་ལྟར་དམ་ཚིག་སེམས་དཔའ་བསྐྱེད་པ་བསྟན་ནས། ད་ནི་དོན་ལྔ་པ་ཡེ་ཤེས་ཀྱི་ལྷ་དང་དམ་ཚིག་གི་ལྷ་གཉིས་སུ་མེད་པར་བསྲེ་བ་ནི། དེ་ཡང་རྒྱལ་པོའི་དཔེའི་ཆོས་བརྒྱད་དང་བསྟུན་ནས་གསུངས་ཏེ། དཔེར་ན་རྒྱལ་པོ་བསོད་ནམས་ཅན་གཅིག་སྤྱན་འདྲེན་པ་ལ་དང་པོ་སང་བྱོན་པར་ཞུ་ཞེས་སྙན་གསན་འབེབ། དེ་ནས་སྤྱན་འདྲེན། ཕྱག་འཚལ། གདན་འདིངས། གསང་བུ་འདོན། འོ་བརྒྱལ་ཞུ། དེ་ལྟར་བྱས་པས་རྒྱལ་པོ་མཉེས་པ་དང་། དེ་ནས་གཤེགས་རྒྱལ་པོ་ཉིད་ཀྱི་ཕོ་བྲང་དུ་པ་དང་འདྲ་བར། དང་པོ་གཏུམ་ཆེན་དྲེགས་པ་ཞེས་པ་ནས། ཐལ་བར་རློགས་ཡན་ཆད་ཀྱིས་ཡེ་ཤེས་པའི་ལྷ་ལ་སྙན་གསན་དབབ། མཐིང་གཉིས་པ། ནག་གྲུ་གསུམ་འབར་བའི་ནས། ཡུད་ཙམ་ཕྲིན་ལས་མཛོད་ཀྱི་བར་སྔགས་དང་བཅས་པས་སྤྱན་དྲངས་ནས་མདུན་གྱི་ནམ་མཁའ་ལ་ཡེ་ཤེས་པ་བྱོན་པ་ལ། གདུག་པ་གསུམ་པ་འདུལ་མཛད་ཅེས་པ་ནས། ཨེ་ཀ་ཛཱ་ཏིའི་སྐུ་ལ་ཕྱག་འཚལ་ལོ། །ལ་སོགས་པས་ཡེ་ཤེས་སེམས་དཔའ་ཡབ་ཡུམ་ལ་ཕྱག་འཚལ། དེ་ཡང་སྤྲོས་དེའི་སྟེང་དུ་ཕྱག་འཚལ་བཅུ་བསྣན་པས་པ་ལ་དགའ་ན་ཕྱག་འཚལ་བ་ཡན་ལག་བཅུ་གཉིས་ཆོག་བསྒྲིགས་ནས་འབྱུང་བ་བཞིན་དུ་བྱ། བསྡུས་པ་ལྟར་གཉིས་པོ་འདིས་ཆོག །དེ་ནས་བཞི་པ་གདན་འདིངས་པ་ལྟར་ལྷ་ཚོགས་ནམ་མཁའ་ལ་བཞུགས་པར་བསམ་མོ། །སེམས་དཔའ་སྤྱན་དྲངས་ནས་ནམ་མཁར་བཞུགས་པ་ལ་ལྔ་པ་གསང་བུ་འདོན་པ་དང་འདྲ་བར། མཆོད་པ་བྱ་སྟེ། དེ་ཡང་བདུད་རྩི་སྨན་གྱི་མཆོད་པ་དབུལ་བ་ནི་གོང་དུ་བྱིན་གྱིས་བརླབས་པའི་སྨན་ཕུད་ལ་སྨན་འཛབ་ཉེར་གཅིག་ཙམ་གྱིས་ཁ་གསོས། དང་པོ་སྨན་གྱི་ཆེ་བའི་ཡོན་ཏན་བརྗོད་པ་ནི། རང་བྱུང་གདོད་ནས་དག་པ་སྟེ། །ཞེས་པ་ལ་སོགས་པ་སྤྱི་དང་མཐུན་པར་སྨན་གྱི་ཆེ་བའི་ཡོན་ཏན་བརྗོད། དེ་ནས་དབུལ་བ་ནི། ཡབ་གཅིག་ཆེན་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། འཇམ་དཔལ་གཤིན་རྗེའི་ཞལ་དུ༴ ཡུམ་གཅིག་ཆེན་མོའི་ཞལ་དུ༴ བེ་ཏ་ལིའི་ཞལ་དུ༴ སྒྲོལ་བའི་ཡུམ་དང་སྲས་མཆོག་ཕོ་མོ་དང་འཆི་བདག་ཡབ་ཡུམ་དང་ཁྲམ་ཐོགས་དང་གྲི་ཐོགས་དང་ཐམས་ཅད་ལ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་དབུལ་ལོ། །ཆོས་སྐྱོང་སྲུང་མ་གཞན་ལ་ཡང་འབུལ་ལོ། །དེ་ནས་དངོས་གྲུབ་བླང་བ་གཞན་དང་མཐུན་ནོ། །དེ་ནས་གཏོར་མ་འབུལ་བ་ནི། སྔགས་ཀྱིས་དབུལ་བ་དང་། ཚིགས་སུ་བཅད་པས་དབུལ་བ་དང་། ཏིང་ངེ་འཛིན་གྱིས་དབུལ་བ་དང་གསུམ་དུས་གཅིག་ལ་བྱ་སྟེ། དེ་ཡང་སྔགས་ཀྱིས་དབུལ་བ་ནི་མ་ཧཱ་བ་ལིང་ཏ་ཁཱ་ཧི། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། ཞེས་བརྗོད། ཚིགས་བཅད་ཀྱིས་དབུལ་བ་ནི། སྐུ་ཡི་དབྱིངས་སུ་བཞེས་ཤིག །འབར་བའི་ཀློང་དུ་བཞེས་ཤིག །ལོངས་སྤྱོད་ཀྱི་རྐྱེན་དུ་བཞེས་ཤིག །དམ་རྫས་ཀྱི་མཆོད་པར་བཞེས་ཤིག །ཅེས་བརྗོད་དོ། །ཏིང་ངེ་འཛིན་གྱིས་དབུལ་བ་ནི། དེའི་དུས་སུ་ལྷ་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་ལས་འོད་ཟེར་བཙོང་གི་སྦུག་མ་ལྟ་བུ་བྱུང་བས་གཏོར་མ་ལ་ཕོག་པས་གཏོར་མ་ཐམས་ཅད་འོད་ཟེར་གྱི་སྦུ་གུ་ནས་ཡར་དྲངས་ནས་གསོལ་བར་བསམ་མོ། །དེ་ནས་རཀྟ་དབུལ་བ་ནི། རཀྟ་བྱིན་གྱིས་བརླབས་པ་དེའི་ནང་དུ་གཟར་གྲུ་གཅིག་བཅུག་ནས་ཕྱར་ཞིང་ཡབ་གཅིག་ཆེན་པོའི་ཞལ་དུ་མ་ཧཱ་རཀྟ་ཁཱ་ཧི། འཇམ་དཔལ་གཤིན་རྗེའི་ཞལ་དུ་མ་ཧཱ་རཀྟ་ཁཱ་ཧི། ཡུམ་གཅིག་ཆེན་མོའི་ཞལ་དུ་མ་ཧཱ་ར་ཀྟ་ཁཱ་ཧི། བེ་ཏ་ལིའི་ཞལ་དུ་མ་ཧཱ་རཀྟ་ཁཱ་ཧི། སྒྲོལ་བའི་ཡུམ་མཆོག་གི་ཞལ་དུ་མ་ཧཱ་རཀྟ་ཁཱ་ཧི། ཨེ་ཀ་ཛཱ་ཏིའི་ཞལ་དུ་མ་ཧཱ་རཀྟ་ཁཱ་ཧི། སྲས་མཆོག་ཡ་མ་རཱ་ཛའི་ཞལ་དུ་མ་ཧཱ་རཀྟ་ཁཱ་ཧི། སྲབ་མོ་ཁྲམ་ཐོགས་ཀྱི་བདག་མོའི་ཞལ༴ བདུད་མོ་རེ་མ་ཏཱིའི་ཞལ་དུ༴ གཞན་ཡང་འཆི་བདག་ཡབ་ཡུམ་དང་། ཞེ་སྡང་ལས་བསྐྱེད་པའི་གཤེད་པོ་བཞི་དང་། འདོད་ཆགས་ལས་སྐྱེས་པའི་གཤེད་མོ་བཞི་དང་། ཁྲམ་ཐོགས་ཀྱི་བདུད། གྲི་ཐོགས་ཀྱི་གིང་ཐམས་ཅད་ལ་ཡང་མ་ཧཱ་རཀྟ་ཁཱ་ཧི་ཞེས་པ་སྦྱར་ཞིང་དབུལ། གཏོར་མར་ཡང་སྒྲེང་ངོ་། །དེ་ནས་དྲུག་པ་རང་རིག་ཡེ་ཤེས་བློ་དང་མ་ལྡན་པས། །ཞེས་པ་ལ་སོགས་པས་བཤགས་པ་བྱའོ། །བསྟོད་པ་ནི་ཆོག་བསྒྲིགས་ན། ཡབ་གཅིག་གཤིན་རྗེའི་སྐུ་ཡི་ཆ་ལུགས་ནི། །ཞེས་པས་ཆོག་བསྒྲིགས་ནས་བསྐང་། སྙན་གསན་དབབ་པ་ནས་བསྟོད་པའི་བར་བྱས་པས་ལྷ་ཚོགས་ཐམས་ཅད་མཉེས་པར་འགྱུར་བའོ། །དེའི་རྗེས་ཛཿཧཱུྃ་བྂ་ཧོཿ ཞེས་བརྗོད་པས་ལྷ་ཡེ་ཤེས་སེམས་དཔའ་དེ་རྣམས་བདག་དམ་ཚིག་སེམས་དཔའ་ལ་དགུག་གཞུག་བཅིངས་ཤིང་དབང་དུ་བྱས་ལ་གཉིས་སུ་མེད་པར་བསྲེའོ། །དོན་དྲུག་པ་ཨ་ཀྲོ་ལྷའི་བསྙེན་པ་ཇི་ལྟར་བསྐྱལ་བ་ནི། གཉིས་སུ་མེད་པ་ཞེས་པ་ལ་སོགས་པས་བསྟན་ནོ། །སྤྱིར་འདི་ལ་རང་དོན་སྒྲུབ་པའི་འཁོར་ལོ་དང་། གཞན་དོན་གཅོད་པའི་འཁོར་ལོ་གཉིས་དང་པོ་ཨ་ཀྲོའི་ཁ་ས་མ་ཡ་ཐུང་ངུས་བསྐངས་ནས་བཟླས་པ་བྱེད་པ་སྟེ་འདིར་གཙོར་མི་སྟོན་གསུང་སྟེ་གནག་པའི་ལས་བྱང་ཞེས་དྲག་པོ་མངོན་སྤྱོད་ཁོ་ནར་སྟོན་པར་གསུངས་པའི་ཕྱིར་རོ། །ལས་འདི་ནི་ཕྱི་གཉིས་པ་ནི་ཨ་ཀྲོའི་ཁ་ས་མ་ཡ་རིང་གིས་བསྐངས་ནས་བཟླས་པ་བྱེད་པ་སྟེ་འདིར་ཉམས་སུ་བླང་བ་ནི། མའོ། །དེ་ཡང་བསྙེན་པ་བསྐྱེལ་བའི་དུས་སུ་ཏིང་ངེ་འཛིན་ཇི་ལྟར་བསྒོམ་ཞེ་ན། རང་འཇམ་དཔལ་གཤིན་རྗེ་བསྒོམ་པའི་ཐུགས་ཀར་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་དེའི་ལྟེ་བར་ཧཱུྃ་གཅིག་བསམ། རྩིབས་རྣམས་ལ་ཨ་ཀྲོ་བཅུ་བདུན་པ་དགོད་དོ། །དེའི་ཕྱི་རོལ་དུ་ས་མ་ཡ་རིང་གིས་བསྐོར་བར་བསྒོམ། པའམ་ཡང་ན་ཉི་མའི་དལ་གཅིག་བསམ་སྟེ་དེའི་སྟེང་དུ་ཧཱུྃ་སྔོན་པོ་གཅིག་བསམ་དེའི་ཐ་མ་ན་ཕར་ལ་ཨ་ཀྲོའི་སྔགས་ཀྱིས་བསྐོར་བར་བསམ་པ་ཡིན། གསུང་ཡིག་འབྲུ་དེ་རྣམས་ཀྱང་ལྕགས་ཀྱི་ཡི་གེ་ནག་པོར་བསྒོམས་ལ་བདག་གི་ངག་ནས་ཨཱོྂ་ཨ་ཀྲོ་ཞེས་བརྗོད་པའི་དུས་སུ་འཁོར་ལོ་མི་འཁོར་ཡིག་འབྲུ་དེའི་ཚེ་མི་གཡོ་བཞིན་དུ་འཁོར་ཞེས་ཟླ་གསང་ལས་བཤད་པ་སྟེང་གི་ཡི་གེ་རྣམས་མི་འཁོར་བར་འོག་གི་ལྕགས་ཀྱི་ཙཀྲ་འཁོར་བར་བསྒོམ་གསུངས། འདི་གཉིས་མ་མཐུན་པས་དཔྱད། འཁོར་གསུངས། ཡུམ་གཉིས་དང་སྲས་མཆོག་ཕོ་མོ་གཉིས་དང་ཐམས་ཅད་ཀྱི་ཞལ་ནས་ཀྱང་སྔགས་ཀྱི་སྒྲ་དི་རི་རི་བྱུང་ཞིང་གྲགས་པར་བསྒོམ་མོ། །དེའི་དུས་སུ་སྙིང་གའི་ཧཱུྃ་དང་ཡིག་འབྲུ་རྣམས་ལས་འོད་ཟེར་དམར་ནག་ཏུ་འཁྲུགས་པར་བསམ་ཞིང་གདུག་པ་ཅན་ཐམས་ཅད་ཚར་བཅད་པར་བསམ། གཞན་ཡང་འཇིག་རྟེན་གྱི་མེ་སྒྲ་དང་ཆུ་སྒྲ་དང་རླུང་སྒྲ་ཐམས་ཅད་ཀྱང་སྔགས་ཀྱི་སྒྲ་དི་རི་རི་འདུག་པར་བསམ་མོ། །བསྒྲུབ་པའི་དུས་སུ་གཟས་པ་པོའི་སེམས་མར་མེ་དང་འདྲ་བ་དེ་གཤེད་པོ་དང་གཤེད་མོ་ལ་སོགས་པས་བཅད་པར་བསམ། དེའི་ལུས་གཤིན་རྗེའི་ཚོགས་རྣམས་ཤ་རུལ་ལ་སྦྲང་བུ་འདུས་པའམ་ཁྱི་རོ་འབུས་གཡེངས་པ་བཞིན་དུ་བསམ་མོ། །དེའི་དུས་སུ་སྔགས་ནི་སྲོད་ལ་ཨ་ཀྲོའི་བསྙེན་པ། ནམ་ཕྱེད་ཚུན་ཆད་བཟླ་ཐོ་རེངས་ཁ་འི་རིང་ལ་ས་མ་ཡ་རིང་གི་ཕྲིན་ལས་ཀྱིས་ཁ་བསྐང་ངོ་། །བ་བརྒྱ་ཚོ་ཙམ་བགྲང་ངོ་། །ས་མ་ཡ་ཐུང་གི་དགོངས་པ་ནི་རང་དོན་སྒྲུབ་པའི་འཁོར་ལོ་བསྐོར་བའི་དུས་སུ་ཨ་ཀྲོའི་ཁ་ཡ་ཐུང་གིས་བསྐང་བའམ། ཡང་ན་གཞན་དོན་གཅོད་པའི་དུས་སུ་ལས་ཀྱི་གཤིན་རྗེ་ལྡོག་པའི་རྟགས། སྒྲུབ་ཁང་ལ་མེ་འབར་བའམ། ཁྱི་ནག་པོ་རང་ལ་ཟུག་པའམ། བནྡེ་ནག་པོས་གཡབ་འདེབས་ནག་པོ་བྱེད་པ་རྨིས་ན་ཁྲོ་བོ་གཏིང་འགྱུར་གྱི་གདམས་ཙཀྲ་ལ་ལས་ཀྱི་གཤིན་རྗེའི་ཡི་གེ་བཀོད་པ་དེ་རྣམས་ལས་ཀྱི་གཤིན་རྗེ་དངོས་སུ་བསྒོམ་གསུང་། ངག་དང་། རྒྱལ་པོ་དམངས་གཅིག་པའི་འཁོར་ལོ་ལ་ས་མ་ཡ་ཐུང་གི་སྔགས་རྣམས་བཀོད་ལ་ཙཀྲ་རྡོག་འོག་ཏུ་བཅུག་ལ་དམིགས་པ་གཤིན་རྗེ་དང་བཅས་པ་རྣམས་བསྒོམ་གསུང་། བསྐོར་བ་ཡིན་གསུང་ངོ་། །དེ་ལྟ་བུའི་བསྙེན་པ་ལ་དུས་དང་། གྲངས་དང་། མཚན་མའི་བསྙེན་པ་གསུམ་ལས། དུས་ནི་ཟླ་བ་དྲུག་ཏུ་བྱ་བར་བཤད། གྲངས་ནི་བདུན་འབུམ་མོ། །མཚན་མའི་བསྙེན་པ་གསུམ་ལས། རབ་གཤིན་རྗེ་གཤེད་ཀྱི་ཞལ་མངོན་སུམ་དུ་མཐོང་བ། འབྲིང་རྨི་ལམ་དུ་མཐོང་བ། ཐ་མ་ལུས་ལ་རང་འོད་ཆགས་པའམ། བར་སྣང་ལ་འཕུར་བ་རྨིས་པའམ། ཉི་ཟླ་ལ་ཕུབ་བྱས་པའམ། སྲིད་གསུམ་ལྟོ་བ་ན་འཕྱོ་བའམ། སྟོང་གསུམ་ཞབས་འོག་ཏུ་མནན་པ་རྨིས་ན་མཚན་མ་ཐ་མ་ཐོབ་པ་ཡིན་ནོ། །དེ་ལྟ་བུའི་བསྙེན་པ་དེ་ལ་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་ཞེས་ཀྱང་བྱ། ཨ་ཀྲོའི་བསྙེན་པ་ཞེས་ཀྱང་བྱ། གདམས་ངག་གི་གཞུང་དོན་ལ་ཙཀྲ་དྲུག་ཏུ་འཆིངས་པ་ལས་དེ་རྣམས་ལ་ཡེ་ཤེས་ལྷའི་བསྙེན་པ་དེས་ལྷ་མ་སྲིན་སྡེ་བརྒྱད་ཁ་གནོན་པ་བྱེད་པས་ན། ཁ་གནོན་སྟོབས་ཀྱི་འཁོར་ལོ་ཞེས་ཀྱང་བྱ་སྟེ་འདི་མ་ཤེས་པའི་སྐྱོན་ནི་འཇིག་རྟེན་པའི་གཤིན་རྗེ་ལས་ལ་མི་ཉན་ལྷ་འདྲེར་ལྡོག་གོ། །དེས་ན་འདི་ཤིན་ཏུ་གལ་ཆེ་གསུང་ངོ་། །ད་ནི་ས་གཅོད་ཀྱི་དབང་དུ་བྱས་ན། དོན་བར་པ་ཉི་མ་བཞི་པའི་འཁོར་ལོ་བསྐོར་ཞིང་དྲག་པོའི་ཐུན་གྱིས་གསད་པའི་ལས་བྱ་བའི་རིམ་པ་ཡིན་ཏེ་འདིར་གདམས་ངག་གིས་འཁོར་ལོ་རྣམ་པ་ལྔ་བྱ་བ་ཞིག་གིས་ཁ་བསྐང་སྟེ། དེ་ཡང་འགུག་པ་དུས་ཀྱི་འཁོར་ལོ་དང་༡། དྭངས་སྙིགས་འབྱེད་པ་སྔགས་ཀྱི་འཁོར་ལོ་དང་༢། དབྱེ་བ་མན་ངག་གི་འཁོར་ལོ་དང་༣། གསད་པ་གནད་ཀྱི་འཁོར་ལོ་དང་༤། རྟེན་འབྲེལ་རྫས་ཀྱི་འཁོར་ལོ་དང་༥ལྔས་ཁ་བསྐང་ངོ་། །དེ་རྣམས་མ་ཤེས་པའི་སྐྱོན་ནི་དགུག་པ་དུས་ཀྱི་འཁོར་ལོ་མ་ཤེས་ན་དམིགས་པ་འཆལ་བར་འཆོར། དྭངས་སྙིགས་འབྱེད་པ་སྔགས་ཀྱི་འཁོར་ལོ་མ་ཤེས་ན། ལྷ་སྔགས་དང་འདྲེ་སྔགས་སུ་ངོ་མི་ཤེས། དབྱེ་བ་མན་ངག་གི་འཁོར་ལོ་མ་ཤེས་ན་སྲིད་པའི་ལྷ་འདྲེ་འཁྲུག །བསད་པ་གནད་ཀྱི་འཁོར་ལོ་མ་ཤེས་ན་དམ་ཉམས་ཀྱི་སྲོག་མི་ཆོད། རྟེན་འབྲེལ་རྫས་ཀྱི་འཁོར་ལོ་མ་ཤེས་ན་དམ་ཅན་ལས་ལ་མི་ཚུད། དེས་ན་དེ་ཚོ་གལ་ཆེ་གསུང་ངོ་། །དེ་ཡང་དང་པོ་བསྙེན་པ་ལ་མཚན་མ་ཐོན་ནས་དགུག་པ་དུས་ཀྱི་འཁོར་ལོ་ལ་འཇུག་སྟེ། དེ་ཆོས་གཞན་དང་ལུང་ཙམ་སྒོ་བསྟུན་ན་བསྒྲུབ་པ་ཞེས་བྱ། དེ་ཡང་གཞུང་ལས་ཐལ་ཆེན་གྱི་གཤིན་རྗེའི་ཕོ་བྲང་བཅའ་བ་ནི། རེ་ཁཱ་བྱ་བ་ལ་སོགས་པ་དང་པོར་གཤིན་རྗེའི་ཕོ་བྲང་བཅའ་བའི་དུས་སུ། ས་སྟེགས་ཀྱི་དལ་ཅི་རིགས་པར་བྱས་ལ་རྡུལ་ཚོན་གྱིས་དལ་བྲི་སྟེ། དབུས་སུ་རོ་སོལ་གྱིས་གྲུ་གསུམ་ནག་པོ་བྲི། དེའི་ཕྱི་རོལ་དུ་ཐོད་ཕྲེང་ཟླུམ་པོས་ཐལ་ཆེན་གྱིས་བསྐོར། ནང་གི་ཟླ་གམ་གསུམ་པོ་རོ་བསྲེགས་པའི་ཐལ་བས་དམར་པོ་ཁྲག་མཚོའི་ཚུལ་དུ་བྱ། དེའི་ཕྱི་རོལ་ཟླུམ་པོར་བསྐོར་ཐལ་ཆེན་གྱིས་ཏེ་རྡོ་རྗེའི་ར་བའམ་ལྕགས་ཁང་གི་ཚུལ་དུ་བྱ། དེའི་ཕྱི་རོལ་དུ་མེ་རི་བྲིའོ། །དེ་ནས་ཟླ་གམ་གསུམ་གྱི་སྟེང་དུ་ཐོད་པ་ཛ་གྲུ་གསུམ་གྱི་གྲ་གསུམ་དུ་རིལ་བ་ཁྲག་བྱུགས་པ་གསུམ་ལ་སྒྱེད་པུ་བྱ། དེའི་སྟེང་དུ་ཟངས་སམ་ཕྲུ་བའི་ནང་དུ་ཁྲག་དང་ཞག་གི་རྒྱ་མཚོར་བསྐྱིལ༡། དེ་ནས་རོ་རས་ཁྲུ་གང་པ་གཉིས་ལ་འཆི་བདག་ཕོ་མོའི་འཁོར་ལོ་བྲི་སྟེ། ཡི་གེ་ཐམས་ཅད་ཀྱང་ཆུ་ལོན་བྱས་པ་གཅིག་གི་སྟེང་དུ་མ་འཛུར་བར་འོང་བར་བྱས་ལ། ཕོ་ཡི་འཁོར་ལོ་སྟེང་དུ་གདོན། མོའི་འཁོར་ལོ་འོག་ཏུ་བཅུག་ལ། ས་༢སྟེགས་ཀྱི་ཟུར་བཞི་ནས་ཡར་ལ་ཁྲམ་ཤིང་བཙག་གིས་གསུང་སྟེ་ཁྲག །བྱུགས་པ་བཞི་རྩེ་མོ་ཁྲུ་དོ་ལྷག་ཙམ་གྱི་སྟེང་དུ་ཞལ་ལྷོ་ཕྱོགས་སུ་བསྟན་ལ་བརྒྱང་ངོ་། །དེ་ནས་སྟེང་དུ་མི་ལྤགས་ཀྱི་བླ་བྲེ་བྲི་བ་དང་། ཕྱོགས་བཞིར་རྐང་དུམ་དང་ལག་དུམ་དང་ཤ་ཆེན་རྩིབས་ཡོལ་བྲི། ཕྱོགས་བཞིར་དར་གྱི་གཡབ་དར་བཞི་གཟུག །ས་སྟེགས་ཀྱི་ལྷོ་ཕྱོགས་སུ་གཤིན་རྗེའི་ཞལ་བསྟན་པའི་ངོས་སུ་གསུར་ཆེན་གྱི་དུད་པ་རྒྱུན་མི་བཅད། ཚིལ་ཆེན་གྱི་མར་གཏམས་མེ་དང་། དམར་ཆེན་གྱི་རཀྟ་སྦྲེང་དང་། གཏོར་མ་རྒྱུན་མི་བཅད་དོ། །དམ་རྫས་ར་རོག་པོས་ཀྱང་བསྐང་ཞེས་རེ་འགས་གསུངས། ལུག་ནག་གི་སྐེ་ལ་མིང་བྱང་བྲིས་པ་ལྷོ་ཕྱོགས་ཀྱི་ཕུར་པ་གདགས། ཕོ་བྲང་དེ་ལྟར་བཅས་པའི་རྗེས་ལ་ལྷ་མུ་སྟེགས་སུ་སྒྱུར་པའི་མན་ངག་ཅེས་བྱ་སྟེ། དཀྱུས་ནས་སྔགས་པ་བདག་ཉིད་ཆས་གོས་ནག་པོར་གྱོན་ལ། འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ང་རྒྱལ་དང་མ་བྲལ་ཀྱང་གནག་པའི་ལས་འབའ་ཞིག་ཡིན་པས་བདེ་བར་གཤེགས་པའི་བཀའ་སྐུ་གསུང་ཐུགས་ཀྱི་རྟེན་གང་ཡང་སྒྲུབ་ཁང་དུ་མི་བཞག །སྒྲུབ་ཁང་དུ་བདེ་བར་གཤེགས་པའི་བཀའ་མི་བསྒྲགས། འདིར་གནག་པ་ཕྱོགས་གཅིག་པ་ཡིན་པས་བྱམས་སྙིང་རྗེའི་སྐྱབས་སེམས་མི་བྱེད་བསྟབ་པ་བྱེད་ན་གལ་ཆེ་མ་བྱེད་ན་མེད་ཀྱང་ཆོག་སེམས། སེམས་མི་བསྐྱེད། དེ་སྐད་དུ་ཡང་རྟོགས་པ་བདུན་པ་ལས། སྒོ་གཅིག་པ་ནི་དབྱེ་བར་བྱ། །ལྷག་པའི་སྒོ་ནི་ཡོངས་སུ་བཅད། །ཅེས་གསུངས་སོ། །སྒྲུབ་པ་པོའི་ཆོས་གོས་ནི། རང་བེར་ནག་པོ་གཅིག་གྱོན་ལ། དར་ནག་གི་ཐོད་བཅིངས། དཔྲལ་བར་མེ་ལོང་གཅིག་གདགས། གདོང་པོར་ཁྲག་གིས་བྱུགས། ལག་པ་ལ་རྩྭ་ཀུ་ཤའི་སོར་གདུབ་གཞུག །རེ་བའི་གདན་གྲུ་གསུམ་པ་གཅིག་གདིང་། སྤྲེའུ་ཁམ་ནག་གི་ཐོད་པ་མཆན་ཁུང་གཡོན་དུ་གདགས། སེང་ལྡེང་གི་ཕུར་བ་འདི་སྲུང་རྫས་མ་ཡིན་བསད་ལས་ཀྱི་རྫས་ཡིན་གསུངས། སོར་བརྒྱད་པ་གཅིག་ལག་ཏུ་ཐོགས། ཉིན་མོ་ཕོ་བྲང་ལ་སོགས་པ་བཅའ་ལུགས་དེ་ལྟར་བྱས་ནས། མཚན་མོ་ནམ་གྱི་གུང་ཕྱེད་ན་ཆོག་བསྒྲིགས་ནས་འབྱུང་བ་བཞིན་དུ་དང་པོ་འཆི་བདག་ཡབ་ཡུམ་བསྐུལ། ཚིགས་བཅད་ཀྱིས་གཤེད་པོ་བཞི་དང་། གཤེད་མོ་བཞི་དང་། ཁྲམ་ཐོགས་དང་། མདངས་ལེན་གྱི་མ་མོ་སྟོང་རྩ་གཉིས་ལ་སོགས་པ་བསྐུལ་བ་རྣམས་ཟངས་ཀྱི་བྱས་ལ་འབོད་པའི་བརྡས་ལན་གསུམ་དུ་འབོད། བཤུགས་གླུ་ལན་གསུམ་དུ་སྐྱུར། མི་རྐང་གི་གླིང་བུ་ལན་གསུམ་འབུད། ཐལ་མོ་ལན་གསུམ་བརྡབ། ཐོད་ཆེན་གྱི་རྔ་བརྡུང་། དར་ནག་གི་གཡབ་མོས་ཕྱོགས་བཞི་ནས་ལན་གསུམ་དུ་གཡབ། དེ་ལྟར་བྱས་པས་རླུང་གི་དལ་གྱི་སྟེང་། རྒྱ་མཚོ་ཆེན་པོའི་འོག །ལྕགས་ཁང་སྒོ་མེད་ཀྱི་ནང་ནས་འཆི་བདག་ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་བྱོན་ནས་ངས་ཅི་བྱ་ཟེར་ནས་ཁོས་ཁས་ལེན་དང་བཅས་པས་སྒྲུབ་ཁང་དུ་བྱོན་པར་བསམ། དེ་ལ་གཏོར་མ་བསྟབ། དགུག་པའི་དུས་སུ་ལིང་ག་མི་བསྟབ་བོ་ཟེར་ཡང་བསྟབ་གསུངས། སྒྲུབ་པ་པོ་ལས་ལ་གོམས་པ་ཡིན་ན་འདིར་ལིང་གའང་བསྟབ། ལས་དང་པོ་པ་ཡིན་ན་དགུག་པའི་དུས་འདིར་མི་བསྟབ་རུ་སྤང་སྟོན་གསུངས། དེ་ནས་ཁོ་རང་གི་འཁྲུལ་འཁོར་ལ་ཐིམ་པར་བསམ་མོ། །དེ་ནས་བཟླས་པ་བྱ་བ་ས་དགུག་པ་ནི། ཉིན་གཏོར་ཏེ་བཟླས། མཚན་དྲིལ་ཏེ་བཟླས་པ་གཉིས་སོ། །ཉིན་གཏོར་ཏེ་བཟླས་པ་ནི། ནང་པར་སྐྱ་རེངས་དང་པོ་ཤར་ནས་དགོང་མོ་ཉི་མ་ཙེ་རེ་རེའི་དམར་ཐག་མ་ཆད་ཀྱི། བར་དུ་ཡ་མ་རཱ་ཛ་ས་ཏོ་མེ་ཡ་ཆྒཻ་མོ་ཨ་མུ་ཀཾ་པྲ་མ་ཡ་ཧཱུྃ་ཕཊ། ཅེས་བཟླས་སོ། །དགོང་མོ་ཉི་མ་རྒས་ནས་ནངས་པར་སྐྱ་རེངས་མ་ཤར་བར་དུ་མཚན་གྱི་རིམ་པ་ལ་བཞི། སྙིང་དྲིལ་ཏེ་བཟླས་པ་གཅིག་ཏུ་དྲིལ་བ་སྟེ། ཡ་མ་རཱ་ཛ་ཞེས་པ་ནས་མཱ་ར་ཡ་ཧཱུྃ་ཕཊ་ཅེས་པ་ཡན་ཆད་གཅིག་ཏུ་དྲིལ་ལ་བཟླས་སོ། །དེ་ལྟར་ཉིན་ཞག་གཉིས་དྲིལ་ཞིང་བཟླས་པས་བཟླས་པ་ཁྲི་ཐོན་པ་ཉི་མ་དང་པོ་མགོ་འཁོར་བའི་བཟླས་པ་ཐོན་ནོ། །ཡང་ཉི་མ་གཉིས་པ་ལ་འཇུག་ཁར་འཆི་བདག་ཡབ་ཡུམ་བསྐུལ་བ་ལ་སོགས་པ་རྣམས་ཆོག་བསྒྲིགས་ནང་བཞིན་བྱ། འབོད་པའི་བརྡས་ལན་གསུམ་དུ་འབོད་པ་ལ་སོགས་པ་གོང་དུ་བསྟན་པ་བཞིན་བྱ། ངས་ཅི་བྱ་ཟེར་ནས་ཁས་ལེན་དང་བཅས་པ་སྒྲུབ་ཁང་དུ་བྱོན་པར་བསྒོམ། དེ་ལ་གཏོར་མ་བསྟབ། རཀྟ་བསྟབ། ཁོང་ཁས་ལེན་དང་བཅས་ནས་ཕྱི་རོ་རས་ཀྱི་འཁྲུལ་འཁོར་ལ་ཐིམ་པར་བསམ། དེ་ནས་བཟླས་པ་ནི་ཉིན་གྱི་རིང་ལ་ཉི་མ་གཉིས་པའི་སྔགས་ཡ་མེ་ཏོ་རུ་ལ་སོགས་པ་བཟླས་སོ། །མཚན་གྱི་རིང་ལ་བཞི་སྙིང་གཅིག་ཏུ་དྲིལ་ལ་སྔགས་བཞི་ཀ་བཟླས་སོ། །དེ་ལྟར་ཉིན་དང་མཚན་དུ་བཟླས་པས་བཟླས་པ་ཁྲི་ནམ་ཐོན་པའི་དུས་སུ་ཉི་མ་གཉིས་པ་ཡིད་འཁྲུག་པར་བྱེད་པའི་བཟླས་པ་ཐོན་ནོ། །ཡང་ཉི་མ་གསུམ་པ་ལ་འཇུག་པའི་དུས་སུ་འཆི་བདག་བསྐུལ་བ་ལ་སོགས་པ་དང་། འབོད་པའི་བརྡས་འབོད་པ་ལ་སོགས་པ་དང་། ངས་ཅི་བྱ་ཟེར་བ་ལ་སོགས་པ་ཐམས་ཅད་གོང་དུ་བསྟན་པ་བཞིན་དུ་བྱའོ། །དེ་ནས་བཟླས་པ་ནི་ཉིན་གྱི་རིང་ལ་ཡ་ཏ་ཡོ་ནི་ལ་སོགས་པ་བཟླས། མཚན་མོ་སྔགས་བཞི་ཀ་དྲིལ་ལ་བཟླས་པ་ཁྲི་ནམ་ཐོན་པའི་དུས་སུ་ཉི་མ་གསུམ་པ་ཁྲག་ཏུ་སྐྱུག་པར་བྱེད་པའི་བཟླས་པ་ཐོན་ནོ། །ཉི་མ་བཞི་པ་ལ་འཇུག་ཀར་ཡང་འཆི་བདག་ཡབ་ཡུམ་བསྐུལ་བ་ལ་སོགས་པ་ཟངས་ཀྱི་བྱའོ། །འབོད་བརྡས་འབོད་པ་ལ་སོགས་པ་ཐམས་ཅད་གོང་དུ་བསྟན་པ་བཞིན་དུ་བྱའོ། །དེ་ནས་བཟླས་པ་ནི་ཉིན་གྱི་རིང་ལ་ཉི་མ་བཞི་པའི་ཡཀྵེ་ཡ་ཛ་ལ་སོགས་པ་བཟླས་སོ། །ཉི་མ་རྒས་ནས་སྐྱ་རེངས་མ་ཤར་གྱི་བར་དུ་བཞི་སྙིང་གཅིག་ཏུ་དྲིལ་བ་སྟེ་ཡ་མ་རཱ་ཛ་ནས་མཱ་ར་ཡ་ཧཱུྃ་ཕཊ་ཅེས་པ་ལ་སོགས་པ་ཡན་ཆད་དྲིལ་ལ་བཟླས་སོ། །དེས་ན་ཉི་མ་བཞི་པ་མཱ་ར་ཡ་གདོན་མི་ཟ་བར་བྱེད་པའི་བཟླས་པ་ཐོན་ནོ། །དེ་ལྟར་བྱས་པས་འཆི་བདག་ཡབ་ཡུམ་ཁུག་སྟེ་འོང་། དེས་མ་ཁུག་ན་ཡང་ཉི་མ་བཞི་བསྐྱར་ལ་བྱའོ། །དེས་ཀྱང་མ་ཁུག་ན་ཡང་ལན་གཅིག་བསྐྱར་ལ་བྱའོ། །དེ་ལྟར་ལན་གསུམ་དུ་བྱས་པས་ཞག་བཞི་བཅུ་རྩ་གཅིག་ཙམ་འགྲོ་སྟེ་དེས་མི་ཁུག་མི་སྲིད་དོ། །ཁུག་པའི་རྟགས་ལ། དུས་ནི་འབྲུག་དཀྱུས་ནི། སྒྲ་འཚུབས་མས་གདབ། །ཅེས་པ་སྟེ་སྒྲུབ་ཁང་དུ་འབྲུག་སྒྲ་དང་འཚུབས་མ་འོང་དེའི་དུས་སུ་ཁོའི་ནུས་པ་བསྐྱེད་པའི་ཕྱིར་བསྐང་གསོ་བྱ་བར་བླ་མ་སྤང་སྟོན་གསུངས། གསུངས་སོ། །ཁུག་པའི་རྟགས་བྱུང་བ་དང་ངའི་སྲུང་མ་བྱུང་སྙམ་ནས་སེམས་སྤྲོ་སྤྲོ་བར་བྱས་ལ་བསྐྱར་ཡིན་མི་བྱ་སྟེ་ཤིན་ཏུ་རྩུབ་པ་ཡིན་གསུངས་སོ། །དེ་ལྟར་ཁུག་པ་དང་ཆོག་བསྒྲིགས་ནས་འབྱུང་བ་བཞིན་བསྐང་གསོ་བྱ། དེ་ལ་དགུག་པ་དུས་ཀྱི་འཁོར་ལོ་ཞེས་བྱ་སྟེ། དེ་མ་ཤེས་པའི་སྐྱོན་དམིགས་པ་ཕྱལ་བར་འཆོར་དམིགས་པས་དགྲ་ལ་མི་འོང་གསུངས། དེར་མ་ཟད་དེ་ཡེ་ཤེས་པ་ཉིད་ནས་དབྱེ་བ་མན་ངག་དང་གསད་པ་གནད་ལ་སོགས་པ་གལ་ཆེ་གསུང་ན། ནི་གོང་དུ་བསྟན་ཏེ། དཔེར་ན་གཡོག་གཅིག་ལ། ཕར་རྒྱབ་ན་ཡོད་པ་ལ་ཚུར་རྒྱབ་ནས་ཟན་བྱིན་ནས་ལས་གྱིས་བྱས་པས་ལས་མི་འགྲུབ་ལ། གཡོག་པོ་དེ་རང་གི་རྩར་བོས་ནས་ཟན་བྱིན་ནས་ལས་གྱིས་བྱས་ན་ཅི་བཅོལ་ཉན་པ་དང་འདྲ་བར། འཆི་བདག་ལས་ཀྱི་གཤིན་རྗེ་ཡང་རི་རབ་ཆེན་པོའི་རྨངས། རྒྱ་མཚོ་ཆེན་པོའི་གཏིང་། རླུང་གི་དལ་གྱི་སྟེང་། ཐོད་མཁར་ནག་པོའི་ནང་ན་འདུག་པ་ལ། འདི་ནས་གཏོར་མ་བཏང་ཞིང་རྦོད་གཏོང་བྱས་པས་ལས་མི་འགྲུབ་འཆི་བདག་རང་གི་རྩར་བཀུག་ནས་གཏོར་མ་བྱིན་ཅིང་རྦོད་གཏོང་བྱས་ན་མྱུར་དུ་རྟགས་ཐོན་ནས་འོང་བས། དེས་ན་འདི་ནི་ཤིན་ཏུ་གལ་ཆེ་གསུང་ངོ་། །དྭངས་སྙིགས་འབྱེད་པ་སྔགས་ཀྱི་ཙཀྲའི་སྐབས་སུ་ཡེ་ཤེས་པའི་སྔགས་མི་བཟླ་སྟེ་ལས་ཀྱི་ཡ་མ་གཅུན་དྲགས་ན་དྲག་ལ་རྦད་ཙམ་ན་ནུས་པ་ཆུང་གསུངས། ནི་ལྷ་བསྙེན་མ་ཐོན་གྱི་བར་དུ། འདྲེ་བསྒྲུབ་མི་བྱ་སྟེ་འཁུ་ལྡོག་འོང་། འདྲེ་བསྒྲུབ་ཀྱི་དུས་སུ་ལྷ་བསྒྲུབ་མི་བྱ་སྟེ་ནུས་པ་ཆུང་གསུང་ངོ་། །དེ་ལྟར་ལས་ཀྱི་གཤིན་རྗེའི་སྒྲུབ་པ་ཐོན་ནས་ད་ནི་དབྱེ་བ་མན་ངག་གི་འཁོར་ལོ་ནི། དོན་ལྷ་དང་དབྱེ་བའོ། །དེ་ནས་དགྲ་བོའི་མིང་རུས་ཞེས་པས་སྟོན་ཏེ། དེ་ཡང་འདི་ནས་མིང་རུས་བྲི་བ་བྱུང་། འོག་ནས་དགྲ་བོའི་གཟུགས་བྲི་ཡི་དྭགས་ཀྱི་གོས་ལ་དགྲ་བོའི་རཱུ་པ་བྲི་ཞེས་པ་ལ་སོགས་པས། ཟེར་བས་ལིང་གའི་བཅའ་ཐབས་བསྟན། དེ་ལ་ལིང་ག་བཅའ་བ་ནི། དགྲ་བོའི་ཟག་པའི་རྫས་ལྔ། དེའི་གོས་ཀྱི་དྲི་མ་དང་། སྐྲ་ཤད་དང་། རྐང་རྗེས་ཀྱི་ས་དང་། དྲི་ཆེན་དང་། དྲི་ཆུ་སྟེ་ལྔ་ཡོད་ན་ལེགས་མེད་ན་ཡང་གང་རུང་ཞིག་དང་རྒྱ་གྲོག་དམར་པོས་མཐིལ་ནས་བརྐོས་པའི་ས་འཇིམ་པ་སྤྱིན་པོ་དང་། བསྲེས་ལ་གཟུགས་བྱས་ཏེ། ཆེ་ཆུང་གི་ཚད་ནི་རྒྱུད་ལས་ཁྲུ་གང་པར་བཤད་དེ། བྲུབ་ཁུང་དུ་མི་ཤོང་བས་མཐོ་གང་ཙམ་པ་གཅིག་བྱས་ལ། ལིང་ག་དེའི་སྙིང་གར་གྲུ་གསུམ་གཅིག་བྲུ། ནང་རོ་སོལ་གྱི་ས་བྱུག །དེ་ནས་གྲོ་གའམ་ཤོག་བུ་ལ་ལིང་ག་བྱ་རོ་རས་ལ་བྱ་གསུངས། སྟེ། གསུས་པ་ཆེ་བ། འབྲས་བུ་འཕྱང་བ། སྐྲ་གྲོལ་བ། མིག་ཟླུམ་པ། དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་གཅིག་བྱས་ལ། དེ་ནས་དྲག་སྔགས་ལུས་ལ་དགོད་པར་བྱ་སྟེ། ལྕེ་ཆེ་བར་བྱས་ལ་ལིང་ག་དེའི་སྙིང་གར་ཙཀྲ་རྩིབས་བརྒྱད་པ་གཅིག་བྲི། དེའི་ལྟེ་བ་ལ་མེའི་ས་བོན་རྂ་གཅིག་བྲི། རྩིབས་བརྒྱད་ལ་ཡ་མ་རཱ་ཛ་ས་ཏོ་མེ་ཡ་བྱ་བ་བྲི། དབང་པོ་ལྔའི་སྟེང་དུ་ཡི་གེ་རྂ་རྂ་བྲི། ཡན་ལག་ལྔ་ལ་ཛཿརེ་རེ་བྲི། དཔྲལ་བར་རུས་བྲི། ཕོ་ཡིན་ན་དཔུང་པ་གཡོན་པར་མིང་བྲི། མོ་ཡིན་ན་གཡས་ལ་བྲི། གང་ཡིན་ཡང་བླ་དྭགས་འདོམས་སུ་བྲི། མཐའ་མ་ཐམས་ཅད་ཛཿས་བསྐོར་རོ། །དེ་སྐད་དུ་ཡང་ཟླ་གསང་ཟེར་ཏེ། མ་མོ་གསང་བའི་རྒྱུད་ལས། ཡན་ལག་བཞི་ནི་ཛཿཡིས་མནན། །དབང་པོ་ལྔ་ནི་རྂ་གྱིས་བསྲེག །སྙིང་ནི་མེ་ཡིས་བསྲེག་པར་བྱ། །མཐའ་མ་ཛཿཡིས་བསྐོར་བར་བྱ། །བླ་དྭགས་འདོམས་སུ་བྲི་བར་བྱ། །ཞེས་སོ། །གཟུགས་དེ་བལྟབ་ལ་དྲི་མ་ལྔ་དང་བཅས་གཟུགས་དེའི་སྙིང་གའི་གྲུ་གསུམ་ནང་དུ་གཞུག །འཇིམ་པས་ཁ་དམ་པར་བཅད་ལ་དལ་གྱི་ལྷོ་ཕྱོགས་སུ་དོང་གྲུ་གསུམ་པ་གཅིག་བྲུས་ལ་དེ་ཡང་ཆེ་ཆུང་གི་ཚད་མ་ཏྲཾ་གི་ཚད་དང་སྦྱར། རོ་སོལ་གྱིས་དུག་དང་ཁྲག་དང་། ནག་པོར་བྱུག །དེ་གཤིན་རྗེའི་ཞལ་དུ་དངོས་སུ་བསམ་ལ་དེར་གཟུགས་དེ་གཞུག་གོ། །སྔོན་དམར་སྐུད་པས་སྐེ་ནས་བཏགས་ལ་ལྷོ་ཕྱོགས་ཀྱི་ཕུར་པ་གཅིག་ལ་གདམས། གཟུགས་བུད་མེད་ཀྱི་ཞབས་མས་དགབ་ཟེར་བས་དེའི་སྟེང་དུ་ཡུག་ས་མོའི་དོར་རྟས་ཁ་བཅད་ལ་མར་མེས་མི་མཐོང་བར་བྱ། མཆེད་ལྕམ་དུ་འགྲོ་བས་སོ། །དམ་ཚིག་མི་བསྲེ་བའི་ཕྱིར་སྨན་ཕུད་ཀྱི་ས་མ་ཕོག་པར་བྱའོ། །དེ་ནས་དོ་ནུབ་ནམ་ཕྱེད་ཀྱི་དུས་སུ་འཆི་བདག་ལ་སོགས་པ་བསྐུལ་རྣམས་ཆོག་བསྒྲིགས་བཞིན་ཟངས་ཀྱིས་བསྐུལ་ལ། ནམ་ཕྱེད་དགྲ་བོ་མི་ཉལ་བླ་ཉལ་གྱི་དུས་སུ་སྲུང་མ་རྣམས་ཀྱིས་ཁོའི་རྣམ་པར་ཤེས་པ་དགུགས་པ་ནི། རླུང་གི་དལ་གྱི་སྟེང་ངམ་རྔ་མོང་ལྟ་བུའི་སྟེང་དུ་སྐྱོན་ལ་འུ་རུ་རུ་བཀུག་ནས་དངོས་སུ་སྒྲུབ་ཁང་དུ་ཁུག་པར་བསམ་ལ་ཁོ་རང་གི་ལིང་ག་ལ་བསྟིམ་མོ། །དེ་ལ་སྐུད་པ་སྔོན་དམར་གྱིས་བྱད་དུ་གཞུག་ལ་བཞག །དེ་ནས་གསང་སྔགས་དབུགས་ལ་བསྐྱོན་པ་ཡིན་ཏེ་ཡ་མ་རཱ་ཛ་ས་ཏོ་མེ་ཡ་ཆྒཻ་མོ་མཱ་ར་ཡ་ཧཱུྃ་ཕཊ་ཅེས་བདག་གིས་དྲག་པོར་བརྗོད་པས་བདག་ཉིད་བདུད་བཤན་པ་མ་རུ་རྩེར་བསྒོམས་པའི་སྙིང་གའམ། ཡང་ན་རང་གཤིན་རྗེའི་གཤེད་དུ་བསྒོམས་པའི་སྙིང་ག་ནས་ཡ་མ་རཱ་ཛ་ས་ཏོ་མེ་ཡ་ཞེས་པ་སྲོག་གི་སྙིང་པོ་འབྲུ་བརྒྱད་མར་མེའི་ཕྲེང་བ་བཞིན་དམར་ནར་གྱིས་བྱུང་ནས་དལ་གྱི་ལྷོ་ཕྱོགས་ན་ཡོད་པའི་བཤང་བའི་ལམ་ནས་ཡར་དམར་ནར་གྱིས་ཞུགས་ནས་སྙིང་གར་འཁོར་ལོ་རྩིབས་བརྒྱད་ལ་ཡིག་འབྲུ་ཡོད་པ་དང་དཀྲུག་གིས་འདྲེས་པའི་དུས་སུ། ཁོའི་ཁོང་པར་མེ་དམར་འུར་གྱིས་འབར་ཏེ། དཔེར་ན་མཁར་ནང་དུ་མེ་བཏང་བ་ལྟར་ཁོའི་བུག་པ་དགུ་ནས་ཕར་མེ་དམར་འུར་གྱིས་འབར་བར་བསམ། དེའི་དུས་སུ་ཁོའི་རང་བཞིན་གྱི་ཁ་སྦྱོར་ལྷན་ཅིག་སྐྱེས་པའི་ལྷའམ། སྲུང་མའི་ཁ་སྦྱོར་ཆོས་སྐྱོང་ལྟ་བུའམ། བྱིན་གྱིས་བརླབས་པའི་ཁ་སྦྱོར་བླ་མས་དབང་བསྐུར་དུས་སྙིང་གར་ཡེ་ཤེས་སེམས་དཔའ་བཅུག་པའམ་གང་ཡིན་ཡང་རང་གཤེད་རང་ལ་དབབ་པ་ཡིན་ཏེ། དེའི་དུས་སུ་འགྲོ་བ་ཐམས་ཅད་ཀྱི་སྤྱི་བོའི་གཙུག་རུས་པའི་སྟེང་ན་ལས་ཀྱི་རྩ་ཞེས་ཀྱང་བྱ་སྟེ། དངོས་སུ་ཚངས་པའི་རྩ་ལ་དབང་བྱེད་པའི་ལྷའི་བུའི་བདུད་ཁ་དོག་ཀྱང་དམར་པོ་ལ་ལག་པ་གཉིས་ཀྱིས་ཚངས་པའི་རྩ་གཉིས་ལ་འཇུས་ཏེ། དེ་ཡང་དཔེར་ན་བུང་བས་མེ་ཏོག་འཇིབ་པ་བཞིན་དུ་མཆུ་བཙུགས་ནས་གནས་ཏེ། དངོས་སུ་ན་ལྷན་ཅིག་སྐྱེས་པའི་བདུད་ཅེས་ཀྱང་བྱ། འཆི་བདག་གི་བདུད་ཅེས་ཀྱང་བྱ། རང་སྐྱེས་པའི་ནང་པར་ནས་རང་གི་ལྟག་ཁུང་ནས་ཞོན་པ་གཅིག་གིས་བདུད་བཅད་ནས་ཁོའི་རྣམ་པར་ཤེས་པ་ཡི་གེ་ཏི་ནག་པོ་གཅིག་ཏུ་བྱས་ཏེ་ཁྱེར་ནས་དབང་པོའི་སྒོ་དགུ་པོ་གང་གསལ་བ་གཅིག་ནས་ཕར་ཁྱེར་ནས་གསུངས་ཏེ། དངོས་སུ་སྣ་སྒོ་གཡོན་ནས་འཐོན་ཏེ། མདུན་གྱི་བཅོམ་ལྡན་འདས་ཡ་མཱནྟ་ཀའི་ཐུགས་ཀར་ཁོའི་ཤེས་པ་འཕངས་པས་བཅོམ་ལྡན་འདས་ཀྱི་ཐུགས་དང་ཁོའི་ཤེས་པ་གཉིས་སུ་མེད་པར་འདྲེས་པར་བསམ་མོ། །ཡང་ན་ཁོ་རང་གི་གྲོགས་བྱེད་པ་དེས་སྲོག་གི་ཡི་གེ་ཏི་ནག་པོ་གཅིག་ཏུ་བྱས་ཏེ་ཁྱེར་ནས་ཁོའི་བུ་ག་གང་གསལ་བ་གཅིག་ནས་ཕར་འཇུར་གྱིས་བྱུང་ནས་སོང་བར་བསམ་མོ། །ཁོའི་རྣམ་ཤེས་ཡེ་ཤེས་ལྷའི་ཐུགས་དང་གཉིས་སུ་མེད་པར་བསྲེ་བའམ་ཕྱིའི་རྒྱ་མཚོའི་འགྲམ་དུ་བསྐྱལ་བའམ། བདུད་གཅོད་ཀྱི་ལྷ་འདྲེ་དེས་ཁྱེར་བར་བསམ་པ་དང་ལུགས་གསུམ་ལས་དང་པོ་དེ་བདག་གི་སྤང་སྟོན་བླ་མ་གསུང་། དེའི་དུས་སུ་ཡང་ཡ་མ་རཱ་ཛ་ཞེས་པ་དྲག་ཏུ་བཟླས་ཤིང་དམིགས་པ་གསལ་བར་བསྒོམ་མོ། །འབྱུང་བ་རྩད་ནས་བསྲེག་པ་དང་། གཤེད་མ་ལུས་ལས་བླང་བའི་གོ་བ་ཡང་དེ་ཡིན་ནོ། །ད་ནི་བསད་པ་གནད་ཀྱི་འཁོར་ལོ་དང་། རྟེན་འབྲེལ་རྫས་ཕྱི་རོ་རས་ཀྱི་རྫས་ཚོ་དང་ནང་ཞིང་ལྤགས་ཀྱི་རྫས་ཚོ་འཚོགས་ན་ལས་འགྲུབ་བོ། །ཀྱི་འཁོར་ལོ་ཞེས་བྱ་བ་ཤུགས་ལ་ཤེས་པ་གཅིག་དང་གཉིས་སྟོན། དེ་ཡང་འཁོར་ལོ་བསྐོར་བ་ལ་ཁ་ཅིག་ན་རེ་གསང་བ་དགུ་བསྐོར་དུ་བསྐོར་བ་ཡིན་ཟེར་ཏེ་རྒྱུད་ལས་བཤད་པ་མེད་དོ། །ཡོད་ཟེར་ན་འོ་ན་རྫས་ཀྱི་ཁྱད་པར་མི་འདྲ་བ་དགུ་དགོས་པ་གང་ཡིན། སྔགས་དང་ཏིང་ངེ་འཛིན་དང་ཁྱད་པར་དགུ་དགུ་མེད་པའི་ཕྱིར་ན་དེ་མིན་ནོ། །འོ་ན་དེ་ཇི་ལྟར་ཡིན་ཞེ་ན་རྒྱུད་ནས་བཤད་པ་ནི། དེ་ཡང་འཁོར་ལོ་བསྐོར་བ་ཡང་། །ཕྱི་ནང་གསང་བ་གསུམ་དུ་ནི། །ཉི་མ་བཞི་པ་བཟླས་པར་བྱ། །ཞེས་གསུངས་སོ། །ཕྱི་ལྟར་བསྐོར་བ་དང་། ནང་ལྟར་བསྐོར་བ་དང་། གསང་བ་ལྟར་བསྐོར་བ་དང་གསུམ་ཡིན་ནོ། །གསུམ་པོ་ལ་རྫས་ཀྱི་ཁྱད་པར་མི་འདྲ་སྟེ། ཕྱིའི་དུས་སུ་རོ་རས། ནང་གི་དུས་སུ་ཞིང་ལྤགས། གསང་བའི་དུས་སུ་ཐོད་པའོ། །ཏིང་ངེ་འཛིན་གྱི་ཁྱར་པར་མི་འདྲ་སྟེ། ཕྱིའི་དུས་སུ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་གཉིས་པ་ལུས་ངག་ཡིད་གསུམ་ལ་འཁོར། ནང་གི་དུས་སུ་རྩིབས་བརྒྱད་པ་འཁོར། གསང་བའི་དུས་སུ་བཤན་པ་མ་རུ་རྩེ་ཆིག་དྲིལ་བསྐོར་བའོ། །སྔགས་ཀྱི་ཁྱད་པར་མི་འདྲ་སྟེ་ཕྱིའི་དུས་ན་ཕྱིའི་སྲིད་པ་ཞབས་ཀྱི་མཐིལ་ནས་དཀྲུག་སྟེ་སྔགས་སྡེ་ཚན་དུ་བཟློག་པའོ། །ནང་གི་དུས་སུ་ནང་གི་ལྟོ་བ་སྙིང་གི་དཀྱིལ་ནས་དཀྲུག་པ་དྲག་སྔགས་བདུན་པ། གསང་བའི་དུས་སུ་སྲོག་ལུས་ཀྱི་གནད་ནས་འཕྲོགས་པ་དུ་མན་ཏ་ཀ་ར། དེས་ན་ཁྱད་པར་གསུམ་གསུམ་ཡོད་པས་ན་ཕྱི་ནང་གསང་བ་གསུམ་དུ་བསྐོར་བ་ཡིན་གསུང་ངོ་། །འདི་ལ་ཡང་ཐབས་ཤེས་རབ་གཉིས་སུ་བསྐོར་བ་དང་། སྐུ་གསུང་ཐུགས་སུ་བསྐོར་བ་དང་། མཱ་ར་ཡ་བརྒྱད་དུ་བསྐོར་བ་དང་། ཨ་མུ་ཀ་དགུར་དང་། ཡེ་ཤེས་བཞིར་དང་། ཡོན་ཏན་ཕྲིན་ལས་ལྔར་དང་། གསང་བ་དྲུག་ཏུ་དང་། གནག་པ་བདུན་དུ་དང་། གསང་བཅུར་བསྐོར་བ་ལས་འདི་ནི་མཱ་ར་ཡ་བརྒྱད་དུ་བསྐོར་བ་སྟེ། ཡ་ཚོགས་བརྒྱད་པའི་བསྐོར་ལུགས་ཡིན་གསུང་། འོ་ན་མཱ་ར་ཡ་བརྒྱད་དུ་བསྐོར་བར་ཅིས་ཤེས་ན་རྒྱུད་ནས། དང་པོ་ཡ་ལ་ཆོས་བརྒྱད་ཚང་། །གཤིན་རྗེ་ལྔ་ཡི་སྙིང་པོ་ཡིན། །ཡེ་ཤེས་ལྔ་ཡི་ངོ་བོ་ཡིན། །བསྐོར་བྱེད་ཉི་མ་བཞི་པ་ཡིན། །བསྒྱུར་བྱེད་ཡི་གེ་སུམ་ཅུ་གཉིས། །གཅིག་མ་ཚང་བས་རྟགས་དགོས། དམ་ཉམས་རྣམས་ཀྱི་བཙོན་ཁང་ཡིན། །དྲག་པོ་ལས་ཀྱི་ཁ་སྐོང་ཡིན། །གསོད་པ་སྲོག་གི་སྤུ་གྲི་ཡིན། །ཞེས་པའོ། །དེ་ལ་དང་པོ་ཕྱི་རོ་རས་ལ་བརྟེན་པའི་འདི་ལ་དུར་ཁྲོད་ལུགས་སུ་བསྒྲུབ་པ་ཟེར། ཙཀྲ་བྲི་བ་ནི་རོ་རས་གསར་པ་གཞན་ཞིག་ཡོད་ན་དེ་ལ་བྱ། གཞན་མེད་ན་དགུག་པ་དུས་ཀྱི་ཙཀྲ་བྱས་པ་དེ་རང་ལ་བྱ། དེ་ཡང་ཡི་གེ་ལ་སོགས་པ་ཇི་ལྟར་བྲི་ན། རྒྱུད་ནས། ནང་གི་ལྕགས་ཁང་བཅུ་གཉིས་ནི། །གཤིན་རྗེ་གནས་པའི་ཕོ་བྲང་ཡིན། །ཕྱི་ཡི་ལྕགས་ཁང་བཅུ་དྲུག་ནི། །དམ་ཉམས་གནས་པའི་ས་རུ་བཤད། །ཅེས་གསུངས་པས་ན་ནང་གི་ལྕགས་ཁང་བཅུ་གཉིས་ལ་འཆི་བདག་གི་སྲོག་སྙིང་བྲི། ཕྱི་ཡི་ལྕགས་ཁང་གི་རྩིབས། བཅུ་དྲུག་ལ་དགྲ་བོའི་མིང་ཐམས་ཅད་ཕོ་མོ་ཟུང་དུ་སྡེབས་ལ་རུས་བྲི། དགྲ་བོ་ཕོ་མོ་མེད་ན་རྐྱང་པ་བྲི་དགྲ་སུམ་ཅུ་རྩ་གཉིས་ཚུད་པར་གསུངས། ཕོ་མོ་སུམ་ཅུ་རྩ་གཉིས་ཡོད་ན་འཁོར་ལོ་ཁ་རབ་ཏུ་ཁེངས་པ་ཡིན་ཏེ་ཤིན་ཏུ་ལེགས། འབྲིང་དུ་ཁ་འགེངས་ན་ཕོ་མོ་བཅུ་དྲུག་བྲི། དགྲ་དེ་ཙམ་མེད་ན་གསང་བ་ཧྲཱིཿཥྚིས་ཁ་བསྐང་ལ་བྲིའོ། །དེ་ཡང་ལྕགས་ཁང་བཅུ་དྲུག་པ་དེ་ལ་སེམས་ཅན་ཐམས་ཅད་ཀྱི་སྐྱེ་ཤིའི་༡༡ཁ་འཁོར་ལོ་༣འགྲོ་དྲུག་༢གི་ལས་འཁོར་བ་ཡིན་ནོ། །ཙཀྲ་གསར་པ་ཡོད་ན་དགུག་པ་དུས་ཀྱི་འཁོར་ལོ་བྱས་པ་དེའི་འོག་གི་ཆར་སྔར་བཞིན་དུ་ས་སྟེགས་ཀྱི་དལ་གྱི་གྲྭ་བའི། ཁྲམ་ཤིང་བཞི་ལ་ཞལ་སྐུད་པ་སྔོན་དམར་གྱིས། ལྷོ་ཕྱོགས་སུ་བསྟན་ལ་བརྒྱད་བསགས་པ་གོང་གི་སྒྲུབ་པ་དང་ཁྱད་མེད་དོ། །དོ། །ཕོ་བྲང་གསར་པ་མེད་ན་དགུག་པ་དུས་ཀྱི་ཙཀྲ་གོང་མ་རང་ལ་བརྟེན། བཅའ་བ་ལ་སོགས་པ་ཐམས་ཅད་གོང་དུ་བསྟན་པ་བཞིན་འདིར་ཡང་ཤེས་པར་བྱའོ། །དེ་ནས་དོ་ནུབ་ནམ་ཕྱེད་ན་དགྲ་བོ་མི་ཉལ་བླ་ཉལ་གྱི་དུས་སུ་འཆི་བདག་ཡབ་ཡུམ་བསྐུལ་བ་ལ་སོགས་པ་དང་བོད་པའི་བརྡས་ལན་གསུམ་དུ་འབོད་པ་ལ་སོགས་པ་དང་། འཆི་བདག་འཁོར་དང་བཅས་པས། ངས་ཅི་བྱ་ཟེར་ཁས་ལེན་དང་བཅས་པས་སྒྲུབ་ཁང་དུ་བྱོན་པར་བསྒོམ། དེ་ལ་གཏོར་མ་བསྟབ། རཀྟ་བསྟབ། དགྲ་བོའི་བླ་བྱང་བསྟབ། ཁོ་ཁས་ལེན་དང་བཅས་པ་དེ་རོ་རས་ཀྱི་འཁྲུལ་འཁོར་ལ་ཐིམ་པར་བསྒོམ། དེ་ནས་བཟླས་པ་བྱ་བ་ནི་སྔགས་སྡེ་ཚན་དུ་བཟློག་ལ་བགྲང་ཡ་མ་རཱ་ཛ་ས་ཏོ་མེ་ཡ་ཞེས་པ་ནས་ཨ་མུ་ཀཾ་མཱ་ར་ལ་ཧཱུྃ་ཕཊ་ཅེས་དྲིལ་ལ་ཉི་མ་དང་པོ་ལ་ཁྲི་ཚོ་གཅིག་བཟླས་རུ་དཔེ་ལས་འདི་འདུག་སྟེ་དཔྱད་དོ། །ངོ་། །དེའི་དམིགས་པ་ནི་ལྷོ་ཕྱོགས་ཀྱི་བྲུབ་ཁུང་ན་དམ་ཉམས་དང་དགྲ་བོ་དེ་ཕོ་ལྷ་དང་བྲལ་ནས་ནག་ཉོག་གེ་འདུག་པ་དེའི་ཀླད་པའི་དཀྱིལ་དུ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་གཉིས་པ་འཁོར་བས་ཁོའི་ཀླད་ཁྲག་ཐམས་ཅད་ཕྱིར་ཐོན་ནས་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱིས་ཟས་སྐལ་བྱས་པར་བསམ་མོ། །འོ་ན་གཤིན་རྗེའི་འཁོར་ལོ་དེ་ལྟར་བསྐོར་ན་འཁོར་ལོ་ལ་ལོག་རྡུགས་འབྱམས་གསུམ་ཡོད་པས་དེ་སྤང་བའི་ཕྱིར་མ་མོའི་ཐུན་གྱིས་ཁ་སྐོང་ངམ་མི་བསྐང་ཞེས་ན་སྐོང་སྟེ། དུས་ནམ་གྱི་ཚེ་སྐོང་ན་འཆི་བདག་དྲོ་ལ་བབ་པའི་དུས་བཞི་ལ་ཐུན་བརྡེག་པའི་དུས་ནི་བཞི་སྟེ། སྐོང་སྟེ། དེ་གང་ཞེ་ན་སྟག་སྐྱ་ཁ་རླངས་ཤར་བ་སྟེ་སྐྱ་རེངས་དང་པོ་ཤར་བའི་དུས་དང་། སྲིན་པོ་ལྟོ་ལ་འདུས་པ་སྟེ་ཉི་མའི་གུང་དང་། ཆུ་སྲིན་རྔ་མ་གཡོབ་པ་སྟེ་གྲིབ་སོ་མགོ་འདུས་ཀྱི་དུས་དང་། རུ་སྦལ་ལྟོ་རུ་ཆུད་པའི་དུས་ཏེ་ནམ་ཕྱེད་ཀྱི་དུས་དང་བཞི་པོ་དེ་ལ་ཕུར་ཐུན་བསྐུལ་ནས་ཕུར་ཐུན་གྱིས་བསད་ལས་བྱེད། ཡུངས་ཐུན་བསྐུལ་ནས་ཡུངས་ཐུན་གྱིས་བསད་ལས་བྱེད། ཁྲག་ཐུན་བསྐུལ་ནས་ཁྲག་ཐུན་གྱིས་བསད་ལས་བྱེད། དུག་ཐུན་ཐུན་མོང་དུ་བཏང་ཐུན་བརྡེག་པའི་རྟེན་བྲུབ་ཁུང་གི་ལིང་གའོ། །སྟེ་ཕུར་པ་ལ་དུག་གིས་དབལ་གདགས། ཡུངས་ཀར་ལ་དུག་གིས་དབལ་གདགས། ཕུར་ཐུན་གྱི་དུས་སུ་ཏིང་ངེ་འཛིན་ནི་དཀྱུས་ནས་གསུངས་པ་སྟེ། འབྲོས་ཕྱིར་འདེད་པ་ལྟར་རྩེར་ལྷང་འདོན་ཅིང་ཁྲག་གི་རྐྱལ་པ་སྙུག་བུས་བཙགས་པ་བཞིན་དུ་བུ་ག་དགུ་ནས་ཁྲག་ཏུ་སྐྱུག་ཅིང་མནན་པར་བསམ། དེའི་དུས་སུ་དམིགས་པ་ནི་ཁོའི་ལུས་རྐྱལ་པ་ཁྲག་གིས་བཀང་བ་ལྟ་བུ་ལ་ཡུངས་ཐུན་བརྒྱབ་པས་ལྕགས་ཀྱི་སེར་ཆེན་དུ་བབ་པས་ཤ་ཁྲག་ཐམས་ཅད་ཕྱིར་འཐོར་བས་སྲིད་པའི་ལྷ་སྲིན་ཐམས་ཅད་ཀྱིས་ཟས་སྐལ་བྱས་པར་བསམ། ཁྲག་ཐུན་གྱི་དུས་སུ་ཕག་ཁྲག་དང་བོང་ཁྲག་སྐམ་པོ་ལ་དུག་གི་དབལ་བཏགས་པས་ལིང་ག་ལ་ཐུན་འབེབས་པའི་དུས་སུ་དམིགས་པ་ནི་སྲིད་པའི་མ་མོ་ཐམས་ཅད་ཀྱིས་ཁྲག་གི་བུ་ཡུག་འཚུབས་པས་ཁོའི་ལུས་ལ་མི་ནད་ལིང་དགུ་ལ་སོགས་པའི་ནད་སྣ་ཚོགས་ཀྱི་འཚུབས་ནས་སྲིད་པའི་ལྷ་མ་སྲིན་ཐམས་ཅད་ཀྱིས་ཟས་སྐལ་བྱས་པར་བསམ། འོ་ན་དུས་བཞི་པོ་དེ་ལ་ཐུན་བརྡེག་པ་ཅིའི་ཕྱིར་ཞེ་ན། དེའི་དུས་སུ་འཆི་བདག་ལས་ཀྱི་གཤིན་རྗེ་དེ་རི་རབ་ལ་སྐུར་བརྟེན་བྱས། སྙབས་པ་ལག་རིངས་སུ་སྤྲུལ་ནས་སྟེང་ལྷ་ཡི་འཇིག་རྟེན་དུ་དྲོ་ཚོལ། འོག་གླིང་བཞི་མིའི་ཡུལ་དུ་དྲོ་ཚོལ་བས་དེའི་དུས་སུ་དེ་ལྟར་བྱས་ན་མི་ཐེབས་མི་སྲིད་དོ། །འོ་ན་བཟླས་པའི་ཚད་ཇི་ཙམ་ཞེ་ན་ཚད་ནི་ཁྲི་ཚོ་གཅིག་ཡིན་ནོ། །དེས་ཉི་མ་དང་པོ་མགོ་འཁོར་བའི་བཟླས་པ་ཐོན་ནོ། །ཡང་ཉི་མ་གཉིས་པ་ལ་འཇུག་ཁར་འཆི་བདག་ཡབ་ཡུམ་བསྐུལ་བ་ལ་སོགས་པ་ཐམས་ཅད་གོང་དུ་བསྟན་པ་དང་འདྲའོ། །དེ་ནས་བཟླས་པ་བྱ་བ་ནི་སྔགས་སྡེ་ཚན་དུ་བཟློག་པའི་ཉི་མ་གཉིས་པའི་སྔགས་ཉི་མ་དང་པོ་དང་འདྲ། བཟླས་སོ། །དེའི་དུས་སུ་དམིགས་པ་ནི་ཁོའི་སྙིང་དམ་ཉམས་གི་དཀྱིལ་དུ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་གཉིས་པ་གཅིག་འཁོར་བས་ཁོའི་སྙིང་ཁྲག་ཐམས་ཅད་ཕྱིར་འཐོར་ནས་སྲིད་པའི་ལྷ་མ་སྲིན་ཐམས་ཅད་ཀྱིས་ཟས་སྐལ་བྱས་པར་བསམ། འོ་ན་གཤིན་རྗེའི་འཁོར་ལོ་དེ་ལྟར་བསྐོར་ན། འཁོར་ལོའི་ཁ་མ་མོའི་ཐུན་གྱིས་སྐོང་ངམ་མི་སྐོང་ཞེ་ན་བསྐང་སྟེ། དུས་བཞི་ལ་ཕུར་ཐུན་ལ་སོགས་པ་གོང་དུ་བསྟན་པ་བཞིན་བྱའོ། །སྔགས་ཀྱི་གྲངས་ནི་ཁྲི་ཚོ་གཅིག་ཡིན་ནོ། །དེས་ཉི་མ་གཉིས་པ་ཡིད་འཁྲུག་པར་བྱེད་པའི་བཟླས་པ་ཐོན་ནོ། །ཡང་ཉི་མ་གསུམ་པ་ལ་འཇུག་ཀར་འཆི་བདག་ཡབ་ཡུམ་བསྐུལ་བ་ལ་སོགས་པ་ཐམས་ཅད་གོང་དང་འདྲའོ། །བཟླས་པ་ཡང་གོང་དང་འདྲའོ། །དེའི་དུས་སུ་དམིགས་པ་ནི་ཁོའི་ཉི་མ་གསུམ་པ་ལ་ཁོའི་མགྲིན་པ་ལ་འཁོར་བས་ཁྲག་ཏུ་སྐྱུག་སྟེ་སྲིད་པའི་ལྷ་འདྲེས་ཟས་སྐལ་བྱས་པར་བསམ། ངག་ལ་བསྐོར་བ་ནི་མགྲིན་པའི་དཀྱིལ་དུ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་གཉིས་པ་འཁོར་བས་ཁོང་ཁྲག་ཐམས་ཅད་ཕྱིར་འཐོར་བས་སྲིད་པའི་ལྷ་མ་སྲིན་ཐམས་ཅད་ཀྱིས་ཟས་སྐལ་བྱས་པར་བསམ། གཤིན་རྗེའི་འཁོར་ལོ་དེ་ལྟར་བསྐོར་ན་ཙཀྲའི་ཁ་ཐུན་གྱིས་སྐོང་ངམ་མི་སྐོང་ཞེ་ན་བསྐང་སྟེ། དུས་བཞི་ལ་ཕུར་ཐུན་ལ་སོགས་པ་སྔར་དང་འདྲ། སྔགས་ཀྱི་གྲངས་ཚད་ཀྱང་སྔར་དང་འདྲ། དེས་ཉི་མ་གསུམ་པ་ཁྲག་ཏུ་སྐྱུགས་པར་བྱེད་པའི་བཟླས་པ་ཐོན་ནོ། །དེ་ནས་ཉི་མ་བཞི་པ་ལ་འཇུག་ཀར་ཡང་འཆི་བདག་ཡབ་ཡུམ་བསྐུལ་བ་ལ་སོགས་པ་དང་། བོད་པའི་བརྡས་ལན་གསུམ་འབོད་པ་ལ་སོགས་པ་ཀུན་འགྲེ། ངས་ཅི་བྱེད་ཟེར་ནས་ཁས་ལེན་དང་བཅས་ནས་བྱོན་པ་ལ་གཏོར་མ་དང་རཀྟ་དང་བླ་བྱང་བསྟབ། ཁོ་རང་གི་འཁྲུལ་འཁོར་ལ་ཐིམ་པར་བསམ། དེ་ནས་བཟླས་པ་བྱ་བ་ཡང་གོང་དང་འདྲ། དེའི་དུས་སུ་ཉི་མ་བཞི་པ་ནི་ལུས་ངག་ཡིད་གསུམ་ལ་བསྐོར་བ་སྟེ། ཁོའི་སྔར་གྱི་ཙཀྲ་ལུས་ངག་ཡིད་གསུམ་ཀ་ལ་འཁོར་བས་ཀླད་ཁྲག་དང་སྙིང་ཁྲག་དང་ཁོང་ཁྲག་ཐམས་ཅད་ཕྱིར་ཐོན་ནས་སྲིད་པའི་ལྷ་མ་སྲིན་ཐམས་ཅད་ཀྱིས་ཟས་སྐལ་བྱས་པར་བསམ་མོ། །དུས་བཞི་ལ་འཁོར་ལོའི་ཁ་མ་མོའི་ཐུན་གྱིས་བསྐང་བ་གོང་དང་འདྲ། བཟླས་པའི་ཚད་ནི་ཁྲི་ཚོ་གཅིག་གི། །དེས་ཉི་མ་བཞི་པ་མཱ་ར་ཡ་གདོན་མི་ཟ་བའི་བཟླས་པ་ཐོན་ནོ། །དེ་ཡན་ཆད་ཀྱིས་ནི་ཕྱི་རོ་རས་ལ་བརྟེན་པའི་ཙཀྲ་བསྐོར་ཐབས་སོ། །ད་ནི་ནང་ཞིང་ལྤགས་འདི་ལ་མ་ཏྲཾ་ལུགས་སུ་སྒྲུབ་པ་ལ་ཟེར། ལ་བརྟེན་པའི་ཙཀྲ་བསྐོར་ཐབས་སྟོན་འཆི་བདག་གི་ཞལ་སྤོ་གྲུབ་ན་རབ་མ་གྲུབ་ཀྱང་བཏུབ་གསུངས། དེའི་དུས་སུ་གཡབ་དར་ནག་པོས་གཡབ་པ་དང་གླིང་བུ་འབུད་བཤུགས་གླུ་བླངས་པ་ལ་སོགས་པ་གོང་ལྟར་བྱ། ཏེ། དེ་ཡང་ཁྱད་པར་གསུམ་པོ་ནི་གོང་དུ་བསྟན་པ་དེ་བཞིན་ནོ། །དང་པོ་ཕོ་བྲང་བཅའ་བ་ཡང་གོང་དང་འདྲའོ། །ཁྱད་པར་དུ་ཞིང་ལྤགས་ཁྲུ་གང་བ་གཉིས་ལ་ཞལ་དང་ཙཀྲ་བྲི། ཙཀྲ་ལ་དགྲའི་མིང་རུས་ཐམས་ཅད་གོང་དང་འདྲའོ། །ཕྱི་རོ་རས་ཀྱི་དགུག་པ་དུས་ཀྱི་ཙཀྲའི་སྟེང་དུ་ཁྲམ་ཤིང་ལ་སྐུད་པ་སྔོན་དམར་གྱིས་ཞལ་ལྷོར་བསྟན་ལ་བརྒྱང་ངོ་། །བཅའ་ཐབས་གཞན་ཐམས་ཅད་གོང་གི་ཕྱི་རོ་རས་ཀྱི་ཙཀྲ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །དེ་ནས་བཟླས་པ་ལ་འཇུག་ཁར་འཆི་བདག་ཡབ་ཡུམ་བསྐུལ་བ་ལ་སོགས་པ་ཐམས་ཅད་ཆོག་བསྒྲིགས་བཞིན་ཟངས་ཀྱིས་བསྐུལ་ལ། བོད་པའི་བརྡས་འབོད་པ་ལ་སོགས་པ་བྱ། ངས་ཅི་བྱ་ཟེར་ནས་ཁས་ལེན་དང་བཅས་ནས་སྒྲུབ་ཁང་དུ་བྱོན་པར་བསམ། དེ་ལ་གཏོར་མ། རཀྟ། བླ་བྱང་བསྟབ། ཁྱད་པར་དུ་འདིའི་དུས་སུ་ཡོད་པར་སོང་ན་ར་རོག་པོ་གཅིག་གི་མགུལ་དུ་ལིང་ག་བཏགས་ལ་བསྟབ་བོ། །དེ་ནས་ཁོ་རང་གི་མི་ལྤགས་ཀྱི་འཁྲུལ་འཁོར་ལ་ཐིམ་པར་བསྒོམ། བཟླས་པ་ནི། ཡ་མ་མན་ཏ་ཀྵེ་ནི་རཱ་ཛ་ཆྒཻ་མོ་མཱ་ར་ཡ་ཧཱུྃ་ཕཊ་ཅེས་པ་བཟླས། འོ་ན་གྲངས་ཇི་ཙམ་ཞེ་ན་ཁྲི་ཚོ་གཅིག་གོ། །དེའི་དུས་སུ་དམིགས་པ་ཇི་ལྟར་བྱ་ན་ཁོའི་ཀླད་པའི་དཀྱིལ་དུ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་གཅིག་འཁོར་བས་ཀླད་ཁྲག་ཐམས་ཅད་ཕྱིར་ཐོན་ནས་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱིས་ཟས་སྐལ་བྱས་པར་བསམ། འོ་ན་གཤིན་རྗེའི་འཁོར་ལོ་དེ་ལྟར་བསྐོར་ནས་ཙཀྲའི་ཁ་མ་མོའི་ཐུན་གྱིས་སྐོང་ངམ་མི་སྐོང་ཞེ་ན་བསྐང་སྟེ། དེ་ཡང་དུས་བཞི་ལ་ཕུར་ཐུན་བསྐུལ་བ་ལ་སོགས་པ་ཐམས་ཅད་བྱའོ། །དེས་ནི་ཉི་མ་དང་པོ་མགོ་འཁོར་བར་བྱེད་པའི་བཟླས་པ་ཐོན་ནོ། །དེ་བཞིན་དུ་ཉི་མ་གཉིས་པ་དང་གསུམ་པ་དང་བཞི་པ་ཐམས་ཅད་ཀྱི་དུས་སུ་འཆི་བདག་ཡབ་ཡུམ་བསྐུལ་བ་ལ་སོགས་པ་ཐམས་ཅད་གོང་དུ་བསྟན་པ་བཞིན་དུ་རྒྱས་པར་ཤེས་པར་བྱའོ། །ཁྱད་པར་དུ་འདི་ལ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ཉི་མ་གཉིས་པའི་དུས་སུ་སྙིང་གི་དཀྱིལ་དུ་འཁོར། ཉི་མ་གསུམ་པའི་དུས་སུ་མགྲིན་པར་འཁོར། ཉི་མ་བཞི་པའི་དུས་སུ་ཀླད་པ་ལ་འཁོར། མགྲིན་པ་ལ་འཁོར། སེམས་ཀྱི་སྙིང་ལ་འཁོར་ཏེ་ལུས་ངག་ཡིད་གསུམ་ལ་མཉམ་དུ་འཁོར་བས་མཱ་ར་ཡ་གདོན་མི་ཟ་བའི་བཟླས་པ་ཐོན་ནོ། །ཁྱད་པར་དུ་འདི་ལ་ར་རོག་པོའི་མགུལ་དུ་དགྲའི་ལིང་ག་བཏགས་ལ་བསྟབ་བོ། །བཤད་པའི་དུས་སུ་རྒྱས་པར་སྦྱར་རོ། །ཨཐྎ། གཤིན་རྗེའི་གཤེད་པོ་ལ་ཕྱག་འཚལ་ལོ། །གསང་བ་དི་ལ་ཁ་ཅིག་འཆི་བདག་ལུགས་སུ་སྒྲུབ་པ་ཟེར། ཐོད་པ་ལ་བརྟེན་པ་ནི། རབས་ཆད་ཕོའི་ཐོད་པ་ལ་གཤིན་རྗེ་ཕོ་ཞལ་བྲི། རབས་ཆད་མོའི་ཐོད་པ་ལ་མོ་ཞལ་བྲི། འཕྲུལ་གྱི་ཡི་གེ་སུམ་ཅུ་གཉིས་ལྕགས་ཁང་བཅུ་གཉིས་པ་ལ་འགོད། བཅུ་དྲུག་པ་ལ་འཁོར་ལོ་རབ་ཏུ་ཁ་འགེངས་ན་དགྲ་བོ་སུམ་ཅུ་རྩ་གཉིས། འབྲིང་དུ་འགེངས་ན་བཅུ་དྲུག །ཐ་མར་འགེངས་ན་གསང་བ་ཧྲཱིཿཥྚིས་ཁ་བསྐང་ངོ་། །དགྲ་བོའི་མིང་སྤེལ་བཅུ་དྲུག་པ་དང་བཅས་པའོ། །ཙཀྲའི་བར་ཐེབས་སུ་དགྲ་དུ་ཡོད་པའི་ལིང་ག་རེ་རེ་བྱས་ལ། དུར་ཁྲོད་ཀྱི་རོ་རས་སམ། རོ་སྐྲ་འམ་མིའི་རྒྱུས་པ་ལ་གཟུངས་ཐག་འདོམ་གང་བ་བྱས་ལ། གཤིན་རྗེའི་ལྟོ་བ་མི་འབྲལ་བར་བྱ་བའི་ཕྱིར། ལིང་ག་རྣམས་ཀྱི་སྙིང་ག་ནས་བརྒྱུས་ལ་ཐོད་པ་གཉིས་ཀྱི་བར་དུ་གཞུག །ཐོད་པ་དེ་གཉིས་ཀ་དཀར་ནག་གི་སྐུད་པས་བྱད་དུ་གཞུག །ཕོ་ཐོད་སྟེང་དུ་བཏོན་པའི་ཚངས་བུག་གསོར་གྱིས་བསྐྱེད་ལ་དེ་ནས་ཡར་གཟུངས་ཐག་བཏོན་ལ་སྒྲུབ་པ་པོའི་མལ་འོག་ཏུ་བསླེབ་པར་བྱ། ས་སྟེགས་ཀྱི་དལ་གྱི་སྟེང་དུ་བྲུབ་ཁུང་གྲུ་གསུམ་པ་རྒྱར་ཁྲུ་རེ། ཟབས་སུ་ཁྲུ་གང་ཡོད་པ། རོ་སོལ་ནག་པོས་བྱུགས་པ་ཞིག་རྐོ་བའམ་བརྩིག་པར་བྱས་ལ། གྲུ་གསུམ་གྱི་སྟེང་མོའི་ཙཀྲ་འོག་ཏུ་གཞུག་ཕོ་འཁོར་སྟེང་དུ་ཁ་སྦུབ་ལ་བཞག །དུ་ཐོད་པ་གཞུག །རོ་བསྲེག་ཀྱི་ཐལ་བ་ནག་པོས་བཀང་ལ་དེ་གཉིས་ཀྱི་བར་དུ་དགྲ་དུ་ཡོད་ཀྱི་ལིང་ག་བྲུབ་ཁུང་གི་ཐོད་པ་ནོན་པར་བྱི་བ། མིས་མི་བྱི་བ་མཐོང་བར་བྱ། འོག་ཏུ་ཞག་གི་རྒྱ་མཚོ་བསྐྱིལ། སྟེང་དུ་མི་ལྤགས་ཀྱི་བླ་བྲེ་བྲེས། ཕྱོགས་བཞིར་གཡབ་དར་ཆེན་པོ་བཞི་གཟུག །ལྷོ་ཕྱོགས་སུ་པཱུ་ཛའི་དམ་རྫས། ཚིལ་ཆེན་གྱི་མར་མེ། ཤ་ཆེན་གྱི་ལང་ལིང་། དམར་ཆེན་གྱི་རཀྟ། གསུར་ཆེན་གྱི་དུད་པ་རྒྱུན་མི་བཅད་རྣམས་དགྲམ། དེ་ནས་ཉི་མ་བཞི་རུ་བསྐོར་ཏེ་ཉི་མ་དང་པོ་ལ་འཇུག་པའི་དུས་སུ། ཡེ་ཤེས་པའི་མཆོད་བསྟོད་མི་བྱ་བར་འཇིག་རྟེན་དྲེགས་པའི་གཤིན་རྗེ་འཁོར་བཅས་བསྐུལ་བ་དང་། བོད་པའི་བརྡས་འབོད་པ་དང་། བཤུགས་གླུ་ལ ན་གསུམ་བསྐྱུར་། མི་རྐང་གི་གླིང་བུ་འབུད། རྔ་ཆེན་གྱི་ཐོད་རྔ་ལན་གསུམ་བརྡུང་། ཕྱོགས་བཞི་ནས་གཡབ་དར་ཆེན་པོ་བཞིས་གཡབ་བོ། །དེ་རྣམས་ཀྱང་ནམ་ཕྱེད་ན་བྱ། སྲིད་པའི་ལྷ་འདྲེ་ཐམས་ཅད་སྒྲུབ་ཁང་གི་ནང་དུ་བྱོན་པར་བསམ། ངས་ཅི་བྱ་ཟེར་ནས་སྒྲུབ་ཁང་དུ་བྱོན་པར་བསྒོམ། །དེ་ནས་རཀྟ་སྦྲེང་། གཏོར་མ་བསྟབ། བླ་བྱང་བསྟབ། འཇིག་རྟེན་དྲེགས་པའི་གཤིན་རྗེ་རྣམས་ཁས་ལེན་དང་བཅས་པ་གསང་བ་ཐོད་མཁར་གྱི་ཙཀྲ་ལ་ཐིམ་པར་བསམ། དེ་ནས་སྔགས་འདྲེན་པ་ན་དྲག་ཀླུངས་སུ་དྲིལ་བ་དུ་མན་ཏ་ཀ་ར་སྙིག་ཏྲི་ནན་ངེ་ཆྒཻ་མོ་མཱ་ར་ཡ་ཧཱུྃ་ཕཊ་ཅེས་བགྲང་། བཟླས་པའི་ཚད་ནི་ཁྲི་ཚོ་གཅིག་གོ། །དམིགས་པ་ཙཀྲ་གཟོང་འབིགས་སུ་བསྐོར་བ་ཞེས་བྱ། བཤན་པ་སྲོག་གི་སྤུ་གྲི་ལྟར་བསྐོར་བ་ཞེས་ཀྱང་བྱ། མ་རུ་རྩེ་ཆིག་བསྐོར་ཞེས་ཀྱང་བྱ་སྟེ། འཆི་བདག་ལས་ཀྱི་གཤིན་རྗེའི་ཆིག་བསྒྲུབ་ཞེས་བྱ་བ་ཡིན་པས། ཏིང་ངེ་ཕྱི་དང་ནང་གི་དུས་འཛིན་གོང་མ་དང་མི་འདྲ་སྟེ། ལྷོ་ཕྱོགས་ཀྱི་བྲུབ་ཁུང་གི་དམ་ཉམས་ཀྱི་དགྲ་བོ་ཕོ་ལྷ་དང་དབྱེ་བ་བྱས་པ་དེའི་སྙིང་གི་དཀྱིལ་དུ་འཆི་བདག་ལས་ཀྱི་གཤིན་རྗེའི་སྤྲུལ་པ་བཤན་པ་མ་རུ་རྩེ་ཞེས་བྱ་བ་སྐུ་མདོག་དམར་པོར་འདུག་པ། ལུས་གཅེར་བུར་བུད་པ་ལག་ན་ཟངས་ཀྱི་གྲི་གུག་ཐོགས་པ་གཅིག་དམ་ཉམས་ཀྱི་སྙིང་གི་དཀྱིལ་ནས་འཇུར་གྱིས་བྱུང་ནས་ལག་པ་གཡོན་པ་བསྐོར། སྙིང་འཇུར་གྱིས་བཏོན་ནས་སྲིད་པའི་ལྷ་འདྲེ་རྣམས་ལ་ཡང་བྱིན་ཁོ་རང་གི་ཟས་སྐལ་བྱེད་པར་བསམ། ཡང་སྙིང་གི་དཀྱིལ་དུ་ཞུགས་ཏེ་སྙིང་ལ་ཟས་སྐལ་བྱེད་པར་བསྒོམ། དེ་ལྟར་བསྒོམ་ཞིང་བཟླས་པ་ཁྲི་ནམ་ཐོན་པ་དང་ཉི་མ་དང་པོ་ཐོན་ནོ། །དེ་བཞིན་དུ་ཉི་མ་གཉིས་པ་དང་གསུམ་པ་དང་བཞི་པའི་དུས་སུ་ཡང་འཆི་བདག་ཡབ་ཡུམ་བསྐུལ་བ་ལ་སོགས་པ་དང་། འབོད་པའི་དུས་སུ་བཤུགས་གླུ་ལན་གསུམ་དུ་བསྐྱུར་བ་སོགས་པ་ཐམས་ཅད་སྔར་དང་འདྲའོ། །དམིགས་པ་ལ་ཁྱད་ཡོད་དེ་ཉི་མ་གཉིས་པའི་དུས་སུ་བཤན་པ་མ་རུ་རྩེས་དམ་ཉམས་ཀྱི་སྙིང་གི་གོང་དུ་བཀྲལ། རྐང་པ་གཡོན་པ་བསྐོར། ཡང་སྙིང་གི་དཀྱིལ་དུ་ཞུགས་ནས་གློ་བ་དང་མཁལ་མ་ལ་སོགས་པ་ཟ་བར་བསམ། གསུམ་པའི་དུས་སུ་གྲི་གུག་གིས་དམ་ཉམས་པའི་བྲང་དང་སྙིང་ཁ་ཕྱེ་ནས། ཡང་རྐང་པ་གཡས་པ་བསྐོར་ནས་སྙིང་གི་དཀྱིལ་དུ་ཞུགས་པར་བསམ། བཞི་པའི་དུས་སུ་ཡང་དམ་ཉམས་ཀྱི་སྙིང་དྲལ་ནས་ལག་པ་གཡས་པ་བསྐོར། ཡང་སྙིང་གི་དཀྱིལ་དུ་ཞུགས་པར་བསམ། གློ་སྙིང་ལ་ཟས་སྐལ་བྱེད་པར་བསྒོམ་མོ། །ཕྲིན་ལས་ཀྱི་ནང་ནས་ཀྱང་། སྙིང་སྲོག་རྩལ་མདའ་ལྟར་རྒྱུག །གློ་སྙིང་ནང་ཁྲོལ་མཁལ་མ་ཟ། །ཞེས་པས་དོན་སྙིང་ཐམས་ཅད་ཟ་བར་བསམ་མོ། །དེ་ནི་ཙཀྲ་ཀླུངས་སུ་དྲིལ་བའི་བསྐོར་ཐབས་ཡིན་ནོ། །ད་ནི་ཐུན་ཀླུངས་སུ་འཁོར་ལོ་ཀླུངས་སུ་དྲིལ་བ་ཕོ་ཐོད་དང་མོ་ཐོད། དྲག་སྔགས་ཀླུངས་སུ་དྲིལ་བ་ནི་ཡ་ཡིག་བདུན་པ། ཐུན་ཀླུངས་སུ་བྲིལ་བ་ནི་མ་མོའི་གཤོག་ཐུན། དྲིལ་བའི་བསད་ཐབས་ནི་གསང་བ་ཐོད་པ་ལ་བརྟེན་པའི་དུས་སུ་ཕུར་ཐུན་བསྐུལ་ནས་ཕུར་ཐུན་གྱིས་བསད་ལས་བྱ། ཡུངས་ཐུན་བསྐུལ་ནས་ཡུངས་ཐུན་གྱིས་བསད་ལས་བྱ། ཁྲག་ཐུན་བསྐུལ་ནས་ཁྲག་ཐུན་གྱིས་བསད་ལས་བྱ། དུག་ཐུན་བཞི་ཀའི་ཐུན་མོང་དུ་བཏང་བ་ཡང་གོང་དང་འདྲ། ཁྱད་པར་དུ་ཡང་གསང་བ་ཐོད་པའི་དུས་ཀྱི་འདྲེ་བྱ་ནག་མོའི་གཤོག་ཐུན་གྱིས་གསོད་པ་ནི། ཐོད་པ་མཚན་ངན་གཅིག་གི་ནང་དུ་ཁྲག་སྣ་ཚོགས་དུག་སྣ་ཚོགས་སྦྱར་ལ་ཞག་གཅིག་ཏུ་མོན་པའི་སྔགས་བཟླས་ལ་ཐུན་བྲབ་པའི་དུས་སུ་ཐུན་བདག་གི་མོན་པ་བསྐུལ་བ་ནི། འཛམ་གླིང་ཉི་མ་ཤར་ཕྱོགས་ནས། །དུག་མཚོ་ནག་པོ་མེ་རེ་རེ། །དུག་མཚོ་བ་ཚྭ་གཏིང་ནས་ཁོལ། །ཞེ་སྡང་དུག་མཚོ་མཆེ་ལྟར་འབར། །ཞེས་པ་ལ་སོགས་པས་མོན་པ་ཆོག་བསྒྲིགས་བཞིན། བསྐུལ་ལོ། །སྤྱིར་མོན་པའི་ཐུན་ལ་བསད་ལུགས་མི་འདྲ་བ་གསུམ་ཡོད་དེ། སྦྲུལ་གྱི་ལྕེ་ལ་བསད་པ་དང་། ཁྲའི་སྒྲོ་ལ་དང་། འདྲེ་བྱ་ནག་མོའི་གཤོག་རུ་གཡས་པ་ལ་བསད་པ་དང་གསུམ་མོ། །ཁྱད་པར་དུ་སྐྱུངས་ཀའི་གཤོག་རུ་གཡས་པ་ལ་གསོད་པའོ། །ཐུན་གྱིས་བྲབ་པའི་དུས་སུ་ལག་ཏུ་འདྲེ་བྱའི་གཤོག་རུ་གཡས་པ་ཐོགས་ངག་ཏུ་མོན་པའི་སྔགས་བཟླས་ཤིང་བློ་ལ་མི་བཟུང་སྟེ་རྣལ་འབྱོར་པའི་ཚེ་ལ་གནོད་གསུངས། དགྲ་བོའི་ལིང་ག་ལ་བྲབ། དེའི་དུས་ཀྱི་དམིགས་པ་ནི་དམ་ཉམས་ལ་སྙིང་གཟེར་དང་ལྷོག་གཟེར་གྱིས་དུས་དེ་ཉིད་དུ་ཤི་བའི་དུས་བྱས་པར་བསམ་ན་ངེས་པ་ཁོ་ནར་འཆི་བར་འགྱུར་རོ། །མ་མོའི་ལས་གཞུག་ཐུན་གྱིས་ཁ་འཁོར་ལོའི་ཁ་ཐུན་གྱིས་སྐོང་ཐུན་གྱི་ཁ་ཟོར་གྱིས་སྐོང་བ་ཆ་ཐུན་པས་ན་ཁ་ཐུན་ནོ་བླ་མས་གསུངས། བསྐང་། ཟོར་གྱིས་གསོད་པ་ནི་ནལ་གྲིའམ་མོན་གྱི་ཐོད་པ་རུ་དཀྱིལ་དུ་ཏྲག་བྲི། ཁ་ཁྱེར་ལ་བྷྱོ་ཉི་ཤུ་རྩ་གཉིས་བྲི། རྫས་ནི་འདྲེ་བྱ་ནག་མོའི་བྲུན་དང་། ཁྲག་སྣ་ཚོགས་དང་དུག་སྣ་ཚོགས་ཐོད་པར་བླུགས་ལ་རྣ་བའི་རུས་པར་གཞུག །གཞི་དལ་ཕོ་ཚེ་རོག་པོ་གཅིག་གི་སྟེང་དུ་མིའི་རུས་པ་ཕྱེ་མས་དང་དཀར་རྩི་བསྲེས་ལ་ཙཀྲ་རྩིབས་བརྒྱད་པ་བྲིས་ལ། དེའི་ལྟེ་བའི་སྟེང་དུ་ཐོད་པ་བཞག །སྐྱེར་པའི་མདའ་ལ་འུག་པའི་སྒྲོ་བཞི་སྒྲོན་མ་སྨད་གཞོགས་སྟོད་མ་གཞོགས་པའི་མཚམས་སུ་ཡི་གེ་ཏྲག་བྲི། རྩེ་མོ་ན་ཡར་ལ་བྷྱོ་ཉི་ཤུ་རྩ་བརྒྱད་སྦྲུལ་འཁྲིལ་བ་བཞིན་བྲིས་ལ་བཞག །ཁྲག་གི་དབལ་བཏགས་པ་གཅིག །ཁྲམ་རྡོ་དམར་རྩ་ལ་བྷྱོ་ཉི་ཤུ་རྩ་བརྒྱད་བྲི། བྱ་ནག་མོའི་སྒོང་ང་ལ་བྷྱོ་ཉི་ཤུ་རྩ་བརྒྱད་བྲི། ཁྱི་བལ་གྱི་འུར་རྡོ་གཅིག །དེ་རྣམས་ནི་ཟོར་གྱི་ཡས་སྟགས་སོ། །དེ་ནས་སྔགས་ཀྱིས་ཟོར་བསྒྲུབ་པ་ནི་མ་མོ་དང་གཤིན་རྗེ་ཐམས་ཅད་ཀྱི་སྲོག་གི་སྙིང་པོ་ས་མ་ཡ་རིང་གི་མཇུག་ལ། ཡ་མ་རཱ་ཛ་ས་ཏོ་མེ་ཡ་བྷྱོ་རུ་ལུ་རུ་ལུ་ཧཱུྃ་ཕཊ། བཾ་རི་ལི་ལི་ཞེས་བྱ་བ་ནས། ཆྒཻ་མོ་མཱར་ཡ་ནན། ཞེས་པ་ཡན་བཟླས། ཚད་ནི་ཐུན་ཁྲག་ཁོལ་ངེས་པས་ཁྲག་མཁོལ་བར་དུ་བཟླས། འཕེན་པའི་དུས་ནི་ནམ་ཕྱེད་ནའོ། །འཕེན་ཐབས་ནི་གཤིན་རྗེའི་ཧེ་སྐད་ཀྱིས་འཕངས་པ་ནི། ལྷ་གཉན་གངས་ཀྱི་སྟེང་དུ་གཤེགས། །ཀླུ་གཉན་རྒྱ་མཚོའི་གཏིང་དུ་གཤེགས། །བཙན་གཉན་བྲག་གི་ལོགས་ལ་གཤེགས། །ཞེས་བདེན་པའི་བཀའ་བསྒོ། དེ་ནས་དང་པོ་དྲག་པོའི་མདའ་ཟོར་འཕང་སྟེ། དེ་ནས་ཁྱིའི་འུར་རྡོ་རུ་མ་ཚོགས་སྒོང་ང་བཅུག་ལ། ཟོར་འཕང་། དེ་ནས་ཐོད་ཟོར་འཕང་ཐོད་པ་དེ་རང་མི་འཕེན་ན་འབྲོང་དར་མའི་རྭའམ་རྣ་བའི་རྭ་ནང་དུ་བླུགས་ལ་འཕང་དེའི་ཕྱི་ན་ཕེ་ཚེ་འཁོར་ལོ་བྲིས་པ་དེ་གཡུགས་ལ་གཡབ་མོ་བྱ་ཟེར། བལ་པོའི་རྡོ་ཟོར་འཕང་། དེ་ནས་འབྲོང་དར་མའི་རྭའི་ཁ་ནས་དམར་གྱི་ཁྲག་ཟོར་འཕང་བ་ནི་སྔགས་པ་ནང་རྒྱས་ཏེ་ཐག་ཉེ་ན་སྒྲུབ་ཁང་ལ་བརྡེག །སྐྱེ་བོ་ལ་འཕེན་ན་གྲོང་ངམ་མཁར་ལ་བརྡེག །དེ་ལྟར་བྱས་ན་གྲོང་ཁྱེར་ཀྱང་འཇིག་པར་འགྱུར་རོ། །དེས་ནི་མ་མོའི་ལས་མཇུག་ཟོར་གྱིས་བསྡུས་པའོ། །དེ་ལྟར་ན་ཐུན་དྲུག་པོ་དེ་ལ་ལས་མཐའ་དྲུག་ཅེས་བྱའོ། །དོན་མཐའ་མ་འཆི་བདག་ཨར་ལ་གཏད་ཅིང་གནོན་གཟིར་གྱི་བྱ་བ་འཁོར་ལོ་ཁ་གནོན་པའི་རིམ་པ་སྟེ། ད་ནི་གཤིན་རྗེའི་ལས་གཞུག་གཏད་ཀྱིས་བསྡུ་བ་ནི། ཕྱི་རོ་རས་ཀྱི་དམ་རྫས་ཚོ་དང་། ནང་ཞིང་ལྤགས་ཀྱི་དང་། གསང་བ་ཐོད་པའི་ཡས་སྟགས་ཚོ་དང་ཡོ་ཁྱེར་ལ། དགྲ་བོའི་རོ་ཁུང་རྙིང་པའམ། ཡང་ན་དགྲ་བོ་གསར་དུ་ཤི་བའི་རོའི་འོག་ཏུ་བཅུག་ལ་དེའི་སྟེང་དགྲ་བོའི་ལིང་ག་ཐམས་ཅད་གཞུག །ཙཀྲའི་སྟེང་དུ་གཏོར་མ་བླུགས། གཏོར་མ་དང་ལིང་ག་ནི་འཆི་བདག་གི་རྒྱགས་སུ་སྐྱུར་བ་ཡིན་ནོ། །འཆི་བདག་རང་གི་ཡུལ་དུ་བསྐྱལ་བར་བསམ། ལྷ་ཁང་འདྲེ་ཅན་གྱི་བད་གཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་ཁ་བཅད། དེའི་སྟེང་དུ་འདག་པ་ལ་རི་རབ་བང་རིམ་བཞི་པ་ལྕོག་བཞི་དང་བཅས་པ་གཅིག་གིས་གཡམ་པའི་སྟེང་ནས་གནོན་ནོ། །དེ་ནས་སས་ལེགས་པར་བྱིབས་ལ་གཤིན་རྗེའི་ཧེ་སྐད་གདབ་པ་སྟེ། ཧོ། གཤིན་རྗེའི་རྒྱལ་པོ་ཁྱོད་ཀྱི་ལྟོ་བ་ན། །ཞེས་པ་ནས། དཀོན་མཆོག་གསུམ་གྱི་ཁ་ཐབས་སུ་མ་བཏང་བར་སོད་ཅིག །ཅེས་པའི་བར་དུ་བྱའོ། །དེ་ནས་རང་དོན་དུ་སྨོན་ལམ་གདབ་པ་ནི། བདག་གི་ཚེ་འཐུད་ཅིག །ཅེས་པ་ལ་སོགས་བརྗོད་དོ། །གྱིམ་ཤང་དགྲ་གཤེད་ཀྱི་གཏད་ཨཐྎ། རྫོགས་སོ།། །།


previousགཤིན་རྗེའི་གཤེད་ཁ་ཐུན་གྱི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་ངེས།next