Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བདུན་པ།


   
   
   
   
གཤིན་རྗེ་དམར་པོ་བཤན་པ་ལས་ཀྱི་རྒྱུད་སྤུ་གྲི་རེག་ཆོད་རུ་མཚོན་དམར་པོའི་དྲག་སྔགས།
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་རྗེ་དམར་པོ་བཤན་པ་ལས་ཀྱི་རྒྱུད་སྤུ་གྲི་རེག་ཆོད་རུ་མཚོན་དམར་པོའི་དྲག་སྔགས།next

གཤིན་རྗེ་དམར་པོ་བཤན་པ་ལས་ཀྱི་རྒྱུད་སྤུ་གྲི་རེག་ཆོད་རུ་མཚོན་དམར་པོའི་དྲག་སྔགས།

གཤིན་རྗེ་དམར་པོ་བཤན་པ་ལས་ཀྱི་རྒྱུད་སྤུ་གྲི་རེག་ཆོད་རུ་མཚོན་དམར་པོའི་དྲག་སྔགས་བཞུགས་སོ། །རྒྱ་གར་སྐད་དུ། ཡ་མ་རཱ་ག་ཀརྨ་མ་རུ་རྩེ་ཏནྟྲ། བོད་སྐད་དུ། གཤིན་རྗེ་དམར་པོ་བཤན་པ་ལས་ཀྱི་རྒྱུ་སྤུ་གྲི་རེག་ཆོད་རུ་མཚོན་དམར་པོའི་དྲག་སྔགས། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་གནོད་སྦྱིན་དམར་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཚེ་སྲོག་བདག་པོ་དམར་པོ་མི་ཟན་སྐུ། །གནམ་ལྕགས་ཅན་གྱི་རི་བོ་མ་ལའི་རྩེར། །གནོད་སྦྱིན་སྲིན་པོ་བདུད་དང་གཤིན་རྗེ་གིང་། །མ་མོ་བསེ་མོ་བྱེ་བ་འབུམ་ཕྲག་བསྐོར། །དྲེགས་པའི་རུ་མཚོན་ཕྱར་ཏེ་དམར་པོ་བསྡུས། །སྲིད་པ་གསུམ་གྱི་ཚེ་སྲོག་སེམས་བླ་སྲོག །ཉམས་པར་བྱེད་ཅིང་སྲོག་དབུགས་ཟས་སུ་ཟ། །མི་སྙན་རྔམ་སྐད་ང་རོ་འབྲུག་ལྟར་སྒྲོགས། །བརྡ་སྐད་མི་མཐུན་རྡ་ར་མུན་པའི་སྐད། །གད་མོ་རྒོད་ཅིག་སྐྱེ་འགྲོ་ཁམས་ཀུན་འཁྲུགས། །རུ་མཚོན་དམར་པོ་བསྭེ་ཡི་རྒྱལ་མཚན་གྱིས། །གང་དུ་བསྡུད་དཔག་ཚད་རྒྱང་གྲགས་འབུམ་ཟེར་གྱིས། །གང་ལ་གནས་པའི་ཡུལ་ལ་འདུག་པར་འདུ། །བརྡའ་ཡི་བོས་པས་ཁུ་རྣམས་འདུ་བ་ལྟར། །བསྭེ་ཡི་རུ་མཚོན་དམར་པོ་འཕྱར་བ་ཡིས། །བགེགས་རིགས་མི་བསྲུན་ཐམས་ཅད་དམག་ལ་འདུས། །བྱེ་བ་དཔག་མེད་སྲིད་གསུམ་སྟོང་ཁམས་འགྱེད། །སེམས་ཅན་ཀུན་གྱི་མདངས་འཕྲོག་སྲོག་གཅོད་ཅིང་། །ཤ་ཁྲག་རུས་པ་རློན་པ་ཟ་བའི་ཚེ། །ལག་ན་རྡོ་རྗེ་དྲག་ཤུལ་སྟོབས་པོ་ཆེ། །དུས་གསུམ་རྒྱལ་བས་བསྐུལ་ཏེ་གཉེན་པོར་བཏང་། །ཐུགས་རྗེའི་སྤྱན་བཟློག་དེ་ཡི་ཐད་དུ་བབས། །རྒྱ་བྱེད་དཔའ་རྟགས་རུ་མཚོན་དམར་པོ་འཕྲོག །དེ་དག་མ་ལུས་ཁམས་འཁྲུགས་རྒོལ་བ་ལས། །གནོད་སྦྱིན་དམར་པོ་ཁྲོས་པའི་སྐུར་བསྒྱུར་ཏེ། །རྡོ་རྗེའི་རྩེ་ལ་མེ་རླུང་འཁོར་ལོ་བསྐོར། །སྲིད་གསུམ་ཐ་མས་མེ་དང་ལུང་གིས་དཀྲུགས། །དེ་ཚེ་བཤན་པ་དམར་པོ་ཁྲག་སྐྱུགས་ཚོགས། །འབར་བའི་ཚམས་རྔམ་དྲག་པོར་རབ་འཇིགས་ཏེ། །འབངས་ཀྱི་གུས་བཏུད་དཔལ་ཀྱི་ཞབས་ལ་འཇུག །བྲན་དུ་ཁས་བླངས་རང་སྲོག་དམོད་པ་ཕུལ། །དམོད་པའི་དུག་མདའ་རེག་ཆོད་སྤུ་གྲི་སྨྲས། །སྲོག་ཟན་དམར་པོའི་ཟས་སྐལ་ལས་སྐལ་ཞུས། །དེ་ནས་དྲག་ཤུལ་གཏུམ་པོ་རྡོ་རྗེའི་སྐུ། །དམར་པོ་ཁྲོས་པ་གིང་རྗེ་བཅོམ་ལྡན་གྱིས། །ལས་སུ་བསྟན་ལ་སྡང་བའི་དགྲ་བགེགས་སྒྲོལ། །ཟས་སུ་ཉམས་པའི་ཤ་ཁྲག་སྲོག་དབུགས་དང་། །བསྒྲུབ་པོས་བྱིན་རླབས་མཐུན་པའི་དམ་རྫས་རོལ། །ཡང་དག་མ་ནོར་དམ་ཚིག་ས་ལམ་ཞུགས། །མ་རུ་རྩེ་བསྭེ་ཡི་རུ་མཚོན་དམར་པོ་ལས་གླེང་གཞིའི་རྟོག་པ་སྟེ་དང་པོའོ།། །།དེ་ནས་དྲག་པོའི་རུ་མཚོན་དམར་པོས་ཞུས། །ཁྲོ་རྫས་དཔའ་བོས་རུ་མཚོན་དབང་བསྐུར་ཏེ། །དྲེགས་རྗེ་འཁོར་བཅས་དམག་དཔུང་བསྡུད་པར་བསྐོས། །གང་གིས་སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །སྙིགས་མ་ལྔ་ལྡན་ལྔ་བརྒྱ་ཐ་མ་ལ། །འདི་ཡི་དུས་དར་དུས་དེར་སྤྱོད་པར་འགྱུར། །རུ་མཚོན་བསྒྲུབ་པའི་རྣལ་འབྱོར་སྐལ་ལྡན་དེས། །སྔོན་དུ་གསང་སྔགས་རྨད་བྱུང་དབང་བླངས་ཏེ། །དབེན་དང་ཉམས་དགའ་རབ་དྲག་དུར་ཁྲོད་རྩེར། །ཉམས་རྩལ་བཟང་ནས་ས་གཞི་ཉམས་བརྟགས་ཏེ། །མཎྜལ་བཅའ་གཞི་གསོད་པའི་ཁུང་བུ་བརྩམས། །བསྭེ་ཡི་རུ་མཚོན་བྱང་བུ་དམར་པོ་དང་། །བཤོས་བུ་གྲུ་གསུམ་སྙིང་སྣ་རྩང་ཕུར་དང་། །ཤ་ཁྲག་བདུད་རྩི་ཛ་གད་གཏོར་མ་བཤམས། །ར་ཐོད་སྤྱང་ཐོད་སྣེལ་གྲིའི་ཐོད་པ་དང་། །དགྲ་གཟུགས་རྟེན་དང་གཤིན་རྗེ་དམར་པོའི་རྟེན། །དྲག་པོ་ཐུན་གྱི་འཁོར་ལོ་རྫོགས་པར་བྱ། །མ་རུ་རྩེ་བ སྭེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། སྒྲུབ་ཐབས་དང་རྫས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རུ་མཚོན་དམར་པོའི་དྲག་སྔགས་བསྒྲུབ། །ཨཱོྂ་ཡ་ཧོ་ཕཊ། མ་ཧོ་ཕཊ། ཤུ་ཧོ་ཕཊ། མ་རུ་རྩེ་ཕཊ། རྔམ་རྔམ་ཕཊ། ཉི་ཕཊ། ཧཱུྃ་ཧཱུྃ་ཕཊ། དང་པོ་བསྙེན་པ་རྫོགས་པར་བྱ། །ལྷ་ལྔའི་སྙིང་པོ་འབོད་པའི་རྫས། །དམར་པོ་དངོས་སུ་བྲན་དུ་འོང་། །ཞག་བདུན་སྨྲ་བ་སྤངས་ཏེ་བཟླས། །ཁུང་ནས་རྦད་པ་རབ་ཏུ་བྱ། །བསྭེ་ཡི་རུ་མཚོན་དམར་པོ་ཡང་། །གང་ལ་བྱ་བའི་ཕྱོགས་སུ་གཟུགས། །རྔམ་རྔམ་དགྲ་བོའི་སྲོག་ལ་རྔམ། །རྔམ་རྔམ་དགྲ་བོའི་ཁྲག་ལ་རྔམ། །རྔམ་རྔམ་དགྲ་བོའི་རུས་ལ་རྔམ། །རྔམ་རྔམ་དགྲ་བོའི་ཤ་ལ་རྔམ། །སྨྲ་བ་སྤངས་པས་ཞག་བདུན་བཟླས། །བསྭེ་ཡི་ལྡན་མཁར་དམར་པོ་ལ། །གྲུ་བཞི་ཡང་དག་ལྡན་པར་བྱ། །དམར་པོའི་སྐུ་རྟེན་དེ་ལ་བྱ། །ཙ་སྤུ་ར་ཡི་རྔ་ཕོད་ཀྱང་། །དཀར་ནག་དམར་ལྗང་བཞི་ཡིས་མཛེས། །ཡང་ན་ཀུན་ཀྱང་དམར་ནག་གམ། །དམར་པོ་མདངས་ལྡན་དག་ཏུ་བྱ། །རིགས་ལྔ་ཡེ་ཤེས་དབང་བསྐུར་ཏེ། །ཞི་རྒྱས་དབང་དྲག་ཕྲིན་ལས་དག །གྲུབ་པར་གྱུར་ཅིག་སྨོན་ལམ་གདབ། །དམ་དུ་བཅས་ནས་རུ་མཚོན་གཟུགས། །གང་གིས་དམ་བཅས་མ་གྲུབ་པར། །རུ་མཚོན་མཚོན་པ་རྟགས་མཐར་དབྱུང་། །སྡང་བར་བརྙས་ན་བརྩམས་པ་ལས། །རུང་རུང་ཐོད་ཐོད་བྱས་ན་ཉམས། །གལ་ཏེ་སྡང་བར་རབ་ངེས་ཤིང་། །འགྲས་པའི་དུས་ལ་ནམ་འཇུག་ཀྱང་། །གང་ལ་བྱ་བའི་ཕྱོགས་སུ་གཟུགས། །དམར་པོ་དྲེགས་པའི་སྐུ་རྟེན་དེ། །རྔ་ཕོད་རུ་མཚོན་ཡ་མཚན་ཡིན། །དམར་གྱི་གཏོར་མ་ཁྲག་ཆང་ཅན། །ཟ་ལམ་བསྟན་ཅིང་སྐུ་རྟེན་གཟུགས། །མིག་ནི་གནམ་ས་བར་བལྟས་ཏེ། །ལུས་ནི་སྒྲོན་མོར་བུད་ནས་ཀྱང་། །རྐང་པ་སྟངས་སྟབས་བརྐྱང་བསྐུམ་གྱིས། །ལག་པ་གནོད་སྦྱིན་ལག་གར་བསྒྱུར། །ཤར་ཕྱོགས་སྲིན་པོའི་གར་རྩེ་ན། །སྲིན་པོ་གནོད་སྦྱིན་མ་རུ་རྩེ། །སྲིན་པོ་མི་ཟན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །ལྷོ་ཕྱོགས་གཤིན་རྗེའི་གར་རྩེ་ན། །གཤིན་རྗེ་གནོད་སྦྱིན་མ་རུ་རྩེ། །གཤིན་རྗེ་མི་ཟན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །ནུབ་ཕྱོགས་བདུད་ཀྱི་གར་རྩེ་ན། །བདུད་པོ་གནོད་སྦྱིན་མ་རུ་རྩེ། །བདུད་པོ་མི་ཟན་འབུམ་གྱི་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །བྱང་ཕྱོགས་གནོད་སྦྱིན་གར་རྩེ་ན། །གནོད་སྦྱིན་གདུག་པ་མ་རུ་རྩེ། །ཀུ་བ་རེ་ནི་གཏེར་གྱི་བདག །གནོད་སྦྱིན་མི་ཟན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །སྔགས་ཀྱི་བདག་པོ་མཐུ་བོ་ཆེ། །རུ་མཚོན་དམར་པོའི་སྐུ་རྟེན་བཅའ། །རྔ་ཕོད་དམར་པོ་ཕོད་ཏུ་འཛུགས། །རྒྱལ་བྱེད་དཔལ་རྟགས་དབལ་མཚན་འཕྱར། །འཁོར་བཅས་སྐུ་རྟེན་འདི་ལ་བཞུགས། །དམ་རྫས་སྙིང་དང་བདུད་རྩི་དང་། །ཤ་ཁྲག་དམར་ཆེན་གཏོར་མས་མཆོད། །བསྟན་པ་གཉན་པོ་བསྲུང་བ་དང་། །སྒྲུབ་པ་པོ་ཡི་སྙིང་གྲོགས་མཛོད། །རུ་ཤག་ཐོབ་ལ་ཁ་ཡང་བཟུང་། །ཉེས་དང་འཕྲོལ་ལ་ལེགས་དང་སྤྲོད། །སྲིན་པོ་ཁྲག་ལ་རྦད་བྱས་ཏེ། །ཞེ་སྡང་འབར་བ་དགྲ་ལ་རྦད། །གཤིན་རྗེ་སྲོག་ལ་རྦད་བྱས་ཏེ། །ང་རྒྱལ་འབར་བས་དགྲ་ལ་རྦད། །གནོད་སྦྱིན་ཤ་ལ་རྦད་བྱས་ཏེ། །ཕྲག་དོག་འབར་བས་དགྲ་ལ་རྦད། །བདུད་པོ་རུས་ལ་རྦད་བྱས་ཏེ། །འདོད་ཆགས་འབར་བས་དགྲ་ལ་རྦད། །དང་པོ་རྗེས་སུ་དྲན་པའི་སྔགས། །ཡི་གེ་བཅུ་དྲུག་ཉམས་སུ་བླངས། །དེ་ཡིས་གནོད་སྦྱིན་དམར་པོའི་ཚོགས། །ཉམ་ང་བ་ཡི་ཆོ་འཕྲུལ་སྟོན། །དེ་ནས་རང་དབང་མེད་པར་དགུག །ཡི་གེ་བདུན་པའི་དྲག་སྔགས་ལ། །ཁྲི་ཁྲི་བཟླས་པའི་ཅི་བྱ་བའི། །ལུང་དང་ངེས་པའི་ཚིག་སྟོན་པའོ། །དེ་ནས་ལས་ལ་གཟུད་པའི་ཕྱིར། །དབྱུག་པ་དམག་དཔོན་མེ་རྩེ་ལ། །བསྭེ་ཡི་རུ་མཚོན་དམར་པོ་འཕྱར། །མིང་ནས་འབོད་ཅིང་དལ་ལ་བསྡུ། །སྲོག་ནས་དྲངས་ཤིང་ཕྱོགས་སུ་རྦད། །དེ་ཡིས་འགྲུབ་པར་ཐེ་ཚོམ་མེད། །བསྭེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། དྲེགས་པ་འབོད་ཅིང་རུ་མཚོན་གཟུགས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ཡང་ལས་ལ་སྦྱར་བ་ནི། །གྲུ་བཞི་རྩེ་ཟུར་གསུམ་པའི་བཤོས། །ཁྲག་གིས་བྱུགས་ལ་གཏོར་མར་བཞག །གཤིན་རྗེ་དམར་པོ་ར་ཡི་སྙིང་། །གནོད་སྦྱིན་ཁྱི་སྙིང་སྲིན་པོ་ལུག །བདུན་པོ་ར་རོག་སྙིང་ལ་འབོད། །མ་མོ་བ་གླང་གླིང་ལ་འབོད། །གཟས་པའི་མིང་གཟུགས་ར་ཐོད་གཞུག །དུག་དང་ཡུངས་ཀར་ཁྲག་སྐམ་བྲབ། །སྤྱང་ཐོད་སྟེང་དུ་གཤེད་དམར་བསྐོས། །གཏོར་མ་གཏར་གཟུགས་རྒྱུན་གཏོར་དབུས། །བདུན་དང་བཅུ་བཞི་ཉེར་གཅིག་ཏུ། །བསྙེན་དང་སྒྲུབ་དང་ལས་སྦྱོར་བྱ། །མངོན་སུམ་འོང་བས་མ་སྐྲག་གཅིག །བསྭེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། རྫས་དང་སྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ལ་དམ་ཚིག་བསྲུང་བྱ་བ། །རུ་མཚོན་སྒྲུབ་པའི་དུས་དག་ཏུ། །དམ་ཚིག་སྙིང་རྗེའི་སེམས་མི་བསྐྱེད། །གཞན་གྱི་ཡི་དམ་ལྷ་མི་བསམ། །ཉམས་པའི་ཁ་ཟས་ཟ་མི་བྱ། །རྡོ་རྗེ་གདན་གྱི་ས་མི་སྤྲུག །དཀྱིལ་འཁོར་ཟུར་ལ་མགོ་མི་བསྟན། །བསྭེ་ལྷྭམ་ཁྲ་བོ་སྔས་མི་གཞུག །ཟས་ཀྱི་གཏོར་མ་རྒྱུན་མི་བཅད། །རུ་མཚོན་བཙུགས་ནས་སྨྲ་བ་སྤངས། །གཞན་དུ་མི་མང་འདུ་བ་སྤངས། །སྨྲ་བ་སྤངས་ནས་རུ་མཚོན་བརྟུལ། །བསྭེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། དམ་ཚིག་དང་དམ་བཅའ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྟགས་མཚན་བཟུང་བ་ནི། །བསྙེན་པ་བདུན་ལ་རྟགས་འབྱུང་བས། །རྟ་པ་ཞུབ་ཅན་བྱ་བ་སོགས། །འོད་དང་སྒྲ་ལ་སོགས་པ་འབྱུང་། །སེམས་ཅན་བསད་དེད་བྱུང་བ་དང་། །སྒྲུབ་པ་ལ་ཡང་འཇུག་པར་བྱ། །སྒྲུབ་པ་བདུན་ལ་རྟགས་འབྱུང་བས། །རྟ་ལ་ཞོན་ནས་རྒྱུག་པ་དང་། །དགྲ་བོའི་མཚོན་ཆ་ཐོབ་པ་དང་། །འཁྲུག་པའི་རུ་བཀོད་བྱེད་པ་དང་། །ར་གཡག་ཁྲིད་ནས་འོངས་པ་དང་། །དེ་ལྟ་བུ་ཡི་རྟགས་བྱུང་ན། །བསད་པ་ལ་ཡང་འཇུག་པར་བྱ། །བསད་པ་བདུན་ལ་རྟགས་འབྱུང་བས། །ར་དང་རི་དྭགས་བསད་པ་དང་། །དངོས་སུ་ཁྲིད་ནས་འོང་བ་དང་། །དགྲ་བོའི་མཚོན་ཆ་བཅག་པ་རྣམས། །དགྲ་བོ་སོད་པའི་རྟགས་ཡིན་པས། །མྱུར་དུ་བསྒྲིམས་ལ་གཏང་རག་བསྔོ། །དེ་ནས་མྱུར་དུ་འགྲུབ་པར་འགྱུར། །བསྭེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། རྟགས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བརྡའི་ལྟས་བརྟགས་པ། །རུ་མཚོན་གཟི་བརྗིད་དཔང་མཐོ་དང་། །རབ་ཏུ་རགས་པའི་རྟགས་མཐོང་ནས། །རུ་མཚོན་རྩེ་ལ་རྒྱལ་མཚན་གཟུགས། །སྨེ་ར་དམར་པོ་ལྡན་ཁམས་ཀྱིས། །མགོ་ཐོད་ཁྲག་གིས་བྱུགས་བྱས་ལ། །ཕྱོགས་སུ་ཁ་གདངས་ཟ་ལམ་བསྟན། །ཡང་ན་སྤྱང་ཐོད་ཟན་ལ་དབབ། །ཚངས་པའི་བརྡའ་སྐད་སྒྲོགས་གྱུར་ན། །མཚན་མ་དམོད་གཟུགས་བརྟགས་པར་བྱ། །རུ་མཚོན་བཅས་འགྱེལ་ངོ་དམའ་ན། །གཏོར་ཚོགས་གསར་ལ་བསྐང་བཟློག་བྱ། །ཡང་ན་བཤགས་པ་རྒྱ་ཆེན་བྱ། །རྡོ་རྗེ་ཆུ་ཁ་འཛག་བུག་བསྡོམས། །ལས་དམིགས་གྲུབ་དང་འཛབ་སྟོང་ནས། །རུ་མཚོན་མ་བརྟུལ་མི་ཉམས་འགྱུར། །བསྭེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། མཚན་མ་ལྟས་ཀྱི་ལེའུ་བརྡའ་བརྟགས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཐུན་སྔགས་དྲག་པོ་བཤད། །ཧཱུྃ་ཡ་མ་ཧཱུྃ་ཏྲི་རྦད། ཧཱུྃ་ཤུ་ཏྲི་རྦད། མ་རུ་ཏྲི་ཡཾ་རྦད། མུགས་མ་རུ་ཏྲི་ཆེ་གེ་མོ་རྦད་རྦད། ཕྱིའི་སྔགས་སོ། །ཨཱོྂ་ཡ་མཀྵུ་ཏྲི་ཆེ་གེ་མོ་རྦད་རྦད། མ་རུ་རྨུགས་ནི། མ་རུ་རྨུགས་ཪྣྲྀ་རྦད་རྦད། གསང་བའི་སྔགས་སོ། །ཨཱོྂ་ཡ་མཀྵུ་ཏྲི་ཡ་དུན། མ་རུ་རྔམ་པ་ལ་རྔམ་པ་ལ་རྦད། མུགས་པ་ནི་མུགས་རྦད། རྦད་སུ་རྦད་པ་ཡ། ནྲྀ་ཆེ་གེ་མོ་རྦད་རྦད། གསང་བ་གསང་བའི་སྔགས་སོ། །གཞན་ཡང་དམར་པོ་སྤུན་བཞི་ཡི། །དྲག་སྔགས་མ་གིང་བསྭེ་མོར་བཅས། །སྟོང་གསུམ་སྔགས་ཀྱི་དམག་དཔུང་བཟློག །རུ་མཚོན་བསྐུལ་བ་ཡང་དག་ཅེས། །དྲེགས་པའི་ང་རྒྱལ་སྐྱེས་པ་ཡིན། །བསེ་མཁར་ཕུར་པ་དམ་རྫས་སྙིང་། །ཡུངས་ཐུན་ཁྲག་དུག་སྙིང་པོ་སྲོག །ཏིང་འཛིན་རྫས་དང་བཅས་པ་ཡིས། །དྲེགས་པ་གནད་ལ་དབབ་པར་བྱ། །བསྭེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། གནས་ལ་དབབ་པ་ཕྲིན་ལས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།ཀྱཻ། དྲེགས་པའི་གཙོ་བོ་ལྔ། ལྷ་སྲིན་སྡེ་བརྒྱད་དམག་དཔོན་ལྔ། །ཕྱག་བརྙན་བསྭེ་ཡི་གྱད་ཆེན་བཞི། །གཤིན་རྗེ་དམར་པོ་སྲོག་གི་གཤེད། །དྲེགས་པ་དམ་ལ་བསྡུ་བ་དང་། །ཟ་ལམ་དགྲ་ལ་བསྟན་པ་དང་། །བསྟན་པ་བསྣུབ་པའི་དགྲ་འདུལ་ཕྱིར། །དྲེགས་པ་དྲག་དང་ང་རྒྱལ་བརྟགས། །ཞེ་སྡང་བསྭེ་ཡི་རུ་མཚོན་རྒྱུད། །དབང་བསྐུར་རྟགས་སུ་འཁོར་ལ་བསྟན། །དྲག་ལ་ཆད་པ་ཆེ་བའི་རྒྱུད། །འདི་ལ་མ་ཡེངས་བརྩོན་གྱུར་ན། །བསམ་པ་མྱུར་དུ་འགྲུབ་པར་འགྱུར། །སྣོད་ངན་ངང་ཚུལ་ངན་པ་ལ། །མི་བསྟན་པ་ཏི་སྨུག་པོར་བཅང་། །བསྟན་ན་སྒྲོན་མེས་ནགས་ཚལ་ཕུང་། །སྣོད་དང་ལྡན་པའི་རྣལ་འབྱོར་བས། །རང་བཞིན་ངང་གིས་འཕྲད་འགྱུར་ཏེ། །རྣལ་འབྱོར་དབང་ཕྱུག་གང་གནས་པར། །དམ་ཅན་ཡོངས་ཀྱང་དེར་གནས་ཏེ། །ཇི་ལྟར་འདོད་པའི་ལས་བྱེད་འགྱུར། །བསྭེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། དུས་དང་ཡོན་ཏན་བསྟན་པའི་ལེའུ་སྟེ་དགུ་པའོ།། །།གཤིན་རྗེ་དམར་པོ་བཤན་པ་ལས་ཀྱི་རྒྱུད་སྤུ་གྲི་རེག་ཆོད་རུ་མཚོན་དམར་པོའི་དྲག་སྔགས། ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་བལ་ཡུལ་ཚ་བ་ཚ་ཤོད་མཆོད་རྟེན་དམར་པོ་ལ་སྦས་ཏེ་ཕྱུང་བ། གཉིས་ལས་མང་ན་ལྷ་འདྲེ་དཔང་། །བློ་ལ་བཟུང་ན་དཔེ་ཡང་ཕྱིས། །དམ་མེད་སེར་སྣས་བཅིངས་པ་དང་། །སྐྱོན་ཅན་འོག་བྲུས་བྱེད་པ་ལ། །བསྟན་པའི་ཆོས་འདི་ཐམས་ཅད་གསོངས། །མི་རྒོད་ལག་ཏུ་མཚོན་བསྐུར་འདྲ། །མཁའ་འགྲོ་མ་ཡིས་ཆད་པ་ཆོད། །སྤུ་གྲི་རེག་ཆོད་ཅེས་བྱ་བ་ཐུགས་ཀྱི་མན་ངག་ལགས་སོ། །ཨོ་རྒྱན་པདྨས་བལ་ཡུལ་ཚ་བ་ཚ་ཤོད། མཆོད་རྟེན་དམར་པོ་ལ་སྦས་ཏེ་ཕྱུང་བ་རྫོགས་སོ།། །།


previousགཤིན་རྗེ་དམར་པོ་བཤན་པ་ལས་ཀྱི་རྒྱུད་སྤུ་གྲི་རེག་ཆོད་རུ་མཚོན་དམར་པོའི་དྲག་སྔགས།next