Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྲ་མོ་ཀློང་དགུའི་འདའ་དཀའ་འཆི་བྲོད་འཕོ་བ་སྐར་ཁུང་མ་དང་བཅས་པ།
   
   


 
previousཕྲ་མོ་ཀློང་དགུའི་འདའ་དཀའ་འཆི་བྲོད་འཕོ་བ་སྐར་ཁུང་མ་དང་བཅས་པ།next

ཕྲ་མོ་ཀློང་དགུའི་འདའ་དཀའ་འཆི་བྲོད་འཕོ་བ་སྐར་ཁུང་མ་དང་བཅས་པ།

ཕྲ་མོ་ཀློང་དགུའི་འདའ་དཀའ་འཆི་བྲོད་འཕོ་བ་སྐར་ཁུང་མ་དང་བཅས་པ་བཞུགས་སོ། །འདི་ལ་ནང་གསེས་དོན་ཚན་བཞི་ཡོད། ༼༡༽ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཞི་དྲག་སྤེལ་བའི་རླུང་གི་གདམས་ངག་ཐོར་བུ་ལ། དང་པོ་གནས་དབེན་པར་ལུས་སྦྱངས་ལ་སྟན་འབོལ་པོ་ལ་འདུག་སྟེ། སོས་ཀློད་ལ་དབུགས་ཆམ་ལ་ཕབ། དེ་ནས་ཕྱི་ནང་དུ་རྒྱུ་བའི་དབུགས་ལ་བལྟས་ལ། ཕྱིར་རྒྱུ་ཞིང་ཕྱིར་གནས་པ་དང་། ནང་དུ་རྒྱུ་ཞིང་ནང་དུ་གནས་པ་གང་རིང་བལྟས་ལ། ཕྱིར་གནས་པ་རིང་བར་ཡོད་པ་དེ་ཀ་ཙམ་གཅིག་ནང་དུ་འཐེན་པ་ལ་ཕྱི་ནང་གཉིས་ཀ་ཆ་མཉམ་ལ་རྒྱུ་རུ་གཞུག་ཅིང་དེ་ལ་མ་ཡེངས་པར་བྱས་ལ་ཐུན་གཅིག་བསྒོམ། དེ་ཀ་ཙམ་གཅིག་ཁམས་གསེང་། དེ་འདྲ་བ་སྔ་དྲོ་ཐུན་གསུམ། ཕྱི་དྲོ་ཐུན་གསུམ། དེ་ནས་གོམས་ནས་ཕྱི་ནང་མཉམ་པོ་འཐེན་པ་སྔར་དང་འདྲ་བ་ལས་རབ་ཏུ་གནས་པའི་ཆ་ལྔ་ནང་དུ་འཐེན་པ་དེ་ཀ་ཙམ་གཅིག་བར་དུ་འཐེན་ལ་གསུམ་མཉམ་དུ་མཉམ་པ་ལ་བསྒོམ། དེ་འདྲ་བ་ལན་བདུན་ནམ་དགུའམ་བཅུ་གཅིག་གང་བདེ་བ་གཅིག་བསྒོམ། ཡུན་བདེ་བས་རིང་བ་གཅིག་གློད་ལ་སོ་མར་བཞག་གོ། །སྔར་ལྟར་གསུམ་མཉམ་ལ་བསྒོམ། ཡང་སྔར་ལྟར་ཀློད། སྔར་ལྟར་བསྒོམ། དེ་ནས་ལངས་ལ་ཁམས་བསང་ངོ་། །དེ་ལྟར་སྔ་དྲོ་ཐུན་གཅིག །ཕྱི་དྲོ་ཐུན་གཅིག །གུང་ལ་ཐུན་གཅིག་སྟེ། ཐུན་གསུམ་ལ་ཐུན་ཆེ་ཆུང་ལེའུར་བྱས་ལ་བསྒོམ་མོ། །དེ་གོམས་པ་དང་། དེ་ལ་བོགས་དབྱུང་ནི། དྲག་རླུང་གིས་སྟོབས་སྐྱེད། རྩ་མདུད་གྲོལ། སྒོ་དབྱེ་སྟེ། རན་ལ་བག་ཙམ་འཐེན་ལ། དེ་ནས་ཁ་སྣ་ནས་རླུང་ཕྱིར་ལ་འབུད་པ་ལ་ལན་གསུམ་བྱ། དེ་ནས་མགོ་མཇིང་གཡས་སུ་ལན་གསུམ་འཐེན། གཡོན་དུ་དེ་བཞིན་བྱ། དེ་ནས་ཁ་སྣ་ནས་ནང་དུ་དབུགས་ལན་གསུམ་རྔུབས་ལ། ཁ་སྣ་བསྡོམ་ལ་འོག་སྒོ་ཡང་བསྡོམ་ལ་ནང་དུ་ཐུབ་ཚད་དུ་འཐེན། མ་ཐུབ་ན་སྔོན་ལ་འོག་སྒོ་ཀློད་ལ། དེ་ནས་ཁ་སྣ་ནས་དལ་བུས་བཏང་། དེར་ངལ་གསོས་ཏེ་ཤེས་པ་སོ་མའི་སྟེང་དུ་བསྡད་ལ་དབུགས་ཐོན་པར་བྱའོ། །དེ་ནས་དབུགས་ཕྱིར་འབུད་པ་དང་། མགོ་མཇིང་འཐེན་པ་མི་དགོས། ནང་དུ་འཐེན་པ་དང་། ངལ་གསོ་ལན་གཉིས་བྱས་ཏེ་ཤེས་པ་སོ་མར་བཞག་གོ། །དེ་ནས་ཁམས་བསང་། གུང་དང་ཕྱི་དྲོ་ལ་ཡང་སྔར་ལྟར་ཐུན་རེ་བྱའོ། །དེ་ནས་ཞི་རླུང་གིས་གཞི་བཟུང་བ་དང་། རྒྱུན་བསྲིང་བར་བྱས་ཏེ། དྲག་རླུང་ཉིན་རེ་ལ་ཐུན་རེ་རེ་ཙམ་བྱ་ཞིང་། ཞི་རླུང་སྔར་ལྟར་གྱི་ནང་དུ་འཐེན་པ་དང་། བར་དུ་གནས་པ་བསྡོམ་པ་དེ་གཉིས་ལོག་ཙམ། ནང་དུ་འཐེན་གྱིན་བསྒོམ་མོ། །དེ་བརྟན་པ་དང་དེ་བས་ཀྱང་འཐེན་པ་བག་རེ་བསྲིང་སྟེ་ཡིད་ལ་སྔར་བས་དྲག་པ་གཅིག་གཉིས་གསུམ་ཙམ་རེ་འཐེན་ལ་མནན་ནོ། །དེ་གོམས་པ་དང་། སྔར་གྱི་དྲག་རླུང་ཐུན་གཅིག་ལ་ལན་གསུམ་ནང་དུ་འཐེན་གྱིན་ངལ་གསོ་བ་དེ་སྔར་དང་འདྲ་བས། དེ་འདྲ་ཐུན་གཉིས་སྔ་དྲོ་བྱ། ཕྱི་དྲོ་ཡང་རླུང་ཐུན་གཉིས་བྱའོ། །ཐུན་བཞི་ལ་འཐེན་པ་བཅུ་གཉིས་ཡོད་དོ། །འཕེན་པའི་བར་རྣམས་སུ་སྔར་གྱི་ཞི་རླུང་དེ་སྔར་བས་དབུགས་ཁུག་པ་རེ་ཙམ་གྱིས་རིང་དུ་འཐེན་པ་ལ་བསྒོམ་མོ། །དེ་གོམས་པ་དང་། ཐུན་ཇི་ཙམ་བསྒོམ་པ་གཅིག་གི་བཞི་ཆ་གཅིག་དྲག་ལུང་ལ་བསྒོམ། དེ་ཀ་ཙམ་གཅིག་སྔར་གྱི་ཞི་རླུང་ལ་བསྒོམ། དེ་ཀ་ཙམ་གཅིག་སོ་མའི་སྟེང་དུ་བཞག །དེ་ནས་ཡང་རེ་ཙམ་གཅིག་ཁམས་བསང་། ཐུན་གཅིག་ལ་བཞི་ཆ་རེ་རེ་དེ་ལྟར་དུ་བྱས་ཏེ། ཉིན་གཅིག་ལ་དེ་འདྲ་བ་ལན་གཉིས་སམ་ཡང་ན་གསུམ་བྱའོ། །དེ་གོམས་པ་དང་དྲག་རླུང་བདེ་ན་ཞི་རླུང་ལ་བག་རེ་ཙམ་བྱ་ཞིང་། དྲག་རླུང་ཡང་ཡང་བསྒོམ་མོ། །ཞི་རླུང་ལ་བདེ་ན་མགོ་ལ་དྲག་རླུང་ལན་གསུམ་གསུམ་ཙམ་འཐེན། སྔར་གྱི་ཞི་རླུང་ཐུབ་ཚད་མི་བདེ་བ་མེད་ཙམ་དུ་ནང་དུ་འཐེན་གྱིན་བསྒོམས་པ་སྔར་བཞིན་དུ་བྱས་ལ། མཇུག་སོ་མ་ལ་འཇོག་ཙ་ན། ཤེས་པ་མིག་གི་མཐོང་ཙད་དུ་ཐག་བསྲིངས་ལ་བཞག་ཅིང་བསྒོམ་མོ། །དེ་ནས་ཁམས་བསང་ངོ་། །དེ་གོམས་པ་དང་། དྲག་རླུང་སྔར་ལྟར་ཐུན་མགོ་ལ་བསྒོམ་ཞིང་། ཞི་རླུང་ནང་དུ་ཐུབ་ཚད་དུ་ཐག་བསྲིངས་ལ་འཐེན་པ་སྔར་དང་འདྲ་བའི་སྟེང་དུ་ནང་དུ་མི་བདེ་ཡང་མི་བཏང་བས། རྩོལ་བ་བག་རེས་འཐེན་གྱིན་བསྒོམ། འཐེན་པའི་གྲངས་སྔར་བཞིན་བདུན་ནས་དགུ་ལ་སོགས་པ་མང་དུ་བྱ། ཐུན་ཡང་བག་རིང་དུ་མང་དུ་བསྒོམ་མོ། །དེ་ནས་སོ་མ་ལ་སྡོད་ཚད་བཞག་གོ། །དེ་ནས་ཁམས་བསང་ངོ་། །དེ་གོམས་ནས་ཞི་དྲག་གཉིས་སྤེལ་ཏེ། གང་རུང་ཐུན་གཅིག་སྟོད་ལ་སྒོམ། གཅིག་སྨད་ལ་བསྒོམ། ཡང་ན་གང་རུང་གཅིག་སྔ་ཐུན་ལ་བསྒོམ། གཅིག་ཕྱི་ཐུན་ལ་བསྒོམ། ཐུན་ཆེ་ཆུང་ཁམས་དང་སྦྱར། ཁམས་ལ་སོགས་ནི་ཐུན་བསྲིངས་ལན་ཀློད་ལ་ངལ་གསོལ་ལ་ཀློད་དེ། དེས་ཀྱང་གནས་པ་བཟང་དུ་མ་སོང་ངམ། གནས་པ་བཟང་དུ་སོང་ཡང་། རླུང་གི་རྟགས་སམ་ཡོན་ཏན་ཡོང་བར་འདོད་པ་ལས་མ་བྱུང་ན་དྲག་རླུང་ནང་དུ་འཐེན་ཅིང་བཙིར་ཏེ། སྔར་དང་མཐུན་པའི་སྟེང་དུ་རླུང་རིང་ཐུང་གཉིས་བརྩེགས་བྱ་སྟེ། ཕྱིའི་ཁྲུ་གང་ནས་ཚུར་སྣ་ལ་ཧཱུྃ་རིང་པོ་ནང་དུ་རྡུབ་ནས་སྙིང་ཁ་མན་ཆད་བཙིར་ཞིང་མནན། འོག་རླུང་ཨ་ལོང་ནས་ཡར་ལ་ཁྲུ་གང་འཐེན་ཐུབ་ཚད་གཉིས་ཀ་མནན་ནོ། །མི་ཐུབ་ཙན་མི་བཏང་བར་ཧཱུྃ། ཐུང་ངུས་ཆོག་ན་མར་བཙིར་བས་འཐེན་ཏེ། སྟོབས་དང་རྩོལ་བ་ཤིན་ཏུ་བསྐྱེད། ལུས་སྤྱོད་པ་ཡན་ཆོད་ཕར་ཡོ་ཚུར་ཡོ་སྒུར་ཞིང་བཙིར་ལ་མནན་ནོ། །དེ་དུས་བླ་མ་རྩར་བཞུགས་ལ་བུས་མི་ཐུབ་པ་འདྲ་བ་ཙ་ན། དུས་ལ་བབས་འདུག་གི་བཙིར་ཅིག་ཅེས་བསྐུལ་ལོ། །དེ་འདྲ་བ་དང་པོ་སྔ་དྲོ་ལ་ལན་བཅུ་གཅིག །ཉི་མ་གུང་ཡོལ་ནས་བཅུ་གཅིག །སྲོད་ལ་མལ་དུ་ཞུགས་ནས་ལན་བཅུ་གཅིག་བྱས་ཏེ། ཐུན་རབ་འབྲིང་ཐ་མའི་གསུམ་ལས་ཐ་མ་ཡི་གྲངས་སོ། །དེའི་དུས་སུ་ཁམས་སོ་ཤིན་ཏུ་བསྟར། གནས་མུན་ཁུང་དུ་བྱས། མལ་ཆ་དྲོ་ལ་སྙོམས་པ་བསྟེན། མིག་བཙུམ་མོ། །དེ་ནས་མ་ལོག་སྟེ་ལས་སུ་རུང་ཙ་ན། སྔ་དྲོ་དང་གུང་ཡོལ་ཙ་དང་། སྲོད་དང་གསུམ་ལ་གྲངས་ཉི་ཤུ་རྩ་གཅིག་ཏུ་ཡར་ལ་བྱ། དབུགས་འདོན་པའི་བར་དུ་སོ་མར་བཞག་ལ་ཐུན་བཟུང་ངོ་། །དེ་ལས་སུ་རུང་བ་དང་། ཐུན་རེ་ལ་གྲངས་སུམ་ཅུ་སོ་གཅིག་ཏུ་ཡར་ལ་བྱའོ། །དེ་ལྟར་ཉིན་གཅིག་སྲོད་ལ་གཅིག་དགུ་པོ་དེ་རབ་ཀྱི་གྲངས་སོ། །དེ་ནས་ཐུན་རབ་འབྲིང་གསུམ་ལ་བསླབ་པའོ། །བུམ་ཅན་ནང་དུ་འཐེན་ནས་མ་ཤོར་བར་རེ་ལ་ལག་པ་པུས་མོ་ལ་སྦྱར་ལ་བསྐོར་བ་རེ་ལ་སེ་གོལ་རེ་གདབ། དེ་འདྲ་བ་སུམ་ཅུ་ཐམ་པ་ཐུན་ཐ་མའོ། །དེ་ལ་སྦྱང་བ་ཇེ་རིང་ཇེ་རིང་ལ་དྲུག་ཅུ་ཐམ་པ་ཐུབ་ན་ཐུན་འབྲིང་། དེ་ཀ་ལ་སྦྱངས་སྦྱངས་པས་ཇེ་རིང་ལ་དབུགས་གང་ལ་དགུ་བཅུ་ཐམས་པ་ཐུབ་ན་དབུགས་རབ་ཡིན་ཏེ། དེ་ཕན་ཆད་ནང་དུ་མནན་པ་ལ་མི་བདེ་བ་ཙམ་ཡང་མི་ཡོང་གསུངས། དེ་ཀ་ལ་བུམ་པ་རབ་འབྲིང་ཐ་མ་གསུམ་སྟེ། ཐུན་ཐ་མ་ལ་བུམ་པ་ཐ་མ། ཐུན་འབྲིང་པོ་ལ་བུམ་པ་འབྲིང་། ཐུན་རབ་ལ་བུམ་པ་རབ་བོ། །དེ་ལྟར་སྦྱངས་པས་དབུགས་རེ་ལ་སུམ་ཅུ་ལ་སོགས་པ་ཐུབ་པ་འབྱུང་ངོ་། །དེ་དག་གིས་རླུང་ཞི་དྲག་སྤེལ་མར་སྦྱངས་པའི་ཐབས། རླུང་ཐམས་ཅད་ཀྱི་ལག་ལེན་གྱི་ཕྱི་མོ། བླ་མས་གསུངས་པ་བཞིན་དུ་ལག་ལེན་བརྗེད་བྱང་ཡི་གེར་བཀོད་པའོ། །ཨཐྎ། ༼༢༽ འགྲོ་བའི་མུན་པ་སེལ་མཛད་ཅིང་། །ཉོན་མོངས་དྲྭ་བ་གཅོད་མཛད་པ། །སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །སྤྱིར་ཡང་དག་པའི་སངས་རྒྱས་ཀྱི་སར་འགྲོ་བར་བྱེད་པའི་ཐབས་ཀྱི་ཡན་ལག་མང་ཡང་། གསང་སྔགས་མ་ཧཱ་ཡོ་གའི་སྒོར་ཞུགས་པའི་རྣལ་འབྱོར་པས། ཐབས་ལམ་དང་གྲོལ་ལམ་གཉིས་སུ་འདུས་གསུངས་སོ། །དེ་ཡང་རུ་བི་མ་ལས་ཐབས་ལམ་དང་གྲོལ་ལམ་གཉིས་སུ་གསུངས་ཏེ། རུ་བི་མའི་ལམ་རིམ་ནས་རྒྱས་པར་བསྟན་ནོ། །འདིར་བླ་མའི་ཞལ་གྱི་གདམས་པ་ལ་གཉིས་སུ་གསུངས། ཐབས་ལམ་དང་། གྲོལ་ལམ་གཉིས་སོ། །དེ་ལ་འདིར་ཐབས་ལམ་མོ། །དེ་ལ་གཉིས་ཏེ། ཐབས་གདམས་ངག་དང་བཅས་པ། གདམས་ངག་ཐབས་དང་བཅས་པའོ། །དེ་ལ་དབང་པོ་རྣམ་པ་གསུམ་ལས། དེ་ལ་འདིར་དབང་པོ་ཐ་མའི་གདམས་ངག་གོ། །གདམས་ངག་ཇི་སྙེད་ཅིག་ཡོད་ཀྱང་། གནས་པ་རྩ། བརྟེན་པ་ཐིག་ལེ། གཡོ་བ་རླུང་གི་གདམས་ངག་གོ། །དེས་ན་རྩ་གནད་ལ་བསྟིམ། རླུང་ཆམ་ལ་དབབ། སེམས་རང་དབང་མེད་པར་བཟུང་བའོ། །དེ་ལ་གནས་པ་རྩའི་གདམས་ངག་ལ་གཉིས། རྩ་གསུམ་དང་། འཁོར་ལོ་དྲུག་གོ། །དེ་རྣམས་གནད་ལ་གསལ་བ་དེ་ལ་འདིར་མན་ངག་རྣམས་བཀོད་པ་ལས། རྩ་གནད་ལ་དབབ་པ་ལ་འཁྲུལ་འཁོར་ཆེན་པོ་བཅུས་གནད་ལ་དབབ། རླུང་ཆམ་ལ་དབབ་པ་ལ་རླུང་གི་བྱེད་པ་བཅུས་ཆམ་ལ་དབབ། སེམས་རང་སོ་བཟུང་བ་ལ་དཀྲི་ཐབས་རྣམ་པ་བཅུ་ཡིས་བཟུང་། ཞེས་གསུངས་སོ། །དེ་ནས་ཨ་ཏྲེ་ཤའི་འབྲིང་པོ། བུམ་པ་དགུ་ཕྲུགས་ལྟར་ཉམས་སུ་བླངས་ནས། དེ་ལ་འདིར་ཕྱི་ཡི་བུམ་པ་གསུམ་ལས། ཕྱི་སྨན་གྱི་བུམ་པས་ལུས་ཀྱི་ནད་སྤྱང་བ་གཞན་ན་གསལ། ནང་ཙཎྜ་ལིའི་བུམ་པས་ལུས་དྲོད་སྦྱང་བ་བསྟན་པ་ནི། གསུམ་ཡང་གཉིས་ཀྱི་གདམས་ངག་ཅེས་བྱ་སྟེ། གྲུ་གསུམ་མེའི་གནས་སུ་སྡོང་བུ་གཟུགས། །རྩ་མདུད་ཡི་གེའི་གམ་དུ་ས་བོན་དགོད། །དཀྲི་ཐབས་རིམ་པ་གསུམ་གྱིས་གསལ་གདབ་བྱ། །དྲོད་རྟགས་རིམ་པ་གསུམ་གྱིས་བསྐྱེད་འཕེལ་སྦྱང་། །སྦྱོར་བ་རྣམ་པ་གསུམ་གྱིས་གོང་སྐྱོན་གསལ། །ཅེས་སོ། །ཚོགས་གསུམ་གཉིས་པ་ནི། འོག་སྒོ་རླུང་གི་འཁོར་ལོ་ལ་སྦྱར་བ་ནི། རྩ་གསུམ་ཨེ་ཡི་ཙཀྲ་ལ་བརྟེན་ནས་ཙཎྜ་ལཱི་དྲོད་ཀྱི་གནད། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་བརྟེན་ནས་བདེ་དྲོད་བསྐྱེད་པའི་གནད་དོ། །དང་པོ་གནད་དང་ཚུལ་མཐུན་པའི་རླུང་ཟས་སུ་ཟ་བ། རླུང་གོས་སུ་གྱོན་པ། རླུང་རྟ་རུ་ཞོན་པའོ། །སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་བརྟེན་ནས་མི་རྟོག་པའི་ཡེ་ཤེས་ངོས་བཟུང་བའི་གནད། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་བརྟེན་ནས་གཉིས་སུ་མེད་པ་བདེ་བ་ཆེན་པོའི་སྐུ་ལ་ཟླ་བའི་གནད་དོ། །གསུམ་པ་ཚོ་གསུམ་པའི་གདམས་ངག་གིས་ནང་དུ་སྡོང་བུ་འབར་བའི་འཁོར་ལོ་བསྐོར་བ། ཕྱི་རུ་ཉི་མ་འོད་ཟེར་གྱི་འཁོར་ལོ་བསྐོར་བ། རྩེ་སྤྲོད་ཀྱི་འཁོར་ལོ་བསྐོར་བ། དེའི་གཉིས་པ་ནི། འཁྲུལ་འཁོར་རྡོ་རྗེ་ལྷུན་གྲུབ་ཀྱི་གདམས་ངག །རླུང་རྟ་དྲག་པོ་གསུམ་རོལ་པའི་གདམས་ངག །དམིགས་པ་མང་ཉུང་ངོ་སྤྲོད་ཀྱི་གདམས་ངག་གོ། །གཉིས་པ་བདེ་བ་བསྒོམ་པའི་གདམས་ངག །གསང་བ་བྱང་ཆུབ་སེམས་ཀྱི་འཁྲུལ་འཁོར་ནི། དབུ་རྒྱན་ཉི་ཟླས་བརྒྱན་མགུར་ཆུ་དར་གྱེན་ལ་དྲིལ་སྐུ་རེག་གནད་དུ་བསྡམ། ཕྱག་གདུབ་བསྡམ་པར་བྱ། ཞབས་གདུབ་མཛེས་པར་བྱ། དེ་ལྟར་བསྐྱིལ་ཏེ་རླུང་དང་བདེ་བའི་ཐིག་ལེ་ཐམས་ཅད་གཅིག་ཏུ་འཛོམ་པར་སྦྱང་། བདེ་སྟོང་གི་དོན་ལ་ངོ་སྤྲོད་དོ། །དེ་ཐམས་ཅད་ལ་སྔོན་འགྲོ་དང་། དངོས་གཞི། རྗེས་ཀྱི་གདམས་པ་གསུམ་དང་ལྡན་པ་གལ་ཤིན་ཏུ་ཆེའོ། །ཞེས་གསུངས་པའོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཐབས་ལམ་གྱི་གདམས་ངག་ལ་དྲུག་སྟེ། སྒྱུ་ལུས་ཀྱི་མན་ངག་དང་། རླུང་གི་མན་ངག་དང་། རྩའི་མན་ངག་དང་། ཐིག་ལེའི་མན་ངག་དང་། བདེ་བའི་མན་ངག་དང་། ཡེ་ཤེས་ཀྱི་མན་ངག་གོ། །སྒྱུ་ལུས་ལ་གཉིས་ཏེ། སྔོན་དུ་འགྲོ་བ་དང་། དངོས་གཞིའོ། །སྔོན་དུ་འགྲོ་བ་ནི། དང་པོ་མཚན་ཉིད་དང་ལྡན་པའི་བླ་མ་བཙལ། མོས་པ་དང་དད་པ་སྔོན་དུ་བཏང་ལ། དབང་མན་ངག་ཐོབ་པར་བྱས་ཏེ། ཤིན་ཏུ་དབེན་ཞིང་ཉམས་དགའ་བའི་གནས་སུ། དམིགས་པའི་རྟེན་དང་འཚོ་བའི་ཡོ་བྱད་ཅི་འབྱོར་བ་བཤམས་ཏེ། རང་གཅིག་པུའམ། འོན་ཏེ་བློ་དང་མཐུན་པའི་གྲོགས་བསྟེན་ནས། ཕྱི་ནང་གི་སེམས་ཀྱི་ཚེར་མ་སྤང་། ཟས་བཅུད་ཅན་ལེགས་པར་བསྟན། ལུས་ངག་ཡིད་གསུམ་ཚོགས་ལ་གནས་པའི་སྤྱོད་པ་ཞག་བདུན་ནམ་ཅི་རིགས་པར་བྱ། དེ་ནས་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། མཎྜལ་དབུལ་བ་དང་། བླ་མ་བསྒོམ་པ་དང་། རྡོ་རྗེ་སེམས་དཔའི་བསམ་གཏན་ལ་སོགས་པ་དབང་པོ་དང་སྦྱར་ཏེ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཤིང་། སྒྲིབ་པ་སྦྱངས་བ་དང་། རིག་པ་ལམ་དུ་གཞུག་པར་བྱའོ། །སྒྱུ་ལུས་དངོས་ལ་གསུམ་ཏེ། ལུས་སྦྱང་བ་དང་། ངག་སྦྱང་བ་དང་། སེམས་སྦྱང་བའོ། །དང་པོ་ལ་གཉིས་ཏེ། འཁྲུལ་འཁོར་ཆེན་པོའི་ལུས་སྦྱོང་དང་། འཁྲུལ་འཁོར་ཆུང་ངུའི་ལུས་སྦྱང་ངོ་། །འཁྲུལ་འཁོར་ཆེན་པོ་ནི་ཞི་ཁྲོའི་འཁྲུལ་འཁོར་ཞག་འགའ་བྱ་ཞིང་ཆུས་སྦྱང་ངོ་། །འཁྲུལ་འཁོར་ཆུང་ངུ་ནི་གནས་སྐབས་སུ་བྱ་ཞིང་། ངག་སྦྱང་བ་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ལ་སོགས་པའི་དབྱངས་ཀྱི་ཡི་གེ་སྒྲ་འདོན་པར་བྱའོ། །སེམས་སྦྱང་བ་ནི། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་། བེམ་པོ་དང་། སྟོང་པ་ལ་སྦྱང་བའོ། །བེམ་པོ་ནི། རྡོ་རྗེ་སེམས་དཔའི་སྐུ་རྟགས །བརྟན་པ། ཐེར་ཟུག་པ། ཇེ་ཆེ་ཇེ་ཆེ་དང་། ཇེ་ཆུང་ཇེ་ཆུང་ལ་བསླབ་པར་བྱའོ། །སྟོང་པ་ནི། རྡོ་རྗེ་སེམས་དཔའི་སྐུ་ནང་སྟོང་པ་ཕྲུལ་མ་བུས་པ་ལྟ་བུ་ནང་ན་རླུང་འཕྱོ་བ་དེ་ཡང་ཇེ་ཆེ་ཇེ་ཆེ་དང་། ཇེ་ཆུང་ཇེ་ཆུང་གི་རིམ་པ་ལ་བསླབ་པར་བྱའོ། །སྔོན་འགྲོ་དེ་རྣམས་ཀྱི་དགོས་པ་ནི། ཚོགས་བསགས་པ་དང་། རླུང་གི་སྐྱོན་མི་འབྱུང་བའི་དགོས་པ་ཡོད་དོ། །གཉིས་པ་རླུང་བསྒོམ་པ་ནི་ལྔ་སྟེ། ཞི་རླུང་དང་། དྲག་རླུང་དང་། ཞི་དྲག་སྤེལ་མ་དང་། འཕྲ་མེན་མ་དང་། བུམ་པ་ཅན་ལ་སོགས་པ་བསྒོམ་སྟེ། མན་ངག་ཏུ་ཤེས་པར་བྱའོ། །གསུམ་པ་རྩའི་མན་ངག་ནི་གཉིས་ཏེ། རྩ་འཁོར་ལ་བརྟེན་པ་དང་། མ་བརྟེན་པ་གཉིས་སོ། །བརྟེན་པ་ལ་བཞི་སྟེ། འཁོར་ལོ་བཞི་ལ་བརྟེན་པ་ནི། ཀླད་པ་བདེ་བ་ཆེན་པོའི་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས། གདུགས་ཕུབ་པའི་རྩིབས་མ་ལྟ་བུ་ལ། ཀ་ཁ་ག་གྷ་ང་། ཞེས་སྡེ་ཚན་བརྒྱད་ཀྱི་ཡེ་གེ་རྣམས་བསྒོམ། མགྲིན་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་རྩ་འདབ་བཅུ་དྲུག་མེ་ཏོག་པདྨ་ཁ་ཕྱེ་བ་ལྟ་བུར་གནས་པ་ལ། ཨ་ཨཱ་ལ་སོགས་པའི་དབྱངས་ཀྱི་ཡེ་གེ་བཅུ་དྲུག་པོ་ལ་སོགས་པ་བསྒོམ་པའོ། །སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་རྩ་འདབ་པདྨ་ཁ་ཕྱེ་བ་ལྟ་བུར་གནས་པ་ལ། དབུས་སུ་ཧཱུྃ་བདུན་ནམ་རིམ་པ་བཞིན་དུ་ཀ་ལ་སོགས་སྡེ་ཚན་བརྒྱད་ཀྱི་དང་པོ་རྣམས་སམ་ༀ་ས་ཨཾ་ཧ་རྣམས་བསྒོམ་པར་བྱའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རྩ་འདབ་དྲུག་ཅུ་རྩ་བཞི་ནི་སྡོང་པོ་ལ་ཡལ་ག་སྐྱེས་པ་ལྟ་བུར་གནས་པ་ལ་སྡེ་ཚན་གྱི་ཡེ་གེ་འདབ་ཏུ་བསྒོམ་པར་བྱའོ། །དེ་ཡན་ནི་འཁོར་ལོ་བཞིའོ། །དྲུག་ཏུ་བསྒོམ་པ་ནི། ལྟེ་བའི་འོག་ན་སྒྲོམ་མདོའི་མེའི་འཁོར་ལོ་ཞེས་བྱ་བ། དབྱིབས་གྲུ་གསུམ། མདོག་དམར་པོ། ཁ་གདེངས་ཆེ་བ། རྩ་འདབ་བཞི་མེ་ཏོག་ལྟ་བུར་གནས་པ། ཡི་གེ་ཀའམ་རྃ་གནས་པའོ། །གཤང་ཁ་རླུང་གི་འཁོར་ལོ་ནི། ཨ་ལུང་ཁའི་ནང་ཧྃ་ནི་རྩ་གཞུའི་དབྱིབས་ཅན། ཁ་དོག་ལྗང་ཁུ། གཞུའི་མཆོག་མའི་རྩ་བ་བ་དན་ལྟ་བུར་གནས་པ་ལ། ཡི་གེ་ཡྃ་བསྒོམ་པའོ། །དེ་ནི་འཁོར་ལོ་དྲུག་གོ། །མུན་པ་ནི་འཕོ་བ་འཇུ་བྱེད་ཀྱི་འཁོར་ལོ་རྩ་དྲྭ་བ་ལྟ་བུར་གནས་པ་ལ། ཐིག་ལེ་འོད་ཟེར་དང་བཅས་པ་བསྒོམ་པའོ། །འཁོར་ལོ་གཅིག་ལ་བརྟེན་པ་ནི། སྙིང་ཁ་ཆོས་ཀྱི་འཁོར་ལོའི། །གཉིས་པ་རྩ་འཁོར་ལོ་ལ་མ་བརྟེན་པ་ནི། རྩ་ཨ་ཝ་དྷུ་ཏི་ཞེས་ཀྱང་བྱ། ཀུན་ད་མ་ཞེས་བྱ་བ་སྤོམ་ཕྲ་ནི་རྟ་རྔ་ཙམ་ཁ་དོག་གཞའ་ཚོན་ལྟ་བུར། རིང་ཐུང་ནི་ཡར་སྣ་ཚངས་པའི་བུ་ག་ལ་གཏད་པ་རབ་དུང་གི་ཁ་ལྟ་བུར། མར་སྣ་ནི་ཆོས་འབྱུང་གི་གཏིང་དུ་ཟུག་པ། རྩ་རོ་མ་ནི་གྲོ་སྲོག་གི་རིམ་པ་ཙམ། ཁ་དོག་དམར་སྨུག །རིང་ཐུང་ཡར་སྣ་ལག་སོར་ལྟར་བཀྲམ་པ་སྨིན་དཔྲལ་ཏུ་སླེབས་སོ། །རྐྱང་མ་ནི། སྦོམ་ཕྲ་དང་རིང་ཐུང་ནི་རོ་མ་དང་འདྲ་བ་ལ་ཁ་དོག་དཀར་པའོ། །མར་སྣ་གཉིས་ཁ་སྤུ་ན་གུའི་ཐད་ཙམ། དེ་ཡང་འཁོར་ལོ་བསྒོམ་ན་ནི། དབུ་མ་ནི་སྲོག་ཤིང་གི་ཚུལ། གཡས་གཡོན་གཉིས་བསྲུབ་ཐག་གི་ཚུལ་ལོ། །བཞི་པ་ཐིག་ལེའི་མན་ངག་ནི་གསུམ་སྟེ། བྱང་ཆུབ་སེམས་ཀྱི་ཐེག་ལེ་བསྒོམ་པ་དང་། གཏུམ་མོས་ལུས་ཀྱི་དྲོད་བསྐྱེད་པ་དང་། གཏུམ་མོ་འབར་འཛག་གིས་བདེ་དྲོད་ཐུན་མོང་དུ་བསྐྱེད་པའོ། །དང་པོ་ནི། ལུས་སྣང་མཛད་ཀྱི་ཆོས་བདུན་བཅའ་ལ། རླུང་ལན་གསུམ་དྲག་ཏུ་འབུད། འཁྲུལ་འཁོར་ཆུང་ངུའི་ལུས་སྦྱོང་བྱ། སྟེང་རླུང་མནན། འོག་རླུང་འཐེན་ལ་རྩ་དང་ཡི་གེ་ལ་ཤེས་པ་གཏད་དེ་བསྒོམ་པས་ཡི་གེ་རྣམས་འོག་ཏུ་ཞུ་བས་ཐིག་ལེར་གྱུར་ཅིང་། ཐིག་ལེ་དེ་དཀར་དམར་འཚེར་བའམ། དཀར་ལ་དམར་ཆགས་པའམ། དམར་ལ་འཚེར་བའམ། གཞའ་ཚོན་ལྟ་བུའམ། གང་གསལ་བ་ལ་བསྒོམ་སྟེ། རིམ་གྱིས་བབས་ནས་སྙིང་ཁའམ་ལྟེ་བའམ་ཆོས་འབྱུང་གི་ནང་ལ་བབས་ཐིག་ལེ་དེ་འོད་ཟེར་དང་བཅས་པ་འཕར་ཞིང་ལྡེག་པ་བསྒོམ་ན། བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐྱེའོ། །གཉིས་པ་གཏུམ་མོ་དྲོད་ཀྱི་མན་ངག་ནི། སྟན་བདེ་བ་ལ་ལུས་ཐབ་མགལ་གྱི་ཕྱག་རྒྱ་བཅས་ལ། བཞག་པ་སེམས་ཀྱི་གནད་ནི། བདག་གི་ལུས་འདི་སྨྱུག་མའི་ཨུ་བྷི་ལཱུ་བ་གཅིག་སྟོང་སང་ངེ་ཡོད་པར་བསམ་ལ། དེའི་ཞབས་མ་གི་བུག་པ་འཕང་རྩེ་ཤོང་ཙམ་གཅིག་བསམ། བུག་པ་དེའི་ཁ་རུ་ཡི་གེ་ཡྃ་སྤུས་བྲིས་པ་ཙམ་གཅིག་བསམ། དེ་བས་སོར་བཞི་ཙམ་གྱི་འཁོར་ལོ་གསུམ་འདོམ་གྱི་སྐབས་སུ་རྩ་ཟངས་དུང་གི་ཁའམ། བུམ་པ་ལྟར་བསམ་པ་དེའི་མདོ་ན་ཙཎྜ་ལཱི་ཚོན་གང་བ་ཚ་བ། རྣོ་བ། སྲ་བ། འགུལ་བ། དམར་ཙིག་ཙིག་པ་གཅིག་གསལ་དུ་བསྒོམ། དེ་ལ་འོག་སྒོའི་རླུང་སྤྱོད་པས། སེ་རིལ་རིལ། དམར་ཧར་ཧར་བུས་པས་མེ་ལྕེ་དམར་བྲེང་བྲེང་དུ་གྱུར་པར་བསམ། དེ་གང་ལ་རེག་པས་ཚིག་སྙམ་བྱེད་པ། ཁོག་པའི་ནང་དུ་མེ་ལྕེ་ཕྲ་མོའི་འོད་ཕར་ལམ་ཚུར་ལམ་བསམ། དེ་རིང་ཐུང་གཞུག་ན་ཡར། ཇེ་ཆེ་ཇེ་སྦོམ་དུ་སོང་ནས་གཞུག་ཧར་སྒྲ་དང་བཅས་ནས་འབར་བས། ཁོག་པའི་ནང་ཐམས་ཅད་དམར་ལྕིབས་ཀྱིས་སོང་ནས། བ་སྤུའི་བུ་ག་ཐམས་ཅད་ནས་ནད་དང་གདོན་དང་སྡིག་སྒྲིབ་ཐབས་ཅད་འཐོན། བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་ཐོན་པར་བསམ། རླངས་ཀྱིས་ལུས་ཐམས་ཅད་ཁྱབ་པས་ཚ་བུན་ནེ་ཡོད་པར་བསམ། དྲག་རླུང་བརྩེགས་ཅིང་མནན་རླུང་ཁ་སྦྱར། རླུང་རེ་དབྱུང་། རླུང་ཁ་འབུད་འདར་འཁྲིལ་ལི་ལི་བྱས་པས་རླུང་གནད་དགྲམ། དེ་ལ་སྟེང་རླུང་ཟིན་པའི་རྟགས་ལ། ངུར་པ་མི་འབྱུང་། སྣབས་ལུད་ཉུང་བ་དང་། འོག་རླུང་ཟིན་པའི་རྟགས། དྲི་ཆུ་བསྐ་ལ་དྲི་ཆེ་བ་དང་། དྲི་ཆེན་བསྐ་ལ་ཆུང་བའོ། །ལོག་ནོན་ལ་གསུམ། གཏུམ་མོ། །མཉམ་པ་དང་ལོག་པའི་རྟགས། ལོག་གནོན་ནོ། །དང་པོ་དྲོད་ཀྱི་རྒྱུ་རྡུལ་ཕྱི་རུ་སོང་ན་ཡན་ལག་བཞི་བརྒྱང་ལ་གན་རྐྱལ་དུ་ཉལ། གཉིས་པ་ནི། སྙིང་འགས་པ་ཙམ་བྱེད་ཅིང་། རོ་སྟོད་མི་བདེ་བ་དང་། མཇིང་པ་རེངས། ལྕེ་ཆུང་འབབ། གསུམ་པ་ནི། སྟོད་ནད་ལ་ལུང་བཏང་ཁར་སྟོད་སྤྲུག །ན་སར་བརྡུང་བ་དང་མཉེ་བ་བྱའོ། །བྱིང་རྒོད་ལོག་གནོད་གཞན་དུ་ཤེས། ཐུན་ཡེམ་ཆེ་ན་དྲོད་མྱུར་རོ། །གསུམ་པ་གཏུམ་མོ་འབར་འཛག་གིས་བདེ་དྲོད་ཐུན་མོང་དུ་བསྐྱེད་པ་ནི། དེ་ནས་ལུས་བཅའ་བའི་གནད་དང་ལྡན་པས་སྟེང་རླུང་མནན་ཅིང་། རྩ་གཡས་གཡོན་ནས་རླུང་སོང་ནས་འོག་རླུང་ཡར་དྲངས། རྩ་སྣ་གཉིས་ཡར་གུག་ནས་ཡོད་པས། ཨ་ཤད་ལ་རླུང་བུས་ལ། ཇེ་དམར་ཇེ་དམར་ལ་མེ་འབར་བར་བསམ། གཏུམ་མོ་སྦར། དབུ་མའི་ནང་དུ་མེ་ལྕེ་ཡང་ཡང་དུ་བྱུང་བས། མེ་ལྟེ་བར་སླེབས་པས་ལྟེ་བའི་ཡིག་འབྲུ་རྣམས་ཞུ་བར་བསམ། སྙིང་ག་མགྲིན་པ་སྤྱི་བོའི་ཡིག་འབྲུ་རྣམས་ཞུ་བར་བསམ། མེ་ཧྃ་ལ་ཕོག་པས། ཧྃ་ལས་བྱང་སེམས་མར་མར་བབ་པས་དང་པོ་སྤྱི་བོའི་ཡིག་འབྲུ་རྣམས་ལ་བསམ། དེ་ནས་མགྲིན་པ། སྙིང་ག །ལྟེ་བར་བབས་ནས། ཡིག་འབྲུ་རྣམས་རིམ་གྱིས་གསལ་བཏབ་སྟེ་གསོས་པར་བསམ། དེ་ལྟར་གཏུམ་མོ་འབར་འཛག་རྟག་ཏུ་བསྒོམ་པས་དྲོད་རྟགས་རིམ་པར་འབྱུང་སྟེ། དང་པོ་དྲོད་སྐྱེ། དེ་ནས་བདེ་བ་སྐྱེ། དེ་ནས་མི་རྟོག་པ་སྐྱེས་ནས་བདེ་སྟོང་གི་ངང་ལ་གནས་པའོ། །བདེ་བའི་མན་ངག་དང་། ཡེ་ཤེས་ཀྱི་མན་ངག་གཉིས་མི་སྣང་ངོ་། ། ༼༣༽ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྙན་བརྒྱུད་རིན་པོ་ཆེ་མན་ངག་རྫོགས་འཕྲང་གི་འདའ་ཀ་འཆི་བྲོད་ཀྱི་གདམས་ངག་མ་བསྒོམ་པར་སངས་རྒྱ་བ་འཕོ་བའི་གདམས་ངག་འདི་ལ་བཞི་སྟེ། འཕོ་ས་ཡུལ་གྱི་གདམས་ངག་དང་། འཕོ་ཐབས་ཀྱི་གདམས་ངག་དང་། རྣམ་པར་ཤེས་པའི་གདམས་ངག་དང་། འཕོས་ནས་དབྱིངས་སུ་བསྐྱལ་བའོ། །དང་པོ་ལ་གསུམ་སྟེ། གང་ཟག་དབང་པོ་རབ་ཀྱིས་སྐུ་གསུམ་ལ་འཕོ་བ་ནི། ཆོས་ཀྱི་སྐུ་སྐྱེ་བ་མེད་པ་འོད་གསལ་བདེ་བ་ཆེན་པོའི་ངང་དུ་འཕོ་བ་དང་། ཡང་ན་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་དེ་བཞིན་གཤེགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ལ་འཕོ་བ་དང་། ཡང་ན་སྤྲུལ་པའི་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ལ་འཕོ་བའོ། །གང་ཟག་དབང་པོ་འབྲིང་གིས་ཡི་དམ་གྱི་ལྷ་ལ་འཕོ་བ་དང་། ཡང་ན་བླ་མ་ལ་འཕོ་བ་དང་། ཡང་ན་རྟེན་ཁྱད་པར་ཅན་ལ་འཕོ་བའོ། །གང་ཟག་དབང་པོ་ཐ་མས་སྐྱེ་མཆེད་མུ་བཞིའི་ལྷ་གནས་སུ་འཕོ་བ་དང་། འོག་མིན་དགའ་ལྡན་གྱི་གནས་སུ་འཕོ་བ་དང་། ཡང་ན་གླིང་ཁྱད་པར་ཅན་ནམ། བསོད་ནམས་བསགས་པའི་གང་ཟག་ལ་འཕོ་བའོ། །དེ་ལྟར་རང་ཡུལ་གང་ལ་མོས་པ་དེ་ལ་བདག་དེ་རུ་འཕོ་བར་བྱའོ་སྙམ་པ་བྱས་ལ། མོས་པ་དང་འདུན་པ་དྲག་ཏུ་བཏང་། དམིགས་པ་དེ་ལྟར་དུ་བྱའོ། །གཉིས་པ་འཕོ་བར་བྱེད་པ་ལ་གནད་དྲུག་སྟེ། དང་པོ་འདི་སྙམ་དུ་བསམ་སྟེ། ནམ་འཆི་ནི་ཆ་མེད། འཆི་བ་ནི་ངེས། འཆི་བའི་ཚེ་གང་གིས་ཀྱང་ཕན་པ་ནི་མི་འདུག་སྙམ་དུ་འཆི་བ་རྗེས་སུ་དྲན་པས། བུ་ནོར། གཉེན་འབྲེལ། ཞིང་ཁང་ཡོན་ཏན་ལ་སོགས་པ་གང་ལ་ཆགས་རྒྱུ་མེད་ཅིང་ཆགས་པ་དང་དབྲལ། གང་དང་ཡང་འབྲེལ་མེད་དུ་བསྒོམ། འབྲེལ་མེད་དུ་བློ་ཐག་བཅད་དོ། །གཉིས་པ་བརྟེན་པ་རང་གི་ལུས་ལ་ཞེན་པའི་འཁྲི་བ་བཅད་དེ། ཟག་བཅས་ཀྱི་ལུས་འདི་ལ་བརྟེན་ནས་སྡིག་པ་མང་པོ་བསོགས། སྡུག་བསྔལ་མང་པོ་བསྐྱེད། འཁོར་བར་ཡང་བསྐྱུར་བར་འདུག་པས། ཟག་བཅས་ཀྱི་ལུས་འདིས་ནམ་ཡང་བསླུ་བ་ལས་མ་འདས་པས་ལུས་འདི་དོར་ལ་སེམས་འདི་སངས་རྒྱས་ཀྱི་ཞིང་དུ་འཕོ་བར་བྱ་སྙམ་དུ་འཕོ་བའི་ཡུལ་གང་ལ་མོས་པ་དེ་ལ་དམིགས་པ་གཏད་ཅིང་འཕེན་པ་བཏང་ངོ་། །གསུམ་པ་འཕོ་བྱེད་ཀྱི་རིམ་པ་དང་། འཕོ་བའི་ཡུལ་འདྲིས་སུ་གཞུག་པ་ནི། གང་དུ་འཕོ་མནོ་བ་དེའི་གནས་དང་རྟེན་གང་ཡིན་པ་དེ་རུ་བསམས་ལ། མ་ཡེངས་པར་བསྒོམ་ཞིང་འཕེན་པ་དྲག་ཏུ་བྱའོ། །བཞི་པ་རིག་པ་བྱིན་གྱིས་བརླབས་ཤིང་ངར་བླུད་ལ། རིག་པ་གང་འདོད་དུ་ཡན་པ་ནི། དཔེར་ན་སྐྱེས་བུ་འཕོང་སློབ་པའམ། མཆོངས་སློབ་པའམ། སྒྱོགས་འཕེན་པའི་ཤེད་རྩོམ་པ་དང་འདྲ་སྟེ། གདམས་ངག་སྟོན་པའི་བླ་མ་དང་། དངོས་གྲུབ་སྟེར་པའི་ཡི་དམ་དང་། བར་ཆད་སེལ་བའི་འཁའ་འགྲོ་རྣམས་ལ་མོས་གུས་དྲག་པོ་བྱས་ལ་གསོལ་བ་ཡང་ཡང་བཏབ་ལ། རེ་ས་དང་ལྟོས་ས་ཁྱེད་རང་ལས་མེད་དོ། །མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། ཕྱི་ནང་གི་བར་ཆད་བསལ་དུ་གསོལ། ཞེས་ཞེ་ཐག་པ་ནས་རིག་པ་བུན་ལོང་གིས་གསོལ་བ་བཏབ་པས། རིག་པ་འུར་གྱིས་སོང་ནས་ཇེ་ངར་དུ་སོང་སྟེ་ངར་སྐྱེས་ནས་འོང་ངོ་། །ལྔ་པ་གཉེན་པོ་བརྩོན་འགྲུས་ཀྱིས་རྐྱེན་དབང་དུ་མི་བཏང་བ་ནི། གཉེན་པོ་དང་བརྩོན་འགྲུས་བསྐྱེད། དྲན་པ་དང་ཤེས་བཞིན་གྱིས་བཟུང་། རླུང་སྦྱངས་དང་དམིགས་པ་ལ་མ་ཡེངས་པར་བསྒོམ། དྲུག་པ་སྲུང་བའི་འཁོར་ལོས་རིགས་དྲུག་ཏུ་སྐྱེ་བའི་སྒོ་དགག་པ་ནི། ཁ་སྣའི་སྒོ་གཉིས། མིག་དང་རྣ་བ་གཉིས། དྲི་ཆུ་དང་དྲི་ཆེན་གྱི་སྒོ་གཉིས་ཏེ་དྲུག་ཏུ། ཡི་གེ་ཀྵའམ་ཧཱུྃ་སྔོན་པོ་རེ་བསམ་ལ་ཐེམ་བུ་བཅུག་པ་བཞིན་བཀག་པར་བསམ། སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱ་བཅས་ལ་ཡུལ་དེ་ཚོ་ལ་སེམས་འཕྲོས་ན་རིགས་དྲུག་ཏུ་སྐྱེ་བ་ཡིན་གསུངས། སྤྱི་བོ་ཚངས་པའི་བུ་གར་སྐར་ཁུང་ཕྱེ་བ་ལྟར་སྐྱ་ཏལ་གྱི་བྱུང་བར་བསམ། དེ་ནས་ཡར་འཕྲོ་ན་ཐར་པའི་ལམ་དུ་འགྲོ་བ་ཡིན་གསུངས། གསུམ་པ་རླུང་དང་དམིགས་པས་རྣམ་ཤེས་འཕོ་བ་ནི། སེམས་ཀྱི་ངོ་བོ་སྙིང་གི་ནང་དུ་ཡི་གེ་ཧཱུྃ་སྔོན་པོའམ་ཐིག་ལེ་སྔོ་དམར་གཅིག་ཏུ་བསམ། དེ་ནས་སྟེང་རླུང་མནན་པས་ཧཱུྃ་ངམ་ཐིག་ལེ་དེ་རྩ་དབུ་མའི་ནང་ནས་མར་གསང་ལམ་ལ་ཐུག་པར་མར་ལ་ཕུལ། དེ་ནས་འོག་རླུང་དྲག་ཏུ་འཐེན་པས། རྩ་དབུ་མ་ནས་ཡར་ཕུལ་ཏེ། ཀ་ཧི་ཅེས་བརྗོད་པས། ཚངས་པའི་བུ་ག་ནས་ཡར་ལ་ཐོན་ཏེ་སྤྱི་བོར་ཡི་གེར་གནས་པར་བསམ། དེ་ཡང་འཆི་ཀ་མ་ཡིན་པར་སྤྱི་བོར་མི་བཏོན་པར་ཚངས་པའི་བུ་ག་ཙམ་དུ་སྤར་རོ། །ནམ་འཆི་བའི་ཚེ་འཕོ་བའི་ཡུལ་གང་མོས་དེ་གསལ་བར་བསྒོམ། དེའི་ཐུགས་ཀ་ཕྱེ་ནས་ཐུགས་ཀྱི་ནང་ནས་ཧཱུྃ་དཀར་པོ་འོད་འཚེར་རེ་འཚེར་བ་ཞིག་བསམ། དེ་ནས་འོག་རླུང་དྲག་ཏུ་བསྐྱོད་དེ། རང་གི་རྣམ་པར་ཤེས་པ་ཧཱུྃ་ངམ་ཐིག་ལེར་ཡོད་པ་དེ་སྐར་མདའ་འཕངས་པ་བཞིན་རྒྱངས་ཀྱིས་ཐོན་པས། འཕོ་བའི་ཡུལ་གང་ཡིན་པ་དེའི་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསམས། དེའི་དུས་གང་ལ་ཡང་ཆགས་ཞེན་བྱུང་ན་རྦད་ཀྱིས་བཅད་ལ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་གནས་སུ་སླེབས་པར་བསམ་མོ། །དེ་ནས་རླུང་ནང་དུ་མི་དྲང་བར། འོག་རླུང་འཐེན་པ་དེ་ཀ་ལ་བློ་གནས་པར་བྱ། འཆི་ཁར་དེ་ལྟར་བྱས་ན་གང་ལ་མོས་པ་དེ་ལ་འཕོ་བར་འགྱུར་རོ། །བཞི་པ་འཕོས་ནས་རིག་པ་གནས་སུ་བསྐྱལ་བ་ནི། སེམས་ཀྱི་ཆོས་ཉིད་རྣམ་པར་དག་པ། ཆོས་སྐུ་སྐྱེ་བ་མེད་པ། སྟོང་གསལ་བདེ་བ་ཆེན་པོའི་གནས་སུ་བསྐྱལ་ལོ། །གདམས་ངག་འདི་ནི། གོང་དུ་རྩ་རླུང་བསྒོམ་ནས་གདམས་ངག་འདི་ལ་ཁྲིད་བྱས་པ་ལ་ཨ་ཅང་ཆེ། སྐྱེ་བོ་ཐ་མ ལ་པ་ལ་འཆི་ཁར་བཏབ་པས་ཀྱང་འཚལ་རྒྱ་བར་འགྱུར་བ་ཡིན་ནོ། །སྙན་བརྒྱུད་རིན་པོ་ཆེ་རྫོགས་འཕྲང་གི་མན་ངག་འདའ་ཀ་འཆི་བྲོད་ཅེས་ཀྱང་བྱ། རྣམ་ཤེས་འཕོ་བའི་གདམས་ངག་ཅེས་ཀྱང་བྱ། མ་བསྒོམ་ཀྱང་འཚང་རྒྱ་བའི་གདམས་ངག་གོ། །རྫོགས་སོ།། །།སྣོད་དང་མི་ལྡན་པ་ལ་གང་ཐོད་ཐོད་དུ་སྤེལ་ན་མཁའ་འགྲོ་མའི་ཆད་པ་འོང་ངོ་། །ཨཐྎ། ས་མ་ཡ། རྒྱ་རྒྱ་རྒྱ། ༼༤༽


previousཕྲ་མོ་ཀློང་དགུའི་འདའ་དཀའ་འཆི་བྲོད་འཕོ་བ་སྐར་ཁུང་མ་དང་བཅས་པ།next