Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་ཕྲིན་ལས་ཀྱི་སྒོམ་ཁོག
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་ཕྲིན་ལས་ཀྱི་སྒོམ་ཁོགnext

བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་ཕྲིན་ལས་ཀྱི་སྒོམ་ཁོག

བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་ཕྲིན་ལས་ཀྱི་སྒོམ་ཁོག་བཞུགས་སོ། །བཅོམ་ལྡན་འདས་འཇམ་དཔལ་དམར་པོ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་འདོད་པས། མངོན་པའི་རྟོགས་པ་བསྒོམ་པའི་རིམ་པ་དང་། མཆོད་པའི་གོ་རིམ་བསྟན་པ་ནི། སྤྱི་དོན་གསུམ་སྟེ། སྔོན་དུ་འགྲོ་བ་དང་། ཕྲིན་ལས་ཀྱི་གཞུང་དང་། མཇུག་བསྡུ་བའི་རིམ་པའོ། །དང་པོ་ལ་གསུམ་སྟེ། གཞི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པར་བྱ་བ་དང་། བསོད་ནམས་ཀྱི་ཚོགས་བསགས་པའི་རིམ་པ་དང་། སྔོན་དུ་འགྲོ་བའི་ཆོ་ག་དངོས་སོ། །དང་པོ་ཕུན་སུམ་ཚོགས་པ་ལ་ལྔ་ལས། དང་པོ་གནས་ཕུན་སུམ་ཚོགས་པ་ནི། སྤྱིར་སྔོན་གྱི་གྲུབ་པ་ཐོབ་པས་ཞབས་ཀྱིས་བཅགས་པ་བྱིན་རླབས་དང་ལྡན་པ། དབེན་པ། ཉམས་དགའ་བ། དགོས་པ་ཚང་བ། བཙན་པ། འདུ་འཛིན་དང་གཡེངས་པ་མེད་པ། བཀྲ་ཤིས་པ། གཞུང་ལས་བཤད་པའི་མཚན་ཉིད་དང་ལྡན་པའོ། །དེའང་གཞུང་ལས། ནམ་མཁའ་འཁོར་ལོ་རྩིབས་ཆགས་པ། །ས་གཞི་པདྨའི་འདབ་རྒྱས་ཤིང་། །ཕུ་ན་དར་དཀར་ཡུལ་བྲེས་པ། །མདའ་ན་གཡུ་ཡི་མཎྜལ་ཡོད། །ཤར་རི་གཡེལ་ཞིག་ལྷོ་རི་གཞོལ། །ནུབ་རི་མཐོ་ལ་བྱང་རི་སྐྱོབ། །སྔ་དྲོ་ཉི་མའི་མདངས་བསྡུད་ཅིང་། །དགོང་མོ་ཉི་མའི་ཟེར་བསྡུད་པ། །རྩི་ཤིང་ནགས་ཚལ་མེ་ཏོག་རྒྱས། །ཆུ་བོ་དལ་ཞིང་གནོད་པ་མེད། །སྐྱེ་བོའི་ཡ་ག་སྤངས་པ་ཡི། །མཚན་ཉིད་ལྡན་པའི་གནས་མཆོག་ཏུ། །བར་ཆད་བསལ་བའི་ཆོ་ག་བྱ། །ཞེས་གསུངས་སོ། །ཁྱད་པར་དུ་དུར་ཁྲོད་ཆེན་པོ་མི་རོ་གསར་རྙིང་ཡོད་པའམ། ཡང་ན་བྲག་དམར་ཆོལ་བཟང་འདྲ་བ། ཤིང་རྩི་གདུག་པ་ཅན་འཁྲུངས་པ། ཁྲ་དང་འུག་པའི་ཚང་ཡོད་པ། འདྲེ་སྲིན་གདུག་པ་ཅན་གནས་པ་དེ་ལྟ་བུར་བྱའོ། །དེའང་གཞུང་ལས། གནས་ནི་དུར་ཁྲོད་ཆེན་པོ་ཡི། །མི་རོ་གསར་རྙིང་ཡོད་པ་དང་། །ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བ། །མ་མོ་མཁའ་འགྲོ་འདུ་བའི་གནས། །ཡང་ན་བྲག་དམར་མཆེ་རིས་ཅན། །རྩི་ཤིང་ནགས་ཚལ་དྲུངས་འཐུག་པ། །གསོད་བྱེད་ཁྲ་ཡི་ཚང་བཅས་པ། །གནོད་སྦྱིན་དྲག་པོ་འདུ་བའི་གནས། །དེར་ནི་དཀྱིལ་འཁོར་རབ་ཏུ་བྱ། །ཞེས་གསུངས་སོ། །ཡང་ན་རང་དབང་ཞིང་ཉམས་དགའ་བའམ། མཁར་ཆེན་པོའི་སུམ་ཐོག་ཏུ་བྱ་བར་ཡང་གསུངས་སོ། །གཉིས་པ་སྒྲུབ་པ་པོ་ཕུན་སུམ་ཚོགས་པ་ནི། རྣལ་འབྱོར་པ་མི་ཆོས་ཀྱི་རྒྱུ་དག་པ། དད་པ་ཆེ་ཞིང་བརྩོན་འགྲུས་དང་ལྡན་པ། ཤེས་རབ་ཆེ་ཞིང་སྙིང་རྗེ་དང་ལྡན་པ། བསྒོམ་བསྲན་ཆེ་ཞིང་སྙིང་རུས་ཆེ་བ་དང་ལྡན་པ། དམ་ཚིག་གཙང་ཞིང་བརྟུལ་ཞུགས་དང་ལྡན་པ། བླ་མ་བཟང་ཞིང་ཐུགས་ཀྱིས་ཟིན་པ། དབང་རྫོགས་ཤིང་མན་ངག་དང་ལྡན་པས་བྱའོ། །དེའང་གཞུང་ལས། རྣལ་འབྱོར་དད་ལྡན་བརྩོན་འགྲུས་ལྡན། །ཤེས་རབ་སྙིང་རྗེ་ལྡན་པ་དང་། །བསྒོམ་བསྲན་ཆེ་ཞིང་འགྱུར་བ་མེད། །དམ་ཚིག་འཇིག་པའི་མཁར་ལྟར་བསྲུང་། །ཐོག་མར་བླ་མ་བསྟེན་བྱས་ཏེ། །དབང་དང་མན་ངག་ལྡན་པར་བྱ། །ཞེས་གསུངས་སོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ནི། དགྱེས་པ་སྐོང་བའི་འཁོར་གཟུངས་མ་མཚན་དང་ལྡན་པ་དང་། ཐུགས་ཐུབ་དཔའ་བོའི་འཁོར་བློ་བརྟན་ཞིང་བཀའ་བློ་བདེ་བ་དང་། རྡུལ་ཕྱགས་སྐྱེས་བུའི་འཁོར་བསྒོ་བ་ཉན་ཅིང་དོན་གྲུབ་པ་དང་། གཞན་ཡང་དགེ་སྦྱོར་གྱི་གྲོགས་སུ་འགྲོ་བ་ཅི་རིགས་པ་བསྟེན་ཅིང་། གནོད་བྱེད་འགལ་རྐྱེན་དུ་གྱུར་པ་རྣམས་སྤང་བར་བྱའོ། །དེའང་གཞུང་ལས། ཕྱག་རྒྱ་མཚན་དང་ལྡན་པ་དང་། །གྲོགས་པོ་དཔའ་ལ་སེམས་སྟོབས་ལྡན། །ཡིད་དང་འཐད་ཅིང་བསྒོ་བ་ཉན། །ཞེས་སོ། །བཞི་པ་དུས་ཕུན་སུམ་ཚོགས་པ་ནི། བསྙེན་པ་དང་བསྒྲུབ་པའི་དུས་ནི། ཡར་ངོའི་ཚེས་གྲངས་དང་གཟའ་སྐར་བཟང་པོ་ཁོ་ན་ལ་འཇུག་པར་བྱའོ། །དྲག་པོ་ལས་སྦྱོར་གྱི་དུས་ནི། མར་ངོའི་དུས་སུ་གཟའ་སྐར་ངན་པ་ཁོ་ན་ལ་འཇུག་པར་བྱའོ། །དེའང་གཞུང་ལས། བསྙེན་ཅིང་བསྒྲུབ་པ་ཡར་གྱི་ངོ་། །ཚེས་གྲངས་གཟའ་སྐར་བཟང་ལ་འཇུག །ཅེས་གསུངས་སོ། །ལྔ་པ་རྫས་ཕུན་སུམ་ཚོགས་པ་ནི། འཚོ་བ་ཟས་ཀྱི་ཡོ་བྱད་དང་། སྒྲུབ་པ་རྟེན་གྱི་ཡོ་བྱད་དང་། རྐྱེན་བཟློག་སྨན་གྱི་ཡོ་བྱད་དང་། མཆོད་པ་རྫས་ཀྱི་ཡོ་བྱད་དང་། བར་ཆད་བསལ་བའི་ཡོ་བྱད་རྣམས་ལྡབ་ཐང་དུ་བསགས་པར་བྱའོ། །སྤྱི་དོན་གཉིས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ནི། སཱཙྪ་དང་། ཉེའུ་འདོན་དང་། ཆུ་གཏོར་ལ་སོགས་པ་དགེ་བའི་རྩ་བ་ཅི་འབྱོར་པ་བྱའོ། །གསུམ་པ་སྔོན་དུ་འགྲོ་བའི་ཆོ་ག་དངོས་ནི་གཉིས་ཏེ། དང་པོ་རྫས་དང་ཡོ་བྱད་བཤམས་པ་ནི། བཀོལ་བྱང་ནས་འབྱུང་བ་བཞིན་དུ། ས་ཆོག་བྱ་བ་དང་། དཀྱིལ་འཁོར་རྩིག་པ་དང་། ཆག་ཆག་གདབ་པ་དང་། ཐིག་གདབ་པ་དང་། དཀྱིལ་འཁོར་བྲི་བ་ལ་སོགས་པར་བྱའོ། །དེ་ལྟར་མ་གྲུབ་ན་མཎྜལ་བྱི་དོར་བྱས་ལ། མེ་ཏོག་གི་ཚོམ་བུ་བཀོད། བྲིས་སྐུ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། ནང་གི་མཆོད་པ་སྨན་ཕུད་དང་རཀྟ་དང་གཏོར་མ་ཡང་བཤམས། ཕྱིའི་མཆོད་པ་སྣ་ལྔ་ཡང་བཤམ། བླ་བྲེ་ལ་སོགས་པའི་རྒྱན་ཡང་ཅི་འབྱོར་བཤམ་མོ། །གཉིས་པ་ཆོ་གའི་སྔོན་དུ་འགྲོ་བ་ནི་དྲུག་སྟེ། མཚམས་བཅད་པ་དང་། བཤགས་པ་བྱ་བ་དང་། བརྡའ་སྒོ་དབྱེ་བ་དང་། བརྡ་ཕྱག་འཚལ་བ་དང་། བྱིན་དབབ་པ་དང་། མཆོད་པ་བྱིན་གྱིས་བརླབས་པའོ། །དང་པོ་ལ་གཉིས་ཏེ། དགོས་ཆེད་ནི། བར་ཆད་ཀྱི་བགེགས་ཀྱི་མི་ཚུགས་པའི་ཕྱིར་རོ། །དབྱེ་ན་དྲུག་སྟེ། དང་པོ། རྣམ་པར་མི་རྟོག་པའི་མཚམས་ནི། སྟན་བདེ་བ་ལ་ལུས་ཀྱི་འདུག་སྟངས་ལེགས་པར་བཅས་ཏེ། ཆོས་ཉིད་རྣམ་པར་མི་རྟོག་པའི་ངང་ལ་ཡུན་རིང་དུ་བསྒོམ་མོ། །གཉིས་པ་བགེགས་བསྐྲད་པའི་མཚམས་ནི། མ་སུརྱ་མཎྜ་ལ་ཞེས་བརྗོད་པས་ཉི་མའི་དཀྱིལ་འཁོར་ཧཱུྃ་དམར་པོས་མཚན་པ་གཅིག་བསྒོམ། ཧཱུྃ་དེ་སྤྲོ་བསྡུས་འོད་དུ་ཞུ་ནས། ཨཱོྂ་ཨ་ཀྲོ་ཏེ་ཀ་མཉྫུ་ཤྲཱི་ཡ་མཱ་ནྟ་ཀ་ཧཱུྃ་ཕཊ། ཅེས་བརྗོད་པས་ཁྲོ་བོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་བེ་ཅོན། གཡོན་པ་སྡིགས་མཛུབ་ཞགས་པ་དང་བཅས་པ་གཅིག་སྐུ་ལ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་གཅིག་བསྒོམ་མོ། །དེ་ནས་བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ། གསང་སྔགས་དོན་ལ་ཞེས་པའི་ཚིག་བཞི་བརྗོད་པས། བགེགས་རྣམས་དེངས་པར་བསམ། གསུམ་པ་སྔགས་ཀྱིས་བགེགས་བསྐྲད་པ་ནི། ཨཱོྂ་ཧྲཱིཿཥྚི་ཝིཥྚི་ཏཱ་ཞེས་པའི་སྔགས་བརྗོད་པས་བ་སྤུ་དང་ཤངས་ཀྱི་རླུང་སྒྲོམ་ནས་ཁྲོ་ཆུང་མཚོན་ཆ་ཐོགས་པ་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ་བགེགས་རྣམས་དཔག་ཚད་དང་རྒྱང་གྲགས་ལ་སོགས་པར་བསྐྲད་པར་བསམ། བཞི་པ་ར་བ་དང་གུར་གྱི་མཚམས་ནི། གོང་གི་ཁྲོ་ཆུང་རྣམས་སླར་འདུས་ཏེ་བསྐྲད་ཀྱང་མི་འགྲོ་བའི་འགེགས་རྣམས་ལ་མཚོན་ཆའི་ཆར་ཕབ་སྟེ། ཕུང་པོ་རྡུལ་དུ་བརླག་ནས་ཁྲོ་ཆུང་རྣམས་བ་སྤུའི་བུ་གར་ཐིམ་པར་བསམ་པའམ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཁྲོ་བོའི་གུར་དུ་སོང་བར་བསམ་མོ། །དེ་ནས་མཚོན་ཆའི་གུར་བསྒོམ་པ་ནི། ལག་པའི་སོར་མོ་ལྔ་ལ་དཔའ་བོ་འབྲུ་ལྔ་བསྒོམ་སྟེ། ཨཱོྂ་བྷྲཱུྃ། ཧཱུྃ་བྷྲཱུྃ། ཏྲཱྃ་བྷྲཱུྃ། ཧྲཱིཿབྷྲཱུྃ། ཧཱ་བྷྲཱུྃ། ཞེས་སོར་མོ་རྣམས་སྤྲུགས་པས། རྡོ་རྗེ་བེ་ཅོན་དང་། འཁོར་ལོ་དང་། དབྱུག་ཐོ་དང་། རལ་གྲི་དང་། ཕུར་པ་དང་། རྡོ་རྗེ་རྒྱ་གྲམ་དུ་གྱུར་ནས། དེ་རྣམས་རིམ་པ་བཞིན་དུ་སྟེང་ནས་གུར་དང་། འོག་ནས་ས་གཞི་དང་། ཕྱོགས་མཚམས་རྩིག་པ་དང་། འོད་ཟེར་འདུ་འཕྲོར་གྱུར་ཏེ། བགེགས་ཨ་ཅང་ཆེ་བསྐལ་པའི་རླུང་གིས་ཀྱང་མི་ཐར་བར་བསམ་མོ། །ཧཱུྃ། ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། །ཞེས་པའི་ཚིག་བཞི་དང་། སྟེང་ཡང་བེ་ཅོན་བླ་བྲེ་ལ། །ཞེས་པའི་ཚིག་བཞིས་གསལ་གདབ། ལྔ་པ་མེ་དཔུང་གི་གུར་དང་ར་བ་བསྒོམ་པ་ནི། མིག་གཡས་པ་མ་ལས་ཉི་མའི་དཀྱིལ་འཁོར་ལ་རྃ་བསམས་ཏེ། བཛྲ་ཛྭ་ལ་རྃ། ཞེས་བརྗོད་དེ། བསྐལ་པའི་མེ་དཔུང་ཆེན་པོར་གྱུར་ནས། བགེགས་ཀྱི་ཕུང་པོ་ཐམས་ཅད་བསྲེག་ཅིང་། སྟེང་འོག་ཕྱོགས་མཚམས་ཐམས་ཅད་མེ་དཔུང་གིས་འཁྲིགས་པར་བསམ། ཧཱུྃ། སྟེང་འོག་ཕྱོགས་མཚམས་ཞེས་པའི་ཚིག་བཞིས་གསལ་གདབ། དྲུག་པ་སྦྱང་ཞིང་གསལ་བ་ནི། ཤངས་ལ་ཡྃ་ལས་རླུང་གི་སྟེང་དུ་ཧཱུྃ་དམར་པོ་བསམས་ཏེ། ཡྃ་ཧཱུྃ་ཞེས་བརྗོད་པས་ཡེ་ཤེས་ཀྱི་རླུང་ཆེན་པོར་གྱུར་ནས། བསྲེགས་པའི་ཐལ་བ་རྣམས་མི་གནས་པར་བསམ། མིག་གཡོན་པ་ལས་ཟླ་བའི་དཀྱིལ་འཁོར་སྟེང་དུ་ཧཱུྃ་དཀར་པོ་བསམས་ཏེ། དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བྱུང་ནས། དངོས་པོའི་ལྗན་ལྗིན་ཐམས་ཅད་བཀྲུས། བགེགས་ཀྱི་ལུས་ཐམས་ཅད་སླར་གསོས་ནས་བྱང་ཆུབ་ཀྱི་སེམས་སྐྱེས་ཏེ། སྔར་གྱི་ལས་ལ་ནི་འགྱོད། ཕྱིས་མི་བྱེད་པར་དམ་འཆའ་ཞིང་རང་གི་གནས་སུ་དེངས་པར་བསམ་མོ། །གཉིས་པ་བཤགས་པ་བྱ་བ་ནི་གཉིས་ཏེ། དང་པོ་དགོས་ཆེད་ནི། དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར་རོ། །གཉིས་པ་དབྱེ་བ་ནི་གསུམ་སྟེ། དང་པོ་བཤགས་པའི་རྒྱུ་ནི། གསང་སྔགས་ཀྱི་སྒོར་ཞུགས་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་ནོས་པ་ལས་གཞུང་བཞིན་བསྲུང་བ་རྔོ་མ་ཐོགས་ཏེ་ནོངས་པས་སོ། །བཤགས་པ་བྱེད་པའི་རྐྱེན་ནི་ཉམས་པའི་ཉེས་དམིགས་བྱུང་བའམ། དངོས་གྲུབ་ཐོབ་པར་འདོད་པའི་ཕྱིར་བཤགས་པའོ། །བཤགས་པའི་ཐབས་ནི། སྟོབས་བཞིའི་སྒོ་ནས་བཤགས་ཏེ། རྟེན་གྱི་སྟོབས་ནི་དཀོན་མཆོག་གི་དྲུང་དང་། བླ་མ་ལ་སོགས་པ་གང་ཟག་གི་དྲུང་དུའོ། །དཔང་པོའི་སྟོབས་ནི། བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་བརྗོད་ཅིང་སེ་གོལ་བརྡབས་པས། མདུན་གྱི་ནམ་མཁའ་ལ་བླ་མ་དང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་སོགས་པ་སྤྱན་དྲངས་ཏེ། དེའི་སྤྱན་སྔར་བཤགས་པའོ། །སུན་འབྱིན་པའི་སྟོབས་ནི། སྔར་གྱི་ཉེས་བྱས་ལ་འགྱོད་པ་དྲག་པོ་ཞེ་ཐག་པ་ནས་བྱས་ཏེ། ཚིག་ཏུ་མཐོལ་ཞིང་ཡིད་ཀྱིས་བཤགས་པའོ། །གཉེན་པོའི་སྟོབས་ནི། ཕྱིས་མི་བྱེད་པར་དམ་འཆའ་བའོ། །དེའང་ལོང་བུ་སྤྲད། ཐལ་མོ་སྤྱར། མཆི་མ་འཁྲུགས་ཏེ་འཇམ་དཔལ་དམར་པོ་འཁོར་བཅས་ཞེས་པའི་ཚིག་ཉི་ཤུ་རྩ་གཅིག་གིས་སྤྱིར་བཤགས། རང་རིག་ཡེ་ཤེས་ཞེས་པའི་ཚིག་བཅོ་བརྒྱད་ཀྱིས་བྱེ་བྲག་ཏུ་བཤགས་པའོ། །གསུམ་པ་བརྡའ་སྒོ་དབྱེ་བ་ནི། བྷྲཱུྃ་ཞེས་བརྗོད་པས། བྷྲཱུྃ་ལས་འོད་ཟེར་གྱི་སྤྲོ་བསྡུས། སྣོད་བཅུད་སྦྱངས་ཏེ་མི་དམིགས་པ་ལས། སྣང་སྲིད་ལྷའི་གཞལ་ཡས་ཁང་དུ་གྱུར་པས། སྣོད་ཀྱི་འཇིག་རྟེན་ནི་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ནི་ལྷའི་རང་བཞིན་དུ་བསྒོམ། ཡེ་ཤེས་ཀྱི་སྒོ་བཞི་ནས་ཞུགས་ཏེ། དེ་ལྟ་བུའི་དཀྱིལ་འཁོར་དུ་གསལ་བར་བསྒོམ་པའོ། །ཧཱུྃ། དབང་དྲག་འབར་བའི་ཕོ་བྲང་ཞེས་པའི་ཚིག་བཞིས་གསལ་གདབ། བཞི་པ་བརྡ་ཡི་ཕྱག་བྱ་བ་ནི། ལྷ་དང་གཞལ་ཡས་ཁང་དེའང་ཡུལ་གུད་པ་མ་ཡིན་ཏེ། རང་གི་རིག་པ་ཉིད་སྣོད་བཅུད་ཐམས་ཅད་ལྷ་དང་དཀྱིལ་འཁོར་དུ་གསལ་བར་ཤར་ཏེ། དོན་དུ་ན་ཡུལ་དང་རིག་པ་གཉིས་སུ་མེད་པར་མཇལ་བས། དེ་ཀ་ཁྱད་པར་གསང་སྔག་ཀྱི་དགོངས་པ་ཡིན་ཏེ། ངོམ་ཞིང་ངོ་མཚར་བའི་སྒོ་ནས་བརྡ་ཕྱག་འཚལ་ཏེ། ཧཱུྃ། དབང་དྲག་འབར་བའི་ཕོ་བྲང་ཞེས་པའི་ཚིག་ལྔས་གསལ་གདབ་བོ། །ལྔ་པ་བྱིན་དབབ་པ་ནི། སྤྱིར་དམ་བཅའ་བ་དང་། བྱིན་དབབ་པ་གཉིས་སུ་བཞེད་པ་ལས། གུ་རུ་པདྨའི་བཞེད་ཀྱིས་དམ་བཅའ་བ་མི་དགོས་གསུངས་ནས་དཀྱུས་ལས་མ་བྱུང་སྟེ། སློབ་དཔོན་དྷ་ན་ད་ལའི་བཞེད་ཀྱིས། དམ་བཅའ་བ་འདི་ཕྱག་བཞེས་སུ་མཛད་དེ། ཧཱུྃ། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ལྷ་མཆོག་གཤིན་རྗེའི་གཤེད་དང་སྨོན་ལམ་མཐུན་བསྡེབས་ནས། །དུས་འདིར་ཞལ་མཐོང་ཡི་དམ་ལྷར་གསོལ་གྱིས། །ལྷ་མཆོག་ཁྱེད་ཀྱིས་བདག་ལ་བྱིན་གྱིས་རློབས། །བདག་ཅག་ཏིང་འཛིན་རྩེ་གཅིག་མི་གཏོང་གིས། །ཁྱོད་ཀྱིས་ཐུགས་རྗེས་བདག་ཡོངས་མ་བཏང་ཞིག །ཅེས་བརྗོད་ཅིང་། ལག་པ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་དང་བཅས་ལ། ཚིག་བརྗོད་པ་དང་མཐུན་པར་ཡི་དམ་དུ་དམ་བཅའོ། །དེ་ནས་བྱིན་དབབ་པ་དངོས་ནི། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་རོལ་མོའི་སྒྲ་དྲག་ཏུ་བརྡུང་ཞིང་། ཧཱུཾ་དང་པོས་གསལ་གདབ། དེ་ནི་བསྐྱེད་པ་ཞེས་བྱ། ཧཱུྃ་བར་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་ཐུགས་དམ་བསྐུལ། དེ་ནི་བྱིན་བསྡུ་བ་ཞེས་བྱ། ཧཱུྃ་ཐ་མས་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྐྱེད་པ་དེ་ལ་བསྟིམ་པས། བྱིན་དང་ལྡན་པར་བསྒོམ། དེ་ནི་བྱིན་གྱིས་དབབ་པ་ཞེས་བྱའོ། །ཧཱུྃ། གྲུ་གསུམ་དམར་ནག་རོལ་པའི་ཞེས་ཚིག་ལྔས་གསལ་གདབ་བོ། །དྲུག་པ་མཆོད་པ་བྱིན་གྱིས་བརླབ་པ་ནི། གཉིས་ལས། དང་པོ་ཐུན་མོང་གི་མཆོད་པ་བྱིན་གྱིས་བརླབ་པ་ནི། དང་པོ་རྡོ་རྗེ་དྲིལ་བུ་བརླབ་པ་སྟེ། རྡོ་རྗེ་མི་དམིགས་པ་ལས། ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པར་གྱུར། དེ་དཀྱིལ་འཁོར་གྱི་ལྷའི་རང་བཞིན་དུ་བསྒོམ། ཨཱོྂ་མ་ཧཱ་བཛྲ་ཧཱུྃ། ཞེས་ལན་གསུམ་དུ་གསོལ་ལ་ཐུགས་ཀར་བཟུང་། དེ་ནས་དྲིལ་བུ་མི་དམིགས་པ་ལས། ཧཱ་ལས་དྲིལ་བུར་གྱུར། དེ་དཀྱིལ་འཁོར་གྱི་རང་བཞིན་དུ་བསྒོམ། ཨཱོྂ་བཛྲ་དྷརྨཱ་གཎྜེ་ཧཱུྃ། ཞེས་ལན་གསུམ་དུ་དཀྲོལ་ཞིང་ལྟེ་བར་བཟུང་བར་བྱའོ། །རྡོ་རྗེ་དྲིལ་བུ་ལ་ཐབས་ཤེས་ཀྱི་དཀྱིལ་འཁོར་ལ་ངོ་སྤྲོད་པ་ནི་གོ་སླའོ། །ཐུན་མོང་གི་མཆོད་པ་ལྔ་པོ་ནི། བདག་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀ་ནས་ཧཱུྃ་སྔོན་པོ་འཕྲོས་ཏེ། བསང་བའི་ཆུ་ལ་ཐིམ་པས་བདུད་རྩི་འཁྱིལ་བར་བསམ། ཨཱོྂ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་ཉེ་རེག་དང་འཐོར་འཐུང་བྱའོ། །ཡང་ཐུགས་ཀ་ནས་ཨཱཿདཀར་པོ་འཕྲོས་ཏེ་ཡོན་ཆབ་ལ་ཐིམ་པས། ལྷ་མོ་དཀར་མོ་ལག་ཏུ་དུང་ཕོར་ཡོན་ཆབ་ཀྱིས་བཀང་བ་ཐོགས་པར་བསམ། ཨཱོཾ་བཛྲ་ཨཱརྒྷཾ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབ་བོ། །འགྲེའོ། །དྷཱུ་སེར་མོ་སྤྲོས་སྤོས་ལ་ཐིམ། ལྷ་མོ་སྤོས་ཁང་ཐོགས་པར་བསམ། པུ་སྔོན་མོ་འཕྲོས། མེ་ཏོག་ལ་ཐིམ། ལྷ་མོ་སྔོན་མོ་མེ་ཏོག་ཐོགས་པར་བསམ། རྃ་དམར་མོ་འཕྲོས་མར་མེ་ལ་ཐིམ། ལྷ་མོ་དམར་མོ་མར་མེ་ཐོགས་པར་བསམ། ག་ལྗང་ཁུ་འཕྲོས། དྲི་ཆབ་ལ་ཐིམ། ལྷ་མོ་ལྗང་གུ་དྲི་ཆབ་ཐོགས་པར་བསམ། དེ་ཡང་རང་རང་གི་སྐབས་སུ། ཨཱོྂ་བཛྲ་དྡྷཱུ་པེ་ཨཱཿཧཱུྃ། ཨཱོྂ་བཛྲ་པུ ཥྤེ་ཨཱཿཧཱུྃ། ཨཱོྂ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨཱོྂ་བཛྲ་གནྡྷེ་ཨཱཿཧཱུྃ། ཞེས་བརྗོད་ཅིང་བརླབ་བོ། །དེ་ནས་གཉིས་པ་ཁྱད་པར་གྱི་མཆོད་པ་བྱིན་གྱིས་བརླབ་པ་ནི། དང་པོ་རྔེའུ་ཆུང་བྱིན་གྱིས་བརླབས་ཏེ། རྔེའུ་ཆུང་མི་དམིགས་པ་ལས་ཀཾ་ལས་ཐབས་ཤེས་རབ་ཉི་ཟླའི་དཀྱིལ་འཁོར་དུ་བསམ། དེའི་དེ་སྟེང་དུ་ཨཱ་ལི་ཀཱ་ལིའི་འཁོར་ལོ་བསམ། རྔེའུ་ཆུང་དཀྲོལ་ཞོང་། ཨཱོྂ་བཛྲ་དྷརྨཱ་ཀེཾ་ཀེཾ་ཧཱུྃ། ཞེས་བརྗོད་པས་ཨཱ་ལི་ཀཱ་ལིའི་སྒྲས་དེ་བཞིན་གཤེགས་པའི་ཐུགས་དམ་བསྐུལ་བར་བསམ། ཁྱད་པར་གྱི་པཱུ་ཛ་དངོས་ནི། དང་པོ་བདུད་རྩི་བརླབས་ཏེ། ཨ་བྷྲཱུྃ་ཞེས་བརྗོད་པས་བདུད་རྩིའི་སྣོད་ཨཱཿལས་བྷནྡྷར་གྱུར། བྷྲཱུྃ་ལས་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་བསམ། དེའི་སྟེང་དུ་བདུད་རྩི་དངོས་གཞི་ལྔ་ལས། ཧཱུྃ། ཨཱོྂ། སྭཱ། ཨཱྃ། ཧཱ་ལྔ་བསྐྱེད། སྥ་ར་ཎ་ཕཊ་ཀྱིས་འཕྲོས། འཕགས་པ་མཆོད། ཐུགས་དམ་བསྐུལ། སཾ་ཧ་ར་ཎ་ཧཱུྃ། ཞེས་འོད་ཟེར་བསྡུས། ཡིག་འབྲུ་འོད་དུ་ཞུ། ཕྱག་མཚན་ལྔར་གྱུར། གོང་བཞིན་སྤྲོ་བསྡུ་བྱས་ནས་རིགས་ལྔ་བདུད་རྩིར་ཞུ། ཨཱོྂ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ ཞེས་བྱིན་གྱིས་བརླབ། བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋཱཿ ཞེས་མཐེབ་སྲིན་གྱིས་བདུད་རྩི་དཀྲུག་ཅིང་། སྣང་སྲིད་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ། ཨཱོྂ་བཛྲ་བི་ཤོ་དྷ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་། པཱུ་ཛ་བསང་ཞིང་ཉེ་རེག་འཐོར་འཐུང་བྱ། ཨཱོྂ་ཡཀྴ་ཀྲོ་དྷ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་ཁྲོ་ཆུང་དུ་གྱུར་པར་བསམ་ཏེ་བགེགས་བསྐྲད་དོ། །དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ནི་གསུམ་སྟེ། དང་པོ་སྒྲུབ་པའི་གཏོར་མ་བྱིན་གྱིས་བརླབ་ཏེ། བྷྲཱུྃ་པདྨ་བ་ལིཾ་ཏ་བི་ཤྭ་ཙཀྲ་བྷྲཱུྃ། ཞེས་བརྗོད་པས་གཏོར་སྣོད་བྷྲཱུྃ་ལས་ཟླ་གམ་དབང་གི་གཞལ་ཡས་ཁང་དུ་གྱུར། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རྃ་ཞེས་བརྗོད་པས། ཧཱུྃ་ལས་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་དུ་གྱུར། ཧ་ལས་ཀ་རཱི་བརྒྱད། ཧེ་ལས་ཕྲ་མེན་བརྒྱད། ཕཊ་ལས་སྒོ་མ་བཞི། བྷྱོ་ལས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དུ་བསྐྱེད་དོ། །སྐབས་འདིར་ཁྲག་འཐུང་གི་དཀྱིལ་འཁོར་བསྐྱེད་པ་མི་འགལ་ལམ་ཞེ་ན། ཞི་ཁྲོ་དང་ཕྱི་ནང་གསང་བའི་ཚུལ་དུ་བསྟན་པ་ཡིན་ཏེ་མི་འགལ་ལོ། །དེ་ནི་མཆོད་སྟོབ་ཀྱི་གནས་སོ། །གཉིས་པ་མཆོད་པའི་གཏོར་མ་ནི་བྷྲཱུྃ་ཀ་པཱ་ལ་བ་ལིཾ་ཏ། ཞེས་བརྗོད་པས། གཏོར་སྣོད་བྷྲཱུྃ་ལས་བྷནྡྷའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་། གཏོར་མའི་རྫས་ཤ་ལྔ་བདུད་རྩི་ལྔར་བསམ། མ་སུརྱ་མཎྜ་ལ་ཧཱུྃ། ཞེས་པས་དེའི་སྟེང་དུ་མ་ལས་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་བསམ། པྃ་པདྨ་མཎྜ་ལ་ཨཱྃཿཞེས་པས། པཾ་ལས་པདྨའི་སྟེང་དུ་ཨཱཾཿབསམ། ཨ་ཙནྡྲ་མཎྜ་ལ་ཨཱོྂ་ཞེས་པས། ཨ་ལས་ཟླ་བའི་སྟེང་དུ་ཨཱོྂ་བསམ། སྥ་ར་ཎ་ཕཊ་ཀྱིས་འཕགས་པ་མཆོད། ཐུགས་དམ་བསྐུལ། སྃ་ཧ་ར་ཎ་ཧཱུྃ་གིས་སྐྱེ་འགྲོའི་རྩི་བཅུད་དང་། ཡེ་ཤེས་ཀྱ ི་བདུད་རྩི་བསྡུས་ཧཱུྃ་འོད་དུ་ཞུ་ནས་དངོས་པོའི་མ་དག་པ་སྦྱངས། ཨཱཿའོད་དུ་ཞུ་ནས་བདུད་རྩི་མུ་ཏིག་དཀར་པོ་ལྟ་བུར་གྱུར། ཨཱོྂ་འོད་དུ་ཞུ་ནས་འདོད་ཡོན་གྱི་ལྷ་མོ་ལྔར་གྱུར་པར་བསམ་མོ། །ལས་ཀྱི་གཏོར་མ་ནི། དུག་གསུམ་ཤ་ཁྲག་རུས་པའི་ཕུང་པོར་བསམ་མོ། །ཨཱོྂ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏི་གུ་ཧྱ་ཏྲི་ཤྭ་ས་མ་ཡ་སྟྭཾ། ཞེས་བརྗོད་ཅིང་བྱིན་གྱིས་བརླབ་བོ། །དེ་ནས་རཀྟ་བྱིན་གྱིས་བརླབ་པ་ནི། བྷནྡྷ་ཀ་པཱ་ལ་བྷྲཱུྃ། ཞེས་བརྗོད་པས། རཀྟའི་སྣོད་བྷནྡྷར་གྱུར། པདྨ་མཎྜ་ལ་ཞེས་པས། བྷནྡྷའི་ནང་དུ་པདྨ་དམར་པོ་འདབ་བརྒྱད་ལྟེ་བར་ར་དམར་པོས་མཚན་པར་བསམ། སྥ་ར་ཎ་ཕཊ་ཀྱིས་འཕྲོས། སྃ་ཧ་ར་ཎ་ཧཱུྃ་གིས་བསྡུས། འོད་དུ་ཞུ་ཁྲག་གི་རྒྱ་མཚོར་གྱུར། གཟར་བུ་རྡོ་རྗེར་གྱུར་པས་དཀྲུགས་པས་རྦ་རླབས་ཀྱི་ཟེར་མ་ལས་འདོད་ཡོན་གྱི་ལྷ་མོར་འཕྲོ་བར་གྱུར་པར་བསམ། ཨཱོྂ་རཀྟ་ཛྭ་ལ་ས་མུ་ཏྲ་མཎྜ་ཧཱུྃ། ཞེས་བརྗོད་ཅིང་བྱིན་གྱིས་བརླབ་བོ། །དེ་ནས་མར་མེ་བྱིན་གྱིས་བརླབས་ཏེ། ཀོང་བུ་ལྟར་སྣང་བ་ནི་ཡུམ་གྱི་མཁའ། སྡོང་བུ་ལྟར་སྣང་བ་ནི་ཡབ་ཀྱི་གསང་བ། མར་ཁུ་ལྟར་སྣང་བ་ནི་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས། མར་མེའི་འོད་ལྟར་སྣང་བ་ནི་དོན་ཡེ་ཤེས་ལྔ་ཡི་ངོ་བོར་བསམ་མོ། །ཨཱོྂ་ཛྙཱ་ན་ཨཱ་ལོ་ཀེ་ས་མ་ཡ་ཧཱུྃ། ཞེས་བརྗོད་ཅིང་བྱིན་གྱིས་བརླབ་བོ། །དེ་ནས་མཆོད་པའི་བྱེ་བྲག་རྣམས་དཀྱིལ་འཁོར་དུ་དགོད་ཅིང་འབུལ་བ་ནི། ཧཱུྃ། ཕྱི་ནང་གསང་བའི་མཆོད་པ་ཞེས་པའི་ཚིག་བཞི་བརྗོད་དེ་དཀྱིལ་འཁོར་དུ་དགོད་ཅིང་དབུལ་ལོ། །དེ་ཡན་ཆད་ཀྱིས་སྔོན་དུ་འགྲོ་བའི་རིམ་པ་བསྒོམ་པའི་ཐབས་རྫོགས་སོ།། །།དངོས་གཞི་གཞུང་ཉམས་སུ་བླང་བ་བསྒོམ་པའི་རིམ་པ་ནི་གཉིས་ཏེ། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་དང་། འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དང་པོ་ལ་དགུ་སྟེ། ཕྱག་འཚལ་བ་དང་། མཆོད་པ་དབུལ་བ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་མི་འདའ་བར་གསོལ་བ་གདབ་པ་དང་། དགེ་བའི་རྩ་བ་བསྔོ་བ་དང་། ལུང་དབུལ་བ་དང་། དབང་དང་བྱིན་རླབས་ཞུ་བའོ། །དང་པོ་ནི། བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་བརྗོད་ཅིང་སེ་གོལ་བརྡབས་པས། བླ་མ་དང་ཡི་དམ་གྱི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་བཞུགས་པར་བསམ། དེ་རྣམས་ཀྱི་མདུན་དུ་བདག་གི་ལུས་ཞིང་གི་རྡུལ་སྙེད་དང་བཅས་པར་སྤྲུལ་ཏེ། ཞབས་ལ་སྤྱི་གཏུགས་ཀྱིས་ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཏེ། འཇམ་དཔལ་རྡོ་རྗེ་ཞེས་པའི་ཚིག་རྐང་བཞིས་གསལ་གདབ། གཉིས་པ་མཆོད་པ་འབུལ་བ་ནི། དངོས་སུ་འབྱོར་པ་དང་། ཡིད་ཀྱིས་སྤྲུལ་པའི་ཕྱི་ནང་གི་མཆོད་པ་དཔག་ཏུ་མེད་པ་བློས་བླངས་ལ་འབུལ། སངས་རྒྱས་ཞིང་དུ་གང་བསྔགས་ཞེས་པའི་ཚིག་བཞིས་གསལ་གདབ། གསུམ་པ་སྡིག་པ་བཤགས་པ་ནི། ཚེ་རབས་ནས་བསགས་པའི་མི་དགེ་བའི་ལས་ཉེས་བྱས་ལ་འགྱོད་པས་བཤགས། བདག་གིས་སྔོན་ཆད་ཅེས་པའི་ཚིག་བཞི་བརྗོད། བཞི་པ་རྗེས་སུ་ཡི་རང་བར་དབུལ་བ་ནི། སོ་སོའི་སྐྱེ་བོ་དང་ཉན་ཐོས་རང་སངས་རྒྱས་སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་སོགས་པའི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དབུལ། མགོན་པོ་ཀུན་གྱི་ཞེས་པའི་ཚིག་བཞི་བརྗོད། ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། སངས་རྒྱས་རྣམས་ལ་སེམས་ཅན་གྱི་དོན་དུ། ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་ཅེས་གསོལ་བ་གདབ། བདེ་གཤེགས་བྱང་ཆུབ་ཅེས་པའི་ཚིག་བཞི་བརྗོད། དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། སངས་རྒྱས་རྣམས་སེམས་ཅན་གྱི་དོན་ལ་སྐྱོ་བ་སྐྱེས་ནས། རང་དོན་དུ་མྱ་ངན་ལས་འདའ་བར་བཞེད་པ་རྣམས། ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་པར་གསོལ་བ་གདབ། མྱ་ངན་འདའ་བཞེད་ཅེས་པའི་ཚིག་བཞི་བརྗོད། བདུན་པ་དགེ་བའི་རྩ་བ་བསྔོ་བ་ནི། དེ་དག་ལས་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བསྔོ། ཇི་སྲིད་འཁོར་བ་ཞེས་པའི་ཚིག་བཞི་བརྗོད། བརྒྱད་པ་ལུས་འབུལ་བ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དེ་བཞིན་གཤེགས་བ་ལ་བདག་གི་ལུས་ལོངས་སྦྱོད་དུ་ཡང་དབུལ། གདུང་འཚོབ་ཏུ་ཡང་དབུལ། ཞབས་ཏོག་ཏུ་ཡང་དབུལ་ལ། བདག་ཀྱང་དུས་འདི་ཞེས་པའི་ཚིག་བཞི་བརྗོད། དགུ་པ་བྱིན་རླབས་ཞུ་བ་ནི། དབང་བཞིའི་ཚུལ་གྱིས་རིམ་པས་དབང་བསྐུར་བས་ལུང་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས། མཐར་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་ཡང་འོད་དུ་ཞུ་ནས་མི་དམིགས་པར་བསམ། དུས་འདི་ནས་ནི་ཞེས་པའི་ཚིག་བཞིས་གསལ་གདབ་བོ། །གཉིས་པ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི་དྲུག་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་ཞིང་བསྟིམ་པ་དང་། པཱུ་ཛ་དབུལ་བ་དང་། བཟླས་པ་བྱ་བ་དང་། ཐུན་མཚམས་ཀྱི་སྤྱོད་ལམ་བསྟན་པ་དང་། མཚམས་སྦྱོར་བ་ཚོགས་ཀྱི་པཱུ་ཛ་དབུལ་ལོ། །དང་པོ་ལ་བཞི་སྟེ། ས་མ་ཏི་གསུམ་བསྒོམ་པ་དང་། འོག་གཞི་འབྱུང་བ་རིམ་བརྩེགས་བསྐྱེད་པ་དང་། སྟེང་དག་པ་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་དང་། ལྷ་བསྐྱེད་པ་དངོས་བསྟན་པའོ། །དང་པོ་ཏིང་འཛིན་གསུམ་བསྒོམ་པ་ནི་གསུམ་ལས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀུན་གཞི་རང་བཞིན་གྱི་སྟོང་པ་མ་བཅོས་པའི་ངང་ལ་བཞག་གོ། །ཧཱུྃ། རྟོག་མེད་ཅེས་པའི་ཚིག་བཞིས་གསལ་གདབ། གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། དེའི་ངང་ལས་དེ་ལྟར་མ་རྟོག་པའི་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་ནམ་མཁའ་ལྟ་བུ་སྟོང་ཞིང་གོ་ཕྱེས་པས་སེམས་ཅན་གྱི་དོན་བྱེད་པར་བསྒོམ། ཆུ་ཟླའི་ཞེས་པ་ཚིག་བཞིས་གསལ་གདབ། གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། སྣང་བ་དང་སྟོང་པ་དབྱེར་མེད་པའི་རང་བཞིན་རིག་པ་ཉིད་ཡི་གེ་ཧཱུྃ་དམར་པོ་སྣང་ལ་རང་བཞིན་མེད་པར་བསྒོམ། སྥ་ར་ཎ་ཕཊ་ཀྱིས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སཾ་ཧ་ར་ཎ་ཧཱུྃ་གིས་སླར་འདུས་ཏེ། སྔར་བས་གཟི་བརྗིད་དང་ལྡན་པར་བསྒོམ། ཧཱུྃ། ཡོད་དེ་ཡོད་པ་ཞེས་པའི་ཚིག་བཞིས་གསལ་གདབ། དེ་ནས་གཉིས་པ་འབྱུང་བ་རིམ་བརྩེགས་ཀྱི་བསྒོམ་པ་ནི། ཧཱུྃ་དེ་ལས། ཨེ། ཡྃ་ར། སུྃ། ཀེཾ། རྃ་རྣམས་རིམ་གྱིས་ཆད་པ་ལས། ཨེ་མཐིང་ནག་འཕྲོ་འདུས་འོད་དུ་ཞུ་ནས་ཡུམ་ཀུན་ཏུ་བཟང་མོའི་རང་བཞིན། ནམ་མཁའ་མཐིང་ནག་གྲུ་གསུམ་རྒྱ་ཁྱོན་དཔག་ཏུ་མེད་པ་གཅིག་བསྒོམ། དེས་འགྲེའོ། །ཨེ་གྲུ་གསུམ་ཞེས་པས་གསལ་གདབ། ཡྃ་ལྗང་གུ་ལས་འཕྲོ་འདུས་འོད་དུ་ཞུ། །དམ་ཚིག་སྒྲོལ་མའི་རང་བཞིན་རླུང་གི་དཀྱིལ་འཁོར་ལྗང་ནག་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་སུ་གྱུར། རྒྱ་ཁྱོན་དཔག་ཏུ་མེད་པར་གྱུར་པར་བསྒོམ། འཐོར་བྱེད་རླུང་ནག་ཅེས་པས་གསལ་གདབ། ར་དམར་པོ་ལས་འཕྲོ་འདུས་འོད་དུ་ཞུ། །མཱ་མ་ཀཱིའི་རང་བཞིན་ཁྲག་གི་རྒྱ་མཚོ་དམར་ཞིང་ཟླུམ་པ་རྒྱ་ཁྱོན་དཔག་ཏུ་མེད་པ་བསྒོམ། རཀྟ་ཁྲག་གི་ཞེས་པས་གསལ་གདབ། སུྃ་སྨུག་པོ་ལས་འཕྲོ་འདུས་འོད་དུ་ཞུ་ནས། སངས་རྒྱས་སྤྱན་མའི་རང་བཞིན་ཞིང་གིས་གཞི་དབྱིབས་གྲུ་བཞི་པ་ཁ་དོག་དཔག་ཏུ་མེད་པ་བསྒོམ། ཞིང་ཆེན་གཏམས་པའི་ཞེས་པས་གསལ་གདབ། ཀེཾ་ལས་འཕྲོས་འདུས་འོད་དུ་ཞུ་ནས། ཀེང་རུས་ཀྱི་རི་རབ་རྒྱ་ཁྱོན་དཔག་ཏུ་མེད་པ་བསྒོམ། ཀེང་རུས་ཆེན་པོའི་ཞེས་པ་གསལ་གདབ། རྃ་དམར་པོ་འཕྲོས་འདུས་འོད་དུ་ཞུ་ནས། ན་བཟའ་དཀར་མོའི་རང་བཞིན། མེའི་དཀྱིལ་འཁོར་དབྱིབས་གྲུ་གསུམ་པ་ཁ་དོག་དམར་པོ་རྒྱ་ཁྱོན་དཔག་ཏུ་མེད་པར་བསམ། ཡེ་ཤེས་འབར་བའི་ཞེས་པས་གསལ་གདབ་བོ། །གསུམ་པ་ནི་གཉིས་ཏེ། གཞལ་ཡས་ཁང་བསྒོམ་པ་དང་། གདན་བསྐྱེད་པ་སྟེ་གཉིས་ལས། དང་པོ་ནི། ཧཱུྃ་དེ་ལས་བྷྲཱུྃ་སྨུག་པོ་ཆད་འཕྲོས་འདུས་ནས་འོད་དུ་ཞུ་ནས། བྷྲཱུྃ་བི་ཤྭ་ཞེས་པས། གཞལ་ཡས་ཁང་ཐོད་པ་སྐམ་རློན་ལས་གྲུབ་པའི་དབྱིབས་གྲུ་བཞི་པ། རཀྟས་སྤྱིན་ཐབས་སུ་སྦྱར་བ། གནམ་ལྕགས་ཀྱི་གཟེར་བཏབ་པ། བྷནྡྷ་ལྕང་ལོས་ཁ་པད་བྱས་པ་བ་སུ་ཏ་དང་སྦྲུལ་ནག་གི་ཟར་ཚགས་བྱས་པས། ཆུ་སྲིན་གྱི་ཐོད་པས་མདའ་ཡབ་བྱས་པ་སྒོ་བཞི་ཡང་རུས་སྦལ་གྱི་མ་ཐེམ། ཞིང་གི་ཀེའུ་རུ། ཀ་རུ་ཎའི་ཡ་ཕིབས། ཆུ་སྲིན་གྱི་རྟ་བབ། ཕྱི་དུར་ཁྲོད་ཆེན་པོའི་གནས་བརྒྱད། རྡོ་རྗེ་མེ་རིས་མཛེས་པ། ནང་གི་ཕོ་བྲང་ནི། དབུས་གྲུ་གསུམ་ཟླ་གམ་དམར་པོ་གསུམ་གྱིས་བསྐོར་བ། ཐོད་པ་སྐམ་པོའི་མུ་ཁྱུད། ཙཀྲ་རྩིབས་བཞི་ནི། གུ་རུ་པདྨ་ཕྱོགས་ཚོན་དུ་བཞེད། འཇམ་དཔལ་བཤེས་གཉེན་སེར་པོར་བཞེད། དྷ་ན་ད་ལ་དམར་པོ་ཁོ་ནར་བཞེད་དོ། །གོང་རས་དམར་པོ། རྡོ་རྗེའི་ར་བ་མཐིང་ག །གྲུ་ཆད་ལྗང་གུ། ཁྱམས་ཁྲག་གི་རྒྱ་མཚོར་བཞེད། ནང་གི་ཀ་བ་ཡང་རུས་སྦལ་གྱི་གདན། ཞིང་གི་ཀ་བ། ཆུ་སྲིན་གྱི་ཀ་གཞུ། ཚངས་པའི་གདུང་། ཀླུ་བདུད་ཀྱི་ཕྱམ། རྒྱུ་སྐར་གྱི་གྲལ་མ། ཞིང་ལྤགས་ཀྱི་ཐོག །ཉི་ཟླའི་མཐོང་། གཟའ་བརྒྱད་ཀྱི་ཁ་བད ། གྲ་བཞིར་ཞིང་གི་རྒྱལ་མཚན་བཞི་འཕྱར་བ་བསྒོམ། དུར་ཁྲོད་འབར་བའི་ཞེས་ཚིག་བརྒྱད་ཀྱིས་གསལ་གདབ། གཉིས་པ་གདན་བསྐྱེད་པ་ནི། དབུས་ཀྱི་གྲུ་གསུམ་ལ་རཀྟའི་རྒྱ་མཚོར་གྱུར། ཡ་མ་ཡེ་ཏི་ར་བྃ། ཞེས་པས་གཤིན་རྗེ་ཕོ་མོ་བྱི་ཆིངས་སུ་བསྣོལ་པའི་གདན། མ་ཧེ་མཎྜ་ལ། ཞེས་པས་མ་ཧེ་གླང་རྒོད་ཕོ་མོ་བརྫིས་པའི་ཁྲི། དེའི་སྟེང་དུ། པྃ་པདྨ་མཎྜ་ལ། ཞེས་པས་པྃ་ལས་པདྨའི་གདན། མ་སུརྱ་མཎྜལ། ཞེས་པས་མ་ལས་ཉི་མའི་གདན། ཨ་ཙནྡྲ་མཎྜ་ལ། ཞེས་པས་ཨ་ལས་ཟླ་བའི་གདན། དབུས་ཀྱི་གྲུ་གསུམ་ཞེས་པའི་ཚིག་ལྔས་གསལ་གདབ། འཁོར་རྣམས་ལ། ཤར་གྱི་རྩིབས་ལ་དྲི་ཟ་ཕོ་མོའི་གདན། ལྷོར་གཤིན་རྗེ། ནུབ་ཏུ་ཀླུ། བྱང་དུ་གནོད་སྦྱིན་ཕོ་མོའི་གདན། རྩིབས་མཆན་བཞི་ལ་ནི་མཚོ་བཞི་བསམ། ཡང་བདུད་དང་། བཙན་དང་། གཟའ་དང་། ཀླུའི་གདན་ཡང་བཤད་དོ། །བཞི་པ་ལྷ་བསྐྱེད་པ་ལ་གཉིས་ལས། རྩ་བའི་ལྷ་དང་། ཡན་ལག་གི་ལྷ་བསྐྱེད་བའོ། །དང་པོ་ལ་གསུམ། གཙོ་བོ་བསྐྱེད་པ། ཡུམ་བསྐྱེད་པ། འཁོར་བསྐྱེད་པའོ། །དང་པོ་ནི། རྒྱུའི་ཏིང་ངེ་འཛིན་དེ་གདན་ཐོག་ཏུ་བབས་པས། ཧཱུྃ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་འོད་དུ་ཞུ་བ་ལས། ཛྙཱ་ན་ཙཀྲ་མཎྜ་ལ། ཞེས་པས་ཡེ་ཤེས་ཀྱི་ཙཀྲ་རྩིབས་བརྒྱད་དུ་གྱུར། དེ་ཡང་འཕྲོས་འདུས་འོད་དུ་ཞུ་བ་ལས། ཨཱོྂ་ཤྲཱི་ཡ་མཱནྟ་ཀ་མ་རུ་རྩེ་བེ་ཏ་ལི་ཧཱུྃ་ཕཊ། ཅེས་བརྗོད་པས། སྐད་ཅིག་གིས་གཤིན་རྗེའི་གཤེད་དམར་པོ། ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་པོ་པདྨ་རཱ་གའི་མདོག་འདྲ་བ། ཕྱག་གཡས་པ་མེའི་འཁོར་ལོ་འོད་དང་བཅས་པ། གཡོན་པ་རླུང་གི་ཙཀྲ་བསྣམས་པ། སྤྱན་གཡས་པ་ལ་མེའི་ཚྭ་ཚྭ་འཕྲོ་བ། སྤྱན་གཡོན་པ་ལ་ལས་ཀྱི་ཚྭ་ཚྭ་འཕྲོ་བ། ཤངས་ནས་བསྐལ་བའི་རླུང་ནག་འཚུབ་པ། ཨག་ཚོམ་དམར་སེར་ལས་བསྐལ་པའི་མེ་སྟག་འཕྲོ་བ། མཆེ་བ་གཡས་པ་ལས་རཀྟའི་ཆུ་ཆེན་ཤིང་རྟའི་འཕང་ལོ་ཙམ་འབབ་པ། མཆེ་བ་གཡོན་པ་ལས་ཡེ་ཤེས་ཀྱི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་དགྲ་བགེགས་ཀྱི་ཙིཏྟ་འདྲེན་པ། དབུ་སྐྲ་ཁམ་ནག་འཁྱིལ་བའི་སྐྲ་གསེབ་ནས། སྤྲུལ་པའི་ཁྲོ་ཆུང་མང་པོ་འཕྲོ་བ། རལ་པའི་རྩེ་ལ་བྷནྡྷ་ལྕང་ལོས་བརྒྱན་པ། སྐུ་སྟོད་ལ་ཞིང་ཆེན་གྱི་གཡང་གཞི། ཀླང་ཆེན་གྱི་ཀོ་རློན་གསོལ་བ། སྐུ་སྨད་ལ་སྟག་གི་ཤམ་ཐབས་གསོལ་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་བྱས་པ། ཐོད་རློན་ལྔ་བཅུ་རྩ་བཞིའི་དོ་ཤལ། སྦྲུལ་རིགས་ལྔས་སྙན་ཆ་དང་། དབུ་རྒྱན་དང་། མགུར་ཆུ་དང་། དོ་ཤལ་དང་། དཔུང་རྒྱན་དང་། སྐེ་རགས་བྱས་པ། ཞབས་གཉིས་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པ། ཞལ་ནས་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་པ། དེ་ལྟ་བུ་གཅིག་བདག་ཉིད་སལ་ལེར་བསྒོམ། འཇམ་དཔལ་ཁྲོས་པ་ཞེས་པའི་ཚིག་ལྔས་གསལ་གདབ། གཉིས་པ་ཡུམ་བསྐྱེད་པ་ནི། ཐུགས་ཀ་ནས་ཡི་གེ་ཏྲག་གཅིག་གཡོན་དུ་ཆད་པ་ལས་འཕྲོས་འདུས་འོད་དུ་ཞུ་ནས། ཏྲག་རཀྴ་མ་མ་ཨེ་ཀ་ཛཱ་ཏི་ཛཿཛཿ ཞེས་པས། ཡུམ་ཆེན་ཨེ་ཀ་ཛཱ་ཏི་སྐུ་མདོག་དམར་སྨུག་རྒྱ་སྐྱེགས་ཀྱི་ཁ་དོག་འདྲ་བ། ཞལ་གཅིག་ཕྱག་གཉིས་གཡས་ཏྲི་ཤུ་ལ་ཐོགས་ནས་ཡབ་ལ་འཁྱུད་པ། གཡོན་པས་ཐོད་ཁྲག་གཙོ་ལ་སྟོབ་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཤིན་ཏུ་ཁྲོ་ཞིང་རྔམས་པ་ལ། ཅུང་ཟད་འཛུམ་པའི་མདངས་ཀྱིས་ཡབ་ལ་བལྟ་ཞིང་། སྦྱོར་བའི་པཱུ་ཛ་དབུལ་བར་བསམ། དེ་དང་གཉིས་སུ་མེད་ཞེས་པའི་ཚིག་བཞིས་གསལ་གདབ། གསུམ་པ་འཁོར་བསྐྱེད་པ་ནི་གསུམ་སྟེ། དམག་དཔོན་བསྐྱེད་པ་དང་། བསྭེ་མོ་བསྐྱེད་པ་དང་། འཁོར་གཞན་བསྐྱེད་པའོ། །དང་པོ་ནི། བསྙེན་སྒྲུབ་ཀྱི་དུས་སུ་མཁའ་གསང་ནས་བསྐྱེད་པར་ཡང་བཤད། ཡང་བསྙེན་སྒྲུབ་ལས་སྦྱོར་གྱི་དུས་གཉིས་ཀ་ལ་གནས་བཞི་ནས་བསྐྱེད་པ་ཡང་བཤད་དོ། །མཁའ་གསང་ནས་བསྐྱེད་པ་གཞན་དང་འདྲ། གནས་བཞི་ནས་བསྐྱེད་པ་ནི་གཙོ་བོའི་སྤྱན་ལས་ཛཿདམར་པོ་གཅིག་ཤར་ཕྱོགས་ཀྱི་རྩི་བས་ཀྱི་སྟེང་དུ་འཕྲོས། སྤྲོ་བསྡུས་འོད་དུ་ཞུ། པྲ་མ་རཱ་ཛ་ནི་ཛཿ ཞེས་པས། ཤར་དུ་སྲིན་པོ་མ་རུ་རྩེ་བསྐྱེད། དེ་ཡང་བསྙེན་སྒྲུབ་ཀྱི་སྐབས་སུ་ན་བཟའ་དང་ཆིབས་མེད་པར་ཁྲོ་བོ་ཁོ་ན་བསྒོམ་པར་བཤད་ལ། སྐུ་མདོག་ཡང་གུ་རུ་པདྨའི་བཞེད་ཀྱིས་སོ་སོར་བཞེད་ལ། དྷ་ན་ད་ལའི་བཞེད་ཀྱིས་དམར་པོ་ཁོ་ནར་བཞེད་དོ། །རྒྱན་ཆས་ནི། གཙོ་བོ་དང་མཐུན་པ་དུར་ཁྲོད་ཀྱིས་རྒྱན་གྱིས་བརྒྱན་པའོ། །ཕྱག་མཚན་ནི། སྲིན་པོ་གཡས་སྤུ་གྲི། གཡོན་ཐོད་པ། ཡུམ་ཡང་དེ་དང་འདྲ་བའོ། །གཙོ་བོའི་ཤངས་ནས་ཛཿདམར་པོ་གཅིག་ལྷོ་ཕྱོགས་ཀྱི་རྩི་བས་ལ་འཐོན། འཕྲོས་འདུས་འོད་དུ་ཞུ་ནས། ཡ་མ་རཱ་ཛ་ནི་ཛཿ ཞེས་པས། གཤིན་རྗེ་མ་རུ་རྩེ་གཡས་བེ་ཅོན། གཡོན་སྡིགས་མཛུབ། ཡུམ་ཡང་གཡས་པ་ཡབ་ལ་འཁྱུད་པ་གཡོན་ཐོད་པ་འཛིན་པ། འགྲེའོ། །ཡང་གཙོ་བོའི་ལྗགས་ལས་ཛཿདམར་པོ་གཅིག་ནུབ་ཕྱོགས་ཀྱི་འཁོར་ལོའི་རྩིབས་ལ་འཐོན། འཕྲོས་འདུས་འོད་དུ་ཞུ་བ་ལས། དྷ་ཤ་གྷྲི་བ་ཛཿ ཞེས་པས། ནུབ་ཏུ་བདུད་མ་རུ་རྩེ་གཡས་གཡོན་རལ་གྲི་ཞགས་པ་བསྣམས་པ། ཡུམ་ཡང་འདྲའོ། །ཡང་ཐུགས་ཀ་ནས་ཛཿདམར་པོ་གཅིག་བྱང་ཕྱོགས་ཀྱི་འཁོར་ལོའི་རྩིབས་ལ་འཐོན། འཕྲོས་འདུས་འོད་དུ་ཞུ་བ་ལས། ཀུ་བེ་རཱ་ཛ་ཛཿ ཞེས་པས། བྱང་དུ་གནོད་སྦྱིན་མ་རུ་རྩེ། གཡས་ལྡན་མཁར་གཡོན་ཐོད་པ་འཛིན་པ། ཡུམ་གོང་དང་འདྲའོ། །སྨད་ལས་ལས་སྦྱོར་གྱིས་དུས་སུ་རང་རང་གི་བསྐུལ་དང་མཐུན་པར་བསྒོམ་པར་བྱའོ། །གཉིས་མེད་འཁྲིལ་ཞེས་པ་ཚིག་དྲུག་གིས་གསལ་གདབ་བོ། །གཉིས་པ་བསྭེ་མོ་བསྐྱེད་པ་ནི། གཙོ་བོའི་ཡན་ལག་བཞི་ལས་མ་བཞི་རྩིབས་མཆན་ལ་འཐོན། འཕྲོས་འདུས་འོད་དུ་ཞུ་ནས། སུ་ཀྲི་པ་ལ། ཡ་བ་ར་ཙིཏྟ། ཡོ་གི་ཤྭ་རི་ཡ་མ་ཙིཏྟ། ཞེས་བརྗོད་པས་བསྟོད་བསྙེན་སྒྲུབ་ཀྱི་སྐབས་སུ་ཁྲོ་མོའི་ཆ་ལུགས་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། སྐུ་མདོག་ཡང་བཞེད་ལུགས་གོང་དང་འདྲ། ཕྱག་མཚན་ནི་གཡས་པ་རིགས་བཞིའི་རང་བརྟགས་ཀྱི་ཕྱག་རྒྱ་འཛིན་པའོ། །སྨད་ལས་ཀྱི་དུས་སུ་རང་རང་གི་བསྐུལ་དང་མཐུན་པར་བསྐྱེད་དོ། །འཇམ་དཔལ་ཡན་ལག་ཅེས་ཚིག་བཞིས་གསལ་གདབ། གསུམ་པ་འཁོར་གཞན་བསྐྱེད་པ་ནི། ཁྱམས་ལ་གིང་ཕོ་མོ་དགུ་དགུ་སྟེ་བཅོ་བརྒྱད་བསྐྱེད། དེ་ཡང་བསྙེན་སྒྲུབ་ཀྱི་དུས་སུ། ཡེ་ཤེས་ཀྱི་གིང་ཁྲོ་བོ་དང་ཁྲོ་མོའི་ཆ་ལུགས་ཅན་རང་བཞིན་གྱིས་ཡོད་པ་ཙམ་བསྐྱེད། སྒོ་བཞིར་བསྭེ་ཡི་སྐྱེས་བུ་བཞི། བསྙེན་སྒྲུབ་ཀྱི་དུས་སུ་ཁྲོ་བོའི་ཆ་ལུགས་སུ་བསྐྱེད། སྐུ་མདོག་གོང་དང་འདྲའོ། །ཕྱག་མཚན་ཡང་། ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུའོ། །སྨད་ལས་ཀྱི་དུས་སུ་བསྭེ་ཡི་གྱི་ལིང་དང་། བྱ་ཁྲ་ལ་སོགས་པ་ཆིབས་པ་སྟེ། བསྐུལ་དང་ཡང་མཐུན་པར་བསྐྱེད་དོ། །གིང་ལ་ཡང་དེ་དང་འདྲའོ། །དེ་ཡང་བསྙེན་སྒྲུབ་ཀྱི་དུས་སུ་ནི། རྩ་བའི་ལྷ་ཁོ་ནས་ཆོག་ཡང་གསུང་ངོ་། །གཉིས་པ་ཡན་ལག་གི་ལྷ་བསྐྱེད་པ་ལ་གཉིས་ཏེ། ཡེ་ཤེས་ལྔས་དབང་བསྐུར་བ་དང་། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའོ། །དང་པོ་ནི། ཐུགས་ཀ་ནས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐུལ། སངས་རྒྱས་ཐམས་ཅད་རིགས་ལྔའི་ངོ་བོར་བསྡུས་མཆོད་པ་ཕུལ། དབང་བསྐུར། གསོལ་བ་གདབ། འོད་དུ་ཞུ་ནས་དབུའི་གནས་ལྔར་ཐིམ། ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་རིགས་ལྔར་སངས་རྒྱས། དབང་རྟགས་སུ་དབུའི་ཐོད་པའི་ཁང་བུ་ལྔར་ཡབ་ལ་ཁྲོ་བོ་རིགས་ལྔ་ཡུམ་ལ་ཁྲོ་མོ་རིགས་ལྔ་འཁོར་རྣམས་ལ་རིགས་སོ་སོའི་དབུ་རྒྱན་གྱིས་མཚན་པར་བསྒོམ། ཧཱུྃ་བཛྲ་ཀུ་ལ་ཞེས་པས་གསལ་གདབ་བོ། །གཉིས་པ་ནི། སྤྱི་བོ་དུང་ཁང་གི་ནང་དུ་ཨ་ལས་ཟླ་བ་ལ་འཁོར་ལོ་དཀར་པོ་ཨཱོྂ་གྱིས་མཚན་པ། མགྲིན་པར་པྃ་ལས་པདྨ་དམར་པོ་ཨཱྃཿགིས་མཚན་པ། ཐུགས་དཀར་མ་ལས་ཉི་མའི་སྟེང་དུ་རྡོ་རྗེ་ཧཱུྃ་གིས་མཚན་པ་བསྒོམ། དེ་གསུམ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྡུས། འོད་དུ་ཞུ་ནས་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་ལྷར་གྱུར། དེ་ཡང་རྣམ་སྣང་གི་དུང་ཁང་འཁོར་ལོ་ཨཱོྂ་གྱི་མཚན་པ། མཐའ་ཡས་ཀྱི་མགྲིན་པར་པདྨ་ཨཱྃཿ གིས་མཚན་པ། མི་བསྐྱོད་པའི་ཐུགས་ཀར་རྡོ་རྗེ་ཧཱུྃ་གིས་མཚན་པ་བསྐྱེད་དོ། །དེ་ཡ ང་བསྙེན་པའི་དུས་སུ་ཞི་བ་ལ་སྒྲུབ་པ། མན་ཆད་ཁྲོ་བོ་རུ་བཤད་དོ། །ཨཱོྂ་ཨ་ཀྲོ་ཏེ་ཀ་ཞེས་པས་གསལ་གདབ་བོ། །སྤྱི་དོན་གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ལ་བཞི་སྟེ། སྙན་གསན་དབབ་པ་དང་། སྤྱན་དྲངས་པ་དང་། གཉིས་སུ་མེད་པར་བསྟིམས་པ་དང་། བརྟན་པར་བཞུགས་སུ་གསོལ་བའོ། །དང་པོ་ནི། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རང་བཞིན་ལྷུན་གྱིས་གྲུབ་པ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དགོངས་པ་ཆོས་ཉིད་ཀྱི་ངང་ལ་བཞུགས་པ་དེ་ལོངས་སྤྱོད་རྫོགས་པའི་སྐུར་རོང་གིས་བཞེངས་ཏེ། འགྲོ་བའི་དོན་ལ་བྱོན་མ་རག་པར་བསྒོམ། དད་པ་དང་ནི་ཞེས་པ་ཚིག་བཅུ་གཉིས་ཀྱིས་གསལ་གདབ། གཉིས་པ་སྤྱན་དྲངས་པ་ནི། ཐུགས་ཀ་ནས་ཛཿཧཱུྃ་བྃ་ཧོཿབཞི་ལས། ཛཿལས་ལྷ་མོ་ལྕགས་ཀྱུ་མ། ཧཱུྃ་ལས་ཞགས་པ་མ། བྃ་ལས་ལྕགས་སྒྲོག་མ། ཧོཿལས་དྲིལ་བུ་མར་གྱུར་ཏེ། ཡེས་ཤེས་ཀྱི་དཀྱིལ་འཁོར་རྣམས་ལྕགས་ཀྱུ་མས་ཐུགས་དམ་གྱི་རྒྱུད་བསྐུལ། ཞགས་པ་མས་གནས་ནས་སྤྱན་དྲངས། ལྕགས་སྒྲོག་མས་གནས་ནས་བསྐྱོད། དྲིལ་བུ་མས་དགྱེས་པ་བསྐྱེད་ཅིང་མདུན་གྱི་ནམ་མཁའ་ལ་མེ་དཔུང་འདབ་འདྲེས་ཀྱིས་ཚུལ་དུ་ཡེར་གྱིས་བྱོན་པར་བསམ་མོ། །ཧཱུྃ། དམར་ནག་གྲུ་གསུམ་ཞེས་པའི་ཚིག་བཅོ་ལྔས་གསལ་གདབ། ཡབ་གཅིག་སྐུ་མཆོག་ཅེས་པའི་ཚིག་བཅུས་ཡུམ་སྤྱན་དྲངས་ཞིང་གསལ་གདབ། འཇམ་དཔལ་སྐུ་མཆོག་ཅེས་པའི་ཚིག་བདུན་གྱིས་དམག་དཔོན་སྤྱན་དྲངས་ཞིང་གསལ་གདབ་བོ། །འཇམ་དཔལ་ཡན་ལག་ཅེས་པས། བསྭེ་མོ་བཞི་སྤྱན་དྲངས་ཞིང་གསལ་གདབ་བོ། །གསུམ་པ་གཉིས་སུ་མེད་པར་བསྟིམ་པ་ནི། པྲ་བེ་ཤ་ཡ་ཕཊ། ཅེས་པས་གཞལ་ཡས་ཁང་དང་ཐུགས་ཀྱི་སྒོ་དབྱེ། ཨ་བེ་ཤ་ཡ་ཨ། ཞེས་པས་ཆུ་དང་འོ་མ་འདྲེས་པ་ལྟར། དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་དུ་བསྟིམ་པར་བྱའོ། །བཞི་པ་བརྟན་པར་བཞུགས་པ་ནི། བདག་གི་བསམ་པ་མ་གྲུབ་ཀྱི་བར་རམ། སེམས་ཅན་གྱི་དོན་མ་རྫོགས་ཀྱི་བར་དུ་གཞན་དུ་མི་གཤེགས་པར་བཞུགས་པར་བསམ། མགོན་པོ་ཐུགས་རྗེ་ཞེས་པ་ཚིག་བཅུ་བདུན་གྱི་རིམ་པར་གསལ་གདབ། སྤྱི་དོན་གསུམ་པ་མཆོད་པ་འབུལ་བ་ནི་དྲུག་སྟེ། གཉིས་སུ་མེད་པར་ཕྱག་འཚལ་བ་དང་། ཐུན་མོང་གི་པཱུ་ཛ་དབུལ་བ་དང་། བདུད་རྩི་སྨན་གྱི་མཆོད་པ་དང་། འདོད་ཡོན་གཏོར་མའི་མཆོད་པ་དང་། དམ་རྫས་རཀྟའི་མཆོད་པ་དང་། དུག་ལྔ་རྣམ་དག་གི་མཆོད་པའོ། །དང་པོ་ནི། ལ་ལ་དམ་ཚིག་པ་མདུན་འཐོན་ཏེ། ཡེ་ཤེས་པ་ལ་ཕྱག་དང་པཱུ་ཛ་དབུལ་བར་འདོད་པ་ཡང་ཡོད། འདིར་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་པར་མཇལ་བས་རྟོགས་པ་དོན་གྱི་ཕྱག་ཅེས་བྱ་སྟེ། དབྱེར་མེད་པ་དོན་གྱིས་འཚལ་བའོ། །དེ་ཡང་། གདུག་པ་འདུལ་མཛད་ཅེས་པའི་ཚིག་ལྔས་གཙོ་བོ་ལ་འཚལ། འོག་མ་འོག་མ་རྣམས་ལ་ཚིག་གསུམ་གསུམ་གྱིས་འཚལ་ལོ། །གཉིས་པ་ཐུན་མོང་གི་པཱུ་ཛ་ནི། ཕྱི་ལྟར་དུ་འཇིག་རྟེན་གྱི་ཁམས་ན་ཡོད་པའི་ཡོན་ཆབ་དང་། སྤོས་དང་། མེ་ཏོག་དང་། མར་མེ་དང་། དྲི་ཆབ་དང་། ཞལ་ཟས་དང་། རོལ་མོ་ལ་སོགས་པ་ལྷ་མོ་རྣམས་ཀྱི་ཕྱག་ན་བསྣམས་ནས་དབུལ་བར་བསམ་མོ། །ནང་ལྟར་དུ་བྃ་ཆེན་མོ་ལས་བྱུང་བའི་རཀྟའི་ཨརྒྷཾ་དང་། ཚིལ་ཆེན་གྱི་སྤོས་དང་། དབང་པོ་ལྔའི་མེ་ཏོག་དང་། ཞུ་ཆེན་གྱི་མར་མེ། བདུད་རྩིའི་དྲི་ཆབ། ཤ་ཆེན་གྱི་བཤོས་དང་། ཐོད་པའི་རྔ་དང་། རྐང་གླིང་གི་དུང་ལ་སོགས་པ་དབུལ་ལོ། །གསང་བ་ནི་བྱང་ཆུབ་སེམས་ཀྱི་པཱུ་ཛ་དབུལ་བའོ། །ཚིག་ནི་རྩ་བའི་སྔགས་དང་། ཨེ་དྃ་ཨརྒྷཾ་དྡྷཱུཔྤེ་ལ་སོགས་པས་དབུལ་ལོ། །གསུམ་པ་བདུད་རྩི་སྨན་གྱི་མཆོད་པ་ལ་བཞི་སྟེ། སྨན་གྱི་ཆེ་བའི་ཡོན་ཏན་བརྗོད་དེ་སྤྱིར་འབུལ་བ་དང་། བྱེ་བྲག་ཏུ་དབུལ་བ་དང་། བཤགས་པ་བྱ་ཞིང་དངོས་གྲུབ་བླང་བ་དང་། གསང་མནན་གྱི་སྦྲེང་མཆོད་དབུལ་བའོ། །དང་པོ་ནི། རང་བྱུང་གདོད་ནས་ཞེས་པའི་ཚིག་ལྔས་གསལ་གདབ་ཅིང་བྱིན་གྱིས་བརླབ། རྒྱལ་བ་རྒྱ་མཚོ་ཞེས་ཚིག་བཞིས་སྤྱིར་དབུལ་ལོ། །བྱེ་བྲག་ནི། མཐེབ་སྲིན་ཉི་ཟླའི་གའུ་ཁ་སྦྱོར་གྱིས་བདུད་རྩི་བཅུས་ཏེ། ལྷ་སོ་སོའི་ཞལ་དུ་སིབ་སིབ་སོང་བར་བསམ་མོ། །དེ་ནས་བྱེ་བྲག་ལྷ་སོ་སོ་ལ་དབུལ་བ་ལ་དྲུག་སྟེ། དང་པོ་བླ་མ་བརྒྱུད་པ་དང་བཅས་པ་ལ་དབུལ། དེ་ནས་ཞི་བ་ལ་དབུལ། དེ་ནས་ཁྲོ་བོ་ལ་དབུལ། དེ་ནས་བསྐལ་བ་མེ་ལྟར་གྱིས་ཡ་མཱནྟ་ཀ་ལ་དབུལ། དཔལ་ཆེན་སྐུ་ལ་གཉིས་མེད་ཀྱིས་ཡུམ་ལ་དབུལ། དེ་ནས་དམར་པོ་ཡབ་ཡུམ་དང་གཙོ་བོ། དམག་དཔོན་དང་། བསྭེ་མོ་དང་། གིང་དང་། བསྭེ་ཡི་སྐྱེས་བུ་ལ་སོགས་པ་ལ་གཞུང་བཞིན་དབུལ་ལོ། །དེ་ནས་རིག་འཛིན་དང་། དབེན་གནས་དང་། ཆོས་སྐྱོང་དང་། མཆོད་མགྲོན་ཅི་རིགས་པ་ལ་དབུལ་ལོ། །གསུམ་པ་བཤགས་པ་ནི། རང་རིག་ཡེ་ཤེས་ཀྱིས་བྱའོ། །དངོས་གྲུབ་བླང་བ་ནི། གོང་གི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ནས། སིདྡྷིའི་རང་བཞིན་ཨཱོྂ་ཨཱཿཧཱུྃ་གསུམ་བདུད་རྩིའི་ནང་དུ་བྱུང་ནས། དཔལ་ལྡན་རྡོ་རྗེ་ཞེས་པའི་ཚིག་བཞི་བརྗོད་ཅིང་། མཐེབ་སྲིན་གྱིས་བླངས་ལ་ལྕེ་ཐོག་ཏུ་བཞག །ཀཱ་ཡ་སིདྡྷི་ལ་སོགས་པ་བརྗོད་པས། སྤྱི་བོ། མགྲིན་པ། སྙིང་གའི་གནས་སུ་ཐིམ་པས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །བཞི་པ་གསང་མནན་ནི། ཧཱུྃ། དུག་ལྔ་བདུད་རྩི་ཞེས་པའི་ཚིག་དང་། སྔགས་ཀྱི་གཏོར་མར་སྦྲེང་ཞིང་དབུལ་ལོ། །བཞི་པ་གཏོར་མའི་པཱུ་ཛ་ནི། མཆོད་པའི་གཏོར་མ་འདོད་ཡོན་གྱི་ལྷ་མོ་ལྔར་བསམ་ལ། དཀྱིལ་འཁོར་ལྷ་ཡི་དབང་པོ་ལྔ་ལ་ཐིམ་པར་བསམ། ཧཱུྃ། དམེ་གཏོར་ཞེས་པའི་ཚིག་དྲུག་དང་སྔགས་ཀྱི་དབུལ་ལོ། །ལྔ་པ་དམ་རྫས་རཀྟའི་པཱུ་ཛ་ནི། ཕྱི་ལྟར་དུ་རཀྟ་འདོད་ཡོན་གྱི་ལྷ་མོར་བསམ་ལ་དབུལ། ནང་ལྟར་དུ་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བསམ་ལ་དབུལ། ཡབ་གཅིག་འཇམ་དཔལ་ཞེས་པའི་ཚིག་གི་གོ་རིམ་བཞིན་དུ་རང་རང་གི་དམ་རྫས་དང་རཀྟ་དབུལ་ལོ། །དྲུག་པ་དུག་ལྔ་རྣམ་དག་གི་པཱུ་ཛ་ནི། རྫས་རཀྟའི་དངོས་པ་གཅིག་ལ་དགྲ་བགེགས་ཀྱི་དངོས་པོ་བསྟིམ་ཏེ། གཏི་མུག་ཤ་དང་འདོད་ཆགས་ཁྲག །ཞེ་སྡང་རུས་པ་དང་། ང་རྒྱལ་མཁྲིས་པ་དང་། ཕྲག་དོག་དོན་སྙིང་རྣམས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕུལ་བས་བསྒྲལ་བྱའི་ཉོན་མོངས་པ་ལྔ་དག་ནས། བདག་གིས་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམ་པ་ལྔའི་དངོས་གྲུབ་ཐོབ་པར་བསམ། དེ་ཀ་ལ་ཡུལ་སེམས་གཉིས་ཀ་ལ་སྦྱོར་བའི་པཱུ་ཛ་དང་། ཁམས་གསུམ་ཡོངས་སུ་སྒྲོལ་བའི་པཱུ་ཛ་རྫོགས་སོ། །མགོན་པོ་གཤིན་རྗེ་ཞེས་ཚིག་སུམ་ཅུ་སོ་དྲུག་སྔགས་དང་བཅས་པས་དབུལ་ལོ། །སྤྱི་དོན་བཞི་པ་བཟླས་པ་བྱ་བའི་རིམ་པ་ནི་ལྔ་སྟེ། བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་དང་། ལས་ལ་སྦྱར་བའོ། །དང་པོ་ནི། བྷནྡྷ་དུམ་བུ་བཞི་པའི་ནང་དུ་ཡུངས་ཀར་རྒྱལ་པོ་ལ་ཕུར་པ་བཀོད་དེ། ལྷར་གསལ་བའི་སྒོ་ནས་འཕྲོ་འདུ་བྱའོ། །དེ་ཡང་གུ་རུ་པདྨའི་བཞེད་ཀྱི་ཕཊ་ཛཿ ཞེས་པས་མདུན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཕྱེ་བ་ལ་སྤྲོ་བསྡུ་བྱའོ། །དྷ་ན་ད་ལའི་བཞེད་ཀྱིས། ཡེ་ཤེས་པ་དང་དམ་ཚིག་མི་དབྱེ་བར་སྣོད་བཅུད་ལྷའི་དཀྱིལ་འཁོར་དུ་གསལ་བ་ལ་སྤྲོ་བསྡུ་བྱའོ། །དེ་ཡང་བདག་གི་ཙིཏྟ་རཏྣ་གུར་ཕུབ་པ་འདྲ་བའི་ནང་ན། རཀྟ་ཟུར་བརྒྱད་ལྟ་བུའི་ལྟེ་བ་ལ། ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་ཡེ་ཤེས་ཀྱི་འཁོར་ལོ་རྩིབས་བརྒྱད། དེའི་ལྟེ་བ་ལ་རྡོ་རྗེ་རྩེ་ལྔ་པ། དེའི་ལྟེ་བ་ལ་ཧཱུྃ་དམར་པོ་ཡུངས་འབྲུ་ཙམ། ཙཀྲ་རྩིབས་བརྒྱད་ལ་སྔགས་ཀྱི་ཕྲེང་བ་མེ་སྟག་ལྟ་བུས་བསྐོར་བ་དེ་ལས་འོད་ཟེར་བྱུང་། ལྗགས་སྟེང་དང་དུང་ཁང་བརྒྱུད་དེ། འཇིག་རྟེན་གྱི་ཁམས་སུ་འཕྲོས་པས། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ལྷ། དབྱིངས་གཏིང་མཐའ་མེད་པ་ནས། སྐྱེ་འགྲོ་གཟུགས་ཀྱིས་བསྡུས་པ་ཐམས་ཅད་ལྷར་གསལ་བ་ནི་སྐུའི་དཀྱིལ་འཁོར་རོ། །ཡང་གོང་བཞིན་ལྗགས་སྟེང་ནས་འཕྲོས་པས་སྒྲ་ཐམས་ཅད་སྔགས་ཀྱི་སྒྲར་གྱུར་པ་ནི་གསུང་གི་དཀྱིལ་འཁོར་རོ། །ཡང་ཐུགས་ཀ་ནས་འཕྲོས་ཏེ་སྐུ་སྣང་སྟོང་དབྱེར་མེད། གསུང་གྲགས་སྟོང་དབྱེར་མེད། ཐུགས་གསལ་སྟོང་དབྱེར་མེད་དུ་གསལ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །དེ་ཡང་འོད་ཟེར་ཕར་འཕྲོས་པས་མཆོད་པ་ཕུལ་ཐུགས་དམ་གྱི་རྒྱུད་བསྐུལ། ཚུར་བསྡུས་ཏེ་སིདྡྷི་ཐོབ་པར་བསམ། དེ་ཡང་ལས་དང་པོ་པས་རིམ་པས་བསྒོམ་པ་ནི། གུ་རུ་པདྨའི་བཞེད་པ་དང་མཐུན། དུས་གཅིག་ཏུ་བསྒོམ་པ་ནི། དྷ་ན་ད་ལ་དང་མཐུན་ནོ། །དེ་རྣམས་ནི་བསྙེན་པའི་འཕྲོ་འདུའོ། །བསྙེན་པའི་སྔགས་ནི། ཨཱོྂ་ཤྲཱི་མཉྫུ་ཀུ་མཱ་ར་ཡ་མ་རཱ་ཛཿཧཱུྃ་ཕཊ། ཅེས་བཟླས་སོ། །བཟླས་པའི་གྲངས་ནི་བདུན་འབུམ་དང་ཉི་ཁྲིའོ། །བཟླས་པའི་ཚད་ནི་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལྟས་ཀྱི་རྟགས་མ་བྱུང་གི་བར་དུའོ། །ལྔ་པ་ཐུན་མཚམས་ཀྱི་སྤྱོད་པ་ནི། བསྒོམ་པའི་སྐྱོན་བྱིང་བ་དང་། རྒོད་པ་དང་། འཐོར་བ་ལ་སོགས་པའི་སྐྱོན་བཅོས་ཏེ། ཧཱུྃ་གི་ཆོས་ལྔར་ཤེས་པར་བྱའོ། །བསྒོམ་པ་ལ་སྐྱོ་ན་བཟླས་པ་ལ་བརྩོན་པར་བྱའོ། །བཟླས་པས་དུབ་ན། བདག་ཅག་དམ་ཚིག་འདི་ལ་ཞེས་པས་ལྷག་ཆད་བཤགས་ཏེ། དེ་ནས་དགུང་ལ་ཐོག་ཐོག་གིས་ཡ་མཱནྟ་ཀ་ཡབ་ཡུམ་ལ་བསྟོད། དཔལ་འབར་དབང་ཕྱུག་གིས་གཙོ་བོ་ལ་བསྟོད། འཇམ་དཔལ་ཐུགས་ལས་ཞེས་འཁོར་ལ་བསྟོད། དེ་ནས་སེ་གོལ་དཀྲོལ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ་པ་དང་། སྨོན་ལམ་གདབ་པར་བྱ་སྟེ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་རྣམས་མཁྱེན་པར་མཛད་ཅིང་བདག་ལ་དགོངས་སུ་གསོལ། བདག་གིས་རྒྱལ་བའི་བཀའ་བདེན་པ་འདི་འགྲུབ་པར་གྱུར་ཅིག །མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་གྱུར་ཅིག །བདག་གིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་གྱུར་ཅིག །མཐར་བླ་ན་མེད་པའི་སངས་རྒྱས་ཐོབ་པར་གྱུར་ཅིག །ཐོབ་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག །ཅེས་ལན་གསུམ་གསུམ་བརྗོད་དོ། །སྐབས་སུ་ཚོགས་ཀྱི་པཱུ་ཛ་ཡང་བྱའོ། །གཏོར་མ་བཏང་། རྟག་པའི་མཐའ་བསལ་བའི་ཕྱིར་དཀྱིལ་འཁོར་བསྡུའོ། །ཆད་པའི་མཐའ་བསལ་ཕྱིར་ལྷ་རྫོགས་ཚུལ་དུ་བསྐྱེད། གོ་བགོ་ལུས་བསྲུང་བྱ། འགྲོ་ཉལ་འདུག་སྡོད་ཟ་འཆག་སྤྱོད་ལམ་ཅི་བྱེད་ཀྱང་ལྷ་ཡི་ང་རྒྱལ་ལས་མ་ཡེངས་པར་བྱའོ། །ཉེ་བར་བསྙེན་པའི་དུས་སུ། དངོས་གྲུབ་རྟགས་ཀྱི་བསྙེན་པ་ཞེས་ཀྱང་བྱ། ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་ཞེས་ཀྱང་བྱ་སྟེ། གོང་བཞིན་སྐུ་གསུང་ཐུགས་ཀྱི་གནས་ནས་འོད་ཟེར་འཕྲོས་ཏེ། དེ་བཞིན་གཤེགས་པའི་ཐུགས་དམ་བསྐུལ། རིག་འཛིན་ཕོ་མོ་གཟི་མདངས་བསྐྱེད། མ་མོ་མཁའ་འགྲོ་དབང་དུ་བསྡུས། དྲེགས་པ་ཅན་ཐམས་ཅད་བྲན་དུ་བཀོལ། སླར་འདུས་པས་སྔར་བས་གཟི་བརྗིད་དང་ལྡན་པ་སྒོམ་ལ་ཉེ་བར་བསྙེན་པའི་སྔགས་ནི། ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཛ་ཛཿ ཞེས་བཟླས་སོ། །བཟླས་པའི་གྲངས་ནི་འབུམ་ཕྲག་གཅིག་གོ། །བཟླས་པའི་རྟགས་ནི། དྲོད་བདུན་པ་ལྟར་ཤེས་སོ། །མཐུན་མཚམས་ཀྱི་སྤྱོད་པ་ནི་གོང་དང་མཐུན་ནོ། །དེ་ལྟར་ཉེ་བར་བསྙེན་པ་རྫོགས་ནས་སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་ནི་སྒྲུབ་པའི་བཀོལ་བྱང་ནང་ནས་འབྱུང་བ་བཞིན་དུ་བྱའོ། །ལས་ལ་སྦྱར་བའི་དགོངས་པ་ནི། ལས་སྦྱོར་གྱི་སྐབས་ཤེས་པར་བྱའོ། །དྲུག་པ་མཚམས་སྦྱོར་བ་ཚོགས་ཀྱི་པཱུ་ཛ་ནི་དྲུག་སྟེ། ཚོགས་བཤམས་པ་དང་། བསང་ཞིང་བྱིན་གྱིས་བརླབ་པ་དང་། ཚོགས་ཀྱི་དཀྱིལ་འཁོར་གསལ་གདབ་ཅིང་བྱིན་གྱིས་བརླབ་པ་དང་། པཱུ་ཛ་སྤྱིར་དབུལ་བ་དང་། ཐུགས་དམ་བསྐང་བ་དང་། བྱེ་བྲག་ཏུ་དབུལ་བའོ། །དང་པོ་ནི། ཚོགས་ཀྱི་པཱུ་ཛ་བཟབ་དང་། བཅའ་བ་དང་། མྱང་བ་དང་། ལྡག་པ་ལ་སོགས་པ་འདོད་ཡོན་ལྔའི་བྱེ་བྲག་ཚང་བར་བཤམ་མོ། །གཉིས་པ་ནི། ཕྱི་ལྟར་དུ་ཏྲཾ་ལས་རཏྣའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ལས་བཅུད་ལྷའི་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པར་བསྒོམ། ནང་ལྟར་དུ་སྣོད་ཨ་ལས་བྷནྡྷ་འབར་བར་གྱུར། བཅུད་ཤ་ལྔ་བདུད་རྩི་ལྔའི་ཕུང་པོར་གྱུར་པར་བསམ། དེ་ནས་ཨ་མྲྀ་ཏའི་སྔགས་ཀྱིས་བདུད་རྩིས་བསང་གཏོར་བྱས་ལ། རྃ་ཡྃ་ཁྃ་གིས་དངོས་པོ་བསྲེག་པ་དང་། སྦྱང་བ་དང་། བཀྲུ་བ་བྱས་ལ། དེ་ནས་ཨཱོྂ་ཨཱཿཧཱུྃ་གསུམ་བསྐྱེད་ཅིང་ངག་ཏུ་ཡང་བརྗོད་ལ། ཧཱུྃ་གིས་དངོས་པོའི་སྐྱོན་སྦྱངས། ཨཱཿཡིས་བདུད་རྩིར་ཞུ། ཨཱོྂ་གྱིས་འདོད་ཡོན་ལྔར་བྱིན་གྱིས་བརླབ་བོ། །གསུམ་པ་ནི། བྷྲཱུྃ་ཞེས་པས་གཞལ་ཡས་ཁང་དུ་གསལ་གདབ། རྩ་སྔགས་ཀྱི་ལྷ་གསལ་གདབ། དེ་ནས་རོལ་མོ་དང་བཅས་པས། དམར་ནག་དྲག་པོའི༴ ཞེས་ཚིག་བཞིས་སྤྱན་དྲངས་ཞིང་གསལ་གདབ། བཞི་པ་ནི། ཚོགས་བཏེགས་ལ། བླ་མེད་མཆོག་གི་ཞེས་ཚིག་བཅོ་ལྔས་བཅུ་དྲུག །ཚོགས་འདོད་ཡོན་གྱི་ལྷ་མོར་བསམ་ལ་སྦྱོར་དབུལ་ལོ། །ལྔ་པ་ཐུགས་དམ་བསྐང་བ་ནི། བསྐང་ངོ་བསྐལ་པའི་ཞེས་པས་སོ་སོའི་མཚན་ནས་བརྗོད་དེ་བསྐང་བའོ། །དྲུག་པ་ནི། ཕུད་སྤྲོས་ལ་དང་པོས་མཆོད་དེ། བཅོམ་ལྡན་འཇམ་དཔལ་ཞེས་པའི་ཚིག་བཞིས་དབུལ་ལོ། །བར་པས་བཤགས་ཏེ། བཅོམ་ལྡན་འཇམ་དཔལ་ཞེས་ཚིག་བཞིས་དབུལ་ལོ། །ཐ་མ་བསྟབ་སྟེ། དགྲ་བགེགས་ཀྱི་གཟུགས་བྱས་ལ་དགུག་གཞུག་བྱ། མཚོན་ཆས་གཏུབ་ལ་བསྟབ་བོ། །ཧཱུྃ། ཁྲག་འཐུང་འཇིགས་བྱེད་ཅེས་པ་ཚིག་དྲུག་གིས་དབུལ་ལོ། །དེ་ནས་རིག་འཛིན་ཆོས་སྐྱོང་དབེན་གནས་ལ་སོགས་པའི་རིགས་སུ་གྱུར་པ་ལའང་དབུལ་ལོ། །དེ་ནས་རྣམ་འབྱོར་པ་ལྷར་གསལ་བས་ཚོགས་ལ་རོལ་པ་ཚུལ་བཞིན་དུ་བྱའོ། །ལྷག་མ་གསོག་འཇོག་མེད་པར་བཞག །ཚོགས་ཀྱི་སྨོན་ལམ་ཡང་གདབ་བོ། །ཐ་མ་ཆོ་གའི་མཇུག་བསྡུ་བ་ནི་དྲུག་སྟེ། གཏོར་མའི་སྒོ་ནས་ལྷག་ཆོག་བྱ་བ་དང་། དགེ་བའི་རྩ་བ་བསྔོ་བ་དང་། སྨོན་ལམ་གདབ་པ་དང་། གཏོར་གཞོང་ལ་བྲོ་བརྡུང་བ་དང་། དཀྱིལ་འཁོར་བསྡུ་བ་དང་། རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །དང་པོ་ལ་གཉིས་ཏེ། རྒྱས་པ་དང་བསྡུས་པའོ། །རྒྱས་པ་ལ་གཉིས་ཏེ། ཡར་གནས་ཡེ་ཤེས་ཀྱི་ལྷ་ལ་མཆོད་པ་དང་། མར་གནས་ཡེ་ཤེས་ཀྱི་སྤྲུལ་བ་དང་། འཇིག་རྟེན་པ་ལ་སྦྱིན་པའོ། །དང་པོ་ནི། དཔལ་གྱི་གཏོར་མ་ལྷར་གསལ་གདབ། གཏོར་མའི་པཱུ་ཛ་གོང་བཞིན་དུ་གསལ་གདབ་ལ། དེ་ནས། ནམ་མཁའ་ཡངས་པའི་ཞེས་ཚིག་བཞིས་སྤྱན་དྲངས། ཤྲཱི་མཉྫུ་ཞེས་པའི་སྔགས་ཀྱིས་དབུལ་ལོ། །འདོད་པའི་དོན་ལ་གསོལ་བ་གདབ་ཅིང་སིདྡྷི་བླངས། ཧཱུྃ་ཧཱུྃ། ཞེས་ཡེ་ཤེས་པ་རྣམས་རང་ལ་བསྡུ། དེ་ནས་གཏོར་མ་ཤོད་དུ་ཕབ་ལ་བསངས་སྦྱངས་བྱིན་གྱིས་བརླབ། དེ་ནས་སྤྲུལ་པའི་ལྷ་ཚོགས་ལ་མཆོད་དེ། བཅོམ་ལྡན་འཇམ་དཔལ་ཞེས་པའི་ཚིག་གསུམ་ཅུ་རྩ་དྲུག་གིས་གཙོ་བོ་དང་། དམག་དཔོན་དང་བསྭེ་མོ་དང་བལ་མོ་མཆོད་དོ། །དེ་ནས་མར་གནས་འཇིག་རྟེན་པ་ལ་སྦྱིན་པ་ནི། ལྷག་ཕུད་རྣམས་མཚམས་སྦྱར་ལ། བཅོམ་ལྡན་འཇམ་དཔལ་ཞེས་པས། དུར་ཁྲོད་ཀྱི་མ་མོ་དང་། གིང་དང་ཕྱག་བརྙན་དང་། བདུད་དང་གཤིན་རྗེ་དང་རྒྱལ་པོ་ལ་སོགས་པ་ལ་སྦྱིན་ནོ། །ཆོ་ག་བསྡུས་པ་ནི། གཏོར་མ་བྱིན་གྱིས་བརླབ་ལ། རྒྱལ་བའི་བཀའ་ཉན་འདི་ལ་ཚིག་རྐང་མང་ཉུང་ཉེར་བདུན་པ་དང་ཉེར་གཉིས་ལ་གཉིས་དུ་སྣང་ངོ་། །ཞེས་བཅུ་གཉིས་ཀྱིས་དབུལ་ལོ། །དེ་ནས་ཕྱིར་རོལ་དུ་བརྟན་མ་བསྐྱང་། ནང་དུ་ལོག་ལ་དགེ་བའི་རྩ་བ་བསྔོ། སྨོན་ལམ་བཏབ། གཏོར་གཞོང་ལ་ཕྲིན་ལས་བཞིའི་བྲོ་བརྡུང་། དཀྱིལ་འཁོར་བསྡུའོ། །རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །བཀྲ་ཤིས་གསོལ་བ་ལ་སོགས་པ་ཡང་བྱ་གསུང་ངོ་། །སྣོད་དང་ལྡན་པའི་སློབ་མའི་དོན་དུ་ཕྲིན་ལས་ཀྱི་སྒོམ་བྱང་དང་། རྒྱུན་དུ་ཉམས་སུ་ལེན་པའི་མངོན་རྟོགས་ཐུན་མོང་དུ་གཞུང་དང་། བླ་མའི་གསུང་ངག་དང་མི་འགལ་བར། གནུབས་ཀྱི་བནྡེ་བཀྲ་ཤིས་དར་གྱིས་སྦྱར་བའོ། །རྫོགས་སོ།། །།སྣོད་ངན་དམ་ཚིག་མེད་པའི་ལག་ཏུ་ཤོར་ར་རེ། རྒྱ་རྒྱ་རྒྱ༔ །ཨཐྎ།


previousབཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་ཕྲིན་ལས་ཀྱི་སྒོམ་ཁོགnext