Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་རྣམ་བཤད་ཉེར་མཁོ་བསྡུས་པ།
   
   
   
   
   
   


 
previousབཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་རྣམ་བཤད་ཉེར་མཁོ་བསྡུས་པ།next

བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་རྣམ་བཤད་ཉེར་མཁོ་བསྡུས་པ།

བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་རྣམ་བཤད་ཉེར་མཁོ་བསྡུས་པ་བཞུགས་སོ། །བླ་མ་དང་ཡི་དམ་གྱི་ལྷ་ལ་ཕྱག་འཚལ་ལོ། །གསང་སྔགས་སྔ་འགྱུར་དཔལ་ལྡན་རྙིང་མར་གྲགས་པའི་འཇམ་དཔལ་གཤེད་དམར་གྱི་ཆོས་སྐོར་ལ། ལྷ་རྗེ་བཀྲ་ཤིས་དར་གྱིས་མཛད་པའི་སྙན་བརྒྱུད་རིན་པོ་ཆེའི་ཕྲེང་བ་ལས་ལས་སྦྱོར་ལ་དབྱེ་བ་འདི་རྣམས་སུ་མཛད་དེ། ཕྱི་མཚམས་བསྐོར་དུ་བསྒྲུབ་པ་དང་གཅིག །ནང་མདོ་སྐོར་དུ་བསྒྲུབ་པ་དང་གཉིས། གསང་བ་ཡང་བཀོལ་དུ་བསྒྲུབ་པ་དང་གསུམ། ཐུས་ཁ་དྲག་སྔགས་སུ་བསྒྲུབ་པ་དང་བཞི་ལས། དང་པོ་ནག་པོ་གཙོ་བོ་ལ་དམར་པོ་ཤམ་བུའམ། དེ་ལྡོག་པ། ཡང་འཆོལ་བར་བསྒྲུབ་པ་དང་། དམར་པོ་ཟངས་རྐྱང་དུ་བསྒྲུབ་པའོ། །འདི་རྣམས་ལའང་ཝ་ཐོད་རླུང་དམར་ཞེས་བཤད། འདི་སློབ་དཔོན་ཆེན་པོ་པདྨས་གནུབས་ནམ་མཁའི་སྙིང་པོ་ལ་གདམས་པས་སྔ་འགྱུར་རོ། །གཉིས་པ་ནི། བལ་མོ་བཟའ་གསེར་ཕྲེང་གིས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་གདམས། འདི་ལའང་ཝ་ཐོད་ཀྱི་སྒྲུབ་ཐབས་བཤད། ལུང་ལུགས་ཤེས་ཀྱང་ཟེར་རོ། །གསུམ་པ་གཉིས་ཏེ། དང་པོ་བ་སུ་དྷ་རས་ཁྲག་འཐུང་ནག་པོའི་དགོངས་པ་གནུབས་སངས་རྒྱས་ཡེ་ཤེས་ལ་གདམས། འདི་ལ་གཤིན་རྗེ་ལྟར་བསྒྲུབ་པ། གནོད་སྦྱིན་ལྟར་བསྒྲུབ་པ་དང་། སྲིན་པོ་ལྟར་བསྒྲུབ་པའི་ལུགས་བཤད། འདིའི་ལུགས་ལའང་ཝ་ཐོད་བཤད། འདི་ལ་དམར་པོ་བར་འགྱུར་དུ་གྲགས་སོ། །གསུམ་པའི་ལུགས་ཕྱི་མ་ནི། རྒྱ་གར་བ་དྷ་ན་ད་ལས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་ལ་གདམས་པ་ཡིན་ལ། འདི་ལ་ཕྱི་གིང་ལྟར་དུ་བསྒྲུབ་པ་དང་། ནང་ཡེ་ཤེས་ལྷའི་བསྒྲུབ་པ་དང་། གསང་བ་དྲག་སྔགས་སུ་བསྒྲུབ་པ་དང་གསུམ་ལས། དང་པོ་ནི། སྐུ་མཆོག་དམར་པོ་གིང་བཅོ་བརྒྱད་ཀྱི་བསྐོར་བར་བསྒྲུབ་པ་དང་། གིང་རྐྱང་པར་སྒྲུབ་པ་ལ་སོགས་མང་དུ་བཤད། གཉིས་པ་ནང་ཡེ་ཤེས་ལྷའི་སྒྲུབ་པ་ལ། སྟོད་བསྙེན་བྱང་ཆུབ་སྒྲུབ་པ། སྨད་བསྙེན་བསྟན་པ་བསྲུང་བའི་དྲག་སྔགས། འདི་ལའང་ཐོད་ཆེན་ཝ་ཐོད་བཤད། གསུམ་པ་གསང་བ་དྲག་སྔགས་སུ་སྒྲུབ་པ་ལ་སྲོག་ལེན་དམར་པོ་ཐུགས་ཀྱི་བསྒྲུབ་པ་ཞེས་བྱ་སྟེ། དམར་པོ་རྟེན་ཅན་གྱི་དྲག་སྔགས་དང་། ཝ་ཐོད་འཇིག་རྟེན་ལུང་དམར་གྱི་སྒྲུབ་པ་དང་། གོང་ཁུག་བྱང་བུ་སོར་བཞི་པའི་སྒྲུབ་པ་དང་། མགུལ་ཁུག་སྲོ་མ་ཅན། ཐུགས་ལ་ཕུར་པའི་ཆོས་བཞི། ཁྱེད་ཁུང་ཤོག་དྲིལ་དྲུག །མ་ར་སྙིང་ཟན་བཤན་པ་ར་མགོའི་སྒྲུབ་པ། རེག་ཆོད་སྡེའི་ལྔའི་དྲག་སྔགས། ཕུག་ཉི་ཤུ་རྩ་གཅིག་གི་དྲག་སྔགས། ཅོག་བརྡུང་བཅོ་བརྒྱད་ཀྱི་དྲག་སྔགས། སྡེ་བརྒྱད་སོ་སོའི་དྲག་སྔགས་རྣམས་སུ་ཡོད་པར་བཤད། དེའི་ནང་ནས་རང་རེའི་དམར་པོའི་སྒྲུབ་བསྐོར་འདི་ནི། གསང་བ་ཡང་བཀོལ་དུ་བསྒྲུབ་པའི་ལུགས་ཡིན་ནོ། །དེ་ལའང་གཉིས་ཀྱི་ཕྱི་མ་དྷ་ན་ད་ལས་ཡོན་ཏན་རྒྱ་མཚོ་ལ་གདམས་པའི་སྐོར་ཡིན། དེ་ལྟའང་མང་དུ་ཡོད་པ་ལས། སྲོག་ལེན་དམར་པོ་ཐུགས་ཀྱི་བསྒྲུབ་པ་ཡིན། དེ་ལའང་ལུགས་བཅུ་གཅིག་ཡོད་པ་ལས། དམར་པོ་རྟེན་ཅན་གྱི་དྲག་སྔགས་སུ་གྲགས་པ་དེ་ཡིན་ནམ་སྙམ་སྟེ། རུ་མཚོན་དམར་པོའི་རྒྱུད་ཀྱི་ལེའུ་གསུམ་པ་ལས། བསྭེ་ཡི་ལྡན་མཁར་དམར་པོ་ལ། །གྲུ་བཞི་དག་དང་ལྡན་པར་བྱ། །དམར་པོའི་སྐུ་རྟེན་དེ་ལ་བྱ། །ཙ་སྤུ་ར་ཡི་རྔ་ཕོད་ཀྱང་། །དཀར་དམར་ནག་ལྗང་བཞི་ཡིས་མཛེས། །ཡང་ན་ཀུན་ཀྱང་དམར་ནག་གམ། །དམར་པོ་མདངས་ལྡན་ཉིད་དུ་བྱ། །ཞེས་བཤད་པས་སོ། །རུ་མཚོན་དེ་ཡང་གྲུབ་རྟགས་བྱུང་ནས་ཁང་བའི་རྩེར་གཟུགས་པར་བཤད་དེ། རྒྱུད་དེ་ཉིད་ཀྱི་ལེའུ་བདུན་པ་ལས། རབ་ཏུ་རགས་པའི་ལྟས་མཐོན་ནས། །རུ་མཚོན་རྩེ་ལ་རྒྱལ་མཚན་གཟུགས། །ཞེས་སོ། །འདིའི་བཟླས་པའི་ཚད་ནི། རུ་མཚོན་རྒྱུད་ཀྱི་ལེའུ་གསུམ་པ་ལས། ཡི་གེ་བདུན་པའི་དྲག་སྔགས་ལ། །ཁྲི་ཁྲི་བཟླས་པའི་ཅི་བྱ་བའོ། །ལུང་དང་ངེས་ཚིག་སྟོན་པའོ། །ཞེས་བཤད་མོད་ཀྱང་། དེ་ནི་སྤྱི་བསྙེན་གྱི་ཚད་མ་ཡིན། དེ་ལས་གཞན་པའི་བསྙེན་ཚད་ཀྱི་གྲངས་དམིགས་བསལ་ཅན། ད་ལྟའི་ཡི་གེ་འདི་རྣམས་ཀྱི་དངོས་བསྟན་དུ་མ་བྱུང་། བླ་མ་རིན་པོ་ཆེའི་གསུང་རྒྱུན་ལས། རྡོ་རྗེའི་མཚན་ཞབས་ཀྱིས། ཤྲཱི་མཉྫུ་འབུམ་ཕྲག་གཅིག་གྲངས་བསྙེན་གྱི་ཚད་ཡིན་གསུངས་ཤིང་། དེ་དང་མཐུན་པར་བར་འགྱུར་སྲོག་བདག་སྤུ་གྲི་རེག་ཆོད་གསང་བའི་རྒྱུད་ལས། སྔོན་དུ་འཇམ་དཔལ་གཉེན་པོ་ཡི། །བསྙེན་པ་འབུམ་ཕྲག་གཅིག་ཏུ་བསྐྱལ། །ལྟ་སྤྱོད་གདེངས་དང་མི་ལྡན་ན། །འབུམ་ཕྲག་གསུམ་དུ་བསྐྱལ་བར་བྱ། །དམ་ཚིག་གཙང་དང་གསུམ་ལྡན་ན། །བཤན་པ་རང་དབང་མེད་པར་འཁོལ། །ཞེས་དང་། ཡང་བར་འགྱུར་ཞལ་ཁྲིད་གསང་བ་རིན་པོ་ཆེའི་ཕྲེང་བ་འོད་ཀྱི་རྒྱན་ལས། དེ་ཡང་སྔར་གཤིན་རྗེའི་གཤེད་ལ་བསྙེན་པ་མ་སོང་ན། འདི་ལ་འབུམ་ཕྲག་བདུན་ནམ། ཡང་ན་ལྷ་ལ་རྟགས་ཐོན་ཐོན་བསྐྱལ། དེ་མིན་ན་སྔོན་དུ་བསྙེན་པ་སོང་ན་ལེགས་ཏེ། འདི་ཉིད་ལ་འབུམ་ཕྲག་གཅིག་གིས་ཆོག་གོ། །འདིའི་བརྒྱུད་པ་ནི། རྡོ་རྗེའི་འཆང་། འཇམ་དཔལ་གཤིན་རྗེའི་གཤེད། ཕྱག་ན་རྡོ་རྗེ། མཁའ་འགྲོ་མ་ཟླ་བའི་འོད་ཟེར། སློབ་དཔོན་འཇམ་དཔལ་བཤེས་གཉེན། དྷ་ན་ད་ལ། ཡོན་ཏན་རྒྱ་མཚོ། དེ་ནས་རྩ་བའི་བླ་མའི་བར་དུ་བརྒྱུད་ན་ལེགས་སོ་སྙམ་མོ། །འོ་ན་འདིའི་བརྒྱུད་པ་འདེད་པའི་ཚེ། ཐོབ་ཡིག་དབང་བྱང་རྣམས་སུ། སློབ་དཔོན་ཆེན་པོ་པདྨ། བལ་མོ་བཟའ་གསེར་ཕྲེང་། ནམ་མཁའི་སྙིང་པོ། གནུབས་སངས་རྒྱས་ཡེ་ཤེས་རྣམས་འབྱུང་བས་ཆོས་ལུགས་འདི་ཕྱི་འགྱུར་མ་ཡིན་ཞིང་། དྷ་ན་ད་ལ་ལས་ཡོན་ཏན་རྒྱ་རྒྱ་མཚོ་ལ། བརྒྱུད་ཚུལ་འདི་ཡང་རང་བཟོ་འབའ་ཞིག་ཡིན་ནོ་སྙམ་ན། དེའི་སྐྱོན་མེད་དེ། གོང་གི་སློབ་དཔོན་ཆེན་པོ་པདྨ་ལ་སོགས་པའི་བླ་མ་བཞི་བརྒྱུད་ཡིག་ཏུ་སྨོས་པ་དེ་ནི། ཡོན་ཏན་རྒྱ་མཚོ་ལ་སྔ་འགྱུར་བར་འགྱུར་ཕྱི་འགྱུར་གསུམ་གྱི་བཅུད་འདུས་པས་བཀའ་དྲིན་འཁོར་བའི་ཕྱིར་དུ་གསུམ་འདྲིལ་དུ་སྨོས་པ་ཡིན་ལ། དབང་བརྒྱུད་དང་ཚིག་བརྒྱུད་ཀྱི་རིམ་པར་བརྒྱུད་ཀྱང་ཉེ་བརྒྱུད་སེལ་མེད་ཀྱི་ཚེ། དྷ་ན་ད་ལ་ལས་ཡོན་ཏན་རྒྱ་མཚོ་ལ་བརྒྱུད་པ་དེ་ཡིན་ཞེས་བརྗོད་པར་བྱའོ། །ཡང་ན་སྙན་བརྒྱུད་རིན་ཆེན་ཕྲེང་བར་ཡང་བརྒྱུད་པ་གསུམ་འདྲིལ་ཞེས་བཤད་པས་དབང་བརྒྱུད་ཀྱི་ཚེ་ན་སློབ་དཔོན་ཆེན་པོ་པདྨ་སོགས་བླ་མ་བཞི་པོ་དེ་ཡོད་པར་བྱས་ཏེ་བརྒྱུད་པ་གསུམ་འདྲིལ་གྱི་ཐ་སྙད་དེ་ལ་བྱེད། དེ་ཡིན་ཡང་། འདིའི་དབང་ཐོབ་པས་སྔ་འགྱུར་བར་འགྱུར་གཉིས་ཀྱི་དབང་ཐོབ་པ་ནི་མི་འདོད་ཅིང་། ཚིག་བརྒྱུད་ཀྱི་ཚེ་དྷ་ན་ད་ལ་ལས་ཡོན་ཏན་རྒྱ་མཚོ་ལ་བརྒྱུད་པ་དེ་ཁོ་ན་ཡིན་ཏེ། ཉེ་བརྒྱུད་དེ་གསལ་པོར་བཤད་པའི་ཕྱིར་རོ། །ཞེས་འདོད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི། ཕྱི་འགྱུར་གང་ཡིན་བསྟན་དགོས་སོ། །ཕྲ་མོ་ཀློང་དགུ་འདི་འདིའི་སྒོས་ཀྱི་རྫོགས་རིམ་དུ་འདོད་པ་ནི་དཔྱད་པར་བྱ་སྟེ། ཕྱི་འགྱུར་ཐེམ་ཡིག་ཏུའང་གསལ་ཁ་མ་བྱུང་ཞིང་། སློབ་དཔོན་ཆེན་པོ་པདྨས་བལ་མོ་བཟའ་ལ་གདམས་པར་བཤད་པས། བལ་བཟའ་ལས་འབྱུང་བའི་སྔ་འགྱུར་དུ་རིགས་པ་འདྲའོ་ཞེ་ན། དེ་ཡང་། བལ་མོ་བཟའ་ལ་གདམས་ཞེས་པས་བལ་མོ་བཟའ་ལ་བརྒྱུད་དགོས་ན། མཚོ་རྒྱལ་ལ་གདམས་པ་རྣམས་མཚོ་རྒྱལ་ལས་བརྒྱུད་དགོས་པར་འགྱུར། དེ་དག་དགོས་ན་བརྩམས་པའི་ཆོས་ཀུན་རྩོམ་པར་བསྐུལ་བ་པོ་དེ་ལས་བརྒྱུད་དགོས་པར་འགྱུར་རོ། །ཡང་སྲོག་བདག་སྤུ་གྲི་རེག་ཆོད་གསང་བའི་རྒྱུད་ལེའུ་དགུ་པ་དང་། རུ་མཚོན་དམར་པོའི་ཤན་པ་ལས་ཀྱི་རྒྱུད། སྤུ་གྲི་རེག་ཆོད་ཀྱི་རྒྱུད་གཉིས། བལ་ཡུལ་ཚ་བ་ཚ་ཤོད་མཆོད་རྟེན་དམར་པོའི་གཏེར་ཁ་ཡིན་པ་དང་། མིང་ཡང་སྤུ་གྲི་རེག་ཆོད་དུ་མཚུངས། ལེ་གྲངས་དགུར་མཚུངས་པས་སྔ་འགྱུར་ཡང་སྔ་ཕྱི་མཚུངས་དགོས་སོ་སྙམ་དུ་དོགས་ན། ཕུང་པོ་རི་བོ་ཆེའི་གཏེར་ཁ་ལས། ཁྲོ་འདུས་དང་། ཚེ་བདག་དང་། གཤེད་དམར་སོགས་བྱུང་ཡང་། བརྒྱུད་པ་གཅིག་ཏུ་མི་འགྱུར། སྤུ་གྲི་རེག་ཆོད་ཀྱི་མིང་ཡང་མང་དུ་ཡོད་པར་བཤད་ལ། ལེའུའི་གྲངས་མཉམ་པ་ཙམ་དུ་ཡོད་པས་སྔ་ཕྱི་མཚུངས་དགོས་པ་དེ་ཡང་། གནས་མ་ཡིན་ནོ། །ཁ་ཅིག་ནི། སྲོག་བདག་སྤུ་གྲི་རེག་ཆོད་གསང་བའི་རྒྱུད་དང་། མཱ་ར་ཡ་ཁྲག་སྐྱུག་གི་རྒྱུད། ཕྱི་འགྱུར་གྱི་རྒྱུད་ཡིན་པར་འདོད། དེ་ནི་འཁྲུལ་པ་ཆེན་པོ་ཡིན་ཏེ། རྒྱུད་འདི་གཉིས་བར་འགྱུར་ཡིན་ལ། འདིའི་བརྗོད་བྱ་དང་། ཕྱི་འགྱུར་གྱི་བརྗོད་བྱ་ཡང་མི་མཐུན་པས་སོ། །བར་འགྱུར་ཡིན་པའི་རྒྱུ་མཚན་ནི། སྤུ་གྲི་རེག་ཆོད་ཀྱི་རྒྱུད་ཀྱི་ལོ་རྒྱུས་སུ་འདི་ལྟར་འབྱུང་སྟེ། སྤུ་གྲི་རེག་ཆོད་དྲག་སྔགས་སྙིང་པོ་བསྡུས་པའི་བཅུད་འདི་རིན་པོ་ཆེའི་གླེགས་བམ་སོར་བཞི་པ་ལ་བཻ་ཌཱུརྻ་ཞུན་མས་བྲིས་ཏེ། བསྭེ་སྒྲོམ་སོར་བཞི་པར་བཅུག །དར་སྨུག་པོས་དྲིལ། མཁའ་ཞི་བ་མཚམས་སྦས་ཟེར་བའང་འདུག་པས་དཔྱད་དགོས་སོ། །འགྲོས་དུར་ཁྲོད་ཕུང་ལུང་ནག་པོར་སྦས་པས། གཏེར་གནས་དེར་སྒྲ་འོད་སོགས་རབ་ཏུ་གྲགས་པ་ལས། སློབ་དཔོན་ཆེན་པོ་པདྨས་བརྟགས་པས། གཏེར་ཡོད་པར་མཁྱེན་ཏེ་གཏེར་ནས་སྤྱན་དྲངས་བོད་དུ་བྱོན་པ་ལ་བོད་སྣོད་ལྡན་མེད་པས་ན་བོད་ཀྱི་ཡི་གེར་བསྒྱུར་ཏེ། དཔེ་གཅིག་མཐའ་འདུལ་པྲ་དུན་གྱི་ཀ་གཞུའི་ནང་དུ་སྦས། དཔེ་གཅིག་ཁྱེར་ནས་བལ་ཡུལ་ཚ་ཤོད་ཀྱི་མཆོད་རྟེན་དམར་པོ་ལ་སྦས། སློབ་དཔོན་ཉིད་ཀྱི་མཛད་པའི་བསྒྲུབ་ཐབས་དང་ལྷན་ཅིག་ཏུ། བྲག་བསྭེ་དམར་ཁ་ལ་ཁ་བྱང་སྦས། བཤན་པ་གཉིས་ལ་གཏེར་བདག་བཅོལ། ལྔ་བརྒྱ་དུས་ཀྱི་སྙིགས་མར་ཤར་པའི་ཚེ་ན། བསྟན་པ་གང་ལ་གནས་པ་བསྲུང་བར་ཤོག་ཅིག་པར་སྨོན་ལམ་བཏབ། དེ་ནས་ལོ་བརྒྱ་དང་བརྒྱད་ལོན་པ་ན། གནོད་སྦྱིན་བཤན་པ་དམར་པོས་ལུང་བསྟན་བྱུང་སྟེ། གུ་རུ་ཁྲག་འཐུང་ནག་པོས་གཏེར་བལ་ཡུལ་མཆོད་རྟེན་དམར་པོ་ནས། ནས་བཏོན་ནས་བསྒྲུབ་པས། ཟླ་བ་གཅིག་ལ་མི་བཅུ་གསུམ་བསྒྲལ། དེས་བ་སུ་དྷ་ར་ལ་གཏད། རྩིས་ཀྱི་དྲག་སྔགས་རྣོ་དབལ་ཡི་གེ་འདི། །སུ་ལའང་མ་སྤེལ་རིན་ཆེན་གཏེར་དུ་སྦེད། །སྙིགས་མའི་དུས་སུ་བསྟན་པ་བསྲུང་བར་ཤོག །ཅེས་གསུངས། རྒྱ་ནན་གསུམ་བཏབ། དེས་གནུབས་སངས་རྒྱས་ཡེ་ཤེས་ལ་གཏད། དེའི་ལོ་རྒྱུས་ནི་བོད་དུ་ཁེང་ལོག་བྱུང་སྟེ། བུ་གཉིས་བསད་སྒྲགས་ཀྱི་ཡོངས་རྫོང་འཕྲོག །ནོར་ཁྱེར་ཡུལ་བཏོན་པའི་ཚེ། བལ་པོར་བྱོན་ནས་བ་སུ་དྷ་ར་ལ་གསེར་འཕངས་མེད་དུ་ཕུལ་གདམས་པ་ཞུས་པས། སྣོད་ལྡན་སྙིང་རྗེའི་ཡུལ་དུ་དགོངས་ཏེ། ཁྱད་པར་དུ་ཟབ་པའི་དམར་པོ་རེག་ཆོད་འདི་གནང་། དབང་གི་མནའ་ཆུ་བླུད་པའི་དུས། དུས་གསུམ་གྱི་བདེ་གཤེགས་དང་། མཁའ་འགྲོ་དཔང་དུ་གཙུགས་ནས་སྣོད་མིན་ལ་མི་སྤེལ་བར་དམ་བཅས། འཆི་ཁར་གཏེར་དུ་སྦོས་ཤིག་གསུངས་པའི་ལུང་བསྟན་དང་བཅས་ནས་སངས་རྒྱས་ཡེ་ཤེས་ལ་གནང་བ་ཡིན་ལ། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་ཀྱང་བླ་མའི་བཀའ་བཞིན་ཕུང་པོ་རི་བོ་ཆེར་གཏེར་དུ་སྦས་པར་མངོན་ནོ། །གདམས་པ་འདི་ལ་དཔེ་ཚན་བཅུ་གཅིག་ཏུ་འདུས་ཏེ། སྲོག་ཟན་སྤུ་གྲི་རེག་ཆོད་མན་ངག་ལས། གྲངས་སུ་བཏབ་ན་ཡིག་ཆུང་འདི་རྣམས་ནི། །རྒྱུད་དང་སྒྲུབ་ཐབས་མན་ངག་ཡིག་ཆུང་བདུན། །དེ་ཡི་ཞལ་ཁྲིད་འདི་དང་བསྟོད་བསྐུལ་གཉིས་ཏེ་བཅུ། །ཞལ་གདམས་དཔེ་ཆུང་དག་དང་བཅུ་གཅིག་གོ། །མན་ངག་དོན་ཚན་དང་པོ་ཆད། མཆན། སྒྲུབ་པ་རྩ་བ་དེ་དང་གཉིས། །སྟོད་ལས་བསྟོད་པ་གསེར་བྱང་དེ་དང་གསུམ། །སྨན་སྒྲུབ་ལས་སྦྱོར་སྟོན་པའི་པྲ་ཁྲིད་དེ་དང་བཞི། །བསྙེན་སྒྲུབ་ལས་ལ་སྦྱོར་བའི་མཚན་རྟགས་རིན་པ་དེ་དང་ལྔ། །སྔགས་ཀྱི་པྲ་ཁྲིད་ཡིག་ཆུང་དེ་དང་དྲུག །གསང་སྔགས་ཡིག་ཆུང་རྟགས་དང་བཅས་པ་དེ་དང་བདུན། །ཕུག་དཀྲུགས་འབྲུ་བདུན་སྔགས་ཀྱི་ཡིག་ཆུང་དེ་དང་བརྒྱད། །གནད་གཅོད་སྔགས་ཀྱི་ཡིག་ཆུང་དེ་དང་དགུ། །བླ་མའི་ཞལ་གྱི་ཡིག་ཆུང་དེ་དང་བཅུ། །དཀྱིལ་འཁོར་དཔེ་ཆུང་དེ་དང་བཅུ་གཅིག་གོ། །ཅེས་སོ། །མཱ་ར་ཁྲག་སྐྱུག་གི་ལོ་རྒྱུས་ནི། གཤིན་རྗེ་དམར་པོ་མཱ་ར་ཡ་སྙིང་འབྱིན་གྱི་དྲག་སྔགས། སློབ་དཔོན་ཤཱིནྟཾ་གརྦྷའི་དྲག་སྔགས། སློབ་དཔོན་པདྨ་ཐོད་ཕྲེང་གི་ཅོག་བརྡུང་། བལ་པོ་བ་སུ་དྷ་རས་རྡོ་རྗེ་ཡང་དབང་གཏེར་ལ་གདམས། ངན་སྔགས་གཤིན་རྗེ་དམར་པོའི་བསད་པའི་མཐར་ཐུག་འདི། །ཡོན་ཏན་རྒྱ་མཚོའི་དམ་ཚིག་གཞུང་བསྲང་ཡང་། །སློབ་དཔོན་བཀའ་ནན་ཆེས་པས་དམ་ཚིག་སེམས་ལ་བཞག །ཕུང་པོ་རི་བོ་ཆེའི་བྲག་ལ་གཏམས་པ་ཡིན། །བདུད་པོ་རྩེ་ལྷ་ཁྱོད་ཀྱི་བཀའ་སྲུང་མཛོད། །ཡང་། མཱ་ར་ཡ་ཁྲག་སྐྱུག་དཀར་དམར་གཉིས་ལས་འདི་ཕྱི་མ་ཡིན། རྒྱུད་འདི་དྷ་ན་ད་ལ་ཤིནྟཾ་གརྦྷས། བོད་ཀྱི་བན་ཆུང་སངས་རྒྱས་ཡེ་ཤེས་ཀྱིས་ཞུས། ཞེས་ཀྱང་འབྱུང་བས་དཔྱད་དོ། །ཁྲག་སྐྱུག་མ་བུ་ཤོག་དྲིལ་དྲུག་སྟེ། ཁྲག་སྐྱུག་ལེའུ་བདུན་པའི་རྒྱུད། ཁྲག་སྐྱུག་སྒྲུབ་ཐབས་དང་། ལས་བྱང་མདོར་བསྡུས་རྣམ་གཉིས་དང་། ཐེམ་ཡིག་གཉིས་ཏེ་དྲུག་ཏུ་བསྟན། །སྤོགས་ཆོག་ཨར་ལ་གཏད་པའི་ཡིག་ཆུང་དང་། །སྔགས་ཀྱི་ཊཱི་ཀ་རྣམ་གཉིས་དང་། །ལས་ཁ་མནན་པའི་ཡིག་ཆུང་དང་། །དངོས་གྲུབ་སྟེར་བ་ནོར་གྱི་སྒྲུབ་པ་དང་། །བླ་མའི་ཞལ་གདམས་འདི་དང་དྲུག །གོང་གི་ཤོག་རིལ་དྲུག་གི་ཤམ་དུ་ནི། །ཡིག་ཆུང་ཕྲ་མོའི་ཡི་གེ་རེ་རེ་བཏབ། །མ་བུ་ཤོག་དྲིལ་དྲུག་ཏུ་དྲིལ། །ཕུང་པོ་རི་བོ་ཆེ་ཡི་གཏེར་དུ་སྦས། །རྩེ་ལྷ་བྱང་ཆུབ་ཁྱོད་ཀྱིས་སྲུངས། །ཞེས་སོ། །ཡང་འདིའི་དངོས་བསྟན་གྱི་བརྗོད་བྱ་དང་། ཕྱི་འགྱུར་གྱི་བརྗོད་བྱ་མི་མཐུན་པ་ནི། ཕྱི་འགྱུར་གྱི་དཀྱིལ་འཁོར་གྱི་ལྷའི་གཙོ་བོ་ནི་གཤིན་རྗེའི་གཤེད་དམར་པོ་ཡིན་ལ། བར་འགྱུར་སྤུ་གྲི་རེག་ཆོད་དཀྱིལ་འཁོར་གྱི་གཙོ་བོ་ནག་པོ་ཡིན་ཏེ། སྤུ་གྲི་རེག་ཆོད་གསང་བའི་རྒྱུད་ལས། གང་ཟག་བསྙེན་པ་བསྒྲུབ་དུས་སུ། །དཔལ་གྱི་དམར་གཏོར་བཅས་ནས་ནི། །བདག་ཉིད་འཇམ་དཔལ་གཤེད་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་བེ་ཅོན་འཕྱར་བ་དང་། །གཡོན་པས་སྡིགས་འཛུབ་འབར་བ་བསྒྲེང་། །ཁྲོ་བོའི་རྒྱན་ཆ་ཀུན་གྱིས་བརྒྱན། །ཤིན་ཏུ་འཇིགས་པའི་ཆ་བྱད་ཅན། །དེ་ལྟ་བུ་རུ་བསྒོམ་པ་ནི། །དུས་གསུམ་བསྙེན་སྒྲུབ་བསད་གསུམ། ཀུན་ཏུ་གལ་ཆེའོ། །དེ་ཡི་སྙིང་པོ་འདི་བཞིན་བཟླས། །ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཛ་ཛཿ ཞེས་དང་། དབུས་སུ་གྲུ་གསུམ་ནག་པོ་བྱ། །ཞེས་དང་། རྒྱུད་འདི་ལ་བརྟེན་ནས་སློབ་དཔོན་ཆེན་པོ་པདྨས་མཛད་པའི་སྒྲུབ་ཐབས་ལས། གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པས། །སྔགས་ཀྱི་དངོས་གྲུབ་ཐོབ་པ་དང་། །ཕྱིས་ནི་བཤན་པ་ལས་ལ་རྦད། །ཅེས་པའི་མཆན་དུ། ཨ་ཀྲོ་སྔོན་འགྲོ། མཉྫུ་ཤྲཱི་རྟགས་ཐོན་ནས། ཞེས་བཤད་དོ། །ཡང་སྒྲུབ་ཐབས་ལས། ཡ་མཱནྟ་ཀ་འཇིགས་པའི་སྐུ། །མདུན་དུ་སྒྲོལ་གིང་ཛཿལས་བསྐྱེད། །སྐུ་མདོག་དམར་པོ་འཇིགས་པའི་གཟུགས། །མེ་དང་ལས་ཀྱི་འཁོར་ལོ་བསྣམས། །ཞེས་སོ། །གཞན་ཡང་བརྟེན་རྫས་ཀྱི་སྙིང་སྣ་ཡང་། ཕྱི་འགྱུར་སྒྲུབ་བྱང་ནས་མི་དང་། བྱ་དང་། རྟའི་སྙིང་དགོས་པར་བཤད། སྤུ་གྲི་རེག་ཆོད་གསང་བའི་རྒྱུད་ལས། རྩིབས་བཞི་རྩང་ལ་སྙིང་བཞི་གཟུག །ར་དམར་ཁྱི་དམར་ར་རོག་དང་། །ལུག་ནག་ལ་སོགས་སྙིང་བཞི་ནི། །ཞེས་སོ། །མཱ་ར་ཡ་ཁྲག་སྐྱུག་གི་རྒྱུད་ལས། འཁོར་ལོ་རྩིབས་བཞི་ལྡན་པ་ལས། །གདུག་པའི་མཚོན་ཆ་དམར་པོ་ལ། །སྲོག་ཆགས་བསད་པའི་སྙིང་བཞི་གཟུག །བཤོས་བུ་གྲུ་གསུམ་དམར་པོ་ལ། །རུ་མཚོན་དམར་པོ་བཞི་ཡང་གཟུག །ཅེས་པའི་རུ་མཚོན་གྱི་སྒྲུབ་པའི་རྣམ་པ་ཅུང་ཟད་བྱུང་གིས། གཞན་ཕྱི་འགྱུར་གྱི་སྒྲུབ་བྱང་དང་མཐུན་པ་མ་བྱུང་ངོ་། །ཡང་ཕྱི་འགྱུར་གྱི་སྐབས་སུ་འཁོར་ལོ་སྤུ་གྲི་བསྣོལ་མར་འཁོར་བ་ལས། འཁོར་ལོ་ནང་ནས་གཡས་སུ་འཁོར་ལ། མཚོན་ཆ་སྤུ་གྲི་རྣམ་པ་ཅན་གཅིག་འཁོར་ལོའི་ཐད་དུ་བསམས་ཏེ་ཕྱི་ནས་གཡོན་བསྐོར་དུ་འཁོར་བའི་བར་དུ་དགྲ་བགེགས་གཅོད་པར་བསམས་པ་ཡིན་ཏེ། དེ་ནི་ཅུང་ནོར་བ་འདྲ་སྟེ། འཁོར་ལོ་གཡས་སུ་འཁོར་བའི་ཚེ། འཁོར་ལོའི་སྟེང་ན་བཀོད་པའི་སྔགས་རྣམས་སྤུ་གྲི་སྟེ་མཚོན་ཆའི་རྣམ་པ་ཅན་གཡོན་དུ་འཁོར་ཏེ། དེ་ལྟ་བུའི་སྔགས་འཁོར་བསྣོལ་མས་དགྲ་བགེགས་གཅོད་པར་བསམ་པ་ཡིན་པར་གོ་སྟེ། སྤྱིར་གྱི་གཤིན་རྗེའི་གཤེད་ཀྱི་ལས་ཚོགས་ཀྱི་སྐབས་སུ་བཤད་པའི་མཚོན་ཆ་དང་སྤུ་གྲི་ཞེས་པ་ཕལ་ཆེར་སྔགས་ལ་གོ་དགོས་པ་ཡིན་གྱི། གློ་བུར་དུ་མཚོན་ཆ་སྤུ་གྲི་དགོས་པ་ཆུང་ངམ་སྙམ་སྟེ། སྤུ་གྲི་རེག་ཆོད་ཀྱི་རྒྱུད་ལས། འདི་ནི་བློ་ལ་མི་བླང་སྟེ། །དཔེ་ལས་བཟླས་ཤིང་བརྡེག་པར་བྱ། །འདི་ནི་གབ་པའི་མན་ངག་སྟེ། །སྤུ་གྲི་འདྲ་བས་ཤིན་ཏུ་ཟབ། །ཅེས་དང་། སློབ་དཔོན་རིན་པོ་ཆེ་པདྨས་མཛད་པའི་སྒྲུབ་ཐབས་ལས། ལྔ་བཅུ་རྩ་བརྒྱད་མིང་དང་བཅས། །དྲག་པོའི་གནད་གཅོད་དྲག་སྔགས་འདི། །རྩ་སྲོག་གཅོད་པའི་སྤུ་གྲིར་ཤེས། །ཡང་ཞལ་ཁྲིད་གསང་བ་རིན་ཆེན་ཕྲེང་བ་འོད་ཀྱི་རྒྱན་ལས། བཟློག་པ་ཉིན་ལ་དཀྲུགས་པ་མཚན། །སྤུ་གྲི་བསྣོལ་མས་སྲོག་རྩ་གཅོད། །ཅེས་དང་། སྡིག་པ་སྙིང་འཛིངས་ཀྱི་རྒྱུད་དུ། ཕྱག་རྒྱ་མཚོན་ཆ་དམིགས་པའི་ཡུལ། །གསལ་བ་གསུམ་གྱིས་ལས་ཀུན་འགྲུབ། །ཅེས་བཤད་པ་ལ། སྦས་ཏིག་ཏུ། ཕྱག་རྒྱ་ནི་ལྷ་དང་། མཚོན་ཆ་ནི་སྔགས། དམིགས་པ་ནི་དགྲ་བགེགས་ཡིན་པར་བཤད། སྤྱི་གཅོད་འཕྲུལ་གྱི་ལྡེ་མིག་ལས། རྣམ་པ་རྩ་དང་ཡི་གེ་ཡིན་ལ། ནུས་པ་རྣོ་དབལ་གྱི་མཚོན་ཆ་དུག་གི་རང་བཞིན་ཅན་ཡིན་པས། ཞེས་བཤད་པས་སོ། །དེ་ལྟར་མ་ཡིན་ན་ནི། རྒྱུད་སྤུ་གྲི་རེག་གཅོད་འདི་ཡང་སྤུ་གྲི་ཡིན་དགོས་སོ། །ཤིན་ཏུ་རྣོ་ཞིང་མྱུར་བས་ན། །སྤུ་གྲི་རེག་གཅོད་རྒྱུད་དུ་བཟུང་། །ཞེས་པས་གསལ་ལོ། །གཞན་ཡང་ལུང་འདི་ལྟར་འབྱུང་སྟེ། སྤུ་གྲི་རེག་ཆོད་གསང་བའི་རྒྱུད་ལས། སངས་རྒྱས་བསྟན་པ་བསྲུང་ཆེད་དུ། །དགྲ་བོའི་སྲོག་གི་གཅོད་པ་ལ། །ཕྱི་རབས་གང་ཟག་རྣམས་ཀྱིས་ནི། །རྫས་དང་སྔགས་དང་ཏིང་འཛིན་གསུམ། །འདི་དག་ལྡན་པའི་གང་ཟག་གིས། །སྲོག་ཟན་ཆེན་པོ་དགྲ་ལ་རྦད། །ཅེས་དང་། མནན་པའི་སྐབས་སུ་ཡང་དེ་ཉིད་ལས། རྒྱ་མཚོ་དག་གི་གཏིང་ངོགས་ནས། །སྲོག་བདག་རལ་པ་ཚར་དགུ་ལ། །དགྲ་བོ་ལག་ཏུ་གཏད་པར་བྱ། །ངས་མ་ཉེས་ཤིང་དགྲས་ཉེས་བགྲང་། །ཞེས་སོ། །ཞལ་ཁྲིད་ལས། ལྟ་བ་མ་བཅོས་རྣལ་མ་རྟོགས་པ་དང་། །ཡི་དམ་ལྷ་ཡི་ནུས་པ་ཐོན་པ་དང་། །དམ་ཚིག་གཞུང་ལྟར་ཐུབ་པར་བསྲུང་བས་ནི། །གནོད་སྦྱིན་དམར་པོ་བྲན་ལྟར་འཁོལ་བར་འགྱུར། །དེ་ལྟར་གསུམ་ཀ་ལྡན་པར་མ་འགྱུར་ན། །གཉིས་ལྡན་འབྲིང་ལ་གཅིག་ལྡན་ཐ་མ་འཁོལ། །ཞེས་སོ། །རྡོ་རྗེ་གནོད་སྦྱིན་ཁྲོས་པ་དཔལ་བོ་གར་གྱི་རྒྱུད། །རོ་ལངས་ནག་པོ་འཇིག་རྟེན་ལུང་དམར་གྱི་དྲག་སྔགས་ལས། འཆི་བདག་ཞལ་དབྱེའི་སྐབས་འདི་ལྟར་འབྱུང་སྟེ། ཐོད་པ་སོག་ལེས་ལེགས་གཤགས་ཏེ། །འཆི་བདག་གཤིན་རྗེའི་གཟུགས་བརྙན་བརྟགས། །ལྟག་པའི་ཁུང་པར་ཁ་བལྟས་པའི། །རབ་ཏུ་བགྲད་ཏེ་འཇིགས་པ་པོ། །ལྟོ་རུ་སྲིད་པ་གསུམ་པོ་འཆང་། །དེ་ཡི་གཟུགས་ནི་ལེགས་བརྟགས་ལ། །སྙིང་གར་དྲག་སྔགས་འདི་དག་བྲི། །ཞེས་དང་། ཡང་རྒྱུད་ཀྱི་ལེའུ་གསུམ་པ་ལས། དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །འཁོར་ལོ་རྩིབས་བཞི་རྫོགས་པར་བྱ། །དབུས་སུ་སྨྱུག་མ་ཚིག་གསུམ་ལྔ། །དཔའ་བོའི་ཁྲག་གིས་རབ་བྱུགས་ལ། །བསྭེ་མཁར་ཆེན་པོར་བྱིན་གྱིས་བརླབ། །ཞེས་འབྱུང་བའི་སྨྱུག་མ་ཚིག་གསུམ་ལྔ་ཞེས་པའི་མཆན་དུ། སུམ་ཐོག་གམ་ལྔ་ཐོག་བྱ་ཟེར་བ་ལྟར་ན་ནི། རུ་མཚོན་ཁང་ཐོག་ལྔ་བརྩེགས་སུ་བྱེད་པར་རིགས་པ་འདྲའོ།། །།


previousབཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་རྣམ་བཤད་ཉེར་མཁོ་བསྡུས་པ།next