Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བདུན་པ།


   
   
   
   
   
   
   
   
དམར་པོ་ཕྱི་འགྱུར་གྱི་སྒྲུབ་བྱང་།
   
   
   
   
   
   
   
   
   
   
   


 
previousདམར་པོ་ཕྱི་འགྱུར་གྱི་སྒྲུབ་བྱང་།next

དམར་པོ་ཕྱི་འགྱུར་གྱི་སྒྲུབ་བྱང་།

དམར་པོ་ཕྱི་འགྱུར་གྱི་སྒྲུབ་བྱང་བཞུགས་སོ། །བཅོམ་ལྡན་འདས་འཇམ་དཔལ་དམར་པོ་ལ་ཕྱག་འཚལ་ལོ། །འཇམ་དཔལ་དམར་པོ་ལ་འཁོར་ཡེ་ཤེས་དང་ལས་ལ་གྲུབ་པའི་འཁོར་གྱི་བསྐོར་བ་ལས། བསྒྲུབ་པའི་སྒོ་ནས་དངོས་གྲུབ་རྣམ་པ་གཉིས་མྱུར་དུ་ཐོབ་པར་འདོད་པས། དང་པོ་གནས་དུར་ཁྲོད་དམ། བྲག་དམར་ཆོལ་ཟངས་ལྟ་བུའམ། ཤིན་ཏུ་དབེན་པ་ཉམས་དགའ་བ། བྱིན་ཆགས་པར་སྒྲུབ་པ་པོ་དབང་རྫོགས་པ། རྒྱུད་གྲོལ་བ། མན་ངག་དང་ལྡན་པ། བསྙེན་པའི་མཚན་མ་རྫོགས་ནས་དངོས་གྲུབ་སྒྲུབ་པར་འདོད་པས། འཁོར་གཟུངས་མ་མཚན་ཉིད་ཚང་བ། ཡ་ག་མེད་པ། ཆོས་དང་མཐུན་པ། དད་པ་ཆེ་བ། མཛངས་ཤིང་དད་པ་བརྟན་པ། བློ་ཐུབ་པ། བརྩོན་འགྲུས་ཆེ་བ། བློ་ཡངས་པ་གཅིག་བཙལ། གྲོགས་པོ་དམ་ཚིག་གཙང་བ། གཡོ་སྒྱུ་ཆུང་བ། དཔའ་བ། བརྟན་པ། བློ་ཐུབ་པ། བརྩོན་འགྲུ་ཆེ་བ། ཤེས་རབ་རྣོ་བ་གཅིག་བརྟེན་ལ། སྒྲུབ་པའི་ཡོ་བྱད་དང་། འཚོ་བ་ཟས་ཀྱི་ཡོ་བྱད་དང་། མཆོད་པ་རྫས་ཀྱི་ཡོ་བྱད་དང་། རྐྱེན་ཟློག་སྨན་དང་། འཚེ་བ་བཟློག་པའི་ཡོ་བྱད་ཚོགས་པར་བྱས་ལ། སྒྲུབ་པའི་དུས་གཟའ་སྐར་བཟང་པོ་ལ་བརྒྱད་ནས་ཉའི་བར་བསྒྲུབ་པར་བྱའོ། །དེ་ལ་རྒྱུ་བསོད་ནམས་ཀྱི་ཚོགས་ཀྱི་བར་ཆད་བསལ་བ་ནི། སཱཙྪ་དང་། སྲོག་འདོན་བྱ་བ་དང་། ཆུ་གཏོར་བཏང་བ་དང་། ལམ་འཕྲང་བསལ་བ་དང་། ཕྱི་ནང་གི་དཔང་སྐོང་འདོན་པ་དང་། འབུམ་སྡེ་ལྔ་འདོན་པ་དང་། ཞི་ཁྲོའི་གཞུང་བསྲང་ལ་ཚོགས་ཀྱིས་སྐོང་བར་བྱའོ། །དེ་ནས་ས་བླང་བ་ནི། ས་གཞི་དང་ནམ་མཁའ་བརྟགས་ལ། མཚན་ཉིད་དང་ལྡན་ན་ས་བླང་བར་བྱ་སྟེ། དང་པོ་ས་ཡི་ལྷ་མོ་བརྟན་མ་ལ་ས་བསླང་བ་ནི། ཧོཿ བརྟན་མ་རིན་ཆེན་གསེར་མདོག་བུམ་པ་ཅན། །བཀྲ་ཤིས་ཡིད་འོད་དངོས་གྲུབ་འབེབས་མཛད་མ། །སྨན་ལྔ་སྤོས་ལྔ་འབྲུ་ལྔ་སྙིང་པོ་ལྔ། །རིན་ཆེན་ལྔ་དང་མཆོད་པ་འདི་བཞེས་ལ། །ས་འདི་བདག་ལ་གནང་བར་མཛོད། །ཇི་ལྟར་སྔོན་ཀྱི་ཤཱཀྱ་ཐུབ་པ་ཡིས། །བདུད་དཔུང་བཅོམ་ནས་མངོན་པར་སངས་རྒྱས་ལྟར། །བདག་ཀྱང་དེ་བཞིན་བསྒྲུབ་པར་འཚལ་བས་ན། །དེ་ཕྱིར་ལྷ་མོ་དཔང་བཞུགས་ས་འདི་གནང་བར་མཛོད། །ཅེས་བརྗོད་པས། ལྷ་མོ་འོད་དུ་ཞུ་ནས་ཐིམས་པས་ས་གཞི་གསེར་དུ་གྱུར་པར་བསམ་མོ། །དེ་ནས་ས་བདག་ཞིང་སྐྱོང་ལ་ས་བསླང་བ་ནི། གཏོར་མ་བྱིན་གྱིས་བརླབས་ལ། ཧོཿ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང་། །ས་གླུད་མཆོད་སྦྱིན་བཟང་པོ་འདི་བཞེས་ལ། །བདག་ལ་ས་འདི་ལེགས་པར་གནང་བར་མཛོད། །བདག་འདིར་ཐེག་ཆེན་འབྲས་བུ་ངེས་བསྒྲུབ་ཕྱིར། །ཁྱེད་ལ་གནས་འདི་བདག་གཡར་གྱིས། །བར་ཆད་བྱས་ན་དམྱལ་བར་ངེས་པར་སྐྱེ། །དེ་ཕྱིར་ཅི་བདེ་བར་ནི་གཞན་དུ་དེངས། །ཞེས་བསྐྲད་པར་བྱའོ། །དེ་ནས་ས་བླངས་ལ། རིན་པོ་ཆེའི་ཕུང་པོར་བྱིན་གྱིས་བརླབ་བོ། །དེ་ནས་མཚམས་བཅད་པར་བྱ་སྟེ། རྒྱས་པར་གྲུབ་ན་ཆ་གསུམ་བཏང་ལ། གཏོར་མ་དང་པོ་བཏག་ལ་ཐོ་ཆོག་བྱའོ། །མ་འགྲུབ་ན་འབྱུང་གཏོར་གཅིག་བཏང་ལ་བགེགས་བསྐྲད། དེ་ནས་ཐོ་རྒྱལ་པོ་བཞིའི་ཕོ་བྲང་དང་བཅས་པར་བསྐྱེད་ལ། ཧཱུྃ། རི་རབ་གླིང་བཞིའི་ངོས་བཞི་ནས། །ཕྱག་ན་རྡོ་རྗེ་དབང་གི་མཐུས། །མཐུ་ཆེན་རྒྱལ་པོ་སྡེ་བཞི་རྣམས། །འདིར་གཤེགས་མཆོད་པ་བདག་འབུལ་གྱིས། །བདག་ཅག་རེ་བ་སྐོང་བའི་ཕྱིར། །མ་དག་པ་རྣམས་མཚམས་ཆོད་ལ། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །ཨཱོྂ་ཌྷིཥྚ་རཱཥྚ་ཡེ་སྭཱ་ཧཱ། ཨཱོྂ་བཻ་རུ་དྷ་ཀ་ཡེ་སྭཱ་ཧཱ། ཨཱོྂ་བཻ་རུ་པཀྵ་ཡེ་སྭཱ་ཧཱ། ཨཱོྂ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ། ཞེས་ཐོ་གཟུག་གོ། །མཚན་བརྗོད་ལ་ཕྲིན་ལས་བཅོལ་ལོ། །དེ་ནས་ཐེམ་པའི་ཕྱི་རོལ་དུ། དོང་གྲུ་གསུམ་བྲུས་ལ། རའི་སོག་པ་ལ་དམ་སྲི་དམར་པོའི་གཟུགས་བྲིས། དེར་བཅུག་ལ་དགུག་ཅིང་བསྒྲལ་བ་དང་། མནན་ཏེ་བདག་ཉིད་སྐུ་མཆོག་ཏུ་བསྐྱེད་ལ། ཧཱུྃ། ཡབ་གཅིག་སྐུ་མཆོག་དམར་པོ་ནི། །དབུ་ལ་གསེར་གྱི་རྒྱན་ཐོགས་ཤིང་། །གནམ་ལྕགས་འབར་བའི་ཐོད་གདེངས་ཅན། །རིགས་ལྔའི་སངས་རྒྱས་དབུ་ལ་རྫོགས། །ཕྱག་ན་ལྕགས་གྲི་རྣོན་པོ་ཐོགས། །སྒྲོལ་གིང་ཆེན་པོར་དམ་བཅས་ལ། །རྟ་རོ་འབུམ་གྱི་ཁྲི་ལ་བཞུགས། །མི་རོ་འབུམ་གྱི་གདན་ལ་བཞུགས། །ཟས་སུ་མི་ཤ་རྟ་ཤ་ཟ། སྐོམ་དུ་མི་ཁྲག་རྟ་ཁྲག་འཐུང་། །ལས་སུ་འབྱུང་པོ་སྒྲོལ་ལ་བརྩོན། །བསྙེན་ནི་དམ་སྲི་དམར་པོ་བསྙེན། །འཇེབས་ནི་སྲི་དང་བཙན་ལ་འཇེབས། །དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ། །དམ་སྲི་བྱ་བའི་མ་རུངས་པ། །དེ་ཡི་གཉེན་པོར་མ་མོ་ཆེ། །མ་མོའི་གཉེན་པོར་སྐུ་མཆོག་ཆེ། །དམ་སྲིད་དམར་པོ་བསྒྲལ་དུ་གསོལ། །ཁྱོད་ནི་འགུགས་པའི་ཕོ་ཉ་སྟེ། །དྲོངས་ཤིག་ཁུག་ཅིག་ཨཾ་ཀུ་ཤ །ཕོབ་ཅིག་བསྟིམ་ཤིག་ཨ་བེ་ཤ །ཡ་མ་དམ་སྲི་ནྲྀ་མཱ་ར་ཡ་ནྲྀ་ཛཿ ནྲྀ་ཤ་ཀུ་རུ་ནྲྀ་ཛཿ ཞེས་དགུག་གོ། །ནྲྀ་ཏོ་ཏ་ཡ་དམར་པོ་རཀྴ་སྙིང་ལ་ཁུག །དམ་སྲིད་དམར་པོ་ཐུམ་རིལ། སྲོག་རྩ་མཱ་ར་ཡ་རྦད། ཅེས་ཕུར་པ་སྙིང་གར་གདབ། དེ་ནས་མནན་ཏེ། ཨཱོྂ་བཛྲ་ཀརྨ་སྟྭམྦྷ་ཡ་ནན། ཨཱོྂ་ལྃ་ཧཱུཾ་ལྃ་སྟྭམྦྷ་ནན། སུྃ་ལྃ་སྟྃམྦྷ་ནན། ཞེས་མནན་ནོ། །དེ་ནས་ཞིང་ལྤགས་ལ་དཔའ་བོ་ཆེན་པོའི་གཟུགས་བྲིས་ལ། སྒོ་བསྲུང་དུ་གསོལ་ལོ། །ཧཱུྃ། དུར་ཁྲོད་ཆེན་པོའི་གནས་འདི་རུ། །དཔལ་བོ་ཆེན་པོའི་སྐུ་མཆོག་ནི། །ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར་ཡིན་པས། །རྣམ་པར་སྨིན་པའི་ཆོས་བཤད་ལ། །བདག་གི་སྒྲུབ་པ་མཆོག་འདི་མ་ཐོན་བར། །སྒོ་འདི་ཡན་ཆད་སུ་ཡང་མ་བཏང་ཤིག །ནྲྀ་ཏྲོ་ཏ་ནི་ནྲྀ་ཏྲོ་ཏ་ནི་ཧ་རང་ལོ་ཧ་རང་ལོ་ས་མ་ཡ་སྟྭྃ་ཞེས་བརྗོད་དོ། །དེ་ནས་དཀྱིལ་འཁོར་བརྩིག་པ་ནི། དཔངས་སུ་ཆ་གསུམ་པ་ལ་རྒྱར་མཐོ་ལྔ་པ་བྱའོ། །ཡང་ན་གནས་ཁང་དང་སྦྱར་ཏེ་བརྩིག །དབུས་སུ་གྲུ་གསུམ་བྲུས་ལ་ཐོད་པ་དུམ་བུ་བཞི་པ་ལ་སྙིང་པོ་ཧཱུྃ་ཛཿབྲིས་ལ། ཕོ་བྲང་དུ་བསྐྱེད་ལ་གཞུག །དེའི་སྟེང་ཚོད་དམར་པོས་དགང་ངོ་། །དེ་ནས་ཆག་ཆག་གདབ་པ་ནི། སྨན་རཀ་བསྲེས་ལ། ཧཱུྃ། སྟོང་གསུམ་འདོད་པའི་ཁམས་ནི་རཀྟ་ཆགས་པའི་རྒྱུ། འདོད་ཆགས་འཁོར་བ་གཏིང་ནས་བསྒྲལ་བ་དང་། །མ་མོ་མཁའ་འགྲོ་དབང་དུ་བསྡུ་བའི་ཕྱིར། །སྟོང་གསུམ་མ་ལུས་དག་པའི་ཆག་ཆག་འདེབས། །མ་ཧཱ་རཀྟ་མཎྜལ་ཧཱུྃ། ཞེས་གོ་མ་ཡེ་བྱའོ། །དེ་ནས་ཐིག་གདབ་སྟེ། ཐིག་སྐུད་བྱིན་གྱིས་བརླབས་ཏེ། ཧཱུྃ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །འཁོར་བ་རྒྱུན་གཅོད་བྱང་ཆུབ་སེམས་ཀྱི་ངང་། །བོ་དྷི་ཙིཏྟ་ཡབ་ཀྱི་ཐིག་བཏབ་པས། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་བདག་ལ་གསལ། །ཏི་ཤི་ཏྲ་མ་མཎྜ་ལ་ཧཱུྃ། ཞེས་ཕྱོགས་དང་གྲུ་ལེགས་པར་མཉམ་ལ་ཐིག་གདབ་བོ། །དེ་ནས་རྡུལ་ཚོན་གྱིས་བྲི་བ་ནི། དཔའ་བོ་འབྲུ་ལྔ་བཀོད་ལ། སྦྱངས་ཤིང་ཡེ་ཤེས་ལྔར་བྱིན་གྱིས་བརླབ་ལ། །དེ་ནས་འབྱུང་བ་ལྔ་རིམ་གྱིས་མཁའ་ལྔའི་རང་བཞིན་དུ་བསྐྱེད་ལ། བྷྲཱུྃ་གཞལ་ཡས་ཁང་དུ་བསྐྱེད་ཅིང་བྲིས་པ་སྟེ། དབུས་དམར་བདག་གྲུ་གསུམ། ཟླ་གམ་དམར་པོ། ཐོད་ཕྲེང་དཀར་པོ། འཁོར་ལོ་རྩིབས་བཞི་དམར་པོ། རྡོ་རྗེའི་ར་བ་མཐིང་ག །གྲུ་ཆད་ལྗང་གུ། ཁྱམས་དམར་པོ། པཉྩ་རེ་ཀ་ཐོད་པ་ཚར་གསུམ། འདོད་ཡོན་དམར། ཕ་གུ་སེར། དྲྭ་ཕྱེད་སྔོ། མདའ་ཡབ་ཐོད་པ་རློན་པ་ལ་བྱ། རྟ་བབས་ཆུ་སྲིན་སྔོན་པོ་ལ་བྱ། པདྨ་དམར་པོ་རྡོ་རྗེ་མཐིང་ག་མེ་རི་དམར་པོར་བྱའོ། །དེ་ནས་རྫས་དགོད་པ་ནི། དང་པོ། སྒྲུབ་པའི་རྫས་དགོད་དོ། །རྒྱལ་རིགས་ཐོད་པ་དུམ་བུ་གཅིག་པ་ལ་གཙོ་བོ་ཡབ་ཡུམ་གྱི་སྐུ་བྲི། དེའི་ཐུགས་ཀར་འཁོར་ལོ་ཧཱུྃ་དང་ཏྲག་གི་མཚན་པ་བྲིས། བྲམ་ཟེའི་ཐོད་པ་དུམ་བུ་བཞི་པ་ལ། ཚལ་བུ་བྱས་ཏེ། དམག་དཔོན་བཞི་དམར་པོ་དུར་ཁྲོད་ཀྱིས་བརྒྱན་པ་ཡིག་འབྲུ་དང་བཅས་པ་བྲིའོ། །རྨངས་རིགས་ཀྱི་ཐོད་པ་དུམ་བུ་བཞི་པ་ལ་ཚལ་བུ་བྱས་ལ། བལ་མོ་བཞི་དམར་པོ་དུར་ཁྲོད་ཀྱིས་བརྒྱན་པ་ཡིག་འབྲུ་དང་བཅས་པ་བྲིའོ། །དེ་རྣམས་ལ་རབ་གནས་ལེགས་པར་བྱས་ལ་དགོད་དོ། །དེ་ནས་བསྒྲུབ་པའི་དུས་སུ་བྱིན་གྱིས་བརླབ་པ་ན། ཨཱོྂ་མ་ཀུ་ཏ་ལ་མ་ཀུ་ཏ་ལ་ཕཊ། ཅེས་པས་གུ་གུལ་བདུག་ལ་བགེགས་བསྐྲད་དོ། །དེ་ནས་ཡུངས་ཀར་གྱིས་གཟི་བྱིན་བསྐྱེད་ལ། ཀྲོ་ཏ་རཀྟ་རཀྴ་ཧཱུྃ་ཕཊ། ཅེས་བརྗོད་དོ། །དེ་ནས་རཀྟས་དབང་བསྐུར་ཏེ། མ་ཧཱ་རཀྟ་མཎྜ་ལ་ཧཱུྃ། ཞེས་པས་དབང་བསྐུར་རོ། །དེ་ནས་སྐུ་གསལ་གདབ་ལ། ཨཱོྂ་ཨ་ཀྲོ་ཏེ་ཀ་ཛ་ལ་ཛ་ལ་ཧཱུྃ་ཕཊ། ཨཱོྂ་ཨ་ཀྲོ་ཏེ་ཀ་བག་ཤ་བག་ཤ་ཧཱུྃ་ཕཊ། ཨཱོྂ་ཨ་ཀྲོ་ཏེ་ཀ་ཙིཏྟ་ཙིཏྟ་ཧཱུྃ་ཕཊ། ཅེས་དབང་བསྐུར་བྱིན་གྱིས་བརླབ་བོ། །དེ་ནས་དཔལ་འབར་དབང་ཕྱུག་གིས་བསྟོད་པ་གསོལ་བ་དང་དགོད་དེ། ཧཱུྃ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །རྡོ་རྗེ་རིགས་ཀྱི་ཁྲོ་བོ་ཏེ། །ཁྲོ་བོའི་རྒྱལ་པོ་འཇམ་དབྱངས་དཔལ། །ཟ་བྱེད་ཁྲག་འཐུང་ལེ་བརྟན་འབར། །མེ་ལོང་ལྟ་བུའི་ཡེ་ཤེས་རང་བཞིན་ཏེ། །དམར་པོ་འབར་བ་འཇིགས་པའི་སྐུ། །ཡུམ་ཆེན་ཨེ་ཀ་ཛཱ་ཏི་མ། །ཁམས་གསུམ་མ་ལུས་དབང་དུ་བསྡུད་པ་དང་། །འཕགས་པའི་ཞལ་བཟང་བདག་ལ་བསྟན་པ་དང་། །འབར་བའི་གསུང་མཆོག་བདག་ལ་བསྟན་པ་དང་། །ཡེ་ཤེས་ཐུགས་ཀྱི་བདག་ལ་དགོངས་ནས་ཀྱང་། །དབང་དང་དངོས་གྲུབ་མ་ལུས་སྩལ་བའི་ཕྱིར། །དབུས་ཕྱོགས་དྲེགས་པའི་གདན་ལ་བཞུགས་སུ་གསོལ། །ཨཱོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ས་མ་ཡ་སྟྭཾ། ཞེས་དགོད་དོ། །ཧཱུྃ། ཤར་ནས་རང་བྱུང་གྲུབ་པའི་ལྷ། །དེ་བཞིན་གཤེགས་པའི་ཁྲོ་བོ་སྟེ། །འཇམ་དཔལ་སྐུ་ཡི་སྤྲུལ་པ་ནི། །པྲ་མ་རཱ་ཛ་ཆེན་པོ་སྟེ། །ཆོས་དབྱིངས་རང་བཞིན་ཡེ་ཤེས་ཏེ། །གདོད་དམར་འདུལ་ཕྱིར་སྲིན་པོར་སྤྲུལ། །འཁོར་དུ་སྲིན་པོ་འབུམ་གྱིས་བསྐོར། །ཤར་ཕྱོགས་དྲི་ཟའི་གདན་སྟེངས་སུ། །ཁམས་གསུམ་སྲིད་གསུམ་བསྒྲལ་བའི་ཕྱིར། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །པྲ་མ་རཱ་ཛ་ས་མ་ཡ་ཏིཥྛ་ལྷན། ཧཱུྃ། ལྷོ་ནས་རང་བྱུང་གྲུབ་པའི་ལྷ། །རིན་ཆེན་རིགས་ཀྱི་ཁྲོ་བོ་སྟེ། །འཇམ་དཔལ་ཡོན་ཏན་སྤྲུལ་པ་ནི། །ཡ་མ་རཱ་ཛ་ཆེན་པོ་ནི། །མཉམ་ཉིད་ཡེ་ཤེས་རང་བཞིན་ལས། །གདོང་དམར་འདུལ་ཕྱིར་གཤིན་རྗེར་སྤྲུལ། །འཁོར་དུ་གཤིན་རྗེ་འབུམ་གྱི་བསྐོར། །ལྷོ་ཕྱོགས་གཤིན་རྗེའི་གདན་སྟེངས་སུ། །ཁམས་གསུམ་སྲིད་གསུམ་བསྒྲལ་བའི་ཕྱིར། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཡ་མ་རཱ་ཛ་ས་མ་ཡ་ཏིཥྛ་ལྷན། ཧཱུྃ། ནུབ་ནས་རང་བྱུང་གྲུབ་པའི་ལྷ། །པདྨ་རིགས་ཀྱི་ཁྲོ་བོ་སྟེ། །འཇམ་དཔལ་གསུང་གི་སྤྲུལ་པ་ལས། །དྷ་ཤ་གྷྲི་ཝ་ཆེན་པོ་སྟེ། །སོ་སོར་རྟོག་པའི་ཡེ་ཤེས་ལས། །གདོང་དམར་འདུལ་ཕྱིར་བདུད་དུ་སྤྲུལ། །འཁོར་དུ་གཤིན་རྗེ་འབུམ་གྱིས་བསྐོར། །ནུབ་ཕྱོགས་ཀླུ་བདུད་གདན་སྟེངས་སུ། །ཁམས་གསུམ་སྲིད་གསུམ་བསྒྲལ་བའི་ཕྱིར། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དྷ་ཤ་གྷྲི་ཝ་ས་མ་ཡ་ཏི ཥྛ་ལྷན། ཧཱུྃ། བྱང་ནས་རང་བྱུང་གྲུབ་པའི་ལྷ། །ལས་ཀྱི་རིགས་ཀྱི་ཁྲོ་བོ་སྟེ། །འཇམ་དཔལ་ཕྲིན་ལས་སྤྲུལ་པ་ནི། །ཀུ་བེ་ར་ཡ་ཆེན་པོ་སྟེ། །བྱ་བ་ནན་ཏན་ཡེ་ཤེས་ལས། །གདོང་དམར་འདུལ་ཕྱིར་གནོད་སྦྱིན་སྤྲུལ། །འཁོར་དུ་གཤིན་རྗེ་འབུམ་གྱི་བསྐོར། །བྱང་ཕྱོགས་གནོད་སྦྱིན་གདན་སྟེངས་སུ། །ཁམས་གསུམ་སྲིད་གསུམ་བསྒྲལ་བའི་ཕྱིར། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཀུ་བེ་ར་ས་མ་ཡ་ཏིཥྛ་ལྷན། །མཁའ་འགྲོ་ཆེན་མོ་ཡ་བྱིན་མ། །གནམ་རོལ་བདུད་ཀྱི་རྒྱལ་མོར་གྲགས། །བདུད་འདུལ་ཆེན་མོ་འཁོར་དང་བཅས། །མར་ཁུའི་མཚོ་ལ་བཞུགས་སུ་གསོལ། །སུ་ཀྲི་པ་ཡ་ས་མ་ཡ༴ མཁའ་འགྲོ་ཆེན་མོ་དེ་བྱིན་མ། །གཟའ་ཡི་རྒྱལ་མོ་མིག་དམར་བསྒྲལ། །གཟའ་འདུལ་ཆེན་མོ་འཁོར་དང་བཅས། །སྦྲང་རྩིའི་མཚོ་ལ་བཞུགས་སུ་གསོལ། །ཡ་བ་ར་ཙིཏྟ་ས་མ་ཡ༴ མཁའ་འགྲོ་ཆེན་མོ་བསེ་བྱིན་མ། །བཙན་གྱི་རྒྱལ་མོ་ཟླ་བ་བསྒྲལ། །བཙན་འདུལ་ཆེན་མོ་འཁོར་དང་བཅས། །རཀྟའི་མཚོ་ལ་བཞུགས་སུ་གསོལ། །ཡོ་གི་ཤྭ་རི་ས་མ་ཡ༴ མཁའ་འགྲོ་ཆེན་མོ་ཕག་བྱིན་མ། །ཀླུ་ཡི་རྒྱལ་མོ་ངེས་མོ་བསྒྲལ། །ཀླུ་འདུལ་ཆེན་མོ་འཁོར་དང་བཅས། །འོ་མའི་མཚོ་ལ་བཞུགས་སུ་གསོལ། །ཡ་མ་ཙིཏྟ་ས་མ་ཡ༴ འཇམ་དཔལ་སྤྲུལ་པའི་སྐྱེས་བུ་བཞི། །སྒྲོལ་གིང་བཤན་པ་ལག་རིང་ཆེན་པོ་སྟེ། །གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱི། །དམ་ཉམས་བསྒྲལ་བའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཞེས་སྒོ་བཞིར་དགོད་དོ། །བསྙེན་ཕུར་ཡང་སྔགས་ཀྱིས་དགོད་དོ། །དེ་ནས་དངོས་གྲུབ་ཀྱི་རྫས་དགོད་པ་ནི། རྗེའུ་རིགས་ཀྱི་ཐོད་པ་དུམ་བུ་གཅིག་པ། གཤོང་བུ་ལྔ་ཡོད་པ། ཤིང་ལོ་འབྲས་བུར་ལྡན་པ། འདི་མཚམས་ཅུང་ཟད་ཆད་འདྲ། གཞན་ཡང་མཚན་དང་ལྡན་པའི་བདུད་རྩི་ལྔ་དང་འབྲས་བུ་གསུམ་དང་། བ་དམར་སེར་གྱི་འོ་མ་དང་། མར་དང་། སྦྲང་རྩི་དང་། ཀ་ར་དང་། བུ་རམ་དང་སྦྱར་བའི་རིལ་བུ་བྱས་པས་བཀང་ལ། དར་ལེ་བརྒན་གྱིས་དྲིལ་ལ། དེར་གསོལ་བྱང་བསྩལ་ལ་བྷནྡྷ་མཚན་གསོལ་ལ་དགོད་དེ། ཧཱུྃ། མཚན་ལྡན་བྷནྡྷ་ལྕང་ལོ་ཅན། །མི་འགྱུར་གཡུང་དྲུང་རྡོ་རྗེའི་ཀ་པཱ་ལ། །བཀྲ་ཤིས་ལྷུན་གྲུབ་བྷནྡྷ་ཀ་པཱ་ལ། །ཆོ་འཕྲུལ་རྟགས་འབྱིན་བྷནྡྷ་ཀ་པཱ་ལ། །ཡེ་ཤེས་ལྔ་རྫོགས་བྷནྡྷ་ཀ་པཱ་ལ། །འཇམ་དཔལ་དངོས་གྲུབ་བརྒྱ་མཚོ་བསྒྲུབ་པ་དང་། །བདེ་གཤེགས་རིག་འཛིན་རྒྱལ་པོ་བསྒྲུབ་པའི་ཕྱིར། །ཕོ་བྲང་འབར་བའི་དབུས་སུ་བཞུགས་སུ་གསོལ། །བཛྲ་ཀཱ་ཡ་སིདྡྷི་ཕ་ལ་ས་མ་ཡ་སྟྭཾ། དེ་ནས་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ཕྱིར། སྲིན་པོ་སྐྱེ་འགྲོའི་སྲིད་ཀྱི་བདག་པོ་ཡིན་པས་རིགས་བརྒྱུད་སྤེལ་བའི་དངོས་གྲུབ་བླངས་ཏེ། མི་དཔལ་ཅན་གྱི་མདའ་ལ་དར་དཀར་པོ་ཁ་གང་ལ་འབྲུ་དང་རིན་པོ་ཆེ་ཁྱེའུའི་ལྟེ་བ་ཕུར་པ་གདགས། གསོལ་བྱང་ཡང་གདགས་སོ། །གཤིན་རྗེེ་སྐྱེ་འགྲོའི་ཚེ་ཡི་བདག་པོ་ཡིན་ཏེ། ཚེའི་དངོས་གྲུབ་བླངས་ཏེ། ཚེ་བུམ་བཅའ། གངས་ཆུ་དང་། ཁ་བའི་ཆུ། ཅོང་ཟིའི་ཆུ། ཚྭ། ཤུག་པ། བྲག་ཞུན། མཁན་པ། སྦྲང་། མར། ཡུངས་ཀར། ལན་ཚྭ་རྣམས་སྦྱར་ལ་རིམ་བུ་བྱས་ལ་དགོད། བདུད་སྐྱེ་འགྲོའི་སྲོག་གི་བདག་པོ་ཡིན་ཏེ། དྲག་པོ་མཐུ་ཡི་དངོས་གྲུབ་བླངས་ཏེ། ཐོད་པ་ཡུངས་ཀར་གྱི་སྟེང་དུབྷནྡྷ་ཕུར་པ་དང་ལིང་ག་དགོད། གནོད་སྦྱིན་ནི་འཇིག་རྟེན་ནོར་གྱི་བདག་པོ་ཡིན་ཏེ། ཐོད་པའམ་རིན་པོ་ཆེའི་གའུར་འབྲུ་སྣ་དང་། དར་ཟབ་དང་། རིན་པོ་ཆེ་སྣ་ལྔ་དང་། ཕྱུགས་ཀྱི་སྤུ་དང་། གསོལ་བྱང་རྣམས་བཅུག་ལ་དགོད་དོ། །དེ་ནས་རྒྱན་གྱི་རྫས་དགོད་པ་ནི། ཞིང་གི་བླ་བྲེ་དབུབ་སྟེ། ཧཱུྃ། ཞིང་ཆེན་བླ་བྲེ་ལྡིང་ཁང་ཆེན་པོ་ནི། །དུར་ཁྲོད་ཚོགས་ཀྱི་བདག་པོ་ཡིན་པའི་ཕྱིར། །འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་བསྒྲུབ་པ་དང་། །ཁམས་གསུམ་མ་ལུས་དབང་དུ་བསྡུ་བ་དང་། །སྲིད་གསུམ་མ་ལུས་ཟིལ་གྱི་གནོན་པའི་ཕྱིར། །དབང་ཆེན་དཀྱིལ་འཁོར་རྒྱན་དུ་བཞུགས་པ་དང་། །འབར་བའི་དཀྱིལ་འཁོར་རྒྱན་དུ་བཞེས་སུ་གསོལ། །བྃ་ཏི་ན་ཁམ་ས་མ་ཡ་སྟྭཾ། གྲྭ་བཞིར་ཞིང་གི་རྒྱལ་མཚན་བཞིའི་སྙིང་གར་མེ་ལོང་གདགས། དར་ལེ་རྒན་ཡང་གདགས་ཤིག་དགོད་དོ། །ཧཱུྃ། ཞིང་གི་རྒྱལ་མཚན་སྲིད་གསུམ་ཟིལ་གྱིས་གནོན། །ཡེ་ཤེས་མེ་ལོང་མ་རིག་མུན་པ་སེལ། །ལེ་བརྒན་བ་དན་ཁམས་གསུམ་དབང་དུ་བསྡུད། །དུར་ཁྲོད་བདག་པོའི་ཐུགས་དམ་བསྐང་བའི་ཕྱིར། །གསང་བའི་དཀྱིལ་འཁོར་ཆེན་པོ་བསྒྲུབ་པའི་ཕྱིར། །འབར་བའི་དཀྱིལ་འཁོར་རྒྱན་དུ་བཞེས་སུ་གསོལ། །དེ་ནས་བ་སུ་ཏའི་རྒྱན་ཕྲེང་གིས་བསྐོར་ལ། ཙིཏྟའི་ཕྲེང་བ་དང་ཞིང་གི་རྒྱན་ཕྲེང་གིས་བསྐོར། ཞིང་གི་འཕན་ཕྲེང་དང་། བྷནྡྷའི་བཅད་ཕོར་དང་། མཆོག་གི་གཡབ་མོས་ཕྱོགས་བཞིར་བརྒྱན་ཏེ། ཧཱུྃ། བ་སུའི་ཕྲེང་བ་ཐབས་དང་ཤེས་རབ་འབྲེལ། །ཙིཏྟའི་ཕྲེང་བས་ཁམས་གསུམ་དབྱིངས་སུ་སྒྲོལ། །ཞིང་གི་འཕན་ཕྲན་གདུག་པ་ཟིལ་གྱིས་གནོན། །བྷནྡྷའི་བཅད་ཕོར་འཁོར་བ་དབང་དུ་བསྡུད། །མཆོག་གི་གཡབ་མོས་ཞེ་སྡང་ཨུར་ལ་གནོན། །དུར་ཁྲོད་བདག་པོའི་ཐུགས་དམ་བསྐང་བའི་ཕྱིར། །གསང་བའི་དཀྱིལ་འཁོར་ཆེན་པོ་བསྒྲུབ་པའི་ཕྱིར། །འབར་བའི་དཀྱིལ་འཁོར་རྒྱན་དུ་བཞེས་སུ་གསོལ། །གྲུ་ཆད་ལ་བུམ་པ་བཞིའི་སྟེང་དུ། ལྕང་ལོ་སྨན་རག་གིས་བཀང་བ་དགོད་དེ། ཧཱུྃ། ཡོན་ཏན་བཅུད་ཀྱིས་གང་བའི་བུམ་པ་ལ། །དངོས་གྲུབ་གཏེར་ལྡན་བྷནྡྷ་ལྕང་ལོས་བརྒྱན། །རང་བྱུང་གྲུབ་པའི་རྫས་ཀྱི་རབ་བཀང་བ། །དུར་ཁྲོད་བདག་པོའི་ཐུགས་དམ་བསྐང་བའི་ཕྱིར། །གསང་བའི་དཀྱིལ་འཁོར་ཆེན་པོ་བསྒྲུབ་པའི་ཕྱིར། །འབར་བའི་དཀྱིལ་འཁོར་རྒྱན་དུ་བཞེས་སུ་གསོལ། །དར་རྩོད་ཁའི་ཡོ་ལ་བ་བྲེས་ཏེ། ཧཱུྃ། སྲིད་གསུམ་དབང་བསྡུད་ལེ་བ རྒན་གླིང་ཡོལ་འདི། །ཐུགས་རྗེའི་ཐབས་ཀྱིས་འཁོར་བ་དྲང་བ་དང་། །ཁམས་གསུམ་གདུག་པ་དབང་དུ་བསྡུད་པ་དང་། །དུར་ཁྲོད་བདག་པོའི་ཐུགས་དམ་བསྐང་བའི་ཕྱིར། །གསང་བའི་དཀྱིལ་འཁོར་ཆེན་པོ་བསྒྲུབ་པའི་ཕྱིར། །འབར་བའི་དཀྱིལ་འཁོར་རྒྱན་དུ་བཞེས་སུ་གསོལ། །དེ་ནས་མཆོད་རྫས་དགོད་དེ། ཤ་ཆེན་ཡོད་པའི་གཏོར་མ་གསུམ་བཤམས་ལ་དགོད་དེ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །གཏོར་གཞོང་རྣམ་དག་ཆོས་ཀྱི་དབྱིངས། །གཏོར་མ་ཡེ་ཤེས་ཕྱག་རྒྱའི་ཚོགས། །ཚེ་དང་གལ་ཕྱེ་མཐུན་བསྡེབས་ནས། །རཀྟ་དམར་གྱི་གུར་ཕུབ་སྟེ། །དུར་ཁྲོད་བདག་པོའི་ཐུགས་དམ་བསྐང་བའི་ཕྱིར། །འབར་བའི་དཀྱིལ་འཁོར་རྒྱན་དུ་བཞེས་སུ་གསོལ། །མ་ཧཱ་བ་ལིཾ་ཏ་ས་མ་ཡ་སྟྭཾ། དེ་ནས་སྨན་ཕུད་དགོད་དེ། ཧཱུྃ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ། །གཙང་ཞིང་གཙང་མར་སྦྱར་བའི་ཕུད་ཀྱི་ཕུད། །འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དཔའ་བོ་འདི། །རྩ་བརྒྱད་སྟོང་ལ་སྦྱར་བ་ཡིས། །ར་ས་ཡ་ན་དག་དང་མཉམ་པར་སྦྱར། །སྐལ་མེད་རྣམས་ཀྱིས་རྐྱེན་དང་མི་འཚལ་གྱིས། །སྐལ་ལྡན་ཐུགས་རྗེ་ཅན་གྱིས་བཞེས་སུ་གསོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ས་མ་ཡ་སྟྭཾ། དེ་ནས་རཀྟ་དགོད་དེ། ཧཱུཾ། མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་སུ། །སྐལ་ལྡན་རིགས་ཀྱི་བུ་མོ་འདི། །རྡོ་རྗེ་སྒེག་མོ་འདོད་ཆགས་ཆེ། །འདོད་ཅིང་ཆགས་པའི་རང་བཞིན་ཏེ། །མ་ཧཱ་མུ་དྲ་པདྨ་སྟེ། །ཁྲག་སྣ་སྟོང་ལས་སྦྱར་བ་འདི། །སྐལ་མེད་རྣམས་ཀྱི་རྐྱེན་དང་མི་འཚལ་གྱིས། །སྐལ་ལྡན་ཐུགས་རྗེ་ཅན་གྱི་བཞེས་སུ་གསོལ། །མ་ཧཱ་རཀྟ་ས་མ་ཡ་སྟྭཾ། དེ་ནས་མར་མེ་དགོད་དེ། ཧཱུྃ། སྲིད་གསུམ་ཡེ་ནས་རྣམ་དག་ཅིང་། །ཀོང་བུ་ཀུན་བཟང་ཡུམ་གྱི་མཁའ། །མར་ཁུ་བདེ་ཆེན་བྱང་ཆུབ་སེམས། །སྙིང་པོ་ཡེ་ཤེས་ཐབས་ཀྱི་ཡབ། །འོད་ནི་ཡེ་ཤེས་ལྔ་རུ་འབར། །ཡུལ་ནི་དུག་ལྔའི་མུན་པ་སེལ། །འབུལ་ནི་ཡེ་ཤེས་ལྷ་ལ་འབུལ། །བསྐང་ནི་དཀྱིལ་འཁོར་ཐུགས་དམ་བསྐང་། །མཆོད་ནི་དུས་གསུམ་སངས་རྒྱས་མཆོད། །ཡེ་ཤེས་རང་སྣང་འོད་ཀྱི་མར་མེ་འདི། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཨཱོྂ་མ་ཧཱ་ཛྙཱ་ན་ཨཱ་ལོ་ཀེ་ས་མ་ཡ་སྟྭཾ། གཞན་ཡང་མཆོད་པའི་བྱེ་བྲག་དཔག་མེད་ཇི་སྙེད་རྣམས་དགོད་དོ། །དེ་ནས་མཚམས་བཅད། བཤགས་པ་བྱ། དེ་ནས་བརྡའ་སྒོ་དབྱེ་ཞིང་རྣལ་འབྱོར་པ་དཀྱིལ་འཁོར་དུ་འཇུག་པར་བྱ་སྟེ། བྷྲཱུྃ་ལས་བསྐྱེད་བའི་དུར་ཁྲོད་གཞལ་ཡས་ཁང་། །རིན་ཆེན་མཛེས་པའི་ཕོ་བྲང་ཡིད་འོང་ཅན། །ཉི་ཟླ་འབར་བས་རབ་བརྒྱན་པ། །ཕྱི་དང་ནང་མེད་ཀུན་ཏུ་སྣང་། །མཐའ་དང་དབུས་མེད་ནམ་མཁའི་རྒྱན། །ཚད་མེད་བཞི་ཡི་ལས་བྱས་ནས། །ཕྲིན་ལས་རྣམ་བཞི་མཛད་འཚལ་གྱིས། །ཡེ་ཤེས་སྒོ་མ་བཞི་ཡིས་སྒོ་ཕྱེས་ཤིག །ཤར་ཕྱོགས་མེ་ལོང་ལྟ་བུའི་ཡེ་ཤེས་སྒོ་ཕྱེས་ཤིག །ལྷོ་ཕྱོགས་མཉམ་པ་ཉིད་ཀྱི་ཡེ་ཤེས་སྒོ་ཕྱེས་ཤིག །ནུབ་ཕྱོགས་སོ་སོར་རྟོག་པའི་ཡེ་ཤེས་སྒོ་ཕྱེས་ཤིག །བྱང་ཕྱོགས་བྱ་བ་ནན་ཏན་ཡེ་ཤེས་སྒོ་ཕྱེས་ཤིག །ཁྃ་བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ། ཧཱུྃ། འཇམ་དབྱངས་སངས་རྒྱས་ཀུན་གྱི་གཙོ། །བདེ་ཆེན་འདུ་འབྲལ་མེད་པའི་ཐུགས། །དཔལ་ཆེན་ཡེ་ཤེས་ཁྲོ་རྒྱལ་ལ། །བདག་ཅག་མི་ཕྱེད་དད་པས་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཁམས་གསུམ་ཞིང་དུ་སྦྱོར་ལ་ཕྱག་འཚལ་ལོ། །དུག་གསུམ་ཞལ་དུ་རྔུབ་ལ་ཕྱག་འཚལ་ལོ། །རྒྱུད་དྲུག་ཕྱག་རྒྱར་བསྣམས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་མཐའ་ཡས་སྤྲུལ་པའི་ཞིང་ཁམས་ནས། །རྣམ་འབྱོར་དབང་ཕྱུག་ཆེན་པོར་གྲགས་པ་ཡི། །རིག་འཛིན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོཿ དེ་ནས་ཡན་ལག་དགུ་པ་བྱའོ། །སངས་རྒྱས་དང་ནི་བྱང་ཆུབ་སེམས། །ཡི་དམ་ལྷ་དང་མཁའ་འགྲོ་དང་། །འཇམ་དཔའི་དབྱངས་ཀྱི་དཀྱིལ་འཁོར་ཚོགས། །རྒྱལ་སྲས་ཚོགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཞིང་དུ་རབ་བསྔགས་པའི། །འཇིག་རྟེན་དག་ན་མཆོག་གྱུར་པའི། །ཕྱི་ནང་གསང་བའི་མཆོད་པའི་ཚོགས། །རབ་ཏུ་སྤྲུལ་ཏེ་མཆོད་པར་བགྱིའོ། །བདག་གིས་ཚེ་རབས་ཐོགས་མེད་ན། །ཀུན་ནས་བསགས་པའི་མི་དགེ་རྣམས། །རང་བཞིན་མེད་ཀྱང་ཡོད་ཚུལ་གྱིས། །རྒྱལ་བ་རྣམས་ཀྱི་སྤྱན་སྔར་བཤགས། །མགོན་པོ་ཁྱོད་ཀྱི་བསོད་ནམས་དང་། །དམན་པའི་དགེ་བ་ཐམས་ཅད་ལ། །དེ་བཞིན་མཐུན་པའི་ལྷག་སེམས་ཀྱིས། །དང་བས་རྗེས་སུ་ཡི་རང་ངོ་། །བདེ་གཤེགས་བྱང་ཆུབ་མཆོག་བརྙེས་པ། །འགྲོ་རྣམས་ཐུགས་རྗེས་བཟུང་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་རུ། །ཚངས་པ་བཞིན་དུ་གསོལ་བ་འདེབས། །རྒྱལ་བ་མྱ་ངན་འདའ་བཞེད་པ། །འགྲོ་ཀུན་ཡུན་དུ་བདེ་བའི་ཕྱིར། །ཇི་སྲིད་འཁོར་བ་དེ་སྲིད་བར། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཇི་སྲིད་འཁོར་བ་མ་ཟད་བར། །བདག་གི་དགེ་བ་འདི་དག་རྣམས། །ཀུན་ནས་ཟད་པར་མ་གྱུར་པས། །སེམས་ཅན་ཡོངས་སུ་སྨིན་པར་ཤོག །བདག་ཀྱང་དུས་འདི་ཕན་ཆད་ནས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཁྱོད་ཀྱི་འབངས་སུ་འབུལ་ལགས་ཀྱིས། །ཐུགས་རྗེ་ཡོངས་སུ་བཟུང་དུ་གསོལ། །མགོན་པོ་ཁྱེད་ཀྱི་བཀའ་བཞིན་དུ། །སེམས་ཅན་དོན་ཀུན་བསྒྲུབ་ལགས་ཀྱིས། །བྱང་ཆུབ་མཆོག་ཏུ་བདག་བགྱིད་ན། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད་པས། གཙོ་བོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་ནས་བདག་ལ་ཕོག་པས། བདག་འོད་དུ་ཞུ་ནས་ཨཱོྂ་ཨཱཿཧཱུྃ་གསུམ་དུ་གྱུར་ནས། ཨཱོྂ་ཨཱཿགཉིས་ཧཱུྃ་ལ་འདུས་ནས། ཧཱུྃ་གཙོ་བོའི་ཐུགས་ཀར་ཕོག །སྐུ་གསུང་ཐུགས་བརྒྱུད་ནས་གསང་ལམ་ནས་ཡུམ་ལ་བརྒྱུད། སྐུ་གསུང་ཐུགས་བརྒྱུད་ནས། མཁའ་རུ་བྱང་སེམས་ཧཱུྃ་དུ་གྱུར། དེ་གཙོ་བོ་བཞི་པའི་ཀཱ་བཱ་ཙི་བརྒྱུད། །དེ་ནས་ཡང་གཙོ་བོ་ལ་ཐིམ་པས། གཙོ་བོ་དང་གཉིས་སུ་མེད་པར་ཐིམ་པར་བསམ་མོ། །དེ་ནས་དམ་བཅའ་ཞིང་བྱིན་དབབ། མཆོད་པ་བྱིན་གྱིས་བརླབ་བོ། །རྣལ་འབྱོར་པ་རྣམས་ལ་རྟགས་གསོལ། དེ་ནས་དུས་བཞིར་བསྐྱེད་རིམ་དང་། མཆོད་པ་གཞུང་བསྲང་། ཚོགས་དུས་བཞིར་བཏང་། བསྐང་བཤགས་ལ་གཙོ་བོར་བྱ། ཆང་དབང་དང་གཉིད་དབང་དུ་མི་བཏང་། མི་ཡེངས་མི་སྤུར་མི་འཁྱམ་མོ། །སྟན་མི་སྤྲུག །གྲ་མི་བསྒྱུར། བཟླས་པ་ལ་བརྩོན་འགྲུས་བྱ། ཐེ་ཚོམ་མི་བྱ། སྤྲོ་བ་བསྐྱེད། དམ་རྫས་བསྟར། ཚོགས་ཕུད་ཉམས་སུ་མི་གཞུག །མཚམས་བསྡོམས། རྫས་ཕྱིར་མི་བཏང་། དབང་མ་ཐོབ་པ་མི་གཞུག །ཉམས་པ་མི་བརྟེན་ནོ། །བཟླས་པའི་དུས་སུ་ཛཔ྄་བསྟོད་དང་། ཛཔ྄་ཀྱི་གསལ་གདབ་ཅིང་བསྐུལ་ཏེ། ཧཱུྃ། སྐྱེ་འགགས་མེད་པའི་ཆོས་དབྱིངས་ཀློང་གདལ་ན། །སྟོང་གསུམ་ཐམས་ཅད་དུར་ཁྲོད་གཞལ་ཡས་ཁང་། །སྐྱེ་འགྲོ་ཐམས་ཅད་འཇམ་དཔལ་དམར་པོའི་སྐུ། །སྒྲ་སྐད་ཐམས་ཅད་མཉྫུ་ཤྲཱིའི་གསུང་། །དྲན་རྟོག་ཐམས་ཅད་ཡེ་ཤེས་ལྔ་ཡི་ངང་། །འོད་ཟེར་མགལ་མེའི་འཁོར་ལོ་བསྐོར་བ་ལྟར། །ཕར་འཕྲོས་ཡེ་ཤེས་ལྔ་ཡི་ཐུགས་དམ་བསྐུལ། །ཚུར་འདུས་མཆོག་དང་ཐུན་མོང་སིདྡྷི་བསྡུས། །ཕར་སྤྲོས་ཚུར་འདུས་འོད་ཟེར་འཁྲུགས་པ་ཡིས། །བདག་ཅག་བག་ཆགས་སྒྲིབ་པ་བྱང་བ་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བར་ཆད་གདུག་པའི་དགྲ་བགེགས་བསྒྲལ་དུ་གསོལ། །ཞེས་ཛཔ྄་ཁང་ཕྱེ་ཞིང་བསྐུལ་ལོ། །ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི། ཛཿཛཿ ཞེས་བཟླས་སོ། །སྐབས་སུ་འདི་སྐད་ཅེས་བརྗོད་དོ། །ཧཱུྃ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །སྐུ་མཆོག་འཇམ་དཔལ་དམར་པོ་ཉིད། །ཡི་དྭགས་མ་ཧེ་ཕོ་མོའི་ཁྲི་སྟེངས་སུ། །ཟླ་བ་རྒྱས་པའི་དཀྱིལ་འཁོར་ན། །དུར་ཁྲོད་ཆས་ཀྱི་སྐུ་ལ་རབ་ཏུ་བརྒྱན། །ཨེ་ཀ་ཛཱ་ཏིཀ་ཡུམ་དང་གཉིས་མེད་འཁྲིལ། །ཞལ་ནས་ཆོས་ཉིད་ཛཔ྄་ཟློས་ཤིག །ཐུགས་རྗེས་སེམས་ཅན་མ་ལུས་སྒྲོལ། །སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །ད་ལྟ་བདག་གི་ཡི་དམ་ལྷ། །ཡི་དམ་ལྷ་མཆོག་མ་གཡེལ་མཆོད་པ་བཞེས། །ཚེ་སྲོག་གཉན་པོ་འདི་ལ་ཐུགས་རྗེས་གཟིགས། །ཁམས་གསུམ་མ་ལུས་དབང་དུ་བསྡུ་བ་དང་། །སྲིད་གསུམ་འཇིག་རྟེན་ཟིལ་གྱིས་གནོན་པ་དང་། །དབང་དང་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཕྱོགས་བཞི་དེས་འགྲེའོ། །དེ་ནས་ཞག་དུ་བྱེད་པའི་དབུས་མ་ལ་ལན་གཅིག་སྦྱོར་སྒྲོལ་མཆོད་པས་ཐུགས་དམ་བསྐང་སྟེ། མཆོག་ཆེན་པོ་གཅིག་གམ། རྒྱུ་མཆོག་ལྔའམ། ར་ལུག །བྱ་དང་ཁྱི་གང་རུང་མེད་དུ་མི་རུང་ངོ་། །གྲོགས་པོ་སྒྲོལ་གིང་དུ་བསྐྱེད་ལ། །ནྲྀ་ཤ་ཀུ་རུ་བཟླས་ཤིང་། ཁོག་པ་དྲལ་ལ་ཙིཏྟ་ཕྱུང་ལ་བསྟབ་སྟེ། བསྐང་གསོ་དྲག་ཏུ་བྱ། དེ་ནས་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་སྟན་བདེ་བ་ལ། ཡུམ་ཁྲུས་བྱས་ལ་བྱིན་གྱིས་བརླབ། དེ་ནས་འདོད་པ་མཉམ་པས་སེམས་བསྐྱེད་ལ། ལུས་ངག་མཉམ་པས་བསྐྱེད་རྫོགས་བསྒོམ། བྱིན་བརླབས་མཉམ་པས་མཁའ་གསང་བསྣོལ་མར་བརླབ། འདོད་པའི་བསྟན་བཅོས་ཀྱིས་ཆགས་པ་བསྐྱེད། ཡུམ་གྱི་མཁའ་རུ་དལ་བསྐྱེད་དགུག་གཞུག་བྱས་ལ། བདག་གི་འཁོར་ལོ་བཞི་རུ་དལ་བསྐྱེད་དགུག་གཞུག་མཆོད་པ་དང་། སྙོམས་པར་ཞུགས་ལ་དགུག་གཞུག་གིས་ཕབ་པ་དང་། མཆོད་དེ་དངོས་གྲུབ་བླང་ངོ་། །དཀྱིལ་འཁོར་དང་མར་མེ་མཆོད་པ་ཀུན་ཁ་གསོས་ལ། ཕྲིན་ལས་དང་ཏིང་ངེ་འཛིན་དང་ལྷག་མ་མཚམས་སྦྱོར། རྣལ་འབྱོར་པ་རྣམས་ཏིང་ངེ་འཛིན་མི་གསལ་ཞིང་། བྱིང་བ་དང་། འཐིབ་བ་དང་། གཉིད་ཆེ་བ་དང་། མར་མེ་མི་གསལ་བ་དང་། ཤེས་པ་སེང་པོ་བྱིན་མེད་པ་དང་། ཉམས་མི་དགའ་བ་དང་། ཚིག་པ་ཟ་བ་དང་། ཐེ་ཚོམ་ཟ་བ་དང་། འགྲོ་སྙིང་འདོད་པ་ལ་སོགས་པ་དང་། དེ་རྣམས་དམ་སྲིའི་བར་ཆད་ཡིན་པས་བར་ཆད་ཀྱི་དབང་དུ་མི་བཏང་། ཕུར་བསྐོར་བྱ། བགེགས་བསྐྲད། དམ་སྲི་བརྡུང་ཞིང་མནན། ཤེས་པ་ངར་བསྐྱེད་ལ་སོར་གཞུག་གོ། །དེ་ནས་ཉམས་དགའ་བ་དང་། དྲི་ཞིམ་པ་དང་། ཏིང་ངེ་འཛིན་གསལ་བ་དང་། སྒྲ་སྙན་པ་དང་། རྨི་ལྟས་སུ་མེ་ཏོག་ཐུ་བ་དང་། ཉི་ཟླ་མཁའ་ལ་ཤར་བ་དང་། གངས་རི་ལ་འཛེག་པ་དང་། དུང་འབུད་པ་དང་། རྔ་བརྡུང་བ་དང་། ཉི་ཟླ་ལ་ཞོན་པ་དང་། ལག་པས་བཟུང་བ་དང་། པཎྜི་ཏ་དང་། སློབ་དཔོན་དང་མཇལ་བ་དང་། དབང་བསྐུར་ལུང་སྟོན་པ་ལ་སོགས་པ་བྱུང་བ་དང་། བསྒྲུབ་པ་ཆེན་པོ་བརྩམས་པར་བྱའོ། །དངོས་གྲུབ་ཀྱི་རྫས་བརྟགས་ལ། དངོས་གྲུབ་ཀྱི་རྫས་ལ་དངོས་གྲུབ་བསྒྲུབ་པར་བྱ་སྟེ། ཨཱོྂ་ཤྲཱི་མཉྫུ་མ་མ་ཨེ་ཀ་ཛཱ་ཏི་སིདྡྷི་སིདྡྷི་ཛཿཧཱུྃ། སརྦ་ཛྙཱ་ན་ཏ་ནེ་སིདྡྷི་ཛཿཧཱུྃ། སརྦ་མ་ནི་སྟ་ནི་སིདྡྷི་ཛཿཧཱུྃ། སརྦ་ཤྲཱིནྟཾ་ཀུ་རུ་སིདྡྷི་ཛཿཧཱུྃ། སརྦ་པ་ཤཾ་ཀུ་རུ་སིདྡྷི་ཛཿཧཱུྃ། སརྦ་པུཥྚིཾ་ཀུ་རུ་སིདྡྷི་ཛཿཧཱུྃ། སརྦ་ཀརྨ་སིདྡྷི་ཛཿཧཱུྃ། ཐུན་མོང་གི་དངོས་གྲུབ་ནི། ཤར་གྱི་སྲིན་པོ་ལ། ཨཱོྂ་པྲ་མ་རཱ་ཛ་མ་རུ་རྩེ། སརྦ་པུ་ཏྲ་པ་ལ་སིདྡྷི་ཛཿཧཱུྃ། པུཎྱཻ་པུ་ཏྲ་སིདྡྷི་ཛཿཧཱུྃ། སརྦ་པྲཛྙཱ་སིདྡྷི་ཛཿཧཱུྃ། སརྦ་མ་ཧཱ་པྲད་ཏྱ་སིདྡྷི་ཛཿཧཱུྃ། ཞེས་བཟླས་སོ། །ལྷོའི་གཤིན་རྗེ་ལ། ཨཱོྂ་ཡ་མ་རཱ་ཛ་མ་རུ་རྩེ་སརྦ་ཨ་ཡུ་ཤེ་སིདྡྷི་ཛཿཧཱུྃ། སརྦ་ཨ་ཡུ་ཛྙཱ་ན་གཡུ་ཚེ་ཨ་པ་ན་ཡ་བྷཱུྃ་ཨ་ཡུ་ཕ་ལ་སིདྡྷི་ཛཿཧཱུྃ། ནུབ་ཀྱི་བདུད་ལ། ཨཱོྂ་པྲ་མ་ཡ་མཱ་ར་ཡ་སརྦ་ཀརྨ་སིདྡྷི་ཛཿཧཱུྃ། བྱང་གི་གནོད་སྦྱིན་ལ། ཨཱོྂ་བཻ་ཤྲ་མ་ཎ་ཡེ་མ་ཧཱ་རཱ་ཛ་ཀུ་བེ་ར་སརྦ་རཏྣ་བྷ་ཧུ་ས་དྷ་ནི་སིདྡྷི་ཛཿཧཱུྃ། སརྦ་པུཥྤེ་ས་ཏ་ནི་སིདྡྷི་ཛཿཧཱུྃ། ཨཱོྂ་སརྦ་ཨ་ཡུ་ས་ཏ་ནི་སིདྡྷི་ཛཿཧཱུྃ། སརྦ་རཏྣ་པ་ཤཾ་སིདྡྷི་ཛཿཧཱུྃ། པུཥྚིཾ་ཀུ་རུ་སིདྡྷི་ཛཿཧཱུྃ། དྷཱི་ན་མེ་དྷི་སིདྡྷི་ཛཿཧཱུྃ། ན་ན་ཁ་དྷེ་སིདྡྷི་ཛཿཧཱུྃ། སརྦ་པྲི་ཡཾ་ཀུ་རུ་སིདྡྷི་ཛཿཧཱུྃ། སརྦ་གོ་ར་སིདྡྷི་ཛཿཧཱུྃ། རཏྣ་མ་མེ་སིདྡྷི་ཛཿཧཱུྃ། ཞེས་བཟླས་སོ། །སུ་ཏྲི་པ་ཡ་བ་ར་ཙིཏྟ་ཡོ་གི་ཤྭ་རཱི་ཡ་མ་སྟི་སྟ་སརྦ་ལི་ཀ་ཧྲཱིཾ་ཧྲཱིཾ། ཛཿཧཱུྃ། ཞེས་བཟླས་སོ། །དེ་ནས་ཚེ་བསྒྲུབ་བཞིན་ཚེ་ཡི་ཕོ་ཉ་བཏང་སྟེ། དེ་ནས་ནུབ་ཐ་མ་ལ་དངོས་གྲུབ་བླང་བ་ནི། དངོས་གྲུབ་ཀྱི་ཞལ་ཟས། ཚེ་དང་། གལ་ཕྱེ་དང་། འཇམ་དེས་དང་། ཟླ་རྒྱས་དང་། ཟླ་ཕྲོམ་དང་། ཛ་གད་དང་། འཛག་ཏི་དང་། བྲན་ཕོ་དང་། འོལ་སྐོམ་དང་། རིལ་བུ་རྣམས་བཤམས་ལ། མཚམས་དྲག་ཏུ་བཅད། བསྐང་བཤགས་བྱ། བྱིན་དབབ། བསྟོད་ཅིང་བྲོ་བརྡུང་། ཁྲོ་བོ་འཆོལ་བའི་ཛཔ྄་དབྱངས་ཀྱིས་དངོས་གྲུབ་དབང་དུ་བསྡུད། ཧཱུྃ། དང་པོ་དམ་བཅའི་དུས་ཀྱང་ད་ནང་ཚང་། །བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ད་ནང་ཚང་། །བསྒྲུབ་པ་རྡོ་རྗེའི་ནམ་ཡང་ལངས་སུ་ཉེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་རེ་རན། །སྐྱ་རེངས་དང་པོ་ཤར་ཙ་ན། །སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །སྐྱ་རེངས་བར་པ་ཤར་ཙ་ན། །གསུང་གི་དངོས་གྲུབ་ཙལ་དུ་གསོལ། །སྐྱ་རེངས་ཐ་མ་ཤར་ཙ་ན། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྐུ་ཡི་དཀྱིལ་འཁོར་བསམ་ཡས་ཀྱང་། །བསམ་མི་ཁྱབ་པ་གསུམ་དུ་འདུས། །སྐུ་མཆོག་འཇམ་དཔལ་འགྱུར་བ་མེད་པ་སྐུ་ཡི་རྗེ། །སྐུའི་རྣམ་གྲངས་ཆད། མཆན། སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །གསུང་མཆོག་དཀྱིལ་འཁོར་བསམ་ཡས་ཀྱང་། །བསམ་མི་ཁྱབ་པ་གསུམ་དུ་འདུས། །སྐུ་མཆོག་འཇམ་དཔལ་འགྱུར་བ་མེད་པ་གསུང་གི་རྗེ། །ཚངས་པའི་ང་རོ་དྲག་པོའི་གསུང་། །བཟླས་པའི་འཕྲོ་འདུ་ལྷ་ཡི་གསུང་། །བཤུགས་པའི་བརྡའ་ནི་སྔགས་ཀྱི་གསུང་། །གསུང་གི་དངོས་གྲུབ་སྩལ་དུ་གསོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཐུགས་ཀྱི་དཀྱིལ་འཁོར་བསམ་ཡས་ཀྱང་། །བསམ་མི་ཁྱབ་པ་གསུམ་དུ་འདུས། །ཐུགས་མཆོག་འཇམ་དཔལ་འགྱུར་བ་མེད་པ་ཐུགས་ཀྱི་རྗེས། །མི་གནས་ཡེ་ཤེས་ཐུགས་ཀྱི་ཐུགས། །ཧཱུྃ་གི་འོད་ཟེར་ཐུགས་ཀྱི་གསུང་། །ཐུགས་ཀྱི་སྤྲུལ་པ་ཐུགས་ཀྱི་སྐུ། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། སྐྱེ་འགག་མེད་པ་ཆོས་སྐུའི་གཞལ་ཡས་ནས། །གསལ་སྟོང་རང་བཞིན་མེད་པའི་སྐུ་མངའ་བ། །འཇམ་དཔལ་དམར་པོའི་སྐུ་མཆོག་ལྷུན་གྱིས་གྲུབ། །རིགས་ཀྱི་དངོས་གྲུབ་བསམ་མི་ཁྱབ། །སྐུ་མཆོག་འགྱུར་བ་མེད་པའི་དངོས་གྲུབ་སྩོལ། །ཀཱ་ཡ་སིདྡྷི་ༀ། ཡེ་ཤེས་འཇམ་དབྱངས་དག་པའི་གཞལ་ཡས་ནས། །འགྱུར་མེད་རྟོགས་པ་མེད་པའི་ཐུགས་མངའ་བ། །འཇམ་དཔལ་དམར་པོའི་ཐུགས་མཆོག་ལྷུན་གྱིས་གྲུབ། །ཡེ་ཤེས་དངོས་གྲུབ་མང་པོ་བསམ་མི་ཁྱབ། །ལྟ་བ་བརྗོད་མེད་དངོས་གྲུབ་སྩལ་དུ་གསོལ། །ཙིཏྟ་སིདྡྷི་ཧཱུྃ། ཧཱུྃ། དབང་མཆོག་མ་ཆགས་པདྨའི་གཞལ་ཡས་ནས། །གྲགས་སྟོང་འགགས་པ་མེད་པའི་གསུང་མངའ་བ། །འཇམ་དཔལ་དམར་པོའི་གསུང་མཆོག་ལྷུན་གྱིས་གྲུབ། །རང་བྱུང་ཐུགས་རྗེའི་དངོས་གྲུབ་བསམ་མི་ཁྱབ། །གསུང་དབྱངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཝཱ་ཀ་སིདྡྷི་ཨཱཿ རང་བྱུང་ལྷུན་གྲུབ་གཞལ་ཡས་ནས། །འཕེལ་འགྲིབ་མེད་པའི་ཡོན་ཏན་མཆོག་མངའ་བ། །འཇམ་དཔལ་དམར་པོའི་ཡོན་ཏན་ལྷུན་གྱིས་གྲུབ། །ལོངས་སྤྱོད་རྫོགས་པའི་དངོས་གྲུབ་སྩལ་དུ་གསོལ། །ཡོན་ཏན་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །གུ་ཎ་སིདྡྷི་ཧྲཱིཿ ཐམས་ཅད་ལྷུན་གྲུབ་ཆོས་ཀྱི་ཕོ་བྲང་ནས། །ཐོགས་པ་མེད་པའི་ཕྲིན་ལས་མཆོག་མངའ་བ། །འཇམ་དཔལ་དམར་པོའི་ཕྲིན་ལས་ལྷུན་གྱིས་གྲུབ། །ཞི་རྒྱས་དབང་དྲག་དངོས་གྲུབ་བསམ་མི་ཁྱབ། །ཕྱི་ནང་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཀརྨ་སིདྡྷི་ཨཱཿ ཧཱུྃ། འཇམ་དཔལ་སྐུ་ཡི་སྤྲུལ་པ་ནི། །པྲ་མ་རཱ་ཛ་ཆེན་པོ་སྟེ། །འཁོར་དུ་སྲིན་པོ་འབུམ་གྱིས་བསྐོར། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་བསམ་མི་ཁྱབ། །མི་འགྱུར་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཁྱོད་ནི་སྲིན་པོ་འདུལ་བར་དབང་བསྐུར་བས། །ཞི་བ་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཁྱོད་ཀྱི་སྤྲུལ་པ་སྲིན་པོ་མ་རུ་རྩེ། །སྐྱེ་འགྲོ་ཡོངས་ཀྱི་སྲིད་ལ་མངའ་མཛད་ཅིང་། །དབང་ཆུང་སྲིད་པ་ཀུན་ལ་དབང་བསྒྱུར་ཞིང་། །སྣང་སྲིད་ལོ་ཀའི་དཔའ་རྣམས་ཀུན་བསྡུས་ལ། །བུ་ཚ་རིགས་རྒྱུད་སྤེལ་བའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། འཇམ་དཔལ་ཡོན་ཏན་སྤྲུལ་པ་ལས། །ཡ་མ་རཱ་ཛ་གཤིན་རྗེའི་གཙོ། །འཁོར་དུ་སྲིན་པོ་འབུམ་གྱིས་བསྐོར། །རིན་ཆེན་རིགས་ཀྱི་དངོས་གྲུབ་བསམ་མི་ཁྱབ། །ཡོན་ཏན་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །ཁྱོད་ནི་གཤིན་རྗེ་འདུལ་བར་དབང་བསྐུར་བས། །ཚེ་དང་ལོངས་སྤྱོད་རྒྱས་པའི་དངོས་གྲུབ་སྩལ་དུ་གསོལ། །ཁྱེད་ཀྱི་སྤྲུལ་པ་གཤིན་རྗེ་མ་རུ་རྩེ། །སྐྱེ་འགྲོ་ཀུན་གྱི་ཚེ་དཔལ་བདག་པོ་སྟེ། །སྣང་སྲིད་འཇིག་རྟེན་ཚེ་ལ་དབང་བསྒྱུར་བས། །སྐྱེ་འགྲོ་ཀུན་གྱི་ཚེ་རྣམས་ཀུན་བསྡུས་ལ། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། འཇམ་དཔལ་གསུང་གི་སྤྲུལ་པ་ལས། །དྷ་ཤ་གྷྲྀ་ཝ་བདུད་ཀྱི་གཙོ། །འཁོར་དུ་སྲིན་པོ་འབུམ་གྱིས་བསྐོར། །པདྨ་རིགས་ཀྱི་དངོས་གྲུབ་བསམ་མི་ཁྱབ། །གསུང་མཆོག་ཆོས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཁྱོད་ནི་ཀླུ་བདུད་འདུལ་བར་དབང་བསྐུར་བས། །ཁམས་གསུམ་དབང་དུ་བསྡུས་པའི་དངོས་གྲུབ་སྩོལ། །ཁྱོད་ཀྱི་སྤྲུལ་པ་བདུད་པོ་མ་རུ་རྩེ། །སྐྱེ་འགྲོ་ཀུན་གྱི་སྲོག་གི་བདག་པོ་སྟེ། །སྣང་སྲིད་འཇིག་རྟེན་སྲོག་དབུགས་མངའ་བདག་སྟེ། །དགྲ་བགེགས་རྩད་ནས་གཅོད་པ་ཡིས། །དྲག་པོ་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། འཇམ་དཔལ་ཐུགས་ཀྱི་སྤྲུལ་པ་ལས། །ཀུ་བེ་རཱ་ཛ་གཏེར་གྱི་བདག །འཁོར་དུ་གནོད་སྦྱིན་འབུམ་གྱིས་བསྐོར། །ལས་ཀྱི་རིགས་ཀྱི་དངོས་གྲུབ་བསམ་མི་ཁྱབ། །ཕྲིན་ལས་ཐོགས་པ་མེད་པའི་དངོས་གྲུབ་སྩོལ། །ཁྱོད་ནི་གནོད་སྦྱིན་འདུལ་བར་དབང་བསྐུར་བས། །གནོད་བྱེད་དགྲ་བགེགས་བསྒྲལ་བའི་དངོས་གྲུབ་སྩོལ། །ཁྱོད་ཀྱི་སྤྲུལ་པ་གནོད་སྦྱིན་མ་རུ་རྩེ། །ལོ་ཀའི་ཁམས་ཀྱི་ནོར་ལ་མངའ་མཛད་ཅིང་། །བསོད་ནམས་ལོངས་སྤྱོད་ཀུན་ལ་དབང་སྒྱུར་བས། །ཟས་ནོར་ལོངས་སྤྱོད་དབང་ཐང་དངོས་གྲུབ་སྩོལ། །ཧཱུྃ། འཇམ་དཔལ་སྤྲུལ་པ་མཁའ་འགྲོ་མ་མོ་བཞི། །འཇིག་རྟེན་མ་ལུས་ཀུན་ལ་དབང་བསྒྱུར་མ། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་ཏེ། །ཚེ་དང་ལོངས་སྤྱོད་བསོད་ནམས་དང་། །སྣང་བ་དབང་དུ་བསྡུད་པའི་དངོས་གྲུབ་སྩོལ། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཡེ་ཤེས་ལས་ལ་གྲུབ་པའི་མཁའ་འགྲོ་མ། །རྒྱལ་བའི་སྲས་གྱུར་རིག་འཛིན་རྩལ་འཆང་བའི། །ཕྱི་དང་ནང་གི་ཆོས་སྐྱོང་སྲུང་མའི་ཚོགས། །སྐུ་ཡི་དངོས་གྲུབ་ནམ་མཁའི་དཀྱིལ་ཡངས་བཞིན། །གསུང་གི་དངོས་གྲུབ་འགགས་མེད་བརྗོད་དང་བྲལ། །ཐུགས་ཀྱི་དངོས་གྲུབ་མི་རྟོགས་མཉམ་པ་ཉིད། །ཡོན་ཏན་དངོས་གྲུབ་ཡིད་བཞིན་རིན་ཆེན་གཏེར། །ཕྲིན་ལས་དངོས་གྲུབ་རྣམ་བཞི་ལྷུན་གྱིས་གྲུབ། །ཚེ་དང་བསོད་ནམས་ལོངས་སྤྱོད་དང་། །མིག་རྣོན་རྐང་མགྱོགས་མངོན་ཤེས་ལ་སོགས་པ། །ཇི་ལྟར་བསམ་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་པས་དཀྱིལ་འཁོར་གྱི་ལྷ་དང་། བདེ་བར་གཤེགས་པ་རྣམས་འོད་དུ་ཞུ། ཡིག་འབྲུ་གསུམ་དུ་གྱུར་པར་བསམས་ལ། བྷནྡྷ་ཁ་ཕྱེ་བ་ལག་ཏུ་བླངས་ལ་རྫས་ཀྱི་དངོས་གྲུབ་བླངས་ཏེ། ཧཱུྃ། གསང་སྔགས་དོན་ལ་གཉིས་མེད་ཐུགས་དགོངས་ལ། །རྒྱལ་བའི་དཀྱིལ་འཁོར་ཐུགས་ལ་སལ་ལེར་གསལ། །དམ་ཚིག་ཅན་ལ་ཐུགས་དགོངས་སྤྱན་གྱིས་གཟིགས། །ད་ལྟ་རིག་འཛིན་བདག་ལ་དགོངས་སུ་གསོལ། །བདག་འདྲ་སྒོ་གསུམ་གཡོ་སྒྱུ་མ་མཆིས་པས། །མཆོག་གི་རྫས་ལ་བརྟེན་ནས་ལྷ་མཆོག་བསྒྲུབ། །རིག་འཛིན་ཁྱོད་ལ་མངའ་བའི་དངོས་གྲུབ་རྣམས། །བྷནྡྷའི་རྫས་ལ་བརྟེན་ནས་བདག་ལ་སྩོལ། །དཔལ་གྱི་སྤྱན་སྔར་ཁས་བླངས་དམ་བཅས་པའི། །རྣལ་འབྱོར་སྒྲུབ་པ་པོ་ཡི་གྲོགས་བྱ་ཞེས། །ཁས་བླངས་དམ་བཅས་ལས་ལ་མ་འདའ་བར། །མ་མོ་མཁའ་འགྲོ་བདག་ལ་དགོངས་སུ་གསོལ། །བདག་འདྲ་སྒོ་གསུམ་གཡོ་སྒྱུ་྄མ་མཆིས་པས། །མཆོག་གི་རྫས་ལ་བརྟེན་ནས་ལྷ་མཆོག་བསྒྲུབ། །མཁའ་འགྲོ་ཁྱེད་ལ་མངའ་བའི་དངོས་གྲུབ་རྣམས། །བྷནྡྷའི་རྫས་ལ་བརྟེན་ནས་བདག་ལ་སྩོལ། །བདག་གི་ཡུན་རིང་དུས་ནས་བརྟེན་པའི་དམ་ཅན་རྣམས། །དེ་རིང་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་འདྲ་སྒོ་གསུམ་གཡོ་སྒྱུ་མ་མཆིས་པས། །མཆོག་གི་རྫས་ལ་བརྟེན་ནས་ལྷ་མཆོག་བསྒྲུབ། །དམ་ཅན་ཁྱེད་ལ་མངའ་བའི་དངོས་གྲུབ་རྣམས། །བྷནྡྷའི་རྫས་ལ་བརྟེན་ནས་བདག་ལ་སྩོལ། །ཧོཿ འཇམ་དཔལ་དམར་པོའི་ལྷ་ཚོགས་ལ་བསྙེན་སྒྲུབ་གཞུང་བཞིན་བགྱིས་པའི་དོན་ལ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་རྣམས་དུས་ཕྱི་མར་མི་བསྡད་པར། ལས་དང་རྣམ་པར་སྨིན་པ་ལ་སྙད་མ་གདགས་པར། ད་ལྟ་ཉིད་དུ་སྩལ་དུ་གསོལ། །ཞེས་རོལ་ལོ། །དངོས་གྲུབ་ལ་ལོངས་སྤྱོད། ཚེ་ཡང་བསྟིམ་མོ། །དེ་ནས་ཚལ་བུའི་དབང་བསྐུར་ཏེ། པྲ་བེ་ཤ་ཡ་ཕཊ་ཀྱིས་དལ་གྱི་སྒོ་ཕྱེས་ལ། ཨ་ཏི་པུ་ཧོཿས་ཕྱག་བཙལ། པྲ་ཏཱི་ཙྪ་ཧོཿས་མེ་ཏོག་དོར། ཨཱོྂ་། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བ། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་གསོལ་བ་གདབ་བོ། །དེ་ནས་བྷནྡྷ་སྤྱི་བོར་བླངས་ལ། ཧཱུྃ། མཚན་མའི་སྤྲོས་བྲལ་བྷནྡྷའི་རྫས་མཆོག་འདི། །སྔོན་གྱི་རིག་འཛིན་རྒྱལ་པོས་བསྒྲུབ་པའི་རྫས། །བདེ་གཤེགས་རྒྱལ་བའི་དངོས་གྲུབ་རླབས་ཆེན་འདི། །ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ། །ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བེ་ཤ་ཨཱཿཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ནས། །བྷནྡྷ་འབར་བའི་གཞལ་ཡས་ན། །འབང་བའི་ལྷ་ཚོགས་དཀྱིལ་འཁོར་སྐུར་བསྟན་པ། །དུར་ཁྲོད་ཆས་ཀྱིས་སྐུ་ལ་རབ་བརྒྱན་ཅིང་། །ཞལ་ནས་ཆོས་ཉིད་དབང་གི་ཛཔ྄་ཟློས་ཤིང་། །ཐུགས་རྗེས་དབང་གི་སྣོད་དུ་བདག་གཟིགས་ནས། །འགྲོ་བའི་དོན་ལ་དེ་བཞིན་གཤེགས་མཛད་དེ། །ཁམས་གསུམ་མ་ལུས་དབང་དུ་བསྡུ་བ་དང་། །སྲིད་གསུམ་གདུག་པ་ཟིལ་གྱིས་མནན་པ་དང་། །ལས་ངན་འཁོར་བའི་སེམས་ཅན་དྲང་བའི་ཕྱིར། །འབར་བའི་སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་རྒྱ་མཚོའི་མཆོག་ཏུ་བདག་སྩོལ་ཅིག །ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཛྙཱ་ན་པཉྩ་མཎྜ་ལ་ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཨ་བྷི་ཥིཉྩ་མཾ། ཧཱུྃ། འབར་བའི་ཁྲོ་བོ་མི་བཟད་པ། །དྲག་པོ་ཕུར་པའི་སྐུར་བསྟན་པ། །ཞལ་ནས་སྔགས་ཀྱི་སྒྲ་སྒྲོགས་པ། །ཕྱག་མཚན་བསྐལ་པའི་མེ་ལྟར་འབར། །དགྲ་བགེགས་རྩད་ནས་བཅད་པའི་ཕྱིར། །སྒྲོལ་གིང་ཆེན་པོའི་མཆོག་ཏུ་བདག་སྩོལ་ཅིག །ཅེས་རྩ་བའི་སྔགས་བརྗོད་ཅིང་དྲིལ་ལ་བསྡུ། ཧཱུྃ། དཔལ་ལྡན་རྡོ་རྗེའི་སྐུ་གསུང་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་གསུང་ཐུགས་དང་ལྡན། །དེང་བདག་འཇམ་དཔལ་སྐུ་གསུང་ཐུགས་འཛིན་པས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་སྩོལ། །ཀཱ་ཡ་སིདྡྷི་ཧཱུྃ་ཨཱཿ ཝཱཀྐ་སིདྡྷི་ཧཱུྃ་ཨཱཿཙིཏྟ་སིདྡྷི་ཧཱུྃ་ཨཱཿ སརྦ་སིདྡྷི་ཧཱུྃ་ཨཱཿ བཅོམ་ལྡན་འདས་འཇམ་དཔལ་དམར་པོ་ཡབ་ཡུམ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དངོས་གྲུབ་རྒྱ་མཚོ་ལ་མངའ་བརྙེས་པར་གྱུར་ཅིག །ཨ་ལ་ལ་ཧོཿ སུ་ཀ་སིདྡྷི་ཞེས་བརྗོད་དོ། །མ་ཧཱ་མཱཾ་ས་རོལ་པས་ཁམས་གསུམ་དབང་དུ་བསྡུད་པར་གྱུར་ཅིག །ཛ་གད་དཔའ་བོ་ལ་རོལ་པས་འགྲོ་བ་མ་ལུས་འདུལ་བར་གྱུར་ཅིག རྡོ་རྗེའི་ཚེ་གསོལ་བས་འཇམ་དཔལ་གྱི་སྐུ་ཚེ་དང་ལང་ཚོ་ལ་མངའ་བརྙེས་པར་གྱུར་ཅིག །ཟླ་རྒྱས་དང་ཟླ་ཕྲོམ་ལ་རོལ་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །འཇམ་དེས་རོལ་པས་དགོངས་པ་ཆོས་ཉིད་ཀྱི་ཀློང་ལ་ཉམས་པ་མེད་པར་གྱུར་ཅིག །འཛག་ཏི་དང་། བྲན་ཕོ་དང་། ཀུན་ཏུ་རྒྱུ་ལ་རོལ་བས་དགྲ་བགེགས་ཚར་གཅོད་པར་གྱུར་ཅིག །ཨ་ལ་ལ་ཧོཿ སུ་ཀ་སིདྡྷི། དེ་ནས་བསྒྲུབ་པའི་མཇུག་བསྡུ་བ་ལ། གཏོར་མས་མཇུག་བསྡུ་བ་ནི། ལྷག་མའི་ཆོ་ག་རྒྱས་པར་བྱའོ། །སྨོན་ལམ་གྱིས་མཇུག་བསྡུ་བ་ནི། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ནས། །སྐྱེ་འགག་མེད་པའི་ཆོས་ཉིད་ཀློང་བརྡལ་བའི། །འཇམ་དབྱངས་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། །བདག་གིས་སྒོ་གསུམ་གཡོ་སྒྱུ་མ་མཆིས་པས། །དད་དང་དམ་ཚིག་བརྩོན་འགྲུས་ལྷུར་བླངས་ཏེ། །ལྷག་པའི་གཟུགས་བརྙན་དཀྱིལ་འཁོར་འདི་བྲིས་ནས། །བསྙེན་བསྒྲུབ་ཡན་ལག་གཞུང་བཞིན་མཐར་ཕྱིན་པས། །ལྷག་པའི་ཏིང་འཛིན་དཀྱིལ་འཁོར་མཐར་ཕྱིན་ཅིང་། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མངོན་རྫོགས་ཏེ། །ཚོགས་ཀྱི་དཀྱིལ་འཁོར་ཆེན་པོར་བསྒྲུབ་པ་དང་། །རང་བཞིན་དཀྱིལ་འཁོར་ལྷུན་གྱིས་གྲུབ་པར་ཤོག །བྷནྡྷའི་རྫས་མཆོག་མཚན་ལྡན་ལ་བརྟེན་ནས། །བསྙེན་བསྒྲུབ་རྣམ་བཞི་ཚུལ་བཞིན་བགྱིས་པ་ཡིས། །ས་དང་ལམ་ལྔའི་སྒྲིབ་པ་ཀུན་བྱང་ནས། །སེམས་ཉིད་ཡི་དམ་ལྷ་རུ་ཡོངས་སྨིན་ཏེ། །ཕུང་པོའི་རྒྱ་མདུད་འདི་དག་རྣམ་གྲོལ་ཚེ། །འཕགས་མཆོག་འཇམ་པའི་དབྱངས་སུ་འཚར་རྒྱ་ཤོག །རིག་འཛིན་གསུམ་གྱི་ས་ལ་སྒྲིབ་སྦྱོང་ནས། །རྒྱལ་བ་སྐུ་གསུམ་རྒྱ་མཚོ་བྱེད་པ་དང་། །སྐུ་གསུམ་འཁོར་བ་དག་པའི་ཆོས་འཆད་ཅིང་། །རྒྱུད་དག་སངས་རྒྱས་སྐུ་དང་དབྱེར་མེད་ཤོག །དཀྱིལ་འཁོར་ལྷ་ལ་མར་མེ་འདི་ཕུལ་བས། །སྣང་བའི་སྒོ་འབྱེད་ཞུན་མར་མདངས་ལྡན་འདིས། །ཡེ་ཤེས་སྣང་བ་ཆེན་པོའི་ཤུལ་མཚོན་ནས། །ས་དང་ལམ་ལ་རིམ་དང་གཅིག་ཆར་དུ། །མི་ཤེས་རྨོངས་པའི་དྲི་མ་རབ་བསལ་ནས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་དང་། །དབྱེར་མེད་ཀུན་བཟང་ས་ལ་མཐར་ཕྱིན་ཤོག །དཀྱིལ་འཁོར་ལྷ་ལ་བདུད་རྩི་འདི་ཕུལ་བས། །ཉོན་མོངས་གཅོང་རྙིང་ནད་ལས་རབ་ཐར་ཏེ། །དུག་ལྔའི་ནད་ཀུན་ཡེ་ཤེས་ལྔར་གྱུར་ནས། །འཆི་མེད་བདུད་རྩི་ཆོས་ཀྱི་སྐུ་ཐོབ་ཤོག །དཀྱིལ་འཁོར་ལྷ་ལ་གཏོར་མ་འདི་ཕུལ་བས། །ཉོན་མོངས་འཕོངས་པའི་སྡུག་བསྔལ་རབ་བསལ་ནས། །འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཅིང་། །རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ཤོག །དཀྱིལ་འཁོར་ལྷ་ལ་རཀྟ་འདི་ཕུལ་བས། །ཉོན་མོངས་ཆགས་པའི་སྲིད་པ་ཀུན་སྦྱངས་ཏེ། །ཟག་མེད་བདེ་བ་ཕུན་སུམ་ཚོགས་འགྱུར་ནས། །སྤྲུལ་པའི་སྐུ་ཐོབ་འགྲོ་དོན་མཐར་ཕྱིན་ཤོག །དཀྱིལ་འཁོར་ལྷ་ལ་ཚོགས་མཆོད་ཆེར་ཕུལ་བས། །བྲེལ་འཕོངས་དབུལ་བའི་ནད་ལས་རབ་ཐར་ཏེ། །འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལོངས་སྤྱོད་ལྟར། །རྒྱལ་སྲིད་དེ་བཞིན་གཤེགས་ལྟར་དབང་བསྒྱུར་ཤོག །དཀྱིལ་འཁོར་ལྷ་ལ་ཏ་ན་མཆོད་འབུལ་བས། །སྐྱེ་འགག་མེད་པར་ཐུགས་རྗེའི་རོལ་པ་ཡིས། །སྐྱེ་ཤི་མེད་པར་འཁོར་བ་བརྩད་བཅད་ནས། །སྲིད་པ་དོང་སྤྲུགས་ཐམས་ཅད་འཚང་རྒྱ་ཤོག །དཀྱིལ་འཁོར་ལྷ་ལ་ག་ན་འདི་ཕུལ་བས། །བདེ་ཆེན་ཀློང་དུ་ཆགས་སྲེད་རབ་སྦྱངས་ཏེ། །ཟག་མེད་རྒྱལ་བའི་བདེ་བ་གདུགས་བརྡལ་ཞིང་། །འདུ་འབྲལ་མེད་པར་ཀུན་བཟང་སྐུ་ཐོབ་ཤོག །དཀྱིལ་འཁོར་ལྷ་ལ་བླ་བྲེ་ཡོལ་བ་དང་། །གདུགས་དང་རྒྱལ་མཚན་འཕན་ཕྲན་ལ་སོགས་པ། །དུར་ཁྲོད་རྒྱན་རྣམས་རབ་ཏུ་ཕུལ་བ་ཡིས། །གང་ཞིག་ཞི་བས་འདུལ་བར་མ་གྱུར་ལ། །གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་རུ། །འབར་བའི་སྐུ་ལ་དུར་ཁྲོད་རབ་བརྒྱན་པའི། །ལོངས་སྤྱོད་རྫོགས་པ་ཁྲོ་བོའི་སྐུར་བསྟན་ནས། །དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་བ་དང་། །འཁོར་བའི་གདུང་བ་སྐྱོབ་ཅིང་འདྲེན་པ་དང་། །མི་ནུབ་རྒྱལ་མཚན་གཡུལ་ལས་རྣམ་པར་རྒྱལ། །ཤེས་རབ་ཐབས་ཀྱིས་འགྲོ་བ་འདྲེན་པ་དང་། །ཐུགས་རྗེའི་ཆེན་པོས་འགྲོ་དོན་རྫོགས་བྱས་ནས། །རྒྱལ་བའི་སྐུ་ལྔ་གསུང་ལྔ་ཐུགས་ལྔ་དང་། །ཡོན་ཏན་ལྔ་དང་ཕྲིན་ལས་དེ་བཞིན་ཏེ། །མི་ཟད་རྒྱན་གྱི་འཁོར་ལོ་ཐོབ་གྱུར་ཅིག །ཧོ་དགོངས་སུ་གསོལ། ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་པར། སྐུ་འབར་བ་ཆེན་པོའི་ཆ་ལུགས་ཀྱིས། གདུག་པ་ཅན་ཚར་གཅོད་པ་དང་འགྲོ་བ་རྣམས་བླ་ན་མེད་པར་འདྲེན་པ་དང་། ཆོས་ཉིད་ཀྱི་ཕྱག་རྒྱ་ལས་མཛད་པ་ཤིན་ཏུ་ཁྲོས་པས། འཇམ་དཔལ་དམར་པོའི་ལྷ་ཚོགས་རྣམས་ཐུགས་རྗེའི་ངང་གིས་མཁྱེན་པ་མཛད་ཅིང་དགོངས་སུ་གསོལ། སྣང་སྲིད་ཐམས་ཅད་ནི་དཀྱིལ་འཁོར། འབྱོར་པ་ཐམས་ཅད་ནི་ལོངས་སྤྱོད། ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོ་ཕུལ་བས། བསྙེན་སྒྲུབ་མཐར་དབྱུང་བས། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་གི་ས་ཐོབ་ནས། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་མཐར་ཕྱིན་པར་གྱུར་ཅིག །ཧོཿ ཕྱི་ནང་སྣོད་བཅུད་ཀྱི་བསྡུས་པའི་ཆོས་ཐམས་ཅད་འཇམ་དཔལ་དམར་པོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་ཅིང་མཐར་ཕྱིན་ནས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་ཕྱིར་མི་ལྡོག་པ་ཐོབ་ནས། མ་ཧཱ་སུ་ཀ་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཧོཿ འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་གི་སེམས་ཡིན་པས་ཕྱོགས་རིས་མེད་པ་རང་བྱུང་གི་ཡེ་ཤེས་སུ་ཀློང་བརྡལ། ཕྱི་ནང་མེད་པ་ཆོས་ཉིད་ཀློང་དུ་རང་ཤར། སྟེང་འོག་དང་ཕྱོགས་རིས་མེད། རྒྱུ་འབྲས་མེད། བཟང་ངན་དང་བླང་དོར་མེད། སྐྱེ་ཤི་དང་འཕོ་འགྱུར་མེད་པར་ཐིག་ལེ་ཆེན་པོའི་ཀློང་དུ་གདལ་བས་འཁོར་བ་སངས་རྒྱས་སུ་དོང་སྤྲུགས། སྡུག་བསྔལ་ཆོས་ཉིད་དུ་ལ་བཟླ། རྣམ་རྟོག་ཡེ་ཤེས་སུ་དབང་བསྒྱུར། རྒྱུད་དྲུག་བདེ་ཆེན་དུ་རྒྱས་གདབ། མཐོ་དམན་ཀློང་ཆེན་དུ་ཁོད་སྙོམས། སྐྱེ་ཤི་དང་འཕོ་འགྱུར་མེད་པར་རྟག་ཆད་ཀྱི་མཐའ་ལས་འདས། སེམས་ཅན་ཡེ་ནས་སངས་རྒྱས་སུ་གདལ་བས། དོན་འདི་ཚིག་ཙམ་བརྗོད་པ་ལས་རྟོགས་པ་ཀློང་དུ་གྱུར་ན་ལྟ་ཅི་སྨོས་ཏེ། ཟུར་ཙམ་ཐོས་པ་ཙམ་གྱིས་ཀྱང་འཚང་མི་རྒྱ་བའི་དབང་མེད་དེ་སངས་རྒྱས་པར་གྱུར་ཅིག །རྒྱལ་བའི་བཀའ་ལུང་གི་སྙིང་ཁུ་འདིས། བདག་དང་སེམས་ཅན་ཐམས་ཅད་ཟབ་མོའི་དོན་འདི་མཐར་ཕྱིན་ནས། གསང་དོན་ཟབ་མོ་འདི་སྣོད་ངན་ལ་མི་སྤེལ། ངེས་པར་འབྲས་བུ་མི་བསླུ་བ་ཐོབ། བཀའ་ཡི་གཉེར་བླང་ནས་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ལ་མངོན་པར་འཚར་རྒྱ་བར་གྱུར་ཅིག །དེ་ནས་བུམ་པའི་སྟེང་གི་བྷནྡྷ་ལྕང་ལོ་བླངས་ལ། དཀྱིལ་འཁོར་གྱི་ལྷ་ལ་གཏང་རག་གཏོང་ངོ་། །དེ་ནས་ཕྱི་རོལ་དུ་མཁའ་འགྲོ་མ་བསྐྱང་། ནང་དུ་ལོག་ལ་ཚེ་བསྟིམ། བཀྲ་ཤིས་བརྗོད། རྡུལ་ཚོན་བསྡུ། ཏིང་དལ་བསྡུ། རྒྱུན་ཏིང་ལ་གནས་པར་བྱ། གོ་བགོ། ལུས་བསྲུང་། སྒོ་བྱང་བསྡུ། བྷནྡྷ་བསིལ་ཆས་ནས་དབྱུང་། ས་ཚོན་མཚོ་ལ་དོར། ཐོ་བསྡུའོ། །རྡོ་རྗེ་ལྷུན་གྲུབ་རྩལ་ཆེན་ངས། །ཕུག་ལུང་ནག་པོའི་དུར་ཁྲོད་དུ། །འཇམ་དཔལ་དམར་པོས་ལུང་བསྟན་ནས། །རྒྱ་འཆད་བང་སོ་དམར་པོ་ནས། །རྒྱུད་སྡེ་མང་པོའི་བཅུད་ཕྱུང་བ། །བཀའ་ཡི་སྒྲུབ་ལུང་ཟབ་མོ་འདི། །མ་རུ་རྩེ་ཡི་ཞལ་བགྲོས་ནས། །བསྣན་འཕྲི་མེད་པར་དོན་འདི་བྲིས། །དབང་ལུང་རྫོགས་ཤིང་སྣོད་ལྡན་པས། །ཤི་ཐེབ་གཅིག་ལས་སྤེལ་རེ་ཀན། །རྒྱ་གར་དྷ་ན་ད་ལས་ཡོན་ཏན་རྒྱ་མཚོ་ལ། ཚེ་སྔ་མའི་སྤུན་ཟླར་དགོངས་ནས་གཏད་དོ། །རྒྱ་གསུམ་གྱི་བཏབ་བོ། །ཨཐྎ། ཤིན་ཏུ་ཟབ་པས་སྦས་རྒྱ། དཀོན་རྒྱ། ཟབ་རྒྱའོ།། །།


previousདམར་པོ་ཕྱི་འགྱུར་གྱི་སྒྲུབ་བྱང་།next