Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁ་ཐུན་དབང་ཆུ་བཀའ་མ།
   


 
previousཁ་ཐུན་དབང་ཆུ་བཀའ་མ།next

ཁ་ཐུན་དབང་ཆུ་བཀའ་མ།

ཁ་ཐུན་དབང་ཆུ་བཀའ་མ་བཞུགས། རྒྱ་གཞུང་ངོ་། །རྒྱ་གར་སྐད་དུ། ཡ་མཱནྟ་ཀཱ་བྷི་ཥེཀྟ་བི་དྷི། བོད་སྐད་དུ། གཤིན་རྗེ་མཐར་བྱེད་ཀྱི་དབང་གི་ཆོ་ག །དཔལ་ལྡན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །རི་བོ་ཚང་ཚིང་ཆུ་བོའི་འགྲམ། །དུར་ཁྲོད་ལ་སོགས་གནས་དབེན་པར། །ཐོས་ལྡན་སྒྲུབ་བརྩོན་དམ་ཚིག་ལྡན། །འགྲོ་ལ་བརྩེ་ལྡན་སློབ་དཔོན་གྱིས། །ལས་འབྲས་མཐོང་ཞིང་དམ་ཚིག་ལྡན། །ཐར་པ་དོན་གཉེར་བླ་མ་མཆོད། །སྐལ་ལྡན་སློབ་མ་དམ་པ་ལ། །རྒྱུ་གསུམ་དབང་གི་ཆོ་ག་བསྟན། །བུམ་པ་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ཏེ། །ལུས་ངག་སེམས་དང་ཀུན་སྒྲིབ་སྦྱོངས། །ས་བདག་མི་དང་འབྱུང་པོ་ལ། །གསོལ་གདབ་པ་ཡིས་གནང་བ་ཞུ། །སླར་ཡང་ས་ཡི་ལྷ་མོ་ལ། །མཆོད་བསྟོད་གསོལ་བ་གདབ་བྱ་བ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །དེ་ལྟར་བདག་ལའང་གནང་བར་མཛོད། །གནང་བ་བྱིན་ནས་མཁའ་ལ་བཏེགས། །ལྟོ་འཕྱེ་བརྟགས་དང་ས་རྐོ་ཞིང་། །སེལ་བྱུང་བ་ལ་གཏེར་ཡང་གཞུག །མཎྜལ་ལེགས་བྱས་ཐིག་ལེ་དགོད། །ཚོམ་བུ་བཀོད་ནས་ལྷ་རྣམས་བསྐྱེད། །ལྷ་ལ་གསོལ་གདབ་བུམ་པ་བསྒྲུབ། །དེ་ནས་སློབ་མ་སྟ་གོན་ནི། །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་དཀྱིལ་འཁོར་དུ། །མགོན་པོས་བདག་ནི་གཞུག་པར་མཛོད། །དེ་ལྟར་གསོལ་བ་བཏབ་གྱུར་ནས། །བླ་མས་སྤྲོ་བ་བསྐྱེད་བྱ་སྟེ། །བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། །གསང་སྔགས་ཟབ་མོའི་སྣོད་ཡིན་ཏེ། །གསང་སྔགས་ཆོ་ག་ཁྱད་པར་ཅན། །ཁྱོད་ལ་ཡང་དག་བཤད་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་ཆོ་ག་ཡིས། །གསང་བ་བླ་མེད་འགྲུབ་པར་འགྱུར། །དེ་ཕྱིར་ཁྱོད་ཀྱིས་འདིར་འབད་བྱོས། །སློབ་མས་ཐུན་མོང་གི་སྡོམ་པ་བཟུང་བ་ནི། །སངས་རྒྱས་ཆོས་དང་དགེ་འདུན་ཆེ། །དམ་པ་གསུམ་ལ་སྐྱབས་སུ་མཆི། །དངོས་དང་ཡིད་ཀྱིས་མཆོད་པའི་སྤྲིན། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ལུས་ངག་ཡིད་ཀྱི་སྡིག་པའི་ཚོགས། །མ་ལུས་སོ་སོར་བཤགས་པར་བགྱི། །དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །ཟག་མེད་དགེ་ལ་རྗེས་ཡི་རང་། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ། །ཕྱོགས་བཅུར་ཆོས་འཁོར་བསྐོར་དུ་གསོལ། །དུས་རིང་མྱ་ངན་མ་འདའ་བཞུགས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ། །བདག་ལུས་ཡོངས་སུ་འབུལ་བགྱི་ཞིང་། །སྨོན་འཇུག་ལམ་དང་ལྡན་པ་ཡི། །བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱི། །དགེ་བའི་རྩ་བ་འདི་དག་ཀུན། །བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །ཞེས་ལན་གསུམ་དང་། ཁྱད་པར་རིགས་ལྔའི་སྡོམ་པ་བཟུང་ཞིང་སེམས་བསྐྱེད་པ་ནི། བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་རྣམས། །ཡང་དག་ཉིད་དུ་བཟུང་བར་བགྱི། །རྡོ་རྗེའི་རིགས་རྣམས་བསྡུས་པ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ཡི། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་དག་བརྟན་པོར་བཟུང་བར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སངས་རྒྱས་ཉིད་དུ་བསྒྲུབས་ནས་ནི། །འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བྱང་ཆུབ་གནས་སུ་བསྒྲལ་བར་བགྱི། །དེ་ནས་གནས་གསུམ་དུ་ཡི་གེ་གསུམ་དང་། དེ་ལས་རྡོ་རྗེ་གསུམ་བསྐྱེད། ཕྱོགས་བཅུའི་རྡོ་རྗེ་གསུམ་མ་ལུས་པ་དགུག །དྲི་ཆུས་བྱུག །ༀ་བཛྲ་ཧ་ས། དན་ཏ་མཱ་ལ་བི་ཤུདྡྷེ་ཧཱུཾ་ཕཊ། སོ་ཤིང་དོར། ཞི་རྒྱས་དབང་དྲག་མཁའ་དང་ས་ལ་སྤྱོད་པ་འགྲུབ། ཨཱོཾ་ཧཱུཾ་བི་ཤུདྡྷ་དྷརྨཱ་ཱས་ཏྭ་པཱ་ས་ནིཤྩ་ཨ་སྱ་ཤྭ་དྷ་ཡཱ་བི་ཀལྤ་ཨ་པ་ན་ཡ་ཧཱུཾ་གིས་ཁ་བཀྲུ། རྩ་བའི་སྔགས་ཀྱིས་སྲུང་སྐུད་བཅིངས་ཤིང་། ༀ་བུདྡྷ་མཱཻ་ཏྲི་ཀཱ་རུ་ཎ་རཀྵ་རཀྵ་སྭཱ་ཧཱ། བསྲུང་། ཧཱུཾ་དང་དྷིཿལས་བྱུང་བའི་ཀུ་ཤ་སྔས་དང་སྟན་དུ་སྦྱིན་ཞིང་། ༀ་བཛྲ་ཏིཀྵ་བཾ་དང་། ཆོས་བཤད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །སྤྱོད་མཆོག་འདི་ལ་གང་གནས་ཀྱིས། །བློ་གྲོས་ཤིན་ཏུ་དྲི་མ་མེད། །དེ་རྣམས་ཀྱི་ནི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་ཞི། །བདག་ཉིད་ཆེན་པོ་དེ་རྣམས་ཀྱིས། །དེ་རིང་རྙེད་པ་མཉམ་མེད་བརྙེས། །ཞེས་པའི་དོན་བཤད་ཅིང་རྨི་ལམ་བརྟགས། ངན་ན་ཞི་བ་ལ་སོགས་པའི་ཆོ་ག་དང་། སྦྱིན་སྲེག་གིས་བགེགས་བཟློག །ཡེ་ཤེས་ཀྱི་ཐིག་དང་ལས་ཐིག་གདབ། ཚོན་རྣམས་བྱིན་གྱིས་བརླབ། ཚོན་དགྱེ། རབ་སྐུ། འབྲིང་ཕྱག་མཚན་དང་ས་བོན། ཐ་མ་ཐིག་ལེ་བྱའོ། །དེ་ལྷར་བསྐྱེད། མཆོད་བསྟོད་བཟླས་པ་བྱའོ། །དབང་བླང་བདེན་པའི་སྟོབས་བརྗོད་པར་བྱ་ཞིང་། ཉེས་པ་ལྷག་ཆད་ཁ་བསྐང་བ་ཡི་གེ་བརྒྱ་པ་འདོན་ནོ། །དེ་ནས་སློབ་མ་འཇུག་པ་ནི། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཀྱིལ་འཁོར་དབང་ཕྱུག་ཚོགས་ལ་འདུད། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །དཀྱིལ་འཁོར་དམ་པར་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། དཔལ་ལྡན་གཤིན་རྗེའི་གཤེད་ཞལ་གཅིག་ཕྱག་གཉིས་པར་གྱུར་པ་ལ། ༀ་བྱ་ཀྲྀ་ཙརྨ་ཧཱུཾ། ཞེས་པས་སྟག་ལྤགས་ཀྱིས་སྨད་དཀྲིས། ༀ་ན་ར་ཙརྨ་ཧཱུཾ། ཞེས་མི་ལྤགས་ཀྱིས་བསྟོད་གཡོགས་དང་། ༀ་ཙཀྵ་བྷནྡྷ་ཧཱུཾ་གིས་གདོང་བཅིངས། ༀ་བཛྲ་པུཥྤེ་མ་ལེ་ཏྲཾ་གིས་མེ་ཏོག་གི་ཕྲེང་བ་བྱིན་ནས། བླ་མས། བུ་ཁྱོད་འདོད་དོན་གང་ཞིག་ཡིན། །སློབ་མས། སྐལ་བཟང་བདག་ནི་བདེ་ཆེན་འདོད། །བླ་མས། དེང་ཁྱོད་ཁྲོ་རྒྱལ་གཤིན་རྗེའི་གཤེད། །རིགས་མཆོག་དམ་པར་བཞུགས་གྱུར་པའི། །གསང་བའི་དཀྱིལ་འཁོར་འདི་ཉིད་ནི། །ཤིན་ཏུ་གསང་བར་བྱ་དགོས་སོ། །གལ་ཏེ་མི་གསང་དམ་ཚིག་ཉམས། །ཡང་། དཔལ་ལྡན་གཤིན་རྗེ་མཐར་བྱེད་ཀྱི། །ཡེ་ཤེས་ཁྱོད་ལ་བསྐྱེད་བྱ་ཡིས། །ཁྱོད་ཀྱི་དེ་བཞིན་གཤེགས་རྣམས་ཀྱི། །དངོས་གྲུབ་དམ་པའང་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག །གལ་ཏེ་སྨྲས་པར་གྱུར་ན་ནི། །དམ་ཚིག་ཉམས་ཏེ་དམྱལ་བར་ལྟུང་། །སྙིང་ཁར་རྡོ་རྗེ་བཞག་ནས། དཔལ་ལྡན་གཤིན་རྗེ་གཤེད་པོ་དང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བདུད་རྩི་ལྔའི་བཏུང་བ་སྦྱིན་ཞིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཧཱུཾ། སྤྱི་བོར་རྡོ་རྗེ་གཏུགས་ཏེ། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི། །དཔལ་ལྡན་གཤིན་རྗེ་མཐར་བྱེད་དེས། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། །ཁྱོད་ཀྱིས་ཀྱང་ནི་བྱ་དགོས་སོ། །གལ་ཏེ་ང་ལ་བརྙས་བྱས་ན། །སེམས་ཅན་དམྱལ་བ་ཆེན་པོར་ལྟུང་། །ཞེས་དམ་ལ་བཞག་ཅིང་གསང་བར་གདམས་ནས། ཡེ་ཤེས་པ་དབབ་པར་གསོལ་བ་ནི། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་དང་། །དཔལ་ལྡན་གཤིན་རྗེ་གཤེད་པོ་ཡིས། །སྐུ་གསུང་ཐུགས་དང་ཡོན་ཏན་ཆེ། །ཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ། །དེ་ནས་དེའི་ཐུགས་ཀའི་ཡ་ཡིག་ནག་པོ་ལས་འོད་ཟེར་གྲངས་མེད་འཕྲོས་པས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་རྣམས་དབབ་ཅིང་། ༀ་བཛྲ་ཀྲོདྷ་ཡ་མཱནྟ་ཀ་ཧཱུཾ་ཏིཥྛ་བཛྲ་ཧཱུཾ། ཞེས་བརྟན་པར་བྱ། སྣང་བ་དྲི་བ་ནི། དཀར་སེར་དམར་ལྗང་ལ་སོགས་ཀྱིས་ཞི་རྒྱས་དབང་དྲག་སྣ་ཚོགས་འགྲུབ་བོ། །དཀྱིལ་འཁོར་གྱི་གཙོ་བོ་ཡེ་ཤེས་ལྷའི་དབུ་ལ་མེ་ཏོག་དོར་ཞིང་། ༀ་པུཥྤེ་མ་ལེ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་རིགས་ཀྱི་ལྷ་གང་ལ་མེ་ཏོག་ཕོག་པར་ངོ་སྤྲད། དེའི་དངོས་གྲུབ་ཞེས་དོན་གོ་བར་བསྙད་དོ། །མེ་ཏོག་མགོར་བཞག་ཅིང་། སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི། །མེ་ཏོག་འདི་ནི་བླང་བར་གྱིས། །ༀ་བཛྲ་རཏྣ་ཀ་མ་ཡ་ཨ་བྷི་ཥཉྩི་མཾ། ཞེས་སོ། །ༀ་བཛྲ་ནེ་ཏྲ་ཨ་ས་ཧ་ར་ས་པ་ཊ་ལཾ་ཧྲཱིཿ ཞེས་དང་། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །དཔལ་ལྡན་གཤིན་རྗེ་མཐར་བྱེད་ཀྱིས། །བུ་ཁྱོད་མི་ཤེས་རབ་རིབ་བསལ། །ཞེས་གདོང་གཡོགས་བསལ་ནས། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ད་ནི་དད་པ་རབ་ཏུ་བསྐྱེད། །དངོས་གྲུབ་ཀུན་གྱི་རྒྱུར་གྱུར་ཏོ། །ཞེས་བརྗོད་པ་སྟེ། དཀྱིལ་འཁོར་དུ་གཞུག་པའི་ཆོ་གའོ། །དེ་ནས་མཎྜལ་སྔོན་དུ་འགྲོ་བས། རྡོ་རྗེ་ཅན་གྱི་སངས་རྒྱས་ཀྱིས། །སངས་རྒྱས་སྲས་རྣམས་དབང་བསྐུར་ལྟར། །དེ་ལྟར་བདག་ལའང་དབང་བསྐུར་ཞིང་། །སངས་རྒྱས་ཉིད་དུ་འགྲུབ་པར་མཛོད། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་པ་རྣམས་དཔལ་ལྡན་གཤིན་རྗེ་གཤེད་དུ་བསྒྲུབས་ནས། བུམ་པ་རྣམས་ཀྱིས། ཆེ་བའི་ཡོན་ཏན་ཀུན་རྫོགས་ཤིང་། །བྱང་ཆུབ་སེམས་རབ་ཆུས་གང་བའི། །རྣམ་པར་དག་པའི་བུམ་པ་འདིས། །དེ་རིང་བུ་ཁྱོད་དབང་བསྐུར་རོ། །རྩ་སྔགས་དང་། བཛྲ་ཨ་བྷི་ཥིཉྩ་ཧཱུཾ། དེ་བཞིན་རིགས་བཞིར་བསྒྲུབ་པ་ལ། བདེ་གཤེགས་ཀུན་གྱི་དབུ་རྒྱན་ཆེ། །སངས་རྒྱས་ཀུན་གྱིས་རབ་བསྔགས་པའི། །དབུ་རྒྱན་རིན་ཆེན་དམ་པ་དང་། །དར་དཔྱངས་ཀྱིས་ནི་དབང་བསྐུར་རོ། །ༀ་བཛྲ་མུ་ཀུ་ཏྲ་རཏྣ་ཨ་བྷི་ཥིཉྩ་མུཾ། ༀ་བཛྲ་པ་ཌ་ལ་ཏུ་ཥྱ་ཧོ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་མཆོག །གཉིས་མེད་ཡེ་ཤེས་ངོ་བོ་ཡིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ༀ་བཛྲ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མཾ། ཡེ་ཤེས་དག་པའི་ངོ་བོ་སྟེ། །བླ་ན་མེད་པར་རབ་སྦྱོར་བ། །ཆོས་ཀྱི་དྲིལ་བུ་བླ་ན་མེད། །ལས་ཀྱི་རྡོ་རྗེས་དབང་བསྐུར་རོ། །ༀ་བཛྲ་ཀརྨ་མཎྜ་ལ་ཨ་བྷི་ཥིཉྩ་མཾ། ཧཱུཾ། སངས་རྒྱས་ཀུན་གྱིས་རབ་སྔགས་པའི། །སངས་རྒྱས་ཀུན་གྱི་རྡོ་རྗེའི་མིང་། །གཏི་མུག་རྡོ་རྗེར་རབ་གྲགས་པའི། །རྡོ་རྗེའི་མིང་གི་དབང་བསྐུར་རོ། །ༀ་བཛྲ་ན་མ་བཛྲ་ཨ་བྷི་ཥིཉྩ་མཾ། ཉོན་མོངས་ལྔ་པོ་རྣམ་དག་ཅིང་། །ཕུང་པོ་ལྔ་པོ་གནས་གྱུར་པ། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །རིགས་ལྔའི་སངས་རྒྱས་འགྲུབ་པར་འགྱུར། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ནས། དཔལ་ལྡན་བླ་མ་ཁྱོད་དྲིན་ལས། །རང་གཞན་དོན་གཉིས་སྒྲུབ་ནུས་ཅན། །རྡོ་རྗེ་སློབ་དཔོན་དབང་བསྐུར་ཆེ། །བདག་ལ་དེ་རིང་སྩལ་དུ་གསོལ། །ཞེས་ལན་གསུམ། སློབ་མ་མ་ཧེ་སེངྒེའི་ཁྲི་དང་ཉི་མ་ལ། དཔལ་ལྡན་གཤིན་རྗེའི་གཤེད་དུ་གྱུར་པ་ལ། བུམ་པས་དབང་བསྐུར་ཞིང་། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་ཆེ། །རྡོ་རྗེ་ཆེན་པོ་ལས་བྱུང་བའི། །ཡེ་ཤེས་ཆུ་བོས་དབང་བསྐུར་རོ། །ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། ༀ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། ༀ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་བསྐུར་རོ། །སྤྱི་བོར་མི་བསྐྱོད་པས་རྒྱས་གདབ། སྐུ་ལྷའི་ལྷ་ཚོགས་སྙིང་ཁར་གཞུག །གསང་བ་སྔགས་ཀྱི་བཟླས་ལུང་སྦྱིན། ཐུགས་ཀྱི་ས་བོན་སེམས་ལ་བཞག །ཕྱོགས་བཅུའི་ཁྲོ་ཚོགས་གནས་གསུམ་དུ་བསྟིམ། སློབ་མས། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ། ཝཱཀ །ཙིཏྟ་ཞེས་ང་རྒྱལ་བཟུང་། དུར་ཁྲོད་ཆས་བརྒྱད་ཀྱིས་མངོན་པར་བརྒྱན། བཀྲ་ཤིས་བརྗོད། བུམ་པའི་དབང་ངོ་། །གསང་བའི་དབང་བསྐུར་བྱང་ཆུབ་སེམས། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་མཆོག །རྨད་བྱུང་རྫས་ཀྱིས་དབང་བསྐུར་བས། །བུ་ཁྱོད་དྭངས་པའི་སེམས་ཀྱིས་ལྟོས། །ༀ་པྲཛྙཱ་ཨུ་པ་ཡ་གུ་ཧྱ་ཨ་བྷི་ཥིཉྩ་མཾ། ཤེས་རབ་ཡེ་ཤེས་ནི། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱ་སངས་རྒྱས་རྣམས་ཀྱིས་གསུངས། །འཁོར་ལོ་རིམ་པས་སྦྱོར་བ་ཡིས། །བདེ་བ་དམ་པ་མྱོང་བར་གྱིས། །ཞེས་བྱིན་པ་ལས། ཕྱག་རྒྱ་དེས། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །གང་ཞིག་ཆོ་གས་བསྟེན་བྱེད་ན། །དེ་ཡི་མདུན་ལ་བདག་གནས་ཏེ། །སངས་རྒྱས་བརྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་གནས། །བྷཉྫ་མོ་ཀྵ་ཧོ། ལྷའི་ང་རྒྱལ་གྱིས་སྙོམས་པར་ཞུགས། ཨ་ཧཾ་འཁོར་ལོའི་འབར་འཛག་གི། །དགའ་བདེ་བཅུ་དྲུག་ཉམས་མྱོང་གིས། །ཕྱག་རྒྱ་བདེ་བའི་རོལ་པ་འདི། །སངས་རྒྱས་ཀུན་གྱི་གསང་བའི་གནས། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པའི་བདེ་བའི་རོལ་པའོ། །བཞི་པ་ནི། དུས་གསུམ་རྟོག་པ་དང་བྲལ་བ། །ཅིར་ཡང་མི་རྟོག་ཕྱག་རྒྱ་ཆེ། །ཐོག་མཐའ་དབུས་མའི་སྤྲོས་ལས་འདས། །སྣང་མཆེད་ཐོབ་དང་ཉེར་ཐོབ་པ། །ཁམས་གསུམ་ཡིན་ཏེ་སངས་རྒྱས་ཞིང་། །མཐའ་བྲལ་བདེ་ཆེན་ཞིང་དུ་ལྟོས། །ༀ་མ་ཧཱ་མུ་དྲ་དྷརྨ་དྷཱ་ཏུ་ཨ་བྷིཥིཉྩ་མཾ། དབང་བཞི་པའོ། །དབང་སྟེགས་མ་ཧེས་བཏེགས་པའི་ཁྲིར། །གཙོ་བོ་དཔལ་ལྡན་ཡབ་དང་ཡུམ། །ཡེ་ཤེས་ལྷ་དང་གཉིས་མེད་པར། །གོང་བཞིན་བུམ་པ་དབུ་རྒྱན་དང་། །དར་དཔྱང་བཅིངས་ནས་སངས་རྒྱས་གཞུག །བཀྲ་ཤིས་བརྗོད་ནས་ལུང་བསྟན་ནི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཕྱོགས་བཅུའི་སངས་རྒྱས་ཞིང་རྣམས་སུ། །བླ་ན་མེད་པའི་རྡོ་རྗེའི་མིང་། །ཆེ་གེ་ཞེས་བྱར་ལུང་བསྟན་བྱ། །སིདྡྷི་ས་མ་ཡ་སྟྭཾ་བྷུ་ར་བྷུ་བ་སྭ། དེ་ལ་རྗེས་སུ་གནང་བ་ནི། སེམས་ཅན་ཀུན་ལ་ཕན་དོན་དུ། །འཇིག་རྟེན་ཀུན་ནས་ཐམས་ཅད་དུ། །སྣ་ཚོགས་ཇི་ལྟར་འདུལ་གྱུར་པས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ༀ་དྷརྨཱ་ཙཀྲ་ཝ་རྟི་ཀ་ཧཱུཾ། ཆོས་ཀྱི་དུང་ཆེན་རབ་ཏུ་བུས། །ༀ་བཛྲ་བྷ་ཥ་བྷ་ཥ་ཧཱུྃ། ཆོས་རྣམས་རབ་ཏུ་བཤད་པར་གྱིས། །ༀ་དྷརྨ་དེ་ཤ་ཧཱུྃ། རྡོ་རྗེའི་འཁོར་ལོ་བསྐོར་བར་གྱིས། རིན་ཆེན༴ པདྨའི༴ ལས་ཀྱི༴ སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །ཕྲིན་ལས་ལས་རྣམས་ཅི་ནུས་པ། །འགྲོ་ལ་ཕན་པའི་དོན་སླད་དུ། །བདག་གིས་ཉེ་བར་བསྒྲུབ་པར་བགྱི། །ཞེས་ཁས་བླངས་ནས་སློབ་མས་ཆེད་བརྗོད་ནི། འཇམ་དཔལ་དཀྱིལ་འཁོར་ཞུགས་པས་ན། །དེ་རིང་བདག་དོན་འབྲས་བུར་བཅས། །བདག་གསོན་པའང་དོན་ཡོད་གྱུར། །དེ་རིང་སངས་རྒྱས་སྲས་གྱུར་ཏོ། །ཞེས་བརྗོད་ནས། མཎྜལ་ཕུལ་ཏེ། དེང་ནས་བདག་ལུས་ལོངས་སྤྱོད་དང་། །བཅས་པ་ཁྱེད་ལ་འབུལ་ལགས་ཀྱི། །ཁྱེད་ཀྱིས་བརྩེ་བར་ཉེར་དགོངས་ཏེ། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །ཞེས་བརྗོད། ཚོགས་ལོངས་སྤྱོད་ཅིང་ལྷག་གཏོར་བཏང་། དཀྱིལ་འཁོར་བསྡུ་ཞིང་ལས་རྗེས་མི་མངོན་པར་བྱའོ། །དབང་གི་ཆོ་ག་པདྨ་འབྱུང་གནས་ཀྱིས། བལ་པོ་བཱ་སུ་དྷ་ར་ལ་གཏད་པ། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་བ་རྫོགས་སོ། །མངྒལཾ།། །།


previousཁ་ཐུན་དབང་ཆུ་བཀའ་མ།next