Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཆི་བདག་གི་བསྐུལ་བ།
   
   
   
   
   
   


 
previousའཆི་བདག་གི་བསྐུལ་བ།next

འཆི་བདག་གི་བསྐུལ་བ།

འཆི་བདག་གི་བསྐུལ་བ་བཞུགས་སོ། །ཧཱུྃ། རིམ་པ་བདུན་གྱི་ས་འོག་ནས། །ཡ་ལས་བྱུང་བའི་འཆི་བདག་ནི། །མུན་པའི་མདོག་ཅན་འཇིགས་པའི་གཟུགས། །སྲིད་གསུམ་ཟ་བྱེད་ཁྱོད་ལ་བསྟོད། །ལས་ཀྱི་གཤིན་རྗེ་མཐུ་བོ་ཆེ། །གཅེར་བུ་མ་ཧེའི་ཁྲི་སྟེང་དུ། །ཐོད་པས་མཚན་པའི་དབྱུག་པ་བསྣམས། །སྲོག་དབུག་བདག་པོ་ཁྱོད་ལ་བསྟོད། །ནག་པོ་སེང་གདོང་རལ་པ་ཅན། །གློག་ལྟར་མྱུར་བའི་སྟོབས་དང་ལྡན། །དགེ་སྡིག་གཉིས་ཀྱི་བྱ་ར་བྱེད། །ཁྲིམས་ཀྱི་བདག་པོ་ཁྱོད་ལ་བསྟོད། །འཆི་བདག་ནག་པོའི་ཡུམ་ཆེན་ནི། །སྲིན་མོ་དུག་ཧྲུལ་གོས་གྱོན་མ། །དུས་མཚན་ནག་མོ་སྐྱེ་འགྲོའི་གཤེད། །གདུག་བྱེད་མ་མོ་ཁྱོད་ལ་བསྟོད། །ཡ་མཱནྟ་ཀའི་སྒྲུབ་མཆོག་སྐྱོང་བ་དང་། །དགྲ་བགེགས་སྒྲོལ་ཞིང་བསྟན་པ་བསྲུང་བར་མཛོད། །ཧཱུྃ། ཡ་མ་རཱ་ཙ་སྲིན་མོ་ཤ་ཟ་ཡུམ། །བདུད་འཇོམས་དམར་པོ་ཀོང་རྩེ་དང་པོའི་གཤིན། །སྲིན་པོ་ནག་མོ་ལག་བརྒྱ་མགོ་འཕྱང་ཡུམ། །ས་ཡི་རང་བཞིན་ལྷ་བདུད་འཁོར་བཅས་ལ། །བསྟོད་དང་གཏོར་མ་རཀྟས་མཆ ོད་པར་བགྱི། །ཡ་མཱནྟ་ཀའི་སྒྲུབ་མཆོག་སྐྱོང་བ་དང་། །དགྲ་བགེགས་སྒྲོལ་ཞིང་བསྟན་པ་བསྲུང་བར་མཛོད། །མྱོས་བྱེད་འབར་བ་སྲིན་མོ་སྟོབས་ཆ ེན་ཡུམ། །མིག་དམར་གཅོག་པ་ལྷ་མཆོག་གཉིས་པའི་གཤིན། །ཞགས་པ་མོ་དང་སེར་མོ་མིག་བརྒྱ་ཡུམ། །རླུང་གི་རང་བཞིན་ཕུང་པོའི་བདུད་ཚོགས་ལ། །བསྟོད་དང་གཏོར་མ་རཀྟས་མཆོད་པར་བགྱི། །ཡ་མཱནྟ་ཀའི་སྒྲུབ་མཆོག་སྐྱོང་བ་དང་། །དགྲ་བགེགས་སྒྲོལ་ཞིང་བསྟན་པ་བསྲུང་བར་མཛོད། །ཨཱརྻ་མ་རུ་སྲིན་མོ་སེང་གེ་ཡུམ། །གླང་མགོ་ཡ་བ་ཏི་དང་ཏེལ་པ་གསུམ་པའི་གཤིན། །དམར་པོ་དབུགས་འཕྲོགས་སྲིན་མོ་འབྲུག་སྒྲོགས་ཡུམ། །ཆུ་ཡི་རང་བཞིན་ཉོན་མོངས་བདུད་ཚོགས་ལ། །བསྟོད་དང་གཏོར་མ་རཀྟས་མཆོད་པར་བགྱི། །ཡ་མཱནྟ་ཀའི་སྒྲུབ་མཆོག་སྐྱོང་བ་དང་། །དགྲ་བགེགས་སྒྲོལ་ཞིང་བསྟན་པ་བསྲུང་བར་མཛོད། །རལ་པ་ཚར་དགུ་སྲིན་མོ་འབར་མ་ཡུམ། །སྟག་མགོ་ཕྱྭ་སངས་ཆོས་རྒྱལ་བཞི་པའི་གཤིན། །ནད་གཏོང་ཁྲག་གཏོང་སྲིན་མོ་སྦྱིན་སྲེག་ཡུམ། །མེ་ཡི་རང་བཞིན་འཆི་བདག་བདུད་ཚོགས་ལ། །བསྟོད་དང་གཏོར་མ་རཀྟས་མཆོད་པར་བགྱི། །ཡ་མཱནྟ་ཀའི་སྒྲུབ་མཆོག་སྐྱོང་བ་དང་། །དགྲ་བགེགས་སྒྲོལ་ཞིང་བསྟན་པ་བསྲུང་བར་མཛོད། །ཤ་ཁྲག་དམར་གྱི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། འཆི་བདག་ལས་ཀྱི་གཤིན་རྗེ་བྱེ་བ་གུང་རིང་། ཡུམ་སྲིན་མོ་དུག་ཧྲུལ་གོས་གྱོན་མ་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གཞན་ཡང་ཡ་མ་རཱ་ཛ་ཡབ་ཡུམ། མྱོས་བྱེད་འབར་བ་ཡབ་ཡུམ། ཨཱརྻ་མ་རུ་ཡབ་ཡུམ། རལ་པ་ཚར་དགུ་ཡབ་ཡུམ། ཕྱོགས་སྐྱོང་བའི་གཤིན་རྗེ་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །ཕོ་གཤེད་སུམ་བརྒྱ་དྲུག་ཅུ། མོ་གཤེད་སུམ་བརྒྱ་དྲུག་ཅུ་སྟེ་གཤིན་རྗེ་བདུན་བརྒྱ་ཉི་ཤུ། གྲི་ཐོགས་གིང་གི་ཚོགས། ཁྲམ་ཐོགས་བདུད་ཀྱི་ཚོགས། ཤོ་ཐོགས་རྩིས་ཀྱི་ཚོགས། སྲོག་གཅོད་བཤན་པའི་ཚོགས། མདངས་ལེན་གྱི་མ་མོ་སྟོང་རྩ་གཉིས། འཁོར་ཡི་དྭགས་འབུམ་སྡེའི་ཚོགས་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །བཞེས་ནས་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། བསྟན་པའི་རུ་ཏྲ་སྒྲོལ། ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད།། །། ཁ་ཐུན་དྲག་པོའི་སྦྱིན་སྲེག་བཞུགས་སོ། །དྲང་སྲོང་མེ་ལྷར་མཆོད་པ་འབུལ། །ཞེས་འབྱུང་བའི་དོན་ལ་གསུམ་སྟེ། གཞི་དལ་བཅའ་བ། ཐབ་ལྷར་བསྐྱེད་ཅིང་མཆོད་པ། འབྲས་བུ་ཕྲིན་ལས་བཅོལ་ཞིང་གཤེགས་སུ་གསོལ་བའོ། །མཐིང་ནག་གྲུ་བཞི་ཐབ་ཁུང་ཟུར་གསུམ་དུ། །ཚེར་མ་ཅན་གྱི་ཤིང་བརྩིགས་ལ། །དུག་སྣ་ཚོགས་དང་ཁྲག་སྣ་ཚོགས། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །ཡུངས་ཀར་ཡུངས་ནག་མར་ནག་དང་། །ཡམ་ཤིང་དུག་ཤིང་ཚེར་མ་ཅན། །རྩ་བ་ལས་བྱུང་སོར་བརྒྱད་ཚད། །ལིངྒ་ཕུར་པ་མདའ་དང་གྲི། །དྲག་པོའི་མེ་བླངས་ཡུག་སས་སྦར། །ཏིང་འཛིན་རྃ་ལས་མེ་ལྷ་ཉིད། །དུད་ཁ་ར་སྐྱེས་ཁམ་པ་ཞོན། །ཞལ་གཅིག་ཕྱག་གཉིས་ཕྲེང་བ་མེ། །ལྟོ་བར་དོན་གྱི་ལྷ་ལྔ་བསམ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །ཏིལ་ཆེན་མར་ཁུས་མེ་དཔལ་བསྐྱེད། །ཚིལ་ཆེན་བཅས་པའི་ཡམ་ཤིང་འབུལ། །ལིངྒ་དབྱེ་དགུགས་ཕུར་པས་གདབ། །མདས་བརྡེག་ཐུན་ཕབ་གྲིས་གཏུབ་ལ། །མེ་ལྷའི་ཞལ་བརྒྱུད་ལྷ་ཚོགས་མཆོད། །སྐྱེ་བརྒྱུད་བཅད་ཕྱིར་ཤ་རུས་འབུལ། །གྲི་རུ་གསོད་ཕྱིར་ལྕགས་ཕྱེ་དང་། །ཟངས་ཕྱེ་རྡོ་ཕྱེ་ཡུངས་ཀར་འབུལ། །རིམས་ནད་དབབ་ཕྱིར་ཡུངས་ནག་འབུལ། །སྣ་ཚོགས་ནད་གཏོང་དམེ་ཁྲག་འབུལ། །སྦོས་ནད་བརྒྱལ་ནད་གཏོང་བའི་ཕྱིར། །གདུག་པ་དུག་གི་ཚོགས་རྣམས་འབུལ། །ཨཱོྂ་ཧྲཱིཿཥྚི་ཝིཥྚི་ཏཱ་ན་ན་ཧཱུྃ་ཕཊ། ཡ་མ་མེ་ཏ་ཀྵེ་ར་ཙ་ས་ཏོ་རུ་ན་ཡོ་ནི་ར་ཡ་ཙ་ནི་ཤ་ཏྲཱུྃ་མཱ་ར་ཡ་ཨགྣེ་ཡེ་ཁ་རཾ་ཁཱ་ཧི་སྭཱ་ཧཱ། ཞེས་རིམ་གྱིས་བརྒྱ་རྩ་བརྒྱད་དམ། ང་གཅིག་གམ་ནི་ཉེར་གཅིག་འབུལ། །གཞན་ཡང་ཉིན་བཞིའི་ལྷ་སྔགས་ཀུན། །ཧྲཱིཿཥྚིས་བསྡུས་ལ་རིམ་བཞིན་འབུལ། །ཉིན་བཞི་ཐམས་ཅད་ཀྱི་མགོར་ཧྲཱིཿཥྚིསབརྒྱན་ནས་འབུལ་ལོ། །ཡ་མ་ར་ཛ་ས་ཏྭ་མེ་ཡ་ཨ་མུ་ཀཾ། ཤ་ཏྲཱུཾ་མཱ་ར་ཡ་ཨགྣེ་ཁ་རཾ་ཁཱ་ཧི་སྭཱ་ཧཱ། ཉིན་བཞི་མགོ་འཇུག་དེ་ཡིས་འགྲེ། །ཞི་རྒྱས་དབང་དྲག་ཕྲིན་ལས་ཀྱི། །འབྲས་བུ་སྦྱིན་སྲེག་དག་གིས་འབྱིན། །ཡི་དམ་ནར་མ་རྒྱུན་དུ་ནི། །ཨཱོྂ་ས་མ་ཡ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་མ་མ་ཨེ་ཀ་ཛཱ་ཊི་ཨགྣེ་ཡེ་ཁ་རཾ་ཁཱ་ཧི་སྭཱ་ཧཱ། ཞེས་པའི་སྔགས་འདིས་འབུལ་བར་བྱ། །བདག་དང་གཞན་གྱི་ཕྲིན་ལས་བཅོལ། །སྨོན་ལམ་བཏབ་ལ་གཤེགས་སུ་གསོལ། །དམ་ཚིག་དཀྱིལ་འཁོར་རང་ལ་བསྡུ། །དྲི་ཆུས་བསང་ལ་ཐ་མལ་བསམ། །ཐལ་བ་ཆུ་བོ་ཆེན་པོར་དོར། །གཤིན་རྗེ་ནག་པོའི་སྦྱིན་སྲེག་ནི། །རྒྱ་གར་བྲམ་ཟེའི་རིགས་ལས་བྱུང་། །དྷ་ན་ད་ལ་དག་ལས་བརྒྱུད། །རྒྱ་རྒྱ་རྒྱ། རྫོགས་སོ།། །།


previousའཆི་བདག་གི་བསྐུལ་བ།next