Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁ་ཐུན་གྱི་མཆོད་རྫས་བྱིན་རླབས།
   
   
   
   
   
   
   
   
   


 
previousཁ་ཐུན་གྱི་མཆོད་རྫས་བྱིན་རླབས།next

ཁ་ཐུན་གྱི་མཆོད་རྫས་བྱིན་རླབས།

༈ ཁ་ཐུན་གྱི་མཆོད་རྫས་བྱིན་རླབས་བཞུགས་སོ། །བླ་མ་དང་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དང་པོ་དྲི་ཆབ་བྱིན་གྱིས་བརླབ་པ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་ཡི་གེ་རྃ་གཅིག་ཆད་ནས་དྲི་ཆབ་ལ་ཕོག་པས། རྃ་ལས་ཡེ་ཤེས་ཀྱི་མེ་བྱུང་བས་དྲི་ཆབ་ཀྱི་དངོས་པོ་དང་མཚན་མར་འཛིན་པའི་མི་གཙང་བ་ཐམས་ཅད་བསྲེགས་པར་བསམ། ཡྃ་ཞེས་པས་ཐུགས་ཀ་ནས་ཡི་གེ་ཡྃ་གཅིག་ཆད་པས། ཡྃ་ལས་ཡེ་ཤེས་ཀྱི་རླུང་བྱུང་བས། དྲི་ཆབ་ཀྱི་དངོས་པོ་དང་མཚན་མར་འཛིན་པའི་མི་གཙང་བ་ཐམས་ཅད་གཏོར་བར་བསམ། ཁྃ་ཞེས་པས་ཐུགས་ཀ་ནས་ཁྃ་གཅིག་ཆད་པས། ཁྃ་དེ་ལས་ཡེ་ཤེས་ཀྱི་ཆུ་བྱུང་བས། དྲི་ཆབ་ཀྱི་དངོས་པོ་དང་མཚན་མར་འཛིན་པའི་མི་གཙང་བ་ཐམས་ཅད་བཀྲུས་པར་བསམ། ཨ་ཙནྡྲ་མཎྜ་ལ་སྭ་བྷཱ་ཝ། ཞེས་བརྗོད་པས། དྲི་ཆབ་ཀྱི་སྣོད་དེ་ཟླ་བའི་དཀྱིལ་འཁོར་ཁ་ཡར་ལ་ལྟ་བ་གཅིག་ཏུ་གྱུར་པར་བསམ། བཅུད་ཡི་གེ་ཨ་དཀར་པོ་གཅིག་ཏུ་གྱུར་པར་བསམ། དེ་ནས་ༀ་ཨཱཿཧཱུྃ་མ་ཧཱ་ཀྲོ་ཏི་ཤྭ་རཱི་སརྦ་དྲ་བྱཱཾ་ཤྭ་དྷ་ན་ཡ་ཧཱུྃ་ཧྲཱིཿཋཱ། ཅེས་བཟླས་པས་སྔགས་དེ་ལས་འོད་འཕྲོས་པས་ཨ་ལ་ཕོག །དེ་ལས་འོད་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ། ཐུགས་དམ་གྱི་རྒྱུད་བསྐུལ། སེམས་ཅན་གྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། ཚུར་འདུས་ཨ་ལ་ཐིམ། ཨ་འོད་དུ་ཞུ་ནས་རྡོ་རྗེའི་ཆུ་རྡུལ་ཕྲ་རབ་ཙམ་པར་གྱུར་ནས། སྔོ་ལྕིགས་ལྕིགས་འདུག་པས་ཟླ་བའི་དཀྱིལ་འཁོར་ཁེངས་པར་བསམ། རྩྭ་ཀུ་ཤའི་པར་བཅུག་ལ། རཱ་ས་ཡ་ན་ཏ་ན་གུ་ཧྱ་སིདྷི་ས་མ་ཡ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་ལ། དེ་ནས་དྲི་ཆབ་དེ་བགེགས་དང་ལོག་འདྲེན་ལ་གཏོར་བས་མཚམས་བཅད། མཆོད་རྫས་དང་ཡོ་བྱད་ལ་གཏོར་བས་ཉེས་སྐྱོན་དག །མཆེད་དང་ལྕམ་དྲལ་ལ་གཏོར་བས་ཐུགས་དམ་བསྐང་བར་བསམ་མོ། །དྲི་ཆབ་བྱིན་གྱིས་མ་བརླབས་ན། བདུད་རྩི་བྱིན་གྱིས་མི་རློབས་པས། དྲི་ཆབ་བག་ཙམ་ཞིག་བདུད་རྩིའི་ནང་དུ་བླུགས་ལ། བདུད་རྩི་བྱིན་གྱིས་བརླབས་པ་ནི། ཕྱི་ལྟར་བརླབ་པ། ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས། ནང་ལྟར་བརླབ་པ། ནང་ལྟར་བྱང་སེམས་དཀར་དམར་དུ་བྱིན་གྱིས་བརླབས། གསང་བ་ལྟར་བརླབ་གསང་བ་ལྟར་མི་དམིགས་པ་བྱང་སེམས་སུ་བྱིན་གྱིས་བརླབས་སོ། །པའོ། །བདུད་རྩི་ཕྱི་ལྟར་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ། ཞེས་བརྗོད་པས་བསྲེག་སྦྱངས་བྱས་ཏེ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷཉྫ་ཛྙཱ་ན་ཙཀྲ་ཀ་པཱ་ལ་བྷྲཱུྃ། ཞེས་བརྗོད་པས་ཕྱི་བནྡྷའི་གཞལ་ཡས་ཁང་ལ། ནང་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པར་བསྒོམ་མོ། །དེའི་དབུས་སུ་བྱང་སེམས་དང་སེང་གེའི་ཤ །ཤར་དུ་དྲི་ཆེན་དང་གླང་པོ་ཆེའི་ཤ །ལྷོར་ཤ་ཆེན་དང་རྟ་ཤ །ནུབ་ཏུ་པདྨ་རཀྟ་དང་རྨ་བྱའི་ཤ །བྱང་དུ་དྲི་ཆུ་དང་ཤང་ཤང་གི་ཤ་དེ་རྣམས་རང་བཞིན་གྱིས་ཡོད་པར་བསྒོམ། དེ་ལས་སྥ་ར་ཎ་ཕཊ། ཅེས་པས་ཕར་འཕྲོས། འཕགས་པ་མཆོད། འགྲོ་དོན་བྱས། སཾ་ཧ་ར་ཎ་ཧཱུྃ། ཞེས་ཚུར་འདུས། དབུས་སུ་ཧཱུྃ་མཱུྃ། ཤར་དུ་ཨཱོཾ་ལཱྃ། ལྷོར་སྭཱ་མཱྃ ། ནུབ་ཏུ་ཨཱྃ་པྱཱྃ། བྱང་དུ་ཧཱ་ཏཱྃ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ། ཞེས་དབུས་སུ་རྡོ་རྗེ། ཙཀྲ། ཤར་དུ་འཁོར་ལོ། རཏྣ། ལྷོར་རིན་པོ་ཆེ། པདྨ། ནུབ་ཏུ་པདྨ། ཁངྒ། བྱང་དུ་རལ་གྲི། གཎྜེ། ཞེས་བརྗོད་པས་དྲིལ་བུ་རེ་རེ་བསམ། དེ་ལས་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཧཱུྃ་བཛྲ་དྷྲྀཀ྄། མཱུྃ་དྷ་ཏུ་ཤྭ་རཱི། དབུས་སུ་རྡོ་རྗེ་སེམས་དཔའ་དང་ཡུམ་ཀུན་ཏུ་བཟང་མོ། ཨཱོྂ་ཛི་ན་ཛིཀ྄ །ལྃ་ཏེ་ཤྭ་ར་ཏི། ཤར་དུ་རྣམ་པར་སྣང་མཛད་དང་ཡུམ་སངས་རྒྱས་སྤྱན་མ། སྭཱ་རཏྣ་དྷྲྀཀ྄། །མཱྃ་མོ་ཧ་ར་ཏི། ལྷོར་རིན་ཆེན་འབྱུང་ལྡན་དང་ཡུམ་མཱ་མ་ཀཱི། ཨཱྃ་ཨ་རོ་ལིཀ྄། པྱཱྃ་རཱ་ག་ར་ཏི། ནུབ་ཏུ་སྣང་བ་མཐའ་ཡས་དང་ཡུམ་ན་བཟའ་དཀར་མོ། ཧཱ་པྲཛྙཱ་དྷྲིཀ྄། ཏཱྃ་བཛྲ་ར་ཏི། བྱང་དུ་དོན་ཡོད་གྲུབ་པ་དང་ཡུམ་དམ་ཚིག་སྒྲོལ་མ། ཧྲཱིཿཔདྨཱནྟ་ཀྲྀ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཧྲཱིཿཋཱ། ཞེས་བརྗོད་པས། ལག་པ་གཡོན་པའི་མཐེབ་སྲིན་གཉིས་ཀྱི་བར་དུ། པདྨ་འདབ་མ་བཞི་ལ། དབུས་སུ་རྟ་མགྲིན་གསང་བའི་ཡུམ་བཞིས་བསྐོར་བ། མི་ཕམ་མ། ཁྲོ་གཉེར་མ། ལྷ་མཚོ་མ། རོ་ལངས་མ་བཞིའོ། །ཨཱོྂ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཅེས་བརྒྱ་ཚར་གཅིག་བགྲང་ངོ་། །བདག་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་རྟ་མགྲིན་ཡབ་ཡུམ་ལ་ཕོག །ཐུགས་དམ་རྗེས་སུ་དྲན་ནས་ཆགས་པའི་ཡིད་ཀྱིས་སྦྱོར་བར་མཛད་པའི་བྱང་ཆུབ་སེམས་བྷནྡྷའི་རིགས་ལྔ་ལ་ཕོག །རིགས་ལྔ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ནམ་མཁའ་ལ་འཕྲོས་པས། དུས་གསུམ་བདེ་བར་གཤེགས་ལ་ཕོག །ཐུགས་དམ་རྗེས་སུ་དྲན་ནས་གཉིས་སུ་མེད་པའི་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཡེ་ཤེས་ཀྱི་བདུད་རྩི་དཀར་པོ་ཞོ་རྐྱལ་ནས་ཞོ་བྱོ་བ་བཞིན་དུ་བབས། རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་བ་ལས། དམ་ཚིག་གི་བདུད་རྩི་མུ་ཏིག་དཀར་པོ་ཟངས་ནང་ནས་འོ་མ་ཁོལ་མ་འདྲ་བ་འདྲེས་ནས། བྷནྡྷའི་གཞལ་ཡས་ཁང་གང་བར་བསམ། དེ་ལ་ཆེ་བའི་ཡོན་ཏན་བརྗོད་དེ། ཧཱུྃ། བདུད་རྩི་འབྱུང་བའི་རྒྱུ་ནི་ཡབ་ཡུམ་མཁའ། །བདུད་རྩི་བསྒྲུབ་པའིི་སྣོད་ནི་བྷནྡྷ་ཀ་པཱ་ལ། །བདུད་རྩི་དངོས་ནི་བྱང་ཆུབ་སེམས། །བདུད་རྩིའི་དོན་ནི་སྐྱེ་ཤི་མེད། །བདུད་རྩིའི་ལས་ནི་རྣམ་རྟོག་འཇོམས། །ཆོས་ཉིད་དོན་རྟོགས་བྱང་ཆུབ་སེམས། །འདི་དྲུག་རྟོགས་ནས་མངོན་སངས་རྒྱས། །འབུལ་ནི་ཡེ་ཤེས་ཆེན་པོའི་ལྷ་ལ་འབུལ། །བསྐང་ནི་མ་དང་མཁའ་འགྲོའི་ཐུགས་དམ་བསྐང་། །ལྷ་ལ་ཕོག་ན་ལྷ་ཡི་ཐུགས་དམ་བསྐང་། །མཆེད་ལ་ཕོག་ན་མཆེད་ཀྱི་གཡར་དམ་བསྐང་། །དགྲ་ལ་ཕོག་ན་བདུན་བརྒྱུད་རྩད་ནས་ཆོད། །བགེགས་ལ་ཕོག་ན་ཐལ་བའི་རྡུལ་དུ་རློག །ན་མོ། ཀུན་ཏུ་བཟང་མོའི་དམ་ཚིག་གི་ཆུ་འདི་མཐོང་ངམ། ཐོས་སམ། རེག་པ་ཙམ་གྱིིས་བཀའ་གཅོག་ཅིང་། དམ་འདྲལ་བར་བྱེད་པའི་འབྱུང་པོ་མི་དང་མི་མ་ཡིན་པ་ཐམས་ཅད་འདི་ནམ་གནས་པར་གཞན་དུ་དེངས་ཤིག །ༀ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། སྐལ་ལྡན་རྣམས་ཀྱི་སྨན་ཡིན་ཏེ། །སྐལ་མེད་རྣམས་ཀྱི་དུག་ཡིན་ནོ། །ༀ་དམ་སྲིད་འབྱུང་པོ་ཚར་བཅད། ཨཱཿཧཱུྃ་སརྦ། བི་ཤྭ་ཨ་རྫས་དག་པ་ཆེན་པོར་བསམ། མྲྀ་ཏ། ས་མ་ཡ་རྣལ་འབྱོར་པ་དག་པ་ཆེན་པོར་བསམ། ཨ་མྲྀ་ཏ། དྷརྨ། ནམ་མཁའ་དག་པ་ཆེན་པོར་བསམ། ཞེས་སྨན་མཚམས་བཅད་དོ། །ༀ་ཞེས་ༀ་དཀར་པོ་གཅིག་གིས་མ་ལུས་པར་ཁ་བཅད། དེའི་སྟེང་དུ་ཧྲཱིཿཔདྨནྟ་ཀྲྀཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཧྲཱིཿཋཱ། ཞེས་དཔལ་རྟ་མགྲིན་སྐུ་ལྟེ་བ་མན་ཆད་བདུད་རྩིར་ནུབ་པ། སྐུ་ལྟེ་བ་ཡན་ཆད་ཀྱིས་བདུད་རྩི་བསྲུང་བ། ཕྱག་ན་ཞིང་དབྱུག་དང་སྡིགས་མཛུབ་མཛད་པའོ། །དེ་ནས་རཀྟ་བྱིན་གྱིས་རཀྟ་ཕྱི་ལྟར་བྱིན་གྱིས་བརླབ་པ། ནང་ལྟར་བྱིན་གྱིས་བརླབ་པ། གསང་བ་ལྟར་བརླབ་པའོ། །ཕྱི་ལྟར་བྱིན་གྱིས་བརླབ་པ་ནི། ཁམས་གསུམ་གྱི་ཤ་ཁྲག་ཏུ་བྱིན་གྱིས་བརླབ། ནང་ལྟར་ཡུམ་གྱི་རཀྟ་དམར་ལ་དྭངས་པར་བྱིན་གྱིས་བརླབ། གསང་བ་མི་དམིགས་པར་བྱང་ཆུབ་སེམས་སུ་བྱིན་གྱིས་བརླབ། བརླབ་པ་ནི། བདུད་རྩི་བྱིན་རླབས་དང་ལྡན་པ་དེའི་ནང་ནས་རཀྟའི་ནང་དུ་ཚུར་གཅིག་བླུགས་ལ། བི་ཤྭ་བི་ཤུདྡྷེ་བྷཉྫ་ཀ་པཱ་ལ་བྷྲཱུྃ། ཞེས་པས་བྷཉྫའི་སྣོད་གཞལ་ཡས་ཁང་གི་དབུས་སུ་ར་དམར་པོ་བསམ། ར་རྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ། ཅེས་པས། རྃ་གྱི་འོད་ཟེར་ར་ལ་ཕོག་པས། ར་ལས་རཀྟའི་རྒྱ་མཚོར་གྱུར་ཏེ། ཤར་གྱི་རྦ་རླབས་ནུབ་ཏུ་འཕྱོ་བ། ནུབ་ཀྱི་རྦ་རླབས་ཤར་དུ་འཕྱོ་བ། ལྷོའི་རྦ་རླབས་བྱང་དུ་འཕྱོ་བ། བྱང་གི་རྦ་རླབས་ལྷོར་འཕྱོ་བ། ཞིང་གི་ལྷུ་དུམ་རྣམས་ཀྱང་འཕྱོ་བ། རཀྟའི་ལྦུ་བ་ལས་འདོད་ཡོན་གྱི་ལྷ་མོ་མང་པོ་འཕྱོ་བར་བསྒོམ་མོ། །ཧཱུྃ། ཕྱི་སྣོད་ཀྱི་འཇིག་རྟེན་བྷནྡྷ་རུ། །ནང་བཅུད་ཀྱི་སེམས་ཅན་རཀྟར་སྦྱར། །མཱུ་ལ་རཀྟ་རྩ་བའི་ཁྲག །མ་ཧཱ་རཀྟ་ཆེན་པོའི་ཁྲག །ཙིཏྟ་རཀྟ་སྙིང་གི་ཁྲག །ཤོ་ན་རཀྟ་བསད་པའི་ཁྲག །པདྨ་རཀྟ་གསང་བའི་ཁྲག །རཀྟ་བརྒྱ་དང་སྟོང་དུ་སྦྱར་བ་འདི། །འབུལ་ནི་རྒྱལ་བ་ཞི་ཁྲོའི་ལྷ་ལ་འབུལ། །མཆོད་ནི་མ་གཤིན་ཕུར་གསུམ་ལྷ་ཚོགས་མཆོད། །བསྐང་ནི་མ་དང་མཁའ་འགྲོའི་ཐུགས་དམ་བསྐང་། །མཐུ་དང་དབང་དང་དངོས་གྲུབ་སྩོལ། །དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ནི། རཀྟ་བྱིན་གྱིས་བརླབས་པ་དེ་གཏོར་མའི་ནང་དུ་ཚུར་གཅིག་བླུགས་ལ། །གཏོར་མ་ཕྱི་ལྟར་བྱིན་གྱིས་བརླབ་པ། ནང་ལྟར་བྱིན་གྱིས་བརླབ་པ། གསང་བ་ལྟར་བྱིན་གྱིས་བརླབ་པའོ། །ཕྱི་ལྟར་བྱིན་གྱིས་བརླབ་པ་ནི། ཕྱི་སྣོད་དུ་འདུག་པ་ནི་ཡེ་ཤེས་ལྷའི་གཞལ་ཡས་ཁང་། ནང་བཅུད་དུ་འདུག་པ་ནི་ཁྲོ་བོ་དང་ཁྲོ་མོར་བྱིན་གྱིས་བརླབ། གསང་བ་མི་དམིགས་པ་བྱང་ཆུབ་སེམས་སུ་བྱིན་གྱིས་བརླབ་བོ། །རྃ་ཡྃ་ཁྃ། ཞེས་པས་བསྲེགས་སྦྱངས་བྱས་ལ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷཉྫ་ཀ་པཱ་ལ་བྷྲཱུྃ། མ་སཱུརྻ་མཎྜ་ལ་ཧཱུྃ། ཨ་ཙནྡྲ་མཎྜ་ལ་ཨཱྃ། པྃ་པདྨ་མཎྜ་ལ་ༀ། དེ་སྭཱ་སེར་པོར་གྱུར། སྭཱ་དེ་ཧཱ་ལྗང་གུ་དྲུག་ཏུ་གྱུར་པ་ལས། ༀ་བ་ལིཾ་ཏ་ཏེ་ཛ་བ་ལིཾ་གུ་ཧྱ་ཧྲཱི་ཤྭ་ས་མ་ཡེ་སྭཱ་ཧཱ། དང་པོ་གཟུགས་ཀྱི་ལྷ་མོ་དཀར་མོ་ཕྱག་ན་མེ་ལོང་ཐོགས་པ། གཉིས་པ་སྒྲའི་ལྷ་མོ་སེར་མོ་ཕྱག་ན་པི་ཝང་ཐོགས་པ། གསུམ་པ་དྲིའི་ལྷ་མོ་དམར་མོ་ཕྱག་ན་སྤོས་མེ་ཐོགས་པ། བཞི་པ་རོའི་ལྷ་མོ་ལྗང་གུ་ཕྱག་ན་ཞལ་ཟས་སྣ་ཚོགས་པའི་མཁར་གཞོང་ཐོགས་པ། ལྔ་པ་རེག་བྱའི་ལྷ་མོ་ཕྱག་ན་ན་བཟའ་པཉྩ་ལི་ཀ་རྡོ་རྗེའི་གོང་པ་ཅན་ཐོགས་པ། དྲུག་པ་ཆོས་ཀྱི་ལྷ་མོ་གྲུ་གསུམ་དང་ཡེ་དྷརྨའི་པོ་ཏི་ཕྱག་ན་བསྣམས་པ། དེ་དག་རེ་རེས་ཀྱང་ནམ་མཁའི་ཁམས་ཁེངས་པར་བྱིན་གྱིས་བརླབ་བོ། །ཧཱུྃ། ཕྱི་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །ནང་བཅུད་ཀྱི་སེམས་ཅན་གཏོར་མར་བཤམས། །བསད་པའི་ཤ་དང་མྱོས་པའི་ཆང་། །བསྲེག་པའི་གསུར་དང་རློན་པའི་ཤ །བཙོས་པའི་ཞག་དང་ཁུ་བའི་ཁྲག །གློ་སྙིང་ནང་ཁྲོལ་མཁལ་མར་བཅས། །ཁོག་སྟོད་དང་ནི་ཁོག་སྨད་དང་། །བམ་རུལ་དང་ནི་ཕྱེད་ཚལ་དང་། །ལྷུ་དུམ་དང་ནི་འབྲས་བུར་བཅས། །ཁམས་གསུམ་གང་བའི་གཏོར་མ་འདི། །འབུལ་ནི་རྒྱལ་བ་ཞི་ཁྲོའི་ལྷ་ལ་འབུལ། །མཆོད་ནི་མ་གཤིན་ཕུར་གསུམ་ལྷ་ཚོགས་མཆོད། །བསྐང་ནི་མ་དང་མཁའ་འགྲོའི་ཐུགས་དམ་བསྐང་། །མཐུ་དང་དབང་དང་དངོས་གྲུབ་སྩོལ། །སྨན་རཀ་གཏོར་གསུམ་བྱིན་གྱིས་རླབས་པའི་ཆོ་ག་རྫོགས་སོ།། ༈ །།དེ་ནས་གཏུམ་ཆེན་གྱི་བསྟོད་པ། དབྱིངས་ནས་བཞེངས་སུ་གསོལ་བ། སྤྱན་འདྲེན་རྣམས་དོན་བརྒྱད་དུ་ལྟོས། གཉིས་སུ་མེད་པར་བསྟིམས་ནས། བཞུགས་སུ་གསོལ་བའི་སྔགས་ནི། ཧཱུྃ། མཐིང་ནག་གྲུ་གསུམ་འབར་བའི་གཞལ་ཡས་འདིར། །རུ་དྲ་གཤིན་རྗེ་བསྣོལ་བའི་གདན་སྟེངས་སུ། །མ་ཧེ་ཉི་ཟླ་པདྨའི་གདན་སྟེངས་ན། །ཡ་མཱནྟ་ཀ་ཡབ་ཡུམ་འཁོར་དང་བཅས། །དགྱེས་ཤིང་མི་འགྱུར་བརྟན་པར་བཞུགས་སུ་གསོལ། །ཟླ་གམ་དམར་པོ་དབང་གི་གཞལ་ཡས་ནས། །གཤིན་རྗེ་བྱོལ་སོང་བསྣོལ་བའི་གདན་སྟེངས་སུ། །ཡ་མ་རཱ་ཛ་ཡབ་ཡུམ་འཁོར་དང་བཅས། དགྱེས་ཤིང་མི་འགྱུར་བརྟན་པར་བཞུགས་སུ་གསོལ། ། ༀ་ས་མ་ཡ་ཏིཥྛ་ལྷན། དེ་ནས་ཤ་ཁྲག་གི་མཆོད་པ་ནི། ཧཱུྃ། ཤ་ཁྲག་དམར་གྱི་མཆོད་པ་ཆེན་པོ་ནི། །ཡབ་གཅིག་ཡ་མཱནྟ་ཀའི་ཞལ་དུ་ཁ་རཾ་ཁཱ་ཧི། དགྲ་བགེགས་བཅོལ་བས་ཡུད་ཙམ་ཕྲིན་ལས་མཛོད། །ཤ་ཁྲག་དམར་གྱི་མཆོད་པ་ཆེན་པོ་ནི། །སྲས་མཆོག་ཡ་མ་རཱ་ཛའི་ཞལ་དུ་ཁ་རཾ་ཁཱ་ཧི། དགྲ་བགེགས་བཅོལ་བས་ཡུད་ཙམ་ཕྲིན་ལས་མཛོད། །ཤ་ཁྲག་དམར་གྱི་མཆོད་པ་ཆེན་པོ་ནི། །སྦྱོར་ཡུམ་བེ་ཏ་ལི་ཡི་ཞལ་དུ་ཁ་རཾ་ཁཱ་ཧི། དགྲ་བགེགས་བཅོལ་བས་ཡུད་ཙམ་ཕྲིན་ལས་མཛོད། །ཤ་ཁྲག་དམར་གྱི་མཆོད་པ་ཆེན་པོ་ནི། །སྒྲོལ་ཡུམ་ཨེ་ཀ་ཛཱ་ཏིའི་ཞལ་དུ་ཁ་རཾ་ཁཱ་ཧི། དགྲ་བགེགས་བཅོལ་བས་ཡུད་ཙམ་ཕྲིན་ལས་མཛོད། །ཤ་ཁྲག་དམར་གྱི་མཆོད་པ་ཆེན་པོ་ནི། །ཁྲག་མིག་མ་ཡི་ཞལ་དུ་ཁ་རཾ་ཁཱ་ཧི། དགྲ་བགེགས་བཅོལ་བས་ཡུད་ཙམ་ཕྲིན་ལས་མཛོད། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། ཡེ་ཤེས་ལྷ་ལ་ཕྱག་འཚལ་བ་ནི། མི་གནས་མི་དམིགས་ཆོས་སྐུ་དག་པ་ལས། །བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྤྲུལ་པ། །ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ། །ཁྲོ་རྒྱལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །འཇིགས་བྱེད་སྐུ་ལ་མཉེས་མཆོད་འབུལ་མཛད་མ། །སྒེག་མོ་རལ་གཅིག་གཤིན་རྗེ་གཤེད་ཀྱི་ཡུམ། །མ་གཅིག་ཨེ་ཀ་ཛཱ་ཊིའི་སྐུ་ལ་ཕྱག་འཚལ་ལོ། །གཡོན་ནས་ཡུམ་གཅིག་ཁྲོ་མོ་རོ་ལངས་མ། །སྲིན་མོ་མགོ་འཕྱང་སྐུ་ལ་ཕྱག་འཚལ་ལོ། །ཡབ་ཡུམ་གཉིས་མེད་དགྱེས་པའི་སྲས་མཆོག་ནི། །ཡ་མ་རཱ་ཛའི་སྐུ་ལ་ཕྱག་འཚལ་ལོ། །གཤིན་རྗེའི་ཡུམ་ལ་རྣལ་འབྱོར་དགྲ་ལྷ་མོ། །མ་མོ་ཁྲག་མིག་སྐུ་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ༈ ཡ་མ་རཱ་ཛའི་བསྟོད་པ་བཞུགས་སོ། །ཧཱུྃ། མི་གནས་མི་དམིགས་ཆོས་སྐུ་དག་པ་ལས། །བདུད་འདུལ་ཁྲོ་བོ་མཆོག་ཏུ་སྐུར་སྤྲུལ་པ། །ཐུགས་རྗེ་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ། །ཁྲོ་རྒྱལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །མཉམ་ཉིད་ཐུགས་མངའ་གཏུམ་ཆེན་རབ་འབར་སྐུ། །དུག་གསུམ་ཟ་བྱེད་བསྐལ་པའི་མེ་ལྟར་འབར། །མ་རུངས་འཇོམས་མཛད་ཁྲོ་རྒྱལ་གཤིན་རྗེའི་གཤེད། །མཐར་བྱེད་གཞོན་ནུ་ཁྱོད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་སྤྱན་གསུམ་རྣམ་པར་དག །ཐུགས་རྗེའི་སྤྱན་ལྡན་ཁྲོ་རྒྱལ་རབ་བརྗིད་མཛད། །མ་རུངས་འཇོམས་མཛད་ཁྲོ་རྒྱལ་གཤིན་རྗེའི་གཤེད། །མཉམ་ཉིད་ཡེ་ཤེས་སྤྱན་ལ་ཕྱག་འཚལ་ལོ། །ཁྲོ་མཆོག་ཡེ་ཤེས་ཐབས་ཀྱི་སྐུར་སྟོན་པ། །དཔག་བསམ་ཤིང་ལྟར་རེ་བ་སྐོང་མཛད་པ། །མཆོད་པས་སྡིག་སྦྱངས་མཐོང་ན་བདེ་ཐོབ་བོ། །འདོད་པ་མ་ལུས་བསྐང་ལ་ཕྱག་འཚལ་ལོ། །གཏུམ་ཁྲོ་མི་བཟད་རྩུབ་པའི་ཚུལ་ལྡན་པས། །ཁྱོད་ཀྱིས་མཚན་ཙམ་དྲན་པས་དགྲ་བགེགས་ཕུང་། །འབར་བའི་སྐུ་མཐོང་གསུང་སྒྲ་ཐོས་པ་ཡིས། །དགྲ་བགེགས་ཀུན་བརླག་མཛད་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་གཤིན་རྗེའི་གཤེད། །འཇིགས་པའི་སྐུ་ལ་སྟག་ལྤགས་ན་བཟའ་གསོལ། །ཐུགས་མཆོག་བསྟན་པའི་སྦྲུལ་ནག་སྐུ་ལ་བརྒྱན། །འཇིགས་བྱེད་མཐའ་ཡས་མས་ཡང་སྣང་། མཆན། སྒྲོལ་ལ་ཕྱག་འཚལ་ལོ། །འོད་ཕུང་སྟུག་པོ་བསྐལ་པའི་མེ་ལྟར་འབར། །ཡེ་ཤེས་འོད་འཕྲོ་གཏི་མུག་འཇོམས་པའི་ཚུལ། །འོད་ཟེར་སྐར་ལྟར་འཁྲུགས་པས་མ་མོ་འདུལ་བར་མཛད། །སྟོང་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ཁྲོ་བོའི་ཐོད་ཕྲེང་དབུ་རྒྱན་ཅོད་པན་མཛེས། །དབང་ཆེན་དྲག་པོའི་འཕྲིན་ལས་སྐུ་ལ་རྫོགས། །སྨུག་ནག་འཁྱིལ་བས་བདུད་དཔུང་ཐལ་བར་རློག །ཁམས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ཡེ་ཤེས་མཁའ་འགྲོ་སྔོན་པོའི་མདོག་ཏུ་འགྱུར། །སྐུ་མདོག་སྔོ་ནག་དབྱར་གྱི་ཆར་སྤྲིན་འདྲ། །ཀླུ་དབང་འདུལ་མཛད་ཡན་ལག་སྦྲུལ་གྱིས་བརྒྱན། །ཁྲོ་རྒྱལ་ཀླུ་ཡི་རྗེ་ལ་ཕྱག་འཚལ་ལོ། །དུག་གསུམ་མུན་ཁང་འཇོམས་པར་ཞལ་བཞེས་པའི། །དྲི་མེད་ཡེ་ཤེས་མཆེ་བ་དཀར་པོ་གཙིགས། །མ་རུངས་སྡིགས་པའི་མཛུབ་མོ་བསྒྲེང་མཛད་ནས། །ཐབས་ཀྱི་ཞགས་པས་འགྲོ་བ་འདྲེན་མཛད་པ། །མཚུངས་མེད་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །འདི་དང་ཕ་རོལ་གཉིས་ཀར་བདེ་འཚལ་ན། །ལྷ་མཆོག་ཁྱོད་ལས་བསྟེན་ས་གཞན་མི་བཞུགས། །ཡུན་གྱི་ལྷར་ཡང་ཁྱོད་ལ་གསོལ་འདེབས་ན། །རི་རབ་གསེར་གྱི་ངོས་ལ་བྱ་གནས་པ། །བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང་། །ཐམས་ཅད་ཆོས་ཀྱི་སྐུ་ནི་བདག་བསྒོམས་པས། །བདག་གི་རང་བཞིན་བོར་ནས་ཁྲོ་བོར་གསལ། །མི་བརྗེད་དད་པས་མཆོད་དེ་ཕྱག་འཚལ་ལོ། །ཡིད་བཞིན་རིན་ཆེན་མཆོད་སྡོང་འབར་འདྲ་ཡང་། །ཉིད་ཀྱི་སྐུ་མཐོང་རིམ་འགྲོ་བགྱིད་འཚལ་ན། །བདག་ལ་སྨན་མཆོད་ཕུན་སུམ་ཚོགས་པ་གསལ་དུ་གསོལ། །ནང་གི་ཆོས་ཉིད་དག་པའི་ཚུལ་སྦྱོར་ནས། །ཕྱི་ཡི་དམ་རྫས་གཅེས་པར་མ་གྱུར་ཏེ། །མི་གཙང་དངོས་འདི་འཕགས་ལ་མི་གཅེས་ཀྱང་། །བདག་གི་ལུས་འདི་འཕགས་ལ་ཡོངས་འབུལ་ན། །རྫས་དང་གསེར་གྱིས་མཆོད་དེ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་དྲི་མེད་ཡེ་ཤེས་སྐུ། །རབ་ཏུ་མ་བཟད་ཁྲོ་བོའི་གཟིར་སྣང་བས། །ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་ཀྱང་། །ཐུགས་རྗེ་ཤུགས་ཀྱི་ཁྲོ་ལ་ཕྱག་འཚལ་ལོ། །མི་རབས་བརྒྱུད་པས་དད་པས་ཕྱག་འཚལ་ན། །དད་པ་རབ་ཀྱིས་ལྷ་མཆོག་ཁྱོད་མི་གཏོང་། །འགྲོ་ལ་ཕན་ཕྱིར་ཁྲོ་རྒྱལ་བསྒོམ་པ་ལ། །གནོད་པར་བྱེད་པའི་དགྲ་བགེགས་ཐལ་བར་རློགས། །ཕྱག་འཚལ་ཡན་ལག་བཅུ་གཉིས་མ་ལགས་སོ། ༈ །རྟགས་ཀྱི་བསྟོད་པ་ནི། ཧཱུྃ། འགྲོ་བའི་དོན་ཕྱིར་བྱང་ཆུབ་སེམས་བསྐྱེད་དེ། །གཏུམ་ཁྲོ་གདུག་པའི་དོན་ལྟ་གཞན་དག་མ་ལགས་ཏེ། །འགྲོ་བའི་དོན་དུ་བདུད་འདུལ་ཁྲོ་ཚུལ་བསྟན། །སྐུ་མདོག་མཐིང་ནག་འཇིགས་ཚུལ་བསྟན་པ་ཡང་། །ཆོས་ཉིད་དབྱིངས་ལས་མ་གཡོས་ལྷན་ནེར་དང་། །དབུ་གསུམ་སྐུ་གསུང་ཐུགས་སུ་བསྟན་པ་ནི། །དུག་གསུམ་བཅོམ་ནས་སྐུ་གསུམ་ཐོབ་པའི་རྟགས། །དབུ་སྐྲ་ཁམ་ནག་སྲིད་རྩེར་འཕྱར་བ་ནི། །སྤྲུལ་པའི་ཕོ་ཉ་མང་པོ་འགྱེད་པའི་རྟགས། །སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཟིགས་པ་ནི། །ཐེག་པ་དགུ་ཡི་དོན་ལ་གཟིགས་པའི་རྟགས། །ཕྱག་དྲུག་མཚོན་ཆ་མང་པོ་བསྣམས་པ་ནི། །རྒྱུད་དྲུག་བསྒྲལ་ནས་མཁྱེན་དྲུག་ཤར་བའི་རྟགས། །བྷནྡྷ་སྐམ་རློན་ཕྲེང་བས་བརྒྱན་པ་ནི། །ཡེ་ཤེས་རིག་པའི་བྱེ་བྲག་མཁྱེན་པའི་རྟགས། །སྦྲུལ་ནག་ཆུན་པོས་སྐུ་ལ་བརྒྱན་པ་ནི། །གདུག་པ་མ་ལུས་དབང་དུ་སྡུད་པའི་རྟགས། །སྐུ་སྟོད་གླང་ཆེན་ཀོ་རློན་གསོལ་བ་ནི། །ཐེག་པ་ཆེན་པོའི་དོན་དང་མཐུན་པའི་རྟགས། །སྐུ་སྨད་སྟག་གི་ཤམ་ཐབ་གསོལ་བ་ནི། །དཔའ་བོ་འཇིགས་བྱེད་དབང་དུ་སྡུད་པའི་རྟགས། །ཞབས་བཞི་བརྐྱང་བསྐུམ་ཚུལ་དུ་བཞུགས་པ་ནི། །ཁྲོ་འགྱིང་བརྗིད་པའི་གར་ཐབས་མཛད་པའི་རྟགས། །གཤིན་རྗེ་ཕོ་མོ་གདན་དུ་བཏིང་བ་ནི། །འཇིག་རྟེན་འདི་ཡི་དྲེགས་པ་གཟིར་བའི་རྟགས། །ཉི་ཟླ་པདྨ་གདན་དུ་བཏིང་བ་ནི། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་རྟགས། །མེ་རི་དམར་ནག་ནང་ན་བཞུགས་པ་ནི། །ཉོན་མོངས་དུག་གསུམ་མ་ལུས་བསྲེག་པའི་རྟགས། །རཀྟའི་རྒྱ་མཚོའི་དཀྱིལ་ན་བཞུགས་པ་ནི། །འགྲོ་བ་མཐའ་དག་ཐུགས་རྗེས་འཛིན་པའི་རྟགས། །བེ་ཏ་ཡུམ་ཆེན་སྐུ་ལ་འཁྲིལ་བ་ནི། །དུས་གསུམ་སྐྱེ་འགྲོ་འབྱུང་བ་དག་པར་བསྟན་པའི་རྟགས། །ཁྲོ་མོ་ཀོའུ་རཱི་བརྒྱད་ཀྱིས་བསྐོར་བ་ནི། །ཆོས་ཉིད་དོན་ལ་ཐུགས་དམ་གཅིག་པའི་རྟགས། །སེང་ཧ་ཕྲ་མེན་ཚོགས་ཀྱིས་བསྐོར་བ་ནི། །འགྲོ་བ་སེམས་ཅན་མ་ལུས་འདོན་པའི་རྟགས། །ཡེ་ཤེས་སྒོ་མའི་ཚོགས་ཀྱིས་བསྐོར་བ་ནི། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཚུལ། །དབང་ཕྱུག་ཉི་ཤུའི་ཚོགས་ཀྱིས་བསྐོར་བ་ནི། །ཤ་ཟ་ཁྲག་ལ་རོལ་ཅིང་སྟོབས་པའི་ཚུལ། །ཏ་ཀྲྀཏ་ཁྲོ་རྒྱལ་བཅུ་ཡིས་བསྐོར་བ་ནི། །འཇིག་རྟེན་འདི་ན་ཆེ་བཙན་འགྲུབ་པའི་ཟླ་མེད་ཚུལ། །མཁའ་འགྲོ་མ་མོའི་ཚོགས་ཀྱིས་བསྐོར་བ་ནི། །འཇིགས་བྱེད་དཔའ་བོ་འབངས་སུ་འཁོལ་བའི་རྟགས། །སྒྲོལ་བའི་གིང་ཆེན་ཚོགས་ཀྱིས་བསྐོར་བ་ནི། །བཀའ་ལས་འགལ་བའི་བགེགས་རྣམས་རྡུལ་དུ་རློག་པའི་རྟགས། །སྒོ་སྐྱོང་ཕོ་ཉའི་ཚོགས་ཀྱིས་བསྐོར་བ་ནི། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་རྟགས། །དེ་བས་ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །རྩེ་གཅིག་གུས་པས་དངོས་གྲུབ་སྩལ་དུ་གསོལ། ༈ །ཁ་ཐུན་གྱི་ཚོགས་ལས་ལྷག་མ་རྣམས་བཞུགས་སོ། །དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཚོགས་ཀྱི་ལས་ཅི་འབྱོར་བའི་ཚོགས་མདུན་དུ་བཤམས་ལ། སུམྦྷ་ནིའི་སྔགས་ཀྱིས་བགེགས་བསྐྲད་དོ། །ལ་དྲི་ཆབ་ལ་སོགས་པས་ༀ་བཛྲ་ཡཀྴ་ཧཱུྃ་ཞེས་པས། བསང་ལ། རྃ་ཡྃ་ཁྃ་གིས་རྃ་ལས་མེ་འབར་བས་ཉེས་སྐྱོན་རྣམས་བསྲེགས་པར་བསམ། ཡྃ་ལས་རླུང་བྱུང་བས་ཉེས་སྐྱོན་རྣམས་གཏོར་བར་བསམ། ཁྃ་ལས་ཆུ་བྱུང་བས་ཉེས་སྐྱོན་རྣམས་བཀྲུས་པར་བསམ། སྦྱང་ངོ་། །འདོད་ཡོན་དུ་བྱིན་གྱིས་དེ་ནས་ཚོགས་རྣམས་འདོད་ཡོན་ལྔའི་རང་བཞིན་དུ། བརླབ་ལ། ༀ་ཨཱཿཧཱུྃ། མདུན་གྱི་ཚོགས་ལ་དམིགས་པ་གཏད་ལ། བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་སྭཱ་ཧཱ། ཞེས་ལན་བདུན་བརྗོད་པས་བདུད་རྩི་འདོད་ཡོན་ལྔ་དང་ལྡན་པར་བསམ་མོ། །དེ་ལ་དྲུག་སྟེ་ཚོགས་པ་གསུམ་གྱིས་ལྷག་པར་གནས་པར་བྱ་བ་དང་། བསང་བ་གསུམ་གྱིས་དག་པར་བྱ་བ་དང་། སྦྱང་བ་གསུམ་གྱིས་མི་དམིགས་པར་བྱ་བ་དང་། བྱིན་རླབས་གསུམ་གྱིས་ཁྱད་པར་གྱི་རྫས་སུ་བྱ་བ་དང་། བཀྲོལ་ཐབས་གསུམ་གྱིས་དམིགས་པ་སོ་སོར་བྱ་བ་དང་། མཆོད་ཐབས་གསུམ་གྱིས་ལྷའི་རྒྱུད་ཚིམ་པར་བྱ་བའོ། །དེ་ལ་ཚོགས་པ་གསུམ་ནི། འབྱོར་ལྡན་ལོངས་སྤྱོད་ཀྱི་ཚོགས་བཤམས། སྐལ་ལྡན་མིའི་ཚོགས་འཚོགས་ཏེ་འདུས་པ་ཕོ་མོ་ལྷར་གསལ་བའོ། །དགྱེས་ལྡན་ལྷའི་ཚོགས་སྤྱན་དྲངས་པའོ། །བསང་བ་གསུམ་ནི། བྱིན་རླབས་དང་ལྡན་པའི་རྫས་ཀྱིས་བསང་བ་བདུད་རྩི་དང་། སྔགས་ཀྱིས་བསང་བ་ནི། སརྦ་དྲ་བྱཱཾ་ཤོ་དྷ་ནི་ཧཱུྃ་ཧྲཱིཿཋཱ། ཞེས་པའོ། །ཏིང་ངེ་འཛིན་གྱིས་བསང་བ་ནི། བགེགས་བསྐྲད་ལ་འདོད་ཡོན་དུ་བྱིན་གྱིས་བརླབ་པའོ། །སྦྱང་བ་གསུམ་ནི་ལྷག་མཐོང་གི་མེས་སྦྱང་། ཡེ་ཤེས་ཀྱི་རླུང་གིས་གཏོར། ཞི་གནས་ཀྱི་ཆུས་སྦྱང་བ་དང་གསུམ་མོ། །བྱིན་རླབས་གསུམ་ནི། ཧཱུྃ་གིས་ཆོས་ཉིད་དུ་སྦྱངས། ཨཱཿཡིས་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར། ༀ་གྱིས་ནམ་མཁའ་གང་བར་སྤེལ་ནས་བྱིན་གྱིས་བརླབ་བོ། །བཀྲོལ་ཐབས་གསུམ་ནི། ཕུད་དང་བར་ཕུད་ལྷག་ཕུད་དང་གསུམ་དུ་བཀྲོལ་བའོ། །མཆོད་ཐབས་གསུམ་ནི། གཡས་དཀར་བ་ལ་མཆོད། གཡོན་དམར་བ་ལ་བཤགས། དབུས་མཐིང་ག་ལ་བསྟབ་བོ། །སྤྱན་དྲངས་པ་ནི། ཧཱུྃ། གཤིན་རྗེའི་རྒྱལ་པོ་ཡབ་ཡུམ་དང་། །བྱང་ཆུབ་རྡོ་རྗེ་ལྕམ་དྲལ་དང་། །མ་མོ་མཁའ་འགྲོའི་ཚོགས་ཆེན་རྣམས། །རྣལ་འབྱོར་ཡིད་དང་མཐུན་པའི་གནས་འདིར་གཤེགས་སུ་གསོལ། །ཡ་མ་རཱ་ཛ་མྱོས་བྱེད་འབར་བ་དང་། །ཨཱརྻ་མ་རུ་རལ་པ་ཚར་དགུ་དང་། །སྲོག་བདག་ཡབ་ཡུམ་འཁོར་དང་བཅས། །རྣལ་འབྱོར་ཡིད་དང་མཐུན་པའི་གནས་འདིར་གཤེགས་སུ་གསོལ། །རྡོ་རྗེ་བདུད་འཇོམས་ཀོང་ཙེ་བྲག་འཇོམས་དང་། །ཨ་ཝ་གླང་མགོ་ཡ་བ་ཏི། །ཕྱྭ་སངས་རྨིགས་པ་ཏེལ་པ་དང་། །ལྷ་མཆོག་དུད་ཀ་ཆོས་རྒྱལ་མིག་དམར་དང་། །ཕྱོགས་སྐྱོང་ཡབ་ཡུམ་འཁོར་དང་བཅས། །རྣལ་འབྱོར་ཡིད་དང་མཐུན་པའི་གནས་འདིར་གཤེགས་སུ་གསོལ། །བདུད་ཀྱི་བུ་མོ་མཐུ་མོ་ཆེ། །བཙན་གྱི་བུ་མོ་མཐུ་མོ་ཆེ། །གཟའ་ཡི་བུ་མོ་མཐུ་མོ་ཆེ། །ཀླུ་ཡི་བུ་མོ་མཐུ་མོ་ཆེ། །གཤིན་རྗེའི་སྒོ་མ་བཞི་པོ་ཡང་། །རྣལ་འབྱོར་ཡིད་དང་མཐུན་པའི་གནས་འདིར་གཤེགས་སུ་གསོལ། །ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ་ས་མ་ཡ་ཛཿཛཿ ཞེས་པས་བྱོན་པར་བསམ། ཡིད་ཀྱིས་ཀྱང་དེ་ལྟར་དུ་བསམ། སྤྱིར་ཚོགས་མཆོད་འབུལ་བ་ལ་གཉིས་ལས། དང་པོ་ནི། མཆོད་པ་འབུལ་བ་ནི། ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དག་པར་མཛོད། །ༀ་བཛྲ་པུཥྤེ་ཧཱུྃ། ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་མཆོད་པ་དམ་པ་གྲུབ་པར་མཛོད། །ༀ་བཛྲ་དྷཱུ་པེ་ཧཱུྃ། ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་མཆོད་པ་དམ་པ་གྲུབ་པར་མཛོད། །ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་མཆོད་པ་དམ་པ་གྲུབ་པར་མཛོད། །ༀ་བཛྲ་གནྡྷེ་ཧཱུྃ། ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་མཆོད་པ་དམ་པ་གྲུབ་པར་མཛོད། །ༀ་བཛྲ་ནཻ་ཝི་དྱ་ཧཱུྃ། ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་མཆོད་པ་དམ་པ་གྲུབ་པར་མཛོད། །ༀ་བཛྲ་ཤཔྡ་ཧཱུྃ། ཧཱུྃ། སྣ་ཚོགས་དག་ལ་གཟུགས་མཆིས་ཏེ། །གཟུགས་ཀྱི་ལྷ་མོ་མེ་ལོང་མ། །མེ་ལོང་ལས་ཀྱང་གཟུགས་འབྱུང་སྟེ། །མང་པོ་བསམ་གྱིས་མི་ཁྱབ་པ། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཀང་ནས། །ད་ལ་ལྷ་ཡི་སྤྱན་ལ་ཐིམ། །སྤྱན་གྱི་ཐུགས་དམ་བསྐང་གྱུར་ཅིག །ཧཱུྃ། སྣ་ཚོགས་དག་ལ་སྒྲ་མཆིས་ཏེ། །སྒྲ་ཡི་ལྷ་མོ་པི་ཝང་མ། །པི་ཝང་ལས་ཀྱང་སྒྲ་འབྱུང་སྟེ། །མང་པོ་བསམ་གྱིས་མི་ཁྱབ་པ། །ཕྱོགས་བཅུའི་འཇིག་རྟེན་ཀུན་བཀང་ནས། །ད་ལ་ལྷ་ཡི་སྙན་ལ་ཐིམ། །སྙན་གྱི་ཐུགས་དམ་བསྐང་གྱུར་ཅིག །ཧཱུྃ། སྣ་ཚོགས་དག་ལ་དྲི་མཆིས་ཏེ། །དྲི་ཡི་ལྷ་མོ་སྤོས་ཁང་མ། །སྐུ་མདོག་དམར་མོ་རྒྱན་དང་ལྡན། །ཕྱག་གཉིས་ན་ནི་སྤོས་ཁང་བསྣམས། །མང་པོ་བསམ་གྱིས་མི་ཁྱབ་པ། །ཕྱོགས་བཅུའི་འཇིག་རྟེན་ཀུན་བཀང་ནས། །ད་ལ་ལྷ་ཡི་ཤངས་ལ་ཐིམ། །ཤངས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཧཱུྃ། སྣ་ཚོགས་དག་ལ་རོ་མཆིས་ཏེ། །རོ་ཡི་ལྷ་མོ་ཞལ་ཟས་མ། །ཞལ་ཟས་ལས་ཀྱང་རོ་འབྱུང་སྟེ། །མང་པོ་བསམ་གྱིས་མི་ཁྱབ་པ། །ཕྱོགས་བཅུའི་འཇིག་རྟེན་ཀུན་བཀང་ནས། །ད་ལ་ལྷ་ཡི་ལྗགས་ལ་ཐིམ། །ལྗགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཧཱུྃ། སྣ་ཚོགས་དག་ལ་རེག་མཆིས་ཏེ། །རེག་བྱའི་ལྷ་མོ་ན་བཟའ་འཛིན། །ན་བཟའ་ལས་ནི་རེག་འབྱུང་སྟེ། །མང་པོ་བསམ་གྱིས་མི་ཁྱབ་པ། །ཕྱོགས་བཅུའི་འཇིག་རྟེན་ཀུན་བཀང་ནས། །ད་ལ་ལྷ་ཡི་སྐུ་ལ་ཐིམ། །སྐུ་ཡི་ཐུགས་དམ་བསྐང་གྱུར་ཅིག །བྱེ་བྲག་ཏུ། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་ལྔ་ཡི་ཡོན་ཏན་མཁོ་དགུར་ལྡན། །ནམ་མཁའི་མཐའ་ཀླས་གཏེར་ཆེན་གྱུར་པ་འདི། །མཆོད་གནས་བླ་མེད་ཁྱེད་ཀྱི་ཕོ་བྲང་དུ། །མཆོད་པའི་སྤྲིན་གྱིས་རྒྱ་ཆེར་འཕེལ་གྱུར་ཅིག །ཨ་ལ་ལ་ཧོ་ཞེས་བརྗོད་དོ། །དེ་ནས་བསྒྲལ་ཐབས་གསུམ་པོ་དེ་གང་རུང་གཅིག་གིས་ཚོགས་བསྒྲལ་ཏེ། ཚོགས་ཀྱི་དངོས་པོ་དེ་རང་གི་གཟུང་འཛིན་གྱི་རྣམ་རྟོག་གི་ཕུང་པོར་བསམ་ལ། ཛཿཧཱུྃ་བྃ་ཧོཿ ཨཾ་ཀུ་ཤ་ཛཿ ཞེས་བརྗོད་པས་སེམས་ཅན་ཐམས་ཅད་ཀྱི་གཟུང་འཛིན་དང་རྣམ་པར་རྟོག་པ་བཀུག་ལ་བསྟིམ། ཀ་ཏ་རི་འཇམ་དཔལ་རྣོན་པོར་བསྐྱེད་ལ་འདི་སྐད་དོ། །ཧཱུྃ། །སྲོག་ཅན་རྒྱུ་དང་སྲོག་མེད་རྒྱུ། །འདི་ནི་སྲོག་མེད་རྒྱུ་ཡིན་ཏེ། སྲོག་མེད་སྒྲོལ་མཛད་ཧེ་རུ་ཀ །སྙིང་རྗེ་མེད་པར་བསྒྲལ་བར་བྱའོ། །ཛ་ཡ་པྲ་ཝེ་ཤ་ཡ་ཕཊ། ཅེས་བསྒྲལ་བས་རྣམ་རྟོག་དང་གཟུང་འཛིན་གྱི་ཕུང་པོ་བསྒྲལ་ནས། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཐོབ་པར་བྱ། དེ་ནས་ཆ་གསུམ་དུ་བགོས་ཏེ། ཆ་གཅིག་བདེ་བར་གཤེགས་པ་ལ་འབུལ། དེ་ཡང་གསུམ་བྱ་སྟེ། དང་པོ་གཡས་དཀར་བ་ལ་འབུལ་བ་ནི། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །རྒོད་དང་གཤེ་དང་རྔམ་པར་སྟོན་པ་དང་། །སྙིང་རྗེ་ཞི་དང་རྨད་དུ་བྱུང་བ་སྟེ། །སྐུ་ཡི་དངོས་པོ་ཤིན་ཏུ་འགྱུར་བ་ཡིས། །གར་བྱོས་སྒྱུ་མའི་རང་བཞིན་རྣལ་འབྱོར་པ། །དཔལ་ཆེན་གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མེ་ཏོག་ལ་སོགས་ཙནྡན་ཕྲེང་། །བཟང་རྒུ་འབུལ་ལོ་བཞེས་སུ་གསོལ། །མཛེས་རྒུ་འབུལ་ལོ་བཞེས་སུ་གསོལ། །བཏུང་རྒུ་འབུལ་ལོ་བཞེས་སུ་གསོལ། །གཉིས་པ་གཡོན་དམར་བ་ལ་བཤགས་པ་ནི། སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྩ་བའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཉམས་ན་ཐུགས་དམ་ཚོགས་ཀྱིས་བསྐང་། །ཆོ་ག་ཉམས་དང་མ་ཆག་སྟེ། །ཆག་ན་ཐུགས་དམ་ཚོགས་ཀྱིས་བསྐང་། །ཉི་མའི་དུས་ལས་ཡོལ་ཡང་མ་ཡོལ་ཏེ། །ཡོལ་ན་ཐུགས་དམ་ཚོགས་ཀྱིས་བསྐང་། །ཚོགས་ཐ་མ་ལ་དགྲ་བགེགས་ཀྱི་ལིང་ག་བྱས་ནས་མདུན་དུ་བཞག་ལ། དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། དགྲ་བགེགས་ཀྱི་རྣམ་ཤེས་བཀུག་ལ། ནྲྀ་ཛཿཏྲི་ཛཿཞེས་པས་ལིངྒ་ལ་བསྟིམ་ལ། ཤར་ལྷོ་ནུབ་བྱང་སྒོ་བཞི་ནས། །བདུད་ཀྱི་བུ་མོ་མཐུ་མོ་ཆེ། །བཙན་གྱི་བུ་མོ་མཐུ་མོ་ཆེ། །གཟའ་ཡི་བུ་མོ་མཐུ་མོ་ཆེ། །ཀླུ་ཡི་བུ་མོ་མཐུ་མོ་ཆེ། །གཤིན་རྗེའིི་སྒོ་མ་བཞི་རྣམས་ཀྱིས། །དམ་ཉམས་གནས་ནས་དབབ་ཏུ་གསོལ། །རྩ་བའི་སྔགས་ཨ་ཀྲོ་དང་ཐུན་སྔགས་ཀྱིས་ལིང་རོ། ཀྱིས་གཏུབས་ལ་གཏོར་སྣོད་དུ་འབུལ་ལོ། །ཡང་ན་ཨེ་ཨ་རལླི་ཧོ་ཁ་རྃ་ཁཱ་ཧི། ཞེས་པས་དབུལ་ལོ། །དེ་ནས་བསྟབ་མཐིང་བ་ལ་བསྟབ་པ་ནི། པ་བྱས་ཏེ། ཧཱུྃ་ཧཱུྃ་ཧཱུྃ། བཅོམ་ལྡན་ཡ་མཱནྟ་ཀ་ཞལ་ཕྱེས་ཤིག །ཞལ་ནི་ཧོམ་ཁུང་གདངས་པ་འདྲ། །ལྗགས་ནི་ཧོམ་གཟར་བརྐྱང་པ་འདྲ། །ཞལ་ཁ་ཧོམ་ཁུང་ཚུར་གདོངས་ཤིག །སྡང་དགྲ་གནོད་བགེགས་ཕར་བསྟབ་བོ། །བསྟབ་ཀྱི་བསྟབ་ཀྱི་ཕར་མ་བཏང་། །མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། བེ་ཏ་ནག་མོ་ཞལ་ཕྱེས་ཤིག །ཞལ་ནི་ཧོམ་ཁུང་གདངས་པ་འདྲ། །ལྗགས་ནི་ཧོམ་གཟར་བརྐྱང་པ་འདྲ། །ཞལ་ཁ་ཧོམ་ཁུང་ཚུར་གདོངས་ཤིག །སྡང་དགྲ་གནོད་བགེགས་ཕར་བསྟབ་བོ། །བསྟབ་ཀྱི་བསྟབ་ཀྱི་ཕར་མ་བཏང་། །མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། གཤེད་པོ་ཡབ་ཡུམ་ཞལ་ཕྱེས་ཤིག །ཞལ་ནི་ཧོམ་ཁུང་གདངས་པ་འདྲ། །ལྗགས་ནི་ཧོམ་གཟར་བརྐྱང་པ་འདྲ། །ཞལ་ཁ་ཧོམ་ཁུང་ཚུར་གདོངས་ཤིག །སྡང་དགྲ་གནོད་བགེགས་ཕར་བསྟབ་བོ། །བསྟབ་ཀྱི་བསྟབ་ཀྱི་ཕར་མ་བཏང་། །མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། ཕྱོགས་སྐྱོང་རྒྱལ་པོ་ཡབ་ཡུམ་ཞལ་ཕྱེས་ཤིག །ཞལ་ནི་ཧོམ་ཁུང་གདངས་པ་འདྲ། །ལྗགས་ནི་ཧོམ་གཟར་བརྐྱང་པ་འདྲ། །ཞལ་ཁ་ཧོམ་ཁུང་ཚུར་གདོངས་ཤིག །སྡང་དགྲ་གནོད་བགེགས་ཕར་བསྟབ་བོ། །བསྟབ་ཀྱི་བསྟབ་ཀྱི་ཕར་མ་བཏང་། །མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། སྒོ་བ་བཞི་རྣམས་ཞལ་ཕྱེས་ཤིག །ཞལ་ནི་ཧོམ་ཁུང་གདངས་པ་འདྲ། །ལྗགས་ནི་ཧོམ་གཟར་བརྐྱང་པ་འདྲ། །ཞལ་ཁ་ཧོམ་ཁུང་ཚུར་གདོངས་ཤིག །སྡང་དགྲ་གནོད་བགེགས་ཕར་བསྟབ་བོ། །བསྟབ་ཀྱི་བསྟབ་ཀྱི་ཕར་མ་བཏང་། །མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། ཞེས་བརྗོད་དོ། །གཤིན་རྗེ་ནག་པོའི་རྩ་རྒྱུད་འབུམ་པའི་ནང་ནས་ཚོགས་ལས་བསྟན་པ་ཕྱུང་བའོ། །རྫོགས་སོ།། ༈ །།དེ་ནས་ལྷག་མའི་ཆོ་ག་བྱ་སྟེ། ལྷག་མ་གསོག་འཇོག་མེད་པར། བསྡུས། ༀ་ཨཱཿཧཱུྃ་གིས། བྱིན་གྱིས་བརླབས་པར་བྱས་ལ། སྔོན་ཚེ་བདེར་གཤེགས་རྣམས་ཀྱི་བཀའ། །ད་ལྟ་རྣལ་འབྱོར་བདག་གི་ལས། །དང་པོ་ཕུད་ཀྱིས་མི་མཆོད་དུ། །ཡ་མཱནྟ་ཀ་ཕུད་ཀྱི་བདག །དེ་ཕྱིར་དང་པོ་ཕུད་ཀྱིས་མཆོད། །བར་དུ་ཚོགས་ལ་མི་རོལ་དུ། །མཁའ་འགྲོ་དམ་ཚིག་ཚོགས་ལ་དགྱེས། །དེ་ཕྱིར་བར་དུ་ཚོགས་ལ་རོལ། །ཐ་མར་ལྷག་གིས་མི་མཆོད་དུ། །སྤྲུལ་པ་ཡང་སྤྲུལ་ལྷག་ལ་དགྱེས། །དེ་ཕྱིར་ཐ་མ་ལྷག་གིས་མཆོད། །ལྷག་མ་ཁ་ཆུས་མི་བཏབ་ཏུ། །ཁྱེད་དང་ང་གཉིས་ཁྱད་པར་མེད། །དེ་ཕྱིར་ལྷག་མ་ཁ་ཆུས་བཏབ། །ཕུད་དང་ལྷག་མར་མི་བསྲེ་རུ། །རྒྱུ་འབྲས་གཅིག་ཅིང་ཁྱད་པར་མེད། །དེ་ཕྱིར་ཕུད་དང་ལྷག་མ་བསྲེ། །རྣམ་གསུམ་གཅིག་ཏུ་མི་བསྲེ་རུ། །ཆོས་ཉིད་ཐམས་ཅད་སྤྲོས་དང་བྲལ། །དེ་ཕྱིར་རྣམ་གསུམ་གཅིག་ཏུ་བསྲེ། །ཕུད་ལ་དགྱེས་པ་ཕུད་ལ་རོལ། །ཁ་རཾ་ཁཱ་ཧི། ཚོགས་ལ་དགྱེས་པ་ཚོགས་ལ་རོལ། །ཁ་རཾ་ཁཱ་ཧི། ལྷག་ལ་དགྱེས་པ་ལྷག་ལ་རོལ། །ཁ་རཾ་ཁཱ་ཧི། ལྷག་མའི་ཆོ་ག་ཞེས་བྱ་བ་རྫོགས་སོ།། །།


previousཁ་ཐུན་གྱི་མཆོད་རྫས་བྱིན་རླབས།next