Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཤིན་རྗེ་ཁ་ཐུན་གྱི་དཀྱིལ་འཁོར་གྱི་ཆོ་ག །རིན་ཆེན་རྣམ་པར་རྒྱལ་བ།
   
   


 
previousགཤིན་རྗེ་ཁ་ཐུན་གྱི་དཀྱིལ་འཁོར་གྱི་ཆོ་ག །རིན་ཆེན་རྣམ་པར་རྒྱལ་བ།next

གཤིན་རྗེ་ཁ་ཐུན་གྱི་དཀྱིལ་འཁོར་གྱི་ཆོ་ག །རིན་ཆེན་རྣམ་པར་རྒྱལ་བ།

གཤིན་རྗེ་ཁ་ཐུན་གྱི་དཀྱིལ་འཁོར་གྱི་ཆོ་ག་བཞུགས་སོ། །དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཁ་ཐུན་གྱི་སྒྲུབ་མཆོད་ལ་མཁོ་བའི་ཟུར་འདེབས་ལ། སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་ལས་སའི་ཆོ་ག་དང་། སྟ་གོན་ནོ། །དང་པོ་ལ། བརྟག་བསླང་སྦྱང་བཟུང་བསྲུང་བ་རྣམས་ལས། བརྟག་པ་ནི་གཞན་དུ་ཤེས། བསླང་བ་ནི། གང་དུ་དཀྱིལ་འཁོར་བྱ་བའི་གཞི་དེར་དྲིའི་ཐིག་ལེ་མེ་ཏོག་གི་ཚོམ་བུ་མཆོད་གཏོར་དང་བཅས་པ་བཤམས་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། མདུན་དུ་ལཾ་ལས་སའི་ལྷ་མོ་གསེར་གྱི་མདོག་ཅན་མཛེས་སྡུག་མཚུངས་པ་མེད་པ་ལྟེ་བ་ཡན་ཆད་ས་འོག་ནས་ཐོན་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་ལྷ་མོ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ༀ་པྲི་ཐི་ཝི་དེ་ཝི་ཨརྒྷཾ་སོགས། ཆུ་གཉིས་རྣམ་ལྔས་མཆོད། ཨ་ཀཱ་རོས་གཏོར་མ་འབུལ། ས་གནོན་གྱི་རྒྱས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྦྱོང་བའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་གསོལ་བས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པར་བསམ། གཏོར་མ་གཉིས་པ་བྱེ་བྲག་གི་ས་བདག་ལ་ཨ་ཀཱ་རོས་བསྔོ་ཞིང་། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདིར། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ལ་ཚོམ་བུ་སོགས་བསྡུ། སྦྱང་བ་ལ། ལས་དང་བྱ་བས་སྦྱང་བ་ནི། ལྟོ་འཕྱེ་བརྟགས་ནས་བརྐོས་པའི་སའི་རོ་ལྔ་བསལ་ཏེ་སྟེགས་བུ་བཅའ་བ་ཡིན་ནོ། །སྔགས་རྒྱས་སྦྱང་བ་ནི། ལག་གཡས་ཀྱི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པར་བསམ་ནས། ༀ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ས་ལ་ལན་གསུམ་གཏུག །ཏིང་ངེ་འཛིན་གྱིས་སྦྱང་བ་ནི། བདག་ཉིད་གཤིན་རྗེ་གཤེད་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་ཧཱུཾ་ཕྲ་མོ་གྲངས་མེད་པ་ཕྱོགས་བཅུར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མ་དག་པའི་དངོས་འཛིན་སྦྱངས། བྷཱུྃ་ལས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོར་གྱུར་པར་བསམ། བཟུང་བ་ནི། ༀ་མཉྫུ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཅེས་པས་རང་ཉིད་འཇམ་དཔལ་གཤིན་རྗེར་གྱུར་པའི་མིག་གཉིས་མ་དང་ཊ་ལས་ཉི་ཟླ་མིག་འབྲས་ཧཱུཾ་ལས་བསྐལ་པའི་མེ་འབར་བར་བསམ་ལ། ཧཱུཾ། གསང་སྔགས་དོན་ལ་མི་མོས་ཤིང་། །སོགས་ཀྱིས་བགེགས་བསྐྲད། ཁྲོ་བཅུའི་སྙིང་པོ་ལས་སྔགས་དང་བཅས་པས་ཕུར་གདབ་བྱ། བསྲུང་བ་ནི། ལས་སྔགས་བཟླས་པའི་དྲི་ཆུས་བདག་གནས་ཀུན་ལ་བསང་གཏོར་བྱས་ལ་སྲུང་འཁོར་བསྒོམ། ཆག་ཆག་གདབ་པ་ནི། གཞི་དེར་བདུད་རྩི་ལྔ་བྱུག་ཅིང་། ཧཱུཾ། རང་བྱུང་ཡེ་ཤེས་བདུད་རྩི་ལྔ་ལྡན་པས། །འཇམ་དཔལ་གཤིན་རྗེའི་རིགས་མཆོག་བསྒྲུབ་པའི་ཕྱིར། །བཀའ་གསང་སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར། །དམ་རྫས་གསང་བའི་བདུད་རྩིས་ཆག་ཆག་འདེབས། །མ་ཧཱ་རཀྟ་ཨ་མྲྀ་ཏ་མཎྜ་ལ་ཧཱུཾ། ཐིག་གདབ་པ་ལ། ཡེ་ཤེས་ཀྱི་ཐིག་ནི། སློབ་དཔོན་དང་སློབ་མ་གཤིན་རྗེ་ཡབ་ཡུམ་དུ་གསལ་བས་ཛཿཛཿཞེས་ཐིག་སྣ་གཏད་དེ། ཧཱུཾ། སྟོང་གསལ་གདལ་བ་ཡུམ་གྱི་གཞལ་ཡས་སུ། །ཐུགས་རྗེ་འགྱུར་མེད་ཡབ་ཀྱིས་ཐིག་གདབ་པས། །ཐབས་དང་ཤེས་རབ་གཉིས་མེད་བྱང་སེམས་ཀྱི། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མཁའ་ལ་གསལ། །ཨེ་བཾ་མ་ཡ་མཎྜ་ལ་ཧཱུཾ། ཞེས་ཡེ་ཐིག་ཐིག་བསྐོར་དང་བཅས་པས་སྤྱོད་ལམ་མ་ནོར་བར་གདབ། ལས་ཐིག་ནི། ཚངས་ཐིག་ནས་བཟུང་ཐིག་གདབ་རྣམས། །རྟ་བབས་བཞི་མ་སྤྱི་མཐུན་བྱ། །རྩ་ཐིག་ནང་དུ་ཆ་ཆེན་རེ། །གདབ་པ་ཁྱམས་ཀྱི་ཐིག་ཏུ་འགྱུར། །དེ་ཡི་ནང་དུ་ཆ་བྲན་གཅིག །ཆ་ཆེན་གཉིས་དང་ཆ་བྲན་གཅིག །དེ་དག་ཟླུམ་པོར་བསྐོར་བར་བྱེད། །ལྟེ་བར་ཚད་པའི་ཚད་དེ་ཡིས། །ཤར་གྱི་ཚངས་པའི་ཐིག་དེ་དང་། །ཟླུམ་སྐོར་ནང་མ་ཕྲད་མཚམས་སུ། །དེ་སྟེང་བཟུང་ལ་གཡས་གཡོན་ཚད། །ཚད་ཀྱི་སྟེང་བཟུང་ཕྲེད་དུ་བཅད། །དེ་དང་ནུབ་ཀྱི་ཚངས་ཐིག་སྦྲེལ། །ནང་ནས་ཆོས་འབྱུང་ཟླ་གམ་དང་། །མུ་ཁྱུད་རྩིབས་བཞི་རྩིབས་བརྒྱད་ནང་། །ཕྱི་ཡི་མུ་ཁྱུད་ས་ཡིན་ནོ། །དེ་དག་ནི་ས་ཡི་ཆོ་གའོ། །ལྷག་གནས་ལ་སྟ་གོན་ནི། །ལས་ཐིག་རྫོགས་པར་བཏབ་ནས། དྲི་བཟང་གི་ཆུས་གཙོ་བོར་གྲུ་བཞི་འཁོར་གནས་ཟླུམ་པོར་མེ་ཏོག་གི་ཚོམ་བུ་ལྷ་གྲངས་དང་མཉམ་པ་བཀོད། མཐའ་མཆོད་པས་བསྐོར། དེ་ནས་བདག་གི་རྣལ་འབྱོར་བསྒོམ། མདུན་གྱི་ཚོམ་བུ་ལྷར་བསྐྱེད་པ་ནས་བསྟོད་པའི་བར་སྒྲུབ་ཐབས་ལྟར་བྱ། སྤོས་བཏུལ་ཞིང་དྲིལ་བུ་གསིལ་བས། བཅོམ་ལྡན་རྡོ་རྗེ་གཤིན་རྗེའི་གཤེད། །རིག་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །སེམས་ཅན་རྣམས་ལ་བརྩེ་བ་དང་། །ཁྱོད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཀྱིས། །རབ་གནས་གནང་བར་བགྱིད་པར་འཚལ། །གུས་པས་བདག་དང་འདི་ལ་ནི། །བཀའ་དྲིན་དག་ནི་མཛད་པར་རིགས། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །རྡོ་རྗེ་ཡི་ནི་སྤྱན་ལྡན་རྣམས། །རྡོ་རྗེ་འཆང་ཆེན་གཤིན་རྗེ་གཤེད། །རིག་པའི་རྒྱལ་པོ་འདི་ཡི་ནི། །ལྷག་པར་གནས་པར་བགྱིད་པར་འཚལ། །དེ་བས་རྡོ་རྗེ་རྣལ་འབྱོར་ལ། །ཐུགས་རྗེ་ལྡན་པ་བྱིན་བརླབ་མཛོད། །ས་མ་ཡ་སྟྭཾ་ཨ་ཧཾ། ཞེས་ལན་གསུམ་བརྗོད་དེ་སྙན་གསན་ཕབ། འཇམ་དཔལ་གྱི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁར་བཏེག་སྟེ་ཚོམ་བུ་བསྡུ། བུམ་པ་སྟ་གོན་ནི། རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པ་གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ། དར་གྱིས་མགུལ་བཅིང་། བུམ་རྫས་དང་རྒྱུན་འབབས་ཀྱི་ཆུས་དགང་། ཁ་རྒྱན་དུང་ཆོས་གཟུངས་རྡོར་དང་བཅས་ཏེ་མཉྫིའི་སྟེང་དུ་བཀོད། བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས། །ཕྱི་ནི་བུམ་པའི་རྣམ་པ་ལ། །ནང་ནི་དུར་ཁྲོད་གཞལ་ཡས་ཁང་། །ཡེ་ཤེས་ཆེན་པོའི་གནས་ཆེན་པོ། །ཕྱི་དང་ནང་མེད་ཆོས་ཀྱི་དབྱིངས། །ཞེས་པ་ནས་དབང་གི་བར་དང་། དེ་ནས་བཞེངས་གསོལ་ནས་བསྟོད་པའི་བར་སྒྲུབ་ཐབས་བཞིན་དང་། བཟླས་པའི་ཚེ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་གཟུངས་ཐག་ལ་འཁྲིལ་ཏེ་བུམ་ནང་གི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཞུགས་པར་བསམ་ལ་བཟླས་པ་བྱས་མཐར། ༀ་ཨཱཿཧཱུཾ་གིས་མཆོད་ཡོན་ཕུལ་བས་ལྷ་ཐམས་ཅད་ཆགས་པ་ཆེན་པོས་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ཏུ་གྱུར་པར་བསམ་མོ། །ཚོན་འགྱེད་པ་ནི། ཚོན་སྣ་ལྔ་ཁ་དོག་རིགས་བསྡེབས་ལ། ༀ་ཧཱུཾ་སྭཱ་ཨཱཾ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་དེ་བཞིན་གཤེགས་པ་རིགས་ལྔའི་རང་བཞིན་དུ་གྱུར། དེ་རྣམས་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་བསམ་ལ། ས་བོན་ལྔ་བརྗོད་པས་བྱིན་གྱིས་བརླབས་ལ། འགྱེད་པ་ནི། ལྟེ་བ་ཆོས་འབྱུང་སྔོན་པོ་ལ། །ཟླ་གམ་གསུམ་ནི་ཁྲག་མཚོ་དང་། །མུ་ཁྱུད་ཐོད་སྐམ་ར་བས་བསྐོར། །རྩིབས་བཞི་ཕྱོགས་མདོག་རྩིབས་བརྒྱད་སྔོ། །རྩིབས་མཆན་ཁྲག་མཚོ་ཕྱིའི་མུ་ཁྱུད། །ཐོད་ར་གྲུ་ཆད་ཕྱོགས་མདོག་ཁྱམས། །ཁྲག་མཚོ་སྒོ་ཁྱམས་ཕྱོགས་ཀྱི་མདོག །རྩིག་པ་ནང་ནས་དཀར་དམར་སྔོ། །འདོད་སྣམ་དམར་ལ་ཕ་གུ་ནི། །མགོ་རློན་གྱིས་དཀྲིས་སྦྲུལ་རིན་ཆེན། །དྲྭ་བ་དྲྭ་ཕྱེད་ཤར་བུ་དང་། །མདའ་ཡབ་དཀར་ལ་སྒོ་ཡི་རྒྱན། །འདེགས་བྱེད་ཀ་བ་ཕྱོགས་ཀྱི་མདོག །ཞིང་གིས་བཏེགས་ལ་ཀ་བའི་རྒྱན། །ཞིང་ལྤགས་ཀྱིས་མཛེས་རྟ་བབས་བཞི། །ནང་ནས་སྔོ་ལྗང་དམར་དང་སེར། །སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག །པདྨ་དུར་ཁྲོད་རྡོ་ར་དང་། །མེ་རི་རྣམས་ནི་སྤྱི་དང་མཐུན། །ལྷ་གནས་རྣམས་སུ་སྐུ་གཟུགས་སམ། །ཕྱག་མཚན་ས་བོན་ཅི་རིགས་འགོད། །དེ་ནས་རྒྱན་འགོད་པ་ནི། དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་སྔར་འདུ་བྱས་པའི་བུམ་པ། ནུབ་ཏུ་སྨན་རཀ་གཏོར་གསུམ། མཐར་མཚམས་འཛིན་གྱི་མེ་ཏོག་ནས་བརྩམ་སྟེ་ཆུ་གཉིས་ཉེར་སྤྱོད་ལྔ་གཡས་བསྐོར་གྱིས་བཀོད། གཞན་ཡང་སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་ལས་བུམ་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བཤམ་མོ། །གཉིས་པ་དངོས་གཞི་ནི། བསང་ཆུ་བྱིན་རློབ་ནས་ཤིས་བརྗོད་ཀྱི་བར་སྒྲུབ་ཐབས་བཀླག་པས་དོན་འགྲུབ་ཀྱི་དཀྱུས་བཞིན་དང་། སྒོམ་དོན་ནི་བདག་མདུན་བུམ་གསུམ་དབྱེར་མེད་དུ་བསྒོམ་དགོས་ཤིང་། དབང་བསྐུར་དང་འབྲེལ་ཚེ་བཟླས་པའི་མཐར་བུམ་པ་ལ་དམིགས་ཕྱེད་པའི་བཟླས་པ་དང་། བདག་འཇུག་རྫོགས་པར་ལེན་པའམ། མི་ནུས་ན་རིག་པའི་མེ་ཏོག་དོར་ཏེ། གནང་བ་ཞུ་བ་རྣམས་བྱས་ཏེ། དབང་གི་ཆོ་ག་ནི་གཞུང་ལས་ཤེས་པར་བྱའོ། །གསུམ་པ་རྗེས་ནི། སྒྲུབ་མཆོད་ཀྱི་ཉིན་ཐ་མ་ལ་བྲོ་བརྡུང་ཡན་ཆད་སྔར་བཞིན་སོང་བའི་རྗེས་སུ་དངོས་གྲུབ་བླང་བ་ནི། །ཧཱུཾ། གསང་སྔགས་དོན་ལ་མི་མོས་ཤིང་། །སོགས་ཀྱིས་བགེགས་བསྐྲད། ཁྲོ་བཅུའི་སྔགས་ཀྱིས་སྲུང་འཁོར་བསྒོམ། ཧཱུཾ། ཡ་མཱནྟ་ཀ་འཇམ་དཔལ་གཤིན་རྗེའི་གཤེད། །སོགས་ཀྱིས་བཤགས། ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས། །སོགས་ཀྱིས་དམ་བཅའ། ཡ་མའི་ཚོགས་ཀྱི་དུས་ལ་བབ། །སོགས་ཀྱིས་བྱིན་དབབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པས་བདག་ལ་སྩལ་ཞིང་ཐིམ་པར་བསམ་ལ་སྔགས་མཐར། སརྦ་སིདྡྷི་ཕ་ལ་ཧཱུཾ། ཞེས་བཏགས་པ་ཅི་རིགས་བཟླས་ལ། སྨན་གཏོར་རཀྟས་མཆོད་ལ། དངོས་གྲུབ་བསྐུལ་བའི་སྨོན་ལམ་ནི། ཧོཿ ནམ་མཁའི་ཁམས་མཉམ་འཇམ་དཔལ་གཤིན་རྗེའི་གཤེད། །སྐུ་ཡི་དངོས་གྲུབ་ནམ་མཁའི་དཀྱིལ་ཡངས་བཞིིན། །གསུང་གི་དངོས་གྲུབ་འགགས་མེད་བརྗོད་དང་བྲལ། །ཐུགས་ཀྱི་དངོས་གྲུབ་མི་རྟོག་མཉམ་པའི་ངང་། །ཡོན་ཏན་དངོས་གྲུབ་ཡིད་བཞིན་རིན་ཆེན་གཏེར། །ཕྲིན་ལས་དངོས་གྲུབ་རྣམ་བཞི་ལྷུན་གྱིས་གྲུབ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དངོས་གྲུབ་རྣམ་གཉིས་དགོས་འདོད་ཡིན་བཞིན་ནོར། །ཇི་ལྟར་བསམ་པའི་དངོས་གྲུབ་སྩལ་དུ་གསོལ། །གནས་སྐབས་ནད་གདོན་བར་གཅོད་ལ་སོགས་པ། །མི་མཐུན་གནོད་པའི་ཕྱོགས་ཀུན་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དབང་། །མངའ་ཐང་སྙན་གྲགས་དགོས་དགུ་རྒྱས་པ་དང་། །མོས་བཞིས་ཁམས་གསུམ་སྲིད་གསུམ་ལྷ་མིའི་ནོར། །ཡིད་ལ་གང་འདོད་དབང་དུ་འདུ་བ་དང་། །བསྟན་དང་བླ་མར་དོ་བདོ་བདག་ལ་འཚེ། །དགྲ་བགེགས་གང་བྱུང་དྲག་པོས་བསྒྲལ་ལ་སོགས། །རྣམ་བཞི་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མཐར་ཐུག་བདག་དོན་ཕུན་ཚོགས་འཇམ་དཔལ་དབྱངས། །ཡེ་ཤེས་སེམས་དཔའི་གོ་འཕང་མྱུར་ཐོབ་ཅིང་། །གཞན་དོན་ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས། །གང་ལ་གང་འདུལ་གཟུགས་སྐུར་ཆོས་བསྟན་ནས། །རྫོགས་པའི་སངས་རྒྱས་ས་ལ་རབ་འགོད་པའི། །དོན་གཉིས་ཕུན་ཚོགས་དངོས་གྲུབ་དེང་སྩོལ་ཅིག །ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་བརྗོད་ཅིང་རྣམ་བུམ་སྤྱི་བོར་འཇོག་ཅིང་བུམ་ཆུ་མྱང་བ་སོགས་བྱ། །དེ་ནས་གཏང་རག་གི་མཆོད་བསྟོད་དང་། ཡིག་བརྒྱ་བཟླས་ཤིང་ནོངས་པ་བཟོད་པར་གསོལ། ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་བསྡུས་ནས་ཨ་ཀཱ་རོའི་སྔགས་ཀྱིས་དཀྱིལ་འཁོར་དབྱི། ཕུར་བུ་དབྱུང་ཞིང་བཀྲུ། སྨོན་ལམ་དང་བཀྲ་ཤིས་ཀྱིས་མཐར་བརྒྱན་པ་རྣམས་བྱའོ། །གནུབས་ཆེན་ཡབ་སྲས་ཐུགས་བཅུད་གཤིན་རྗེའི་གཤེད། །ཁ་ཐུན་ནག་པོའི་སྒྲུབ་མཆོད་ཟུར་འདེབས་འདི། །རིན་ཆེན་རྣམ་པར་རྒྱལ་བས་བྲིས་པའི་དགེ། །འཇམ་དཔལ་རྡོ་རྗེའི་གོ་འཕང་མྱུར་ཐོབ་ཤོག། །།


previousགཤིན་རྗེ་ཁ་ཐུན་གྱི་དཀྱིལ་འཁོར་གྱི་ཆོ་ག །རིན་ཆེན་རྣམ་པར་རྒྱལ་བ།next