Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁ་ཐུན་གྱི་གཞུང་གི་ས་བཅད།
   
   
   
   
   
   
   
   
   
   
   
   
   
   


 
previousཁ་ཐུན་གྱི་གཞུང་གི་ས་བཅད།next

ཁ་ཐུན་གྱི་གཞུང་གི་ས་བཅད།

ཁ་ཐུན་གྱི་གཞུང་གི་ས་བཅད་བཞུགས་སོ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་ཁ་ཐུན་ནག་པོའི་ལས་ཀྱི་རིམ་པ་འདི་ལ་དོན་བདུན་ཏེ། བདེ་བར་གཤེགས་པའི་ཞལ་ནས་གསུངས་ཤིང་འཇིག་རྟེན་དྲེགས་པ་ཅན་གྱི་གཤིན་རྗེ་ཡེ་ཤེས་ཀྱི་གཤིན་རྗེས་ཇི་ལྟར་བཏུལ་བའི་ལོ་རྒྱུས་བསྟན་པ་དང་༡། རྩོམ་པ་པོ་རྟེན་གྱི་གང་ཟག་གང་གིས་མཛད་པ་བླ་མ་བརྒྱུད་པའི་རིམ་པ་དང་བཅས་པ་བསྟན་པ་དང་༢། རྒྱུད་གང་ལ་བརྟེན་ནས་བརྩམ་པ་དང་༣། ཕྱོགས་གར་གཏོགས་པ་དང་༤ ། དགོས་ཆེད་གང་དོན་དུ་མཛད་པ་དང་༥། མཚན་ཅི་ལས་བཏགས་པ་དང་༦། མཚན་དེ་དང་ལྡན་པའི་མཚན་ཅན་དངོས་དེ་ལ་དབུ་ནས་ཞབས་སུ་བསྡུས་པའི་དོན་དུས་བསྟན་༧པའོ། །དེ་ལ་གསུམ་སྟེ་རྗེས་སུ་མཐུན་པའི་གནས་སུ་རྗེས་སུ་མཐུན་པའི་རྫས་བསགས་ནས་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་དང་། ཉི་མ་བཞི་པའི་ཙཀྲ་བསྐོར་ཞིང་དྲག་པོའི་ཐུན་གྱིས་བསད་པའི་རིམ་པ་བསྟན་པ་དང་། འཆི་བདག་ནག་པོ་ཨར་ལ་གཏད་ཅིང་མནན་གཟིར་བྱ་བ་ཙཀྲ་ཁ་མནན་པའི་རིམ་པའོ། །དང་པོ་ལ་བཞི་སྟེ། རྗེས་སུ་མཐུན་པའི་གནས་བསྟན་པ་དང་། དུས་དང་། རྫས་དང་། ཡེ་ཤེས་ཀྱི་ལྷ་བསྙེན་དངོས་བསྟན་པའོ། །དང་པོ་ལ་གཉིས་ཏེ། བསྙེན་པའི་མན་ངག་ཏུ་བཤད་པ་དང་། སྒྲུབ་པའི་གནས་བསྟན་པའོ། །དུས་ལ་གཉིས་ཏེ། བསྙེན་པའི་དུས་དང་། བསྒྲུབ་པའི་དུས་ཟླ་བ་སོགས་སོ། །རྫས་ལ་གཉིས་ཏེ། བསྙེན་པའི་རྫས་དང་། སྒྲུབ་པའི་རྫས་སོ། །དང་པོ་ལ་གཉིས་ཏེ། འཚོ་བ་ཟས་ཀྱི་ཡོ་བྱད་དང་། རྐྱེན་ཟློག་སྨན་གྱི་ཡོ་བྱད་དོ། །སྒྲུབ་པ་རྫས་ཀྱི་ཡོ་བྱད་ལ་གཉིས་ཏེ། ཐུན་མོང་གི་རྫས་དང་། ཁྱད་པར་ཚིལ་ཆེན་བསྔགས་པའོ། །གྱི་རྫས་གཉིས་སོ། །ཡེ་ཤེས་ཀྱི་ལྷ་བསྙེན་དངོས་ལ་དྲུག་སྟེ། ཚོགས་བསགས་པ་དང་པོའི་ནུབ་མོ་དང་། མཚམས་བཅད་པ་དང་། མཁྱེན་པར་གསོལ་གདབ་ཅིང་བཤགས་པ་བྱས་ལ་ཁྱད་པར་གྱི་མཆོད་རྫས་རྣམ་པ་གསུམ་བྱིན་གྱིས་བརླབ་པ་དང་། ཏིང་ངེ་འཛིན་ལ་སོགས་པས་འཇམ་དཔལ་རྩ་བའི་ལྷ་ལྔ་བསྐྱེད་པ་དང་། སྙན་གསན་དབབ་ཅིང་སྤྱན་དྲངས་ཏེ་ཕྱག་དང་མཆོད་བསྟོད་བྱས་ནས་གཉིས་སུ་མེད་པར་བསྲེ་བ་དང་། ཨ་ཀྲོ་ལྷའི་བསྙེན་པ་ཇི་ལྟར་བསྐྱལ་བའི་རིམ་པའོ། །མཚམས་བཅད་ལ་གཉིས་ཏེ། ཕྱི་མཚམས་རྒྱལ་པོ་བཞིས་བཅད་པ་དང་། ནང་མཚམས་བཅད་པའོ། །དེ་ལ་ལྔ་སྟེ། རྣམ་པར་མི་རྟོག་པའི་མཚམས་དང་། བཀའ་བསྒོ་བའི་མཚམས་དང་། རྒྱས་གདབ་པའི་མཚམས་དང་། བེ་ཅོན་གྱི་མཚམས་དང་། མེའི་མཚམས་བཅད་པའོ། །ཏིང་ངེ་འཛིན་གསུམ་ལ་སོགས་པས་འཇམ་དཔལ་རྩ་བའི་ལྷ་ལྔ་བསྐྱེད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། ཏིང་ངེ་འཛིན་བསྟན་པ་དང་། འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་གདན་དང་བཅས་པ་དང་། བརྟེན་པ་ལྷ་བསྐྱེད་པའོ། །དེ་ལ་གསུམ་སྟེ། གཙོ་བོ་ཡབ་ཡུམ་གསུམ་བསྐྱེད་པ་དང་། འཁོར་བསྐྱེད་པ་དང་། གསལ་གདབ་པའོ། །སྙན་གསན་དབབ་ཅིང་སྤྱན་དྲངས་ཏེ་ཕྱག་དང་མཆོད་པས་མཆོད་ནས་གཉིས་སུ་མེད་པར་བསྲེ་བ་ལ་ལྔ་སྟེ། སྙན་གསན་དབབ་པ་དང་། སྤྱན་དྲངས་པ་དང་། ཕྱག་འཚལ་བ་དང་། མཆོད་བསྟོད་དང་། གཉིས་སུ་མེད་པར་བསྲེ་བའོ། །མཆོད་བསྟོད་ལ་ལྔ་སྟེ། བདུད་རྩིའི་མཆོད་པ་དང་། གཏོར་མའི་མཆོད་པ་དང་། རཀྟའི་མཆོད་པ་དང་། བཤགས་པ་བྱ་བ་དང་། བསྟོད་པ་བྱ་བའོ། །ཉི་མ་བཞི་པའི་ཙཀྲ་བསྐོར་ཞིང་དྲག་པོའི་ཐུན་གྱིས་གསོད་པའི་རིམ་པ་ལ་འཁོར་ལོ་ལྔ་སྟེ། དགུགས་པ་དུས་ཀྱི་འཁོར་ལོ་དང་། དྭངས་སྙིགས་འབྱེད་པ་སྔགས་འཁོར་ལོ་འདི་གཉིས་ཀྱི་དོན་མ་བྱུང་། ཀྱི་དང་། དབྱེ་བ་མན་ངག་གི་དང་། གསོད་པ་གནད་ཀྱི་དང་། རྟེན་འབྲེལ་རྫས་ཀྱི་འཁོར་ལོའོ། །དགུགས་པ་དུས་ཀྱི་འཁོར་ལོ་ལ་དྲུག་སྟེ། ཕོ་བྲང་བཅའ་བ་དང་། ལྷ་གནས་བསྒྱུར་བ་དང་། སྒྲུབ་པ་པོའི་ཆས་གོས་དང་། བསྐུལ་བཏང་སྟེ་བྱོན་པར་བསམ་པ་དང་། ལིང་ག་བསྟབ་སྟེ་འཁྲུལ་འཁོར་ལ་ཐིམ་པར་བསམ་པ་དང་། བཟླས་པས་དགུག་པའོ། །དེ་ལ་ལྔ་སྟེ། ཉི་མ་དང་པོ་མགོ་འཁོར་བའི་བཟླས་པ་དང་། གཉིས་པ་ཡིད་འཁྲུགས་པར་བྱེད་པ་དང་། གསུམ་པ་ཁྲག་ཏུ་སྐྱུགས་པར་བྱེད་པ་དང་། བཞི་པ་མཱ་ར་ཡ་གདོན་མི་ཟ་བའི་བཟླས་པ་བྱ་བ་དང་། ཁུག་པའི་རྟགས་བསྟན་པའོ། །གསོད་པ་གནད་ཀྱི་འཁོར་ལོ་དང་། རྟེན་འབྲེལ་རྫས་ཀྱི་འཁོར་ལོ་གཉིས་ཐུན་མོང་དུ་གསུམ་སྟེ། ཕྱི་རོ་རས་ལ་བརྟེན་པའི་འཁོར་ལོ་བསྐོར་བ། ནང་ཞིང་ལྤགས་ལ་བརྟེན་ནས། གསང་བ་ཐོད་པ་ལ་བརྟེན་ནས་འཁོར་ལོ་བསྐོར་བའོ། །དང་པོ་ལ་ལྔ་སྟེ། འཁོར་ལོ་བྲིས་ལ་ཕོ་བྲང་བཅའ་བ་དང་། བསྐུལ་བ་བཏང་ལ་བྱོན་པར་བསམ་པ་དང་། བསྟབ་པར་བྱས་ལ་འཁྲུལ་འཁོར་ལ་བསྟིམ་པ་དང་། བཟླས་པ་བྱ་ཞིང་འཁོར་ལོའི་དམིགས་པ་བསྟན་པ་དང་། ཉི་མ་བཞི་པའི་དུས་བཞིར་ཐུན་བཞིས་གསོད་པ་ལ་སོགས་པ་བསྟན་པའོ། །བཟླས་པ་བྱ་ཞིང་འཁྲུལ་འཁོར་གྱི་དམིགས་པ་བསྟན་པ་ལ་བཞི་སྟེ། ཉི་མ་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། ཉི་མ་བཞི་པས་བསྟན་པའོ། །ནང་ཞིང་ལྤགས་ལ་བརྟེན་ནས་འཁོར་ལོ་བསྐོར་བ་ལ་ཡང་ལྔ་སྟེ། འཁོར་ལོ་བྲིས་ལ་ཕོ་བྲང་བཅའ་བ་དང་། བསྐུལ་བ་བཏང་ལ་བྱོན་པར་བསམ་པ་དང་། བསྟབ་པ་བྱ་ཞིང་འཁྲུལ་འཁོར་ལ་བསྟིམ་པ་དང་། བཟླས་པ་བྱ་ཞིང་འཁོར་ལོའི་དམིགས་པ་བསྟན་པ་དང་། དུས་བཞིར་ཐུན་གྱིས་གསོད་པ་བསྟན་པ་ལ་སོགས་པ་བསྟན་པའོ། །བཟླས་པ་བྱ་ཞིང་འཁོར་ལོའི་དམིགས་པ་ལ་ཉི་མ་བཞི་སྟེ་གོ་སླའོ། །གསང་བ་ཐོད་པ་ལ་བརྟེན་ནས་འཁོར་ལོ་བསྐོར་བ་ལ་ལྔ་སྟེ། འཁོར་ལོ་བྲིས་ལ་ཕོ་བྲང་བཅའ་བ་དང་། བསྐུལ་བ་བཏང་ལ་བྱོན་པར་བསམ་པ་དང་། བསྟབ་པ་བྱས་ལ་འཁྲུལ་འཁོར་ལ་བསྟིམ་པ་དང་། བཟླས་པ་བྱ་ཞིང་འཁོར་ལོའི་དམིགས་པ་བསྟན་པ་དང་། ཉི་མ་བཞི་ཀའི་དུས་བཞིར་ཐུན་བཞི་ཟོར་དང་དྲུག་གིས་གསོད་པའོ། །བཟླས་པ་བྱ་ཞིང་འཁོར་ལོའི་དམིགས་པ་ཉི་མ་བཞིར་བྱ་སྟེ་གོ་སླའོ། །དོན་གསུམ་པ་ལ་གཉིས་ཏེ། མནན་པ་བྱ་བ་དང་། སྨོན་ལམ་བཏབ་པའོ། །དེ་ལ་གཉིས་ཏེ། གཞན་དོན་དུ་སྨོན་ལམ་གདབ་པ་དང་། རང་དོན་དུ་གདབ་པའོ།། ཨཐྎ །།


previousཁ་ཐུན་གྱི་གཞུང་གི་ས་བཅད།next