Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
སྙན་བརྒྱུད་རིན་ཆེན་ཕྲེང་བ་ཞེས་བྱ་བ།
   
   
   
   
   
   
   


 
previousསྙན་བརྒྱུད་རིན་ཆེན་ཕྲེང་བ་ཞེས་བྱ་བ།next

སྙན་བརྒྱུད་རིན་ཆེན་ཕྲེང་བ་ཞེས་བྱ་བ།

སྙན་བརྒྱུད་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་དང་དབྱེར་མེད་པའི། །བླ་མའི་ཞབས་ལ་སྤྱི་བོས་འདུད། །འཇམ་དབྱངས་རྒྱུད་ལས་ངེས་གསུངས་པའི། །གྲུབ་ཐོབ་སྙན་ཁུང་བརྒྱུད་པའི་དོན། །སུམ་ཕྲུགས་མན་ངག་བརྗེད་ཐོ་བྲི། །སྣོད་ལྡན་རྣམས་ཀྱིས་གསང་ཞིང་སྤྱོད། །བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ་བསྒྲུབ་པའི་ཐབས་ཀྱི་རིམ་པ་ལ། ཉམས་སུ་བླང་བའི་མན་ངག་བླ་མ་གྲུབ་པ་ཐོབ་པ་རྣམས་ཀྱི་ཞལ་གྱི་བདུད་རྩི། སྙན་ཁུང་བརྒྱུད་པའི་མན་ངག་འདི་ལ་གཉིས་ཏེ། གྲོལ་ལམ་བསྐྱེད་རྫོགས་ཉམས་སུ་བླང་བ་དང་། ཐབས་ལམ་རྩ་རླུང་ཐིག་ལེ་ཉམས་སུ་བླང་བའོ། །དེ་ལ་དང་པོ་གྲོལ་ལམ་བསྐྱེད་རྫོགས་ཉམས་སུ་བླང་བ་ལ་གསུམ་སྟེ། བྱུང་ཚུལ་ལོ་རྒྱུས་ཀྱིས་ཡིད་ཆེས་པར་བྱེད་པ་དང་། དེ་དང་འབྲེལ་བའི་གདམས་ངག་ངོས་བཟུང་བ་དང་། གདམས་ངག་དེ་ཇི་ལྟར་ཉམས་སུ་བླངས་པའི་ཐབས་སོ། །དང་པོ་ལོ་རྒྱུས་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག་ཉིད་རིགས་ཐམས་ཅད་ཀྱི་སྤྱི་དཔལ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པ་དེས། གདུལ་བྱ་སེམས་ཅན་གྱི་དོན་དུ་ཆོད་ཉིད་སྐྱེ་བ་མེད་པའི་ངང་ལས། གཟུགས་སྐུ་ལོངས་སྤྱོད་རྫོགས་པའི་སྐུ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་བཞེངས་ཏེ། སངས་རྒྱས་སྣང་མཛད་ཆེན་པོའི་སྐུར་སྣང་བར་མཛད་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་བཞིའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ། སྐུའི་བཀོད་པ་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་དོ། །དེ་ཡང་རྒྱུད་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་པ་དང་། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །བྱེ་བ་དཔག་མེད་འགྱེད་པའོ། །ཅེས་པ་ལ་སོག་པ་ལུང་མང་དུ་ཡོད་དོ། །དེ་ནས་གདུལ་དཀའི་སེམས་ཅན་གཤིན་རྗེ་རུ་ཏྲ་ལ་སོགས་པ། ཉོན་མོངས་པ་དུག་ལྔ་དུག་གསུམ་ལས། རུ་ཏྲ་སྡེ་གསུམ་དང་། སྡེ་ལྔ་ལ་སོགས་པ་ཡང་དག་པའི་ལམ་ལས་ལོག་སྟེ། ཕྱིན་ཅི་ལོག་ལ་ཞུགས་ནས་གཞན་ཡང་ལོག་པའི་ལམ་ལ་འགོད་ཅིང་། སེམས་ཅན་ཐམས་ཅད་སྡུག་བསྔ ལ་སྦྱོར་བར་གྱུར་པ་ལས། སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་དང་ཐབས་ལ་མཁས་པས་ཕྱོགས་བཅུའི་ལོ་ཀ་རུ། འཇམ་པའི་དབྱངས་ཞེས་བྱ་བ་གཞོན་ནུར་གྱུར་པའི་ཚོགས་སྤྲུལ་ཏེ། སྐུའི་བཀོད་པ་དང་མཚན་གྱི་རྣམ་གྲངས་མང་པོར་གྱུར་ཏེ། རང་རང་གི་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་པས་ཐུགས་ཞི་བའི་སྒོ་ནས་ཆོས་བཤད་པས་མ་ཐུལ་བར་གྱུར་ནས། ཐུགས་རྗེ་ཆེན་པོས་གདུལ་བྱ་ཡལ་བར་མི་འདོར་བའི་ཕྱིར། སྐུའི་མཛད་པ་ཁྲོ་བོ་རྣམས་སྣང་བར་མཛད་དེ་ཁྲོ་ཚུལ་དྲུག་ཅུ་རྩ་བཞི་ལ་སོགས་པ་དང་ལྡན་པས་དེ་བཞིན་གཤེགས་པའི་རིགས་ལ་སོགས་པའི་ཁྲོ་བོ་དང་། རེ་རེ་ལ་ཡང་བསམ་གྱིས་མི་ཁྱབ་པར་སྤྲུལ་ཏེ། འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོ་བ་དང་འུར་འུར་རབ་ཏུ་འུར་བ་ལ་སོགས་པའི་སྐུའི་ཆོ་འཕྲུལ་ཆེན་པོ་བསྟན་ནས། དྲེགས་པ་ཅན་དེ་དག་བཏུལ་ཞིང་དབང་དུ་བསྡུས་སོ། །དེའི་ཚེ་དྲེགས་པ་ཅན་དེ་དག་ཉམ་ཐག་སྟེ། རང་རང་གི་སྲོག་གི་སྙིང་པོ་ཕུལ་ཞིང་བྲན་དུ་ཁས་བླངས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་སོ་སོའི་ལས་དང་ཉོན་མོངས་པ་སྦྱངས་ནས་སངས་རྒྱས་ཀྱི་ས་ལ་བཀོད་དེ། སངས་རྒྱས་ཀྱི་བསྟན་པ་ལ་བར་དུ་གཅོད་པ་རྣམས་འདུལ་ཞིང་། དམ་པའི་ཆོས་སྐྱོང་བར་དབང་བསྐུར་ནས་སྲུང་མར་ཡང་དམ་བཅས་སོ། །དེའི་ཕྱིར་དགོངས་པ་མྱ་ངན་ལས་འདས་ཀྱང་། སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་། དམ་པའི་ཆོས་ཉམས་སུ་ལེན་པའི་རྣལ་འབྱོར་པ་རྣམས་སྐྱོང་བར་མཛད་དོ། །ཡང་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱི་ཐུགས་ལས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་སྤྲུལ་ནས་འཁོར་བསྡུ་བ་མཛད་དེ། རང་གི་དོན་དུ་ཆོས་ཐམས་ཅད་ཁོང་དུ་ཆུད་ཀྱང་། གཞན་གོ་ཕྱེ་བའི་འཁོར་རྣམས་ཀྱི་དོན་དུ་ལམ་ཆེན་གྱི་རྒྱུད་ཞུ་བ་པོ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གང་ཟག་གི་རིགས་སོ་སོ་ལ་དགོངས་ཏེ། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་གསུངས་སོ། །རྣལ་འབྱོར་བླ་ན་མེད་པ་ལ་ཡང་གསུམ་སྟེ། རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་དང་། རྗེས་སུ་རྣལ་འབྱོར་ཨ་ནུ་ཡོ་ག་དང་། ཤིན་ཏུ་རྣལ་འབྱོར་ཨ་ཏི་ཡོ་ག་རྣམས་གསུངས་སོ། །གསང་སྔགས་གོ་བའི་སྐལ་པ་མེད་པ་རྣམས་ལ། ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་བཀྱེ་ནས། སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་ལ་སོགས་ཏེ། བསམ་གྱིས་མི་ཁྱབ་པ་ལོ་ཀའི་ཁམས་སུ་སྤྲུལ་ནས་མཛད་པ་བཅུ་གཉིས་ལ་སོགས་པས་ཞིང་ཁམས་སྤྲུལ་པ་དང་། འཁོར་བསྡུ་བ་ལ་སོགས་མཛད་ནས་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ལ་སོགས་པ་གསུངས་ནས། རྟག་པར་འཛིན་པ་སུན་དབྱུང་བ་དང་། ལེ་ལོ་ཅན་ལ་ཕན་གདགས་པའི་ཕྱིར། སྐུ་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ན། དེའི་ཚེ་ཀུན་དགའ་བོས་ཞལ་ཆེམས་མི་ཡུལ་དུ་གསང་སྔགས་ཀྱི་བསྟན་པ་ནམ་འབྱུང་ལ་སོགས་པ་ཞུས་པས། འདི་ནས་ལོ་ཉི་ཤུ་རྩ་བརྒྱད་ལོན་ནས་ཕྱག་ན་རྡོ་རྗེ་གསང་སྔགས་ཀྱི་བསྡུ་བ་མཛད་ནས། ཐུགས་ཀྱི་སྤྲུལ་པ་དགའ་རབ་རྡོ་རྗེ་དང་། གསུང་གི་སྤྲུལ་པ་ཨིནྡྲ་བྷོ་དྷི་དང་། སྐུའི་སྤྲུལ་པ་འཇམ་དཔལ་བཤེས་གཉེན་དང་། ཡོན་ཏན་གྱི་སྤྲུལ་པ་ཀླུ་སྒྲུབ་སྙིང་པོ་དང་། ཕྲིན་ལས་ཀྱི་སྤྲུལ་པ་པདྨ་འབྱུང་གནས་དང་། དེ་རྣམས་ལ་ཆོས་སྟོན་པར་འགྱུར་ཏེ། གསང་སྔགས་ཀྱི་བསྟན་པ་འབྱུང་བར་འགྱུར་རོ། །ཞེས་ལུང་བསྟན་ནས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ནས་དེའི་བར་དུ། གསང་བའི་བདག་པོས་ལྷའི་གནས་སུ་ཆོས་ཀྱི་འཁོར་ལོ་བསྐོར་ནས། འཇུག་ཏུ་མཁའ་འགྲོ་མ་ལ་རྒྱས་གདབ་བོ། །དེ་ནས་རྒྱ་གར་སིདྒ་ལ་ཞེས་བྱ་བར། འཇམ་དཔལ་བཤེས་གཉེན་ཞེས་བྱ་བ་ལ་སྐུ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དེས་ཡི་དམ་ལྷའི་ཞལ་གཟིགས་ཏེ། དབང་ཡོངས་སུ་རྫོགས་པར་བསྐུར། གསང་བའི་བདག་པོས་དངོས་སུ་རྒྱུད་རྣམས་བཤད། མཁའ་འགྲོ་མ་ཟླ་བའི་འོད་ཟེར་ལ་སོགས་པས་རྒྱུད་སྡེའི་གླེགས་བམ་ཕྱག་ཏུ་གཏད་ནས། ལུང་བསྟན་ཏེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་པ་དེས། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། རྒྱ་གར་གྱི་མཁའ་པོ་དྷ་ན་ད་ལ་ལ་བཤད། པདྨ་འབྱུང་གནས་ཀྱིས་བལ་མོ་བཟའ་གསེར་ཕྲེང་དང་། གནུབས་ནམ་མཁའི་སྙིང་པོ་ལ་བཤད། དེས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བཤད་དོ། །དེ་ནས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་རྒྱ་གར་དུ་ལན་བདུན་བྱོན་ཏེ། ལར་ན་པཎྜི་ཏ་མཁས་པ་བཅུ་གཅིག་དང་མཇལ། བལ་པོའི་རྒྱལ་པོ་བ་སུ་དྷ་ར་དང་། བལ་མོ་བཟའ་གསེར་ཕྲེང་ལ་མན་ངག་གི་གཏིང་ཐག་ཆོད་པར་བྱས་ཏེ། ཐུགས་ཀྱི་སྲས་སུ་གྱུར་པ་གནུབས་ཡོན་ཏན་རྒྱ་མཚོ་ལ་དབང་དང་སྙན་བརྒྱུད་དང་། མན་ངག་ཡོངས་སུ་དག་པར་བཤད་དོ། །དེ་ནས་ཡང་རྒྱ་གར་གྱི་མཁན་པོ་དྷ་ན་ད་ལ་ཞེས་བྱ་བ་སྒྲ་སྐད་ཉི་ཤུ་རྩགཅིག་ལ་མཁས་པ། ཡི་དམ་ལྷ་མང་པོའི་ཞལ་རྟག་ཏུ་གཟིགས་པ། མཁའ་འགྲོ་མ་ཐམས་ཅད་ཀྱི་ལུང་བསྟན་ཐོབ་པ། ལྷ་མ་སྲིན་ཐམས་ཅད་བྲན་དུ་འཁོལ་བ། ཚེ་ལ་དབང་བའི་རིག་འཛིན་ལ་མངའ་བརྙེས་པ་དེས། རྒྱ་གར་གཙུག་ལག་དཔལ་དགེ་དང་། ཁྲག་འཐུང་ནག་པོ་ལ་བཤད། བལ་ཡུལ་དུ་བལ་པོ་བ་སུ་དྷ་ར་ལ་བཤད། དེས་གནུབས་ཡོན་ཏན་རྒྱ་མཚོ་སྐྱེ་བ་སྔ་མའི་སྤྲུན་ཟླར་དགོངས་ནས། རྫུ་འཕྲུལ་གྱི་ཞབས་ཀྱིས་བོད་དུ་བྱོན་ནས་ཁུ་ལུང་མཁར་ལུང་གི་དབེན་པ་རུ་ཡོན་ཏན་རྒྱ་མཚོ་ལ་དབང་བསྐུར་ཞིང་བཤད་དོ། །དེ་ཡན་ཆད་ལ་བརྒྱུད་པའི་བབས་སོ་གསུམ་བྱུང་བས། དེ་གསུམ་ཀ་ལ་དབང་གདམས་ངག་བརྒྱུད་པ་དང་བཅས་པ་བྱུང་བས། དེ་རྣམས་ཡོན་ཏན་རྒྱ་མཚོ་བབས་པས་སུམ་ཕྲུགས་ཀྱི་གདམས་ངག་ཅེས་བྱའོ། །དེས་པདྨ་དབང་རྒྱལ། དེས་ཆེན་པོ་འཇམ་དཔལ་ལ། དེས་ཇོ་མོ་སོ་གད་བཟའ་རྒན་ལ། དེས་རཀ་ཤི་ཡོན་ཏན་ལ། སྟོན་པ། དེ་གཉིས་ཀྱིས་ཡེ་མི་ལས་དྲག་སྔགས་གསན་ཡུལ་ལྷ་རྗེ་གནུབས་ཆུང་གསུངས་པ་དེ་འདི་ཡིན། ཤེས་ཡེ་ཤེས་གཟུངས་ཕྱིན་གྱི་བརྒྱུད་པའི་དཔེ་དག་པ་ཞིག་རྙེད་ན་དཔྱད་པར་བྱའོ། །ཞིབ་ཏུ་དཔྱད་པར་བྱས་སོ། །གཟུངས་ལ། དེ་ནས་ཐུགས་བརྒྱུད་སྲས་བརྒྱུད་གཉིས་སུ་གྱེས་ཏེ། སྲས་བརྒྱུད་ནི་ཀུན་དགའ་རྡོ་རྗེ་དང་། དྷརྨཱ་རཱ་ཛ་གཉིས་ལ་བཤད། ཀུན་དགའ་རྡོ་རྗེས་ལྷ་རྗེ་སེང་གེ་རྒྱལ་མཚན་ལ་བཤད། དེས་ལྷ་རྗེ་ཆོས་དབང་ལ། དེས་བླ་མ་ཆེན་པོ་བཀྲ་ཤིས་དར་ལ། དེས་བླ་མ་དར་མ་སེང་གེ། དེས་སྲས་སེང་གེ་དར་མ་ལ། དེས་བླ་མ་ཡེ་ཤེས་རྒྱ་མཚོ་ལ། དེ་ལ་བདག་གནུབས་ཀྱི་བནྡྷེ་སེང་གེ་རྒྱལ་མཚན་གྱིས། ལུས་ངག་ཡིད་གསུམ་དད་ཅིང་གུས་པའི་སྒོ་ནས་ཞུས་སོ། །ཡང་ལྷ་རྗེ་དྷརྨ་རཱ་ཛས་ལྷ་རྗེ་དབང་གཞོན་ལ། དེས་སྲས། ལྷ་རྗེ་རྒྱལ་ཧོར་ལ། དེས་སྲས་ལྷ་རྗེ་ཆོས་སེང་དང་། མཆེད་ལྷ་རྗེ་ཆོས་དབང་ལ་བཤད། ལྷ་རྗེ་ཆོས་སེང་གི་དབང་དང་གདམས་ངག་རྣམས་རྫོགས་པར་ཐོབ་ཀྱང་། སྐུ་གཞོན་ནུ་ནས་ཡབ་འདས་ནས་ཐུགས་ཐག་མ་ཆོད་པ་ལ། ཡབ་ཀྱིས་ལྷ་རྗེ་ཆོས་དབང་ལ་ཞལ་ཆེམས་སུ་བཞག་ནས་གཉེར་གཏད་པ་ལ་བརྟེན་ནས། སློབ་གཉེར་མཛད་དོ། །དེས་བླ་མ་ཆེན་པོ་བཀྲ་ཤིས་དར་ལ། དེས་བླ་མ་དར་མ་སེང་གེ་ལ། དེས་བླ་མ་སེང་གེ་དར་ལ། དེས་བླ་མ་ཡེ་ཤེས་རྒྱ་མཚོ་ལ། དེས་བདག་གནུབས་ཀྱི་སྔགས་པ་སེང་གེ་རྒྱལ་མཚན་གྱིས། ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ཞུས་པ་ལགས་སོ། །གཉིས་པ་ཐུགས་བརྒྱུད་ནི། ལྷ་རྗེ་ཡེ་ཤེས་གཟུགས་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་ལ། དེས་རྩེ་འུ་ར་ས་པ་ལ། དེས་རས་པ་དབུ་ཡུ་བ། དེས་རྗེ་བཙུན་རྭ་རྡོ་རྗེ་གྲགས་པ། དེས་ཁོ་བོ་གནུབས་ཀྱི་བནྡེའི་སྐྱི་བ་གསུམ་གྱི་སློབ་དབོན་དུ་གྱུར་པ་དང་། གྲུབ་ཐོབ་གོང་མའི་སྤྲུལ་པར་གྱུར་པས་བདག་ལ་ཐུགས་རྗེས་གཟིགས་ནས། དབང་དང་བཤད་པ་དང་། སྙན་བརྒྱུད་དང་། གདམས་ངག་ཐམས་ཅད་རྫོགས་པར་གནང་བ་ལགས་སོ། །ཁོང་གིས་བདག་ལའོ། །དེ་ཡན་ཆད་དུ་གྲུབ་ཐོབ་ཀྱི་བརྒྱུད་པ་ཟམ་མ་ཆད་པ། དབང་གི་ཆུ་བོའི་རྒྱུན་མ་ཆད་པ། སྙན་བརྒྱུད་ཀྱི་གདམས་ངག་ལ་ལྷད་མ་ཞུགས་པ་ལགས་སོ། །རེ་རེ་ལ་སྐུ་ཆེ་བའི་ཡོན་ཏན་དང་། གྲུབ་པ་ཐོབ་པའི་ལོ་རྒྱུས་མང་དུ་ཡོད་དེ་ཤེས་སླ་བས་མ་བྲིས་སོ། །སྤྱི་དོན་གཉིས་པ་གདམས་ངག་ངོས་བཟུང་བ་ནི་གསུམ་སྟེ། ཐེག་པ་ངོས་བཟུང་བ་དང་། ཆོས་སྡེ་ངོས་བཟུང་བ་དང་། ལྷ་ངོས་བཟུང་བའོ། །དང་པོ་ནི། ཐེག་པ་ཆེན་པོ་གསང་སྔགས་རྡོ་རྗེའི་ཐེག་པ། དེ་ཡང་ནང་རྣལ་འབྱོར་བླ་ན་མེད་པ། ཐབས་ཤེས་གཉིས་སུ་མེད་པའི་རྒྱུད། བསྐྱེད་རྫོགས་ཟུང་འཇུག་ཏུ་ཉམས་སུ་བླང་བའི་མན་ངག་གོ། །གཉིས་པ་ཆོས་སྡེ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔ་ལས། འདིར་འཇམ་དཔལ་སྐུའི་སྒྲུབ་པའོ། །དེ་ཡང་དམར་ནག་གཉིས་ལས་དམར་པོའོ། །གསུམ་པ་ལ་བཞི་སྟེ། ཕྱི་ལྟར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་རྒྱལ་པོ་ཆེན་པོ་སྡེ་བཞིས་བསྐོར་ཏེ་བསྒྲུབ་པ། དེ་ཡང་ཐུགས་རྒྱུད་ཡེ་ཤེས་སུ་སྣང་བའི་ཕྱག་ན་རྡོ་རྗེ་ལམ་བརྒྱུད་འཕགས་པར་སྣང་བ་གདུལ་བྱའི་རེ་བ་སྐོང་བ་རྒྱལ་པོ་རྣམ་ཐོས་སྲས་སོ། །ནང་ལྟར་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འཁོར་རིགས་བཞིའི་སངས་རྒྱས་ཀྱིས་བསྐོར་ཏེ་བསྒྲུབ་པ་ལྟར་སྣང་བ་ཞི་བའོ། །གསང་བ་དཔལ་བཛྲ་ཧེ་རུ་ཀ་ལ་རིགས་བཞིའི་ཁྲག་འཐུང་གིས་བསྐོར་ཏེ་བསྒྲུབ་པ། ཡང་གསང་དུ་བཅོམ་ལྡན་འདས་ཡ་མཱནྟ་ཀའི་ཐུགས་ཀྱི་སྲས་མཆོག་ཡ་མ་རཱ་ཛ་ཉིད་ལ་སྒྲོལ་གིང་དུ་དབང་བསྐུར་བའི་ཚེ། རྒྱལ་ཚབས་ཐུགས་ཀྱི་སྐྱེས་བུ་གཤིན་རྗེའི་གཤེད་དུ་གྱུར་པའི་ཚེ། དེ་ལ་ཡེ་ཤེས་ཀྱི་གཤེད་ཆེན་པོ་བཞིས་བསྐོར་ཏེ་བསྒྲུབ་པའོ། །འདི་རྣམས་ནི་སོ་སོ་མ་ཡིན་ཏེ། ངོ་བོ་གཅིག་ལས་གདུལ་བྱའི་སྣང་ངོར་བྱེ་བྲག་ཏུ་སྣང་བའོ། །དེ་ལ་ཁ་གཅིག་ན་རེ། གཙོ་བོ་འདི་རྣམས་ཐུགས་རྡོ་རྗེའི་རིགས་ཡིན་པས། དེ་ལ་གླེང་གཞི་དང་ངོས་བཟུང་ལ་སོགས་པར། འཇམ་དཔལ་སྐུའི་སྒྲུབ་པར་བཤད་པ་དང་འགལ་ལོ་ཞེ་ན། དེའི་སྐྱོན་མེད་དེ་སངས་རྒྱས་རྣམ་པར་སྣང་མཛད་དེ་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ལ། དེ་ཉིད་གདུལ་བྱའི་ངོ་ལ་རིགས་ལྔ་གང་ལ་གང་འདུལ་དུ་སྣང་ལ། ཐུགས་ཀྱིས་འདུལ་བ་ལ་ཐུགས་རྡོ་རྗེའི་རིགས་སུ་སྣང་བའོ། །དེ་བཞིན་དུ་རིགས་ལྔ་རེ་རེ་ལ་ཡང་། སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་ཞིང་ཁམས་ལྔ་ལ་སོགས་པ། མི་ཟད་པ་རྒྱན་གྱི་འཁོར་ལོ་ཞེས་བྱའོ། །ཡང་ཁ་གཅིག་ན་རེ་དེ་ལྟར་ཐུགས་ཀྱི་རིགས་ཡིན་ན། སྐུ་མདོག་དམར་པོ་འགལ་ཞེ་ན། དེ་སེམས་ཅན་གྱི་ཉོན་མོངས་པ་རྣམས་ཀྱི་གཙོ་བོ་འདོད་ཆགས་ཡིན་ལ། ཆགས་པ་ཅན་ཆགས་པས་དབང་དུ་བསྡུ་ཞིང་དྲངས་པའི་ཕྱིར། སྐུ་མདོག་དམར་པོར་བསྟན་པའོ། །ཁ་གཅིག་ན་རེ། དམར་པོ་གནོད་སྦྱིན་གྱི་རིགས་སུ་བཤད་པ་དང་འགལ་ཞེ་ན། དེ་ཡང་རི་རབ་ཀྱི་བྱང་ཕྱོགས་ན་ཉོན་མོངས་ཕྲག་དོག་ལས་གྱུར་པའི་གནོད་སྦྱིན་གྱི་རིགས་བསམ་གྱིས་མི་ཁྱབ་པའི་གཙོ་བོ་རྒྱལ་པོ་རྣམ་ཐོས་སྲས་དང་། ཀུ་བེར་དང་། གར་མཁན་མཆོག་ལ་སོགས་པ་གནོད་སྦྱིན་གྱི་ཚོགས་འདུལ་བའི་ཕྱིར་ཕྱག་ན་རྡོ་རྗེའི་སྐུར་གྱུར་ཏེ། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་སུ་སྐུར་སྤྲུལ་ནས་གནོད་སྦྱིན་གྱི་ཚོགས་བཏུལ་ཞིང་དབང་དུ་བསྡུད་པའོ། །དེའི་ཕྱིར་ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་རྣམ་འཇོམས་དང་། རྡོ་རྗེ་གཞོན་ནུ་དང་། འཇམ་དཔལ་དམར་པོ་དང་ཡང་ངོ་བོ་གཅིག་ཅིང་དབྱེར་མེད་པའོ། །འོ་ན་ཕྱག་ན་འཁོར་ལོ་བསྣམས་པ་འགལ་ཞེ་ན། དེའང་ཉོན་མོངས་པ་གཏི་མུག་དང་། ང་རྒྱལ་དང་། སེར་སྣ་ལས་གྲུབ་པའི་ལྷོ་ཕྱོགས་ན་ཡི་དྭགས་གཤིན་རྗེའི་རིགས་འཆི་བདག་གཤིན་རྗེའི་ཚོགས་འདུལ་བའི་ཕྱིར། འཇམ་དཔལ་གཤིན་རྗེའི་རྒྱལ་པོའི་སྐུར་བསྟན་ཏེ། གཤིན་རྗེ་བཏུལ་ཏེ་དེ་བཞིན་གཤེགས་པའི་རིགས་སུ་སྣང་བའོ། །མཁའ་ལ་རྒྱུ་བའི་ཡི་དྭགས་ང་རྒྱལ་ཅན་དེའི་དྲེགས་པ་བཅག་པ་དང་། ཡི་དྭགས་ཀྱི་སེར་སྣ་གཞོམ་པའི་ཕྱིར་དབྱུག་ཏོ་བསྣམས་པས་རཏྣའི་རིགས་སུ་སྣང་བའོ། །དེ་ལྟར་ན། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་སོ། །དེའི་ཕྱིར་རིགས་ལྔའི་སངས་རྒྱས་འདུས་པའི་སྐུ། རྒྱལ་བ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ། རིགས་ལྔ་སྤྱི་གཟུགས་ཀུན་ཏུ་བཟང་པོ་ཞེས་བྱ་བ། ངོ་བོ་ཉིད་བདེ་བ་ཆེན་པོའི་སྐུ་ཞེས་ཀྱང་བྱའོ། །དེ་ཡང་བསྟོད་བསྙེན་སྒྲུབ་ཀྱི་དུས་སུ། འཁོར་རིགས་བཞིའི་ཁྲོ་བོ་དང་ཡུམ་མཁའ་འགྲོ་མ་སྡེ་བཞི་དང་བཅས་པས་བསྐོར་ཏེ། དེ་རིགས་ལྔའི་ཁྲོ་བོར་ཤེས་པར་བྱའོ། །སྨད་ལས་དྲག་པོ་ལས་སྦྱོར་གྱི་དུས་སུ། གཙོ་བོ་ཡབ་ཡུམ་ཡེ་ཤེས་པ་ལ་འཁོར་གྱི་དམག་དཔོན་བཞི་དང་། བསྭེ་མོ་བཞི་དགོངས་པ་མྱ་ངན་ལས་འདས་ཀྱང་། སྐུ་ལོ་ཀའི་ཆ་ལུགས་སུ་སྣང་བ། ཆོས་སྐྱོང་གི་ཚུལ་དུ་བསྒྲུབ་པ་ནི། བཀྲ་ཤིས་ཤིང་བྱིན་རླབས་མྱུར་བའོ། །དོན་དེ་ལྟར་མ་ཤེས་ན་དྲེགས་པ་ཅན་རང་རྒྱུད་དུ་འདོད་པ་ནི་ལྷའི་ངོ་བོ་གཏན་ལ་མ་ཕེབས་པས། འཕྲལ་མྱུར་ཡང་ལྟ་བའི་གདེང་གིས་མ་ཟིན་པས་བཀྲ་ཤིས་ཤིང་འཁུ་ལྡོག་ཆེ། ཐུན་མོང་གི་དངོས་གྲུབ་སྣ་འགའ་འབྱུང་ཡང་ལམ་གོལ་བས་མཆོག་གི་དངོས་གྲུབ་མི་ཐོབ་བོ། །དེ་ཡང་རྒྱུད་ལས། དབང་བསྡུད་དམར་པོ་མཆེད་བཞི་ཡང་། །དུས་ཀྱི་རྣམ་པ་རྩི་ཤེས་ན། །ཀུན་བཟང་ཐུགས་རྗེའི་རོལ་པ་ལས། །ཡེ་ཤེས་བཞི་ཡི་བྱེ་བྲག་ཤར། །གདོང་དམར་སེམས་ཅན་འདུལ་བའི་ཕྱིར། །འདུས་པ་ཁྲོ་བོའི་ཚོགས་སུ་བསྟན། །ཅེས་གསུངས་སོ། །སྤྱི་དོན་གསུམ་པ་མན་ངག་དེ་ཇི་ལྟར་ཉམས་སུ་བླངས་བའི་ཐབས་ལ་ལྔ་སྟེ། སློབ་དཔོན་གང་གིས་མཛད་པ་དང་གཅིག །རྒྱུད་གང་ནས་བསྡུས་པའི་ཕྱོགས་གང་དུ་གཏོགས་པ་དང་གཉིས། དོན་ཆེད་ཅིའི་ཕྱིར་མཛད་པ་དང་གསུམ། མཚན་ཇི་ལྟར་གསོལ་བ་དང་བཞི། དབུ་ནས་ཞབས་སུ་དོན་དུ་ཡིས་བསྟན་པ་དང་ལྔའོ། །དང་པོ་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ། འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་གྲུབ་པ་བརྙེས་པ་དེས་མཛད། དེ་ནས་ཨོ་རྒྱན་གྱི་སློབ་དཔོན་པདྨ་སཾ་བྷ་ཞེས་བྱ་བ་ཡི་དམ་ལྷའི་ཞལ་གཟིགས་ཤིང་མཁའ་འགྲོ་མ་སྡེ་བརྒྱད་ཀྱི་ལུང་བསྟན་ཐོབ་པ་དེས་མཛད། དེ་ནས་རྒྱ་གར་གྱི་མཁན་པོ་དྷ་ན་ད་ལ་ཞེས་བྱ་བ་ཡི་དམ་ལྷའི་ཞལ་རྟག་ཏུ་གཟིགས་ཤིང་། མ་བཞིན་དུ་འགྲོགས་ཤིང་མི་བཞིན་དུ་གསུང་གླེང་མཛད། ལྷ་མ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་བ་དེས་མཛད་དོ། །གཉིས་པ་ནི། ལོ་ཀ་ལས་འདས་པའི་མདོ་རྒྱུད་དང་། དམར་པོ་རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་དང་། དམར་པོ་རྩ་བ་ཕྲིན་ལས་ཀྱི་རྒྱུད་དང་། གར་མཁན་མཆོག་གི་རྒྱུད་ལ་སོགས་པ་ནས་བསྡུས་སོ། །ཕྱོགས་ནི་ཨ་ནུ་ཡོ་གར་གཏོགས་སོ། །གསུམ་པ་དོན་ཆེད་ནི་མཆོག་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་གདོང་དམར་མྱུར་དུ་བསྒྲལ་བའི་དོན་དུ་མཛད་དོ། །བཞི་པ་མཚན་ནི། དོན་ལ་བཏགས་པ་སྟེ་འཇམ་དཔལ་དམར་པོ་ཞེས་པ་ཉོན་མོངས་པའི་ཟུག་རྔུ་དང་བྲལ་ཞིང་། བདག་གཞན་གྱི་དཔལ་དུ་གྱུར་པ་དང་། སྐུ་མདོག་དམར་པོ་འགྲོ་བ་ཆགས་སྡང་ཅན་རྣམས་དབང་དུ་བསྡུས་ནས་ཆགས་སྡང་གི་དོན་མཛད་ཀྱང་། སྐྱོན་གྱིས་མ་གོས་པར་ཆགས་སྡང་གཉིས་བདེ་བའི་ཡེ་ཤེས་སུ་འཆར་བར་བྱེད་པའོ། །ཡང་ན་གཤིན་རྗེའི་གཤེད་དམར་པོ་ཞེས་བྱ་བ་སྟེ་ཁམས་གསུམ་གྱི་སེམས་ཅན་ཉོན་མོངས་པ་དུག་ལྔ་དུག་གསུམ་དང་བཅས་པ་དེའི་ཚེ་སྲོག་ལ་དབང་བསྒྱུར་ཞིང་སྲིད་པ་བར་མ་དོར་དགེ་སྡིག་གི་ཤན་འབྱེད་པའི་བདག་པོ་འཆི་བདག་ལས་ཀྱི་གཤིན་རྗེ་ཞེས་བྱ་བ་དེ་འདུལ་བའི་གཉེན་པོར་གྱུར་པས་ན་གཤིན་རྗེའི་གཤེད་བྱའོ། །དམར་པོ་ནི་འཁོར་བ་དབང་དུ་བསྡུད་ཅིང་ཆེད་དུ་བསྒྲལ་བའོ། །ཡང་ན་གཤིན་རྗེ་མ་རུ་རྩེ་ཞེས་པ་རྒྱུ་སེམས་ཅན་གྱི་དུས་ན་ཉོན་མོངས་པ་དུག་ལྔ་དུག་གསུམ་གྱིས་གཟིར་བ་གཤིན་དང་འདྲ་བ་ལ་ལམ་གྱི་དུས་ན། སྐུ་གསུམ་ཡེ་ཤེས་ལྔའི་ངོ་བོར་རྟོགས་པ་ནི། རྗེ་དང་འདྲ་བ། འབྲས་བུའི་དུས་སུ་སྐུ་གསུམ་ཡེ་ཤེས་ལྔའི་ངོ་བོར་གྱུར་པ་ནི་རྗེའམ་རྒྱལ་པོ་ཞེས་བྱ། དམར་བ་ནི་དབང་དུ་བསྡུད་པའི་རང་བཞིན། རུ་ནི་ཐུགས་རྗེས་སེམས་ཅན་གྱི་དོན་ལ་ཆགས་པ་བརྩེ་བ་ཆེན་པོ་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་ཡལ་བར་མི་གཏོང་བའོ། །དེ་ཡང་རྒྱུད་ལས། གཞི་ཡི་ཉོན་མོངས་སྣ་ཚོགས་པ། །ལམ་གྱི་རྟོགས་གོམས་བསྟན་པ་ཡིས། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ། །ཅེས་པ་དང་། ཡང་། དམར་བ་དབང་གི་རང་བཞིན་ཏེ། །རུ་ནི་ཆགས་པའི་རང་བཞིན་ནོ། །ཞེས་སོ། །ལྔ་པ་དབུ་ཞབས་ཀྱི་དོན་ནི་གཉིས་ཏེ། །གྲོལ་ལམ་དང་ཐབས་ལམ་མོ། །དང་པོ་ལ་གཉིས་ཏེ། མཚན་བཅས་བསྐྱེད་པའི་རིམ་པ་དང་། མཚན་མ་མེད་པ་འདིའི་དོན་འོག་ཏུ་ཚན་འདིའི་ནང་མི་སྣང་ངོ་། །རྫོགས་པའི་རིམ་པའོ། །དང་པོ་ལ་བཞི་སྟེ། བསྙེན་པ་དང་། སྒྲུབ་པ་དང་། ལས་ལ་སྦྱར་བ་དང་། ལས་ཁ་ཚར་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྔོན་དུ་འགྲོ་བ་དང་། བསྙེན་པ་དངོས་སོ། །སྔོན་དུ་འགྲོ་བ་ལ་གཉིས་ལས། དང་པོ་ཐུན་མོང་སྔོན་དུ་འགྲོ་བ་ནི། ཕུན་སུམ་ཚོགས་པ་ལྔ་དང་ལྡན་པར་བྱ་ཞིང་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པའོ། །དེ་ལ་ཕུན་སུམ་ཚོགས་པ་ལྔ་ནི། དང་པོ་གནས་ཕུན་སུམ་ཚོགས་པར་བྱ་སྟེ། དུར་ཁྲོད་ཆེན་པོ་མི་རོ་གསར་རྙིང་ཡོད་པའམ། བྲག་དམར་པོ་ཆོལ་ཟངས་འདྲ་བ། ཁ་ལྷོ་ཕྱོགས་སུ་བལྟས་པ། རྩི་ཤིང་ནགས་ཚལ་ཡོད་པ། ཡང་ན་དབེན་པ་ཆེན་པོ་ས་ཕྱོགས་གྲོང་ལས་དཔག་ཚད་དང་རྒྱང་གྲགས་ཀྱིས་འཕགས་པ། ཤར་གཡེལ་ཞིང་། ལྷོ་གཞོལ་བ། ནུབ་མཐོ་བ། བྱང་སྐྱོབ་པ། དགོས་པ་འཛོམ་ཞིང་བཙན་པ། བདག་དབང་ཞིང་བར་ཆད་མེད་པར་བྱའོ། །ཡང་ན་མཁར་སུམ་ཐོག་ཏུ་ཡང་བཤད་དོ། །དེ་ཡང་རྒྱུད་ལས། དུར་ཁྲོད་ཆེན་པོ་འཇིགས་པ་ཡི། །མི་རོ་གསར་རྙིང་ཡོད་པའམ། །བྲག་དམར་ཆོལ་ཟངས་འདྲ་བ་ཡི། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་པ། །རྩི་ཤིང་ནགས་ཚལ་ཡོད་པར་བྱ། །ཞེས་པ་དང་། ཡང་། སྐྱེ་བོའི་གྲོང་ལས་འཕགས་པ་དང་། །དབེན་པ་ཆེན་པོའི་ས་ཕྱོགས་སུ། །ཤར་དང་ལྷོ་ནི་གཡེལ་ཞིང་གཞོལ། །ནུབ་དང་བྱང་ནི་མཐོ་ཞིང་སྐྱོབ། །དགོས་པ་འཛོམ་ཞིང་བཙན་པ་དང་། །བདག་དབང་བར་ཆད་མེད་པར་བྱ། །ཞེས་སོ། །ཡང་རྒྱུད་ཕྱི་མ་ནས་མཁར་སུམ་ཐོག་ཏུ་བྱ་བར་བཤད་དོ། །གཉིས་པ་སྒྲུབ་པ་པོའི་མཚན་ཉིད་ནི། མཚན་ཉིད་དང་ལྡན་པའི་བླ་མ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མཉེས་པར་བྱས་ཏེ། དབང་ཡོངས་སུ་རྫོགས་པ་ཐོབ། ཐོས་བསམ་གྱིས་རྒྱུད་གྲོལ་བ། མན་ངག་དང་ལྡན་པ། ལས་དང་བྱ་བ་ལ་མཁས་པ། དམ་ཚིག་དང་ལྡན་ཞིང་སྙན་བརྒྱུད་ཀྱི་མན་ངག་འཆང་བས་སྒྲུབ་པར་བྱའོ། །དེ་ཡང་རྒྱུད་ལས། ཐོག་མར་བླ་མ་བརྟེན་བྱ་སྟེ། །མཉེས་པ་གསུམ་གྱིས་ཡོན་ཕུལ་ལ། །ཐོས་བསམ་ཤེས་རབ་རྒྱུད་གྲོལ་ཏེ། །དབང་རྫོགས་གདམས་ངག་ལྡན་པར་བྱ། །ཐོས་ཆུང་ཤེས་རབ་དམན་པ་དང་། །དབང་ཐོབ་མ་ཅིང་དམ་ཚིག་མེད། །མན་ངག་གདེང་དང་མི་ལྡན་པར། །བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་སོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ནི། དགྱེས་པ་སྐོང་བའི་འཁོར་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་དང་། གྲོགས་པོ་བློ་ཐུབ་ཅིང་དམ་ཚིག་གཙང་བ་དང་། བརྩོན་འགྲུས་ཆེ་ཞིང་དཔའ་བརྟུལ་དང་ལྡན་པས་བརྟེན་པར་བྱའོ། །དེའང་རྒྱུད་ལས། སྒྲུབ་པའི་གྲོགས་མཆོག་བཙལ་བ་ནི། །བྲམ་ཟེའུ་བུ་མོའམ་གང་ཡང་རུང་། །བློ་ཡངས་ཤེས་རབ་ཆེ་བ་དང་། །ཚུལ་ཤེས་ཡིད་དུ་འོང་བ་དང་། །གྲོགས་པོ་དཔའ་བརྟུལ་བརྩོན་འགྲུས་ལྡན། །ཞེས་སོ། །བཞི་པ་དུས་ཕུན་སུམ་ཚོགས་པ་ནི། བསྙེན་སྒྲུབ་ཀྱི་དུས་ཟླ་བ་ཡར་གྱི་ངོ་ཚེས་གྲངས་དང་གཟའ་སྐར་བཟང་པོ་ལ་གྲུབ་བའི་ཉི་མ་དང་། མཐུན་འཕྲོད་རྩིས་ལ་འཇུག་པར་བྱའོ། །དེ་ཡང་རྒྱུད་ལས། གྲུབ་པའི་ཉི་མ་ཡར་གྱི་ངོ་། །བཀྲ་ཤིས་དགེ་བའི་དུས་ལ་འཇུག །ཅེས་སོ། །དྲག་པོའི་དུས་སུ་གཟའ་སྐར་དྲག་པོ་ལ་གཏད་པར་བྱའོ། །དེ་ཡང་རྒྱུད་ལས། ཟླ་བ་གཟའ་ཡིས་ཟིན་པ་དང་། །བདུད་ཀྱི་ཉི་མ་དག་ལ་གཏད། །མིག་དམར་དང་ནི་ཕུར་བུ་དང་། །དབྱུག་པ་རྟ་ཆེན་དག་ལ་གཏད། །ཅེས་སོ། །ལྔ་པ་རྫས་ཕུན་སུམ་ཚོགས་པ་ནི། འཚོ་བ་ཡོ་བྱད་ཀྱི་རྫས་དང་། བརྟེན་ཅིང་བསྒྲུབ་པའི་རྫས་དང་། མཆོད་པ་དམ་ཚིག་གི་རྫས་དང་། བར་ཆད་བཟློག་པའི་རྫས་དང་། དྲག་པོའི་ཕྲིན་ལས་ཀྱི་རྫས་རྣམས་གོང་དུ་སྟ་གོན་ལ་གནས་པར་བྱའོ། །དེ་ཡང་རྒྱུད་ལས། འཚོ་བའི་ཟས་དང་པཱུ་ཛའི་རྫས། །བསྒྲུབ་ཅིང་བརྟེན་པའི་ཡོ་བྱད་དང་། །ཕུར་པ་ཡུངས་ཀར་ལ་སོགས་པ། །དྲག་པོའི་རྫས་དང་ཡོ་བྱད་བསག །ཅེས་གསུངས་སོ། །གཉིས་པ་ཚོགས་བསགས་པ་ནི། དགེ་བའི་དཔུང་བསྐྱེད་དེ། ས་ཆོག་བྱ་བ་དང་སཱཙྪ་གདབ་པ་དང་ཆབ་གཏོར་བཏང་བ་དང་། ཉེའུ་འདོན་པ་དང་། ལམ་ཕྲང་བཅོམ་པ་དང་། དཔང་སྐོང་འདོན་པ་དང་། ན་རཀ་འདོན་པ་དང་། སྐོང་དང་ཆོས་གསུམ་བསྒྲག་པ་ལ་སོགས་པ་བྱ་བ་ནི་བསོད་ནམས་ཀྱི་ཚོགས་སོ། །དེ་དག་ཀྱང་དགེ་བའི་རྩ་བ་བསྔོ་ཞིང་མི་དམིགས་པས་རྒྱས་གདབ་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེའི་དགོས་པ་ནི་ཕྱི་ནང་གི་བར་ཆད་ཞི་བ་དང་། སྒྲིབ་པ་བྱང་ནས་སིདྡྷི་མྱུར་དུ་ཐོབ་པའོ། །གཉིས་པ་ཁྱད་པར་སྔོན་དུ་འགྲོ་བ་བཞི་ལས། མཎྜལ་བཤམས་པ་དང་། རྟེན་བཀྲམ་པ་དང་། པཱུ་ཛ་བཤམས་པ་དང་། སྔོན་འགྲོའི་ཆོ་ག་དངོས་སོ། །དང་པོ་ནི། སའི་མཚན་ཉིད་བཀྲ་ཤིས་ཤིང་ཡིད་དུ་འོང་བ་ཉམས་དགའ་བ་ནས་ས་བླང་། ཡང་ན་དུར་ཁྲོད་ཆེན་པོ་ནས་ས་བླངས་ལ། མཎྜལ་འདོམ་གང་ངམ། མདའ་གང་ཁྲུ་བཞི་པ་གནས་ཁང་དང་སྦྱར་བ་བརྩིག་གོ། །དེའི་དབུས་སུ་ཐོད་པ་སྐྱ་བོ་དུམ་བུ་བཞི་པ་གཅིག་ལ་ཁྲག་གིས་འཁོར་ལོ་རྩིབས་བཞིའི་དཀྱིལ་འཁོར་བྲིས་ལ་དབུས་སུ་ཧཱུྃ་སྦྲེལ་མ་བྲིས་ལ། རྩིབས་བཞི་ལ་ཛཿབཞི། གོང་རས་བཞི་ལ་མ་བཞི། སྒོ་བཞི་ལ་ཛཿཧཱུྃ་བྃ་ཧོཿབྲིས་ཏེ། ནང་དུ་ཡུངས་ཀར་རམ་འབྲུ་གང་ཡང་རུང་བས་བཀང་ལ། དར་རམ་རས་དམར་པོས་བཀའ་སྟེ། དལ་གྱི་དབུས་སུ་གཞུག་གོ། །དེའི་སྟེང་དུ་ཚོན་དམར་པོས་བཀང་ལ། མ་རུ་རྩེའི་ཕོ་བྲང་བཏབ་པར་དམིགས་སོ། །དེ་ནས་བ་ཡི་རྣམ་ལྔས་བྱུག་པར་བྱ། དེ་ནས་བདུད་རྩི་ལྔས་བྱུག་པར་བྱ། དེ་ནས་བྱང་སེམས་དཀར་དམར་གྱིས་བྱུགས་ཏེ། མེ་ལོང་གི་ངོས་ལྟར་མཛེས་ཤིང་ཡིད་དུ་འོང་བར་བྱའོ། །མེ་ཏོག་དམར་པོའི་ཚོམ་བུ་ལྷ་གྲངས་དང་མཉམ་པར་བྱ། གཉིས་པ་རྟེན་བཀྲམ་པ་ནི། བྲམ་ཟེ་གཙང་མའི་རོ་རས་ཁ་དོག་དམར་པོས་བསྒྱུར་བ། བཀྲ་ཤིས་པའི་དུས་སུ། དྲི་ཞིམ་པོའི་ནང་དུ་སྦང་ཞིང་དེ་བཞིན་གཤེགས་པ་བཀུག་ཅིང་བསྟིམ་ལ་མཆོད་ཅིང་གསོལ་བ་གདབ་པར་བྱའོ། །དེ་ནས་བཀྲ་ཤིས་པའི་བྱིན་རླབས་དང་ལྡན་པའི་ཐལ་ཆེན་གྱིས་བྱུག་ཅིང་། རས་འདུལ་ལེགས་པར་བྱའོ། །དེ་ནས་བཟོ་བོ་མཁས་པས་ཁྲུས་བྱས་ཏེ་སྨྱུང་བར་གནས་ལ། ཞིང་ཆེན་གྱི་གདན་ལ་འདུག་སྟེ་ཁ་ལྷོ་ཕྱོགས་སུ་བལྟས་ན། གཤིན་རྗེའི་གཤེད་དམར་པོའི་ས་མཱ་ཏིར་ཞུགས་ལ། ཨཱོྂ་ཧྲཱིཿཥྚི་ཝི་ཥྚི་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བཟླས་ཤིང་སྐུ་གཟུགས་བྲི་བར་བྱའོ། །དེ་ནས་བླ་མ་བྱིན་རླབས་དང་ལྡན་པས་རབ་གནས་བྱས་ཏེ། དམིགས་པའི་རྟེན་དུ་དགྲམ་པར་བྱའོ། །དེའི་མདུན་དུ་བཀྲ་ཤིས་པའི་ཐོད་པ་དུམ་བུ་བཞི་པ་ལ་གནས་པ་གཡོན་ནས་བྱུགས་པའི་རཀྟས་དལ་གོང་ལྟར་དུ་བྲིསཏེ་ཡུངས་ཀར་རྒྱལ་པོས་བཀང་ལ། ཟངས་སམ་སེང་ལྡེང་གི་ཕུར་པ་ལྷའི་གྲངས་དང་མཉམ་པ་བཀོད་དོ། །གཤིན་རྗེའི་གཤེད་དམར་པོའི་ལྷ་ཚོགས་སུ་བསྒོམ་ལ་དར་ལེ་བརྒན་གྱིས་བཀབ་སྟེ། ཁྲིའུ་འམ་མཉྫིའི་ཁར་བཞག་སྟེ། སྒྲུབ་པའི་རྟེན་དུ་བཟུང་ངོ་། །དེ་ནས་བུ་མོ་མཚན་དང་ལྡན་པ་གྲོང་པའི་སྐྱོན་གྱིས་མ་གོས་པ་སི་བའི་ལྤགས་པ་ལ། བྱང་ཆུབ་སེམས་ཀྱི་ཐེག་ལེ་ལྷའི་གྲངས་དང་མཉམ་པ་བཏབ་ལ། སྟེང་ནས་བླ་བྲེས་དབུབ་བོ། །དེ་ནས་ཐུན་མོང་གི་པཱུ་ཛ་ལྔ་དང་། ཁྱད་པར་གྱི་མཆོད་པ་གསུམ་ལ་སོགས་པ་བཤམ། གཞན་ཡང་གསང་བའི་པཱུ་ཛ་དམར་གྱི་ཨརྒྷཾ། ཚིལ་ཆེན་གྱི་སྤོས་དང་། དབང་པོའི་མེ་ཏོག་དང་། ཞུན་ཆེན་གྱི་མར་མེ་དང་། བདུད་རྩིའི་དྲི་ཆབ་དང་། ཤ་ཆེན་གྱི་བཤོས་དང་། བྷནྡྷ་ལྟག་སྤྲོད་ཀྱི་རྔ་དང་། རྐང་གི་གླིང་བུ་ལ་སོགས་པ་བཤམ་མོ། །དེ་ནས་སྔོན་དུ་འགྲོ་བའི་ཆོ་ག་ལ་གཉིས་ཏེ། གང་ཟག་སྤྲོས་པ་ལ་དགའ་བ་རྣམས་ཀྱིས་སྟན་བདེ་བ་ལ་འདུག་སྟེ། མཚམས་བཅད་པ་དང་། བཤགས་པ་བྱ་བ་དང་། བརྡའ་སྒོ་དབྱེ་ཞིང་བརྡའི་ཕྱག་བྱ་བ་དང་། དམ་བཅའ་ཞིང་བྱིན་དབབ་པ་དང་། མཆོད་པ་བྱིན་གྱིས་བརླབ་པ་དང་། ཡན་ལག་དགུ་པས་ཚོགས་བསགས་པར་བྱའོ། །གང་ཟག་བསྡུས་པ་ལ་དགའ་བས་ཡི་དམ་ནར་མ་ལ་བྱེད་ན། དང་པོ་བསྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་བྱས་ཏེ། དེ་ནས་སྐད་ཅིག་གིས་གཤིན་རྗེའི་གཤེད་དུ་བསྐྱེད་ལ། ཨཱོྂ་ཧྲཱིཿཥྚི་ཝི་ཥྚི་ཏཱ་ན་ན་བྷ་ར་ཙཀྲ་ཨ་པ་ན་ཡ་ཧཱུྃ་ཕཊ། ཅེས་སྤྲུལ་པ་སྤྲོས་ཏེ་བགེགས་བསྐྲད་དོ། །དེ་ནས་བེ་ཅོན་གྱི་ཕྱག་རྒྱ་བཅས་ལ། ཨཱོྂ་ན་མོ་བུདྡྷ་ཡ། དྷརྨཱ་སཾགྷ་བྷྱ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷ་ཨག་ནི་ཛ་ལེན་ཏྲ་པྲི་ཏ་བྲི་ཡ་ཧཱུྃ་ཕཊ། ཅེས་བརྗོད་དེ། རྡོ་རྗེ་བེ་ཅོན་གྱི་ར་བ་དང་གུར་བསྒོམ་པར་བྱའོ། །དེ་ནས་མིག་གཡས་པ་མ་ལས་ཉི་མའི་དལ་གྱི་སྟེང་དུ་རྃ་བསམ། དེས་ཕྱོགས་བཅུར་སྡང་མིག་བལྟ་ཞིང་། བཛྲ་ཛྭ་ལ་རྃ་ཞེས་བརྗོད་པས་མེ་དཔུང་གི་གུར་བསྒོམ་པར་བྱའོ། །དེ་ནས་ཡི་གེ་བརྒྱ་པ་བརྗོད་ལ་བཤགས་པའོ། །དེ་ནས་ཨཱོྂ་བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་བརྗོད་དེ། བླ་མ་དང་ཡི་དམ་གྱི་ལྷ་སྤྱན་དྲངས་ལ། དམིགས་པའི་རྟེན་དང་དབྱེར་མེད་པར་བསམ་མོ། །དེའི་མདུན་དུ་ཕྱག་འཚལ་བ་དང་། པཱུ་ཛ་འབུལ་བ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། དགེ་བའི་རྩ་བ་བསྔོ་བ་དང་། ལུས་དབུལ་བ་དང་། དབང་བསྐུར་ཞིང་བྱིན་གྱིས་རློབས་ཤིག་པར་གསོལ་བ་གདབ་པ་དང་། ཏིང་ངེ་འཛིན་གྱི་དབང་བཞི་རྫོགས་པར་བླངས་པའོ། །དེའི་རྗེས་ལ་དེ་བཞིན་གཤེགས་པ་རྣམས་འོད་དུ་ཞུ་ནས། རང་ལ་ཐིམ་པས་རང་ཡང་འོད་དུ་ཞུ། དེའི་འོད་ཟེར་གྱིས་ཕྱི་ནང་གི་སྣོད་བཅུད་ཐམས་ཅད་འོད་དུ་ཞུ། འོད་དེ་སླར་འདུས་ནས་ཐིག་ལེར་གྱུར་པར་བསམ་མོ། །ཐིག་ལེ་དམར་པོ་ལ་ཤེས་པ་ཅུང་ཟད་ག ཏད་ལ། མཇུག་ཏུ་མི་དམིགས་པའི་ངང་ལ་བློ་བཞག་གོ། །དེ་ནས་བསྙེན་པ་དངོས་ལ་གཉིས་ཏེ། བསྙེན་པ་དང་། ཉེ་བའི་བསྙེན་པའོ། །དང་པོ་ལ་དྲུག་སྟེ། བསྐྱེད་པའི་རིམ་པ་བསྒོམ་པ་དང་། ཡེ་ཤེས་པ་དགུག་གཞུག་བྱ་བ་དང་། མཆོད་བསྟོད་བྱ་བ་དང་། བཟླས་པ་བྱ་བ་དང་། རྫོགས་པའི་རིམ་པས་མཇུག་བསྡུ་བ་དང་། ཐུན་མཚམས་ཀྱི་སྤྱོད་ལམ་བྱ་བ་བསྟན་པའོ། །འདི་རྣམས་ལ་ཡང་དུས་ཀྱི་བསྙེན་པ་དང་། སྤྲོས་པ་ལ་དགའ་བ་རྣམས་ཀྱིས་ཚིག་གིས་གསལ་འདེབས་པ་དང་བཅས་པ་བྱ་བ་དང་། གང་ཟག་བསྡུས་པ་ལ་དགའ་བ་རྣམས་རྒྱུན་གྱི་ཡི་དམ་ནར་མར་བྱེད་ན་བསྒོམ་པ་དང་བཟླས་པ་ལ་གཙོར་བྱེད་པའོ། །དེ་ལྟར་གང་བྱེད་ཀྱང་བསྐྱེད་པའི་རིམ་པ་ལ་བཞི་སྟེ། ཏིང་ངེ་འཛིན་གསུམ་བསྒོམ་པ་དང་། འབྱུང་བ་རིམ་བརྩེགས་བསྐྱེད་པ་དང་། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་དང་། ལྷ་བསྐྱེད་པའོ། །དང་པོ་ལ་གསུམ་ལས། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ལུས་སེམས་ཁོང་ཀློད། ཀུན་གཞི་སྟོང་པའི་ངང་ལས་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རང་བཞིན་ཆོས་ཉིད་མ་བཅོས་པའི་ངང་དུ་བཞག་གོ། །གཉིས་པ་ཀུན་སྣང་གི་ཏིང་ངེ་འཛིན་ནི། ཡིད་ཀྱི་རྣམ་པར་ཤེས་པ་གསལ་བྱ་མ་འགགས་པའི་ངོས་ནས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་ནམ་མཁའ་ལྟ་བུ་ལ་འོད་ཟེར་དམར་པོ་ཉི་མ་ཤར་བ་ལྟ་བུས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཏེ་གསལ་ལ་རྟོག་པ་མེད་པར་བསྒོམ་མོ། །དེ་ནས་རྒྱུའི་ཏིང་ངེ་འཛིན་ནི། ཉོན་མོངས་པ་ཅན་གྱི་ཡིད་རྣམ་པར་ཤེས་པ་ཡེ་ཤེས་སུ་གསལ་བའི་རྟགས་སུ་འོད་ཟེར་དེ་སླར་འདུས་ཏེ་ཧཱུྃ་དམར་པོ་བྱེ་རུ་བཅག་པ་ལྟ་བུ་སྣང་ལ་རང་བཞིན་མེད་པ་གཅིག་ཏུ་བསྒོམ་པའོ། །དེ་ནས་ཧཱུྃ་གྲངས་མེད་པ་འཕྲོས་ཏེ་འཕགས་པ་མཆོད། ཐུགས་དམ་བསྐུལ། སེམས་ཅན་གྱི་དོན་བྱས་སླར་འདུས་ཏེ། དང་པོའི་ཧཱུྃ་ལ་ཐིམ་པས། སྔར་བས་ཀྱང་གཟི་བརྗིད་ཆེ་བ་གཅིག་བསྒོམ་མོ། །དེ་རྣམས་ཀྱིས་ཆོས་སྐུའི་བྱིན་རླབས་ལས། སེམས་ཅན་གྱི་དོན་དུ་གཟུགས་སྐུ་གཉིས་ཤར་ཚུལ་དང་སྦྱར་ནས་བསྒོམ་པའོ། །གཉིས་པ་འབྱུང་བ་རིམ་བརྩེགས་བསྒོམ་པ་ནི། ཧཱུྃ་དེ་ལས་ནི་ཨེ་ཡྃ་ར་སུྃ་ཀེཾ་རྃ་རྣམས་རིམ་གྱིས་ཆད་པ་ལས་སྤྲོ་བསྡུས་འོད་དུ་ཞུ་བ་ལས། ཨེ་ལས་ནམ་མཁའ་གྲུ་གསུམ་མཐིང་ནག །ཡྃ་ལས་རླུང་ལྗང་གུ་རྡོ་རྗེ་རྒྱ་གྲམ། ར་ལས་རཀྟའི་རྒྱ་མཚོ་དམར་ཞིང་ཟླུམ་པ། སུྃ་ལས་ཞིང་ཆེན་གྱི་ས་གཞི་སྨུག་པོ་གྲུ་བཞི། ཀེཾ་ལས་རུས་པའི་རི་རབ་དཔག་ཚད་བརྒྱད་ཁྲི་གྱེན་དུ་འཕགས་པ། དཔག་ཚད་བརྒྱད་ཁྲི་གཞི་རཀྟའི་མཚོ་ལ་ནུབ་པ། དེའི་སྟེང་དུ་རྃ་ལས་མེ་དཔུང་དམར་པོ་གྲུ་གསུམ་པ་བསྐྱེད་དོ། །དེ་ཡང་སངས་རྒྱས་ཀྱི་ཐུགས་རྗེ་དང་། སེམས་ཅན་སྤྱི་མཐུན་གྱི་ལས་འཛོམ་པ་ལས། སྣོད་ཀྱི་ལོ་ཀ་ཆགས་ཚུལ་དང་སྦྱར་ནས་རང་གི་ཕུང་པོ་ལ་མཚུངས་ལྡན་དུ་ཡུམ་ལྔའི་མཁའ་རུ་བསྒོམ་པའོ། །གསུམ་པ་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་ནི་གཉིས་ལས། དང་པོ་ནི་ཧཱུྃ་ལས་བྷྲཱུྃ་སྨུག་ནག་འོད་ཟེར་སྣ་ཚོགས་སུ་འཕྲོ་བ་གཅིག་ཆད་དེ། རི་རབ་ཀྱི་ཁ་ལ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་བྷྲཱུྃ་དང་བཅས་པ་འཐོན་ཏེ། སྤྲོ་བསྡུས་འོད་དུ་ཞུ་ནས་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་དབུས་སུ་ཆོས་འབྱུང་དམར་པོ་ཁ་གདེངས་ཆེ་ལ་གཏིང་ཟབ་པ། ཁྲག་གི་རྒྱ་མཚོ་འཁྱིལ་བ། དེའི་ཕྱི་ཐོད་པ་སྐམ་པོའི་བརྩིགས་པས་བསྐོར་བ། དེའི་ནང་ཁམས་གསུམ་དབང་དུ་བསྡུད་པའི་ཟླ་གམ་དམར་པོ་གསུམ་དང་ལྡན་པ། དེའི་ཕྱི་ཡེ་ཤེས་བཞིའི་འཁོར་ལོ་དམར་པོ་རྩིབས་བཞི་ལ་རྡོ་རྗེའི་ར་བས་བསྐོར་བས། དེའི་ནང་རྩིབས་མཆན་དུ་ཡང་རཀྟ་རུ་ཡོད་པ། གྲུ་ཆད་ལྗང་གུ། ཁྱམས་ཡང་གཞི་ཞིང་ཆེན་ལ་སྟེང་རཀྟ་འཁྱིལ་བ། པཉྩ་རེ་ཀ་ཡང་ཐོད་པ་ཚར་གསུམ་གྱི་རྩིག་པ། གནམ་ལྕགས་ཞུན་མའི་གཟེར་བཏབ་པ། རཀྟས་སྤྱིན་ཐབས་སུ་སྦྱར་བ། ཕ་གུ་མི་མགོ་རློན་པའི་རྩིགས་པ། རུས་སྦལ་གྱི་ཀ་གདན། ཞིང་གི་ཀ་བ། ཆུ་སྲིན་གྱི་ཀ་གཞུ། ཚངས་པའི་གདུང་། ལྷ་བརྒྱད་དང་ཀླུ་བརྒྱད་ཀྱི་ཕྱམ། གཟའ་བརྒྱད་ཀྱི་ཁ་བད། རྒྱུ་སྐར་གྱི་གྲལ་མ། ཕྱོགས་སྐྱོང་གི་ལྤགས་པས་ཐོག །ཉི་ཟླའི་མཐོང་ཁུང་། ཞིང་ལྤགས་ཀྱི་གདུགས། ཙིཏྟའི་ཏོག །ཆུ་སྲིན་གྱི་མདའ་ཡབ། སྦྲུལ་གྱི་དྲྭ་བ་དྲྭ་ཕྱེད། སྒོ་བཞི་ཡང་ཆུ་སྲིན་གྱི་ཡ་ཐེམ་མ་ཐེམ། སྦྲུལ་ནག་གི་ཀེའུ། ཞིང་གི་སྒོ་ལེབ། ཆུ་སྲིན་གྱི་རྟ་བབས་དང་ལྡན་པ་བསྒོམ་མོ། །གཉིས་པ་གདན་བསྐྱེད་པ་ནི། དབུས་སུ་ཧཱུྃ་གི་འོད་ཟེར་གྱི་གཤིན་རྗེ་ཕོ་མོ་བསྣོལ་བའི་སྟེང་དུ། མ་ཧེ་གླང་རྒོད་ཀྱིས་བརྗིས་པའི་ཁྲི། དེའི་སྟེང་དུ་པདྨ་དམར་པོ་ཁ་གྱེན་དུ་གྱེས་པ། དེའི་སྟེང་དུ་ཟླ་བ་ཉ་གང་བ་བསྒོམ་མོ། །འཁོར་ལོ་རྩིབས་བཞི་ལ་ཤར་དུ་དྲི་ཟ། ལྷོར་གཤིན་རྗེ། ནུབ་ཏུ་ཀླུ། བྱང་དུ་གནོད་སྦྱིན་ཕོ་མོ་བསྣོལ་བའི་སྟེང་དུ་པདྨ་ཕྱོགས་མཚོན་བཤད། དེའི་སྟེང་དུ་ཉི་མའི་གདན་ནོ། །དེ་ཡང་ལས་སྦྱོར་གྱི་དུས་སུ། འཁོར་བཞི་པོ་ཡབ་ཡུམ་ཆིབས་ཅན་དུ་གདན་ཁྲི་མེད་པར་འདོད་དོ། །བཞི་པ་ལྷ་བསྐྱེད་པ་ལ་ཡང་བཞི་ལས། དང་པོ་གཙོ་བོ་བསྐྱེད་པ་ནི། རྒྱུའི་ཧཱུྃ་དེ་གདན་ཐོག་ཏུ་བབས་པ་ལས་སྤྲོས་བསྡུས་འོད་དུ་ཞུ་བ་ལས་གྲོལ་ལམ་གྱི་ལུགས་ཀྱི་རྡོ་རྗེ། ཐབས་ལམ་གྱི་ལུགས་ཀྱི་འཁོར་ལོ་དམར་པོ་རྩིབས་བརྒྱད་པར་གྱུར། དེ་ལ་སྤྲོས་བསྡུས་འོད་དུ་ཞུ་བ་ལས། ཨཱོྂ་ཤྲཱི་མཉྫུ་ཡ་མཱ ནྟ་ཀ་མ་རུ་རྩེ་བེ་ཏ་ལི་སྭཱ་ཧཱ། ཞེས་བརྗོད་པས་བདག་ཉིད་གཤིན་རྗེའི་གཤེད་དམར་པོ་ཞལ་གཅིག་ཕྱག་གཉིས་པ། བྱི་རུའི་སྡོང་པོ་ཕྱིས་པ་འདྲ་བའམ། སོལ་བའི་མེ་ལ་ཕུས་བཏབ་པ་ལྟ་བུ། ཕྱག་གཡས་ན་གྲོལ་ལམ་དུ་ཐོད་དབྱུག་རྡོ་རྗེས་མཚན་པ། ཐབས་ལམ་དུ་མེའི་འཁོར་ལོ་རྩིབས་བརྒྱད་པ་བསྣམས་པ། གཡོན་པ་རླུང་གི་འཁོར་ལོ་བསྣམས་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། རྒྱལ་རིགས་དཀར་པོའི་སྦྲུལ་གྱིས་ཐོད་དུ་བཅིངས་པ། རལ་པ་དམར་ལ་ཉིལ་བ་རྐང་སོར་སླེབ་པ། རལ་བའི་རྩེ་ལ་བྷནྡྷ་ལྕང་ལོས་བརྒྱན་པ། སྨིན་མ་དམར་སེར་གྱེན་དུ་འཁྱིལ་བ་ལ་མེ་སྟག་འཕྲོ་བ། སྤྱན་གཡས་པ་དམར་ལ་བགྲད་པ་ལ་མེའི་ཚྭ་ཚྭ་འཕྲོ་བ། སྤྱན་གཡོན་པ་མཐིང་ལ་བགྲད་པ་ལ་ལས་ཀྱི་ཚྭ་ཚྭ་འཕྲོ་བ། ཤངས་ནས་བསྐལ་པའི་རླུང་འཚུབ་འཁྱིལ་བ། སྨ་ར་ཨག་ཚོམ་གྱེན་དུ་འབར་བ་ལ་མེའི་ཚྭ་ཚྭ་གློག་ཏུ་འགྱུ་བ། ཞལ་བགྲད་ཅིང་མཆེ་བ་གཙིགས་པ། མཆེ་བ་གཡས་པ་ལ་རཀྟའི་ཆུ་རྒྱུན་ཤིང་རྟའི་འཕང་ལོ་ཙམ་འབབ་པ། གཡོན་པའི་མཆེ་བ་ལ་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདུལ་བྱ་སེམས་ཅན་གྱི་སྙིང་འགུགས་ཤིང་སེམས་འདྲེན་པའོ། །ཐོད་པ་སྐམ་པོའི་དབུ་རྒྱན་ལ་ཉི་ཟླས་མཚན་པ། ཐོད་པ་རློན་པའི་དོ་ཤལ་སྦྲུལ་རིགས་བཞིའི་རྒྱན་ཆ། གླང་པོ་ཆེའི་ཀོ་བའི་སྟོད་གཡོགས། སྟག་གི་ལྤགས་པའི་སྨད་དཀྲིས་ཞབས་གཉིས་བརྐྱང་བསྐུམ་དུ་བགྲད་པ། དེ་ལྟ་བུ་གཅིག་ཏུ་བདག་གིས་ས་ལེར་བསྒོམ། དེ་ནས་ཡུམ་བསྐྱེད་པ་ནི། གཙོ་བོའི་གཡོན་ཕྱོགས་ནས་ལུས་དང་གྲིབ་མའི་ཚུལ་དུ། རྡོ་རྗེ་རོ་ལངས་མ་ཞེས་ཀྱང་བྱ། ཨེ་ཀ་ཛཱ་ཏི་རལ་གཅིག་ཞེས་ཀྱང་བྱ། སྐུ་མདོག་དམར་ལ་སྨུག་པ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟ་བུ་གཡས་པས་ཡབ་ལ་འཁྱུད་ཅིང་། རྡོ་རྗེ་གྲི་གུག་གམ་ཡང་ན་ཁ་ཊྭཱྃ་ཀའོ། །གཡོན་པ་ཐོད་པ་ཁྲག་གིས་བཀང་བ་གཙོ་བོ་ལ་སྟོབ་པའོ། །སྐུ་ལ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། བལྟ་དགོད་འཛུམ་པའི་མདངས་ཀྱིས་གཙོ་བོ་ལ་བལྟ་བའོ། །དེ་ནས་འཁོར་བསྐྱེད་པ་ནི། བསྙེན་སྒྲུབ་ཀྱི་དུས་སུ་ཐུགས་ཀའམ་སྦྱོར་མཚམས་ནས་བསྐྱེད་པར་བཤད་པའང་ཡོད། ཡང་ན་གཙོ་བོའི་སྤྱན་ལས་ཛཿགཅིག་འཕྲོས་ཏེ་ཤར་དུ་སྲིན་པོ་མ་རུ་རྩེ་གཡས་གྲི་གུག །གཡོན་པ་སྡིགས་མཛུབ། ཤངས་ནས་ཛཿལས་ལྷོར་གཤིན་རྗེ་མ་རུ་རྩེ་གཡས་པ་དབྱུག་ཐོ། ལྗགས་ཀྱི་ཛཿལས་ནུབ་ཏུ་བདུད་མ་རུ་རྩེ་གཡས་རལ་གྲི། ཐུགས་ཀ་ནས་ཛཿལས་བྱང་དུ་གནོད་སྦྱིན་མ་རུ་རྩེ་གཡས་བེ་ཅོན། གཡོན་ཐམས་ཅད་ཞགས་པའོ། །ཡུམ་ཐམས་ཅད་གཡས་པ་ཡབ་ལ་འཁྱུད་ཅིང་། རྡོ་རྗེ་ལ་སོགས་པའི་རིགས་ཀྱི་ཕྱག་རྒྱའམ། ལྕགས་ཀྱུ་དང་ཞགས་པ། ལྕགས་སྒྲོག་དང་དྲིལ་བུའོ། །གཡོན་ཐམས་ཅད་ཐོད་ཁྲག་གཙོ་བོ་ལ་སྟོབ་པའོ། །སྐུ་མདོག་ནི། གུ་རུ་པདྨའི་བཞེད་ཀྱིས་ཤར་དུ་རྡོ་རྗེ་རིགས་ཏེ་དཀར་པོ། ལྷོར་རིན་པོ་ཆེའི་རིགས་ཏེ་སྔོན་པོ། ནུབ་པདྨའི་རིགས་ཏེ་དམར་པོ། བྱང་ལས་ཀྱི་རིགས་ཏེ་ལྗང་གུ། མཁན་པོ་དྷ་ན་ད་ལའི་བཞེད་ཀྱིས། སྟོད་བསྙེན་སྒྲུབ་ཀྱི་དུས་སུ་ཐམས་ཅད་སྐུ་མདོག་དམར་པོ་ལ། དྲག་པོའི་ལས་སྦྱོར་གྱི་དུས་སུ་སྲིན་པོ་དང་། གཤིན་རྗེའི་སྐུ་མདོག་གོང་དང་འདྲ་བ་ལས། བདུད་ནག་པོ། གནོད་སྦྱིན་དམར་སེར་འདོད་དོ། །རྒྱན་ཆ་ཡང་བསྙེན་སྒྲུབ་ཀྱི་དུས་སུ་གཙོ་བོ་དང་འདྲའོ། །ལས་སྦྱོར་གྱི་དུས་སུ་བསྐུལ་ཚིག་དང་མཐུན་པའོ། །དེ་ནས་ཡན་ལག་གི་ལྷ་དབང་བསྐུར་བྱིན་གྱིས་རླབས་པ་ནི་གསུམ་སྟེ། ཨཱོྂ་ཡ་མཱནྟ་ཀ་ཛྭ་ལ་ཛྭ་ལ་ཀཱ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས། ཀླད་པ་དུང་ཁང་དུ་ཟླ་བའི་སྟེང་དུ་ཨཱོྂ་ལས་རྣམ་པར་སྣང་མཛད། དེའི་དུང་ཁང་དུ་འཁོར་ལོ་ཨཱོྂ་གིས་མཚན་པར་བསམ། ཨཱོྂ་ཡ་མཱནྟ་ཀ་ས་མ་ཡ་ཝཱཀྐ་ཧཱུྃ་ཕཊ། ཅེས་བརྗོད་པས། མགྲིན་པར་པདྨའི་སྟེང་དུ་ཨཱཿལས་སྣང་བ་མཐའ་ཡས། དེའི་མགྲིན་པར་པདྨ་ཨཱཾ་གིས་མཚན་པར་བསྐྱེད། ཨཱོྂ་ཡ་མཱནྟ་ཀ་ཙིཏྟ་པ་ན་ཙིནྡྷ་ཙིནྡྷ་ཧཱུྃ་ཕཊ། ཅེས་བརྗོད་པས་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ལས་མི་བསྐྱོད་པ་ཐུགས་ཀར་རྡོ་རྗེ་ཧཱུྃ་གིས་མཚན་པར་བསྐྱེད། དེ་རྣམས་ལས་འོད་ཟེར་གྱི་སྤྲོ་བསྡུས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་གྱིས་བརླབས་པའོ། །དེ་ནས་ཡེ་ཤེས་ལྔས་དབང་བསྐུར་བ་ནི། ཨཱོྂ་སརྦ་ཏ་ཐཱ་ག་ཏ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཛྙཱ་ན་པཉྩ་ཏེ་རོ་ནི་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་བརྗོད་པས་རྒྱལ་བ་རིགས་ལྔ་ཐོད་པའི་ཁང་བུར་དབུ་རྒྱན་གྱི་ཚུལ་དུ་བཞུགས་པར་བསམ་མོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་ཞིང་། བཀྲ་ཤིས་བརྗོད་པས། ཉོན་མོངས་པའི་དྲི་མ་དག་ནས་ཡེ་ཤེས་ལྔར་གསལ་བའི་རྟགས་སུ་རིགས་ལྔས་དབུ་བརྒྱན་པར་བསམ་མོ། །དེ་ནས་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྐྱེད་པ་ནི། ཙིཏྟ་རིན་པོ་ཆེའི་གུར་ཕུབ་པ་འདྲ་བའི་ནང་དུ་སྙིང་ཚིལ་ཨ་ལས་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་རང་དང་འདྲ་བའི་སྐུ་ཚོན་གང་བ་ཅན་རྒྱན་ཆ་སྤངས་བ་གཅིག་བསྒོམ། དེའི་ཐུགས་ཀར་འཁོར་ལོ་དམར་པོ་རྩིབས་བརྒྱད་པ། དེའི་ལྟེ་བར་ཧཱུྃ་དམར་པོ་ལ་བཟླས་པའི་སྔགས་ཀྱི་བསྐོར་བར་བསྒོམ་མོ། །སྤྱི་དོན་གཉིས་པ་ཡེ་ཤེས་པ་དགུག་གཞུག་བྱ་བ་ནི་བཞི་ལས། དང་པོ་སྙན་གསན་དབབ་པ་ནི། ཨཱོྂ་བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་བརྗོད་པས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་གྱིས་འོག་མིན་ནས་དེ་བཞིན་གཤེགས་པའི་ཐུགས་དམ་བསྐུལ། ཆོས་ཀྱི་སྐུ་ལས་གཟུགས་སྐུར་བཞེངས་སུ་གསོལ། དེ་ནས་སྤྱན་དྲངས་པ་ནི། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་ལྷ་མོ་བཞིས་སྤྱན་དྲངས་ཏེ། ཨེ་ཧྱེ་ཧི་ཧོ་བྷ་ག་ཝཱན་མཉྫུ་ཤྲཱི་ཡ་མཱནྟ་ཀ་མཎྜ་ལ་ཨ་གད་ཛ་ས་མ་ཡ་ཧཱུྃ་ཛཿ ཞེས་བརྗོད་པས་ཡེ་ཤེས་པ་མདུན་དུ་སྤྱན་དྲངས་ལ། ཨཱོྂ་མཉྫུ་ཤྲཱི་ཡ་མཱནྟ་ཀ་མཎྜ་ལ་ཛཿཧཱུྃ་བྃ་ཧོཿ ས་མ་ཡ་སྟྭཾ། ཞེས་བརྗོད་པས་བདག་ལ་གཉིས་སུ་མེད་པར་ཐིམ་པར་བསམ་མོ། །ཨཱོྂ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀཱ་ཡ་ཝཱཀྐ་ཙིཏྟ་ས་མ་ཡ་ཏིཥྛ་བཛྲ། ཞེས་བརྗོད་པས་བརྟན་པར་བཞུགས་སུ་གསོལ། གསུམ་པ་པཱུ་ཛའི་བྱེ་བྲག་ནི། ཨཱོྂ་མཉྫུ་ཤྲཱི་ཡ་མཱནྟ་ཀ་མཎྜ་ལ་ན་མོ་ཨ་ཏི་པཱུ་ཧོ། ཞེས་པས་ཕྱག་འཚལ་ལོ། །པྲ་ཏཱི་ཙྪ་ཧོ། ཞེས་པས་མེ་ཏོག་གཏོར་རོ། །དེས་འགྲེའོ། །དེ་ནས་ཐུན་མོང་གི་པཱུ་ཛ་ལྔ་དང་ཁྱད་པར་གྱི་པཱུ་ཛ་གསུམ་ཡང་ཅི་རིགས་པར་དབུལ་ལོ། །དེ་ནས་བསྟོད་པ་རྒྱས་བསྡུས་ཅི་རིགས་ཞིག་གིས་བསྟོད་ལ། འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་བཞི་པ་བཟླས་པ་བྱ་བ་ནི་གཉིས་ཏེ། བསྙེན་པ་དང་ཉེ་བའི་བསྙེན་པའོ། །བསྙེན་པ་ལ་གསུམ་ལས། བཟླས་པའི་སྔགས་ནི། ཨཱོྂ་ཀུ་མཱ་ར་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀུ་མཱ་རཱ་ཙ་ཛཿ ཨཱོྂ་ཤྲཱི་མཉྫུ་ཀུ་མཱ་ར་ཡ་མ་རཱ་ཛ་ཧཱུྃ་ཕཊ་ཀྱང་སྣང་། ཞེས་བཟླས་སོ། །ཡང་ཉེ་བའི་བསྙེན་པ་ནི། སྔ་མ་ལ་བཟླས་པ་མི་བྱེད་པར། ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཛ་ཛཿ ཞེས་བཟླས་སོ། །བཟླས་པའི་ཐབས་ནི། སྒྲ་ཆེ་བ་མ་ཡིན། ཆུང་བ་མ་ཡིན། མྱུར་བ་མ་ཡིན། བུལ་བ་མ་ཡིན། བྱེར་བ་དང་ཟུག་པ་མ་ཡིན། མི་ཚིག་དང་མ་འདྲེས་ཤིང་གཉིད་རྨུགས་པ་སྤངས་ལ་བར་མ་ཆད་པར་བཟླས་པར་བྱའོ། །འཕྲོ་འདུའི་ས་མ་ཏི་ནི་གསུམ་སྟེ། དང་པོ་སྐུ་གསལ་བའི་མན་ངག་ནི། སྐུའི་མདུན་དུ་སྟན་བདེ་བ་ལ་སྣང་མཛད་ཀྱི་ཆོས་བདུན་བྱས་ཏེ། དབུགས་ཆ་མཉམ་པ་ལ་རླུང་སེམས་དྲིལ་ཏེ། རྟེན་ལ་བལྟ་ཞིང་ཐུན་ཆ་མཉམ་ལ། བལྟ་བ་དང་ངལ་བསོ་བ་རེ་མོས་བྱ། དེ་ནས་ཡིད་ཡུལ་དུ་བསྒོམ་པ་དང་། གསུམ་སྤེལ་དུ་བྱས་ལ་བསྒོམ། དེ་ནས་བསྒོམ་པ་ཐུན་རབ། ལྟ་བ་ཐུན་འབྲིང་། ངལ་བསོ་བ་ཐུན་ཆུང་དུ་བྱའོ། །དེ་ནས་བསྒོམ་པ་ལ་ཐུན་དྲིལ་ལ། རང་དང་གཉིས་སུ་མེད་པར་བྱ་སྟེ། རྟག་ཅིང་བརྟན་པ་ཐེར་ཟུག་པར་བསྒོམ། དེ་ནས་སྐུ་སྣང་ལ་རང་བཞིན་མེད་པར་བསྒོམ། དེ་ཡང་གསལ་ཞིང་བརྟན་པའི་ཚད་རིག་པ་ལ་ཉམས་སུ་མྱོང་ཙམ་ན། གཡེངས་པ་སྤང་ཞིང་བསྒོམ་ལ་བོགས་དབྱུང་བར་བྱའོ། །གཉིས་པ་བསྒོམ་པའི་སྐྱོན་བསལ་བ་ནི་བཞི་སྟེ། བྱིང་ན་གསེང་བ་དང་། རྒོད་ན་བསྡུ་བ་དང་། འཐིབ་ན་གསལ་བ་དང་། གཡེལ་ན་བསྡུ་བའོ། །དེ་རེ་རེ་ཡང་བཞི་བཞི་ཡོད་དེ་སྤྱོད་ལམ་གྱིས་བཅོས་པ་དང་། ཁ་ཟས་ཀྱིས་བཅོས་པ་དང་། དམིགས་པའི་ཏིང་ངེ་འཛིན་གྱིས་བཅོས་པ་དང་། བར་ཆད་བསལ་ཏེ་བཅོས་པའོ། །དེ་ཡང་ཆེད་དུ་བྱས་པ་ལས་བྱུང་བའི་རྐྱེན་དང་། ཤུགས་ལས་བྱུང་བ་དང་། དུས་ཚོད་ལས་བྱུང་བ་དང་། མ་རིག་ལས་བྱུང་བ་རྣམས་གདམས་ངག་གིས་བཅོས་པར་བྱའོ། །དམིགས་པའི་ཏིང་ངེ་འཛིན་ནི། ཧཱུྃ་གི་ཆོས་ལྔ་དང་ལྡན་པར་བྱས་ཏེ། བྱིང་ན་ཧཱུྃ་དམར་པོ་སྤྲོ་བ་དང་། རྒོད་ན་ཧཱུྃ་དམར་པོར་བསྡུ་བ་དང་། འཐིབས་ན་ཧཱུྃ་དམར་པོ་ལས་སྐུ་བསྐྱེད་པ་དང་། འཐོར་ཞིང་གཡེལ་ན་ཧཱུྃ་དམར་པོ་ལ་བཟུང་བ་དང་། ཞེན་པ་དང་འཐས་པ་བྱུང་ན་ཧཱུྃ་དམར་པོ་ལ་བསྡུ་བའོ། །དང་པོ་སྤྲོ་བ་ལ་ཡང་དབུགས་དང་བཅས་ཏེ་སྣ་བུག་ནས་སྤྲོ་བ་དང་། ཐུགས་ཀ་ནས་སྤྲོ་བ་དང་། བ་སྤུ་ནས་སྤྲོ་བ་དང་། འཇིག་རྟེན་གྱི་ཁམས་གང་བར་སྤྲོ་བ་དང་། འདོམ་གང་ངམ་དབང་པོའི་ཡུལ་དུ་སྤྲོ་བ་རྣམས་ཁམས་དང་སྦྱར་ནས་བྱའོ། །གཉིས་པ་བསྡུ་བའི་དུས་སུ་ཡང་། ཐུགས་ཀའི་ཧཱུྃ་ལ་བསྡུ་བ་དང་དབུགས་དང་སྦྱར་ཏེ་ཧཱུྃ་ལ་ཐིམ་པར་བསྡུ་བ་དང་། སྐུ་ཡང་ཧཱུྃ་ལ་བསྡུ་བའོ། །གསུམ་པ་ཧཱུྃ་ལས་བསྐྱེད་པ་ལ་ཡང་རིམ་གྱིས་བསྐྱེད་པ་དང་། ཅིག་ཅར་དུ་བསྐྱེད་པ་དང་། རགས་པར་བསྐྱེད་པ་དང་། ཕྲ་བར་བསྐྱེད་པ་དང་། མང་པོར་སྤྲོ་བའོ། །བཞི་བ་ཧཱུྃ་ལ་བཟུང་བ་ལ། ཐུས་ཀའི་ཧཱུྃ་ལ་བཟུང་བ་དང་། མདུན་གྱི་ནམ་མཁའ་ལ་བཟུང་བ་དང་། སྣ་རྩེའི་ཧཱུྃ་ལ་དབུགས་དང་སྦྱར་ཏེ་འབྱུང་འཇུག་གི་ཚུལ་དུ་བཟུང་བ་དང་། ཧཱུྃ་རྐྱང་པ་ལ་བཟུང་བའོ། །ལྔ་པ་སྤྱིའི་སྐྱོན་ཞེན་པ་དང་། འཐས་པ་ལ་སྐུ་ཡང་ཧཱུྃ་དུ་བསྡུས་ཏེ། ཧཱུྃ་ཡང་ཞབས་ཀྱུ་ནས་ཐིག་ལེའི་བར་དུ་བསྡུས་ཏེ། ཐིག་ལེ་དམར་པོ་ལ་ཤེས་པ་གཏད་ལ་བསྒོམ། མཇུག་ཏུ་མི་དམིགས་པར་བྱས་ཏེ་མི་རྟོག་པ་བསྒོམ། དེ་ཡིས་ཞེན་པ་དང་། འཐས་པ་དང་། རབ་རིབ་ཏུ་གྱུར་པ་དང་། མིག་མི་གསལ་བའི་སྐྱོན་རྣམས་སེལ་བར་འགྱུར་རོ། །དེ་ཡང་གཞུང་ལས། རྟོག་ཚོགས་དང་པོ་ཧཱུྃ་ལ་བསྡུ། །ཡེ་ཤེས་རིག་པ་ཧཱུྃ་ལ་སྤྲོ། །སངས་རྒྱས་ཆོ་འཕྲུལ་ཧཱུྃ་ལས་བསྐྱེད། །གཉུག་མ་དྲི་མེད་ཧཱུྃ་ལ་བཟུང་། །ཐ་མ་ཧཱུྃ་གིས་ལ་བཟླས་སྟོང་། །ཧཱུྃ་ལྔ་སྦྱངས་པས་ངོ་བོ་མེད། །ངོ་བོ་མེད་པ་ཆོས་ཀྱི་སྐུ། །འཇམ་དཔལ་དམར་པོའི་དོན་མཐོང་བའོ། །ཞེས་གསུངས་སོ། །དེ་ལྟར་ཧཱུྃ་ལྔའི་ཆོས་ཀྱིས་སྐྱོན་བཅོས་པ་ནི། ལམ་ལྔ་མཐར་ཕྱིན་པའོ། །གསུམ་པ་ནི། ཏིང་ངེ་འཛིན་གྱི་འཕྲོ་འདུ་དངོས་བསྟན་པ་ནི་བཞི་སྟེ། ཕྱིའི་འཕྲོ་འདུ་དང་། ནང་གི་དང་། གསང་བའི་དང་། དེ་ཁོ་ན་ཉིད་དོ། །དང་པོ་ལ་ནི་གཉིས་ཏེ། གུ་རུ་པདྨའི་བཞེད་ཀྱི་ཕཊ་ཛ ཿཞེས་མདུན་དུ་ཡེ་ཤེས་པ་ཕྱེས་ལ། ཞལ་སྤྲོད་དུ་འཕྲོ་འདུ་བྱ་གསུང་། དེ་ཡང་སྐུ་གསུང་ཐུགས་རིམ་པས་བྱ་གསུང་ངོ་། །མཁན་པོ་དྷ་ན་ད་ལའི་བཞེད་ཀྱི་དམ་ཚིག་པ་དང་། ཡེ་ཤེས་པ་མི་དབྱེ་བར་ཞིང་ཁམས་དང་སྤྲོ་བསྡུ་བྱ་གསུང་ངོ་། །སྐུ་གསུང་ཐུགས་ཡང་སྤྱི་ཚོགས་སུ་བྱ་གསུང་ངོ་། །དེ་ཡང་བླ་མ་སངས་རྒྱས་ཡེ་ཤེས་ནི། ནམ་མཁའི་སྙིང་པོ་དང་བལ་མོ་བཟའ་གཉིས་པོ་པདྨའི་གསུང་དང་མཐུན་པས་གཙོ་བོར་མཛད་དོ། །ལྷ་རྗེ་ཆེན་པོ་ནི་དྷ་ན་ད་ལའི་གསུང་ལ་གཙོ་བོར་མཛད་དོ། །དེ་ལ་དང་པོ་ནི་ཕཊ་ཛཿཞེས་ཡེ་ཤེས་པ་མདུན་དུ་ཕྱེས་ལ། དེ་ནས་སྤྲོ་བསྡུ་བྱ་སྟེ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་བྱུང་སྟེ། སྔགས་ཀྱི་ཕྲེང་བ་ལ་བརྒྱུད་ནས་མགྲིན་པར་བྱུང་ནས་ཨཱཿལ་ཕོག་པས་སྔགས་ལ་ཕོག་པ་བརྒྱུད། སྣ་བུག་ནས་ཐོན་དུང་ཁང་དུ་བརྒྱུད་དེ། ཨཱོྂ་ལ་ཕོག་པས། སྔགས་ཀྱི་ཕྲེ་བ་ལས་བྱུང་སྟེ། འོད་ཟེར་སྨིན་མཚམས་ནས་ཐོན་ནས་ཡེ་ཤེས་པ་ལ་ཕོག །གོང་མ་བཞིན་དུ་བསྟིམས་པས་བརྒྱུད་དེ། འཇིག་རྟེན་གྱི་ཁམས་སུ་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་སྦྱངས་ནས། སྣང་སྲིད་ཐམས་ཅད་ལྷ་རུ་གསལ་བར་བྱས། ཚུར་འདུས་བདག་ལ་ཐིམ་པས་ལུས་ཀྱི་སྒྲིབ་པ་དག་ནས། སྐུའི་དངོས་གྲུབ་ཐོབ་པར་བསམ་མོ། །དེ་ནི་སྣང་བ་སྐུའི་དལ་ལ་བཟླས་པ་ཞེས་བྱའོ། །དེ་ནས་གོང་བཞིན་ཐུགས་ཀ་ནས་མགྲིན་པ་དང་དུང་ཁང་བརྒྱུད་མར་བབས་ཏེ། ལྗགས་སྟེང་ནས་ཡེ་ཤེས་སེམས་དཔའི་ཞལ་དུ་ཞུགས། གོང་བཞིན་བརྒྱུད་ནས་འཇིག་རྟེན་གྱི་ཁམས་སུ་འཕྲོས་པས། སྣང་སྲིད་ལྷར་གསལ་བའི་ཞལ་ནས་སྔགས་བཟླས་པས་སྒྲ་སྐད་ཐམས་ཅད་སྔགས་སུ་གྱུར་ཏེ། ཚུར་འདུས་བདག་ལ་ཐིམ་པས་ངག་གི་སྒྲིབ་པ་དག་ནས་གསུང་གི་དངོས་གྲུབ་ཐོབ་པར་བསམ། དེ་ནི་གྲགས་པ་གསུང་གི་དལ་ལ་བཟླས་པ་ཞེས་བྱའོ། །དེ་ཡང་ཐུགས་ཀ་ནས་ལྗགས་སྟེང་དང་དུང་ཁང་རིམ་པར་བརྒྱུད། ཐུགས་ཀར་བབས། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཕོག །གོང་བཞིན་དུ་བརྒྱུད་དེ། འཇིག་རྟེན་གྱི་ཁམས་སུ་འཕྲོས་ནས། སྐུ་ཐམས་ཅད་སྣང་ལ་རང་བཞིན་མེད་པར་འཇའ་ཚོན་ལྟ་བུར་གྱུར། སྒྲ་ཐམས་ཅད་གྲགས་སྟོང་དབྱེར་མེད་བྲག་ཅ་ལྟ་བུར་གྱུར། སེམས་ཀྱི་དྲན་རིག་རྟོག་པ་ཐམས་ཅད་བདེ་གསལ་མི་རྟོག་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་གྱུར། ཚུར་འདུས་བདག་ལ་ཐིམ་ཡིད་ཀྱི་སྒྲིབ་པ་སྦྱངས། ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། དེ་ནི་དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་ལ་བཟླས་པ་ཞེས་བྱའོ། །དེ་ཀ་ལ་སྟེང་སྒོ་ཕྱིའི་བཟླས་པ་ཞེས་བྱའོ། །དེ་ཡང་དྷ་ན་ད་ལ་ནི་མདུན་དུ་ཡེ་ཤེས་པ་མི་འབྱེད་དེ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་བྱུང་ནས་སྔགས་ཀྱི་ཕྲེང་བ་བརྒྱུད། མགྲིན་པ་དང་དུང་ཁང་དུ་ཡང་། དེ་བཞིན་དུ་བརྒྱུད་དེ། སྲོག་དག་པའི་ལམ་ནས་ཐུགས་ཀར་བརྒྱུད། ཐུགས་ཀ་ནས་འོད་ཟེར་ཕྱིར་འཕྲོས་པས། སྣོད་བཅུད་ཐམས་ཅད་ལྷའི་དལ་དུ་གྱུར། དེ་ཡང་སྣང་ལ་རང་བཞིན་མེད་པ་དང་། དེ་རྣམས་ཀྱིས་བཟླས་པ་དང་སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲར་གྱུར། དེ་ཡང་གྲགས་སྟོང་དབྱེར་མེད་པ་དང་། འཁོར་འདས་ལམ་གསུམ་གྱི་བསྡུས་པའི་མྱོང་རིག་གི་ཆོས་ཐམས་ཅད་སྐྱེ་འགགས་གཉིས་སུ་མེད་པའི་ཐིག་ལེ་ཆེན་པོར་བདེ་སྟོང་གི་ཡེ་ཤེས་སུ་གསལ་བར་བྱ་སྟེ། དེ་ཡང་ཕར་སྤྲོས་པས་ནི་མཆོད་ཅིང་ཐུགས་དམ་བསྐུལ། ཚུར་བསྡུས་པས་ནི་སྒྲིབ་པ་སྦྱོང་ཞིང་དངོས་གྲུབ་བསྡུ་བ་དང་། སྐུ་གསུང་ཐུགས་ཡེ་ཤེས་སུ་གསལ་བར་བསམ་ཞིང་བཟླས་པ་བྱའོ། །དེ་ལ་ཇི་བཞིན་པའི་དལ་དང་། བྱང་ཆུབ་སེམས་ཀྱི་དལ་དང་། ལྷུན་གྱིས་གྲུབ་པའི་དལ་དང་གསུམ་དུ་ཤེས་པར་བྱའོ། །དེ་ནི་གྲོལ་ལམ་སྟེང་སྒོ་ཕྱིའི་བཟླས་པ་བྱ་བ་གསུང་ངོ་། །གཉིས་པ་ནང་ལྟར་དུ་བཟླས་པ་ལ་ཡང་། རུ་པདྨའི་བཞེད་ཀྱི་མཁའ་གསང་གི་བཟླས་པ་ཞེས་བྱ་སྟེང་ཐུགས་ཀ་ནས་མགྲིན་པ་དང་དུང་ཁང་དུ་བརྒྱུད་དེ། སྲོག་དག་པའི་ལམ་ནས་ཐིག་ལེའི་ཚུལ་དུ་བབས་ཏེ། གསང་བ་རྡོ་རྗེའི་ལམ་ནས་ཐིག་ལེ་བཞི་རུ་གནས་པ་ལས། ཐིག་ལེ་གཉིས་ཤོར་ཐིག་ལེ་གཉིས་གནས་པའི་དུས་སུ། བདེ་བ་ངོས་བཟུང་ལ། ཧཱུྃ་གིས་དྲངས་ཏེ། ལྗགས་སྟེང་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་དཀར་པོ་ཡེ་ཤེས་པའི་ཚུར་དུ་ཞུགས་ནས་ཡང་རིམ་པས་བརྒྱུད་དེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་དངོས་གྲུབ་ཀྱི་དབྱིག་བསྡུས་ནས་འོད་ཟེར་དམར་པོ་ཞལ་དུ་ཐིམ་པས། ལུས་བདེ་བས་གང་བར་བསམ་ཞིང་བཟླས་སོ། །དེ་ནི་འོག་སྒོ་ནང་གི་བཟླས་པ་ཞེས་བྱའོ། །ཡང་ན་མཁན་པོ་དྷ་ན་ད་ལའི་བཞེད་ཀྱི་གནས་ལྔར་རིགསཀྱི་ཡབ་ལྔ་བསྐྱེད། ཡུམ་གྱི་གནས་ལྔར་རིགས་ཀྱི་ཡུམ་ལྔར་བསྐྱེད་ལ། ཡབ་ཡུམ་སྦྱོར་བའི་ཚེ་བདེ་བ་གཡོས་ནས་འཁོར་ལོ་བཞི་ལ་ཐིག་ལེ་རིམ་པར་བབས། གསང་བའི་ལམ་དུ་ཐིག་ལེ་གནས་པ་ལ། ཡབ་ཀྱི་ཐིག་ལེ་དམར་པོ་ཕྱིར་ལ་མི་དབྱུང་། ཡུམ་གྱི་ཐིག་ལེ་དཀར་པོ་ཕྱིར་ལ་མིད་དབྱུངས་པས། བདེ་བ་སྐད་ཅིག་མ་དང་པོའི་དུས་ཡབ་ཀྱི་ཐིག་ལེའི་འོད་ཟེར་དཀར་པོ་ཡུམ་གྱི་མཁའ་ལ་སྤྲོས་ཏེ། ཡུམ་གྱི་གནས་ལྔའི་མཁའ་འགྲོ་མ་ལ་མཆོད་པ་འབུལ། ཟག་མེད་ཀྱི་བདེ་བ་བསྐྱེད། ཡུམ་གྱི་ཐིག་ལེ་དམར་པོའི་འོད་ཟེར་ཡབ་ཀྱི་གསང་གནས་སུ་འཕྲོས་ཏེ། ཡབ་ཀྱི་གནས་ལྔའི་དེ་བཞིན་གཤེགས་པ་ལ་མཆོད་པ་ཕུལ་ཟག་པ་མེད་པའི་བདེ་བ་བསྐྱེད། ཐིག་ལེ་དངོས་སུ་མ་ཤོར་བར་ཧཱུྃ་རིང་གིས་རང་གི་གནས་སུ་བཟློག་སྟེ། གནས་ལྔའི་བ་སྤུའི་བུ་ག་ནས་འོད་ཟེར་འཕྲོས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་མཆོད། ཚུར་དངོས་གྲུབ་ཀྱི་དབྱིག་བསྡུས་ཏེ། བདག་ལ་ཐིམ་པས་བདེ་བས་གང་ཞིང་དངོས་གྲུབ་ཐོབ་པར་བསམ་མོ། །དེ་ནི་ཐབས་ལམ་འོག་སྒོའི་བཟླས་པ་ཞེས་བྱའོ། །དེ་ནས་གསུམ་པ་གསང་བའི་བཟླས་པ་ནི། རུ་པདྨའི་བཞེད་ཀྱི་གཞན་གོང་དང་འདྲ་བ་ལས། ཐིག་ལེ་ཡུམ་གྱི་མཁའ་ལ་རྫོགས་པ་དེ། ཡུམ་གྱི་གནས་ལྔར་ཡར་ལ་བརྒྱུད་དེ། ཡུམ་གྱི་བྱང་སེམས་དམར་པོ་དང་འདྲེས་ནས་ཡུམ་གྱི་མཁའ་ལ་བབས་ཏེ། ཡབ་ཀྱི་གསང་བ་ནས་ཡར་ལ་ཧཱུྃ་ཞེས་དྲངས་པས། འཁོར་ལོ་བཞིར་བརྒྱུད་དེ། ཟག་མེད་ཀྱི་བདེ་བ་རྒྱས་པར་བསྒོམ་མོ། །དེ་ནས་ཞལ་ནས་འོད་ཟེར་དཀར་དམར་དུ་འདྲེས་པ་ཐོན་ཏེ། མདུན་གྱི་ཡེ་ཤེས་སེམས་དཔའི་ཞལ་ནས་ཞུགས། སྤྲོ་བསྡུ་གོང་བཞིན་བྱས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་འོད་དུ་ཞུ་ནས། འོད་ཟེར་སྨུག་པོ་ཆི་ལི་ལི་བདག་ལ་ཐིམ་པས་ལུས་བདེ་བས་གང་ཞིང་དངོས་གྲུབ་ཐོབ་པར་བསམ་མོ། །དེ་ནི་སྟེང་འོག་ཐུན་མོང་གི་གསང་བའི་བཟླས་པ་ཞེས་བྱའོ། །ཡང་མཁན་པོ་དྷ་ན་ད་ལའི་བཞེད་ཀྱི་གཞན་གོང་དང་འདྲ་བ་ལས། ཡབ་ཀྱི་གསང་བ་ལ་རྩ་རྡོ་རྗེའི་དབྱིབས་ཡོད་པ་དེ། གཙོ་བོ་ཡབ་ལྔ་རུ་བསྒོམ། ཡུམ་གྱི་མཁའ་ན་སྐྱེ་གནས་ཟ་མ་ཏོག་ན་རྩ་ཁ་ཀ་མུ་ཀ་ཞེས་བྱ་བ་ལ་རྩ་བཞི་པདྨའི་ཚུལ་དུ་ཡོད་པ་དེ། མཁའ་འགྲོ་མ་ཡུམ་ལྔར་བསམ། རྡོ་རྗེ་པདྨོར་སྙོམས་པར་ཞུགས་ནས། བསྐྱོད་པའི་སྦྱོར་བས་ཆགས་པའི་གཡོ་འགུལ་གྱི་རླུང་གིས། བདེ་བ་གཏུམ་མོའི་མེ་སྦར་ནས། འཁོར་ལོ་བཞིའི་ཐིག་ལེ་རིམ་གྱིས་བབས་པས། ལུས་ཀྱི་དགའ་བ་བཞི་བསྐྱེད་པས། བདེ་བ་དང་པོ་ངོས་བཟུང་། དེ་ནས་ཐིག་ལེ་རྡོ་རྗེར་བབས་པས་སྐད་ཅིག་མའི་བདེ་བ་བཞི་ལས། སྐད་ཅིག་མ་དང་པོ་ཐིག་ལེ་དཀར་དམར་འཛོམ་པའི་དུས་སུ། བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་གསལ་མི་རྟོག་པའི་ཉམས་ཤར་བ་ལ་རླུང་བཟུང་བས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་བདེ་བ་ཆེན་པོའི་མཆོད་པས་མཉེས་ནས་འོད་དུ་ཞུ། སྦྱོར་མཚམས་ཀྱི་ཐིག་ལེ་ལ་ཐིམ། ཐིག་ལེ་རྡོ་རྗེའི་ལམ་དུ་དྲངས་ནས། འཁོར་ལོ་བཞི་ལ་བཟློག་པ་སྟེ། རྩ་གནས་སུ་བཀྲམ་པས་ལུས་བདེ་བས་གང་སྟེ། ཟག་མེད་ཀྱི་ཏིང་ངེ་འཛིན་སྐྱེས་ཤིང་། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ། ཐུན་མོང་གི་ལས་ཚོགས་གང་ཡང་འདྲ་གསུང་ངོ་། །བདེ་བ་ཆེན་པོ་ཐིག་ལེའི་བཟླས་པ་ཞེས་བྱའོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་བཟླས་པ་ནི། སློབ་དཔོན་གཉིས་ཀ་དགོངས་པ་མཐུན་ཏེ། མཇུག་རྫོགས་པའི་རིམ་པས་ཆོས་ཉིད་ཀྱི་དོན་ལ་བཟླ། སྤྱོད་པ་ཅིར་སྣང་ཐམས་ཅད་ཆོས་ཉིད་དུ་རོ་མཉམ། འབྲས་བུ་དྲོད་རྟགས་ཐམས་ཅད་སྐུ་གསུམ་ཡེ་ཤེས་ལྔའི་ངོ་བོར་མཐར་དབྱུང་། ཞེས་གསུངས་སོ། །དེ་ཡང་རུ་པདྨའི་བཞེད་ཀྱིས། དབང་བཞི་རྫོགས་པའི་རྣལ་འབྱོར་པས་བསྙེན་པ་དང་། ཉེ་བསྙེན་གྱི་དུས་སུ་ཕྱི་ལྟར་བཟླས། སྒྲུབ་པ་ལ་ནང་ལྟར་བཟླས། སྒྲུབ་པ་ལས་ཀྱི་མཐའ་བསྡུ་བ་ལ། དེ་ཁོ་ན་ཉིད་དུ་བཟླ་བ་གསུངས་སོ། །མཁན་པོ་དྷ་ན་ད་ལའི་ཞལ་ནས་བསྙེན་སྒྲུབ་རིམ་གྱིས་པ་དང་། སྒྲུབ་པ་ཆེན་པོའི་དུས་སུ་དེ་ལྟར་ཡིན་མོད་ཀྱིས། དབང་བཞི་རྫོགས་པའི་རྣལ་འབྱོར་པས། བསྙེན་སྒྲུབ་བཞི་ལྡན་དུ་རྒྱུན་ཁྱེར་བྱར་བཏུབ་སྟེ། ཐུན་བཞིའི་རྣལ་འབྱོར་ལ་བསྙེན་སྒྲུབ་བཞི་བྱ་བ་དང་ཐུན་གཅིག་ལ་ཡང་བསྙེན་སྒྲུབ་བཞི་བྱར་བཏུབ་གསུང་ངོ་། །ལྔ་པ་རྫོགས་པའི་རིམ་པ་ནི། ཏིང་ངེ་འཛིན་དང་བཟླས་པ་ལ་སྐྱོ་ཞིང་དུབ་ན་བཟླས་པ་བཏང་ལ་བསྟོད་པ་རྒྱས་བསྡུས་གང་རུང་གཅིག་བྱས་ཏེ། དེ་ནས་མཐེ་བོང་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར། གུང་མོ་ལ་མ་ལས་ཉི་མའི་དལ་བསམ། སེ་གོལ་གཡས་གཡོན་བསྣོལ་མར་གདབ་ཅིང་། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་། བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མཁྱེན་པར་མཛད་ཅིང་བདག་ལ་དགོངས་སུ་གསོལ། བདག་གི་རྒྱལ་བའི་བཀའ་བདེན་པ་འདི་འགྲུབ་པར་གྱུར་ཅིག །མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ནས་སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག །ཐོབ་ནས་ཀྱང་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་བྱེད་པར་གྱུར་ཅིག །དེ་བཞིན་གཤེགས་པའི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་མཐར་ཕྱིན་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད་དོ། །དེ་ནས་རྟག་པའི་མཐའ་བསལ་བའི་ཕྱིར། དལ་བསྡུ་བ་ནི། འཁོར་རྣམས་རིགས་ཀྱི་གཙོ་བོ་ལ་བསྡུས་ཏེ། གཙོ་བོ་ཡང་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་བསྡུ། ཡེ་ཤེས་སེམས་དཔའ་ཡང་ཐུགས་ཀའི་ཧཱུྃ་ལ་བསྡུ། ཧཱུྃ་ཡང་ཞབས་ཀྱུ་འ་ལ་བསྡུ། འ་ཧ་ལ་བསྡུ། ཧ་ཟླ་ཚེས་ལ་བསྡུ། ཟླ་ཆེས་ཐིག་ལེ་ལ་བསྡུ། ཐིག་ལེ་མི་དམིགས་པར་ཆོས་སྐུར་ལ་བཟླའོ། །དེ་ནས་ཆད་པའི་མཐའ་བསལ་བའི་ཕྱིར། སྐུ་བསྐྱེད་པའི་སྔགས་དྲན་པ་ཙམ་གྱིས། སྐད་ཅིག་ལ་ལྷའི་སྐུ་རྫོགས་ཚུལ་དུ་ཀྲོང་བསྐྱེད་ལ། དེའི་སྤྱི་བོར་ཨ་ལས་ཟླ་བའི་དལ་ལ། ཧཱུྃ་ཁ་དོག་ལྔ་ལྡན་གཅིག་བསམ། དེ་འོད་དུ་ཞུ་བས་སྣ་ཚོགས་རྡོ་རྗེར་གྱུར། ཨཱོྂ་བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། ཞེས་བརྗོད་པས། དེ་ལས་རྡོ་རྗེ་ཕྲ་མོའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གྱུར་པར་བསམ། ཨཱོྂ་བྃ་ཧཱུྃ། ཞེས་བརྗོད་པས་རྡོ་རྗེ་ལུ་གུ་རྒྱུད་ཀྱིས་བཅིངས་ཏེ་གནས་ལྔར་མདུད་པའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་རེ་བསམ། རྡོ་རྗེའི་གོ་མིག་རྣམས་ཁྲོ་ཆུང་གིས་གཏམས་པར་བསམ། དྲུག་པ་ཐུན་མཚམས་ཀྱི་སྤྱོད་ལམ་བསྟན་པ་ནི། འགྲོ། ཉལ། འདུག །སྡོད། ཟ། འཆག །སྤྱོད་ལམ་དྲུག་པོ་གང་བྱེད་ཀྱང་། ལྷ་ཡི་ང་རྒྱ་དང་མ་བྲལ་བར་བྱ། བཟའ་བཏུང་ཐམས་ཅད་བྱིན་གྱིས་རློབས་ལ་ལྷར་གསལ་བས་ལོངས་སྤྱད། ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་འདོད་ཡོན་གྱི་ལྷ་མོ་དྲུག་ཏུ་རྒྱས་གདབ་སྟེ། ལྷ་ལྷ་ལ་ཐིམ་པའམ། ཡེ་ཤེས་ལ་ཡེ་ཤེས་རོལ་པའི་ཚུལ་དུ་སྤྱད་པར་བྱའོ། ༈ །དེ་ནས་གཉིས་པ་ཉེ་བའི་བསྙེན་པ་ནི། གྲུབ་པའི་རྟགས་དང་། དྲོད་ཚད་ཀྱི་རིམ་པ་རྣམས་གཞུང་ལས་བྱུང་བ་བཞིན་དུ་རྫོགས་ནས། དངོས་གྲུབ་རྟགས་ཀྱི་བསྙེན་པ་བྱ་སྟེ། བསྐྱེད་རིམ་ལ་སོགས་པ་གཞན་གོང་དང་འདྲ་བ་ལས། བཟླས་པའི་དུས་སུ། ཨཱོྂ་ཨ་ཀྲོ་ཏེ་ཀ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་པའམ། ཡང་ན། ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཛཿ ཞེས་པ་དང་། ཨཱོྂ་མཉྫུ་ཤྲཱི་ཀུ་མཱ་ར་ཡ་མ་རཱ་ཛ་ཧཱུྃ་ཕཊ། ཅེས་པ་བཟླས་སོ། །འཕྲོ་འདུ་བྱ་བ་ནི། གོང་གི་བྷནྡྷའི་ཕུར་པ་ལ་མིའི་རྒྱུས་པ་གསུམ་བསྒྲིལ་ལ་གཟུངས་ཐག་བྱས་ལ་ཁྲག་ཆེན་གྱིས་བྱུགས། ལག་པ་གཡས་པའི་མཐེབ་སྲིན་གྱིས་སྙིང་ཁར་བཟུང་སྟེ། བྷནྡྷ་གཞལ་ཡས་ཁང་དུ་བསམ། ཕུར་པ་ལྷར་བསམ། ཡུངས་ཀར་སྤྲུལ་པའི་ཁྲོ་བོར་བསམ། དམ་ཚིག་པ་དང་ཡེ་ཤེས་པ་ཞལ་སྤྲོད་དུ་བྱས་ལ་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས། བ་ཐག་གཟེངས་པ་ལྟ་བུའམ་མགལ་མེའི་འཁོར་ལོ་ལྟར་ཞལ་ནས་ཞལ་དུ་བརྒྱུད་ཅིང་། ཐུགས་ནས་ཐུགས་སུ་བརྒྱུད་པར་བསམ། ལས་ཀྱི་གཤིན་རྗེ་དང་། ལྷ་མ་སྲིན་སྡེ་བརྒྱད་དང་མ་མོ་མཁའ་འགྲོ་མ་ཐམས་ཅད་འདུས་ཏེ་བདག་ལ་བསྐོར་ཞིང་རང་རང་གི་སྲོག་གི་སྙིང་པོ་དབུལ་བ་དང་། བྲན་དུ་འཁོལ་ཞིང་ཅི་བསྒོ་བའི་ལས་བྱེད་པར་བསམ། བླ་མ་རིག་འཛིན་བརྒྱུད་པ་རྣམས་དང་། དེ་བཞིན་གཤེགས་པ་ཐམས་ཅད་སྤྲིན་བཞིན་དུ་གཏིབས་ཏེ། དངོས་གྲུབ་སྩོལ་བར་བསམ་ཞིང་བཟླས་སོ། །གྲུབ་པའི་རྟགས་ནི། དྲོད་བདུན་པའི་མན་ངག་ཆེ་ཆུང་དང་མ་རུ་རྩེ་འཁྲུལ་འཁོར་ནས་འབྱུང་བ་བཞིན་དུ་ཤེས་པར་བྱའོ། །དེ་ཡང་གྲུབ་པའི་རྟགས་དང་། བདུད་ཀྱི་བར་ཆད་ངོ་ཤེས་པར་བྱས་ཏེ། གསལ་ཡང་དགའ་སྤྲོ་དང་། ངོ་མཚར་ཡང་མི་བསྐྱེད་འཇིགས་ཤིང་ཡ་ང་བ་ཡང་མི་བྱེད་པར་ལྟ་བ་ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུས་ཐམས་ཅད་ཆོས་ཉིད་དུ་བལྟ། བསྒོམ་པའི་ཏིང་ངེ་འཛིན་ངར་བསྐྱེད་ལ་ཡེངས་པ་མེད་པར་བྱ། སྤྱོད་པའི་བརྟུལ་ཞུགས་ཀྱིས་ཐམས་ཅད་ཆོས་ཉིད་དུ་རོ་མཉམ་ཞིང་དགེ་སྦྱོར་གྱི་བོགས་འདོན་གྲུབ་རྟགས་དང་བདུད་ཀྱི་བར་ཆད་དུ་མ་འདྲེས་པར་དྲོད་དང་རྟགས་བརྟན་པོར་མི་འགྱུར་བ་འབྱུང་བའི་བར་ཅིག་ཀྱང་བར་མ་ཆོད་པར། སྒྲུབ་པ་ཆེན་པོ་བརྩམས་ལ་དངོས་གྲུབ་བླང་བར་བྱའོ། ༈ །སྤྱི་དོན་གཉིས་པ་སྒྲུབ་པ་བྱ་བ་ནི་གསུམ་སྟེ། སྒྲུབ་པའི་སྔོན་དུ་འགྲོ་བ་དང་། སྒྲུབ་པ་དངོས་བསྟན་པ་དང་། སྒྲུབ་པ་ལས་ཀྱི་མཐའ་བཏུལ་བའོ། །དང་པོ་ལ་གཉིས་ཏེ། སྤྱི་དང་བྱེ་བྲག་གོ། །སྤྱི་ནི་གོང་དུ་བསྟན་པ་བཞིན་དུ། ཕུན་སུམ་ཚོགས་པ་ལྔ་དང་ལྡན་པས་གཞི་བཟུང་བ་དང་། སྔོན་དུ་འགྲོ་བའི་རིམ་པ་གཉིས་ཀྱིས་བསོད་ནམས་ཀྱི་ཚོགས་བསགས་ཤིང་བཤགས་པས་རྒྱུད་དག་པར་བྱའོ། །བྱེ་བྲག་ཏུ་བསྟན་པ་ལ་དྲུག་སྟེ། སའི་ཆོ་ག་བྱ་བ་དང་། མཚམས་བཅད་པ་དང་། དལ་བྲི་ཞིང་རྫས་དགོད་པ་དང་། དཔོན་སློབ་དལ་དུ་འཇུག་པའི་ཆོ་ག་དང་། སྔོན་འགྲོའི་ཆོ་ག་ཐོ་བསྡེབ་པ་དང་། སློབ་དཔོན་གྱི་དགོངས་པ་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི། ས་བརྟགས་པ་དང་། ས་བསླང་བ་དང་། སའི་པྲ་བརྟགས་པ་དང་། ས་སྦྱང་བ་དང་། ས་བཟུང་བ་དང་། བསྲུང་ཞིང་བྱིན་གྱིས་རློབས་པ་ལ་སོགས་པ་བཀོལ་བྱང་ནས་འབྱུང་བ་བཞིན་དུ་རྒྱས་བསྡུས་ཅི་རིགས་པར་བྱའོ། །གཉིས་པ་མཚམས་བཅད་པ་ནི། དང་པོ་ཕྱི་རོལ་དུ་གཏོར་མ་ཆ་གསུམ་མམ། འབྱུང་གཏོར་བཏང་ལ་བདེན་པ་བདར། རྒྱལ་པོ་ཆེན་པོ་བཞི་ལ་ཐོ་བཞི་བརྩེགས་ལ་ཕྲིན་ལས་བཅོལ། ནང་དུ་ལོག་ལ་དམ་སྲི་མནན། སྒོ་བྱང་གདགས། མ་ཏྲཾ་བསྒྲལ་བའི་ཁོག་པ་བྷྲཱུྃ་ལས་གཞལ་ཡས་ཁང་དུ་བསྐྱེད། དེ་ནས་དལ་བྲི་ཞིང་རྫས་དགོད་པ་ནི། དཀྱིལ་འཁོར་འདོམས་གང་མདའ་གང་པ་གནས་ཁང་དང་སྦྱར་ཏེ་བརྩིགས་ལ། བདུད་རྩི་ལྔའི་ཆག་ཆག་གདབ། བ་སུ་ཏའམ་རས་བལ་གྱི་སྐུད་པ་བྱིན་གྱིས་བརླབ་ལ། གནམ་ཐིག་དང་ས་ཐིག་གདབ། ཚོན་བྱིན་གྱིས་བརླབ་ལ་བྲི། དེ་ནས་རྒྱན་དང་། མཆོད་པ་དང་། སྒྲུབ་རྫས་རྣམས་དགོད། དེ་ནས་དཔོན་སློབ་དལ་དུ་འཇུག་པ་ནི། བརྡའ་སྒོ་བརྡའ་ཕྱག་བྱས་ལ། ཡན་ལག་དགུ་པས་རྡོ་རྗེ་སློབ་དཔོན་འཇུག །དེ་ནས་སློབ་དཔོན་གྱིས་མཆོད་པའི་གཞུང་གཅིག་བསྲང་ལ་སྨན་མཆོད་བྱ། སློབ་མ་དལ་དུ་འཇུག་ན། སློབ་མས་མེ་ཏོག་ཐོགས་ལ་གསོལ་བ་གདབ། སློབ་དཔོན་གྱིས་མེ་ཏོག་དྲངས་ལ་ལྷ་དང་སྙིང་པོ་དཔོག །བསྲེ་བསྣན་བྱའོ། །སྔོན་འགྲོའི་ཆོ་ག་ཐོ་བསྡེབ་པ་ནི། གཙོ་བོ་རྒྱན་གསོལ་ཞིང་། འཁོར་ལ་རྟགས་གདབ་པ་དང་། དམ་བཅའ་ཞིང་བྱིན་དབབ་པ་དང་། མཆོད་རྫས་བྱིན་གྱིས་བརླབ་པའོ། །སློབ་དཔོན་སོ་སོའི་དགོངས་པ་ནི། རུ་འཇམ་དཔལ་བཤེས་གཉེན་གྱི་བཞེད་པས། གཤིན་རྗེ་ནག་པོའི་སྒྲུབ་ཐབས་དང་མཐུན་པར་ནག་པོས་ཁོག་ཕུབ་ལ། མ་བུའི་ཚུལ་དུ་ཤེས་པར་བྱ་གསུང་། རུ་པདྨའི་བཞེད་པ་ནི། སྒྲུབ་པ་སྤྱི་དང་མི་འགལ་བར་མཁའ་འགྲོའི་ལུང་བསྟན་དང་མཐུན་པར་བལ་མོ་བཟའི་དོན་དུ་མཛད་པ་བཞིན་དུ་བྱའོ་གསུངས་སོ། །མཁན་པོ་དྷ་ན་ད་ལའི་བཞེད་ཀྱི་བདག་དོན་དུ་སྒྲུབ་པ་ནར་མ་བྱ་བའི་ཐབས་མན་ངག་གི་བཀོལ་བྱང་ནས་འབྱུང་བ་ལྟར་བྱའོ་གསུང་། དེ་ཡང་དང་པོ་ནི་དམར་ནག་ཚལ་གྱི་ལུགས་ཡིན། གཉིས་པ་ནི། སྒྲུབ་པ་སྤྱི་དང་མི་འགལ་བ་གུ་རུས་མཛད་པ་ཡིན། ཐ་མ་ནི་དམར་པོ་རྐྱང་པའི་སྒྲུབ་པ་ཆོ་ག་གཞན་ལ་མི་ལྟོས་པ་ཡིན་གསུངས་སོ། །གང་ལ་མོས་པ་ལྟར་བྱས་ཀྱང་འགལ་བ་མེད་དོ། །གཉིས་པ་སྒྲུབ་པ་དངོས་ལ་གསུམ་སྟེ། གཞུང་གང་ལ་བྱེད་ཀྱང་བསྙེན་སྒྲུབ་བཞིའི་གཞུང་བསྲང་བ་དང་གསོ་བ་མཚམས་སྦྱོར་གཉིས་གོ་ཚོགས་བསྡེབས་པ་དང་། ཕྲིན་ལས་དྲུག་གི་འཁྲུགས་བསྡེབས་པའོ། །དང་པོ་ནི། སྔོན་འགྲོ་ཚོགས་བསགས་པ་ནི། ཞི་ཁྲོའི་ཕྲིན་ལས་གཞུང་བསྲང་བ་དེ་མན་ཆད་བསྙེན་པའོ། །དེ་ནས་དམར་པོའི་གཞུང་བསྲངས་ནས། ཛཔ྄་དང་ཚོགས་ཐོན་པ་ཚུན་ཆད་ཉེ་བའི་བསྙེན་པ། དེ་ནས་སྒྲུབ་པ་ཞག་དུ་བྱེད་ཀྱང་། གྲུབ་པའི་རྟགས་བཟང་པོ་མ་བྱུང་གི་བར་རམ། ཡང་ན་ནུབ་ཐ་མ་ཚུན་ཆད་སྒྲུབ་པ་ཞེས་བྱའོ། །དེ་ནས་རྟགས་བཟང་པོ་བྱུང་བའམ། ནུབ་ཐ་མ་ལ་བབས་པའི་ཚེ་དངོས་གྲུབ་ཀྱི་ཞལ་ཟས་ཀུན་བསགས་ནས་དངོས་གྲུབ་བླང་པ་དང་། དབང་བསྐུར་ནས་དངོས་གྲུབ་བསྟིམ་པ་ཡན་ཆད་པོ་དེ་སྒྲུབ་པ་ཆེན་པོ་ཞེས་བྱའོ། །གཉིས་པ་གསོ་བ་མཚམས་སྦྱོར་ནི། ཕྲིན་ལས་སྔོན་དུ་སོང་ནས། ཕྱི་མ་ལ་ཞུགས་པ་དེ་ལ་ཚེའི་མཚམས་སྦྱོར་ནི། ཚེ་རྙིང་པ་ལ་ཚེའི་ཕོ་ཉ་བསྐུལ་ཞིང་ཛཔ྄་བཟླས་ལ་ཚེ་བསྟིམ། ཚེ་སོ་མ་བཅས་ལ་བྱིན་རླབས་བྱས་ལ་བཞག །དེའི་རྗེས་ལ་གཏོར་མའི་མཚམས་སྦྱར་ཏེ་ལས་ཀྱི་གཏོར་མ་ལ་ལྷག་ཆོག་བྱས་ལ། ཤོད་དུ་དཔགས་ལ་བཞག །གཏོར་མ་སོ་མ་བཅས་ལ་བྱིན་རླབས་བྱས་ལ་བཞག །དེ་ནས་གྲུབ་ན་སྦྱིན་སྲེག་བྱས་ཏེ། མ་གྲུབ་ན་ཕུར་བུའི་སྦྱིན་སྲེག་བྱས་ཏེ། སྔ་དྲོ་ཤར་དུ་ཞི་བའི་སྦྱིན་སྲེག་བྱ། གུང་ལ་ལྷོ་རུ་རྒྱས་པའི་སྦྱིན་སྲེག་བྱ། དགོང་མོ་ནུབ་ཏུ་དབང་གི་སྦྱིན་སྲེག་བྱ། ནམ་གྱི་གུང་ལ་བྱང་དུ་དྲག་པོའི་སྦྱིན་སྲེག་བྱ། དེའི་རྗེས་ལ་ཕྲིན་ལས་བཞིའི་བྲོ་ཡང་དེ་བཞིན་དུ་བྱའོ། །དེ་ཡང་ཞི་བ་ནི་བསྙེན་པའི་དུས། རྒྱས་པ་ནི་སྒྲུབ་པའི་དུས། དབང་ནི་སྒྲུབ་པ་ཆེན་པོའི་དུས་སུ་བྱ། དྲག་པོ་ནི་རྨི་ལྟས་ངན་པའམ་གནོད་སྦྱིན་གྱི་བར་ཆད་དང་། ཆོ་འཕྲུལ་བྱུང་བའི་ཚེ་བྱའོ། །གསོ་བ་གཉིས་པ་ནི། ཕྲིན་ལས་ཕྱི་མ་ལ་འཇུག་པའི་དུས་སུ། དལ་གྱི་རེ་ཁ་དང་། གཏོར་མ་དང་། སྨན་ཕུད་དང་། རཀྟ་དང་། མར་མེ་དང་། སྒྲུབ་པ་པོ་རྣམས་ཀྱི་རྟགས་གསོ་བ་དང་། རྡོ་རྗེ་སློབ་དཔོན་དགོངས་པ་ལ་འཇུག །ལས་མཁན་གྱིས་ཕྲིན་ལས་ཀྱི་གཞུང་བསྲང་ངོ་། །ཕྲིན་ལས་དྲུག་ནི། ཞི་བ། རྒྱས་པ། དབང་། དྲག་པོ་བཞི་ནི་སྔར་དང་འདྲ་ལ། དེ་ཡང་རྟགས་བཟང་ངན་གང་ཡང་མ་བྱུང་ན། ཞི་བའི་ལས་བྱ། བཟང་ངན་འདྲེས་མ་བྱུང་ན་རྒྱས་པའི་ལས་བྱ། བཟང་པོ་བྱུང་ན་དབང་གི་ལས་བྱ། ངན་པ་བྱུང་ན་དྲག་པོའི་ལས་བྱ། མནན་བཟློག་ནི། ཧོཾ་ཁུང་དུ་བྲོ་ཡིས་གཟིར་ལ་མནན་པ་དང་། ཕོ་ཉ་དང་སྔགས་ཀྱིས་བཟློག་པར་བྱའོ། །དེ་ཡང་དངོས་གྲུབ་ཀྱི་རྟགས་དང་། བར་ཆད་ཀྱི་ཆོ་འཕྲུལ་ངོ་ཤེས་པར་བྱས་ལ། རྟགས་བཟང་པོ་བརྟན་པོ་བྱུང་ན་དངོས་གྲུབ་བླང་། བར་ཆད་ཀྱི་ཆོ་འཕྲུལ་བྱུང་ན། ཉམས་དང་ཏིང་ངེ་འཛིན་དང་། སྔགས་དང་ཕོ་ཉ་ལ་སོགས་པས་བཟློག་པར་བྱའོ། །དེ་ནས་སྒྲུབ་པ་ཆེན་པོ་ལ་གཉིས་ཏེ། བདག་དོན་དངོས་གྲུབ་བསྒྲུབ་པ་དང་གཞན་དོན་དུ་དབང་བསྐུར་བའོ། །དང་པོ་ནི། དངོས་གྲུབ་ཀྱི་ཞལ་ཟས་ཅི་འབྱོར་པ་བསགས་ལ་ཁྱད་པར་དུ་མཆོག་གི་སིདྡྷི་ཡེ་ཤེས་ཀྱི་ལྷ་ལ་བླང་བའི་ཕྱིར། བྷནྡྷ་མཚན་དང་ལྡན་པར་སྨན་མར་དང་། དངོས་གྲུབ་ཀྱི་རིལ་བུ་བླུགས་ཏེ། གང་འདོད་ཀྱི་གསོལ་བྱང་བཅུག་ལ། དབུས་ཀྱི་ཕོ་བྲང་ལ་དགོད། ཐུན་མོང་གི་དངོས་གྲུབ་བླངས་པའི་ཕྱིར། ཤར་ཕྱོགས་ཀྱི་སྲིན་པོ་མ་རུ་རྩེ་སྐྱེ་འགྲོའི་སྲིད་ལ་དབང་བསྒྱུར་བས་རིགས་རྒྱུད་ཀྱི་དངོས་གྲུབ་བླངས། ལྷོ་ཕྱོགས་ཀྱི་གཤིན་རྗེ་མ་རུ་རྩེ་འགྲོ་བའི་སྲོག་ལ་དབང་བསྒྱུར་བས་ཚེའི་དངོས་གྲུབ་བླངས། ནུབ་ཕྱོགས་ཀྱི་བདུད་པོ་མ་རུ་རྩེ་སྐྱེ་འགྲོའི་མཐུ་ལ་དབང་བསྒྱུར་བས་དྲག་པོའི་དངོས་གྲུབ་བླངས། བྱང་ཕྱོགས་ཀྱི་གནོད་སྦྱིན་མ་རུ་རྩེ་འཇིག་རྟེན་གྱི་ནོར་ལ་དབང་བསྒྱུར་བས་ལོངས་སྤྱོད་ཀྱི་དངོས་གྲུབ་བླངས། དམ་ཅན་བསྭེ་མོ་བཞིས་འཇིག་རྟེན་གྱི་སྣང་བ་ལ་དབང་བསྒྱུར་བས། བསོད་ནམས་དང་སྙན་གྲགས་ཀྱི་དངོས་གྲུབ་བླངས་ཏེ། སོ་སོའི་དམ་རྫས་གསོལ་བྱང་དང་བཅས་པ་བཞག་གོ། །དེ་ནས་མཚམས་དྲག་ཏུ་བཅད། བསྐང་བཤགས་རྒྱས་པར་བྱ། རང་རང་གི་འཛབ་ལ་དངོས་གྲུབ་གང་འདོད་ཀྱི་ཤམ་བུ་བཏགས་ལ་བཟླས། ས་མ་ཏི་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་ནམ་གྱི་གུང་ཡོལ་བ་དང་། དལ་གྱི་ལྷ་རྣམས་ལ་བསྟོད་པ་རྒྱས་པར་བྱས་ལ། ལྷ་སོ་སོའི་མཚན་དོན་གྱི་བསྙེན་པ་དབུལ། དངོས་གྲུབ་བསྐུལ་བའི་ཆོ་གས་བླང་ངོ་། །དེ་ནས་མེ་ཏོག་གཏོར་ཞིང་གསོལ་བ་གདབ་ལ། བྷནྡྷ་དང་ཕུར་པ་ལ་སོགས་པའི་དབང་བླང་ཞིང་བསྟིམ་མོ། །དེ་ནས་དངོས་གྲུབ་ཀྱི་ཞལ་ཟས་རྣམས་ལ་རོལ་ཏེ། ཆ་གཅིག་སློབ་དཔོན་དང་ལྷ་ལ་གཏང་རག་ཏུ་བཏང་། ཆ་གཅིག་ལ་རྣལ་འབྱོར་པ་རྣམས་རོལ། ཆ་གཅིག་གིས་དམ་ཅན་མཁའ་འགྲོ་མཆོད། གཉིས་པ་གཞན་དོན་དུ་དབང་བསྐུར་བ་ནི། དབང་ཉིད་གཙོ་བོར་བྱེད་ན་དཀྱིལ་འཁོར་གྱི་ཆོ་ག་དང་དབང་མཛོད་ལྟ་བུར་བྱའོ། །སྒྲུབ་པ་ཞོར་ལ་འབྱུང་བའི་དབང་ནི། རྒྱས་བསྡུས་ཅི་རིགས་པ་སྐབས་དང་སྦྱར་རོ། །སྤྱི་དོན་གསུམ་པ་བསྒྲུབ་པའི་མཇུག་བསྡུ་བ་ནི་དྲུག་སྟེ། གཏོར་མའི་མཇུག་བསྡུ་བ་ནི། གཏོར་མ་ཆ་གསུམ་དུ་བགོས་ཏེ། ཆ་གཅིག་ལ་ལྷག་ཆོག་བྱས་ལ། ཕྱི་རོལ་དུ་བརྟན་མ་སྐྱོང་། བྲོ་ཡི་སྒོ་ནས་མཐའ་བཏུལ་བ་ནི། ནང་དུ་ལོག་ལ། གཏོར་གཞོང་ལ་ཕྲིན་ལས་རྣམ་བཞིའི་བྲོ་བརྡུང་། སྨོན་ལམ་གྱི་སྒོ་ནས་མཐའ་བསྡུ་བ་ནི། གཏོར་མ་གཅིག་དང་སྨན་ཕུད་རཀྟ་དང་། མར་མེ་ལ་སོགས་པ་གཏེར་དུ་སྦ་ཞིང་མཇུག་བསྡུ་བའི་སྨོན་ལམ་བཅུ་གཅིག་པོ་གདབ་བོ། །སྦྱིན་སྲེག་གི་སྒོ་ནས་མཐའ་བསྡུ་བ་ནི། གཏོར་མ་ཆ་གཅིག་ལ་རྒྱས་པའི་སྦྱིན་སྲེག་བཏང་། དལ་གྱི་སྒོ་ནས་མཐའ་བསྡུ་བ་ནི། རྟག་པའི་མཐའ་བསལ་བའི་ཕྱིར་ཏིང་ངེ་འཛིན་གྱི་དལ་བསྡུ། ཆད་པའི་མཐའ་བསལ་ཕྱིར་སྐད་ཅིག་གིས་ལྷ་བསྐྱེད་ལ། གོ་བགོ་ལུས་བསྲུང་བྱ། རྡུལ་ཚོན་ཕྱག་ལ་ཆུ་བོ་ཆེན་པོ་ལ་གཏོར། མཚམས་ཀྱི་མཐའ་བསྡུ་བ་ནི། ཐོ་འགྱེལ། མཚམས་ཕུར་བསྡུ། མཚམས་ཀྱི་ལྷ་ལ་གཏང་རག་བཏང་། མཚམས་གྲོལ། བཀྲ་ཤིས་གསོལ། ཞག་གཅིག་གནས་བསྲུང་། རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །དེ་ཡན་ཆད་དུ་ཡེ་ཤེས་ཀྱི་ལྷའི་བསྙེན་སྒྲུབ་ལ་བརྟེན་ཏེ། མཆོག་དང་ཐུན་མོང་གི་སིདྡྷི་བསྒྲུབ་པ་སྟེ། སྟོད་དཀར་པོ་བྱང་ཆུབ་ཀྱི་ལམ་ཞེས་བྱའོ། ༈ །སྤྱི་དོན་གསུམ་པ་ལས་ལ་སྦྱར་བ་ནི། སངས་རྒྱས་ཀྱི་བསྟན་པ་གཉན་པོ་བསྲུང་བ་དང་། ཆོས་འཆད་པའི་བར་ཆད་བསལ་བ་དང་། ཐུགས་རྗེའི་དཔྱང་ཐག་ཆད་པའི་སེམས་ཅན་ཞི་བས་མི་ཐུལ་བ་རྣམས་ལ། ཐུགས་རྗེ་ཡལ་བར་མི་འདོར་ཞིང་། བླ་ན་མེད་པའི་གནས་སུ་དྲངས་པའི་ཕྱིར། དྲག་པོའི་ལས་ལ་འཇུག་པར་བྱ་སྟེ། དེ་ཡང་རང་དོན་དུ་ཕྲན་ཚེགས་ལ་གར་ཐོད་ཐོད་དུ་བྱ་བ་མ་ཡིན་ཏེ། ཤེས་རབ་ཟབ་མོས་ལྟ་བའི་གཡངས་ཆོད་པར་བྱ་བ་དང་། ཏིང་ངེ་འཛིན་མངོན་དུ་གྱུར་པས་ཡེ་ཤེས་ལྷའི་དངོས་གྲུབ་ཐོབ་པ་དང་། སྙིང་རྗེ་ཆེན་པོས་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དང་། སྤྱོད་པ་སྦྱོར་སྒྲོལ་གྱི་གདེངས་དང་ལྡན་པས་བྱ་བ་ལས། ཕལ་པ་སུ་གང་ཡིན་གྱིས་བྱ་བར་མ་གསུངས་སོ། །ལས་ལ་སྦྱར་བའི་ཐབས་ཀྱི་རིམ་པ་ལ་བཞི་སྟེ། ཕྱི་མཚམས་སྐོར་དུ་བསྒྲུབ་པ་དང་། ནང་མདོ་སྐོར་དུ་བསྒྲུབ་པ་དང་། གསང་བ་ཡང་བཀོལ་དུ་བསྒྲུབ་པ་དང་། ཐུས་ཀ་དྲག་སྔགས་སུ་བསྒྲུབ་པའོ། །དང་པོ་ནི། རུ་འཇམ་དཔལ་བཤེས་གཉེན་གྱི་དགོངས་པ་གཙོ་བོར་བྱས་ཏེ། རུ་པདྨས་དགེ་སློང་ནམ་མཁའི་སྙིང་པོ་ལ་གདམས་པའི་སྐོར། དམར་ནག་འཆོལ་བའི་སྐབས་ཡིན་ནོ། །ནག་པོ་གཙོ་བོར་་བྱས་ནས་དམར་པོ་ཤམ་བུར་གདགས་པ་དང་། དམར་པོ་གཙོ་བོར་བྱས་ཏེ་ནག་པོ་ཤམ་བུར་གདགས་པ་དང་། དམར་ནག་འཆོལ་མར་བསྒྲུབ་པ་དང་། དམར་པོ་ཟངས་རྐྱང་དུ་སྒྲུབ་པའོ། །དེ་ལ་དང་པོ་ནི། དམར་ནག་འབར་བའི་ཏནྟྲ་དང་། ལོ་ཀ་ལས་འདས་པའི་མདོ་རྒྱུད་ལས། རྩ་བའི་སྒྲུབ་ཐབས་བཞིར་བསྟན་ཏེ། སྲོག་ལ་བསྒྲུབ་པ་དང་། འཁོར་ལོ་ལ་བསྒྲུབ་པ་དང་། ཕུར་པ་ལ་བསྒྲུབ་པ་དང་། ཐོད་པ་ལ་བསྒྲུབ་པའོ། །དེ་རྣམས་ལ་ཡང་གབ་རྒྱ་བཅོ་ལྔའི་གདམས་ངག་ཤེས་པས་ཉམས་སུ་བླང་བར་བྱ་སྟེ། མྱུར་མགྱོགས་ཀྱི་ཕོ་ཉ་ནི་སྲོག་བདག་དཀར་པོ་དང་། མགོན་པོ་ནག་པོ་དང་། ཡམ་ཤུད་དམར་པོ་དང་། དགེ་བསྙེན་ལྗང་གུ་བཞི་བསྒྲུབ་པར་བྱའོ། །དམར་པོ་དམེ་རྒྱུད་ལས། སྲོག་དང་། འཁོར་ལོ་དང་། ཕུར་པ་དང་། ཐོད་པ་ལ་བསྒྲུབ་པ་ལ་སོགས་པ་བཞི་དང་། སྔགས་པ་ནང་རྒྱས་པ་དང་། སྡེ་བརྒྱད་རང་གཤེད་ཀྱི་སྒྲུབ་པ་ལ་སོགས་པ་ཉམས་སུ་བླང་བར་བྱའོ། །དམར་ནག་རོལ་པའི་ཏནྟྲ་དང་། ཚ་བ་ཡང་གཏེར་གྱི་རྒྱུད་ལས། བསྭེ་དམར་སྲོག་སྡིག་གི་བསྒྲུབ་པ་ཆེ་འབྲིང་ཆུང་གསུམ་ཡོད་དེ། དེ་རྣམས་ལ་ཡང་། སྲོག་དང་ཐོད་པ་དང་ཕུར་པ་དང་གསུམ་དུ་བསྒྲུབ་པར་བྱའོ། །གཉིས་པ་དམར་པོ་གཙོ་བོར་བྱས་ཏེ་ནག་པོ་ཞོར་ལ་གདགས་པ་ནི། ཟངས་རྐང་དམར་པོ་སྲོག་ལེན་གྱི་རྒྱུད་ལས། གཤིན་རྗེ་ཟངས་རྐང་གི་བསྒྲུབ་པ་དང་། གྭའུ་དམར་ནག་གི་བསྒྲུབ་པ་དང་། ཝ་ཐོད་རླུང་དམར་གྱི་བསྒྲུབ་པ་དང་། བསེ་མཁར་དམར་པོའི་བསྒྲུབ་པ་དང་བཞི་ཤེས་པར་བྱའོ། །ཝ་ཐོད་དུ་བསྒྲུབ་ན་རླུང་དམར་རྫི་འཚོལ་གྱི་མན་ངག་གལ་ཆེ་བར་གསུངས་སོ། །ཡང་ཤན་པ་སྒྲོལ་བྱེད་དམར་པོའི་རྒྱུད་དང་། དུར་ཁྲོད་ཁྲོ་བོའི་རྒྱུད་ལས་རྒྱའི་དུག་མཚོ་ཆེ་ཆུང་གི་བསྒྲུབ་པ་འབྱུང་སྟེ། འདི་ལ་ཡང་ཕོ་རུ་བསྒྲུབ་པ་དང་། མོ་རུ་བསྒྲུབ་པ་དང་། ཕོ་མོ་སྦྲེལ་ཏེ་བསྒྲུབ་པ་དང་། དེ་རྣམས་ལ་ཡང་ནང་ཚེགས་སུ་མང་དུ་ཡོད་དེ། རང་རང་ལོགས་སུ་ཉམས་སུ་བླང་དུ་བཏུབ་བོ། །གསུམ་པ་དམར་ནག་འཚོལ་བའི་བསྒྲུབ་པ་ནི། དམར་ནག་གཤོག་པ་རྐེད་ཆག་གི་རྒྱུད་ལས། ཕྱི་སྲོག་ཏུ་བསྒྲུབ་པ་དང་། ནང་འཁོར་ལོ་ལ་བསྒྲུབ་པ་དང་། གསང་བ་ཐོད་པ་ལ་བསྒྲུབ་པ་དང་། ཡང་གསང་ལྡེར་སོ་ལ་བསྒྲུབ་པའོ། །ཐོད་པ་ལ་གཉིས་ཏེ། ཐོད་ཆེན་ལ་བརྟེན་ཏེ་གྭའུའི་བསྒྲུབ་པ་དང་། ཝ་ཐོད་ལ་བསྒྲུབ་པའོ། །དེ་རྣམས་ལ་རྗེས་ཅན་དུ་བསད་པ་དང་། རྗེས་མེད་དུ་བསད་པ་གཉིས་སུ་འདུས་གསུངས་སོ། །ཡང་ཤན་པ་སྲོག་གི་འཁོར་ལོའི་རྒྱུད་ལས། སྲོག་ལ་བསྒྲུབ་པ་དང་། འཁོར་ལོ་ལ་བསྒྲུབ་པ་དང་། བྲུབ་ཁུང་ལ་བསྒྲུབ་པའོ། །དེ་རྣམས་ཀྱང་གཉིས་སུ་འདུས་ཏེ། དྲིལ་བ་དམར་ནག་བཞི་སྦྲག་གི་བསྒྲུབ་པ་དང་། རྐྱང་པ་ལ་གཤིན་རྗེ་ནག་པོ་བྱ་རོག་གདོང་ཅན་དང་། དམར་པོ་ཝ་གདོང་ཅན་དང་། ཤན་པ་ཁྲ་ཡི་གདོང་ཅན་དང་། ནག་མོ་ཕག་གི་གདོང་ཅན་དང་། མ་ར་སྙིང་ཟན་དང་། ཤན་པ་ར་མགོ་ལ་སོགས་སུ་བསྒྲུབ་པའོ། །འདི་རྣམས་ལ་ཡང་རྗེས་ཅན་དང་། རྗེས་མེད་དུ་ཤེས་པར་བྱའོ། །བཞི་པ་དམར་པོ་རྐྱང་པར་བསྒྲུབ་པ་ནི། དམར་པོ་སྐུ་གཅིག་པའི་བསྒྲུབ་པ་དང་། མ་རུ་རྩེ་མཆེད་ལྔའི་བསྒྲུབ་པ་དང་། དཔའ་བོ་མདུང་བསྒྲིལ་གྱི་དྲག་སྔགས་རྣམས་སོ། །འདི་རྣམས་ལ་ཡང་སྲོག་ལ་བསྒྲུབ་པ་དང་། ཐུན་དང་སྲོག་ཐུན་སྦྲེལ་པ་དང་། ཐོད་པ་ལ་བསྒྲུབ་པའོ། །དེ་ལ་ཡང་གཉིས་ཏེ། ཐོད་ཆེན་འཆི་བདག་གི་བསྒྲུབ་པ་དང་། ཝ་ཐོད་རླུང་དམར་དུ་བསྒྲུབ་པའོ། །འདི་རྣམས་ལས་ཁ་ཚར་དང་བཅས་པས་བསྒྲུབ་པར་བྱའོ། །འདི་རྣམས་ནི་གནུབས་ནམ་མཁའི་སྙིང་པོའི་ལུགས་ཡིན་ནོ། །དེ་རྣམས་ལ་དམར་པོ་སྔ་འགྱུར་ཞེས་བྱའོ། །གཉིས་པ་ནང་དམར་པོ་མདོ་སྐོར་དུ་བསྒྲུབ་པ་ནི། རུ་པདྨས་བལ་མོ་བཟའ་གསེར་ཕྲེང་ལ་ཐུགས་ཀྱི་ཡི་གེར་གཏད་པའོ། །བལ་མོ་བཟས་གནུབས་སངས་རྒྱས་རིན་པོ་ཆེ་ལ་གདམས་པའི་སྐོར་ཡིན་ཏེ། དམར་པོ་རྩ་བའི་ཕྲིན་ལས་ཀྱི་མདོ་རྒྱུད་ལ་སོགས་པ་རྩ་བའི་མདོ་བཞི། སྐོང་གྱི་མདོ་ལྔ་དང་། མདོ་ཕྲན་ཡན་ལག་བརྒྱད་པ་དང་སྔགས་རྒྱུད་ལ་སོགས་ཏེ། རྒྱུད་སྡེ་བཅུ་གཅིག་དེ་ཚོའི་དོན་ཉམས་སུ་བླངས་པའི་ཐབས། སྤྱི་སྒྲུབ་ཀྱི་དལ་གསུམ། སྒོས་སྒྲུབ་ཀྱི་དལ་བདུན། དེ་ཚོ་སྲོག་དང་མཐུན་པར་བརྟེན་པའོ། །ཐོད་པ་ལ་བརྟེན་པ་ལ་ཡང་གསུམ་སྟེ། ར་ཐོད་ལ་སྒྲུབ་པ་དང་། ཐོད་ཆེན་ལ་བསྒྲུབ་པ་དང་། ཝ་ཐོད་ལ་བསྒྲུབ་པའོ། །ཐོད་ཆེན་ལ་གཉིས་ཏེ། འཆི་བདག་ཞལ་གྱི་བསྒྲུབ་པ་དང་། དུག་ཐུན་ནག་པོའི་བསྒྲུབ་པའོ། །དེ་རྣམས་ཀྱི་ཆ་རྐྱེན་གྱི་ཡི་གེ་དང་། ལས་ཁ་ཚར་གྱི་ཡི་གེ་ནི་སྒྲུབ་ལུགས་གསུམ། གདམས་པའི་ཡི་གེ་དགུ། སྒྲུབ་ཆུང་ཉི་ཤུ་རྩ་ལྔ་དང་། སྤྱི་ལ་གཅེས་པའི་ལུང་སྙིང་པོ་རྣོ་རྟུལ་ཉི་ཤུ། ཐུགས་དམ་རྣམ་པ་བརྒྱད། ཕོ་ཉའི་དྲག་སྔགས་རྣམ་པ་གཉིས། ལས་མཁན་གྱི་དྲག་སྔགས་གཉིས། ཕྱག་བརྙན་གྱི་བསྒྲུབ་པ་སྡེ་བཞི། དཀའ་བ་གཅོད་པའི་མན་ངག་གསུམ་ལ་སོགས་ཏེ། མ་བུ་དྲུག་ཅུ་རྩ་ལྔ་ལ་ཤོག་ཆུང་བརྒྱ་རྩ་བརྒྱད་ཡོད་དོ། །དེ་ལ་སྤྱི་བསྒྲུབ་པ་དང་། སྒོས་བསྒྲུབ་གང་མོས་པ་ལྟར་ཉམས་སུ་བླང་བར་བྱའོ། །འདི་རྣམས་ནི་བལ་མོ་བཟའ་ཡི་ལུགས་ཡིན་ཏེ། དམར་པོ་ལུང་ལུགས་ཞེས་ཀྱང་བྱ། དམར་པོའི་མདོ་སྐོར་ཅེས་ཀྱང་བྱའོ། །གསུམ་པ་གསང་བ་ཡང་བཀོལ་དུ་བསྒྲུབ་པ་ནི་གཉིས་ཏེ། དང་པོ་ནི། བལ་པོའི་རྒྱལ་པོ་བ་སུ་དྷ་རས། རྒྱ་གར་གྱི་སློབ་དཔོན་ཁྲག་འཐུང་ནག་པོའི་བཞེད་པ་གཙོ་བོར་བྱས་ཏེ། གནུབས་སངས་རྒྱས་ཡེ་ཤེས་ལ་གདམས་པའི་སྐོར། འདི་ལ་སྒྲུབ་ལུགས་གསུམ་དུ་འདོད་དེ། དེ་ཡང་ཟ་བྱེད་གཤིན་རྗེ་ལྟར་བསྒྲུབ་པ་དང་། གནོད་སྦྱིན་ལྟར་བསྒྲུབ་པ་དང་། སྲིན་པོ་ལྟར་བསྒྲུབ་པའོ། །དང་པོ་ནི། དམར་པོ་སྲོག་གི་འཁོར་ལོའི་རྒྱུད་ལས། རྡུལ་མཚོན་ལ་བརྟེན་པའི་སྲོག་ལ་བསྒྲུབ་པ་དང་། བྲུབ་ཁུང་ལ་བརྟེན་ཏེ་འཁོར་ལོའི་བསྒྲུབ་པ་དང་། རྐྱང་པ་སྙིང་ལ་བསྒྲུབ་པའོ། །དེ་ལ་རྭ་སྒྲོལ་གཅིག་མོ་ཉོག་སེ་ཞེས་སུ་གྲགས་སོ། །གནོད་སྦྱིན་ལྟར་དུ་བསྒྲུབ་པ་ནི། གནོད་སྦྱིན་དྲྭ་བ་ནག་པོའི་རྒྱུད་ལས། ཝ་ཐོད་རླུང་དམར་གྱི་བསྒྲུབ་པ་དང་། དྲང་སྲོང་ཁ་ལ་མེ་འབར་གྱི་དྲག་སྔགས་དམར་པོའི་སྙིང་འབྱིན་གྱི་སྒྲུབ་པ་དང་བཅས་པ་དང་། གནོད་སྦྱིན་མ་ར་ཁྲག་སྐྱུགས་ཀྱི་བསྒྲུབ་པ་རྣམས་ཡིན་ནོ། །སྲིན་པོ་ལྟར་བསྒྲུབ་པ་ནི། སྤུ་གྲི་རེག་ཆོད་ཀྱི་རྒྱུད་ལས། མ་ར་ཁྲག་སྐྱུག་སྤུ་གྲི་རེག་ཆོད་དུ་བསྒྲུབ་པ་དང་། པདྨའི་ཅོག་བརྡུངས་སུ་བསྒྲུབ་པའོ། །འདི་རྣམས་དྲག་སྔགས་སུ་བསྒྲུབ་པའི་ལུགས་ཡིན་ནོ། །རྣོ་མྱུར་དུ་བསྒྲུབ་པའོ། །འདི་རྣམས་ནི་དམར་པོ་གསར་འགྱུར་ཞེས་བྱའོ། །གསང་བ་ཡང་བཀོལ་དུ་བསྒྲུབ་པའི་ཐབས་གཉིས་པ་ནི། རྒྱ་གར་གྱི་མཁན་པོ་དྷ་ན་ད་ལས་ཡོན་ཏན་རྒྱ་མཚོ་ལ་ཚེ་སྔ་མའི་སྤུན་ཟླར་དགོངས་ནས་གདམས་པ་ནི་གསུམ་དུ་འདུས་ཏེ། ཕྱི་གིང་ལྟར་དུ་བསྒྲུབ་པ་དང་། ནང་ཡེ་ཤེས་ལྷའི་བསྒྲུབ་པ་དང་། གསང་བ་དྲག་སྔགས་སུ་བསྒྲུབ་པའོ། །དང་པོ་ལ་གིང་ཚོགས་སུ་བསྒྲུབ་པ་དང་། གིང་ཐོར་བུའི་བསྒྲུབ་པ་དང་། གིང་རྐྱང་པའི་བསྒྲུབ་པའོ། །དང་པོ་གིང་ཚོགས་སུ་བསྒྲུབ་པའི་ས་བཅད་མ་ཚང་། གཉིས་པ་ནི། དམར་པོ་གྱད་ཀྱི་སྐོར་དང་། ཐོད་པ་རྒྱབ་སྐྱའི་སྐོར་དང་། གཞན་ཡང་གིང་གི་བསྒྲུབ་ཐབས་རྣམས་སོ། །གིང་རྐྱང་པ་ནི་སྲོག་བདག་དང་། དགེ་བསྙེན་དང་། མགོན་པོ་ལ་སོགས་པ་རྣམས་སོ། །གཉིས་པ་ནང་ཡེ་ཤེས་ལྷ་རུ་བསྒྲུབ་པ་ནི། སྟོད་བསྙེན་སྒྲུབ་བྱང་ཆུབ་བསྒྲུབ་པའི་རིམ་པ་དང་། སྨད་བསྟན་པ་བསྲུང་བའི་རིམ་པ་རྣམས་སོ། །དེ་ལ་བཞི་སྟེ། སྲོག་ལ་བསྒྲུབ་པ་དང་། ཐུན་ལ་བསྒྲུབ་པ་དང་། འཁོར་ལོ་ལ་བསྒྲུབ་པ་དང་། ཐོད་པ་ལ་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། དམར་པོ་རྩ་བ་སྔགས་ཀྱི་ཏནྟྲ་སྔ་ཕྱི། བསྒྲུབ་པ་སྔགས་ཀྱི་ཏནྟྲ་དང་། གར་མཁན་མཆོག་གི་རྒྱུད་ལ་བརྟེན་ཏེ། དམར་པོ་དྲིལ་ནས་བསྒྲུབ་པའི་ཉི་མ་བདུན་བསྐོར་དང་། ཟེར་དམར་ནག་གི་རྒྱུད་ལ་བརྟེན་ཏེ་དམར་པོ་མཆེད་བཞི་སོ་སོར་བསྒྲུབ་པའོ། །རྒྱུད་ཆུང་བཅུ་གཅིག་ནི། ཆ་རྐྱེན་དུ་ཤེས་པར་བྱའོ། །ཐུན་བསྒྲུབ་ལ་གཉིས་ཏེ། སྲོག་ཐུན་སྦྲག་མ་དང་། ཐུན་རྐྱང་པའི་བསྒྲུབ་པའོ། །འཁོར་ལོ་ལ་གསུམ་སྟེ། སྲོག་འཁོར་སྦྲག་མའི་ལུགས་དང་། དམར་ནག་སྤྲག་མའི་འཁོར་ལོ་དང་། །དམར་པོ་རྐྱང་པའི་འཁོར་ལོའོ། །འདི་རྣམས་ལ་ཡང་ཐུན་དང་སྦྲེལ་བར་བྱ་སྟེ། ཐུན་དང་སྦྲག་སྟེ་བསྒྲུབ་པའམ། ཐུན་གྱིས་མཇུག་བསྡུ་བར་བྱའོ། །འདི་རྣམས་ལ་ཡང་བཟླས་པའི་ཐབས་ནི། རྐྱང་སྟེ་བཟླས་པ་དང་། ཁུག་པར་བཟླས་པ་དང་། གཏོར་ཏེ་བཟླས་པར་ཤེས་པར་བྱའོ། །ཐོད་པ་ལ་གཉིས་ཏེ། ཐོད་ཆེན་ལ་བརྟེན་ཏེ་བྲུབ་ཁུང་ལ་བསྒྲུབ་པ་དང་། ཝ་ཐོད་རླུང་དམར་དུ་བསྒྲུབ་པའོ། །གསུམ་པ་གསང་བ་དྲག་སྔགས་སུ་བསྒྲུབ་པ་ནི། སྲོག་ལེན་བརྣག་པ་ཐུགས་ཀྱི་སྒྲུབ་པ་ཞེས་བྱ་སྟེ། དམར་པོ་རྟེན་ཅན་གྱི་དྲག་སྔགས་དང་། ཝ་ཐོད་འཇིག་རྟེན་རླུང་དམར་གྱི་བསྒྲུབ་པ་དང་། གོང་ཁུག་བྱང་བུ་སོར་བཞི་བའི་བསྒྲུབ་པ་དང་། མགུལ་ཁུག་སྲོ་མ་ཅན་བྱ་བ་དང་། ཐུགས་ལ་ཕུར་པའི་ཆོས་བཞི་དང་། ཁྱེད་ཁུག་གི་ཤོག་དྲིལ་དྲུག་དང་། མ་ར་སྙིང་ཟན་ཤན་པ་ར་མགོའི་བསྒྲུབ་པ་དང་། རེག་ཆོད་སྡེ་ལྔའི་དྲག་སྔགས་དང་། ཕུག་ཉི་ཤུ་རྩ་གཅིག་གིས་བསྒྲུབ་པ་དང་། ཅོག་བརྡུང་བཅོ་བརྒྱད་ཀྱི་བསྒྲུབ་པ་དང་། སྡེ་བརྒྱད་སོ་སོའི་དྲག་སྔགས་ལ་སོགས་པ་རྣམས་ཡིན་ནོ། །འདི་རྣམས་ལ་ཡང་དང་པོ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས་ཡེ་ཤེས་ལྷའི་བསྙེན་སྒྲུབ་མཐར་ཕྱིན་ནས་གཟོད། རང་རང་གི་མ་བུ་ཚང་བ་ལ་ལུང་ཐོབ་པར་བྱས་ནས་བསྒྲུབ་ན། གཞུང་ནས་ཇི་ལྟར་བཤད་པ་བཞིན་དུ་འགྲུབ་པར་ངེས། དབང་མ་ཐོབ་ཅིང་གཙོ་བོའི་བསྙེན་པ་མཐར་མ་ཕྱིན་པར་ལས་ལ་བཀོད་དུ་མི་བཏུབ་སྟེ། དམག་དཔོན་མེད་པའི་དམག་མི་དང་འདྲ་ཞེས་གསུངས་སོ། །གང་ཟག་གཅིག་གིས་ཆ་རྐྱེན་ལ་བསྒྲུབ་པ་འདི་རྣམས་ཐམས་ཅད་དགོས་པ་མ་ཡིན་ཏེ། སྒྲུབ་སྐོར་གཅིག་ལ་མ་བུ་འཚམས་ཤིང་། ཞལ་གདམས་ཐོབ་ནས་དེའི་ལས་ཁ་ཚར་དང་བཅས་པ་ཉམས་སུ་བླང་བར་བྱའོ། །སྙན་བརྒྱུད་ཡི་གེར་བྲི་བར་མི་འོས་ཏེ། །སྣོད་ལྡན་འགའ་དང་རིགས་སུ་འཛིན་པ་ལ། །བརྒྱུད་པའི་དུས་སུ་སྙན་བརྒྱུད་བརྗེད་ཐོར་བྲི། །ལྷ་རྗེ་བཀྲ་ཤིས་དར་རྒྱས་ཀྱི། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སྔགས་སྲུང་དྲེགས་པ་ཅན་ལ་བཟོད་པར་གསོལ། །འདི་ཡི་དགེ་བས་སྣོད་ལྡན་སྨིན་པ་དང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་གྱུར་ཅིག །ཅེས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་དམར་པོའི་སྙན་ཁུང་བརྒྱུད་པའི་མན་ངག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་རྫོགས་སོ།། །།ཡི་གེ་འདི་སྙན་བརྒྱུད་འཛིན་པ་གཅིག་མ་གཏོགས་ཀུན་ལ་སྦྲེལ་ན་གསང་བ་ཡལ་བ་ལས་དངོས་གྲུབ་མི་འབྱུང་ཞིང་། སྙན་བརྒྱུད་ཡལ་ན་མཁའ་འགྲོའི་ཆད་པ་འོང་། །དེ་ཕྱིར་གསང་ཞིང་མན་ངག་འཚོ་ཤེས་མཛོད། །སརྦ་མདྒ་ལཾ།། །།


previousསྙན་བརྒྱུད་རིན་ཆེན་ཕྲེང་བ་ཞེས་བྱ་བ།next