Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དགུ་པ།


   
   
   
   
དཔལ་རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུའི་འགྲེལ་པ་སྙིང་པོ་བསྡུས་པ་དཔལ་ཆེན་དགྱེས་པའི་ཞལ་ལུང་། བློ་གྲོས་མཐའ་ཡས།
   
   
   
   
   


 
previousདཔལ་རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུའི་འགྲེལ་པ་སྙིང་པོ་བསྡུས་པ་དཔལ་ཆེན་དགྱེས་པའི་ཞལ་ལུང་། བློ་གྲོས་མཐའ་ཡས།next

དཔལ་རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུའི་འགྲེལ་པ་སྙིང་པོ་བསྡུས་པ་དཔལ་ཆེན་དགྱེས་པའི་ཞལ་ལུང་། བློ་གྲོས་མཐའ་ཡས།

དཔལ་རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུའི་འགྲེལ་པ་སྙིང་པོ་བསྡུས་པ་དཔལ་ཆེན་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་རཱ་ཡ། སྒྲིབ་བྲལ་མཁའ་དབྱིངས་རྩོལ་རྟོག་མཚན་མའི་རྡུལ་གྱིས་གོ་སྐབས་ནམ་ཡང་མི་ཕྱེད་ཀྱང་། །མ་རུངས་གདུལ་དཀའི་ཡུལ་ལ་རང་བཞིན་ཤུགས་ཀྱི་ཐུགས་རྗེས་འབར་བའི་ཕྱག་རྒྱ་རང་ཤར་བ། །དུས་མཐའི་མེ་ལྕེ་བྱེ་བའི་སྟོབས་ཀྱིས་སྲིད་དང་ཉོན་མོངས་ཚང་ཚིང་ཡུད་ལ་སྲེག །བདུད་འདུལ་ཧེ་རུ་ཀ་དཔལ་སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས་མཛད་ལྷག་པའི་ལྷ་མཆོག་དེས་སྐྱོངས་ཤིག །དཔལ་ཆེན་ཡེ་ཤེས་རོལ་པའི་བྱིན་རླབས་རྒྱུན། །གཅིག་ནས་གཅིག་བརྒྱུད་རིག་འཛིན་རྩལ་འཆང་ཚོགས། །སྤྱི་དང་ཁྱད་པར་བཀའ་བབ་གསེར་གྱི་ཕྲེང་། །མཁོན་སྟོན་བརྒྱུད་པར་བཅས་ལ་དང་བས་འདུད། །རྩོད་པའི་དུས་མཐར་ཨུ་དུམྦཱ་ར་ལྟར། །ངོ་མཚར་རྣམ་ཐར་བློ་འདས་མཁའ་མཐར་སོན། །བཀའ་བབས་བདུད་ལྡན་ཁྱབ་བདག་རྡོ་རྗེ་འཆང་། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སྙིང་དབུས་བསྟི། །ཀུན་གསལ་ངོས་སུ་སྣང་བྱེད་བདག་པོ་བཞིན། །སྐྱེ་བར་སྦྱངས་པའི་མཁྱེན་རབ་དྲི་མེད་ལ། །གངས་ཅན་མཁས་པ་སུས་ཀྱང་བསྐྲུན་མེད་པ། །ས་སྐྱ་སཎ་ཆེན་མཆོག་དེའི་བཀའ་དྲིན་ལས། །གསར་རྙིང་ཀུན་གྱི་རྩོད་མེད་རྒྱུད་སྡེ་རུ། །བསྔགས་པའི་མེ་ཏོག་འཐོར་བའི་ཕྲིན་ལས་ཀྱི། །ལྷ་མཆོག་རྡོ་རྗེ་གཞོན་ནུའི་རྩ་རྒྱུད་ལས། །དུམ་བུ་ཁོལ་དུ་བྱུང་བའི་རྒྱུད་འདི་ཡང་། །ལེགས་པར་རྟོགས་ན་ཕྲིན་ལས་རོལ་པ་ཡི། །རྒྱུད་དོན་མན་ངག་ལག་ལེན་དང་བཅས་པ། །ཁོང་དུ་ཆུད་ཕྱིར་གོ་སླ་ཉུང་གསལ་གྱི། །རྣམ་བཤད་བློ་ལྡན་དགའ་བའི་སྐྱེད་ཚལ་དགོད། །འདིར་ཕྲིན་ལས་ཕུར་པ་རོལ་པའི་རྒྱུད་སྡེ་ཆེན་པོ་ལས་བིདྷྱོཏྟ་མ་ལ་འབུམ་སྡེ་ཞེས་རིག་པ་མཆོག་གི་རྒྱུད་སྡེའི་དུམ་བུ་ཁོལ་དུ་ཕྱུང་བ་རྩ་དུམ་བུ་གྲགས་པ་འདི་ཉིད་འཆད་པ་ལ། སྤྱིར་གསང་སྔགས་སྔ་འགྱུར་བའི་ཡོ་ག་རྣམ་པ་གསུམ་ལ་འཆད་ལུགས་ཀྱི་ཆིངས་ཆེན་པོ་གསུམ་ཡོད། །དེ་ལ་ཐོག་མར་བསྐྱེད་པ་མ་ཧཱ་ཡོ་གའང་རྒྱུད་སྡེ་དང་སྒྲུབ་སྡེའི་བཤད་སྲོལ་གཉིས། །རྒྱུད་སྡེ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་གཙོ་བོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལ་འཕགས་ཡུལ་པཎ་ཆེན་སོ་སོའི་འགྲེལ་ཊཱི ཀ་དང་སྦྱར་ཏེ་འཆད་སྲོལ་མང་རུང་། །དེང་སང་ཡོངས་གྲགས་པཎ་ཆེན་བི་མ་ལ་མི་ཏྲའི་ཁོག་གཞུང་གི་རྗེས་སུ་འབྲངས་ནས་བཀའ་སྡེ་ཟུར་པ་རྣམས་ཀྱིས་ས་བཅད་ལྔའམ་དྲུག་གི་སྒོ་ནས་འཆད་པ་ཡིན་ལ། ཟླ་གསང་ཐིག་ལེ་སོགས་ཏནྟྲ་གཞན་རྣམས་ལ་གྲུབ་པའི་སློབ་དཔོན་སོ་སོས་འཆད་ཚུལ་རེ་རེ་ཡོད། འདིར་ཕྲིན་ལས་ཕུར་པ་རོལ་པའི་རྒྱུད་སྡེ་ལ་སློབ་དཔོན་པདྨ། བི་མ་ལ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ་གསུམ་གྱི་དགོངས་པ་བསྡུས་པ་འགྲེལ་ཆེན་འབུམ་ནག་གི་དགོངས་པ་ལྟར་འཆད་པར་བྱེད་པ་ལ། སྤྱིར་ཕུར་པའི་རྒྱུད་ཀྱི་བསྡུ་ཐབས་གཉིས། བཤད་ཐབས་གསུམ། ཁོག་དོན་དྲུག །ཐེམས་སྦྱོར་བཅུ། གནད་ཐོ་བཅུ་གཉིས། སྲོག་ཐེམས་ཉི་ཤུ། རྩ་བའི་ལྷ་ལྔ་བཅུ་རྩ་གཅིག་དང་། ཡན་ལག་གི་ལྷ་ཉིས་སྟོང་ཕྱེད་དང་དྲུག་བརྒྱར་ངོས་འཛིན་པ་སྟེ་ས་བཅད་ཆེན་པོ་བརྒྱད་དུ་བསྟན་ཀྱང་། རྒྱུད་ཀྱི་ཐེམས་སྦྱོར་བཅུའི་ནང་དུ་གཞན་རྣམས་ཤུགས་ཀྱིས་འདུ་བ་མ་ཟད། རྩ་དུམ་ཁོ་ནའི་དབང་དུ་བྱས་ན་སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དགྲ་བགེགས་བསྒྲལ་བའི་དུམ་བུ་གཉིས་སུའང་འདུའོ། །གོང་དུ་སྤྱིར་སྨོས་པའི་རྒྱུད་ཀྱི་བསྡུ་ཐབས་གཉིས་ནི་རྩ་རྒྱུད་དང་བཤད་རྒྱུད་གཉིས་ཏེ། དང་པོ་རིག་མཆོག་འབུམ་སྡེ་དང་རྡོ་རྗེ་ཁྲོས་པ་ལ་སོགས་པའོ། །གཉིས་པ་ནི་ཁྲག་འཐུང་རྩ་བའི་རྒྱུད་ལ་སོགས་པའོ། །རྒྱུད་ཀྱི་བཤད་ཐབས་གསུམ་ནི་རྒྱུད་དཀར་པོ་གནས་ལུང་ལས། ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན། །ཕུར་པ་ལུང་གི་བླ་མ་ཡིན། །ཕུར་པ་མན་ངག་ངེས་པའི་དོན། །ཞེས་གསུངས་པ་ལྟར། རྒྱུད་ལྟར་རྡོ་རྗེ་ཁྲོས་པ་ཀློང་ཆེན་པོ་བཅོ་བརྒྱད་ནས་བཤད་པ་དང་། ལུང་ཆེན་པོ་ཉི་ཤུ་རྩ་གཅིག་ཏུ་བཤད་པ་དང་། མན་ངག་བརྒྱ་རྩ་བརྒྱད་དུ་བཤད་པའོ། །རྒྱུད་ཀྱི་ཆིངས་དྲུག་ནི་ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པ་ལས་ཀྱི་གཞི་གཟུང་། དཀྱིལ་འཁོར་རྣམ་པ་གསུམ་སྔོན་དུ་འགྲོ་བ་དང་བཅས་ཏེ་དོན་གྱི་ཁོག་དབུབ། ཁམས་གསུམ་ན་སྲོག་ལ་དབང་བསྐུར་ནས་སྲོག་གི་ཡེ་ཤེས་སེམས་དཔས་སྲོག་ལ་དབང་བསྐུར། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་ཅིང་བསྙེན་པས་དངོས་གྲུབ་ཀྱི་བཅུད་བླང་། གབ་པའི་སྔགས་དྲུག་དང་ཚེ་ལུང་ཁྲུས་ལུང་གིས་ཁ་བསྐང་ཏེ་གདབ་པའི་ལས་བྱ། མནན་སྲེག་འཕང་གསུམ་གྱིས་ལས་ཀྱི་མཇུག་བསྡུ་བ་དང་དྲུག་གོ། །འདི་དག་གི་དོན་གསལ་ལ་རྒྱས་པ་གུ་རུ་པདྨས་མཛད་པའི་རྡོ་རྗེ་ལས་རིམ་སོགས་ལས་རྒྱས་པར་འབྱུང་མོད་ཀྱང་འདིར་ཡི་གེས་འཇིགས་ནས་མ་བྲིས་ལ། འཇམ་མགོན་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་དཀྱིལ་མཆོག་དང་། སྨད་ལས་ཀྱི་རྣམ་བཤད་སོགས་ལས་ཤེས་པར་བྱའོ། །འདིར་སྐབས་སུ་བབས་པ་རྒྱུད་ཀྱི་ཐེམས་སྦྱོར་བཅུ་ནི། གླེང་གཞི་རྣམ་པ་གསུམ་གྱིས་སྤྱིའི་ཁོག་དབུབ། མཚན་ཉིད་རྣམ་པ་གསུམ་གྱིས་དོན་གྱི་ཤན་དབྱེ། ཕུར་བུའི་རྒྱུ་བཞིས་གང་ཟག་རྣམས་པ་བཞི་མཐར་དབྱུང་། སྒྲུབ་ལུགས་ཆེན་པོ་གསུམ་གྱིས་ཕྲིན་ལས་ཀྱི་གཞུང་བསྲང་། ཐམས་ཅད་འདུས་པའི་སྔགས་ཀྱིས་ཡེ་ཤེས་ཀྱི་ལྷ་གནད་ལ་དབབ། ངན་སྔགས་བསྡུ་ཡིག་དྲུག་གསུམ་བཅོ་བརྒྱད་ཀྱིས་མཁའ་འགྲོ་མ་དངོས་སུ་བཀོལ། སྲོག་གི་དོན་པོ་གསུམ་གྱིས་དམིགས་པ་གསུམ་གྱི་གནད་དགྲོལ། བསྒྲལ་ལུགས་ཆེན་པོ་བཅོ་བརྒྱད་ཀྱིས་བརྣག་པའི་ལས་བྱ། མཐར་ཕྱིན་བརྒྱད་ཀྱིས་ལས་ཀྱི་ཁ་བསྐང་། མཐའ་བརྟུལ་གསུམ་གྱིས་ལས་ཀྱི་ལྟོ་བ་གདབ་ཅེས་པ་དང་བཅུའོ། །དེ་ལ་དང་པོ་གླེང་གཞི་རྣམ་པ་གསུམ་གྱིས་སྤྱིའི་ཁོག་དབུབ་ཅེས་འབྱུང་བས། གུ་རུའི་གླེང་གཞི། རྒྱུད་སྟོན་པའི་གླེང་གཞི། རྒྱུད་ཀྱི་གླེང་གཞི་དང་གསུམ་དུ་སྡུད་པར་མཛད་ཀྱང་། འདིར་གོ་བདེ་བའི་དབང་གིས་སྤྱི་ལྟར་འཆད་ན་སྤྱི་དང་བྱེ་བྲག་གཉིས་སོ། །དང་པོ་བསྟན་པ་སྤྱིའི་བྱུང་བའི་གླེང་གཞི་ནི། ཡེ་ཐོག་དང་པོའི་སངས་རྒྱས་དཔལ་ཀུན་བཟང་གདོད་མའི་མགོན་པོ་ཉིད་གཞི་དབྱིངས་རིག་པའི་སྙིང་པོར་མངོན་པར་རྫོགས་པར་སངས་རྒྱས་ནས། དེའི་རང་རྩལ་འགག་པ་མེད་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པའི་སྤྲིན་ཆེན་པོ་མཉམ་ཉིད་ཡངས་པའི་ཀློང་དུ་བཀོད་དེ་གང་འདུལ་གྱི་ཞིང་སྐུའི་སྣང་བ་འབྱམས་ཀླས་པས་མཁའ་ཁྱབ་ཀྱི་འགྲོ་བའི་དོན་མཛད་པ་ལས། ཡུལ་དུས་འདི་ཙམ་གྱིས་འགྲོ་བ་འདུལ་བའི་ཐབས་ཀྱི་དབང་དུ་སྣང་བ་རྣམ་འདྲེན་ཀུན་ལས་ཐུགས་བསྐྱེད་པདྨ་དཀར་པོ་ལྟར་འཕགས་པ། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་འདི་ཉིད་ཀྱིས་དང་པོར་ཐུགས་བསྐྱེད། བར་དུ་བྱང་ཆུབ་ཀྱི་སྤྱོད་པ་སྤྱད། མཐར་མངོན་པར་སངས་རྒྱས་ཏེ་མི་མཇེད་ཞིང་འདིར་མཛད་པ་ཆེན་པོ་བཅུ་གཉིས་སྟོན་པ་མཆོག་གི་སྤྲུལ་པའི་སྐུའི་ཚུལ་དུ་བསྟན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་ཞིག་བསྐོར་བར་མཛད་པ་ལས། ཐུན་མོང་གི་གདུལ་བྱའི་སྣང་ངོར་ཤཱཀྱའི་རིགས་སུ་འཁྲུངས་ནས་སངས་རྒྱས་པ་ཆགས་བྲལ་རབ་བྱུང་གི་རྣམ་པ་ཅན་གྱི་སྐུ་དངོས་ཀྱིས་ཡུལ་ཝཱ་ར་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་དང་། རྒྱལ་པོའི་ཁབ་སོགས་སུ་ཐེག་པ་ཆེ་ཆུང་གི་དགེ་འདུན་སོགས་འཁོར་ལྷ་དང་མི་ལ་སོགས་པ་དཔག་ཏུ་མེད་པ་ལ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དང་། ཡུལ་པདྨ་ཅན་སོགས་ཐ་དད་པར་ཐ་མ་ངེས་པ་དོན་གྱི་ཆོས་འཁོར་ཏེ་རྣམ་པ་གསུམ་བསྐོར་ཞིང་། གཞན་ཡང་རྒྱལ་པོའི་ཁབ་ཏུ་ལྷ་དང་མིར་དགེ་བ་བཅུའི་ཆོས་འཁོར། ཡུལ་མ་ག་དྷར་རང་རྒྱལ་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་འཁོར་བསྐོར་བ་སོགས་གང་འདུལ་གདུལ་བྱའི་སྐལ་བ་དང་རྗེས་སུ་འཚམས་པའི་རོལ་པར་འཆར་བའི་ཆོས་ཀྱི་རྣམ་གྲངས་སོ་སོར་བསྟན་པ་ནི་ཚད་མེད་ཀྱང་། དོན་དུ་དེ་དག་ཀྱང་ཆོས་འཁོར་རིམ་པ་གསུམ་གྱི་ཁོངས་སུ་མི་འདུ་བ་མ་ཡིན་ནོ། །དེ་ལས་ལྷ་མི་དང་ཉན་རང་གི་ཐེག་པ་རྣམ་ལ་ཐེག་པ་ཐུན་མོང་བ་དང་། ཐེག་པ་ཆེན་པོ་ལ་ཁྱད་པར་གྱི་ཐེག་པ་ཞེས་བྱ་ཞིང་། དེ་ལའང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་མཆིས་ཏེ། དབུ་སེམས་ཀྱི་དགོངས་པ་རྣམ་པར་བཞག་པའི་གཞུང་གི་བཀའ་རྣམས་རྒྱུ་ཕར་ཕྱིན་དང་། སྔགས་ཕྱི་ནང་གི་གཞུང་དུ་གནས་པའི་བཀའ་རྣམས་འབྲས་བུ་གསང་བ་སྔགས་ཀྱི་ཐེག་པ་ཞེས་བྱའོ། །ཐེག་ཆེན་མདོ་སྔགས་ཀྱི་འབྲས་བུ་མཐར་ཐུག་སངས་རྒྱས་ཐོབ་པར་འདྲ་ཡང་ལམ་ཟབ་མི་ཟབ་ཀྱི་ཁྱད་པར་ལས་འབྲས་བུ་མངོན་དུ་བྱེད་པ་ལ་ཉེ་རིག་གི་ཁྱད་ཤིན་ཏུ་ཆེ་བས་རྒྱུ་འབྲས་ཀྱི་ཐེག་པར་སྨོས་ཤིང་། སྔགས་ལའང་ཕྱི་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་ལས། བྱ་རྒྱུད་ལ་རིག་སྔགས་ཀུན་གྱི་ཁོག་དབུབ་དཔུང་བཟང་གི་རྒྱུད་སོགས་སྤྱི་རྒྱུད་དྲུག །བྱེ་བྲག་རིགས་གསུམ་མགོན་པོའི་རྒྱུད་ཀྱི་སྐོར་སོགས་བྱ་རྒྱུད་རྣམས་ནི་ཐུན་མོང་གི་གནས་ནཻ་རཉྫ་ན་དང་། ཁྱད་པར་གྱི་གནས་ལྕང་ལོ་ཅན་ལ་སོགས་པར་ལྷའི་དབང་པོ་སོགས་ཀྱི་ངོར་སྟོན་པ་ཉིད་རིགས་གསུམ་སེམས་དཔའ་སོགས་ཀྱི་རྣམ་པར་སྣང་བས་གསུངས་ཤིང་། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་སོགས་སྤྱོད་རྒྱུད་རྣམས་ནི་སྔ་མ་དང་ཡོ་གའི་རྒྱུད་དང་ཁོག་མཚུངས་སུ་ཅི་རིགས་པར་གསུངས། རྣལ་འབྱོར་གྱི་རྒྱུད་ལ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། ཤིན་ཏུ་རྣལ་འབྱོར་རམ་རྣལ་འབྱོར་མཆོག་གི་རྒྱུད་གསུམ་དུ་ཡོད་པ་ལས། དང་པོ་ཐུན་མོང་གི་གནས་སུམ་ཅུ་རྩ་གསུམ་དང་ཁྱད་པར་གྱི་གནས་འོག་མིན་དུ་སྟོན་པ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་རྣམ་པར་གསང་བདག་སོགས་ལ་གསུངས་ཏེ། ཡོ་ག་གཞུང་ཆེན་བམ་པོ་སུམ་བརྒྱ་པ་དང་། ལུང་ཆེན་རྒྱུད་བཞི་སོགས་འཁོར་ལྷ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གསུངས་པ་སྟེ། འདི་དག་གི་རྣམ་བཞག་གསང་སྔགས་གསར་རྙིང་བཞེད་པ་ཐུན་མོང་དུ་གནས་པ་ལས་མི་མཐུན་པའི་ཁྱད་པར་ཆེན་པོ་མ་མཆིས་སོ། །རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་གའི་རྒྱུད་རྣམས་ནི་གཙོ་བོར་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ལ་འདྲེན་ཚུལ་མི་འདྲ་བ་འགའ་རེ་མཆིས་ཀྱང་། ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱི་བཞེད་པ་ལྟར་ན། སྐུའི་སྐུ་རྒྱུད་གླང་པོ་རབ་འབོགས། སྐུའི་གསུང་རྒྱུད་གླང་པོ་ཆུར་འཇུག །སྐུའི་ཐུགས་རྒྱུད་སངས་རྒྱས་མཉམ་སྦྱོར་ཏེ་སྐུ་རྒྱུད་གསུམ། གསུང་གི་སྐུ་རྒྱུད་རི་བོ་བརྩེགས་པ། གསུང་གི་གསུང་རྒྱུད་པདྨ་དབང་ཆེན། གསུང་གི་ཐུགས་རྒྱུད་ཟླ་གསང་ཐིག་ལེ་སྟེ་གསུང་རྒྱུད་གསུམ། ཐུགས་ཀྱི་སྐུ་རྒྱུད་རྩེ་མོ་འདུས་པ། ཐུགས་ཀྱི་གསུང་རྒྱུད་གཅིག་ལས་འཕྲོས་པ། ཐུགས་ཀྱི་ཐུགས་རྒྱུད་གསང་བ་འདུས་པ་སྟེ་ཐུགས་རྒྱུད་གསུམ། ཡོན་ཏན་གྱི་སྐུ་རྒྱུད་སྒྲོན་མེ་འབར་བ། ཡོན་ཏན་གྱི་གསུང་རྒྱུད་བདུད་རྩི་ས་མ་ཡ་འབུམ་སྡེ། ཡོན་ཏན་གྱི་ཐུགས་རྒྱུད་དཔལ་མཆོག་དང་པོ་སྟེ། ཡོན་ཏན་གྱི་རྒྱུད་གསུམ། ཕྲིན་ལས་ཀྱི་སྐུ་རྒྱུད་དཔལ་ཕྲེང་དཀར་མོ། ཕྲིན་ལས་ཀྱི་གསུང་རྒྱུད་མ་མོ་རྒྱུད་ལུང་། ཕྲིན་ལས་ཀྱི་ཐུགས་རྒྱུད་ཏ་མ་ལ་འབུམ་སྡེ་སྟེ་ཕྲིན་ལས་ཀྱི་རྒྱུད་གསུམ། སྤྱིའི་སྐུ་རྒྱུད་ཐབས་ཞགས། སྤྱིའི་གསུང་རྒྱུད་ས་མ་ཡ་བཀོད་པ། སྤྱིའི་ཐུགས་རྒྱུད་གསང་བ་སྒྱུ་འཕྲུལ་དང་བཅོ་བརྒྱད། དེ་དག་ཀུན་གྱི་རྩ་བ་ནི་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྟེ་ཚུལ་ཏེ་དག་ཏུ་ཕྱིས་ནས་མི་ལས་འདས་པའི་སྐལ་ལྡན་གྱི་རྒྱལ་པོ་ཛཿལ་བཤད་ནས་རིམ་པར་བྱོན་པར་གསུངས་ཤིང་། མདོར་ན་མ་ཧཱ་ཡོ་གའི་རྒྱུད་རྣམས་ནི་སྟོན་པ་ཉིད་དཔལ་ཆེན་པོའམ་རྣམ་པར་སྣང་མཛད་སོགས་སུ་སྤྲུལ་ནས། ཞུ་བ་པོ་རྡོ་རྗེ་འཛིན་པ་དང་སྐལ་ལྡན་གྱི་རྒྱལ་པོ་ཛཿ ལ་སོགས་པ་འཁོར་འདུས་པ་མཆོག་རྣམས་ལ་གསུངས་ཤིང་། དེའང་བསྡུ་ན་ཐབས་ཤེས་ཀྱི་རྒྱུད་གཉིས་སུ་འདུའོ། །རྣལ་འབྱོར་མཆོག་གི་རྒྱུད་ལ་རྫོགས་པ་ཨ་ནུ་ཡོ་གའི་ཐེག་པ་དང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཐེག་པ་གཉིས་ལས། དང་པོ་རྒྱལ་མོ་པུ་རིའི་ཚལ་དུ་སྟོན་པ་ཉིད་དཔལ་ཀུན་ཏུ་བཟང་པོའམ་རྡོ་རྗེ་སེམས་དཔར་སྤྲུལ་པ་ལ་ལངྐའི་བདག་པོས་ཞུས་ནས་མདོ་བཞི་དེམས་དང་ལྔར་བསྡུས་ཏེ་བཀའ་སྩལ། ཨ་ཏི་ཡོ་ག་ནི་གནས་རྒྱལ་པོ་པུ་རིའི་ཚལ་དང་ཟ་མ་པུ་རིའི་ཚལ་དུ་སྟོན་པ་ཉིད་དཔལ་ཀུན་ཏུ་བཟང་པོ་ཀུན་བྱེད་རྒྱལ་པོར་སྤྲུལ་ནས་ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་སོགས་རྫོགས་པ་ཆེན་པོ་སེམས་མཆོག་གི་སྐོར་ལ་སོགས་པ་གསུངས་པ་སྟེ། མ་ཧཱ། ཨ་ནུ། ཨ་ཏི་གསུམ་ནི་གསང་སྔགས་རྙིང་མ་ཁོ་ནའི་ཁྱད་ཆོས་ཏེ་སྔགས་གསར་མ་ལ་མ་གྲགས་ཤིང་། དེ་དག་ལས་ཆེས་རྨད་དུ་བྱུང་བའི་གནད་ལྷག་པར་མངའ་བའོ། །དེ་ལྟར་ཆོས་སྒོ་རབ་འབྱམས་གསུངས་པ་དེ་དག་ཀྱང་འཛམ་གླིང་ན་གནས་པའི་མི་དང་ཉན་རང་བྱང་སེམས་ཀྱི་རིགས་ཅན་རྣམས་ལ་ཤཱཀྱའི་དབང་པོའི་སྐུ་དངོས་ཀྱིས་རྒྱུ་མཚན་ཉིད་ཀྱི་ཐེག་པ་རྣམས་འཕགས་ཡུལ་ལ་སོགས་པར་གསུངས། ལྷ་རྣམས་དང་རིགས་གསུམ་མགོན་པོ་སོགས་སེམས་དཔའ་ཆེན་པོ་རྣམས་ལ་ཀུན་ཏུ་རིག་པ་སྣང་མཛད་ཆེན་པོར་སྣང་བའི་སྐུས་ཕྱི་རྒྱུད་སྡེ་གསུམ་གསུངས་པ་དང་། རིགས་ལྔ་སྲས་བཅས་རྣམས་ལ་ཀུན་བཟང་དུ་སྤྲུལ་ནས་ནང་རྒྱུད་ཡོ་ག་གསུམ་གསུངས་པ་དེ་དག་ཀྱང་གདུལ་བྱའི་བློ་སྟོབས་ཐ་དད་དང་མཐུན་པར་དྷ་ན་ཀོ་ཥ། བསིལ་བའི་ཚལ། རྒྱལ་པོའི་གནས། རི་མེ་རི་འབར་བ་སོགས་ཐུན་མོང་གི་གནས་དང་། འོག་མིན། ཡུམ་གྱི་མཁའ། ཆོས་ཀྱི་འབྱུང་གནས། ཐར་པ་ཆེན་པོའི་གཞལ་མེད་ཁང་ལ་སོགས་པ་ཁྱད་པར་གྱི་གནས་རྣམས་སུ་ཐུན་མོང་དང་ཁྱད་པར་གྱི་སྟོན་པ་སྐུ་སོ་སོར་སྣང་བས་འཁོར་གྱི་གདུལ་བྱ་མཆོག་ཕལ་ལ་རྒྱུ་འབྲས་ཀྱི་ཆོས་འཁོར་བསྐོར་བ་ཉིད་དུ་སྣང་བའི་ཆོ་འཕྲུལ་འབའ་ཞིག་ཏུ་གནས་ལ། དོན་དུ་སྟོན་པ་གཅིག་ཉིད་ཀྱི་གང་འདུལ་སྐུ་དང་ཡེ་ཤེས་མཛད་ཕྲིན་ཐ་དད་པ་སོ་སོར་སྣང་བས་གང་འདུལ་དེར་སྟོན་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་པས་ཆོས་སྒོ་བགྲང་དུ་མི་སྤྱོད་པར་ཕྱེས་པ་དག་རྒྱས་པར་གསུངས་པ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་། འབྲིང་པོར་བསྡུས་ཏེ་གསུངས་པ་གསུང་རབ་ཡན་ལག་བཅུ་གཉིས། བསྡུས་ཏེ་གསུངས་པ་ཐེག་པ་རིམ་པ་དགུ་ཞེས་གྲགས་པ་དང་། གཞན་ཡང་རྣམ་གཞག་མཐའ་ཡས་པ་མངའ་བ་ཡིན་མོད་ཀྱི། དོན་དུ་རྒྱུ་འབྲས་ཀྱི་ཐེག་པ་རྣམ་པ་གཉིས་སུ་ངེས་པ་འདུའོ། །བཀའ་དེའང་ཞལ་ནས་གསུངས་པ། བྱིན་གྱིས་བརླབས་པ། རྗེས་སུ་གནང་བ་སྟེ་གསུང་ཚུལ་གྱི་སྒོ་ནས་དབྱེ་བ་གསུམ་དུ་བཞག་གོ། །དེ་ལྟར་བཤད་པའི་རྒྱུ་འབྲས་ཀྱི་ཐེག་པའི་བཀའ་དེ་དག་གསུང་དུས་ཀྱི་འཁོར་རྣམས་ལས་སོ་སོའི་སྡུད་པ་པོ་རྣམས་ཀྱི་མི་བརྗེད་པའི་གཟུངས་སུ་བཟུང་སྟེ་ཡི་གེར་བཏབ་ནས་འཇིག་རྟེན་གྱི་ཁམས་འདིར་དར་རྒྱས་སུ་མཛད་པ་ཡིན་ཏེ། རྒྱུ་ཕར་ཕྱིན་གྱིས་ཐེག་པ་ཐུན་མོང་བ་རྣམས་གནས་བརྟན་འོད་སྲུང་ཆེན་པོ་སོགས་ཀྱིས་བཀའ་བསྡུ་བར་མཛད་ནས་མི་ནས་མིར་བརྒྱུད་དེ་དར་ཞིང་། ཐེག་ཆེན་ཁ་ཅིག་འཇམ་དཔལ་སོགས་ཀྱིས་བསྡུས་ནས་བྱང་སེམས་ཕལ་མོ་ཆེ་ལས་བརྒྱུད་དེ་མི་ཡུལ་དུ་དར་བས་མཛད། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ནི་མི་ཡུལ་གྱི་གདུལ་བྱ་ཐུན་མོང་གི་ངོར་ཤཱཀྱའི་རྒྱལ་པོ་ཉིད་ཀྱི་ཞལ་ནས་མངོན་དུ་མ་གསུངས་པར་སྐལ་ལྡན་དབང་རབ་རྣམས་ཀྱི་དོན་དུ་ལྐོག་ཆོས་སུ་བསྟན་པར་མཛད་པས་གདུལ་བྱ་དམན་པ་དག་གི་ངོར་གསང་སྔགས་ལ་ཐེ་ཚོམ་བཟློག་པའི་དོན་དུ་སྐབས་དེའི་གདུལ་བྱ་ཐུན་མོང་བའི་འཁོར་གྱི་སྣང་ངོར་ཤཱཀྱའི་དབང་པོ་ཉིད་ཀྱི་ཞལ་ནས་གསང་སྔགས་ཀྱི་བསྟན་པ་འདི་ཉིད་གདོད་མི་ཡུལ་དུ་འབྱུང་བའི་ཚུལ་དངོས་སུ་ལུང་བསྟན་པར་ལྟར་མཛད་དེ། མདོ་སྡེ་གདམགས་ངག་འབོགས་པའི་རྒྱལ་པོ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །རྒྱལ་པོ་ཛཿཡི་ཁང་ཐོག་ཏུ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །ལག་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་གསུངས་པའི་ཚུལ་དང་མཐུན་པར། སྟོན་པའི་མཐུས་རིགས་ལྔའི་རྒྱལ་བ་དང་རྒྱལ་ཚབ་རྣམས་ལ་རྗེས་སུ་བསྐུལ་བར་མཛད་དེ། འབྲས་བུའི་ཆོས་འདི་ཉིད་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱའི་ཡི་གེར་བྲིས་ནས་ཐུགས་རྗེ་གཅིག་ཏུ་མཐུན་པའི་བྱིན་རླབས་ཀྱི་ཆོ་འཕྲུལ་ལས་རྒྱལ་པོ་ཛཿའི་ཁང་སྟེང་དུ་ནམ་མཁའ་ལས་རང་བབས་ཀྱི་ཚུལ་དུ་སྣང་བ་རྒྱལ་པོ་ཛཿདང་སློབ་དཔོན་ཀུ་ཀུ་རཱ་ཛས་དེའི་དོན་རྣམས་རྡོ་རྗེ་སེམས་དཔའི་མཐུས་རྟོགས་ནས་མི་ཡུལ་འདིར་གསང་སྔགས་དར་བ་དང་། གཞན་ཡང་འཇམ་པའི་དབྱངས་ཀྱིས་ལྷའི་གནས་དང་། སྤྱན་རས་གཟིགས་ཀྱིས་ཀླུའི་ཡུལ་དང་། ཕྱག་ན་རྡོ་རྗེས་གནོད་སྦྱིན་གྱི་གནས་སུ་སྣང་བར་མཛད། འཛམ་གླིང་འདིར་ཀྲི་ཡ་ཝཱ་ར་ཎ་སཱི་དང་། ཡོ་ག་རྣམས་རི་མ་ལ་ཡའི་རྩེ་མེ་རི་འབར་བ་དང་། མ་ཧ་དང་ཨ་ནུ་རྒྱལ་པོ་ཛཿཉིད་ཀྱི་གནས་དང་། ཨ་ཏི་ཡོ་ག་དྷ་ན་ཀོ་ཤའི་གླིང་དུ་བཤད་ཅིང་སྒྲུབ་པར་བྱས་ཏེ་རྒྱ་ཆེར་འཕེལ་བའོ། །གཞན་ཡང་ལུང་བཞི་དེམས་དང་ལྔ་ནི་བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་སྤྱི་རྒྱུད་དང་། སྒྱུ་འཕྲུལ་སྡེ་བརྒྱད་ནི་ལྟ་བ་ཨ་ཏི་དང་སྤྱོད་པ་མ་ཧཱར་གཏོགས་པས་ཨ་ནུའི་རྒྱུད་དུའང་གསུངས་ཏེ། བསྐྱེད་རྫོགས་རྫོགས་ཆེན་གྱི་གནད་བསྟན་པའི་ཆ་ནས་ཇི་ལྟར་བཞག་ཀྱང་ཆོག་གོ། །དེ་དག་གིས་ནི་བཀའ་སྤྱིའི་བྱུང་བ་གསང་སྔགས་རྙིང་མ་ལ་གྲགས་པ་གཙོ་བོ་བཟུང་སྟེ་མདོར་བསྡུས་ཙམ་བརྗོད་ཟིན་ལ། དེ་དང་རྗེས་འབྲེལ་བསྟན་བཅོས་ཀྱི་བྱུང་བའང་མདོར་བསྡུ་ན། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལྷག་ཙམ་སོང་བའི་འོག་ཏུ་ཡུལ་ཡངས་པ་ཅན་དུ་ཉན་ཐོས་སྡེ་པ་ཐ་དད་པའི་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་བམ་པོ་སུམ་བརྒྱ་པ་མཛད་པ་བསྟན་པ་འདིའི་བསྟན་བཅོས་ཀྱི་ཐོག་མ་ཡིན་ལ། དེ་ནས་བཟུང་སྟེ་ཟབ་པ་དང་རྒྱ་ཆེ་བའི་བཀའི་དགོངས་དོན་འགྲེལ་བའི་ཤིང་རྟ་ཆེན་པོ་ཀླུ་ཐོགས་གཉིས་ལ་སོགས་འཛམ་གླིང་མཛེས་རྒྱན་སློབ་ཚོགས་དང་བཅས་པས་བརྩམས་པའི་བསྟན་བཅོས་རྣམས་དང་། སྔགས་ཀྱི་ལུགས་ལ་བྱང་ཆུབ་སེམས་འགྲེལ་སྐོར་གསུམ་དང་། གྲུབ་པ་སྡེ་བདུན་དུ་གྲགས་པ་སོགས་ཀྱིས་མཚོན་གྲུབ་ཆེན་རིག་འཛིན་རྣམས་ཀྱིས་མཛད་པའི་བསྟན་བཅོས་མཐའ་ཀླས་པ་ཞིག་བྱུང་ཞིང་། བསྟན་བཅོས་ཀྱི་ངོ་བོ་རྒྱལ་བའི་བཀའི་རྗེས་སུ་འབྲངས་ནས་རྩོམ་པ་པོ་མཚན་ཉིད་དང་ལྡན་པས་ལེགས་པར་བཤད་པ། དབྱེ་བ་ལུང་བཏུས་པ། ལུང་འགྲེལ་པ། ལུང་དོན་རིག་པ་གསུམ་མམ། འཁྲུགས་པ་བསྡེབས་པ། འཐོར་བ་བསྡུད་པ། ཟབ་མོ་བཀྲོལ་བ་སོགས་སམ། བཀའ་སྤྱི་དང་བྱེ་བྲག་གི་དགོངས་པ་འགྲེལ་བའི་དབྱེ་བ་ཡོད་པའང་ཤེས་པར་བྱའོ། །དེ་དག་གིས་ནི། ལྷའི་བུས་ཞུས་པའི་མདོ་ལས། ཆོས་རྣམས་བཀའ་དང་བསྟན་བཅོས་གཉིས་སུ་འདུ། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་ལྟར་བསྟན་པ་སྤྱིའི་བྱུང་ཚུལ་མདོ་ཙམ་སྨོས་ཟིན་ནས། གཉིས་པ་ཕུར་པ་ཕྲིན་ལས་རོལ་པའི་རྒྱུད་ཀྱི་བྱུང་བ་བྱེ་བྲག་ཏུ་འཆད་པ་ལ་གཉིས། ཕྲིན་ལས་ཀྱི་རྒྱུད་བྱོན་ཚུལ་སྤྱིར་བསྟན། རྩ་དུམ་དང་འབྲེལ་བའི་མཁོན་ལུགས་ཀྱི་བཀའ་བབས་བྱུང་ཚུལ་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི། སྒྲུབ་པ་བཀའ་བརྒྱད་ཀྱི་གླེང་གཞི་དང་སྦྱར་ཏེ་བཤད་དུ་ཡོད་ཀྱང་། འདིར་རྒྱུད་སྡེ་ལྟར་འཆད་པ་སྐབས་སུ་བབས་པས། ཇི་སྐད་དུ། ཆོས་སྐུས་དགོངས་པས་བཤད། ལོངས་སྐུས་བརྡ་ཡིས་བཤད། སྤྲུལ་སྐུས་ཚིག་བརྡ་སྦྱར་ནས་བཤད། །ཅེས་གསུངས་པ་ལྟར་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་གསུམ་གྱིས་གསུངས་ཏེ། དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ཚད་མེད་པའི་ཐུགས་རྗེ་དང་ཐབས་ལ་མཁས་པ་གང་གིས་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པའི་ཕོ་བྲང་ནས་གཡོ་བ་མི་མངའ་བཞིན་དུ་རང་བཞིན་ཐུགས་རྗེའི་བྱིན་རླབས་ལས། རང་སྣང་དག་པ་སྐུ་གསུང་ཐུགས་ལྷུན་གྲུབ་འོག་མིན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་རིགས་ལྔའི་སངས་རྒྱས་ཀྱི་རྣམ་པར་བཞེངས་ཏེ། རང་ལས་གཉིས་སུ་མེད་པའི་འཁོར་རྡོ་རྗེ་སེམས་དཔའ། རིགས་གསུམ་མགོན་པོ་ལ་སོགས་འབྲས་བུའི་སེམས་དཔའ་རྣམས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཕུན་སུམ་ཚོགས་པ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་མེད་རང་རིག་རང་ཤར་གྱི་ཚུལ་དུ་གསུངས་ཏེ་ཆོས་དང་སྟོན་འཁོར་དབྱེར་མེད་དགོངས་པའི་ཀློང་ཆེན་པོ་གཅིག་ཏུ་འཁྱིལ་བ་ནི་རྒྱལ་བ་དགོངས་པའི་བརྒྱུད་པ་དང་། གཉིས་པ་ནི། རིགས་གསུམ་མགོན་པོ་དེ་དག་གིས་ལྷ་ཀླུ་གནོད་སྦྱིན་གསུམ་ལ་བཤད་ནས་སོ་སོའི་ཚོམ་བུ་འབུམ་སྡེ་དང་བཅས་པ་སངས་རྒྱས་ཀྱི་གདུང་འཚོབ་པར་གྱུར། དེ་ནས་རིམ་པར་བརྒྱུད་དེ་ཤར་ཕྱོགས་ས་ཧོ་རའི་རྒྱལ་པོ་ཛཿལས་ཨོ་རྒྱན་གྱི་མཁན་པོ་པདྨ་སཾ་བྷ། སློབ་དཔོན་བི་མ་མི་ཏྲ། སློབ་དཔོན་ཤཱི་ལ་མཉྫུ་སྟེ་མཁས་པ་མི་གསུམ་ལ་བརྒྱུད་པའང་བརྡ་དང་ཚིག་ཙམ་རེས་གྲོལ་བ་ཐོབ་སྟེ་དབྱིངས་དང་ཡེ་ཤེས་ཟུང་འཇུག་གི་ངོ་བོ་ཡི་དམ་ལྷ་དང་དགོངས་པ་མཉམ་ཉིད་དུ་གྱུར་པ་དག་ནི་རིག་འཛིན་རིག་བརྒྱུད་ཀྱི་དགོངས་དོན་མདོ་ཙམ་མོ། །གསུམ་པ་ནི། དཔལ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་ད་ལྟའི་བར་སྙན་ནས་སྙན་དུ་བརྒྱུད་པའི་བཀའ་ཟབ་མོ་མ་ཉམས་པར་བྱོན་པ་སྟེ། རྒྱས་པར་ཤེས་འདོད་ན་བརྒྱུད་པའི་ཡི་གེ་སོ་སོ་ལས་རྟོགས་པར་བྱའོ། །དེ་ལྟར་བརྒྱུད་པ་གསུམ་གྱིས་ཁྱད་པར་བྱས་པའི་ཕུར་པ་ཕྲིན་ལས་རོལ་པ་འདི་ཉིད་ཀྱི་ལོ་རྒྱུས་ལ་གསུམ། གདུལ་བྱ་ཇི་ལྟར་བྱུང་བ། འདུལ་བྱེད་གང་གིས་བཏུལ་བའི་ཚུལ། འདུལ་ཐབས་ཇི་ལྟར་མཛད་པའི་ཚུལ་གསུམ་གྱིས་ཤེས་པར་བྱ་སྟེ། རྒྱས་པར་རྒྱུད་དང་གཞུང་འགྲེལ་གཞན་དུ་ཤེས་ལ། འདིར་སྙིང་པོ་ཙམ་བསྡུས་ཏེ་འཆད་ན། དང་པོ་ནི། ཕུར་པ་མྱང་འདས་ཀྱི་རྒྱུད་ལས། ཀརྨ་ཧེ་རུ་ཀས་ཁྲག་འཐུང་ཆེན་པོ་ལ་ཞུས་པ། སྲིན་པོ་རུ་དྲ་གདུག་པ་འདི། །རྒྱུ་དང་རྐྱེན་ནི་ཅི་ལས་བྱུང་། །འབྲས་བུ་གང་དུ་སྨིན་པར་འགྱུར། །ལས་སྐལ་སྤྱོད་པ་ཅི་ཞིག་བྱེད། མ་བཏུལ་བ་ཡི་སྐྱོན་ནི་ཅི། །བཏུལ་ན་ཡོན་ཏན་ཅི་ཞིག་ཐོབ། །ཅེས་ཞུས་པས། ཁྲག་འཐུང་རྡོ་རྗེས་བཀའ་སྩལ་པ། །ལོག་པའི་སེམས་ཅན་ཆེན་པོ་འདི། །དམ་ཚིག་ཉམས་པའི་རྒྱུ་ལས་བྱུང་། །རྐྱེན་ནི་བླ་མ་སྤངས་པའོ། །འབྲས་བུ་ཉོན་མོངས་ལྔ་རུ་སྨིན། །ལས་སྐལ་ཆགས་སྡང་སྤྱོད་ལ་ཞེན། །མ་བཏུལ་ལྷ་མིའི་སྲིད་པ་བརླག །སངས་རྒྱས་ཞིང་ཡང་སྟོངས་པར་བྱེད། །བཏུལ་ན་ཡོན་ཏན་དཔག་མེད་དེ། །དུག་གསུམ་རྩད་གཅོད་འཁོར་དོང་སྤྲུགས། །ཞེས་གསུངས་པ་ལྟར་རྡོ་རྗེ་ཁྲོས་པའི་རྩ་རྒྱུད་ལས་ཀྱང་གསུངས་པ་བཞིན། སྔོན་འདས་པའི་དུས་བསྐལ་པ་ཀུན་ནས་བཀོད་པ་ཞེས་བྱ་བ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་འབྱུང་བ་ཞེས་བྱ་བའི་བསྟན་པའི་དུས་སུ་ཐར་པ་ནག་པོའི་གཡོག་དན་འབག་ཅེས་བྱ་བ་ཡོད་དོ། །དེའི་དུས་སུ་དགེ་སློང་ཐུབ་དཀའ་གཞོན་ནུ་ཞེས་བྱ་བའི་དྲུང་ནས་ཐར་པ་ནག་པོས་གདམས་ངག་ལོག་པར་གོ་ནས་གསང་སྔགས་འཆོལ་བར་སྤྱད་པ་སོགས་མ་རུངས་པའི་ལས་ཀྱི་རྣམ་པར་སྨིན་པས་མ་རུངས་པའི་སྐྱེ་བ་བརྒྱུད་མར་བླངས་ནས་ཁམས་གསུམ་ན་ཆེ་བའི་གདུག་པ་ཅན་དུ་གྱུར་ནས་སེམས་ཅན་ཐམས་ཅད་བསད་ཅིང་ཟོས་ཏེ་དེའི་གཉེན་པོ་འཇིག་རྟེན་ན་སུའང་མེད་པའི་མ་ཏྲཾ་རུ་དྲ་ཞེས་བྱ་བ་ཞིག་བྱུང་བ་ནི་གང་གདུལ་བྱའོ། །གཉིས་པ་དེ་འདུལ་བྱེད་གང་གིས་བཏུལ་བ་ནི། དེའི་ཚེ་ཀརྨ་ཧེ་རུ་ཀས་དུས་གསུམ་གྱི་རྒྱལ་བ་རྣམས་བསྐུལ་ནས་འོག་མིན་དུ་བཀའ་བགྲོས་ཏེ་འགྲོ་བའི་དོན་དུ་རུ་དྲ་ཞི་བའི་སྒོ་ནས་འདུལ་བར་དགོངས་ཀྱང་མ་ཐུལ་ནས། ཇི་སྐད་དུ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལ། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛོད། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཞེས་བུདྡྷ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྒོ་ནས་བཀའ་བགྲོས་ཏེ་རྡོ་རྗེ་རྟའི་ཚོགས་སོགས་ཁྲོ་བོ་ཆེན་པོ་རྣམས་རིམ་པར་སྤྲོས་ཏེ་བཏུལ་བའི་ཚུལ་མཛད་པ་ནི་འདུལ་བྱེད་ཀྱི་ཁྱད་པར་བསྟན་པའོ། །གསུམ་པ་འདུལ་ཐབས་ཀྱི་ཁྱད་པར་ནི། ཡང་དུས་གསུམ་གྱི་བུདྡྷ་ཐམས་ཅད་བཀའ་བགྲོས་ནས་སྦྱང་གཞི་དང་སྦྱོང་བྱེད་ལ་དགོངས་བཞིན་པས་ཐབས་ཀྱི་ཁྱད་པར་ཐུན་མོང་མིན་པས་འདུལ་བར་དགོངས་ཏེ། དུས་གསུམ་བུདྡྷ་ཐམས་ཅད་ཀྱི་སྤྲུལ་པ་གཅིག་ཏུ་བསྡུས་ནས་རུ་དྲ་ཐར་པ་ནག་པོར་སྤྲུལ། དེའི་ཆུང་མ་ཀྲོ་དྷི་ཤྭ་རི་མ་ལ་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་ནས་སྲིན་མོའི་ལྷུམས་སུ་ཟླ་དཀྱིལ་ལ་བྱང་སེམས་ཧཱུྃ་གི་རྣམ་པར་ཕབ་སྟེ་བཞག །གཞན་ཡང་འཁོར་དང་བཅས་པ་ཐམས་ཅད་སྤྲུལ་པས་དབང་དུ་བྱས། དེ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་དབྱིངས་སུ་མི་དམིགས་པར་མཛད་ནས་རིམ་གྱིས་འཁོར་གཏུམ་མོ་དང་སྲིན་མོ་རྣམས་ལའང་ཕག་དང་དོམ་ཀྱི་མགོ་ཅན་ལ་སོགས་པའི་ལྟས་ངན་མང་པོ་སྐྱེས། རུ་དྲའི་ཆུང་མ་ཀྲོ་དྷི་ཤྭ་རི་ལཱའང་བུ་རྡོ་རྗེ་གཞོན་ནུ་དབུ་གསུམ་ཕྱག་དྲུག་པ། རྡོ་རྗེའི་གཤོག་པས་བར་སྣང་ཁྱབ་པ། ཀཱི་ལ་ཡའི་སྒྲ་སྒྲོགས་པ་དང་བཅས་པ་སྐྱེས་འདུག་པ་རུ་དྲས་མཐོང་མ་ཐག་འཁོར་དང་བཅས་པ་རྣམས་བརྒྱལ་ནས་འགྱེལ། ཁ་ནས་ཁྲག་སྐྱུགས་སོ། །དེ་སྐད་དུ། རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། ཁྲོ་ཆེན་རབ་ཏུ་ཁྲོས་པ་མཐོང་བ་ཡིས། །སྐད་ཅིག་ཙམ་ལ་རུ་དྲ་དངངས་ཤིང་སྐྲག །ཕྱོགས་བཅུ་ཀུན་ཏུ་འབྲོས་པའི་ཚུལ་ཡང་བསྟན། །སྡུག་བསྔལ་ཆེན་པོ་དེ་ཡི་དུས་སུ་མྱངས། །ཞེས་གསུངས་སོ། །དེ་ནས་བརྒྱལ་སངས་པ་དང་ལངས་ནས་འཁོར་རྣམས་ལ་བོས་ཏེ་སྨྲེ་སྔགས་མང་དུ་བཏོན་པས་བདུད་ཀྱི་དམག་དཔུང་གཏིབས། མཚོན་ཆའི་ཆར་ཕབ་པ་དང་བསྟུན་རུ་དྲས་ཀྱང་དབུ་གསུམ་ཕྱག་དྲུག་ཏུ་བྱས་པ་དང་རྡོ་རྗེ་གཞོན་ནུས་དབུ་དགུ་ཕྱག་བཅོ་བརྒྱད་པར་སྤྲུལ་ཏེ་བ་སྤུའི་བུ་ག་ནས་ཀྱང་དེ་འདྲ་བ་དཔག་ཏུ་མེད་པར་སྤྲུལ་ཏེ་ངག་སྨྲ་བརྗོད་དང་བྲལ་བར་བྱིན་གྱིས་བརླབས། རུ་དྲས་ཀྱང་དབུ་དགུ་ཕྱག་བཅོ་བརྒྱད་པར་སྤྲུལ་པའི་གཉེན་པོར་རྡོ་རྗེ་གཞོན་ནུས་དབུ་ཕྱག་སྟོང་སྟོང་། སྤྱན་བྱེ་བ་སྟོང་དུ་སྤྲུལ། དབུ་དགུ་པ་མང་པོ་བ་སྤུའི་བུ་ག་ནས་ཀྱང་བཀྱེས། ཁྲོ་བོ་བཅུ་སྤྲུལ་ནས་ཕྱོགས་སྐྱོང་བཅུ་གདན་དུ་བཏིང་། དེ་ནས་རྡོ་རྗེ་གཞོན་ནུའི་སྤྱི་གཙུག་ནས་ཧ་ས་ཡ་ར་ཧྲི་ཏ་ན་ཡ་འཕྲོས། རུ་དྲའི་སྤྱི་གཙུག་ཏུ་ཞུགས་ནས་སྐྱོབ་པའི་ལྷ་དང་ཕྲལ། གཞན་ཡང་གབ་པའི་སྔགས་དྲུག་རྣམས་སྐུའི་གནས་སོ་སོ་ནས་སྤྲོས་ཏེ་རུ་དྲའི་གནས་སོ་སོར་ཞུགས་པས་གཟུགས་ལ་དབབ། བྱད་དུ་གཞུག །སྨྱོར་གཞུག་རྡུལ་དུ་བརླག །ཞལ་དུ་བསྟབ་པ་སོགས་མཛད། བདུད་ཀྱི་འཁོར་རྣམས་ཀྱང་སོ་སོར་བྱེར། དུས་དེར་རྡོ་རྗེ་གཞོན་ནུ་ལ་དུས་གསུམ་གྱི་བུདྡྷ་ཐམས་ཅད་ཀྱིས་རྡོ་རྗེ་སྲིན་པོའི་ངུར་དབྱངས་ཀྱིས་བསྟོད་དོ། །རྡོ་རྗེ་རྟའི་ཚོགས་ཀྱིས་རྟའི་རྔམས་དབྱངས་ཀྱིས་དཔའ་བཀོང་། དེའི་ཚེ་རྡོ་རྗེ་གཞོན་ནུས་རུ་དྲའི་ཁ་ཊྭཱཾ་ཕྲོགས་ཏེ་ཕུང་པོ་ལ་ཐུར་མ་བཙུགས་ཏེ། ཨ་ལ་ལ་ཧོཿཞེས་གསུངས་ཏེ་ཞལ་དུ་གསོལ་ནས་ཁྱུར་མིད་མཛད་དེ་ཕྱལ་དུ་སྦྱངས་པས་སྐྱེ་བ་གྲངས་མེད་པའི་ལུས་བླངས་པ་ནི་དྲན། ལས་དགེ་སྡིག་མི་བསླུ་བར་ནི་རིག །དུས་དེར་རུ་དྲས་སྨྲེ་སྔགས་བརྗོད་དོ། །དེ་ནས་རྡོ་རྗེ་གཞོན་ནུའི་གསང་བ་ནས་བཏོན་ཏེ་མདུན་དུ་བཞག་ནས་སྤྱོ་བ་བརྒྱད་ཀྱི་སྒོ་ནས་སྤྱོས། འཁོར་སྡེ་བརྒྱད་ཀྱིས་ཀྱང་བཤགས་པ་རེ་བྱས་ནས་རང་རང་གི་མགོ་བོ་བཅད་དེ་ཕུལ་སྐབས་དེར་རུ་དྲས་སྨྲས་བ། བསྣམས་ནས་བཏོན་པ་ཐུགས་རྗེ་ཆུང་། །འབངས་སུ་མཆིའོ་གཙིགས་མ་ཆུང་། །བཀའ་ལས་འདས་ན་འཚིག་པར་འགྱུར། །མ་དང་སྲིང་མོ་བྲན་མོ་རྣམས། །འབངས་སུ་འབུལ་ལོ་བཀའ་ལ་ཐོགས། །དབུས་སུ་མཆིས་སྐལ་མི་ལྡན་གྱི། །འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཚལ་སྐལ་མི་ལྡན་གྱི། །ལྷག་མ་ཁ་ཕྲུས་བྲན་ལ་སྩོལ། །ཞེས་དང་། རྩ་རྒྱུད་ལས། རུ་དྲ་མ་རུངས་དེ་ཡི་དུས་སུ་བཏུལ། །ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཞོན་ནུ་ལ། །གཟུགས་ཀྱི་ཕུང་པོ་གདན་དུ་རབ་ཏུ་བཏིང་། །རྣ་བའི་དབང་པོས་ཞི་བའི་ཆོས་ཀྱང་ཉན། །ཡིད་ནི་འགྱོད་པའི་སྨྲེ་བཤགས་མང་དུ་བྱས། །ཞེས་གསུངས་པ་ལྟར། རུ་དྲ་གཙོ་བོའི་གདན་དུ་གཏིང་། འཁོར་རྣམས་ཀྱིས་ཀྱང་ཕྱོགས་སྐྱོང་བཅུ་ལ་སོགས་པ་ཕོ་ཁ་སྦུབས། མོ་གན་རྐྱལ། བྱིན་པ་འཁྲིལ་བར་གདན་དུ་བཏིང་། རྣ་བས་ཆོས་ཉན། དེ་ནས། རུ་དྲ་འདི་མ་ཧཱ་ཀཱ་ལར་བྱས་ཏེ་སངས་རྒྱས་སྟོང་གི་བསྟན་པ་བསྲུངས་ནས། འོག་ཕྱོགས་ཀྱི་འཇིག་རྟེན་དུ་བཅོམ་ལྡན་འདས་སུ་ལུང་བསྟན། ཁོའི་ཐོད་མཁར་རྡོ་རྗེ་ཕུར་པའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པ་ལ་བརྟེན་ནས་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་དེ་ལྟར་བྱུང་བར་གསུངས་ཤིང་། དོན་དུ་སངས་རྒྱས་ཀུན་གྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་རྣམ་པ་ཕྲིན་ལས་གང་འདུལ་གྱི་རོལ་པ་ཐམས་ཅད་རྟགས་ཀྱི་ཕྱག་རྒྱའི་གཟུགས་སུ་རང་ཤར་བ་ཉིད་དོ། །དེ་ལྟ་བུའི་དཔལ་རྡོ་རྗེ་གཞོན་ནུ་ཕུར་པ་ཕྲིན་ལས་རོལ་པའི་རྒྱུད་རྣམས་ཧེ་རུ་ཀ་ཉིད་ཀྱིས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་རང་བྱུང་རྡོ་རྗེ་ནཱང་མི་ཤིགས་བའི་སྒྲ་དབྱངས་སུ་རང་ཤར་བའི་ཚུལ་གྱིས་གསུངས་པའི་ཁོངས་སུ་རྒྱུད་ཐམས་ཅད་འདུ་བའང་། སྤྱིར་ཕྱི་རྒྱུད་སྡེ་གསུམ། ནང་རྒྱུད་གསུམ་ལའང་མ་ཧཱ་ཡོ་ག་ཐབས་ཕའི་རྒྱུད། ཨ་ནུ་ཡོ་ག་ཤེས་རབ་མའི་རྒྱུད། །ཨ་ཏི་ཡོ་ག་གཉིས་སུ་མེད་པའི་རྒྱུད་སྡེའམ་ཐེག་པ་གསུམ་ཞེས་བྱ་བའི་རྣམ་གཞག་མཛད་ཅིང་། ཡང་ཕ་རྒྱུད་ལ་དོ་ཧ་སྐོར་དང་། མ་རྒྱུད་ལ་སྒྱུ་འཕྲུལ་སྐོར་དང་། གཉིས་མེད་རྒྱུད་ལ་སེམས་ཕྱོགས་སྐོར་ཞེས་གྲགས་པར་གསུངས་པ་དེ་དག་ཕྱོགས་ཙམ་གོང་དུ་བསྟན་པའི་སྤྱིའི་བྱུང་བའི་ས་ཁོངས་སུ་བསྟན་ཟིན་ལ། བྱེ་བྲག་ཏུ་སློབ་དཔོན་ལང་ལབ་ཀྱི་བཞེད་པས་རྡོ་རྗེ་ཕུར་པ་འདི་ལ་རང་རྐང་ཚུགས་པའི་རྒྱུད་སུམ་ཅུ་རྩ་བདུན། རྒྱུད་ཆུང་བཅུ་དྲུག་ཅེས་བཞེད་དེ། དེ་ལ་རང་གཞུང་ཚུགས་པའི་རྒྱུད་སུམ་ཅུ་རྩ་བདུན་ནི། རྩ་བ་ལྟ་བུའི་རྒྱུད་གསུམ། བཤད་པའི་རྒྱུད་ལྔ། ཆ་མཐུན་པའི་རྒྱུད་གསུམ། རྒྱུད་ཕྱི་མ་གཉིས། ཕྱི་མའི་ཕྱི་མ་གསང་བ་སྡེ་དྲུག །བསྐྱེད་རིམ་གཙོ་བོར་སྟོན་པའི་རྒྱུད་ལྔ། རྫོགས་རིམ་གཙོ་བོར་སྟོན་པའི་རྒྱུད་ལྔ། ལ་བཟླ་བའི་རྒྱུད་ལྔ། དྲག་པོ་རྨེ་ཐབས་ཀྱི་རྒྱུད་གཉིས། ཕྲིན་ལས་གཙོ་བོར་སྟོན་པ་འབུམ་སྐོས་དང་སུམ་ཅུ་རྩ་བདུན་ནོ། །དེ་ལྟར་ན་བསྐྱེད་པ་མ་ཧཱ་ཡོ་ག་ཐབས་ཀྱི་རྒྱུད་ལ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ལ་སོགས་པའི་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པའི་ནང་ནས་ཕྲིན་ལས་རིགས་ཀྱི་ཕུར་བུའི་རྒྱུད་ལུང་མན་ངག་ཐམས་ཅད་ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་རྩལ་ལ་ལྷག་པར་བཀའ་བབས་ཤིང་། གྲུབ་པའི་སློབ་དཔོན་ཆེན་པོ་དེ་ཉིད་ངེས་པའི་དོན་དུ་གདོད་མའི་རྒྱལ་པོ་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་གཉིས་མེད་མཉམ་པའི་ཀློང་དུ་མངོན་པར་བྱང་ཆུབ་ཀྱང་། ཚུར་མཐོང་རྣམས་ཀྱི་སྣང་ངོར་ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུས་སྐུའི་སྒོ་ནས་ཞལ་དངོས་སུ་བསྟན། གསུང་གི་སྒོ་ནས་ཕུར་པའི་རྒྱུད་རྣམས་བཀའ་སྩལ། ཐུགས་ཀྱི་སྒོ་ནས་དབྱིངས་རིག་དབྱེར་མེད་དུ་ངོ་སྤྲད་པས་ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཆགས་ཐོགས་མེད་པར་མཛད། གདུལ་བྱ་དྲང་བའི་དོན་དུ་བཀའ་བབས་ཀྱི་སློབ་དཔོན་པྲ་བྷ་ཧསྟི་ལས་ཕྲིན་ལས་ཕུར་པའི་ཆོས་སྐོར་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་པའི་ཚུལ་བསྟན། གངས་ཅན་ལྗོངས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ནས་ཕེབ་པའི་ལམ་བར་ན་བོད་ཀྱི་ལྷ་སྲིན་མ་རུངས་པ་ཐམས་ཅད་རྡོ་རྗེ་ཕུར་པའི་སྐུར་བཞེངས་ནས་བཏུལ་ཞིང་དམ་ལ་བཞག །ས་གཞི་བཏུལ་ནས་བསམ་ཡས་གཙུག་ལག་ཁང་བཞེངས་པ་སོགས་དམ་པའི་ཆོས་ཀྱི་ཉིན་བྱེད་ཐོག་མར་འཆར་བའི་སྐབས་སུ་སྐལ་ལྡན་གྱི་རྗེ་འབངས་རྣམས་རྡོ་རྗེ་ཐེག་པའི་ལམ་ཟབ་སོ་སོའི་སྐལ་བ་དང་འཚམས་པར་གསང་ཆོས་སུ་འཆད་པའི་སྐབས་སུ་བར་ཆད་སེལ་བའི་ལྷ་མཆོག་རྡོ་རྗེ་གཞོན་ནུའི་ཆོས་སྐོར་རྒྱས་བསྡུས་ཅི་རིགས་པ་རེ་གནང་བ་ལས་ཕུར་པ་རྒྱལ་པོ་ལུགས། ཇོ་མོ་ལུགས། །ལྕམ་ལུགས་གཙོས་བཀའ་ནས་བཀའ་རུ་བརྒྱུད་པ་དང་། ཕལ་ཆེར་གཏེར་དུ་སྦས་པ་ཕྱིས་སུ་རྗེ་འབངས་སོ་སོའི་སྤྲུལ་པ་རྣམས་ཀྱིས་རིམ་པར་བཏོན་པའི་གཏེར་མའི་རིགས་ཤིན་ཏུ་མང་པ་མཆིས་སོ། །གཉིས་པ་རྩ་དུམ་དང་འབྲེལ་བ་མཁོན་ལུགས་ཀྱི་བཀའ་བབས་བྱུང་ཚུལ་བྱེ་བྲག་ཏུ་དབྱེ་བ་ནི། གོང་དུ་ཇི་སྐད་བཤད་པ་བཞིན་ཕྲིན་ལས་རྡོ་རྗེ་གཞོན་ནུ་དང་དབྱེར་མེད་པ་ཐོད་ཕྲེང་རྩལ་འཆང་ཆེན་པོས་སད་མི་མི་བདུན་གྱི་ཡ་གྱལ་མཁོན་ནཱ་གེནྡྲ་རཀྵི་ཏ་ལ་རྒྱུད་ལུང་མན་ངག་དང་བཅས་པ་མནོག་ཆོས་སུ་སྩལ་བ་དེ་ནས་བརྩམས་མཁོན་རིགས་ས་སྐྱ་པར་ཡང་ཕུར་གཉིས་ཀྱི་བཀའ་བབས་གཞན་དང་མི་མཉམ་པས་གྲུབ་བརྙེས་གསེར་རིའི་ཕྲེང་བ་བར་མ་ཆད་པ་བྱོན་པ་ཡིན་ཅིང་། མཁོན་དཀོན་མཆོག་རྒྱལ་པོས་དཔེ་ཕལ་ཆེར་དུས་སྐབས་དེར་འགྲོ་དོན་མི་འབྱུང་བར་དགོངས་ཏེ་གཏེར་དུ་སྦ་བར་བརྩམས་པ་ན་ཆོས་སྲུང་གིས་འཁུ་ལྡོག་བྱུང་སྟེ་རྩ་བ་ཙམ་སླར་ཕྱུང་སྟེ་རྗེ་བཙུན་གོང་མ་རྣམས་ལྔ་ནས་ད་ལྟའི་བར་ཐུགས་དམ་ཉམས་བཞེས་མཐར་ཕྱིན་མཛད་ཅིང་། ཡིག་ཆའི་རིགས་ཀྱང་རྒྱས་བསྡུས་མང་དུ་བཞུགས། རྩ་རྒྱུད་བིདྷྱོཏྟ་མ་འབུམ་སྡེའི་ནང་ནས་གུ་རུ་པདྨ་ཉིད་ཀྱིས་རྡོ་རྗེ་རིགས་ཀྱི་ལེའུ་ཟུར་དུ་ཕྱུང་བ་ཕུར་པ་རྩ་བའི་དུམ་བུ་ཞེས་བྱ་བ་འདི་ཉིད་སྔ་འགྱུར་རྙིད་མའི་རྒྱུད་འབུམ་གྲལ་དུ་བཞུགས་ཀྱང་། སྔགས་གསར་མ་བ་རྣམས་ཀྱིས་རྙིང་རྒྱུད་ཁས་མི་ལེན་པས་བག་ལ་ཞ་བའི་སྐབས་ཀྱང་ཆོས་རྗེ་ས་སྐྱ་པཎ་ཆེན་ཉིད་ཤངས་སྲེག་ཤིང་ན་བཞུགས་པའི་ཚེ་མགོ་བན་བདུད་རྩི་རྒྱལ་པོ་ཞེས་བྱ་བའི་སྔགས་པ་གཅིག་གིས་དཔེ་ཆ་སེར་ཧྲུལ་ཞིག་ཆོས་རྗེ་ཉིད་ལ་ཕུལ་བྱུང་བ་ལ་གཟིགས་པས་ཕུར་པ་རྩ་དུམ་གྱི་རྒྱ་དཔེ་གུ་རུ་རིན་པོ་ཆེའི་ཕྱག་དཔེ་དངོས་སུ་འདུག་པ་མཁྱེན་ནས་བསུ་བའི་བཀོད་པ་དང་བཅས་ཏེ་གདན་དྲངས་ཤིང་། དེ་ཉིད་དུ་བོད་སྐད་ལ་བསྒྱུར་བར་མཛད་པ་འདི་ནི་ཁུངས་བཙུན་ཞིང་བཀའ་ཡིན་ལ་ལྷད་མེད་པ་ཁོ་ན་སྟེ་ཡིད་ཆེས་ཀྱི་གནས་དམ་པར་གྱུར་པ་ཡིན་ལ། འདི་ཉིད་ཀྱི་ཉེ་བརྒྱུད་ཁྱད་པར་ཅན་ནི། གངས་ཅན་ཙམ་ན་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཀྱི་རྒྱལ་པོ། འཕགས་པའི་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་དང་གཉིས་སུ་མ་དམིགས་པ་བཀའ་བབས་བདུན་གྱི་གསང་མཛོད་ལ་དབང་ཐོབ་པར་འཇིགས་བྲལ་རྡོ་རྗེའི་སློབ་དཔོན་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ལ་ས་ཆེན་ཀུན་དགའ་སྙིང་པོའི་ཡེ་ཤེས་ཀྱི་སྐུས་ལན་གསུམ་དུ་རྗེས་སུ་བཟུང་ནས། ལན་གསུམ་པའི་སྐབས་རྩ་དུམ་འདི་ཉིད་ཀྱི་བཀའ་ལུང་གནང་སྟེ་འཆད་སྤེལ་གྱིས་ཤིག་པའི་རྡོ་རྗེའི་གསུང་གི་རྗེས་སུ་གནང་བ་ཐོབ་པ་བཞིན། ཁོ་བོ་ཅག་ལ་བཀའ་ལུང་ལྗགས་བཤད་བཅས་ལེགས་པར་སྩལ་ཏེ་འདི་ལ་འགྲེལ་བཤད་ཅིག་ཀྱང་ངེས་པར་གྱིས་ཞེས་བཀའི་གནང་བ་ཁྱད་པར་ཅན་ནོས་པ་ལགས་སོ། །གཉིས་པ་མཚན་ཉིད་རྣམ་པ་གསུམ་གྱིས་དོན་གྱི་ཤན་དབྱེ་བ་ལ་གསུམ། དཀྱིལ་འཁོར་གྱི་མཚན་ཉིད། སྔགས་ཀྱི་མཚན་ཉིད། རྫས་ཀྱི་མཚན་ཉིད་དོ། །དང་པོ་ལ་ལྔ་སྟེ། ཆོས་ཉིད་སྤྱིའི་དཀྱིལ་འཁོར། ཆོས་ཅན་རང་གི་དཀྱིལ་འཁོར། བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། སྦས་པ་གསང་བའི་དཀྱིལ་འཁོར། བྲི་བ་གཟུགས་བརྙན་གྱི་དཀྱིལ་འཁོར་རོ། །དང་པོ་ཆོས་ཉིད་སྤྱིའི་དཀྱིལ་འཁོར་ནི། ཆོས་ཀྱི་སྐུའི་དཀྱིལ་འཁོར་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ་དང་། ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་རྣམ་པར་སྣང་མཛད་ལ་འཁོར་ས་བཅུའི་བྱང་སེམས་ཀྱིས་བསྐོར་བ་དང་། སྤྲུལ་པའི་སྐུའི་དཀྱིལ་འཁོར་ཤཱཀྱ་ཐུབ་པ་ལ་འཁོར་རིགས་དྲུག་གིས་བསྐོར་བ་དང་གསུམ་མོ། །གཉིས་པ་ཆོས་ཅན་རང་གི་དཀྱིལ་འཁོར་ནི། ཆོས་དབྱིངས་སྟོང་པ་ཉིད་ལ་དཀྱིལ་དང་། རིག་པ་ཡེ་ཤེས་ལ་འཁོར་ཞེས་བརྗོད་པའི་དབྱིངས་སུ་ཟུང་འཇུག་རིག་པའི་ཕུར་བུ་བསྒྲུབ་པའོ། །གསུམ་པ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། རང་གི་རིག་པ་ལྷར་གསལ་བ་དཀྱིལ་དང་། ཁྲོ་བོ་ཁྲོ་མོར་སྣང་བའི་ནི་འཁོར་ཡིན་ལ། དེར་ཐུགས་རྗེ་སྤྲུལ་པའི་ཕུར་པ་བསྒྲུབ་པའོ། །བཞི་པ་སྦས་པ་གསང་བའི་དཀྱིལ་འཁོར་ནི། ཡབ་ཡུམ་གྱི་རྡོ་རྗེ་པདྨ་དཀྱིལ། བདེ་ཆེན་དགའ་བཞི་འཁོར། དེར་བྱང་ཆུབ་སེམས་ཀྱི་ཕུར་པ་བསྒྲུབ་པའོ། །ལྔ་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་གཉིས། རིགས་བསྡུས་དང་། རིགས་བྱེ་བྲག་པའི་དཀྱིལ་འཁོར་རོ། །དང་པོ་ལ་ལྔ་སྟེ། བསྙེན་པའི། སྒྲུབ་པའི། གསད་པའི། དབང་གི། སྲུང་མའི་དཀྱིལ་འཁོར་རོ། །དང་པོ་བསྙེན་པའི་འཁོར་ལོ་རྩིབས་བརྒྱད་པའོ། །གཉིས་པ་ནི། རྒྱ་མདུད་ལྡེབ་པའི་འཁོར་ལོའོ། །གསུམ་པ་ནི། རྒྱུད་ལས། གྲུ་གསུམ་ཉི་ཤུ་རྩ་གཅིག་པ། །དྲག་པོ་གསད་པའི་དཀྱིལ་འཁོར་ཡིན། །ཞེས་པའོ། །བཞི་པ་ནི། རྒྱུད་ལས། རྩིབས་བརྒྱད་ཟླ་གམ་ལྟ་བུ་ནི། །དབང་གི་དཀྱིལ་འཁོར་ཡིན་པར་བཤད། །ཅེས་སོ། །ལྔ་པ་ནི། རྒྱུད་ལས། མེ་རླུང་འཚུབས་པ་འཇིགས་ཚུལ་ཅན། །ཞེས་གང་གསུངས་པའོ། །གཉིས་པ་རིགས་བྱེ་བྲག་པའི་དཀྱིལ་འཁོར་ལ་གསུམ། ཁྲོ་བོ་བཅུ་ལ་དཀྱིལ་འཁོར་བཅུ། མགོ་བརྙན་ཉི་ཤུ་ལ་དཀྱིལ་འཁོར་ཉི་ཤུ། ཕུར་སྲུང་བཅུ་གཉིས་ལ་དཀྱིལ་འཁོར་བཅུ་གཉིས། དེ་བཞིན་དུ་སིང་ཧ་བརྒྱད། ཀེའུ་རཱི་བརྒྱད། དབང་ཕྱུག་མ་ཉེར་བརྒྱད་རྣམས་ལ་ལྷ་གྲངས་དང་མཉམ་པའི་དཀྱིལ་འཁོར་གསང་རྒྱུད་ལས་གསུངས་ཤིང་། སྤྱིར་ནི་དཀྱིལ་འཁོར་ཐམས་ཅད་གཙོ་བོ་འཕོས་པ་ལས་འགྱུར་བ་ཡིན་ཏེ། རིགས་བསྡུས་ཀྱི་དཀྱིལ་འཁོར་ལ་ལྷ་ལྔ་བཅུ་རྩ་གཅིག་ཡོད་པས་དཀྱིལ་འཁོར་ལྔ་བཅུ་ང་གཅིག་ལ་ལྷ་ཉིས་སྟོང་ཕྱེད་དང་དྲུག་བརྒྱ་ང་གཅིག་ཡོད་པ་གཙོ་བོ་འཕྲོས་པས་དཀྱིལ་འཁོར་གྱི་གྲངས་ཀྱང་དེ་སྙེད་ཅིག་ཡོད་དོ། །དབང་བཞི། རབ་གནས་གསུམ། སྦྱིན་སྲེག་བཞི། ལས་བཞི། གྲུབ་ཆེན་བརྒྱད་ལ་སོགས་པའི་གང་ལ་བྱ་བའི་ལས་ཀྱི་གྲངས་དང་མཚུངས་པའི་དཀྱིལ་འཁོར་གྱི་དབྱེ་བའང་ཤེས་པར་བྱའོ། །གཞན་ཡང་ས་ཆོག །སྟ་གོན། ལས་རྒྱལ་མཆོག་བསམ་གྱིས་མི་ཁྱབ་པ་ཡོད་དོ། །གཉིས་པ་སྔགས་ཀྱི་མཚན་ཉིད་བསྟན་པ་ལ་གསུམ། མཚན་ཉིད་སྤྱིར་བསྟན་པ། རྣམ་དབྱེ་བྱེ་བྲག་ཏུ་བཤད་པ། བཟླ་བའི་ཐབས་བསྟན་པའོ། །དང་པོ་ལ་བཞི། ངོ་བོ། ངེས་ཚིག །དབྱེ་བ། བཏུ་བའོ། །དང་པོ་ནི། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པ་ཡིག་འབྲུའི་ཚུལ་དུ་ཤར་བའམ་གནས་པ་ཡི་གེ་ནུས་པ་མཐུ་ཅན་དུ་གྱུར་པ་ནི་སྔགས་ཀྱི་ངོ་བོའོ། །གཉིས་པ་ནི། བྱིན་རླབས་མངོན་དུ་མྱུར་བར་འབྱིན་པས་ན་སྔགས་སོ། །གསུམ་པ་ལ་གསུམ། གསང་སྔགས། རིག་སྔགས། གཟུངས་སྔགས་ཏེ། རིམ་པ་བཞིན་ལྷ་ཕོའི་སྔགས་དང་། མོའི་དང་། སྤེལ་མའི་སྔགས་ལ་བཤད་ཀྱང་། འདིར་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་གསུམ་ལ་ངོས་གཟུང་ངོ་ཞེས་གསུངས། བཞི་པ་ལ་གསུམ། སྔགས་དག་པའི་དོན་དུ་བཏུ་བ། བཏུས་པའི་སྔགས་ཀྱི་རྣམ་དབྱེ། ནུས་པ་མཐར་དབྱུང་བའི་ཕྱིར་བཟླ་ཐབས་སོ། །དེའང་སྔགས་བཏུ་བའི་གཞི་ཨཱ་ལི་ཀཱ་ལི། བཏུ་ཐབས་ཀཱ་ལི་ལས་ལུས་བཏུ། ཨཱ་ལི་ལས་ཡན་ལག་བཏུ་བ། ཚིགས་བཅད་ལས་བཏུ་བ། སྤེལ་བ་ལས་བཏུ་བ། རེའུ་མིག་ལས་བཏུ་བ། འཁོར་ལོ་ལས་བཏུ་བ། གྲངས་ལས་བཏུ་བ། དབྱིབས་ལས་བཏུ་བའོ། །གཉིས་པ་རྣམས་པར་དབྱེ་བ་ལ་བདུན་ཏེ། སྦྲུལ། མགོ་མེད། མཇུག་མེད། བཏུས་པ། སྐུའི། གསུང་གི། ཐུགས་ཀྱི་སྔགས་སོ། །གསུམ་པ་བཟླ་ཐབས་ནི་གསུམ་སྟེ། རྗེས་སུ་དྲན་པས་བཟླ་བ། རྣམ་པར་བཟླ་བ། རང་དབང་མེད་པར་དཀྲུགས་ཏེ་བཟླ་བའོ། །གཞན་ཡང་། བཟློག་ནས་བཟླས་ཏེ་བསད་པ། སོ་སོར་བཟླས་པ་གློད་མ། བསྡོམས་ནས་བཟླས་པ་དྲིལ་བའོ། །བཟླས་པའི་སྐབས་ཀྱང་སྔོན་དུ་དྲིལ་ལ་བཟླ། དེ་ནས་རྟགས་གང་ཉེ་བ་རེ་ལ་རྐང་ཐོན་དུ་བྱེད་པ་ཡིན་ཏེ། དེས་ན་དྲིལ་སྒྲུབ། རྐྱང་སྒྲུབ། རྟགས་དང་སྦྱར་བས་ཤུགས་ལ་སོང་བ་ཡིན་ནོ། །དེའང་བཟླས་པ་དངོས་ནི། སྡོང་པོ་ལྟ་བུའི་སྔགས་ཀྱི་སྦྱོར་བ། སྤུ་གྲི་ལྟ་བུའོ། །མདུང་ཐུང་ལྟ་བུའི། མེ་དཔུང་ལྟ་བུའི། རལ་གྲི་ལྟ་བུའི། སྦྲུལ་ལྟ་བུའི། ཉི་ཟེར་ལྟ་བུའི། ཆུ་བོ་ལྟ་བུའི་སྔགས་ཀྱི་སྦྱོར་བས་བཟླ་བ་སྟེ་བཟླ་ཐབས་བརྒྱད་དུའང་རྒྱུད་ལས་བཤད་ཅིང་། གང་བཟླ་ན། རྒྱབ་རི་དམག་མི་ལྟ་བུའི་ཡིག་འབྲུ་དྲུག །འཁུབ་མེད་ལྟག་མེད་ཡིག་འབྲུ་དྲུག །དབང་སྡུད་འགུགས་པའི་ཡིག་འབྲུ་དྲུག །རབ་ཏུ་འཆིང་བའི་ཡིག་འབྲུ་དྲུག །བརྡུང་ཞིང་རྡེག་པའི་ཡིག་འབྲུ་དྲུག །བཟློག་ཅིང་གཤེད་དབབ་ཡིག་འབྲུ་དྲུག །འཇོམས་ཤིང་འབྲེལ་བྱེད་ཡིག་འབྲུ་དྲུག །ཅེས་དྷཱ་ཏི་ལྟར་བསྒྲུབ་པ་དང་། རྒྱུད་ལས། ཡིག་འབྲུ་དྲུག་པོ་སྲུང་བ་ཡིན། །ཡིག་འབྲུ་དགུ་པོ་མནན་པ་ཡིན། །སྙིང་ཁྲག་འཕྲོག་པ་འབྲུ་དགུ་པ། །བསད་པའི་དྲག་སྔགས་འབྲུ་ལྔ་པ། །གཏུབ་པའི་ཡིག་འབྲུ་བཅུ་གཅིག་པ། །རླག་པར་བྱེད་པ་བཅུ་གཉིས་པ། །ཞེས་འདུས་པ་ལྟ་བུར་བསྒྲུབ་པ་དང་། སྤུ་གྲིའི་འཁོར་ལོས་བསད་པ་ལྟར་ལུས་སྲོག་ཐལ་བར་བསད་པ་དང་། སྔགས་རྐང་བརྒྱད་ཀྱི་བར་དུ་བསད་པ་དང་། སྔགས་རྐང་དྲུག་གིས་བསད་པ་དང་། སྔགས་རྐང་གསུམ་གྱིས་བསད་པ་དང་། དྲེགས་པ་རང་གིས་རང་བསད་པ་སྟེ་བསྡུ་ཡིག་ལྟར་བསྒྲུབས་པར་བཤད་དེ། འདི་དག་གི་དོན་ཞིབ་པར་རྒྱུད་དང་། འགྲེལ་ཊཱིཀ །རིག་འཛིན་བརྒྱུད་པའི་མན་ངག་གི་ཞལ་ལུང་ལས་རྟོགས་པར་བྱའོ། །འདིར་མཚན་ཙམ་སྨོས་པའོ། །གསུམ་པ་རྫས་ཀྱི་མཚན་ཉིད་ལ་བཞི། དང་པོ་རིག་པ་ཡེ་ཤེས་ཀྱི་ཕུར་པའི་རྫས་ནི། ནོར་བུ་ཆུ་དྭངས་ལྟ་བུ་རིག་པ་ཆོས་ཉིད་ཀྱི་གནས་ལུགས་དང་གློ་བུར་དྲི་མའི་རྟོག་པ་གཉིས་སོ་སོར་འབྱེད་པར་བྱེད་པ། གཉིས་པ་ཐུགས་རྗེ་སྤྲུལ་པའི་ཕུར་པའི་རྫས་ནི། མེ་ལོང་གཡའ་དག་པ་ལ་ཡི་དམ་གྱི་སྐུའི་སྣང་བ་འཆར་བ་དེས་རྐྱེན་བྱས་ནས་འཇའ་ཚོན་ལྟ་བུའི་ཉམས་སྐྱེས་ཏེ་སྣང་སྟོང་དབྱེར་མེད་དུ་རྟོགས་པའོ། །གསུམ་པ་གསང་བ་བྱང་ཆུབ་སེམས་ཀྱི་ཕུར་པའི་རྫས་ནི། ཕྱག་རྒྱ་མཚན་ལྡན་དགུག་པའི་རྫས། དབང་དུ་བསྡུ་བའི་རྫས། རྩ་བཙལ་བའི་རྫས། མི་མཐོང་བར་སྦ་བའི་རྫས་སོ། །བཞི་པ་འདུས་བྱས་རྫས་ཀྱི་ཕུར་པའི་རྫས་ལ་ལྔ་སྟེ། བསྙེན་པའི་རྫས་འཚོ་བའི་ཟས་ལ་སོགས་པ། སྒྲུབ་པའི་རྫས་ལྷ་ཕུར། སྒྲུབ་ཕུར། བྷནྡྷ་ལ་སོགས་པ། སྒྲུབ་པ་ཆེན་པོའི་རྫས་ཉ་བོ། ལིངྒ། ཐོད་ངན་ལ་སོགས་པ། དགྲ་བགེགས་བསད་པའི་རྫས་གབ་པའི་སྔགས་དྲུག་དང་། མནན་སྲེག་འཕང་བའི་རྫས་གསག་པ་དང་། གཞན་ཡང་ཤ་སྣ། སྙིང་སྣ། ཁྲག་སྣ་སོགས་སོ། །བཀྲ་ཤིས་པའི་རྫས་བུམ་པ་བཅའ་ཞིང་སྦ་བ་སོགས་ཏེ། འདི་དག་ཀྱང་ཞིབ་པར་རིག་འཛིན་བརྒྱུད་པའི་ཞལ་ལུང་མན་ངག་གི་ལག་ལེན་ཉིད་ལས་རྟོགས་པར་བྱ་དགོས་ཀྱི། འདིར་རྒྱས་པར་མ་སྤྲོས་སོ། །གསུམ་པ་ཕུར་བུའི་རྒྱུ་བཞིས་གང་ཟག་རྣམ་བཞི་མཐར་དབྱུང་བ་ལ། ཕུར་བུ་ངན་སྔགས་གཙུག་ལག་གི་རྒྱུད་ལས། ཕུར་པ་རྣམ་བཞིའི་དགོངས་པ་ཡིས། །གང་ཟག་རྣམ་བཞི་མཐར་དབྱུང་ངོ་། །རིག་པ་ཡེ་ཤེས་ཕུར་བུ་ནི། །ཆོས་ཀྱི་དབྱིངས་ཀྱི་ཀློང་དུ་གདབ། །ཐུགས་རྗེ་སྤྲུལ་པའི་ཕུར་བུ་ནི། ཁམས་གསུམ་སེམས་ཅན་ལ་གདབ་བོ། །གསང་བ་བྱང་སེམས་ཕུར་བུ་ནི། །ཡུམ་གྱི་མཁའ་ཀློང་ཡངས་པར་གདབ། །མཚན་མ་རྫས་ཀྱི་ཕུར་པ་ནི། །དགྲ་དང་བགེགས་ལ་གདབ་པའོ། །ཞེས་གསུངས་པ་ལྟར། གདབ་བྱའི་ཡུལ་བཞི་ལ་འདེབས་བྱེད་ཀྱི་ཕུར་པ་བཞི་ཚད་དང་ལྡན་པར་བཏབ་ནས་ཐེབས་པའི་དོན་འབྲས་བཞི་མཐར་ཕྱིན་པའི་ལམ་ནས་དཔལ་ཆེན་བཛྲ་ཀུ་མཱ་རའི་དབྱིངས་དང་ཡེ་ཤེས་མངོན་དུ་གྱུར་པ་ནི་འདིར་བཤད་བྱ་བླ་ན་མེད་པའི་སྲོག་གནད་ཟབ་མོ་སྟེ། དེ་ཉིད་རྒྱུད་དང་། འགྲེལ་ཊཱིཀ །རིག་འཛིན་བརྒྱུད་པ་མཁས་གྲུབ་རྣམས་ཀྱི་དགོངས་པའི་སྙིང་པོ་མདོ་ཙམ་བསྡུས་ཏེ་བཤད་པ་ལ་བཞི། ནམ་མཁའ་ལྟ་བུའི་གང་ཟག་གིས་རིག་པ་ཡེ་ཤེས་ཀྱི་ཕུར་པ་ཡུལ་ཆོས་ཀྱི་དབྱིངས་སུ་གདབ་པ་དང་། རི་བོ་ལྟ་བུའི་གང་ཟག་གིས་ཐུགས་རྗེ་སྤྲུལ་པའི་ཕུར་པའང་ཚད་མེད་སྙིང་རྗེའི་ཕུར་པ་ཡུལ་ཁམས་གསུམ་གྱི་སེམས་ཅན་ལ་གདབ་པ་དང་། བྱ་ཀ་ལནྟ་ཀ་ལྟ་བུའི་གང་ཟག་གིས་གསང་བ་བྱང་ཆུབ་སེམས་ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་གདབ་པ་དང་། ཙནྡན་ལྟ་བུའི་གང་ཟག་གིས་མཚན་མ་རྫས་ཀྱི་ཕུར་པ་དགྲ་བགེགས་གཉིས་ལ་གདབ་པའོ། །དེ་རེ་རེ་ལའང་རྟེན་གྱི་གང་ཟག །ཕུར་པ་རང་གི་ངོ་བོ། ཡུལ་གང་ལ་གདབ་པ། གདབ་པའི་ཐབས། དཔེ་ཇི་ལྟར་གདབ་པ། ཐེབས་པའི་ཚད། མ་ཐེབས་པའི་སྐྱོན། བཏབ་པའི་དགོས་པ། ཕུར་པ་ལ་བརྒལ་བ། ཉམས་སུ་བླང་ཐབས་དང་དོན་བཅུ་བཅུའི་སྒོ་ནས་རྒྱས་པར་འཆད་པའི་ཚུལ་ནི་གཞུང་གཞན་དུ་གསལ་ལ་རྒྱས་པ་འབྱུང་ཞིང་། འདིར་དོན་གྱི་མདོ་འགག་དྲིལ་ཏེ་ཅུང་ཟད་བསྟན་ན། ཕུར་པའི་མཚན་ཉིད་རྣམ་པ་བཞིས་དོན་གྱི་ཤན་དབྱེ་བ་དང་། ཕུར་པ་སྒྲུབ་པའི་གང་ཟག་དེའི་སྣོད་ཀྱི་རིམ་པ་དང་སྦྱར་ནས་མཐར་དབྱུང་ཚུལ་ཏེ་གཉིས་ལས། དང་པོ་ནི། ཆོས་དབྱིངས་སྤྲོས་པ་མེད་པ་དང་རིག་པ་རང་གསལ་གྱི་ཡེ་ཤེས་གཉིས་སུ་མེད་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་རང་ཤར་ཕྱོགས་རིས་མེད་པ་ནི་རིག་པ་ཡེ་ཤེས་ཀྱི་ཕུར་པའི་ངོ་བོ་སྟེ། དེས་ཆོས་ཐམས་ཅད་ལ་རྒྱས་བཏབ་པས་འཁྲུལ་སྣང་ཐལ་འབྱིན་དུ་ཕུག་སྟེ་གཉིས་མེད་ཡེ་ཤེས་ཆེན་པོ་ཆོས་ཀྱི་སྐུ་ཐོབ་པ་ཡིན་ནོ། །བྱང་ཆུབ་སེམས་ཀྱི་ཕུར་པ་ནི། ཡབ་ཡུམ་མཉམ་པར་སྦྱོར་བའི་སྟོབས་ཀྱིས་ཞུ་བདེ་དྲངས་བའི་བདེ་བ་ཆེན་པོ་ལྷན་སྐྱེས་ཀྱི་ཡེ་ཤེས་ནི་དེའི་ངོ་བོ་ཡིན་ལ། དེས་རྩ་རླུང་ཐིག་ལེའི་གྲོང་ཁྱེར་ལ་རྒྱས་བཏབ་པས་མ་དག་པའི་རླུང་སེམས་དབྱིངས་སུ་ནུབ་ནས་དག་པའི་ཡེ་ཤེས་མངོན་དུ་འཆར་བར་བྱེད་ཅིང་ལྷ་དང་ལྷ་མོའི་དཀྱིལ་འཁོར་གྱི་དབང་ཕྱུག་ལོངས་སྐུ་འཐོབ་པར་བྱེད་དོ། །ཚད་མེད་སྙིང་རྗེའི་ཕུར་པ་ནི། སྙིང་རྗེ་ཆེན་པོས་སེམས་ཅན་ཡོངས་སུ་མི་གཏོང་བ་ཡིན་ལ། དེས་ཡུལ་རིགས་དྲུག་གི་སེམས་ཅན་རྣམས་ལ་བཏབ་པས་ཐུགས་རྗེའི་དཔྱང་ཐག་གིས་ཟིན་ནས་འཁོར་བའི་གནས་ལས་སྒྲོལ་ཞིང་སྤྲུལ་པའི་སྐུ་འཐོབ་པར་བྱེད་དོ། །འདུས་བྱས་རྫས་ཀྱི་ཕུར་པ་ལ། མཚན་མ་རྟགས་ཀྱི་ཕྱག་རྒྱ་རྟེན་དང་བཅས་པ་སྟེ། འདིའི་ཁོངས་སུ་བསྐྱེད་རིམ་ཀྱང་འདུ་བ་ཡིན་ལ། ཞིབ་པར་རྩ་དུམ་དངོས་འཆད་པའི་སྐབས་སུ་འོང་བས་འདིར་མདོ་ཙམ་བཤད་ན། སྐུ་ཕྱག་རྒྱའི་ཕུར་པ། ཕྲིན་ལས་བཞིའི་ཕུར་པ། སྲས་མཆོག་གི་ཕུར་པ་དང་གསུམ་དུ་ཡོད་ཅིང་། དང་པོ་ལ་རང་བཞིན་གྱི་ཕུར་པ། ཏིང་ངེ་འཛིན་གྱི་ཕུར་པ་གཉིས་སུ་དབྱེར་ཡོད་པ་དང་། ལས་བཞིའི་ཕུར་པ་ནི་ཕྲིན་ལས་རྣམ་པ་བཞིའི་ཕུར་བུ་ཚད་ལྡན་འདུ་བྱ་བ་དང་། སྲས་མཆོག་གི་ཕུར་པ་བཞིའམ་བསྡུ་ན་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པས་གདབ་པའི་ལས་བྱ་བ་སྟེ། འདི་དག་ཀྱང་འོག་ཏུ་རིམ་པར་འབྱུང་ངོ་། །གཉིས་པ་གང་ཟག་སྣོད་ཀྱི་རིམ་པར་སྦྱར་ནས་ཉམས་ལེན་མཐར་དབྱུང་བ་ལ། རིག་པ་ཡེ་ཤེས་ཀྱི་ཕུར་པ་ནི་ནམ་མཁའ་ལྟ་བུའི་གང་ཟག་གིས་མཐར་དབྱུང་བར་བྱེད་དོ། །གང་ཞེ་ན། བློ་ཡངས་ཤིང་ཤེས་རབ་ཆེ་ལ་དབང་པོ་རྣོ་བའི་གང་ཟག་གང་ཞིག་མཉམ་པའི་བརྟུལ་ཞུགས་དང་ལྡན་པ་དེ་ལ་རིག་པ་རྩལ་གྱི་དབང་བསྐུར་ཏེ་རང་རིག་ཡེ་ཤེས་ཀྱི་ཕུར་པའི་ངོ་བོ་བསྟན་པས་ལྷང་གིས་རྟོགས་ན་ཕུར་པ་ཐེབས་ཏེ་མཐར་ཕྱིན་པར་ནུས་སོ། །བྱང་ཆུབ་སེམས་ཀྱི་ཕུར་པས་བྱ་ཀ་ལནྟ་ཀ་ལྟ་བུའི་གང་ཟག་མཐར་དབྱུང་སྟེ། འདོད་ཆགས་ཆེ་ཞིང་བརྩོན་འགྲུས་དང་ལྡན་པའི་གང་ཟག་བྱ་ཀ་ལནྟ་ཀ་ལྟ་བུ་ལ་ཡུམ་བཀྲ་ཤིས་མཚན་དང་ལྡན་པ་གཏད་ལ་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཏེ་ལྷག་པའི་བྱང་ཆུབ་སེམས་ཀྱི་ཕུར་པ་གཉིས་སུ་མེད་པའི་བདེ་ཆེན་གྱི་དོན་བསྟན་པས་ལྷང་གིས་རྟོགས་ན་ཕུར་པ་ཐེབས་ཏེ་མཐར་ཕྱིན་པར་འགྱུར་རོ། །ཚད་མེད་སྙིང་རྗེའི་ཕུར་པས་རི་བོ་ལྟ་བུའི་གང་ཟག་མཐར་དབྱུང་སྟེ། གང་ཟག་དད་པ་དང་སྙིང་རྗེ་བརྟན་པོས་གཞན་དོན་དང་སྤྲོས་པ་ལ་དགའ་བ་དེ་ལ་རང་གཞན་གྱི་དོན་དུ་ཚད་མེད་བཞིས་བློ་སྦྱངས་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ལ་སྔགས་ཀྱི་དབང་བསྐུར་ནས། ཚད་མེད་བཞིའི་དམ་བཅའ་གཟུང་ཞིང་ལས་ཀྱི་མན་ངག་བསྟན་པས་ལྷང་གིས་རྟོགས་པ་དང་ཕུར་པ་ཐེབས་ནས་མཐར་ཕྱིན་པར་འགྱུར་རོ། །མཚན་མ་རྫས་ཀྱི་ཕུར་པ་དང་བརྟེན་ནས་ཙནྡན་ལྟ་བུའི་གང་ཟག་མཐར་དབྱུང་བ་སྟེ། གང་ཟག་གང་ཞིག་ཞེ་སྡང་བས་གདུག་པ་དང་གནག་པ་ཆེ་ལ་བསྟན་པ་སྲུང་བར་བློ་ཕྱོགས་པ་དེ་ལ་དབང་བསྐུར་ནས་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པའི་སྔགས་བསྟན་པས་སྣང་སྲིད་ཕུར་བུའི་དཀྱིལ་འཁོར་དུ་ལྷང་གིས་རྟོགས་ནས་ཕུར་པ་ཐེབས་ཏེ་མཐར་ཕྱིན་པར་བྱེད་དོ། །འདི་རྣམས་ལ་གང་ཟག་གིས་ཕུར་པའི་དོན་དེ་མཐར་དབྱུང་བ་དང་། ཕུར་པ་དེས་གང་ཟག་དེ་མཐར་དབྱུང་བ་གཉིས་དོན་ལ་འདྲ་ཞིང་། སྦྱར་ལུགས་ཇི་ལྟར་བྱས་ཀྱང་རུང་བར་བཤད་དོ། །དེ་དག་གི་དོན་ཡང་། རྩ་རྒྱུད་ལས། རིག་པ་ཡེ་ཤེས་ཕུར་པ་དེ། །གཟུང་འཛིན་མེད་པ་ངང་དུ་གདབ། །ལྷང་གིས་རྟོགས་ན་ཐེབས་པའི་ཚད། །འབྲས་བུ་ཆོས་སྐུ་སྐྱེ་མེད་འཐོབ། །མ་ཐེབས་མ་བཏབ་འཁོར་བར་འཁྱམས། །ཚད་མེད་སྙིང་རྗེའི་ཕུར་པ་དེ། །འགྲོ་བ་བྱམས་དང་སྙིང་རྗེས་གདབ། །བདག་གཞན་གཉིས་མེད་རྟོགས་ན་ཐེབས། །འབྲས་བུ་ལོངས་སྤྱོད་རྫོགས་སྐུ་འཐོབ། །མ་ཐེབས་རུ་དྲ་སྲིན་པོར་གོལ། །ལྷག་པ་བྱང་སེམས་ཕུར་པ་དེ། །ཡུམ་གྱི་མཁའ་ཀློང་ཡངས་པར་གདབ། །བདེ་བ་དངོས་མེད་ཐེབས་པའི་ཚད། །འབྲས་བུ་སྐུ་གསུང་དབྱེར་མེད་འཐོབ། །མ་ཐེབས་འཁོར་བའི་འགྲམ་རྡོ་བྱེད། །མཚན་མ་རྫས་ཀྱི་ཕུར་པ་དེ། །ཞི་རྒྱས་དབང་དྲག་ཕུར་པ་ཡིན། །ཞེས་གསུངས་ཤིང་། མཚན་མ་རྫས་ཀྱི་ཕུར་པ་ལའང་། རྒྱུ། ཚད། ངེས་ཚིག །དབྱེ་བ། རྣམ་དག །ལས་འབྲས་ཀྱི་སྒོ་ནས་ཞིབ་པར་བཤད་ཀྱང་རྒྱུད་འགྲེལ་མན་ངག་གཞན་དུ་གསལ་ལ། འོག་ཏུའང་ཅི་རིགས་པ་འབྱུང་ངོ་། །གཞན་ཡང་འདི་ལས་འཕྲོས་པའི་རྒྱལ་ཐབས་སྤྱི་བླུགས་ཀྱི་ཕུར་པ། བསྙེན་ཕུར། བཀོད་པ་རྫས་ཀྱི་ཕུར་པ། ཕྲིན་ལས་མི་ཟད་པའི་ཕུར་པ་ནང་གསེས་དང་བཅས་པ་བཤད་པས་ཞིབ་པར་འགྲེལ་ཆེན་འབུམ་ནག་སོགས་སུ་བལྟའོ། །གོང་དུ་བསྟན་པའི་ཕུར་པ་བཞི་པོའང་སྒྲུབ་རྫས་བཞིས་སོ་སོའི་གཞུང་ཚུགས་དགོས་པ་ཡིན་པས། རིག་པ་ཡེ་ཤེས་ཀྱི་ཕུར་པ་ལྷ་ཕུར་དང་ཤེལ་ལམ་མེ་ལོང་ལ་རྟེན་བྱ་བ་དང་། བྱང་སེམས་ཀྱི་ཕུར་པ་ཐོད་པ་དང་རྡོ་རྗེ་པདྨའི་འདུ་འཕྲོད་ལ་བརྟེན་པ་དང་། སྙིང་རྗེའི་ཕུར་པ་ལས་ཕུར་དང་ལྷ་སྔགས་ཏིང་འཛིན་དང་ཡུལ་སེམས་ཅན་ལ་བརྟེན་པ་དང་། རྫས་ཀྱི་ཕུར་པ་ནི་བསྙེན་དུས་ཕུར་པ་དང་ཉུངས་ཀར། སྒྲུབ་པའི་དུས་འཁོར་ལོ་དང་ལིངྒ། ལས་རྫོགས་པའི་དུས་མནན་སྲེག་འཕང་གསུམ་ལ་བརྟེན་ཏེ་སྒྲུབ་པའི་ཚུལ་བཤད་པ་རྣམས་ཀྱང་འོག་ཏུ་སྒྲུབ་ལུགས་ཆེན་པོ་གསུམ་གྱིས་རྒྱུད་དངོས་འཆད་པའི་སྐབས་སུ་དངོས་ཤུགས་ཀྱི་ཚུལ་དུ་བསྟན་པར་ཤེས་པར་བྱའོ། །དེ་རྣམས་ཀྱིས་རྒྱུད་ཀྱི་སྤྱི་དོན་ཁོག་དབུབ་ཀྱི་རིམ་པ་ལེགས་པར་གྲུབ། ༈ །ད་ནི་རྒྱུད་དངོས་འཆད་པ་ལ་གཉིས། རྒྱུད་ཀྱི་མཚན་བསྟན་པ། རྒྱུད་དོན་དངོས་བཤད་པའོ། །དང་པོ་ལ་གཉིས། མཚན་སྨོས་པ་དང་། འགྱུར་གྱི་ཕྱག་གོ། །དང་པོ་ལའང་གཉིས། མཚན་དངོས་བསྟན་པ་དང་། དེའི་དོན་བཤད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་མཱུ་ལ་ཏནྟྲ་ཁཎྜ། བོད་སྐད་དུ། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ། ཞེས་པའོ། །གཉིས་པ་ནི། ཡུལ་རྒྱ་ཆེ་ཞིང་ཆས་གོས་དཀར་ནག་ལ་གཙོར་བཏོན་པའི་དབང་གིས་རྒྱ་དཀར་ནག་གཉིས་སུ་གྲགས་པ་ལས་རྫོགས་པའི་སངས་རྒྱས་དངོས་སུ་བྱོན་པའི་ཡུལ་རྒྱ་གར་དུ་ཕྱོགས་བཞིའི་ཡུལ་གྲུ་རྣམས་སུ་སྐད་རིགས་མི་གཅིག་པ་ཤིན་ཏུ་མང་ཡང་། གཙོ་བོར་སྐད་རིགས་ཆེན་པོ་བཞིར་གྲགས་པ་ལས་སངས་རྒྱས་ཀྱི་གསུང་རབ་རྣམས་སཾསྐྲྀ་ཏ་སྟེ་ལེགས་པར་སྦྱར་བ་ལྷའི་སྐད་དུ་གནས་པ་ལས། བཛྲ་ནི་རྡོ་རྗེ་སྟེ། ཅིས་ཀྱང་མི་ཤིགས་པའི་དོན་ཡིན་ལ། འདུས་བྱས་རྫས་ཀྱི་རྡོ་རྗེ་ལ་མི་ཤིགས་པའི་ཆོས་བདུན་ཡོད་པ་བཞིན་དུ་དབྱིངས་སྤྲོས་བྲལ་སྟོང་པ་ཉིད་ལ་གཟུང་འཛིན་འཁྲུསལ་སྣང་གི་ཆོས་གང་གིས་ཀྱང་མི་ཤིགས་པ་དང་མི་ཕྱེད་པ་ལ་སོགས་པའི་ཆོས་དང་ལྡན་པའི་དོན་ཏོ། །ཀཱི་ལ་ཡའི་སྒྲ་ནི་འདེབས་པར་བྱེད་པ་སྟེ། གང་ལ་གདབ་པའི་ཡུལ། གང་གིས་འདེབས་བྱེད། ཇི་ལྟར་གདབ་པ། བཏབ་པའི་འབྲས་བུ་རྣམས་ཐལ་འབྱིན་གྱི་དགོངས་པ་བཞིན་བསྟན་པའི་དོན་ལྟར་རོ། །ཡང་ན་རྡོ་རྗེ་ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། རྡོ་རྗེ་གཉིས་སུ་མེད་པ་སྟེ། །མི་འགྱུར་ཆོས་ཀྱི་སྐུ་རུ་བཤད། །ཕུར་པ་ཡེ་ཤེས་གཉིས་མེད་དོན། །དབྱིངས་དང་ཡེ་ཤེས་འབྲེལ་བར་བཤད། །ཅེས་འབྱུང་བས། རྡོ་རྗེ་ནི་གཉིས་སུ་མི་ཕྱེད་ཅིང་འགྱུར་བ་མི་མངའ་བས་སྤྲོས་པ་དང་བྲལ་བས་དབྱིངས་ཆོས་ཀྱི་སྐུ་དང་། ཕུར་པ་ནི་དབྱིངས་ལས་གཉིས་སུ་མེད་ཀྱང་གསལ་སྣང་ཡེ་ཤེས་ཀྱི་རོལ་རྩལ་གང་འདུལ་དེར་སྣང་ཅིར་ཡང་འཆར་བ་གཟུགས་ཀྱི་སྐུ་གཉིས་ཀྱིས་འགྲོ་བའི་དོན་མཛད་པར་བསྟན་པའི་ཚུལ་ལས་བརྩམས་ཏེ་སྤྲོས་ནའང་ཆོག་གོ། །ཏནྟྲ་ནི་རྒྱུད་དེ། དོན་གྱི་རྒྱུད་དཔལ་ཆེན་པོ་ནས་ཚིག་དོན་བར་མ་ཆད་པར་བྱུང་བ་དང་། ད་ལྟ་ལམ་ཉམས་སུ་བླངས་པས་འབྲས་བུ་དཔལ་ཧེ་རུ་ཀའི་གོ་འཕང་ལ་སྦྱོར་བས་གཞི་ལམ་འབྲས་གསུམ་རྒྱུན་མ་ཆད་པའོ། །ཚིག་གི་རྒྱུད་ཀྱང་པི་ཝང་གི་རྒྱུད་ཐག་ལྟར་གཅིག་ནས་གཅིག་ཏུ་བར་མ་ཆད་པའི་དོན་དེ། རྒྱུད་ཀྱི་རྣམ་གྲངས་ནི་གོང་དུ་སྨོས་པ་དང་། བསྐྱེད་རིམ་གཙོ་བོར་སྟོན་པ་ཕུར་པ་གསང་རྒྱུད་རྫོགས་རིམ་གཙོ་བོར་སྟོན་པ་ཕུར་པ་མྱང་འདས་ཀྱི་རྒྱུད། གབ་པའི་སྔགས་དྲུག་གཙོ་བོར་སྟོན་པ་འཁོར་ལོ་ནག་པོའི་རྒྱུད། ལས་སྦྱོར་གཙོ་བོར་སྟོན་པ་ཕུར་པ་ངན་སྔགས་གཙུག་ལག་གི་རྒྱུད་རྣམས་ཀྱིས་ཐོག་དྲངས་རྒྱུད་སྡེ་མང་པོ་ད་ལྟའི་བར་དུ་བྱུང་བ་ཡིན་ནོ། །མཱུ་ལ་ཁཎྜ་ནི་རྩ་བའི་དུམ་བུའི་དོན་ཏེ། རྩ་རྒྱུད་དེ་དག་ལས་གཙོ་བོར་མཚན་མ་རྫས་ཀྱི་ཕུར་བུའི་ཕྲིན་ལས་ཀྱི་དུམ་བུ་ཁོལ་དུ་ཕྱུང་བ་ཡིན་མོད་ཀྱང་། ཕུར་བུ་གཞན་གསུམ་གྱི་དོན་ཡང་རྡོ་རྗེའི་ཚིག་གི་ཤུགས་ལས་བསྟན་པ་ཡིན་ནོ། །གཉིས་པ་འགྱུར་ཕྱག་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་སྒྱུར་བྱེད་མཁན་པོས་བཞེད་དོན་འགྲུབ་པའི་སླད་དུ་ལྷག་པའི་ལྷ་ལ་ཕྱག་འཚལ་བ་སྟེ། དེའང་རང་སེམས་གཞིའི་རྡོ་རྗེ་གཞོན་ནུ། བགྲོད་པ་ལམ་གྱི་རྡོ་རྗེ་གཞོན་ནུ། །རྟོགས་པ་འབྲས་བུའི་རྡོ་རྗེ་གཞོན་ནུ་སྟེ་གཞི་ལམ་འབྲས་གསུམ་ལ་ཁྱབ་པའི་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཞེས་སྣང་སྟོང་། བདེ་སྟོང་། རིག་སྟོང་གི་ངོ་བོ་གཞི་དབྱིངས་སྟོང་པའི་ངང་ལས་རིག་པ་ཟུང་འཇུག་གི་རྡོ་རྗེ་མཐར་འབྲས་ལྷུན་གྲུབ་ཀྱི་སྐུ་གང་ཞིག་རྡོ་རྗེའི་སྒྲས་བསྟན་ཅིང་། དེ་ཉིད་སྐྱེ་འགག་གནས་གསུམ་སོགས་འདུས་བྱས་ཀུན་རྫོབ་ཀྱི་མཚན་མའི་རྟོག་པ་ཐམས་ཅད་ལས་གྲོལ་བའི་ཕྱིར་སྐྱེ་འཆིའི་སྤྲོས་པས་མ་གོས་པར་སྲིད་པ་ཇི་སྲིད་བར་འགྲོ་བའི་དོན་དུ་ཉེ་བར་བཞེངས་པས་གཞོན་ནུ་སྟེ། དེ་ཉིད་བཅོམ་ལྡན་འདས་ཀྱང་ཡིན་ལ་རྡོ་རྗེ་གཞོན་ནུའང་ཡིན་པས། དེ་ལྟ་བུའི་དཔལ་ཆེན་པོ་ལྷག་པའི་ལྷ་ལ་རྒྱུད་ཀྱི་དུམ་བུ་འདི་སྒྱུར་བའི་ཐོག་མར་ཕྱག་འཚལ་ལོ། །ཞེས་པའོ། །གཉིས་པ་གཞུང་དངོས་བཤད་པ་ལ་དུམ་བུ་གཉིས་ཏེ། སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དགྲ་བགེགས་བསྒྲལ་བའི་རིམ་པའོ། །དང་པོ་ནི། རྡོ་རྗེ་ཁྲོ་བོས་ཞེ་སྡང་གཅོད། །ཅེས་པ་ནས། ཕུར་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་པའི་བར་གྱིས་བསྟན། གཉིས་པ་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པ་ནས། ཕཊ་ཕཊ་ཕཊ། འདི་བརྗོད་པར་བྱའོ། །ཞེས་པའི་བར་གྱིས་བསྟན། དང་པོ་ནི། རྒྱུད་ཀྱི་ཐེམས་སྦྱོར་བཅུ་ལས་བཞི་པ། ལྔ་པ། དྲུག་པ། བདུན་པ་རྣམས་ཀྱིས་བསྟན་པའི་དོན་ཕྲིན་ལས་དང་སྦྱར་ན་རྒྱུད་ཀྱི་ཁོག་དབུབ་ཆེན་མོའི་ས་བཅད་གསུམ་པ་རྒྱུད་ཀྱི་ཁོག་དོན་ནམ་ཆིངས་དྲུག་དང་སྦྱར་དགོས་ཀྱང་། རྒྱུད་ཀྱི་དུམ་བུ་འདི་ལ་ཕལ་ཆེར་ཤུགས་བསྟན་ཙམ་ལས་དངོས་ཀྱི་ཚིག་རིས་མ་བྱུང་བས། འདིར་མེད་དུ་མི་རུང་བའི་ས་བཅད་མདོར་བསྡུས་ན་བཞི་སྟེ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པ་ལས་ཀྱི་གཞི་གཟུང་། དཀྱིལ་འཁོར་རྣམ་པ་གསུམ་སྔོན་དུ་འགྲོ་བ་དང་བཅས་ཏེ་དོན་གྱི་ཁོག་དབུབ། ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་ཏེ་སྲོག་གི་ཡེ་ཤེས་སེམས་དཔས་སྲོག་ལ་དབང་བསྐུར། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་ཅིང་བསྙེན་པས་དངོས་གྲུབ་ཀྱི་བཅུད་བླང་བའོ། །དང་པོ་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་གཟུང་བ་ནི། ཀཱི་ལ་ཡ་མེ་ལྕེ་གསང་བའི་རྒྱུད་ལས། གནས་དང་བདག་ཉིད་འཁོར་རྫས་དུས། །ཕུན་སུམ་ཚོགས་པ་སྔར་ལྡན་ན། །ལས་རྣམས་གང་འདོད་འགྲུབ་པར་འགྱུར། །ཞེས་གསུངས་པས། བདག་ཉིད། གནས། འཁོར། རྫས། དུས་ཕུན་སུམ་ཚོགས་པའོ། །དང་པོ་སྒྲུབ་པ་པོ་བདག་ཉིད་ཀྱང་། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། བློ་སྦྱངས་རྒྱུད་གོམས་ཏིང་འཛིན་གསལ། །ཐེག་དགུ་སྡེ་སྣོད་དོན་ལ་མཁས། །དད་ལྡན་ཐུགས་བརྩེ་བག་ཚ་མེད། །རིག་འཛིན་བླ་མར་དེ་བཤད་དོ། །ཞེས་པ་ལྟར་རབ་ཡོན་ཏན་བརྒྱད་ལྡན། འབྲིང་སུམ་གཉིས་ལྡན་པ། ཐ་མ་སུམ་ཆ་ཚང་བ་དགོས་ཤིང་། ཡང་ན་ཡོན་ཏན་གཉིས་ཏེ། རབ་རྒྱུད་སྡེ་དང་སྡེ་སྣོད་མཐའ་དག་ཤེས་པ། འབྲིང་ཏནྟྲ་སྡེ་བཅོ་བརྒྱད་ཤེས་པ། ཐ་མ་རང་རང་གི་སྐོར་ལེགས་པར་ཤེས་པ་སྟེ་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་། རྒྱུད་བཟང་བ། ངང་རིང་བ། དད་པ་ཆེ་བ། སྙིང་རྗེ་ཆེ་བ། སྒྲུབ་པ་ལ་མོས་པ་སྟེ་རང་བཞིན་གྱི་ཡོན་ཏན་དང་ལྡན་པ་དང་གཉིས་སམ། ཡང་ན། ཕུར་པ་མྱང་འདས་ཀྱི་རྒྱུད་ལས། ཕུན་སུམ་ཚོགས་པའི་སློབ་དཔོན་གྱིས། བྱམས་དང་སྙིང་རྗེ་སྔོན་བཏང་ལ། །སྲིད་པའི་ཕུར་བུ་བསྒྲུབ་པར་བྱའོ། །ཞེས་པའི་མཚན་ཉིད་དང་ལྡན་པ་ནི་སྒྲུབ་བྱེད་བདག་ཉིད་ཕུན་སུམ་ཚོགས་པའོ། །གཉིས་པ་གནས་ནི། བྱིན་ཆེ་བའི་གནས་དང་། གྲུབ་པ་ཐོབ་པ་བཀྲ་ཤིས་པའི་གནས་དང་། གཞུང་དང་མཐུན་པ་སྒྲུབ་ཐག་ཉེ་བའི་གནས་དང་། ཡིད་དང་མཐུན་པ་ཉམས་དགའ་བའི་གནས་རྣམས་ཏེ། མྱང་འདས་ཀྱི་རྒྱུད་ལས། གནས་ཀྱི་དམ་པ་བསྟན་པ་ལ། །གཞུང་ལྡན་བཀྲ་ཤིས་བྱིན་ཅན་དང་། །ཉམས་དགའ་བ་ཡི་གནས་དང་བཞི། ཞེས་པས་བསྟན་པའི་གནས་ལ་སྤྱི་དང་བྱེ་བྲག་གི་མཚན་ཉིད་གཞུང་འགྲེལ་མན་ངག་གི་ཡི་གེ་དག་ལས་རྒྱས་པར་འབྱུང་ཞིང་། མདོར་ན་ཤན་པའམ་སྡིག་ཅན་གྱི་ཁྱིམ། སྐྱེ་བོ་ཐ་མལ་པའི་ཁྱིམ། སྒོ་ཁང་ངམ་སྲང་ཁ་ལྟ་བུ་མ་ཡིན་པའི་སངས་རྒྱས་ཀྱིས་ཞབས་ཀྱིས་བཅགས་པ། གྲུབ་ཐོབ་རིག་འཛིན་རྣམས་ཀྱིས་བྱིན་གྱིས་བརླབས་པ། གཞུང་ནས་བཤད་པའི་སྤྱི་བྱེ་བྲག་གི་མཚན་ཉིད་ཚང་བ་ཡིད་དང་མཐུན་ལ་ཉམས་དགའ་བའི་གནས་གང་ཡིན་པ་དེར་བསྒྲུབ་ན་དངོས་གྲུབ་རྣམས་པ་གཉིས་མྱུར་དུ་འཐོབ་པ་རྟེན་ཅིང་འབྲེལ་འབྱུང་གི་ཁྱད་པར་ལས་གྲུབ་པ་ནི་གནས་ཕུན་སུམ་ཚོགས་པའོ། །གསུམ་པ་འཁོར་ནི། རྩ་རྒྱུད་ལས། དད་ལྡན་དམ་ཆེ་གུས་ལ་བརྩོན། །ཤེས་རབ་གསུམ་ལ་བློ་སྦྱངས་ཤིང་། །རྩ་བའི་སྔགས་ཟློས་གཙང་དམེ་ཆུང་། །དཀྱིལ་འཁོར་འབྲི་མཁས་འཁོར་གྱི་རྒྱུ། །ཞེས་པའི་ཡོན་ཏན་ཀུན་ཚང་བ་རབ། སུམ་གཉིས་ཚང་བ་འབྲིང་། སུམ་ཆ་ཚང་བ་ཐ་མ་སྟེ་གང་རུང་དང་། བཀའ་བློ་བདེ་བ། གྱོང་ཁེངས་མེད་པ། བརྟུལ་ཞུགས་ཆེ་བ་དང་། སྒྲུབ་པ་པོ་ལ་དད་པ་རྣམས་སྤྱིར་འཁོར་རམ་གྲོགས་ཀྱི་མཚན་ཉིད་དང་། བྱེ་བྲག་ཕྱི་ནང་བརྡ་སྦྱོར་། རྡུལ་ཕྱགས་སྐྱེས་བུ་སོགས་སོ་སོའི་མཚན་ཉིད་དང་བཅས་ཏེ་གསུངས་པ་རྣམས་ནི་འཁོར་ཕུན་ཚོགས་སོ། །བཞི་པ་དུས་ནི། གསང་རྒྱུད་ལས། ར་བ་བཞི་ལ་བསྙེན་པའི་དུས། །འབྲིང་པོ་བཞི་ལ་སྒྲུབ་པའི་དུས། །ཐ་ཆུང་བཞི་ལ་ལས་སྦྱོར་བྱ། །ཞེས་དང་། ཟླ་སྟོད་ཐམས་ཅད་ལྡོག་པ་ཡིན། །ཟླ་སྨད་ཐམས་ཅད་ཐེབས་པ་ཡིན། །ཞེས་དང་། ཁྱད་པར་དུ། ར་བ་བཞི་ལ་གདབ་ལས་ལྡོག །འབྲིང་པོ་བཞི་ལ་ཟོར་ཐུན་ལྡོག །ཐ་ཆུང་བཞི་ལ་ལས་དག་བྱ། །ཞེས་སོ། །ཚེས་ནི། གསང་རྒྱུད་ལས། དཔྱིད་ཟླ་གསུམ་ལ་བརྡེག་པ་ནི། །ཉེར་གཉིས་བཅུ་དྲུག་བཅུ་བཞིའོ། །ཤར་དང་དེ་བཞིན་ཤར་ལྷོར་བལྟའོ། །དབྱར་ཟླ་གསུམ་ལ་བརྡེག་པ་ནི། །བརྒྱད་དང་བཅོ་ལྔ་དུས་དྲུག་ཏུ། །ནུབ་བྱང་བྱང་ཤར་ཁ་བལྟའོ། །སྟོན་ཟླ་གསུམ་ལ་བརྡེག་པ་ནི། །ཉི་ཤུ་བཅོ་བརྒྱད་གཉིས་གསུམ་ལ། །བྱང་ཤར་བྱང་དང་ནུབ་ཏུ་བལྟའོ། །དགུན་ཟླ་གསུམ་པ་བརྡེག་པ་ནི། །བཅུ་གསུམ་བཅུ་དྲུག་ཉི་ཤུ་དགུ །བྱང་དང་ལྷོ་རུ་བལྟ་བའོ། །ཞེས་སོགས་དང་། སྐར་མ་སྨལ་པོ་དང་མགོ། གཟའ་ཕུར་བུ། ཉི་མ་བདུད་ཉི་དྲག་པོ་ལ་ལས་སྦྱོར་གནད་ཆེ་ཞིང་། མདོར་ན་འདིའི་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པ་ནམ་དགའ་དགའ་དང་ཅི་ཐོད་ཐོད་མ་ཡིན་པར་ཟླ་བ། ཚེས། སྐར་མ། གཟའ་སོགས་གཙུག་ལག་གི་གཞུང་དང་། འདི་ཉིད་ཀྱི་རྒྱུད་ནས་བསྔགས་པའི་མཚན་ཉིད་འཛོམ་པའི་དུས་སུ་བསྒྲུབ་པར་བྱ་བ་ནི་དུས་ཕུན་སུམ་ཚོགས་པའོ། །ལྔ་པ་རྫས་དང་ཡོ་བྱད་ནི། འཚོ་བ་ཟས། རྐྱེན་ཟློག་སྨན། ལྷ་བསྒྲུབ་པའི། ཐུགས་དམ་བསྐང་བའི། དགྲ་བགེགས་གསད་པའི་ཡོ་བྱད་དེ། དང་པོ་ནི། བཟའ་བཅའ་བཏུང་བའི་ཚོགས་སོ། །གཉིས་པ་ལ་ཕྱིའི་རྐྱེན་དགྲ་ཟློག་པའི་ཡོ་བྱད་སྒྲུབ་ཁང་བཙན་པོ་བརྩིག་པ་དང་། གོ་ཆ་དང་མཚོན་ཆ་ལ་སོགས་པ། བགེགས་ཟློག་པའི་བསྲེག་རྫས། ཐུན་རྫས་སོགས་སོ། །ནང་གི་རྐྱེན་འདུ་བའི་ནད་རླུང་མཁྲིས་བད་ཀན་སེལ་བའི་སྨན་སོགས་དང་། ཉོན་མོངས་པའི་རྐྱེན་སོ་སོའི་གཉེན་པོའི་རིམ་པ་རྣམས་ལ་བློ་དེས་པའི་གདེང་དང་ལྡན་པར་བྱ་སྟེ་སྤང་གཉེན་གཡུལ་སྤྲད་དོ། །གསུམ་པ་གོང་དུ་བཤད་པའི་སྒྲུབ་གནས་བཟང་པོ་དང་། མན་ངག་གི་ལག་ལེན་དང་ལྡན་པའི་དཀྱིལ་འཁོར་གྱི་སྒྲུབ་རྫས། མཆོད་གཏོར་ལ་སོགས་པའོ། །བཞི་པ་ནི། ཞིང་ཆེན་གྱི་བླ་རེ་ལ་སོགས་པའི་སྐོང་རྫས་གཞུང་མཐུན་རྣམས་སོ། །ལྔ་པ་ནི། སྲོག་ལ་འཁོར་ལོ་བསྐོར་བ་དང་། སྲོག་ལ་ལིངྒ་བཅའ་བ་སོགས་སྨད་ལས་མངོན་སྤྱོད་ཀྱི་ཆས་སྤྱི་དང་བྱེ་བྲག་པ་རྣམས་ཡིན་པར་ཤེས་པར་བྱ་བ་སྟེ། དེས་ནི་རྫས་དང་ཡོ་བྱད་ཕུན་སུམ་ཚོགས་པ་སྟེ་ལྔས་སྒྲུབ་པ་ལས་ཀྱི་གཞི་གཟུང་བ་བསྟན་ཟིན་ཏོ། །སྤྱི་དོན་གཉིས་པ་དཀྱིལ་འཁོར་རྣམ་པ་གསུམ་སྔོན་དུ་འགྲོ་བ་དང་བཅས་པས་དོན་གྱི་ཁོག་དབུབ་པ་ལ་གཉིས། སྔོན་དུ་འགྲོ་བའི་རིམ་པ་དང་། དཀྱིལ་འཁོར་གསུམ་དངོས་བཤད་པའོ། །དང་པོ་ནི། རྩ་དུམ་གྱི་གཞུང་འདིའི་ཚིག་རིས་ལ་དངོས་སུ་མ་བསྟན་ཀྱང་ཤུགས་ལ་འགྲོ་དགོས་པའི་དབང་གིས་འགྲེལ་ཆེན་འབུམ་ནག་དང་། ཕྲིན་ལས་ཀྱི་རྣམ་བཤད་གཞན་གྱི་དགོངས་པ་ལྟར་ས་བཅད་ཙམ་བསྡུས་ཏེ་བཤད་པ་ལ་བདུན། མཚམས་གཅད་པ། བརྡ་སྒོ་དབྱེ་བ། བརྡ་ཕྱག་འཚལ་བ། རྟགས་གདབ་པ། བཤགས་པ་བྱ་བ། བྱིན་དབབ་པ། རྣམ་པ་གསུམ་གྱིས་བྱིན་གྱིས་བརླབ་པའོ། །དང་པོ་སྐྱབས་སེམས། ཡན་ལག་བརྒྱད་པའམ་བདུན་པ། ཚད་མེད་བཞི་སོགས་བསོད་ནམས་ཀྱི་ཚོགས་དང་། སྟོང་ཉིད་སྤྲོས་བྲལ་ཡེ་ཤེས་ཀྱི་ཚོགས་གསག་པ་སོགས་འབྱུང་ཡང་ཕྲིན་ལས་སྒོམ་དོན་དང་སྦྱར་བའི་མན་ངག་གི་རིམ་པ་ལས་འོངས་པས་གཞན་དུ་གསལ་གྱི། འདིར་རྒྱུད་དོན་ལྟར་མདོ་ཙམ་བཀྲལ་བའི་སྐབས་སུ་རྒྱས་པར་མ་བཤད་ལ། གོང་གི་སྔོན་འགྲོའི་རིམ་པ་རྣམས་ནི་ཞི་ཁྲོའི་ཕྲིན་ལས་སྤྱིའི་སྔོན་དུ་འགྲོ་བའི་རིམ་པ་ཡིན་པས་སྤྱིར་གསལ་ལ་རྒྱས་པར་འབྱུང་ཞིང་། འདིར་འབུམ་ནག་གི་དངོས་བསྟན་མཚམས་གཅོད་སོགས་ཁ་སྐོང་སྟེ་ཅུང་ཟད་འཆད་པ་ལ། འབར་བ་མཚམས་ཀྱི་དཀྱིལ་འཁོར་གྱིས་མཚམས་གཅད་པ་ལ་མདོ་གསུམ། རྩ་བ་བརྒྱད། ཡན་ལག་སོ་གསུམ་མཆིས་པའི་དང་པོ་རེ་རེ་ལ་དོན་གསུམ་གསུམ། གཉིས་པ་ནི། གང་ཟག་གང་གིས་གཅོད་པ། གཅད་བྱ་གང་གཅོད་པ། བཅད་པའི་དོན་གྱི་ངོ་བོ། མཚམས་ཀྱི་གཞུང་ཆེན་པོ་གསུམ། དེ་གང་ནས་བཤད་པའི་ཁུངས། མཚམས་གཅད་པའི་འབྲས་བུ། མཚམས་གཅོད་ཀྱི་དབྱེ་བ། དེ་དག་གི་འབྲས་བུ་སྟེ། དབྱེ་བའི་ལྡོག་ཆ་ནས་ཡན་ལག་སུམ་ཅུ་རྩ་གསུམ་དུ་འགྱུར་ཚུལ་ཞིབ་པར་འགྲེལ་ཆེན་ཉིད་དང་གཞུང་གཞན་དུ་གསལ་བས་འདིར་རྒྱས་པར་མ་སྤྲོས་ལ། དོན་ནི། གཞུང་གཞན་དག་ལས་ཀྱང་། ང་ནི་ཡེ་ནས་ངང་གིས་ཁྲོ། །མཚམས་གཅོད་ཁྲོ་བོས་ནམ་མཁའ་གང་། །བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས། །སུ་ཡང་འདའ་བར་མ་བྱེད་ཅིག །ཅེས་འབྱུང་བ་དང་ཚུལ་མཐུན་པར་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛན་གྱི་སྲུང་མཚམས་བརྟན་པོར་བཅས་པས་གནས་སྐབས་ཀྱི་དགོས་པ་ཕྱི་མཚམས་བཅད་པས་གཡེང་བ་ཞི། ནང་མཚམས་བཅད་པས་བར་ཆད་ཞི། གསང་མཚམས་བཅད་པས་སེམས་ཆོས་སྐུར་གནས་པ་འབྱུང་བ་ཡིན་ལ། མཐར་ཐུག་གི་དགོས་པ་ཆོས་སྐུ། ལོངས་སྐུ་སྤྲུལ་སྐུ་གསུམ་འཐོབ་པར་འགྱུར་པར་བཤད་པ་ཡིན་ནོ། །གཉིས་པ་བརྡ་སྒོ་དབྱེ་བ་ནི། ཉོན་ཤེས་ཀྱི་སྒྲིབ་ཚོགས་དང་བཅས་པའི་བདག་དང་། དག་པ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་འཁོར་ལོའི་བར་དུ་གཅོད་བྱེད་གཟུང་འཛིན་གཉིས་སྣང་གི་འཁྲུལ་རྟོག་གཉིས་མེད་མཉམ་པའི་ཀློང་དུ་དག་པ་གཅིག་འགྲིག་གི་ངོ་བོར་རང་ངོ་ཤེས་པ་མཚོན་བྱེད་བརྡའམ་རྣམ་པའི་སྒོ་དཀྱིལ་འཁོར་གྱི་ཤར་གྱི་སྒོ་ཕྱེས་ནས་བལྟས་པས། གཙོ་བོ་ནས་སྒོ་མའི་བར་དུ་བཀྲ་གསལ་ལེར་མཐོང་བར་མོས་པ་ཙམ་སྟེ། ཇི་སྐད་དུ། བདག་དང་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་རྣམས། །ཡེའམ་གདོད་ནས་གཉིས་སུ་མེད་པ་ལ། །བདག་ཅག་མ་རིག་འཁྲུལ་པས་བསྒྲིབས་པ་ཡི། །ལོག་རྟོག་མཚན་མའི་རྟོག་པའི་སྤྲིན་གྱིས་བསྒྲིབས། །དཀྱིལ་འཁོར་ལྷ་ཚོགས་ཞལ་ཡང་མ་མཐོང་བས། །བདག་འཇུག་དཀྱིལ་འཁོར་སྒོ་འདི་དབྱེ་རུ་གསོལ། །མ་རིག་མུན་པའི་ཚོགས་ཀྱིས་བར་ཆོད་པ། །ཐུགས་རྗེ་ཉི་ཟླའི་འོད་ཀྱི་བསལ་དུ་གསོལ། །ཞེས་གསུངས་པ་ལྟར་རོ། །བརྡ་ཕྱག་འཚལ་བ་ནི། གདོད་ནས་གཉིས་མེད་མཉམ་པ་ཆེན་པོའི་ངང་དུ་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་ལྷའི་དཀྱིལ་འཁོར་ཉིད་དུ་དག་པ་ཆེན་པོའི་རང་བཞིན་དུ་མ་བཅོས་བབས་ཀྱི་གཤིས་ལུགས་ཟབ་མོའི་ངང་དུ་གནས་པ་དེ་ཉིད་ཐབས་ཀྱི་སྒོ་ནས་རང་ངོ་རིག་སྟེ་རང་ཞལ་མཇལ་བའི་ལྟ་བ་མངོན་དུ་གྱུར་པ་ཉིད་མཚོན་བྱེད་རྣམ་པ་བརྡ་དང་ཐ་སྙད་ཙམ་དུ་ཕྱག་གིས་འདུད་པའི་སྒྲ་སྦྱར་བ་སྟེ། ཇི་སྐད་དུ། ཆོས་སྐུ་བདག་ཉིད་རྩ་བའི་དཀྱིལ་འཁོར་དང་། །ལོངས་སྐུ་ཕྱོགས་བཅུར་ཁྲོ་རྒྱལ་ད་ལ་དང་། །སྤྲུལ་སྐུ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །དཀྱིལ་འཁོར་རྣམ་གསུམ་འབར་བའི་ལྷ་ཚོགས་ལ། །རྗེས་སུ་ཡི་རངས་ངོ་མཚར་ཆེ་བ་ཡི། །ཕྱག་རྒྱ་བརྡ་དང་གར་གྱི་སྒོ་ནས་ཕྱག་འཚལ་ལོ། །ཞེས་པའི་ཚིག་གིས་གསུངས་པའི་དོན་ཏོ། །དཔལ་གྱི་རྟགས་གདབ་པ་ནི། དཀྱིལ་འཁོར་ཆེན་པོའི་ལས་རིམ་དང་གཙོ་བོར་འབྲེལ་བའི་དོན་ཡིན་ལ། དགོས་ཆེད་ནི་ལྷ་དང་དཔའ་བོ་མཁའ་འགྲོའི་རིགས་ཅིག་ཏུ་ངེས་ནས་སྙིང་ཉེ་ཞིང་དངོས་གྲུབ་མྱུར་བའི་དགོས་ཆེད་སོགས་དང་ལྡན་པ་སྟེ། མཆེད་ལྕམ་གྲལ་དུ་འཁོད་པའི་འོག་ཏུ་ཡེ་ཤེས་ལྷའི་རྟགས་སུ་སྣ་རྩེ་མཁུར་ཚོས་གཉིས་མཐོང་བར་རཀྟའི་ཐིག་ལེ། སྤྱི་གཙུག་མགྲིན་པར་ཐལ་ཆེན་གྱི་ཚོམ་བུ་དཔྲལ་བར་རྩེ་གསུམ་རིས་སུ་ཡོང་བ་དང་། སྙིང་གར་ཞག་གི་ཟོ་རིས་རྒྱ་གྲམ་དབྱིབས་སུ་བཀོད་པར་བྱ་བ་སྟེ་སྒྲུབ་པ་ཆེན་པོའི་གཞུང་གི་ལས་རིམ་རྣམས་སུ་ཡོང་བ་ལྟར་རོ། །ཉམས་ཆག་སྒྲིབ་ཚོགས་བཤགས་པ་ནི། མདོ་བཞི། རྩ་བ་བརྒྱད། ཡན་ལག་སུམ་ཅུ་རྩ་གཉིས་ཀྱི་ཚུལ་དུ་བཤད་པས་ཞིབ་པར་འགྲེལ་ཆེན་ཉིད་དུ་བལྟ་ཞིང་། བསྡུ་ན་བཤགས་བྱའི་ཡུལ། བཤགས་བྱེད་གང་ཟག །བཤགས་བྱའི་སྡིག་ལྟུང་ཇི་ལྟར་བཤགས་པའི་ཐབས། བཤགས་པའི་ཕན་ཡོན། མ་བཤགས་པའི་ཉེས་དམིགས་ཏེ་མན་ངག་ཁྲིད་རིམ་རྣམས་ནས་རྒྱས་པར་འབྱུང་བ་ལྟར་འདིར་ཡང་སྦྱར་ཏེ། དོན་དུ་རྟོག་སྒྲིབ་ཀྱི་བག་ཆགས་རང་སར་མ་དག་པར་མཆོག་གི་དངོས་གྲུབ་རྒྱུད་ལ་མི་ཐོབ་པའི་གེགས་སུ་ཆེ་བའི་གཉེན་པོར་སྡིག་ལྟུང་རྟོག་སྒྲིིབ་ལ་གནོང་འགྱོད་དྲག་པོས་ཡི་དམ་ལྷའི་དཀྱིལ་འཁོར་འཁོར་དང་བཅས་པའི་སྤྱན་སྔར་མཐོལ་བཤགས་འགྱོད་ཚངས་སྨེ་སྔགས་ཀྱི་གདུང་བ་དྲག་པོས་རྩ་སྦུར་ལ་མེ་ལྕེ་བཞིན་སྤང་བྱའི་ཉེས་ལྟུང་གཉེན་པོའི་སྟོབས་ཀྱིས་རམ་སྨིན་འབྱིན་པའི་ནུས་བྲལ་དུ་བྱེད་པ་ནི་འདིའི་ངོ་བོ་ཉིད་དོ། །བྱིན་དབབ་པ་ནི། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དཔའ་བོ་མཁའ་འགྲོ་བཅས་པ་དང་། རིགས་ལྔའི་སངས་རྒྱས་དུས་གསུམ་གྱི་བུདྡྷ་དང་བཅས་པ། རིག་པ་འཛིན་པའི་ཚོགས་འབུམ་ཕྲག་ཡངས་པའི་མ་མོ་མཁའ་འགྲོའི་འཁོར་དང་བཅས་པ་མངོན་སུམ་བཞིན་མདུན་མཁར་གཏིབས་པ་ལས་ཡབ་ཡུམ་བདེ་བར་རོལ་པའི་སྐུའི་གནས་ནས་བྱིན་རླབས་ཀྱི་ངོ་བོ་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་སྒོ་གསུམ་གྱི་དྲི་མ་དག་སྟེ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དཔག་པར་དཀའ་བའི་ཡེ་ཤེས་མཆོག་གི་བྱིན་རླབས་ཟབ་མོའི་དངོས་གྲུབ་མངོན་དུ་གྱུར་པ་ལ་བློས་གསལ་གདབ་ཅིང་། བྱིན་རླབས་སྐུལ་བའི་ཚིག་གདངས་སྙན་ཅིང་བརྗོད་པའི་རྟ་ལ་དྲངས་པ་དང་། རོལ་མོའི་རིགས་ལྷུན་ཆགས་པར་བསྐུལ། གསུར་ཆེན་གྱི་དུད་པ་གཏིབས་པ་སོགས་འབེབས་བྱེད་ཀྱི་རྟེན་འབྲེལ་རྣམས་ཀྱང་ཚོགས་པར་བྱ་བ་སྟེ། རྩ་གསུམ་རྒྱ་མཚོའི་རྡོ་རྗེེ་གསུམ་གྱི་ཡེ་ཤེས་ཀྱིས་ཐ་མལ་དུ་སྣང་བའི་སྒོ་གསུམ་སྒྲུབ་རྫས་དང་བཅས་པ་དག་མཉམ་སྤྲོས་པ་མེད་པའི་དགོངས་ཀློང་ཟབ་མོར་ཐ་མལ་གྱི་འཛིན་རྟོག་སྦྱངས་ཏེ་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན་རྩ་བ་གསུམ་གྱི་ཡེ་ཤེས་རོལ་པའི་ཀློང་དུ་བྱིན་གྱིས་རློབ་པར་བྱེད་པ་ནི་འདིའི་མཚན་ཉིད་དོ། །བྱིན་རླབས་རྣམ་པ་གསུམ་གྱི་དཀྱིལ་འཁོར་ལ་མདོ་གསུམ། རྩ་བ་བརྒྱད། ཡན་ལག་སུམ་ཅུ་རྩ་བདུན་གྱི་སྒོ་ནས་ཤེས་པར་བྱ་དགོས་པས། མདོ་གསུམ་ནི། བྱིན་རླབས་རེ་རེ་ལ་དོན་གསུམ་གསུམ། རྩ་བ་བརྒྱད་ནི། གང་གིས་བྱིན་རློབ་རྣམ་པ་གསུམ། གང་དུ་བཤམ་པའི་སྣོད་གསུམ། གང་བཤམ་པའི་དངོས་པོ་གསུམ། གང་གིས་སྦྱོང་བའི་སྦྱོང་བྱེད་གསུམ། གང་བཅའ་བའི་ཕྱག་རྒྱ་གསུམ། གང་བསྐྱེད་པའི་ལྷ་གསུམ། བྱིན་གྱིས་བརླབ་པ་ཕྱི་ནང་གསང་གསུམ། སྔགས་གསུམ་པོས་ཛཔ྄་ཀྱི་གྲངས་སུ་གཏོང་བ་དང་བརྒྱད། དང་པོ་བྱིན་གྱིས་རློབ་བྱེད་གསུམ་ནི། གཡས་དཀར་གཡོན་དམར་དབུས་མཐིང་སྟེ་གཙོ་བོའི་ཞལ་གསུམ་གྱི་གོ་རིམ་ལྟར་བདུད་རྩི་གཡས། རཀྟ་གཡོན། གཏོར་མ་དབུས་སུ་དགོད་པའི་གོ་རིམ་ཀྱང་བསྟན་ལ། བྱིན་གྱིས་རློབ་བྱེད་ཀྱང་ཞལ་གསུམ་མོ། །སྣོད་གསུམ་ནི། རྩ་རྒྱུད་ལས། ཕོ་ཐོད་མོ་ཐོད་མ་ནིང་ཐོད། །བ་ལིང་རཀྟ་བདུད་རྩིར་སྦྱར། །ཞེས་པས་མ་ནིང་ཐོད་པར་བདུད་རྩི། ཕོ་ཐོད་དུ་གཏོར་མ། མོ་ཐོད་དུ་རཀྟ་བཤམ་པར་བཤད་དོ། །བཤམ་པའི་དངོས་པོ་གསུམ་ནི། གཙང་ཕུད་ལ་ཨ་མྲྀ་ཏ་སྦྱར་བ། འབྲུ་སྣ་ལ་དཔལ་ཟན་རྒྱན་དང་བཅས་པ། ཁྲག་སྣ་ལ་ཤ་སྣ་དང་བཅས་པའོ། །སྦྱོང་བྱེད་གསུམ་ནི། རྒྱུད་ལས། རྃ་ཡྃ་ཁྃ་གིས་བསྲེགས་སྦྱངས་བཀྲུས། །ཞེས་པས་རྃ་གྱིས་ཉེས་སྐྱོན་བསྲེག །ཁྃ་གྱིས་སྦྱང་། ཡྃ་གྱིས་གཏོར་བའི་བྱ་བ་བྱེད་པ་དང་། ཡང། རྒྱུད་ལས། འབྲུ་གསུམ་ཡི་གེས་བྱིན་གྱིས་བརླབ། །ཅེས་པས་ༀ་གྱིས་བདུད་རྩི་བརླབ། ཨཱཿས་རཀྟ་བརླབ། ཧཱུྃ་གིས་གཏོར་མ་བརླབ་པར་ཡང་བཤད་དེ་དོན་འདྲའོ། །ཕྱག་རྒྱ་གསུམ་ནི། བདུད་རྩི་ལ་དུང་ཕོར་འཁྱིལ་བའི་ཕྱག་རྒྱ། གཏོར་མ་ལ་གཞོང་པ་འཁྱིལ་བའི་ཕྱག་རྒྱ། རཀྟ་ལ་པདྨ་འཁྱིལ་པའི་ཕྱག་རྒྱའོ། །བསྐྱེད་པའི་ལྷ་གསུམ་ནི། བདུད་རྩིའི་ལྦུ་བ་ལས་བདུད་རྩི་འཁྱིལ་བ། གཏོར་མའི་འོད་ཟེར་ལས་ཁམས་གསུམ་རྣམ་རྒྱལ། རཀྟའི་རླངས་པ་ལས་རྟ་མགྲིན་བསྐྱེད་པས་བསྲུང་ལ་བྱའང་བྱེད་པའོ། །བྱིན་གྱིས་བརླབ་པ་གསུམ་ལའང་བདུད་རྩི་ཕྱི་ནང་གསང་གསུམ། བ་ལིང་ཕྱི་ནང་གསང་གསུམ། རཀྟ་ཕྱི་ནང་གསང་གསུམ་གྱི་ཚུལ་དུ་བྱིན་གྱིས་བརླབ་པ་རྒྱས་པའི་ཕྱོགས་དང་། བསྡུ་ན་ལུས་ཀྱི་ཕྱག་རྒྱ། ངག་ཏུ་སྔགས་སོ་སོར་བཟླ་བ། ཡིད་ཀྱིས་དེ་དག་སོ་སོར་བསམ་པ་སྟེ། འདི་དག་སྒོམ་རིམ་དང་སྦྱར་བའི་མན་ངག་ཕྲིན་ལས་ཀྱི་རིམ་པར་སོང་བས་འདིར་རྒྱས་པར་སྤྲོ་མ་དགོས་ཤིང་། སོ་སོའི་མཚན་དོན་དང་དག་པ་སོགས་རྒྱུད་དང་གཞུང་གི་དགོངས་པ་རིག་འཛིན་བརྒྱུད་པའི་ཞལ་ལུང་གཞན་ན་ཟབ་ཅིང་རྒྱ་ཆེ་བའི་ཚུལ་དུ་བཞུགས་པ་དག་ལས་ཤེས་སོ། །གཉིས་པ་དཀྱིལ་འཁོར་རྣམ་པ་གསུམ་བཤད་པ་ལ་གསུམ། གཞིའི་ཏིང་ངེ་འཛིན་གསུམ་གྱི་འཕྲོ་འདུ་བསྟན་པ། རྟེན་གཞལ་ཡས་ཁང་བསྐྱེད་པ། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་གཞིའི་ཏིང་ངེ་འཛིན་གསུམ་གྱི་འཕྲོ་འདུ་བཤད་པ་ལའང་གསུམ་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། རྒྱུའི་ཏིང་ངེ་འཛིན་བཤད་པའོ། །དེ་དག་ཀྱང་། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །རྒྱུ་ཡི་ཏིང་འཛིན་བསྒོམ་བྱས་ལ། །ཞེས་གསུངས་པ་ལྟར། འདིར། རྡོ་རྗེ་ཁྲོ་བོས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་ཆེར་འབར་བ། །ནམ་མཁའི་དཀྱིལ་དུ་ཐིག་ལེ་ཤར། །ཞེས་པས་བསྟན་པའི་དེ་བཞིན་ཉིད་ཀྱི། ཀུན་ཏུ་སྣང་བའི། རྒྱུའི་ཏིང་ངེ་འཛིན་གསུམ་གྱི། དང་པོ་ནི། རྡོ་རྗེ་ཁྲོ་བོས་ཞེས་པས་བསྟན། དེ་ལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངོ་བོ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་གདོད་ནས་རང་བཞིན་གྱིས་མ་གྲུབ་པའི་སྟོང་ཉིད་སྤྲོས་བྲལ་བདེ་བ་ཆེན་པོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་དེ་ལ་བྱ། ངེས་ཚིག་ནི། ཡེ་ནས་སྟོང་པའི་རང་བཞིན་ཡིན་པ་ལ་ཡིན་པར་ཤེས་པས་སྒྲུབ་པ་པོའི་བློས་དེ་ཁོ་ན་ཉིད་བཞིན་དུ་རྟོགས་པར་བྱ་བའི་དོན་ཡིན་པས་སོ། །དབྱེ་བ་ནི། སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས། སེམས་ཅན་ལ་རང་ཆས་སུ་ཡོད་པའི་སེམས་ཉིད་གཞིའི་ཆོས་ཉིད། ལས་དང་པོ་པས་བསྒོམ་པའི་དེ་བཞིན་ཉིད་དོ། །བྱེད་ལས་ནི། གཟུང་འཛིན་མཚན་མའི་རྣམ་པར་རྟོག་པ་འཇོམས་པའོ། །མིང་གི་རྣམ་གྲངས་ནི། དེ་བཞིན་ཉིད། སྟོང་པ་ཉིད། མཚན་མེད། སྤྲོས་མེད་སོགས་ཀྱིས་བསྟན་པ་དག་གོ། །དེ་ལྟ་བུའི་ཏིང་ངེ་འཛིན་དེས་མ་ཟིན་པའི་སྐྱོན་ནི། ཆོས་ཐམས་ཅད་སྟོང་ཉིད་དུ་མ་རྟོགས་པས་ལྷའི་སྐུ་མདོག་ཕྱག་མཚན། མགོ་བརྙན། སྦྱོར་བ། སྒྲོལ་བ་རྣམས་རང་རྒྱུད་པར་བསྒོམས་པས་འདོད་ཁམས་ཀྱི་ལྷ། བདུད་དམ་སྲིན་པོ། དུར་ཁྲོད་ཀྱི་ཝ་སྤྱང་། མངལ་གྱི་སྲིན་བུ། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་གསུངས་སོ། །ཏིང་ངེ་འཛིན་དེའི་ཕན་ཡོན་ནི། ཆན་ལ་ཕབ་ཀྱིས་ཐེབས་པ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྩིས་ཟིན་ན་གདབ་ལས་དང་། མནན་སྲེག་འཕང་གསུམ་སོགས་བྱས་ཚད་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བར་བཤད་པ་སྟེ་སྤྱིར་ཤེས་པར་བྱ་བའི་གནད་ཡིན་ལ། འབྲུ་གཉེར་པའི་སྒོ་ནས་བཀྲོལ་ན། རྡོ་རྗེ་ཁྲོ་བོས་ཞེས་པའི་རྡོ་རྗེ་ལ་གསུམ། སྐྱེ་མེད་དོན་གྱི་རྡོ་རྗེ། ཕ་ལམ་རྫས་ཀྱི་རྡོ་རྗེ། མཚན་མ་རྫས་ཀྱི་རྡོ་རྗེ་དང་གསུམ་ལས། འདི་སྐྱེ་མེད་དོན་གྱི་རྡོ་རྗེ་ཡིན་ལ། ཁྲོས་པ་ལ་གང་ཁྲོ་ན། སྐྱེ་མེད་དོན་གྱི་རྡོ་རྗེ་སྤྲོས་བྲལ་སྟོང་པ་ཉིད་དེ་ཁྲོས། གང་ལ་ཁྲོས་ན། མཚན་མའི་རྣམ་པར་རྟོག་པ་གཟུང་འཛིན་བདག་རྟོག་གི་གྲོང་ཁྱེར་ལ་ཁྲོས། ཚུལ་ཇི་ལྟར་ཁྲོས་ན། ཞེ་སྡང་རང་རྒྱུད་པས་མི་གཤིས་ངན་དགྲ་ལ་ཁྲོས་པ་ལྟ་བུ་མ་ཡིན་པར་ཉི་མ་འཆར་བའི་གཟི་བརྗིད་ཀྱིས་མུན་པའི་སྨག་རུམ་མདུན་ན་མི་གནས་པ་ལྟར། སྟོང་ཉིད་རྟོགས་པའི་ཡུལ་ན་དངོས་འཛིན་མཚན་མའི་སྤྲོས་པ་ཐམས་ཅད་མི་གནས་པའི་ཚུལ་གྱིས་ཁྲོས་པའོ། །དེ་ཉམས་སུ་ལེན་པའི་ཚུལ་ཡང་ལས་དང་པོ་པས་སྒྲ་སྤྱི་ཙམ་དང་། ལས་གོམས་པས་དོན་སྤྱིའི་སྒོ་ནས་དང་། ལས་སྨིན་པས་དོན་རང་གི་མཚན་ཉིད་དུ་ཉམས་སུ་ལེན་པའོ། །འདིའི་དོན་ཐུན་མོང་པ་རྣམས་རྒྱུ་མཚན་ཉིད་ཀྱི་ཐེག་པའི་བཀའ་དང་དགོངས་འགྲེལ་ལས་བསྟན་པ་དང་། ཐུན་མོང་མིན་པ་སྔགས་ཀྱི་ཐེག་པ་གོང་འོག་གི་རིམ་པས་བླ་མེད་སྤྱི་དང་ཁྱད་པར་རྣམས་སུ་བསྟན་པ་ལྟར་ངེས་པ་བྱ་ལ། འདིར་ཏིང་འཛིན་རྣམ་གསུམ་སོགས་འདིའི་གནད་རྣམས་རིག་འཛིན་གྲུབ་པའི་སློབ་དཔོན་རྣམ་གསུམ་གྱི་དགོངས་པ་དྲིལ་བའི་ཚུལ་དུ་མདོ་ཙམ་སྨོས་པར་ཟད་དོ། །གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། འདི་ལའང་སྤྱིར་ཤེས་པར་བྱ་བ་ངོ་བོ་ནི། ཆོས་ཐམས་ཅད་ཀྱི་ནང་ནས་སྙིང་རྗེ་སྒྱུ་མ་ཙམ་དེ་ཉིད་ཡིན་ལ། ངེས་ཚིག་ནི། སྙིང་རྗེས་གོང་འོག་གཉིས་མཚམས་སྦྱར་བས་ཀུན་ཏུ་སྣང་བར་བྱེད་པའི་ཕྱིར་རོ། །དབྱེ་ན། སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ། སེམས་ཅན་གྱི་ཁམས་ན་ཡོད་པའི་སྙིང་རྗེ་སྟེ་ཕྱོགས་ཅན་ནི་ཁྲ་སྤྱང་སོགས་ལའང་ཡོད་པ་དེ་དང་། ལས་དང་པོ་པས་དོན་སྤྱི་ལ་བློས་བསྒོམ་པའི་སྙིང་རྗེའོ། །བྱེད་ལས་ནི། སངས་རྒྱས་འཐོབ་པར་བྱེད་པ། མིང་གི་རྣམ་གྲངས་ནི། བྱམས་པ་ཆེན་པོའི། སྙིང་རྗེ་ཆེན་པོའི། །ཐུགས་རྗེ་ཆེན་པོའི། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་སོགས་སོ། །དེ་ཉིད་མེད་པའི་སྐྱོན་ནི། སངས་རྒྱས་ཡར་ཆད། འཁོར་བ་མར་ལྷུང་སྟེ་རྣམ་པ་ཐམས་ཅད་དུ་མཚམས་མི་སྦྱོར་བའོ། །ཕན་ཡོན་ནི། སྙིང་རྗེས་གོང་འོག་མཚམས་སྦྱར་ནས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་སངས་རྒྱས་ཐོབ་པའི་ལམ་ཕྱིན་ཅི་མ་ལོག་པར་འགྱུར་བའོ། །དོན་ནི། ཞེ་སྡང་གཅོད་ཅེས་པ་ཀུན་སྣང་སྙིང་རྗེས་ཞེ་སྡང་གཅོད་པ་སྟེ། དཔེར་ན་ཚ་རེག་གང་ན་ཡོད་པ་ན་གྲང་རེག་མེད། གྲང་རེག་གང་ན་ཡོད་པ་ན་ཚ་རེག་མེད་པ་དེ་བཞིན་དུ། གང་ཟག་གཅིག་གི་རྒྱུད་ལ་ཞེ་སྡང་སྐྱེས་ཚེ་སྙིང་རྗེ་མེད། སྙིང་རྗེ་སྐྱེས་ཚེ་ཞེ་སྡང་མེད་པ་ལྷན་ཅིག་མི་གནས་འགལ་བ་ཡིན་ཅིང་། ནུས་པ་དང་འཚམས་པར་སེམས་ཅན་ལ་དམིགས་པ། ཆོས་ལ་དམིགས་པ། དམིགས་པ་མེད་པའི་སྙིང་རྗེ་གང་རུང་ཚད་དུ་ཕྱིན་པའི་གཉེན་པོས་སོ་སོའི་མཚན་འཛིན་དང་བཅས་པའི་སྡང་ཤུགས་རང་བཞིན་གྱིས་ཉམས་པ་ནི་ཆོས་ཉིད་ཡིན་ལ། འདིར་སྟོང་ཉིད་རྡོ་རྗེ་ལྟ་བུ་མངོན་དུ་གྱུར་པའི་ཡེ་ཤེས་དམིགས་མེད་ཀྱི་སྙིང་རྗེ་སྒྱུ་མ་ལྟ་བུ་དང་ཟུང་དུ་འཇུག་པས་གོང་གི་སྟོང་ཉིད་ཀྱི་ངང་ལས་སྙིང་རྗེ་རང་ཤུགས་སུ་སྐྱེ་བས་སྲིད་རྩའི་ཞེ་སྡང་ཐམས་ཅད་ནགས་ལ་མེ་མཆེད་པ་བཞིན་བཅད་ཅིང་བསྲེགས་ཏེ་སྐྱེ་བའི་ཡུལ་མེད་པ་ཡིན་ནོ། །འདི་ཉིད་ཀྱང་ཐེག་པ་ཆེན་པོའི་སྡེ་སྣོད་རིན་པོ་ཆེ་དག་ལས་མང་དུ་འབྱུང་བ་དང་གནད་གཅིག་གོ། །གསུམ་པ་རྒྱུའི་ཏིང་ངེ་འཛིན་ལ། སྤྱིར་རྒྱུའི་ངོ་བོ་ནི། ཆོས་ཐམས་ཅད་ཀྱི་ནང་ནས་ཧཱུྃ་སྔོན་པོ་ཡིག་འབྲུའི་རྣམ་པ་ཅན་དེ་ཉིད་ཡིན་ལ། ངེས་ཚིག་ནི། དེ་ཉིད་རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ་དང་བཅས་པ་ཐམས་ཅད་བསྐྱེད་པའི་རྒྱུའམ་གཞིར་གྱུར་པས་ན་རྒྱུའི་མིང་གིས་སྨོས་ཤིང་། དབྱེ་ན། སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ལྔ་ལྡན་གྱི་ཧཱུྃ་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་སྙིང་གའི་རྩ་མདུད་ཧཱུྃ་གི་རང་བཞིན། ལས་དང་པོ་པས་རྒྱུའི་ཏིང་ངེ་འཛིན་ཧཱུྃ་བློས་བསྒོམ་པ་རྣམས་སོ། །བྱེད་ལས་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་སྐྱེད་པར་བྱེད་པའོ། །མིང་གི་རྣམ་གྲངས་ནི། རྒྱུའི་ཏིང་འཛིན། ས་བོན་གྱི། ཡིག་འབྲུའི། སྐྱེད་བྱེད་ཀྱི་ཏིང་ངེ་འཛིན་སོགས་སུ་སྨོས་པའོ། །དེ་ཉིད་མ་བསྟེན་པའི་སྐྱོན་ནི། བསྐྱེད་རིམ་ཆོ་ག་དང་མི་ལྡན་ཞིང་རྫོགས་པར་མི་འགྱུར་ལ། ཕན་ཡོན་ནི། བསྐྱེད་རིམ་ཆོ་ག་ཡན་ལག་དང་བཅས་ཏེ་རྫོགས་པར་འགྱུར་བའོ། །འབྲུ་དོན་ནི། མཚོན་ཆེན་སྔོན་པོ་ཆེར་འབར་བ། །ནམ་མཁའི་དཀྱིལ་དུ་ཐིག་ལེ་ཤར། །ཞེས་པ་འདི་ལའང་རིག་འཛིན་གྲུབ་པའི་སློབ་དཔོན་རྣམ་གསུམ་གྱི་དགོངས་པའི་མཐིལ་མི་འདྲ་བ་མེད་ཅིང་། ཚིག་གི་ཟུར་ཕྱུང་ལུགས་ཅུང་ཟད་ཐ་དད་པ་རེ་བྱུང་ཡང་། དགོངས་པ་དྲིལ་ནས་བཤད་ན། མཚོན་ནི་ཁ་དོག །རྩྭའི་ལོ་མ། གྲི་མདུང་། ཕོ་མོའི་མཚན་མ་ལའང་འཇུག་མོད་ཀྱི། འདིར་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་བཅས་འདིས་མཚོན་པའི་དོན་ཡིན་ལ། ཆེན་པོ་ནི་ཡེ་ཤེས་ལྔའི་ངོ་བོར་གྱུར་པ། སྔོན་པོ་ནི་ཧཱུྃ་གི་ཁ་དོག །ཆེར་འབར་བ་ནི་དེ་ལས་ཡིག་འབྲུ་དང་འོད་ཟེར་རབ་ཏུ་མང་པོའི་འཕྲོ་འདུ་ལྷག་པར་མངའ་བ་ཡིན་ལ། དོན་དུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཟབ་གསལ་དང་བདེ་སྟོང་སོགས་དབྱེར་མེད་ཀུན་ཁྱབ་མཉམ་པའི་རང་བཞིན་དངོས་པོ་མེད་ལ་དངོས་པོ་ཀུན་གྱི་རྒྱུར་གྱུར་པ་གང་ཞིག །རྣམ་པ་ཡི་གེ་ཧཱུྃ་གི་གཟུགས་སུ་སྣང་བ་དེ་ཉིད་གཟུང་འཛིན་མཚན་མར་སྣང་བས་སྣོད་བཅུད་རང་རྒྱུད་དུ་བལྟ་བའི་གཉེན་པོར་ཐུགས་རྗེའི་རྩལ་ལས་རང་ཤར་བས། དཔེར་ན་མཚོན་ཆ་རྣོན་པོས་ལྕུགས་ཕྲན་གྱི་ཡལ་ག་ལ་ཐེབས་པ་བཞིན་གཅོད་པར་བྱེད་པའི་ཚུལ་དང་མཐུན་པར། སྣོད་བཅུད་དངོས་པོར་ཞེན་པའི་རྩ་བ་བཅད་ཅིང་དག་མཉམ་ལྷའི་འཁོར་ལོར་སྦྱོར་བར་བྱེད་པའི་རྒྱུ་ཡིན་པའི་ཆ་ནས་མཚོན་ཆ་རྣོན་པོའི་ཚུལ་དུ་འཆད་ཀྱང་རུང་བར་སེམས་སོ། །ནམ་མཁའ་ལ་སྣང་བ་ནམ་མཁའ། བུ་ག་ནམ་མཁའ། འདུས་མ་བྱས་ནམ་མཁའ། ཆོས་ཉིད་ནམ་མཁའ་རྣམས་སུ་མཆིས་པ་ལས། འདིར་ཆོས་ཉིད་ཀྱི་ནམ་མཁའི་རང་བཞིན་ཡིན་ལ། དཀྱིལ་ནི་མཐའ་དང་དབུས་མེད་པ་སྤྲོས་པ་ཀུན་གྱིས་མི་ཕྱེད་པའི་ཀློང་ཟབ་མོ་ནས། མཚན་རྟོག་གི་གྲྭ་ཟུར་མེད་པའི་མཉམ་ཡངས་གདལ་བ་ཆེན་པོའི་ཐིག་ལེའམ། སྔ་འགྱུར་དུ་ཐིག་པ་ཞེས་འབྱུང་བ་ལྟར་ན། དོན་འདྲིལ་བའི་ཕྱིར་ཐིགས་པ་དང་། དོན་ཐོག་ཏུ་ཕེབ་པའི་ཕྱིར་ཐིགས་པ་སྟེ། དེའང་རྒྱུའི་ཧཱུྃ་ཡིག་དེ་ལ་ཡེ་ཤེས་ལྔ་དང་ལྡན་པས་འདྲིལ་བ། ཧཱུྃ་དེ་རྟེན་དང་བརྟེན་པར་བཅས་པའི་ཐོག་ཏུ་ཕེབ་པས་ཐིགས་པ་ཞེས་བྱ་ལ། དོན་དུ་སྟོང་ཉིད་སྙིང་རྗེའི་རང་རྩལ་ལས་ཟུང་འཇུག་རྒྱུའི་ཡི་གེ་སངས་རྒྱས་ཀུན་གྱི་ཐུགས་ཀྱི་ངོ་བོ་དེ་ཉིད་སྤྲོས་བྲལ་ནམ་མཁའི་དཀྱིལ་ནས་དོན་ཐོག་ཏུ་ཕེབ་པའི་ཐིག་ལེའམ་ཏིགས་པར་རང་ཤར་བའི་ཚུལ་གྱིས་སྣོད་བཅུད་དག་པ་ལྷའི་འཁོར་ལོར་སྒྱུར་བར་བྱེད་པའི་རྒྱུར་གྱུར་པ་ཉིད་དུ་གོ་བར་བྱའོ། །གཉིས་པ་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། སྲོག་གི་སྒོ་རུ་ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །ཞེས་པས་བསྟན། འདི་ལ་གུ་རུ་པདྨའི་དགོངས་པ་གཙོ་བོར་བཟུང་ན། སྲོག་ནི་རྒྱུའི་ཏིང་ངེ་འཛིན་ཡི་གེ་ཧཱུྃ་གི་རྣམ་པ་ཅན་དེ་ཉིད་ཡིན་ལ། སྒོར་ཤར་བ་ལའང་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྒོར་ཤར་བ་དང་། གཞལ་ཡས་ཁང་གདན་དང་བཅས་པའི་སྒོར་ཤར་བ་གཉིས་སུ་ཡོད་པ་ལས། དང་པོ་འབྱུང་བ་རིམ་བརྩེགས་ལ་ཕྱི་ནང་གསང་གསུམ་དུ་དབྱེ། ཕྱི་ལའང་མདོ་ལྔ། རྩ་བ་དྲུག །ཡན་ལག་སུམ་ཅུ་ཐམ་པའི་ཚུལ་དུ་གནས་པ་ལ། མདོ་ལྔ་ནི། འབྱུང་བ་ལྔ། རྩ་བ་དྲུག་ནི། ཕྱི་འབྱུང་བ་ལ་ཇི་ལྟར་སྦྱར་བ། ནང་ཕུང་པོ་དང་གང་ལྟར་སྦྱར་བ། གསང་བ་ཉོན་མོངས་དང་ཇི་ལྟར་སྦྱར་བ། གསལ་བ་ལྷ་དང་གང་ལྟར་སྦྱར་བ། བདེ་བ་ཡེ་ཤེས་དང་ཇི་ལྟར་སྦྱར་བ། སྟོང་པ་ཆོས་ཉིད་དང་གང་ལྟར་སྦྱར་བ་ཞེས་པའོ། །དེའང་སྲོག་ནི་རྒྱུའི་ཏིང་ངེ་འཛིན་ཧཱུྃ་དེ་ཉིད་ཡིན་ལ་དེ་ལས་ས་བོན་གྱི་ཡི་གེའི་འཕྲོ་འདུའི་ཆོ་འཕྲུལ་ལས་སྲོག་གི་ཡི་གེ་ནུས་པ་མཐུ་ཅན་དུ་གྱུར་པ་ནི་སྒོ་རུ་ཤར་བའོ། །དེ་ལས་འགག་པ་མེད་པའི་ཆོ་རོལ་སྣ་ཚོགས་པའི་ཚུལ་དུ་སོ་སོའི་གཞིར་གྱུར་པའི་ཡི་གེའི་སྤྲོ་བསྡུ་ལས། ཆོས་ཀྱི་འབྱུང་གནས་ནམ་མཁའི་རང་བཞིན་འབྱམས་ཀླས་པ་ཕྱི་ལྟར་ན་འབྱུང་བ་ནམ་མཁའི་རྣམ་པ། ནང་ཕུང་པོ། གསང་བ་སྟོང་པ་ཉིད་སོགས་སུ་མཚོན་པ། དེ་བཞིན་དུ་རླུང་གི་དལ་རྒྱ་གྲམ་ཕྱི་འབྱུང་བ་རླུང་གི་གོར་ཤར་བ། ནང་ལུས་ཀྱི་སྐྱེད་བྱེད་སོགས་ཀྱི་ངོ་བོ་དང་། རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས་པ་ཕྱི་འབྱུང་བ་ཆུ། ནང་ཁྲག །གསང་བ་འདོད་ཆགས་སོགས། ཀེང་རུས་ཀྱི་རི་རབ་དཔག་ཚད་བརྒྱད་ཁྲི་མཐོ་བ་འབྱུང་བ་སའི་སྒོར་ཤར་བ། ནང་རུས་པ། ཉོན་མོངས་པ་ཞེ་སྡང་སོགས་ཀྱི་ངོ་བོ། །མེའི་དཀྱིལ་འཁོར་གྲུ་གསུམ་འབྱུང་བ་མེའི་སྒོར་ཤར་བ། ནང་དྲོད། ཉོན་མོངས་པ་ང་རྒྱལ་སོགས་ཀྱི་རང་བཞིན་དུ་བཤད་པ་ནི་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྒོར་ཤར་བ་དང་། གཉིས་པ་གཞལ་ཡས་ཁང་གདན་དང་བཅས་པའི་སྒོར་ཤར་བའི་ཚུལ་ནི། ཡང་རྒྱུའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ལས་ས་བོན་ཡི་གེ་དང་བཅས་པའི་སྤྲོ་བསྡུའི་རོལ་པ་གང་ལས་ཤར་བའི་ཡེ་ཤེས་ཀྱི་གཞལ་ཡས་ཁང་ནི་ཇི་སྐད་དུ། གསང་རྒྱུད་ལས། ཡྃ་ལས་རླུང་གི་དཀྱིལ་འཁོར་གཞུ་དབྱིབས་སྔོ། །རྃ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་དམར། །བྃ་ལས་ཆུ་ཡི་དཀྱིལ་འཁོར་དཀར་པོ་ཟླུམ། །སུྃ་ལས་ས་དཀྱིལ་གྲུ་བཞི་སེར། །ཀེཾ་ལས་ཀེང་རུས་རི་རབ་འབར། །དེ་སྟེང་བྷྲཱུྃ་ལས་གྲུབ་པ་ཡི། །མཛེས་པའི་གཞལ་ཡས་ཐོད་པའི་མཁར། །མཆོག་ཕྲན་དྲལ་ཕྱམ་ཉི་ཟླའི་མིག །རཀྟ་འབར་བའི་ཞམ་ཆུ་འབབ། །ཅེས་གསུངས་པའི་དྲག་པོའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཡེ་ཤེས་རང་སྣང་གི་བཀོད་པ་སྣོད་ཀྱི་འཇིག་རྟེན་སོགས་རྣམ་པར་དག་པའི་ངོ་བོ་རང་བྱུང་ལྷུན་གྲུབ་ཀྱི་ཕོ་བྲང་ཆེན་པོའི་དབུས་སུ་པདྨ་ཉི་མ་རུ་དྲ་ཕོ་མོ་སྟེ་གཙོ་བོའི་གདན་དང་། འཁོར་ལོའི་རྩིབས་བཅུར་ཕྱོགས་སྐྱོང་བཅུ་ཕོ་ཁ་སྦུབ། མོ་གན་རྐྱལ་བྱིན་པ་འཁྲིལ་བའི་ཚུལ་དུ་གནས་པས་ཁྲོ་བོ་བཅུའི་གདན། སྒོ་བཞིར་དྲི་ཟ་སོགས་བཞི་བསྒྱེལ་བའི་གདན། ལྷ་སྣམ་ལ་ཕུར་སྲུང་རྣམས་ཀྱི་གདན་དང་བཅས་པ་རྒྱུའི་ཡི་གེ་ཁོ་ནའི་ཆོ་འཕྲུལ་ལས་སྤྲོས་པའོ། །ནང་བསྐྱེད་པའི་རིམ་པ་དཀྱིལ་འཁོར་རང་ལུས་ལ་ཚང་བའི་ཚུལ། གསང་རྒྱུད་ལས། རྐང་པ་རླུང་གི་དཀྱིལ་འཁོར་ཏེ། །འདོམས་ནི་མེ་ཡི་དཀྱིལ་འཁོར་ཡིན། །གསུས་པ་ཆུ་ཡི་དཀྱིལ་འཁོར་ཏེ། །ཕོ་བ་ས་ཡི་དཀྱིལ་འཁོར་ཡིན། །བྲང་ནི་ཀེང་རུས་རི་རབ་སྟེ། །མགོ་བོ་བྷནྷ་ཀླད་པའི་གཞལ་ཡས་ཁང་། །རྩ་གནས་དབུས་ན་ལྷ་ཚོགས་བཞུགས། །ཞེས་གསུངས་པ་ལྟར་རོ། །གསང་བ་བསྐྱེད་པའི་རིམ་པའང་རང་གི་སེམས་ལ་ལྷ་དང་དཀྱིལ་འཁོར་ཐམས་ཅད་གདོད་ནས་དབྱེར་མེད་དུ་ཚང་ཞིང་། དེ་དག་གི་ཚུལ་དང་། གཞལ་ཡས་ཁང་གི་རྣམ་གཞག་དང་དག་པ་སོགས་རྒྱུད་དང་འགྲེལ་པ་སྒོམ་དོན་གྱི་མན་ངག་རྣམས་ལས་ཞིབ་ཏུ་འབྱུང་བས་འདིར་རྒྱས་པར་མ་སྤྲོས་སོ། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །ཞེས་པ་ནི་སྔར་བཤད་པའི་རྒྱུའི་ཏིང་ངེ་འཛིན་ཧཱུྃ་ཡིག་གི་རྒྱུན་དེ་ཉིད་རང་གི་སྙིང་གར་བར་མ་ཆད་པའི་ཚུལ་དུ་གསལ་སྣང་འདོན་པའམ། བསྐྱེད་པའི་རིམ་པའི་སྐབས་སུ་ཏིང་ངེ་འཛིན་སེམས་དཔར་བསྒོམ་པའི་དོན་དུ་བཤད་ཀྱང་དེ་ཉིད་མན་ངག་གི་རིམ་པ་དང་སྦྱར་བ་ཡིན་ལ། རྒྱུད་ལྟར་ན། འཁོར་འདས་ཐམས་ཅད་ཀྱི་སྤྲོ་གཞི་དེ་ཉིད་ཡིན་པས་དེ་དག་གི་དཀྱིལ་ལམ་སྙིང་པོར་བསྒོམ་པ་ནི་རྒྱལ་བ་རྣམས་ཀྱི་ཐུགས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་བདེ་སྟོང་གི་ཕྱག་རྒྱས་བརྟན་གཡོ་སྣོད་བཅུད་ཀྱི་དངོས་པོ་ལ་གདབ་ནས་དག་མཉམ་ཆེན་པོའི་ཀློང་དུ་འུབ་ཆུབ་པར་བྱ་བའི་དོན་ལ་སྐབས་འདིར་འཆད་ཀྱང་འགལ་བ་མེད་དོ། །སྤྱི་དོན་གསུམ་པ་བརྟེན་པ་ལྷ་བསྐྱེད་པ་བཤད་པ་ལ། རྒྱུད་ཁུ་བྱུག་རོལ་པ་ལས། དྲག་པོ་ལས་ཀྱི་དཀྱིལ་འཁོར་ལ། །རྣམ་པ་གསུམ་དུ་རྒྱལ་བས་གསུངས། །བདག་ཉིད་ཆེན་པོའི་དཀྱིལ་འཁོར་དང་། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་དང་། །སྲས་མཆོག་ཕུར་བུའི་དཀྱིལ་འཁོར་རོ། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ། །གཙོ་གཟུངས་ཟུང་དུ་འབྲེལ་བ་ནི། །བདག་ཉིད་ཆེན་པོ་ཡིན་པར་བཤད། །ཁྲོ་བོ་ཁྲོ་མོ་ཕྲ་་མེན་ཚོགས། །ཕྱོགས་མཚམས་ཁྲོ་བོ་ཞེས་བྱའོ། །སྲས་མཆོག་ཕུར་བུའི་དཀྱིལ་འཁོར་ནི། །ཀཱི་ལ་ཡ་ཞེས་རབ་ཏུ་གྲགས། །ཞེས་གསུངས་པ་ལྟར་ཆོས་སྐུའི་ངོ་བོ་བདག་ཉིད་རྩ་བའི་དཀྱིལ་འཁོར། ལོངས་སྐུའི་ངོ་བོ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། སྤྲུལ་སྐུའི་ངོ་བོ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་བཤད་པའོ། །དང་པོ་ཆོས་སྐུའི་ངོ་བོ་བདག་ཉིད་རྩ་བའི་དཀྱིལ་འཁོར་བཤད་པ་ལ་བསྐྱེད་པ་དངོས་དང་། གསལ་གདབ་པའོ། །དང་པོ་ནི། འདིར་ཚིག་ཟིན་ལ་དངོས་སུ་མེད་ཀྱང་འགྲེལ་པའི་དགོངས་པ་ལྟར་མདོ་ཙམ་བསྙད་པ་ལ་སྤྱིར་ཤེས་པར་བྱ་བ་དང་། བྱེ་བྲག་དངོས་བཤད་པའོ། །དང་པོ་ནི། སྤྱིར་རྡོ་རྗེ་གཞོན་ནུ་ཞེས་པ་ལ་དངོས་བརྟགས་མ་ཕྱེ་བར་བཤད་ན། རང་སེམས་གཞིའི་རྡོ་རྗེ་གཞོན་ནུ། བགྲོད་པ་ལམ་གྱི་རྡོ་རྗེ་གཞོན་ནུ། རྟོགས་པ་འབྲས་བུའི་རྡོ་རྗེ་གཞོན་ནུ་དང་གསུམ་ཡོད། དང་པོ་ནི། གདོད་ནས་སྐྱེ་བ་མེད་པའི་སེམས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཉིད་ལ་འཇོག །གཉིས་པ་ནི། ཐབས་ཤེས་གཉིས་ཀྱི་སྒོ་ནས་སྐུ་གསུམ་ཡེ་ཤེས་ལྔ་རྣམ་པ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་སུ་གསལ་བར་ལྟ་བའི་ཉམས་ལེན་ཉིད་ཡིན་ལ། གསུམ་པ་ནི། སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་པ་མེད་པ་ཉིད་དེ། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། རང་སེམས་གཞི་ཡི་རྡོ་རྗེ་གཞོན་ནུ་ནི། །ས་བོན་ཀུན་ཁྱབ་ཏིལ་མར་འདྲ། །རྟོགས་ན་སངས་རྒྱས་ངོ་མཚར་ཆེ། །བགྲོད་པ་ལམ་གྱི་རྡོ་རྗེ་གཞོན་ནུ་ནི། །ཐབས་ཤེས་སྐུ་གསུམ་ཡེ་ཤེས་ལྔ། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་བྱ། །རྟོགས་པ་འབྲས་བུའི་རྡོ་རྗེ་གཞོན་ནུ་ནི། །སྐུ་ལྔ་ཡེ་ཤེས་དགུ་ལྡན་ཏེ། །མ་འཁྲུལ་རྟོགས་པ་མངོན་འགྱུར་བྱ། །གཞི་ལམ་འབྲས་བུ་རྟོགས་གྱུར་ན། །ཆོས་སྐུ་སྤྲོས་བྲལ་མངོན་དུ་འགྱུར། །ཞེས་གསུངས་པ་ལྟར་གཞི་ལམ་འབྲས་གསུམ་ལ་ཁྱབ་པའི་རྡོ་རྗེ་གཞོན་ནུ་དེ་ཉིད་རྣལ་འབྱོར་པས་ལམ་ཉམས་སུ་བླང་བའི་སྒོ་ནས་མངོན་དུ་བྱ་དགོས་པ་ནི་སྤྱིར་ཤེས་པར་བྱ་བ་ཡིན་ལ། བྱེ་བྲག་བསྐྱེད་ཐབས་དངོས་བཤད་པ་ལའང་མང་དུ་གསུངས་ཏེ། དེ་ལ་མདོ་བཅུ། རྩ་བ་བཞི་བཅུ། ཡན་ལག་བརྒྱད་ཅུ་སྟེ། བསྐྱེད་པའི་རྒྱུ་སེམས་དཔའ་བཞི། བསྐྱེད་པའི་སྐུའི་ཆ་ལུགས་བཞི། མཚན་ཉིད་བཞི། གནས་སྐབས་བཞི། ཆོ་ག་བཞི། ལྷ་བཞི། སྦྱང་གཞི་བཞི། ངེས་ཚིག་བཞི། རྣམ་དབྱེ་བཞི། ལམ་ཁྱེར་བཞིར་གསུངས་པའི་དོན་འདིར་ཚིག་ཉུང་ངུས་དོན་གྱི་གནད་ཚང་བར་བསྟན་ན། ཕུར་པ་གསང་རྒྱུད་ལས། རྡོ་རྗེ་གཞོན་ནུ་དབུ་སྟོང་ཕྱག་སྟོང་སྤྱན་བྱེ་བ་མངའ་བ་དང་། ཕུར་པ་མྱང་འདས་ལས། དབུ་དགུ་ཕྱག་བཅོ་བརྒྱད་པ་དང་། རྩ་རྒྱུད་རྡོ་རྗེ་ཁྲོས་པ་སོགས་ནས། རྡོ་རྗེ་གཞོན་ནུ་དབུ་གསུམ་ཕྱག་དྲུག་པ་དང་། ཀཱི་ལ་ཡ་ཏནྟྲ་བཅུ་གཉིས་པ་ནས། རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་པ་རྣམས་སུ་བཤད་ཅིང་། དེའང་ཁྲོ་བོའི་རྣམ་པ་ཅན་ཡིན་ཡང་ཁྲོ་བོ་ཞེས་པས་བདུད་དང་སྲིན་པོ་ཁྲོས་པ་ལྟ་བུ་ཡིན་ལ། ཐུགས་རྗེ་ཆེན་པོས་གདུལ་བྱ་འདུལ་བའི་ཐབས་སུ་བསྟན་པ་གང་ཟག་ཡང་རབ་རྣམས་སྙིང་རྗེས་ལྷར་བསྒོམ་པ་ཡིན་པར་གསུངས་ཤིང་། གང་ལྷར་བསྐྱེད་ན། ལས་དང་པོ་པས་རང་གི་སེམས་ཉིད་ལྷར་བསྐྱེད་པ་ལ་དགོངས་ནས། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་དང་། ལས་གོམས་པ་པོས་བདག་ཉིད་ལྷར་བསྐྱེད་པ་ལ་དགོངས་ནས། སྐུ་ཡི་གཏེར་དུ་བདག་སྐྱེད་ཅིག །ཅེས་གསུངས་ཤིང་ལས་སྨིན་པ་པོས་ཕུང་པོ་ལྷར་བསྐྱེད་པ་ལ་དགོངས་ནས། ཕུང་པོ་རྡོ་རྗེའི་བདག་ཉིད་དེ། །ཞེས་དང་། ལས་མཐར་ཕྱིན་པ་པོ་ཡུལ་ཐམས་ཅད་ལྷའི་རོལ་པར་བལྟ་བ་ལ་དགོངས་ནས། འཁོར་བ་རྡོ་རྗེ་ཕུར་པའི་ལྷ། །ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ཀྱིས་སྦྱང་གཞི་གང་སྦྱོང་བའང་བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་གྱིས་སྐྱེ་སྲིད་དང་། དེ་བཞིན་ཉིད་ཀྱི་ཏིང་འཛིན་གྱིས་འཆི་སྲིད། རྒྱུ་ཏིང་གི་ཧཱུྃ་ནམ་མཁའ་ལས་བབས་ཏེ་གཙོ་བོ་གདན་ལ་འཁོད་པས་བར་སྲིད་སྦྱོང་བར་གསུངས་ལ། གཞན་ཡང་བདག་ཉིད་རྩ་བའི་དཀྱིལ་འཁོར་གྱིས་རྫུས་སྐྱེས། ཕྱོགས་བཅུའི་ཁྲོ་བོས་མངལ་སྐྱེས། མགོ་བརྙན་ཉི་ཤུས་སྒོང་སྐྱེས། དམ་ཅན་གྱིས་དྲོད་གཤེར་སྐྱེས་སྦྱོང་བར་བཤད་པ་ནི་གཙོ་བོར་མན་ངག་གི་ངེས་པ་ཤུགས་ཆེའོ། །དེ་ལ་བདག་ཉིད་རྩ་བའི་དཀྱིལ་འཁོར་ལ་ཆོས་ཀྱི་སྐུའི་ངོ་བོ་ཡིན་པའི་རྒྱུ་མཚན་སྤྲོས་པ་དང་བྲལ་བས་ཆོས་སྐུ། རང་ཉིད་བསྒོམ་པའི་བདག་ཉིད། འཁོར་གྱི་ལྷ་ཐམས་ཅད་འདི་ལས་འབྱུང་བས་རྩ་བ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ནི་དཀྱིལ། སྲོག་གི་ལྷ། སྐུ་གསུང་ཐུགས་ཀྱི་ལྷ། རྒྱན་གྱི་ལྷ། གོ་ཆའི་ལྷ་རྣམས་ནི་འཁོར་ཡིན་པས་དེ་སྐད་ཅེས་བརྗོད་ཅིང་། དེ་ལྟ་བུའི་དཀྱིལ་འཁོར་ལ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་དང་། ཕུར་པ་རྫས་ཀྱི་དཀྱིལ་འཁོར་གཉིས་ཀྱང་ཚང་བས་ན་བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་བདག་ཉིད་རྩ་བའི་དཀྱིལའཁོར་ནི་ཡེ་ཤེས་སེམས་དཔའ་ཉིད་ཡིན་ལ། བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ནི་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཡིན་ཞིང་། བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་ཕུར་པ་རྫས་ཀྱི་དཀྱིལ་འཁོར་ནི་ཕྱག་གི་ཕུར་པ་ཉིད་ཡིན་ལ། བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་ཕུར་སྲུང་ནི་བ་སྤུའི་ཁྲོ་ཆུང་རྣམས་སོ། །དེ་ལྟ་བུའི་རྩ་བའི་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཆེན་པོ་ཡབ་ཡུམ་ལ་བརྟེན་པའི་རྣམ་དག་ཀྱང་། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ་བསྟན་པའི་ཕྱིར་ཡབ་ཡུམ་མཉམ་པར་སྦྱོར་བ། ཆོས་ཉིད་འགྱུར་བ་མེད་པས་སྐུ་མདོག་མཐིང་ནག །སྐུ་གསུམ་དང་རྣམ་ཐར་གསུམ་གྱི་ངོ་བོ་དབུ་གསུམ། ཕར་ཕྱིན་དྲུག་གི་ངོ་བོ་ཕྱག་དྲུག །རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་བཞི། ཕྱག་ན་ཐེག་པ་རིམ་དགུ་མཚོན་པའི་རྡོ་རྗེ་རྩེ་དགུ། ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་རྩེ་ལྔ། ཉོན་མོངས་པ་སྲེག་པའི་ཡེ་ཤེས་ཀྱི་མེ་དཔུང་། དུག་གསུམ་རྩད་ནས་གཅོད་ཕྱིར་ཁ་ཊྭཱཾ་རྩེ་གསུམ། གདུག་པ་མཐའ་དག་འདུལ་ཕྱིར་རི་རབ་ཕུར་བུ་འདྲིལ་བ། གཞན་ཡང་གཞི་ལམ་འབྲས་བུའི་ཡོན་ཏན་མཐའ་དག་མཚོན་པའི་ཕྱིར་བྱུག་པའི་རྩི་གསུམ། བགོ་བའི་གོས་གསུམ། གདགས་པའི་རྒྱན་གསུམ་སྟེ་དུར་ཁྲོད་ཀྱི་ཆས་དགུ། སྐུའི་གར་གསུམ། གསུང་གི་གར་གསུམ། ཐུགས་ཀྱི་གར་གསུམ་སྟེ་གར་གྱི་ཉམས་དགུ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཁམས་གསུམ་སྲིད་པ་གསུམ་ན་འགྲན་གྱི་ཟླ་མེད་པའི་ཆེ་བཙན་དཔའ་བོ་ཁམས་གསུམ་དབང་དུ་སྡུད་ཅིང་། སྲིད་གསུམ་ཟིལ་གྱིས་གནོན་པའི་ཁྲོ་མཆོག་ཀུན་གྱི་རྒྱལ་པོའི་རྣམ་པར་སྣང་བ་གང་ཞིག །རྒྱུད་ལས། ཆད་པ་མ་ཡིན་རིག་ཅིང་གསལ། །རྟག་པ་མ་ཡིན་ངོས་གཟུང་མེད། །སྣང་སྟོང་དབྱེར་མེད་གཏན་ལ་དབབ། །མ་བསྐྱེད་རྫོགས་པའི་ཚུལ་དུ་བསྒོམ། །ཞེས་གསུངས་པ་ལྟར། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་མཚན་གཞི་སྣང་སྟོང་ངམ་གསལ་སྟོང་གདོད་ནས་དབྱེར་མེད་ཟུང་འཇུག་གི་དགོངས་པར་འབབ་པ་ཞིག་ལ་བཤད་དོ། །དེ་ལྟར་བསྐྱེད་རྫོགས་གཉིས་ལ་ལྡོག་པའི་ངོ་བོ་སྦྱར་ན་ཡན་ལག་བརྒྱད་ཅུ་རུ་འགྱུར་བར་གསུངས་སོ། །གཉིས་པ་གསལ་གདབ་པ་ནི། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་ཉིད་མིན་ཏེ། །ཕུང་པོ་རྡོ་རྗེའི་བདག་ཉིད་དེ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་པས་བསྟན། འདི་བསྐྱེད་རྫོགས་ཀྱི་དོན་གནད་ཤིན་ཏུ་ཟབ་པའི་རྡོ་རྗེའི་ཚིག་སྟེ། གྲུབ་པའི་རིག་འཛིན་རྣམ་གསུམ་གྱི་ཞལ་སྔ་ནས་དགོངས་པའི་གནད་ལེན་ལུགས་ཅུང་ཟད་རེ་དང་བཅས་ཏེ་གསུངས་པའི་གནད་འགག་གི་སྙིང་པོ་ཙམ་དྲིལ་ཏེ་ཅུང་ཟད་རྒྱས་པར་བཤད་ན་གཉིས། རྟོགས་པས་བདག་བསྒྲལ་བ་དང་། ཐུགས་རྗེས་གཞན་བསྒྲལ་བའོ། །དང་པོ་ལ་གཉིས། བསྐྱེད་པའི་རིམ་པ་དང་སྦྱར་བ་དང་། རྫོགས་པའི་རིམ་པ་དང་སྦྱར་བའོ། །དང་པོ་ནི། སྙིང་རྗེས་ཞེས་པ་ཆོས་ལ་དམིགས་པའི་སྙིང་རྗེ་སྟེ། དེའང་དུས་གསུམ་རྒྱལ་བའི་ཐུགས་རྗེ་ཆེན་པོའི་རང་བཞིན་ལས་རང་ཤར་བའི་སྐུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་རྟགས་ཀྱི་ཕྱག་རྒྱའི་གཟུགས་སྒྱུ་མ་ལྟ་བུའོ། །བསྒྲལ་བའི་ཞེས་པ་དང་དཔལ་རྡོ་རྗེ་གཞོན་ནུར་ཤར་བ་དེས་ཐ་མལ་དུ་འཛིན་པའི་ཕུང་ཁམས་སྐྱེ་མཆེད་དབང་ཤེས་ཡུལ་དང་བཅས་པ་རྟོག་པ་མེད་ཅིང་དག་པར་བྱེད་པ་ལ་བསྒྲལ་ཞེས་བྱའོ། །དམ་ཚིག་ནི་ཞེས་པ་ཤེས་རབ་སྟོང་པའི་རང་འོད་ཡུམ་དམ་ཚིག་གི་ཕྱག་རྒྱའོ། །ཡང་ན། ས་མ་ཡ་ཞེས་པའི་སྒྲ་ལས་མི་འདའ་བའི་ཕྱིར་དམ་ཚིག་སྟེ། ལྷའི་སྐུར་གསལ་པའི་སྣང་བ་དེ་ལས་མི་འདའ་བའོ། །བསད་ཅིང་མནན་པ་ཉིད་མིན་ཏེ། །ཞེས་པ་ནི། ཐ་མལ་གཉིས་འཛིན་གྱི་རྟོག་པ་མེད་པར་བྱས་པ་དེའང་ཉོན་མོངས་པ་ཞེ་སྡང་གིས་བསད་ཅིང་གཏི་མུག་གིས་མནན་པ་ལྟ་བུ་མ་ཡིན་ཏེ། འོ་ན་ཐབས་གང་གིས་ན། ཕུང་པོ་རྡོ་རྗེའི་བདག་ཉིད་དེ། །ཞེས་པས་ཕུང་ཁམས་སྐྱེ་མཆེད་རྣམས་གདོད་ནས་ལྷའི་ངོ་བོ་དང་དབྱེར་མི་ཕྱེད་པར་དག་མཉམ་དགོངས་པའི་གཟེར་གྱིས་གདབ་པའི་ཕྱིར་རྡོ་རྗེ་མི་ཕྱེད་པ་ཆེན་པོའི་བདག་ཉིད་དུ་གདོད་ནས་གནས་པ་ལ་ཡིན་ལུགས་གསལ་ཡང་ཡང་དུ་བཏབ་པས་གསོས་འདེབས་པ་ལ་བྱ་ཞིང་། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་པ། ཚོགས་བརྒྱད་ཀྱི་འཕྲོ་གཞི་ཀུན་གཞིའི་རྣམ་པར་ཤེས་པས་མཚོན་སྒོ་ལྔའི་རྣམ་ཤེས་འཁོར་དང་བཅས་པ་ཡེ་ཤེས་རྡོ་རྗེ་ལྔ་སོགས་ཀྱི་བདག་ཉིད་དུ་གནས་གྱུར་དག་པའི་རང་བཞིན་དུ་གདོད་ནས་གསལ་བར་གྲུབ་པ་ལས་ཐ་མལ་མཚན་རྟོག་གི་འཁྲུལ་པ་འཁོར་བའི་རྒྱུར་ཤར་བ་ཐམས་ཅད་དག་མཉམ་གཉིས་སུ་མེད་པའི་རྡོ་རྗེ་ལྷ་དང་ལྷ་མོ། ཁྲོ་བོ་དང་ཁྲོ་མོ། སེམས་དཔའ་དང་སེམས་མའི་ངོ་བོར་ངེས་པ་ཡིན་ལ། མན་ངག་ལྟར་ན། ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམ་པ་ལ་བཤད་དོ། །གཉིས་པ་རྫོགས་པའི་རིམ་པ་དང་སྦྱར་ན། སྙིང་རྗེས་ཞེས་པ་དམིགས་པ་མེད་པའི་སྙིང་རྗེ་སྟེ། དེའང་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་སྟོད་ཉིད་མཉམ་པ་ཆེན་པོའི་རང་བཞིན་དང་། བསྒྲལ་བའི་ཞེས་པ་སྤྲོས་བྲལ་དེས་དངོས་པོ་དང་མཚན་མར་འཛིན་པའི་རྟོག་པ་མེད་པའམ་དག་པར་བྱས་པ་ལ་བསྒྲལ་བ་ཞེས་བྱ་བ་ལ། དམ་ཚིག་ནི་ཞེས་པ་སྤྲོས་པ་དང་བྲལ་བའི་དགོངས་པ་ཟབ་མོ་དེ་ལས་མི་འདའ་བ་དང་། བསད་ཅིང་མནན་པ་ཉིད་མིན་ཏེ། །ཞེས་པས། དངོས་འཛིན་གྱི་རྟོག་ཚོགས་དེའང་ཞེ་སྡང་དང་གཏི་མུག་གིས་བསད་ཅིང་མནན་པ་ལྟ་བུ་ཉིད་ནི་མ་ཡིན་ཏེ། ཐབས་མཁས་ཟབ་མོའི་ཁྱད་པར། ཕུང་པོ་རྡོ་རྗེའི་བདག་ཉིད་དེ། །ཞེས་པས། ཕུང་པོ་ལྷར་ཤེས་པས་དེའང་སྟོང་པ་ཉིད་ཀྱི་རྡོ་རྗེའི་བདག་ཉིད་དང་དབྱེར་མི་ཕྱེད་པར་བྱེད་པའི་ཐབས་ཀྱིས་སོ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། ཞེས་པ་ནི། དེ་ལྟར་སྟོང་པར་ལྟ་བར་བྱེད་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱང་དེའི་ངོ་བོར་མ་གྲུབ་པར་ཤེས་པའི་མཐའ་བྲལ་ཟབ་མོའི་ལྟ་བ་བདེ་སྟོང་ཐབས་ཤེས་དབྱེར་མེད་སྣང་སྟོང་མཉམ་པ་ཆེན་པོ་ཟུང་འཇུག་གི་རྡོ་རྗེ་མི་ཕྱེད་པ་ཆེན་པོ་ཉིད་དུ་བཅིངས་པའི་དོན་ནོ། །གཉིས་པ་ཐུགས་རྗེས་གཞན་བསྒྲལ་བ་དང་སྦྱར་ན། སྙིང་རྗེས་ཞེས་པ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་སྟེ། དེའང་སྤྱིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རྒྱུ་ལས་དང་ཉོན་མོངས་པ་དང་ལྡན་ཅིང་། འབྲས་བུ་སྡུག་བསྔལ་ལ་སྤྱོད་པའི་ཡུལ་རྣམས་དང་། བྱེ་བྲག་བསྒྲལ་བའི་ཞིང་བཅུ་ལ་སོགས་པ་ལ་སྙིང་བརྩེ་བའོ། །བསྒྲལ་བའི་ཞེས་པ་འདི་ནས་ཕ་རོལ་དུ་བསྒྲལ་ཞིང་། ཕ་རོལ་ནས་མྱང་ངན་ལས་འདས་པའི་སར་བསྒྲལ་བའོ། །དམ་ཚིག་ནི། བསད་ཅིང་མནན་པ་ཉིད་མིན་ཏེ། །ཞེས་བསྒྲལ་བའི་དམ་ཚིག་ཞེ་སྡང་དྲག་པོས་བསད་པ་དང་། ང་རྒྱལ་གྱི་དབང་གི་ས་འོག་ཏུ་མནན་ཅིང་བཅིངས་པ་ལྟ་བུ་མ་ཡིན་པར། ཐབས་མཁས་ཟབ་མོས་ཏེ། ཕུང་པོ་རྡོ་རྗེའི་བདག་ཉིད་དུ། །ཞེས་བསྒྲལ་བྱའི་ཕུང་པོ་ཁམས་དང་སྐྱེ་མཆེད་དང་བཅས་པ་རྣམས་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱི་བདག་ཉིད་དུ་གནས་བསྒྱུར་བས་སོ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་བསྒྲལ་བྱའི་རྣམ་པར་ཤེས་པ་དེ་ཉིད་ཡི་གེ་ཧཱུྃ་གི་རྣམ་པར་བྱས་ཏེ་རྡོ་རྗེ་གཞོན་ནུའི་སྲས་སུ་བྱས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་པར་བྱས་པའོ། །འདིར། བསད་ཅིང་མནན་པ་ཉིད་མིན་ཏེ། །ཞེས་དང་། ཕུང་པོ་རྡོ་རྗེའི་བདག་ཉིད་དུ ། །ཞེས་བསྒྱུར་ལ། སྔ་འགྱུར་སོགས་སུ། བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །ཞེས་པར་བསྒྱུར་བ་གཉིས་དོན་ནི་གོང་དུ་བཤད་པ་དང་འདྲའོ། །དེ་ལྟར་རྒྱུད་གཞུང་རྡོ་རྗེའི་ཚིག་འདི་ནི་ཤིན་ཏུ་ཟབ་མོའི་གནས་ཡིན་པས་གོང་དུ་བཤད་པའི་དོན་འདི་དག་གུ་རུ་གསུམ་གྱི་དགོངས་པ་བསྡུས་པའི་ལུགས་སུ་འཆད་པར་སེམས་ཤིང་། ལྷ་སྐུ་གསལ་གདབ་ཀྱི་སྐབས་སུ་འདིར་བསྐྱེད་རིམ་དང་གཙོ་བོར་འབྲེལ་བའི་དབང་དུ་བྱས་ལ། དེའང་སྙིང་རྗེས་བསྒྲལ་བའི་ཞེས་པས་གཙོ་བོ་རྡོ་རྗེ་གཞོན་ནུ་ཉིད་གསལ་བ་དང་། དམ་ཚིག་ནི་ཞེས་པས་ཡུམ། བསད་ཅིང་མནན་པ་ཉིད་མིན་ཏེ། །ཕུང་པོ་རྡོ་རྗེ་བདག་ཉིད་དུ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་པས་རང་ཉིད་ཉོན་མོངས་པ་ལས་གྲོལ་བའི་ལྷ་སྐུ་སེམས་དཔའ་གསུམ་དང་བཅས་པ། བ་སྤུའི་བུ་གའི་ཁྲོ་ཆུང་རྣམས་བཅས་ལྷག་པར་གསལ་གདབ་པའོ། །དེ་དང་རྗེས་འབྲེལ་གསང་བ་སྔགས་ཀྱི་སྒོ་ནས་བསྐྱེད་པའི་གཞི་བཤད་པ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ། དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པ་ལ་གསུམ། སློབ་དཔོན་གསུམ་གྱི་དགོངས་པ་བསྡུས་ཏེ་བཤད་པ། རྒྱུད་ཀྱི་དགོངས་པ་ལྟར་བཤད་པ། ཐམས་ཅད་འདུས་པའི་ལུགས་སོ། །དང་པོ་ནི། གུ་རུ་པདྨའི་དགོངས་པ། ༀ་སྐུ་ལྔ་ཡེ་ཤེས་ལྔ། བཛྲ་དུས་གསུམ་འདུས་མ་བྱས་པ། ཀཱི་ལི་ལྷ་དང་ཕུར་པ་གསོ་བ། ཀཱི་ལ་ཡ་ཕུར་པ་འདེབས་པ་། སརྦ་དགྲ་བགེགས་ཐམས་ཅད། བིགྷྣཱན་མནན་པ། བྃ་ཧཱུྃ་དབང་དུ་སྡུད་པ། ཕཊ་སྒྲོལ་བ་དང་། གུ་རུ་བི་མ་ལའི་དགོངས་པ། ༀ་ཐུགས་རྗེ་ཡེ་ཤེས་ལྔ་ལྡན། བཛྲ་རྡོ་རྗེ་དབྱེར་མེད། ཀཱི་ལི་ཕུར་པ། ཀཱི་ལ་ཡ་སྐྱེ་མེད་འགག་མེད། སརྦ་ཉོན་མོངས་ཡེ་ཤེས་སུ་སྒྱུར་ཅིག །བིགྷྣཱན་ཡེ་ཤེས་ཀྱིས་ཉོན་མོངས་གཟིར་ཞིག །བྃ་དབང་དུ་བྱ་བ། ཧཱུྃ་ཉོན་མོངས་ཆོམས་ཤིག །ཕཊ་ཉོན་མོངས་སྲེགས་ཤིག་དང་། གུ་རུ་བལ་པོ་ཤཱི་ལས། ༀ་ཡེ་ཤེས་ལྔ། བཛྲ་ཀཱི་ལི་ཕུར་བུ། ཀཱི་ལ་ཡ་འདེབས་པ། སརྦ་ཐམས་ཅད། བིགྷྣཱན་ཕུར་བུའི་རི་རབ་ཀྱིས་མནན་པ། བྃ་དབང་དུ་སྡུད་པ། ཧཱུྃ་གིས་སྐུ་བསྐྱེད་པ། ཕཊ་སྤྲོ་བའི་དོན་དུ་འཆད་དོ། །གཉིས་པ་རྒྱུད་ཀྱི་དགོངས་པ་ལྟར་ན་གསུམ་སྟེ། ལྷ་དང་སྦྱར་ཏེ་བཤད་པ། ཆོས་ཉིད་དང་སྦྱར་ཏེ་བཤད་པ། བྱང་སེམས་དགོངས་པ་དང་སྦྱར་ཏེ་བཤད་པའོ། །དང་པོ་ནི། རྒྱུ་མ་ནོར་བ་རྩ་བའི་སྔགས་ཧཱུྃ་ངོ་། །བསྐྱེད་པ་རྐྱེན་གྱི་སྔགས་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། བསྐུལ་བ་ལས་ཀྱི་སྔགས་སརྦ་བིགྷྣཱན། བཟླས་པ་ལས་ཀྱི་སྔགས་བྃ་ཧཱུྃ་ཕཊ་ཅེས་པའོ། །གཉིས་པ་ནི། ཛཔ྄་དགོངས་དང་སྦྱར་བ་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཆོས་ཐམས་ཅད་རང་བཞིན་མེད་པ། གསལ་ལ་ངོས་གཟུང་མེད་པ། སྒྲ་གྲགས་སྟོང་དུ་བཟླས་པའོ། །གསུམ་པ་ནི། ༀ་རྒྱལ་བ་ཐམས་ཅད་ཀྱི་སྐུ། །བཛྲ་དབྱིངས་གཏིང་མཐའ་མེད་པ། ཀཱི་ལི་ཀཱི་ལ་ཡ་ཕུར་བུ་ལས་འོད་ཟེར་འཕྲོས་པས་བསྒྲལ། སརྦ་ཡུམ་གྱི་མཁའ། བིགྷྣཱན་ཡབ་ཀྱི་མཁའ་བྃ་མཁའ་དབྱིངས་སྦྱོར་བ། ཧཱུྃ་བུདྡྷའི་ཐུགས་ཡེ་ཤེས་ལྔ། ཕཊ་ཁྲོ་བོ་ཁྲོ་མོ་སྤྲོ་བའོ། །གསུམ་པ་ཐམས་ཅད་འདུས་ལུགས་ནི། ཁྲག་འཐུང་རྩ་བའི་རྒྱུད་ལས། ༀ་ནི་དཔལ་ཆེན་ཡབ་ཡིན་ཏེ། །བཛྲ་ཤེས་རབ་ཡུམ་ཡིན་ནོ། །ཀཱི་ནི་ཡེ་ཤེས་ཁྲོ་བོ་ལ། །ལི་ནི་དབྱིངས་ཀྱི་ཁྲོ་མོ་བཅུ། །ཀཱི་ནི་ཐབས་ཀྱི་མཆེ་བ་ཅན། །ལ་ནི་ཤེས་རབ་གཤོག་པ་ཅན། །ཡ་ནི་སྲས་མཆོག་ཕུར་པ་སྟེ། །ཧཱུྃ་ནི་ཕྱག་བརྙན་སྒོ་མ་བཞི། །སརྦ་ཐམས་ཅད་འདུས་པ་སྟེ། །བིགྷ་དགྲ་དང་བགེགས་ཡིན་ནོ། །ནཱན་ནི་དགྲ་དང་བགེགས་མནན་ནོ། །བྃ་ནི་དབང་དུ་བསྡུས་པ་སྟེ། །ཧཱུྃ་ནི་བརླག་པར་བྱེད་པའོ། །ཕཊ་ནི་བསྒྲལ་བའི་ཕྲིན་ལས་རྫོགས། །ཞེས་གསུངས་པ་ལྟར། འདི་ལྟ་བུའི་སྔགས་གཅིག་པུ་འདི་ལ་ལྷ་ཐམས་ཅད་ཀྱི་གསང་སྔགས་འདུས་པ་ཡིན་ལ། སྤྱིར་ཀཱི་ལ་ཡ་ལ་རྒྱས་འབྲིང་བསྡུས་གསུམ་ལས། བསྡུས་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་པའི་འབྲུ་དགུ་པ་དང་། འབྲིང་པོ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿཧཱུྃ་ཕཊ། ཅེས་པའི་འབྲུ་བཅུ་གསུམ་པ་དང་། རྒྱས་པ་ནི་སྔར་བཤད་པ་འདི་ཉིད་ཡིན་པར་གསུངས་པ་དེས་གཙོ་བོ་ཡབ་ཀྱི་སྙིང་པོའི་བསྐྱེད་གཞི་བསྟན་ཅིང་། ཡུམ་གྱི་བསྐྱེད་གཞིའི་གསང་སྔགས། དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པའི་སྔགས་དོན། དཱིཔྟ་འབར་བ། ཙཀྲ་འཁོར་ལོ། ཧ་ན་ཧ་ན་བསྣུན་བསྣུན་ཞེས་པ་སྟེ་འཁོར་ལོ་འབར་བ་བསྣུན་བསྣུན་ཞེས་པའི་དོན་དུ་འགྱུར་བར་བཤད་ལ། མན་ངག་སྒོམ་རིམ་རྣམས་སུ་འདིའི་སྔགས་དོན་གྱི་དབང་གིས་ཡུམ་གྱི་ཕྱག་གཡས་པ་དྲག་པོའི་འཁོར་ལོ་བསྣམས་པར་བསྐྱེད་པར་ཡང་སྣང་ལ། དོན་དུ་ལུས་དང་གྲིབ་མའི་ཚུལ་དུ་ཡབ་ཡུམ་ཐབས་ཤེས་འདུ་འབྲལ་མེད་པར་མཉམ་ཉིད་ཡངས་པའི་ཀློང་དུ་ལྷན་ཅིག་སྐྱེས་པའི་དོན་གྱིས་ཀཱི་ལ་ཡ་དང་ལྷན་ཅིག་ཏུ་གསུངས་པར་བཤད་དོ། །དེས་བདག་ཉིད་རྩ་བའི་དཀྱིལ་འཁོར་བསྟན་ཟིན་ནས། གཉིས་པ་ལོངས་སྐུའི་ངོ་བོ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྟན་པ་ལ་བཤད་རྒྱུད་ཀྱི་གླེང་གཞི་ལྟར་འདི་ལྟར་ཤེས་པར་བྱ་སྟེ། གོང་དུ་དཔལ་ཆེན་པོའི་གླེང་གཞི་ལས་བཤད་པ་ལྟར་རྡོ་རྗེ་ཁྲག་འཐུང་ཧེ་རུ་ཀ་ཡབ་ཡུམ་གྱིས་རུ་དྲ་བསྒྲལ་བའི་གནས་སྐབས་སུ་རུ་དྲའི་སྙིང་ཁྲག་མཐེབ་ལོང་ཙམ་གཉིས་ཡར་བ་ལས། རུ་དྲའི་སྲས་དྲག་བྱེད་མ་ཧཱ་དེ་བ་དང་། ཡུམ་དྲག་མོ་རལ་གཅིག་མ་ཞེས་བྱ་བ་དང་། དྲག་མོ་སྲིད་པ་འཁོར་བྱེད་མ་ཞེས་བྱ་བ་གཉིས་དང་ལྡན་ཏེ། དེ་གཉིས་ལས་སྲས་ཕྱོགས་བཅུར་དམ་སྲི་ཆེན་པོ་བཅུ་བྱུང་སྟེ། སྟེང་གི་ཕྱོགས་སུ་ཡབ་ཉི་མ་འབར་གསལ། ཡུམ་ཟླ་བ་སྒྲ་འབྱིན་མ། བུ་ཕོ་ཉི་མ་ཕག་གི་མགོ་ཅན་དང་། བུ་མོ་ཟླ་བ་རྨིགས་བུའམ་རྩངས་པའི་མགོ་ཅན་ནས། འོག་ཏུ་ས་བདག་གཞན་སྟོབས་འཇོམས་དང་། ས་བདག་མོ་རླུང་གི་གཟུགས་འཛིན་མ། བུ་དྲེད་དམ་དོམ་གྱི་མགོ་ཅན། བུ་མོ་བྱི་ལའམ་བྱི་བའི་མགོ་ཅན་གྱི་བར་དུ་བྱུང་སྟེ་ཁམས་གསུམ་གྱི་སྲོག་ལ་རྔམ་པའི་མ་རུངས་གདུག་པའི་ཚོགས་དེ་དག་གི་གཉེན་པོར་དཔལ་ཆེན་རྡོ་རྗེ་སྲིན་པོ་ཡབ་ཡུམ་གྱི་གང་འདུལ་ཐུགས་རྗེ་ཆེན་པོའི་ཆོ་འཕྲུལ་ལས་རང་ཤར་བའི་ཚུ ལ་གྱིས་མཁའ་གསང་ནས་འོད་ཀྱི་གོང་བུ་བཅུ་སྟེང་འོག་ཕྱོགས་མཚམས་སུ་སྤྲོས་པ་ལས་ཁྲོ་བོ་བཅུ་ཡབ་ཡུམ་ཁྲ་ཐབས་དང་བཅས་པ་ཕྱོགས་བཅུར་སྤྲོས་ནས་གདུག་པའི་དམ་སྲི་བཅུ་གདན་དུ་བྱས། དེའི་ཚེ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ཞིང་བདུད་བཞི་རང་སར་ཞི་བར་མཛད་པར་གསུངས་བ། འདིར་རྣལ་འབྱོར་པས་ནང་གི་ཉམས་ལེན་དུ་སྦྱར་བའི་ཐབས་མཁས་གསང་བ་ཟབ་མོའི་གནད་རྣམས་སྤྱི་ཤེས་པར་བྱ་བ་ལ་རྒྱུད་དང་མན་ངག་རྣམས་ལ་ཐོས་བསམ་གྱི་མིག་ཡངས་པར་བསྒྲུབ་པའི་སྒོ་ནས་ངེས་པར་གལ་ཆེའོ། །འདིར་དེ་དག་ཞིབ་རྒྱས་བཀྲལ་བ་ལ་ཡི་གེས་འཇིགས་ཤིང་། གཞུང་དོན་ཚིག་ཙམ་བཀྲོལ་བ་ལ་གཉིས། གསོལ་བ་གདབ་པ་དང་། བསྐྱེད་པ་དངོས་སོ། །དང་པོ་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །འཁོར་བ་རྡོ་རྗེར་སྒྲུབ་པར་མཛོད། །འཁོར་བ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་བར་མཛོད། །ཅེས་པས་བསྟན། དེའང་རྡོ་རྗེ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་སྐུ་ཡིན་ཏེ། ཧེ་བཛྲ་ལས། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །ཅེས་གསུངས་པ་ལྟ་བུའོ། །གཞོན་ནུ་ནི་དེ་ལྟ་བུའི་དོན་ལ་འགྲེས་རྒུད་དང་བྲལ་བའི་ངོ་བོ་སྟེ། མདོར་ན་དཔལ་ཆེན་པོ་ཉིད་ཡིན་ཏེ། བི་ཏོ་ལས། དབྱིངས་དང་ཡེ་ཤེས་དབྱེར་མེད་པའོ། །རྡོ་རྗེ་འདུས་མ་བྱས་པའི་དོན། །ཉོན་མོངས་སྤངས་ཕྱིར་གཞོན་ནུ་ལ། །དོན་རྟགས་གཉིས་སུ་འབྲེལ་བའོ། །ཞེས་གསུངས་པ་ལྟར་རོ། །རིག་འཛིན་ནི་སྤྱིར་རྡོ་རྗེའི་རིགས་ཀྱི་རིག་འཛིན། དེ་བཞིན་དུ་རཏྣ། པདྨ། ཀརྨ། བུདྡྷའི་རིག་འཛིན་དང་། རྣམ་སྨིན། ཚེ་དབང་། ཕྱག་ཆེན། ལྷུན་གྲུབ་ཀྱི་རིག་འཛིན་བཞིར་ཡང་བཤད་ལ། དོན་དུ་གཙོ་བོ་རྡོ་རྗེ་གཞོན་ནུའི་རིག་པ་འཛིན་པ་ཁྲོ་བོ་བཅུའོ། །འཁོར་བའམ་སྲིད་པ་ནི་ཕྱིའི་སྲིད་པ་ཁམས་གསུམ། ནང་གི་སྲིད་པ་ལུས་ངག་ཡིད་གསུམ་སྟེ། འཁོར་བའམ་སྲིད་པ་དེ་དག་དོན་དམ་པར་སྐྱེ་བ་མེད་པའི་རྡོ་རྗེར་སྒྲུབ་པར་མཛོད་ཅིག་ཅེས་དང་། འཁོར་བའམ་སྲིད་པ་དེ་དག་ཀུན་རྫོབ་ཏུ་རྡོ་རྗེ་ཕུར་པའི་ལྷ་ཚོགས་སུ་བསྒྲུབ་པ་དང་། དེའང་འཇིག་རྟེན་ཞི་བའི་རང་བཞིན་དུ་གནས་པ་རྣམས་ཀྱང་ཡེ་ཤེས་ཁྲོ་བོའི་རང་བཞིན་ཉིད་དུ་སྒྲུབ་པར་མཛོད་ཅིག་ཅེས་ཆོས་ཉིད་ཀྱི་རང་སྒྲས་བསྐུལ་བས། བདག་ཉིད་རྩ་བའི་དཀྱིལ་འཁོར་ལས་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ཐུགས་རྗེ་འགག་པ་མེད་པའི་ཆོ་འཕྲུལ་གྱི་སྤྲིན་འཕྲོ་བའི་ཆེད་དུ་གསོལ་བ་འདེབས་པའི་དོན་དུ་འགྲེལ་ཆེན་འབུམ་ནག་གི་དགོངས་པ་བཞིན། འཇམ་མགོན་ཨ་མེས་ཞབས་ཀྱང་བཞེད་ལ། འགྲེལ་ཆེན་དུ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པའི་འོག་ཏུ་འདི་ཉིད་ཀྱི་ཚིག་བྱུང་ཡང་། འདིར་སྟབས་བདེ་ཞིང་འགལ་བའང་མེད་པས་ཁྲོ་བོའི་དཀྱིལ་འཁོར་སྤྲོ་བའི་གསོལ་གདབ་ཀྱི་ཕྱིར་འདིར་འབྲེལ་ཆགས་པ་ལྟར་བཤད་པའོ། །གཉིས་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་སྤྲོ་བ་དངོས་ནི། ༀ་བཛྲ་ཀྲོ་དྷ་ༀ་ཀ་ར་ཧཱུྃ། ཞེས་པ་ནས། བྱང་དུ་ཁྲའི་མགོ་ཅན་ནོ། །ཞེས་པའི་བར་གྱིས་བསྟན། དེ་ལའང་བྱང་སེམས་རྒྱུའི་ཁྲོ་བོ་བཅུ། བསྐྱེད་པའི་ཡེ་ཤེས་ཀྱི་ཁྲོ་བོ་བཅུ། གདུལ་བྱ་སྤྲུལ་པའི་ཁྲོ་བོ་བཅུ། དྲག་པོ་འདུལ་བ་གསུང་གི་ཁྲོ་བོ་བཅུ། ཡེ་ཤེས་རྩེ་གཅིག་ཐུགས་ཀྱི་ཁྲོ་བོ་བཅུ། གྲངས་ངེས་པ་བཅུ། སྐུ་མདོག་ངེས་མ་ངེས་བཅུ། ཕྱག་མཚན་ངེས་མ་ངེས་བཅུ། རྣམ་དག་ངེས་མ་ངེས་བཅུའི་སྒོ་ནས་ཞིབ་པར་ཤེས་དགོས་ཀྱང་། འདིར་དེ་དག་གི་དགོངས་པའི་སྙིང་པོ་བསྡུས་པའི་ཚུལ་གྱིས་ཚིག་ཉུང་ངུའི་སྒོ་ནས་འཆད་པ་ལ་སྤྱིའི་དོན་དང་། གཞུང་གི་དོན་གཉིས། དང་པོ་ནི། སྤྱིར་ཁྲོ་བོ་ཞེས་པ་ཐུགས་ཆོས་ཉིད་ལས་གཡོ་བ་མེད་པའི་ངང་ནས་ཐུགས་རྗེའི་རྩལ་རབ་ཏུ་ཕྱུང་བ་ལ་ཁྲོ་བོ་དང་། སྙིང་རྗེས་སེམས་ཅན་གྱི་དོན་མཛད་པས་ཤུགས་ཀྱིས་ཁྲོ་བས་ཤུགས་ཁྲོ་དང་། ཉོན་མོངས་རྣམ་རྟོག་དང་ལྷན་ཅིག་མི་གནས་པར་རང་བཞིན་ཁྲོ་བ་དང་བཅས་པ་དང་། ཞི་བས་མི་ཐུལ་བ་རྣམས་འདུལ་བའི་ཕྱིར་གདུལ་བྱའི་དབང་གིས་སྐུ་གསུང་ཐུགས་ཀྱི་རྣམ་པར་ཁྲོ་བར་བཅོས་པས་ན་ཁྲོ་བོ་ཞེས་བྱ་སྟེ། ཀཱི་ལ་ཡ་ཏནྟྲ་བཅུ་གཉིས་པའི་རྒྱུད་ལས། ངང་ཁྲོ་ཤུགས་ཁྲོ་ཁྲོ་བར་བཅས་དང་བཅོས། །ཞེས་གསུངས་པའོ། །དེ་ལ་དབྱེ་ན། གོང་དུ་བསྟན་པའི་བྱང་སེམས་རྒྱུའི་ཁྲོ་བོ་བཅུ་ནི་དཔལ་ཆེན་ཡབ་ཡུམ་བདེ་སྟོང་མཉམ་པར་རོལ་པའི་ཐུགས་རྗེའི་རྩལ་མ་འགགས་པའི་ཆོ་འཕྲུལ་ལས་སྦྱོར་མཚམས་ནས་ཧཱུྃ་ཡིག་སྦྲེལ་མ་བཅུ། ཐིག་ལེ་དཀར་དམར་བཅུ་བཅུ་སྟེ་བཞི་བཅུ་དང་། ཛཿཧཱུྃ་བྃ་ཧོཿསྟེ་ཡིག་འབྲུ་བཞི་བཅས་ཕྱོགས་བཅུ་སྒོ་བཞི་དང་བཅས་པ་ལ་སྤྲོས་པའི་ཆོ་འཕྲུལ་ཉིད་ལ་བྱ། བསྐྱེད་པའི་ཡེ་ཤེས་ཀྱི་ཁྲོ་བོ་བཅུ་ནི་བསྐྱེད་པ་རྐྱེན་གྱི་སྔགས་བཅུས་ལྷ་རང་རང་ཀྲོང་ངེར་བྱོན་པ་ལ་བཤད། གདུལ་བྱ་སྤྲུལ་པའི་ཁྲོ་བོ་ནི་ཁྲོ་བོ་ཡབ་ཡུམ། མགོ་བརྙན་ཡབ་ཡུམ། སྒོ་མ་བཞི་དང་བཅས་པ་རྣམས་སྐུ་མདོག་ཆ་ལུགས་སྣ་ཚོགས་སུ་ཤར་བ་ལ་ངོས་འཛིན། དྲག་པོ་འདུལ་བ་གསུང་གི་ཁྲོ་བོ་བཅུ་ནི། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཞེས་པ་ནས། མ་ཧཱ་བ་ལའི་བར་དང་། བཟླས་སྔགས་ཧ་ན་ཧ་ན་སོགས་དང་། པ་ཙ་པ་ཙ་ཞེས་སོགས་ཐོག་འདྲིལ་བ་ལྟ་བུའི་རྣོ་ངར་དྲག་རྩལ་བཟོད་དུ་མེད་པར་འབར་བའི་མཐུ་ལྡན་ངོས་འཛིན་པར་བཤད། ཡེ་ཤེས་རྩེ་གཅིག་ཐུགས་ཀྱི་ཁྲོ་བོ་བཅུ་ནི་ཁྲོ་བཅུའི་ཕུར་པ་སོར་བཅུ་གཉིས་པ། མགོ་བརྙན་གྱི་ཕུར་པ་སོར་བརྒྱད་པ། སྒོ་མ་བཞིའི་ཕུར་པ་སོར་བཞི་པ་སྟེ། ལྷ་ཕུར་བྱུགས་བདུག་བྲབས་པས་གཟི་བྱིན་བསྐྱེད་པ་རྣམས་ཡིན་པར་གསུངས་སོ། །གྲངས་ངེས་པ་ནི་ཁྲོ་བོ་བཅུ་འབའ་ཞིག་ཡིན་ཏེ། རྒྱུ་མཚན་ལམ་ཕར་ཕྱིན་བཅུ་བགྲོད་པའི་ཕྱིར་དང་། འབྲས་བུ་སྟོབས་བཅུ་ལ་མངའ་མཛད་པའི་ཕྱིར་དང་། སྤང་བྱ་མི་དགེ་བ་བཅུ་དག་པ་དང་། གདུལ་བྱ་ཕྱོགས་སྐྱོང་བཅུ་འདུལ་བ་ལ་མང་བ་དང་ཉུང་བས་དོན་དུ་མི་འགྱུར་བའི་ཕྱིར་ནའོ། །སྟེང་འོག་དང་ཕྱོགས་མཚམས་ཀྱི་ཁྲོ་བོ་རྣམས་གོང་འོག་དང་ཕན་ཚུན་གོ་ས་བསྣོལ་ནའང་དོན་དུ་མི་འགྱུར་ཏེ། སོ་སོའི་གདུལ་བྱ་དེ་དང་དེ་ཡི་གཉེན་པོར་ལྷག་པར་ཤར་བས་ན་གདུལ་བྱའི་གཉེན་པོ་གང་ཡིན་དེ་ལས་གཞན་དུ་གོ་ས་སྤོས་ན་འགལ་བར་གསུངས་ལ། ཁྲོ་བོ་དེ་དག་སྐུ་མདོག་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། ཕུར་པ་གསང་རྒྱུད་ལས། ཧཱུཾ་ཀ་ར་སྔོ་སྐྱ་དང་། རྣམ་རྒྱལ་དཀར་པོར་བཤད་པ་སོགས་དང་། གཞན་ཡང་ཁྲོ་བོ་ཐམས་ཅད་དམར་པོར་བཤད་པ་དང་། རྩ་རྒྱུད་ལས། ཁྲོ་བོ་འདི་དག་ནི་ཡབ་རྡོ་རྗེ་གཞོན་ནུའི་ཆ་དང་མཐུན་པས་མཐིང་ནག་གོ། །ཞེས་ཐམས་ཅད་མཐིང་ནག་ཏུ་གསུངས་པ་དང་། ཀཱི་ལ་ཡ་ཏནྟྲ་བཅུ་གཉིས་པ་ལས། དཔེར་ན་ཚོན་སྔོན་ཁ་དོག་ལ། །ཚོན་གཞན་དག་གིས་བསྒྱུར་དུ་མེད། །དེ་བཞིན་ཁྲོ་རྒྱལ་མཐིང་ནག་ཀྱང། །ཆོས་སྐུ་འགྱུར་བ་མེད་པའི་རྟགས། །ཞེས་བཤད་པ་དང་། གཞན་ཡང་སྐུ་མདོག་གི་ངེས་པ་མང་དུ་ཡོད་པ་དང་། ཕྱག་མཚན་ཀྱང་མ་ངེས་ཏེ། གདུལ་བྱ་གཉེན་པོའི་ཕྱག་མཚན་ཕྱོགས་སྐྱོང་བཅུའི་ཕྱག་མཚན་གྱི་རྣམ་པ་དང་། རིག་པ་རང་རྟགས་ཀྱི་ཕྱག་མཚན་རྡོ་རྗེ་དང་དུང་དམར། གཞན་ཡང་རྦོད་གཏོང་ཕྲ་མེན་གྱི་ཕྱག་མཚན་ལ་སོགས་པ་མང་དུ་གསུངས་ཤིང་། རྟ་མཆོག་རོལ་པ་ལས་ཀྱང། ལྕགས་ཀྱུ་ཕུར་པ་ཐོགས་པ་ཡི། །བདག་ཉིད་ཆེན་པོ་དེ་ཡི་འཁོར། །ཕོ་ཉའི་ཚོགས་དང་བཅས་པ་བསྒོམ། །ཞེས་དང་། རྩ་རྒྱུད་ལས་ཀྱང་། ཕྱག་མཚན་ནི་ལྕགས་ཀྱུ་དང་ཕུར་པའོ། །ཞེས་གསུངས་པས་སོ། །ཕྲིན་ལས་ཕུར་པའི་དཀྱིལ་འཁོར་འདི་ཉིད་ལ་རྩ་བ་དང་ཡན་ལག་གི་ལྷའི་དབྱེ་བའང་རྩ་བའི་ལྷ་ལྔ་བཅུ་རྩ་བདུན། ཡན་ལག་གི་ལྷ་སུམ་ཅུ་རྩ་དྲུག་ཡོད་པར་བཤད་ཅིང་། དོན་དུ་གཙོ་བོ་ཡབ་ཡུམ། ཁྲོ་བོ་ཡབ་ཡུམ་ཉི་ཤུ། སྒོ་མ་བཞི། སྲས་མཆོག་སྟེ་ཉི་ཤུ་རྩ་བདུན་ནི་རྩ་བའི་ལྷ་ཡིན་ལ། སྤྲུལ་པ་ཕྱག་བརྙན་ཉི་ཤུ། དམ་ཅན་བཅུ་དྲུག་སྟེ་སུམ་ཅུ་རྩ་དྲུག་ནི་ཡན་ལག་གི་ལྷ་སྟེ། བསྡོམས་པས་དྲུག་ཅུ་རྩ་གསུམ་འབྱུང་བའང་། ཕུར་པ་རྡོ་རྗེ་བཀོད་པའི་རྒྱུད་ལས། སྣང་སྲིད་ཐམས་ཅད་དྲུག་ཅུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་གྱུར་ཏོ། །ཞེས་གསུངས་པ་ཡིན་ནོ། །དེ་དག་གི་རྣམ་པར་དག་པའི་ཚུལ་ཡང་། ཧཱུྃ་ཀ་ར་འདོད་པའི་སྐྱོན་སྤངས་སྐྱེ་ལ་མངའ་མཛད་པ་ནས། བྱང་སྒོར་ཁྲའི་མགོ་ཅན་བཏང་སྙོམས་དག་པའི་ངོ་བོའི་བར་དུ་གསུངས་པའི་གནད་ཤེས་པ་གལ་ཆེའང་། འདིར་ཡི་གེ་མང་བའི་འཇིགས་པས་མ་སྤྲོས་པ། གསང་རྒྱུད་དང་། གྲུབ་པའི་རིག་འཛིན་རྣམ་གསུམ་གྱི་དགོངས་པ་འགྲེལ་ཆེན་འབུམ་ནག་སོགས་སུ་གསལ་ལོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལ། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་དཔལ་ཧེ་རུ་ཀ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་བདེ་བ་ཆེན་པོའི་རོལ་རྩེད་སྒྱུ་མ་ལྟ་བུའི་མཁའ་གསང་ནས་གང་འདུལ་ཐུགས་རྗེའི་རོལ་པ་ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། ཡབ་ཀྱིས་སྤྲུལ་པའི་མཆེ་བ་ཅན་དང་ཡུམ་གྱིས་སྤྲུལ་པའི་གཤོག་པ་ཅན་ཏེ་ཟ་གསོད་སྤྲུལ་པའི་ཁྲ་ཐབས་ཉི་ཤུ། འགུགས་འཆིང་སྡོམ་མྱོས་ཀྱི་ལས་བྱེད་སྒོ་མ་བཞི་དང་བཅས་པ་བསྐྱེད་པ་རྐྱེན་གྱི་སྔགས་རྣམས་དང་། ཧཱུྃ་ཡིག་སྦྲེལ་མ་དང་ཐིག་ལེར་ཤར་བའི་ཆོ་འཕྲུལ་སྤྲུལ་པའི་ཚུལ་དུ་རྩ་བའི་དཀྱིལ་འཁོར་གྱི་སྟེང་འོག་ཕྱོགས་མཚམས་སུ་སྟེང་ཚངས་པ་ནས་འོག་ས་བདག་གི་བར་གྱི་རང་རང་གི་གདུལ་བྱར་གྱུར་པའི་ཕྱོགས་སྐྱོང་བ་ཕོ་མོ་རྣམས་བསྣོལ་བའམ་ཁ་སྦུབ་གན་རྐྱལ་དུ་གནས་པའི་སྟེང་དུ་མིག་འཕྲུལ་བཞིན་ལམ་སྟེ་ཤར་བ་སྟེ། དེའང་གདན་རེ་རེའི་སྟེང་དུ་ཁྲོ་བོ་ཡབ་ཡུམ་ཁྲ་ཐབས་གཉིས་དང་བཞི་རེ་འཕྲོས་པ་ནི་ཚད་མེད་པ་བཞིའི་ངོ་བོའོ། །དེས་ན་ཡབ་ཡུམ་གྱི་མཁའ་གསང་ནས། ༀ་བཛྲ་ཧཱུྃ་ཀ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཅེས་པའི་བསྐྱེད་པ་རྐྱེན་གྱི་སྔགས་ལས་ཁྲོ་བོ་ཆེན་པོ་ཧཱུྃ་མཛད་དང་། ཧཱུྃ་ལས་ཁྲོ་མོ་རྡོ་རྗེ་སྒྲ་འབྱིན་མ། གརྫས་ཕག་གི་མགོ་ཅན་གཡས་དང་། ཡང་གརྫས་རྨིགས་བུའམ་རྩངས་བའི་མགོ་ཅན་གཡོན་དུ་ཕྱུང་སྟེ་སྟེང་ཕྱོགས་ཚངས་པའི་གདན་ལ་འཁོད། དེའི་སྔགས་དོན་ནི། ༀ་ཡེ་ཤེས་ལྔ། བཛྲ་རྡོ་རྗེ། ཀྲོ་དྷ་ཁྲོ་བོ། ཧཱུྃ་ཀ་ར་ཧཱུྃ་མཛད་དེ། མདོར་ན་རྡོ་རྗེའམ་ཡེ་ཤེས་ཁྲོ་བོ་ཧཱུྃ་མཛད་ཅེས་བྱ་བར་འགྱུར་ལ། ཧཱུྃ་ཞེས་པ་ཡུམ་གྱི་ས་བོན། གརྫ་གརྫ་ཟུངས་ཟུངས་ཞེས་པ་ཡིན་ཏེ། སྤྲུལ་པ་བཀྱེ་བའི་སྔགས་སུའང་གསུངས་ལ། ཧཱུྃ་ཕཊ་ནི། ཧཱུྃ་ཐུགས་ཀྱི་ས་བོན་ཁྲོ་བོ་ཐམས་ཅད་ཀྱི་སྙིང་པོ་དང་། སྡུད་པའི་སྔགས་དང་། དྲག་པོའི་ལས་ལ་བསྐུལ་བའི་དོན་དུའང་འཇུག་པར་བཤད་ཅིང་། ཕཊ་ནི་བསད་པ་དང་། བསྐྲད་པ་དང་། སྤྲོ་བ་སོགས་དུ་མ་ལ་འཇུག་མོད་ཀྱི། མདོར་ན་ཧཱུྃ་ཕཊ་ཅེས་པ་དྲག་པོའི་སྔགས་ཀྱི་མཇུག་སྡུད་དུ་གསུངས་སོ། །ༀ་བཛྲ་ཀྲོ་དྷཱི་དཱི་པ་ཡ་ཏི་ཧཱུྃ། ཞེས་པ་བཛྲ་རྡོ་རྗེ། ཀྲོ་དྷཱི་ཁྲོ་མོ། དཱི་པ་ཡ་ཏི་སྒྲ་འབྱིན་མ། ཞེས་པ་དང་། ༀ་བཛྲ་སུ་ཀ་ར་མུ་ཁ་ཧཱུྃ། ཞེས་པ་བཛྲ་རྡོ་རྗེ། སུ་ཀ་ར་ཕག །མུ་ཁ་གདོང་ཅན་དང་། ༀ་བཛྲ་ཨི་ཥུ་པ་མུ་ཁི་ཧཱུྃ། ཞེས་པ་བཛྲ་རྡོ་རྗེ། ཨི་ཥུ་པ་རྨིགས་བུའམ་རྩངས་པའི་གདོང་ཅན་མ་ཞེས་པར་འགྱུར་ལ། ཡབ་ལས་སྤྲུལ་པའི་ཟ་བྱེད་ཀྱི་ཕ་བཅུ་ནི་གཡས་དང་། ཡུམ་ལས་སྤྲུལ་པའི་གསོད་བྱེད་ཀྱི་མ་བཅུ་གཡོན་དུ་འཁོད་པ་དང་། དེ་བཞིན་དུ་ཤར་ཕྱོགས་དྲི་ཟའི་གདན་ལ། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པའི་སྔགས་ཆ་བཞིར་བགོས་ཏེ་རྣམ་རྒྱལ་ཡབ་ཡུམ་ཕྲ་ཐབས་དང་བཅས་པ་སྤྲོ་བ་སྔར་གྱི་རིགས་འགྲེ་སྟེ་འོག་མ་རྣམས་ལའང་ཤེས་པར་བྱ་ཞིང། ༀ་བཛྲ་ཀྲོ་དྷཱི་ལཱ་སྱ་ཀི་ཧཱུྃ། ཞེས་པ་དེའི་ཡུམ་རྡོ་རྗེ་ལྷ་མོ་སྒེག་མོ་དང་། ༀ་བཛྲ་བྱཱ་ཀྲྀ་མུ་ཁ་ཧཱུྃ་གིས་སྤྲུལ་པའི་ལྷ་མོ་ཕྲ་མེན་མ་སྟག་གི་མགོ་ཅན་དང་། ༀ་བཛྲ་གྲིཌྷྲ་མུ་ཁི་ཧཱུྃ་གིས་བྱ་རྒོད་མགོ་ཅན་ནོ། །ཤར་ལྷོར་མེ་ལྷའི་གདན་ལ། ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་དབྱུག་སྔོན་འཆང་བ་དང་། ༀ་བཛྲ་ཀྲོ་དྷཱི་ཏཱི་ར་ཧཱུྃ་གིས་ཡུམ་རྡོ་རྗེ་སྡེར་མོ་དང་། ༀ་བཛྲ་ཙ་མ་ར་མུ་ཁ་ཧཱུྃ་གིས་ཕྲ་མེན་གཡག་མགོ་ཅན་དང་། ༀ་བཛྲ་ཏ་ནཱ་མུ་ཁི་ཧཱུྃ་གིས་བྱ་རོག་གི་མགོ་ཅན་ནོ། །ལྷོར་གཤིན་རྗེའི་གདན་ལ། ༀ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ་ལས་ཁྲོ་བོ་གཤིན་རྗེ་མཐར་བྱེད་དང་། ༀ་བཛྲ་ཀྲོ་དྷཱི་ཤྨ་ཤ་ན་བ་ཏི་ཧཱུྃ་ལས་ལྷ་མོ་དུར་ཁྲོད་ཀྱི་བདག་མོ་དང་། དེ་བཞིན་ཧ་རི་ཎ་མུ་ཁ་ལས་ཕྲ་མེན་མ་རི་དྭགས་སམ་ཤ་བའི་མགོ་ཅན་དང་། ཨཱུ་ཱུལུ་ཀ་མུ་ཁི་ལས་འུག་པའི་མགོ་ཅན་ནོ། །ལྷོ་ནུབ་ཏུ་སྲིན་པོའི་གདན་ལ། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ། བནྡྷ་བནྡྷ་ཧཱུྃ་ཕཊ་ཀྱིས་ཁྲོ་བོ་མིག་གཡོ་མགོན་པོ་དང་། བཛྲ་ཀྲོ་དྷཱི་མུ་ཧ་ལས་ལྷ་མོ་གཏུན་ཁུང་མ་དང་། བཛྲ་ཏྱ་ཀི་མུ་ཁ་དང་། བཛྲ་པེ་ཏ་མུ་ཁི་ལས་རྡོ་རྗེ་ཕྲ་མེན་གཟིག་དང་། ཁྲའི་མགོ་ཅན་ནོ། །ནུབ་ཏུ་ཀླུའི་གདན་ལ། ༀ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ལས་ཁྲོ་བོ་རྟ་མགྲིན་དང་། བཛྲ་ཀྲོ་དྷཱི་ཛ་ཡ་ཏི་ཧཱུྃ་ལས་རྡོ་རྗེ་ཁྲོ་མོ་གཏུམ་མོ་དང་། བཛྲ་པི་ཊཱ་ལ་མུ་ཁ་དང་། བཛྲ་པཀྵི་ཏ་མུ་ཁི་ལས་རྡོ་རྗེ་ལྷ་མོ་ཕྲ་མེན་མ་བྱི་ལ་དང་། པུ་ཤུད་ཀྱི་མགོ་ཅན་ནོ། །ནུབ་བྱང་དུ་རླུང་ལྷའི་གདན་ལ། ༀ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ་ཀྱིས་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དང་། ༀ་བཛྲ་ཀྲོ་དྷཱི་ས་བྱ་ཏི་ཧཱུྃ་གིས་རྡོ་རྗེ་ཁྲོ་མོ་མདའ་སྙེམས་མ་དང་། བཛྲ་སྲྀ་ག་ལ་མུ་ཁ་དང་། བཛྲ་པཉྩ་ར་ཎ་མུ་ཁི་ལས་རྡོ་རྗེ་ཕྲ་མེན་སྤྱང་ཀི་དང་། ཁྲའི་མགོ་ཅན་ནོ། །བྱང་དུ་གནོད་སྦྱིན་གྱི་གདན་ལ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ། ཚྪིནྡྷ་ཚྪིནྡྷ་ཧཱུྃ་ཕཊ། ཅེས་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་དང་། ཧཱུྃ་བཛྲ་ཀྲོ་དྷཱི་ས་བྱ་མི་ཏི་ཧཱུྃ་ལས་རྡོ་རྗེ་ལྷ་མོ་སྒྲ་མཛད་མ་དང་། བཛྲ་སིཾ་ཧ་མུ་ཁ་དང་། བཛྲ་ཏི་ཏི་ལ་མུ་ཁི་ལས་རྡོ་རྗེ་ཕྲ་མེན་མ་སེང་གེ་དང་། ཕ་ཝང་གི་མགོ་ཅན་ནོ། །བྱང་ཤར་དུ་བགེགས་ཀྱི་གདན་ལ། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ། བིནྡྷ་བིནྡྷ་ཧཱུཾ་ཕཊ། ཅེས་པ་ལས་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། ༀ་བཛྲ་ཀྲོ་དྷཱི་མཱ་ར་ཡ་ཧཱུྃ་ལས་རྡོ་རྗེ་ལྷ་མོ་གསོད་བྱེད་མ་དང་། བཛྲ་རཀྵི་ས་མུ་ཁ་དང་། བཛྲ་ན་ཀུ་ལ་མུ་ཁི་ལས་རྡོ་རྗེ་ལྷ་མོ་ཕྲ་མེན་མ་དྲེད་དང་། སྲེ་མོའི་མགོ་ཅན་ནོ། །འོག་ཕྱོགས་ས་བདག་གི་གདན་ལ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཅེས་པ་ལས་ཁྲོ་བོ་སྟོབས་པོ་ཆེ་དང་། ༀ་བཛྲ་ཀྲོ་དྷཱི་མུཎྜེ་མཾ་ཧཱུྃ་ལས་རྡོ་རྗེ་ལྷ་མོ་རིག་བྱེད་མ་དང་། ༀ་བཛྲ་རཀྵ་ས་མུ་ཁ་ཧཱུྃ་དང་། ༀ་བཛྲ་ཀ་ཤི་ཀ་མུ་ཁི་ཧཱུྃ། ཞེས་པ་དག་ལས་སོ་སོར་སྤྲུལ་པའི་ལྷ་མོ་ཕྲ་མེན་མ་དོམ་གྱི་མགོ་ཅན་དང་། བྱི་བའི་མགོ་ཅན་ནོ། །དེ་བཞིན་ཛཿཧཱུྃ་བྃ་ཧོཿཞེས་པའི་ཡིག་འབྲུ་དང་། ༀ་བཛྲ་ཡཀྵ་ས་ད་ཧཱུྃ་ཛཿ ཞེས་སྤྲོས་པ་ལ་ཤར་དུ་འགུགས་བྱེད་ཀྱི་སྒོ་མ་སྙིང་རྗེའི་ངོ་བོ་པུ་ཤུད་ཀྱི་མགོ་ཅན་དང་། ༀ་བཛྲ་བཻ་ར་བེ་ཧཱུྃ་ཧཱུྃ། ཞེས་ལྷོར་བྱམས་པའི་ངོ་བོ་འཆིང་བྱེད་ཀྱི་སྒོ་མ་བྱ་རོག་གི་མགོ་ཅན་དང་། ༀ་བཛྲ་ཨ་མྲྀ་ཏ་ཧཱུྃ་བྃ། ཞེས་ནུབ་དུ་དགའ་བའི་ངོ་བོ་སྡོམ་བྱེད་ཀྱི་སྒོ་མ་སྲིན་བྱའི་མགོ་ཅན་དང་། ༀ་བཛྲ་མ་ར་ཎི་ཧཱུཾ་ཧོཿ ཞེས་སྤྲོས་པ་ལས་བྱང་དུ་བཏང་སྙོམས་ཀྱི་ངོ་བོ་མྱོས་བྱེད་གྱི་སྒོ་མ་ཁྲའི་མགོ་ཅན་ནོ། །འདི་དག་གི་ཁྱད་པར་གོང་དུ་ཧཱུྃ་ཀ་རའི་སྐབས་སུ་ཅུང་ཟད་བཤད་པས་མཚོན་ནུས་ལ། སོ་སོའི་སྔགས་དོན་སོགས་ནི་བློ་ལྡན་རྣམས་ཀྱིས་རྟོགས་པར་སླ་བས་མ་སྤྲོས་ལ། ཤེས་པར་འདོད་ན་འཇམ་མགོན་ཨ་མེས་ཞབས་ཀྱི་དཀྱིལ་ཆོག་རྣམ་བཤད་སོགས་སུ་བལྟ་བར་བྱ་ཞིང་། ལྷ་སྣམ་གྱི་ཁོར་ཡུག་ཏུ་སྲུང་མ་དམ་ཅན་བཅུ་དྲུག་གི་ཚོགས་འཁོར་དང་བཅས་པའང་གསལ་བར་བཤད་ཅིང་། སོ་སོའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམས་ཀྱང་སོ་སོར་རྒྱས་པ་མན་ངག་སྒོམ་དོན་ཕྲིན་ལས་ཀྱི་རིམ་པ་རྣམས་སུ་འབྱུང་བས་འདིར་སྨོས་མ་དགོས་སོ། །འདིའི་སྔགས་རྣམས་ཀྱང་སྔ་འགྱུར་དང་མི་མཚུངས་པ་འགའ་ཞིག་འདུག་ཀྱང་། ཆོས་རྗེ་ས་པཎ་ཉིད་ཀྱིས་བསྒྱུར་བ་འདི་བཞིན་མི་འགལ་བར་ཤེས་པར་བྱ་ལ། རྒྱུ་མཚན་ཞིབ་པར་བརྗོད་ན་ཡི་གེའི་ལས་སུ་ཆེ་བས་མ་སྤྲོས་སོ། །འདིར་ཁྲོ་བཅུ་ཁྲ་ཕྱག་རྣམས་ཀྱི་དོན་རྟགས་ཀྱང་། ཁྲོ་བཅུ་མི་དགེ་བ་བཅུ་དག་པ་དང་། གདུལ་བྱ་ཕྱོགས་སྐྱོང་བཅུའི་གཉེན་པོ་དང་། འབྲས་བུ་ཕར་ཕྱིན་བཅུའི་ངོ་བོར་ཤར་བའི་ཚུལ་གོང་དུ་མདོ་ཙམ་བསྟན་ལ། དེ་དག་གི་ཕྱག་མཚན་གྱི་དོན་ཡང་ཐམས་ཅད་ཀྱིས་རྡོ་རྗེ་དང་བྷན་དམར་ཐོགས་པ་ནི་རིག་པ་རང་རྟགས་དང་། ཕྱོགས་སྐྱོང་བཅུའི་ཕྱག་མཚན་རང་རང་གི་ཕྱག་བར་པས་བསྣམས་པ་ནི་རྒྱལ་བྱེད་དཔའ་རྟགས་ཀྱི་ཕྱག་མཚན། ཀུན་ཀྱང་ཐ་མས་རི་རབ་ཕུར་བུ་འདྲིལ་བ་ནི་ཕྲིན་ལས་དོན་རྟགས་འབྱིན་པའི་ཕྱག་མཚན་ཏེ། ཟ་བྱེད་ཡཀྵ་འབར་བའི་རྒྱུད་ལས། རྡོ་རྗེ་བྷནྡྷ་དམར་གྱིས་བཀང་བ་ནི། །སྐྱེ་མེད་འདུས་མ་བྱས་པའི་རྡོ་རྗེ་སྟེ། །སྲིད་རྩ་སྡུག་བསྔལ་རཀྟ་ཞལ་དུ་གསོལ། །གཉིས་མེད་བདེ་ཆེན་སྦྱོར་བའི་ལམ་ལ་བཀོད། །ཕྱོགས་སྐྱོང་བཅུ་བཏུལ་ཕྱག་མཚན་བར་མར་བསྣམས། །རྒྱལ་བྱེད་དཔའ་རྟགས་ཞེས་སུ་དེ་ལ་གྲགས། །རི་རབ་ཕུར་བ་ཐ་མར་འདྲིལ་བ་ནི། །ཕྲིན་ལས་དོན་རྟགས་འབྱིན་པའི་ཕྱག་མཚན་ནོ། །ཞེས་གསུངས་པ་ལྟར་དང་། དྲག་པོ་ལྷ་སྲིན་སྡེ་བརྒྱད་འདུལ་བའི་ཕྱིར་འཇིགས་བྱེད་དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པར་གསུངས་སོ། །ཕྲ་མེན་རྣམས་ཀྱི་དོན་རྟགས་ལ་འགྲེལ་པ་འབུམ་ནག་སོགས་དང་སྔ་འགྱུར་ཕུར་པ་ཡཀྵ་འབར་བའི་རྒྱུད་སོགས་ལས་ཅི་རིགས་པར་འབྱུང་ཞིང་། འདིར་དེ་དག་གི་དགོངས་པ་ཕྱོགས་མཚོན་ཙམ་དུ་བསྡུ་ན། སྤྱིར་ཕྲ་མེན་ཞེས་པ་ལ་དཔེའི་ཕྲ་མེན། དོན་གྱི་ཕྲ་མེན། རྟགས་ཀྱི་ཕྲ་མེན་གསུམ་ལས། དཔེའི་ཕྲ་མེན་ནི། དཔེར་ན་གསེར་སྐྱོགས་ལ་དངུལ་གྱི་ཕྲ་བཅུག་པ་ལ་ཕྲ་མེན་གྱི་ཡོལ་གོ་ཟེར་བ་ལྟ་བུ་དང་། དོན་གྱི་ཕྲ་མེན་ནི། དབྱིངས་དང་ཡེ་ཤེས་གཉིས་མེད་དུ་འདྲེས་པ་ལ་འཇོག་པར་གསུངས། རྟགས་ཀྱི་ཕྲ་མེན་ནི། མགོ་ལུས་མི་གཅིག་པ་ལ་ཕྲ་མེན་ཞེས་པ་སྟེ། འདིར་རྣམ་པ་ལྷའི་གཟུགས་ལ་སྲོག་ཆགས་སྣ་ཚོགས་ཀྱི་མགོ་ཅན་དུ་ཡོད་པས་ཕྲ་མེན་ཞེས་པ་སྤྱི་མིང་ཡིན་མོད་ཀྱང་། ལྕམ་དྲལ་ཉི་ཤུ་པོ་ལ་ཕྲ་ཕྱག་གི་རྣམ་དབྱེ་སོ་སོར་ཕྱེ་ན། གཡས་ཀྱི་མཆེ་བ་ཅན་བཅུ་ལ་ཡབ་ཀྱི་ཕྱག་བརྙན་དང་། གཡོན་གྱི་གཤོག་པ་ཅན་བཅུ་ལ་ཡུམ་གྱི་ཕྲ་མེན་གྱི་ཐ་སྙད་ཀྱང་མཛད་ཅིང་། འདི་རྣམས་ཀྱི་དོན་ཞིབ་པར་བརྗོད་པ་ཞིག་མ་མཐོང་བས་འདིར་ཅུང་ཟད་དབྱེ་ན། དེའང་སྲིན་པོ་ལྷ་ཆེན་བཅུ་བཏུལ་བའི་ཕྱི་རོལ་ན་ཞེ་སྡང་གདུག་པའི་གཅན་གཟན་དྲུག་གནས་པ་ནི། ཟ་བྱེད་ཟ་བ་འགྱིང་བའི་སྟག་དང་། རྔམ་པའི་གཟིག་དང་། མྱུར་མགྱོགས་ཀྱི་བྱི་ལ་དང་། གསོད་ལ་དགའ་བའི་སྤྱང་ཀི་དང་། ཟིལ་གྱིས་གནོན་པའི་སེང་གེ་དང་། གཏུམ་པའི་དོམ་དང་དྲུག་གནས་ཏེ། དེ་དྲུག་ནི་ཕའི་ཞེ་སྡང་ལས་བསྐྱེད་པ་སྟེ། ཞེ་སྡང་གི་སྙིགས་མ་རུས་པ། རུས་པ་མཐར་རྒྱས་པ་མཆེ་བ་སྟེ་ཡབ་ལས་བསྐྱེད་པའི་ཟ་བྱེད་མཆེ་བ་ཅན་ཞེས་བྱའོ། །དེ་དག་འདུལ་བའི་ཕྱིར་ཁྲོ་བོ་རྣམས་ཀྱི་སྤྲུལ་པ་ཡབ་ཁོ་ནས་བསྐྱེད་དེ་ཡུམ་དྲུག་དང་མ་ཆགས་ཐབས་ཀྱིས་རོལ་པ་ལས་ཕ་ཡེ་ཤེས་ཀྱི་ཁྲོ་བོ་ཡིན་པས་ལུས་ལྷར་བྱས། མ་གདུག་པ་བྱོལ་སོང་དུ་བྱུང་སྟེ་སྤྲུལ་པའི་ཕྲ་མེན་མ་ཞེས་གྲགས་སོ། །བུ་དེ་དྲུག་ལ་མཁྱེན་པའི་ཡེ་ཤེས་ནི་སྡུག་གིས་ཉོན་མོངས་པའི་སྡུག་བསྔལ་དཔའ་བར་འཇོམས་པ་དང་། གཟིག་གི་མགོ་ཅན་གྱིས་ཤེས་བྱ་ཐོགས་མེད་ཀྱི་ཡེ་ཤེས་གསལ་བ་དང་། བྱི་ལའི་མགོ་ཅན་ནི་རྩོལ་སྒྲུབ་ཐམས་ཅད་ཟིལ་གྱིས་གནོན་པ་དང་། སྤྱང་ཀའི་མགོ་ཅན་ནི་སྦྱོར་སྒྲོལ་དབྱིངས་སུ་དག་པའི་ཡེ་ཤེས་དང་། སེང་གེའི་མགོ་ཅན་ནི་ཞེ་སྡང་སྐྱོན་གྱིས་མི་འཇིགས་པའི་ཡེ་ཤེས་དང་། དོམ་གྱི་མགོ་ཅན་ནི་གདུག་གཏུམ་ཐམས་ཅད་བྱམས་པའི་སྦྱོར་བའི་ཡེ་ཤེས་དང་ཁྱད་པར་དྲུག་གིས་ཞེ་སྡང་གནས་སུ་དག་ཅིང་ཁྱད་པར་དུ་འཇོམས་པར་བྱེད་པའོ། །ཡང་འདོད་ཆགས་སྡུག་བསྔལ་འདབ་ཆགས་བརྒྱད་གནས་ཏེ་འཇུག་སྐེམ་ཤ་ཟན་གྱི་བྱ་རྒོད་དང་། རྨང་རྩེ་རོལ་པའི་བྱ་རོག་དང་། འཇིགས་བྱེད་རྩལ་མཆོག་འུག་པ་དང་། སྒྲིབ་གཡོགས་ཕག་ཏུ་བཀོལ་བ་ཁྭ་ཏ་དང་། འཇོལ་འཕུར་རྒོད་ནས་འཇབ་ཀྱི་པུ་ཤུད་དང་། བྱ་གཅན་ཐམས་ཅད་འདུལ་བའི་ཧོར་ཁྲ་དང་དྲུག་ནི་མ་འདོད་ཆགས་ལས་བསྟེན་པ་སྟེ། འདོད་ཆགས་ཀྱི་སྙིགས་མ་ཁྲག །ཁྲག་མཐར་རྒྱས་པ་གཤོག་པ་སྟེ་ཡུམ་ལས་གསོད་བྱེད་གཤོག་པ་ཅན་དེ་རྣམས་ཀྱི་གཉེན་པོར་ཁྲོ་མོ་རྣམས་ལས་སྤྲུལ་པའི་སྲས་དྲུག་བྱུང་སྟེ་ཕ་ཡེ་ཤེས་ཀྱི་ཁྲོ་བོ་ཡིན་པས་ལུས་ལྷར་བྱུང་། མ་འདོད་ཆགས་གདུལ་བྱའི་བྱོལ་སོང་ཡིན་པས་མགོ་བྱར་བྱུང་བའོ། །བུ་དེ་དྲུག་ལ་མཁྱེན་པའི་ཡེ་ཤེས་ནི་འགྲོ་བའི་དོན་ལ་ཐོགས་པ་མེད་པའི་བྱ་རྒོད་མགོ་ཅན་དང་། ཆོས་ཉིད་མི་འགྱུར་བ་བྱ་རོག་མགོ་ཅན། མི་ཤེས་མུན་པ་གཟིགས་པའི་འུག་པའི་མགོ་ཅན། སྡུག་བསྔལ་དབྱིངས་སུ་སྙོལ་བའི་ཁ་ཏ། ཐབས་དང་ཤེས་རབ་འབྲེལ་བའི་པུ་ཤུད། ཉོན་མོངས་དབྱིངས་སུ་འཇོམས་པའི་ཧོར་ཁྲ་སྟེ་ཡེ་ཤེས་ཁྱད་པར་དྲུག་གི་འདོད་ཆགས་གནས་སུ་དག་ཅིང་ཁྱད་པར་འདོད་ཆགས་ཀྱི་གཉེན་པོའོ། །ཡང་གཏི་མུག་པའི་ཟ་གསོད་དྲུག་སྟེ། གཏི་མུག་དུར་ཕག་ཕྲ་མོས་སེམས་ཅན་ཐམས་ཅད་གསོད་པར་བྱེད་པ་ཉོན་མོངས་གཙོར་འཛིན་གྱི་མཆེ་བ་ཅན་དང་། གཏི་མུག་གི་དུག་ཤ་ནག་པོ་ལྟས་ངན་དོན་ལ་འཛིན་པའི་མཆེ་བ་ཅན་དང་། གཏི་མུག་གི་དུག་གཡག་ཁམ་པ་རོ་ལ་ཟ་བའི་མཆེ་བ་ཅན་དང་། གཏི་མུག་གི་དུག་བྱ་རྨིགས་བུ་རྟག་འཛིན་ཐོབ་པའི་གཤོག་པ་ཅན་དང་། གཏི་མུག་གི་དུག་སྲེ་མོང་དུག་རྩལ་ཆེ་བའི་གཤོག་པ་ཅན་དང་། གཏི་མུག་གི་དུག་བྱི་བ་རྐུ་ལ་དགའ་བའི་ལས་བྱེད་གཤོག་པ་ཅན་དང་དྲུག་གི་གཉིས་མེད་གཏི་མུག་ལས་བསྐྱེད་པ་སྟེ། གཏི་མུག་གི་སྙིགས་མ་ཤ །ཤ་མཐར་རྒྱས་པ་ལས་བྱེད་མི་ཤེས་པ་ནི་ཡབ་ཡུམ་གཉིས་ཆ་ལས་བསྐྱེད་པའི་དེ་རྣམས་འདུལ་བའི་ཕྱིར་ཁྲོ་བོ་རྣམས་ཀྱི་ཐུགས་ལས་སྤྲུལ་པ་མཁའ་ལས་བསྐྱེད་དེ་ཡུམ་དྲུག་དང་སྦྱོར་བ་ལས་ཡབ་ལྷ་ཡིན་པས་ལུས་ལྷར་བྱུང་། མ་བྱོལ་སོང་ཡིན་པས་མགོ་ཡང་དེར་བྱུང་སྟེ་དེ་ལ་སྤྲུལ་པའི་ཕྲ་མེན་མ་ཞེས་བྱ་ཞིང་། དེ་དྲུག་ལ་མཁྱེན་པའི་ཡེ་ཤེས་ཀྱང་ཕག་ནི་ཡེ་ཤེས་གཙང་དམེ་མེད་པས་རྣམ་རྟོག་འཇོམས། གཡག་ནི་ཆོས་ཉིད་འགྱུར་བ་མེད་པའི་དོན་ལ་འཇོམས། ཤ་བ་ནི་ཡེ་ཤེས་རྒྱས་པའི་མཚན་མའི་བག་ཆགས་འཇོམས། རྨིགས་བུ་ནི་ཡེ་ཤེས་ཐོགས་མེད་འཁོར་བའི་ཞེན་པ་འཇོམས། སྲེ་མོང་གི་རྣམ་རྟོག་བྱ་རླག་སྐྱེ་མེད་དབྱིངས་སུ་གྲོལ། བྱི་བ་ནི་ཅིར་སྣང་ཐམས་ཅད་གཟུང་འཛིན་མཐའ་ལས་གྲོལ། ཡེ་ཤེས་ཀྱི་ཁྱད་པར་དེ་དག་དྲུག་གིས་གཏི་མུག་གནས་སུ་དག །ཁྱད་པར་དུ་གཏི་མུག་གི་གཉེན་པོའོ། །དུག་གསུམ་ཆ་སྙོམས་པའི་དྲེད་དང་ཕ་ཝཾ་གཉིས་ནི་ཤར་དང་ནུབ་ཀྱི་མཐར་གནས་པ་ཞེ་སྡང་རུས་པའི་མཐའ་ལ་མཆེ་བ་རྒྱས། འདོད་ཆགས་ཁྲག་གི་མཐའ་ལ་བྱ་གཤོག་རྒྱས། གཏི་མུག་ཤའི་མཐའ་ལས་སྨྲ་མི་ཤེས་པ་དེ་དག་གི་གཉེན་པོར་ཡབ་ཡུམ་སྙོམས་པ་ལས་སྤྲུལ་པའི་དྲེད་མོ་ལ་ཤེས་བྱར་མ་རྨོངས་རྟོགས་པའི་ཡེ་ཤེས་མངའ། ཕ་ཝང་མགོ་ཅན་ལ་གཏི་མུག་གི་ལམ་སྟོར་བས་ཉིན་པར་མི་རྒྱུ། དུག་གསུམ་འཇོམས་པའི་གཤོག་རླབས་དང་ལྡན། མ་རིག་མུན་པ་སེལ་བའི་ཡེ་ཤེས་མངའ་བའོ། །དེ་དག་གི་སྐུ་མདོག་ཕྱག་མཚན་ཀྱང་། རྒྱུད་ལས། གཡས་གཡོན་ཞལ་ལས་ཤེས་པར་བྱ། །གཙོ་བོ་རྣམས་ཀྱི་བར་མ་སྦྱིན། །ཞེས་པས་ཕྲ་ཕྱག་རྣམས་ཀྱ ི་སྐུ་མདོག་རང་རང་གི་གཙོ་བོའི་ཞལ་གཡས་གཡོན་གྱི་ཁ་དོག་ལས་ཤེས་པར་བྱ་ཞིང་། ཕྱག་མཚན་རྣམས་ནི་གཙོ་བོ་རང་རང་ཕྱག་བར་མའི་མཚོན་ཆ་གཡས་གཡོན་གྱི་ཕྲ་ཕྱག་གཉིས་ལ་གཏད་པར་གསུངས་ལ། གཡོན་ཐམས་ཅད་དུ་རིག་པ་རང་རྟགས་ཀྱི་ཕྱག་མཚན་ཕུར་བུ་འདྲིལ་ཞིང་དགྲ་ལ་འདེབས་པ་བཤད་པའང་ཤེས་པར་བྱའོ། །ཕྲ་མེན་རྣམས་ཀྱི་དོན་རྟགས་འདི་རིགས་རྒྱུད་གཞན་དང་གཞན་ན་ཅུང་ཟད་ཐ་དད་པའི་རྣམ་འགྱུར་རེ་གསུངས་པ་ཡོད་ཀྱང་འདིར་ཕུར་བུ་ཟ་བྱེད་ཡཀྵ་འབར་བའི་རྒྱུད་ལས་བསྟན་པ་ལྟར་ཅུང་ཟད་བསྟན་ཟིན་གྱི། ཐམས་ཅད་ཀྱི་དགོངས་པ་གནད་གཅིག་ཏུ་འབབས་པས་གང་ལྟར་བཤད་ཀྱང་རུང་ངོ་། །དེ་ལྟར་རུ་དྲའི་གླེང་གཞི་དང་སྦྱར་ནས་དཀྱིལ་འཁོར་འདི་ཉིད་ཀྱི་བྱུང་བ་སྨོས་པ་དག་རྣལ་འབྱོར་པའི་ཉམས་ལེན་དུ་སྦྱར་ན་གཙོ་བོར་བསྐྱེད་རིམ་གྱི་ཕྱག་རྒྱ་བསྟན་པ་ཡིན་ལ། འདིར་ཤེས་དགོས་པའི་གནད་ཁྱད་པར་བ་ནི་མ་ཧཱ་ཡོ་ག་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱིས་བསྟན་དོན་རྒྱུད་སྡེ་དང་སྒྲུབ་སྡེ་གང་ཡིན་ཀྱང་དེའི་དགོངས་པ་ནི་ལྟ་བ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དག་པ་ལྷའི་དཀྱིལ་འཁོར་དུ་ལྟ་ཞིང་། དེ་དག་དོན་དམ་པར་གདོད་མའི་ཆོས་དབྱིངས་དང་གཉིས་སུ་མེད་པར་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་གཏན་ལ་འབེབས་ཅིང་། བསྒོམ་པ་ཏིང་ངེ་འཛིན་རྣམ་པ་གསུམ་ཡན་ལག་དང་བཅས་པའི་ཚུལ་གྱིས་སྣང་སྲིད་ལྷའི་དཀྱིལ་འཁོར་དུ་འཆར་བའི་བསྐྱེད་རིམ་ལ་གཙོ་བོར་ལམ་དུ་བྱེད་པ་དང་། སྤྱོད་པ་གང་ཤར་བླང་དོར་མེད་པའི་ངང་ནས་ཐབས་ལ་མཁས་པའི་སྤྱོད་པ་ཁྱད་པར་ཅན་སྦྱོར་སྒྲོལ་ལ་སོགས་པ་དང་དུ་ལེན་པ་དང་། འབྲས་བུ་ཚེ་འདི་ལ་རིག་འཛིན་བཞིའི་ལམ་བགྲོད་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་སངས་རྒྱས་པར་འདོད་པ་ཡིན་ལ། དེའང་གསང་སྔགས་ཀྱི་གཞུང་ན་ལྷ་བསྒོམ་པ་དང་། སྔགས་བཟླ་བ་དང་། དཀྱིལ་འཁོར་འབྲི་བ། དབང་བསྐུར་བ་ལ་སོགས་པ་བསླབ་པའི་མཐའ་བཅུ་པོ་ཐམས་ཅད་སྤྲོས་བཅས་ཀྱི་སྒོ་ནས་ཉམས་སུ་ལེན་པའི་གང་ཟག་སྣང་བ་ཡུལ་གྱི་བློ་ཅན་རྣམས་ཀྱིས་གཙོ་བོར་བསྐྱེད་རིམ་ལ་བརྟེན་ཏེ་བསྒྱུར་ཅིང་། བསྐྱེད་པའི་རིམ་པ་ཏིང་འཛིན་བརྟན་པོའི་སྒོ་ནས་རྫོགས་རིམ་དྲངས་ཏེ་བསྐྱེད་རྫོགས་ཟུང་འཇུག་གི་ཚུལ་ལ་འཇུག་པ་རྣམས་ཀྱི་ལམ་གནད་ཐམས་ཅད་བསྐྱེད་པ་མ་ཧཱ་ཡོ་གའི་སྣང་བ་ལྷར་བསྒྲུབ་པའི་གནད་ལ་ཐུག་པ་ཡིན་གྱི། དེ་དང་མི་ལྡན་ན་ལམ་གྱི་གཟུགས་བརྙན་དུ་འགྱུར་བས་ན་འདི་ཚུལ་ཞིབ་མོར་སྒྱུ་འཕྲུལ་རྩ་རྒྱུད་གསང་བའི་སྙིང་པོ་ཉིད་ལས་འབྱུང་བ་ལྟར་ཤེས་པར་བྱ་བའི་གནད་ཆེ་ཤོས་ཤིག་ཡིན་ལ། སྣང་བ་ལྷར་བསྒྲུབ་ཀྱི་དགོངས་པ་འདི་ལ་མི་འཐད་པའི་སྒྲོ་སྐུར་སྨྲ་བ་དག་ཡོད་མོད་ཀྱི། དེ་ནི་རྟོག་གེའི་བློ་གྲོས་ཁབ་ཀྱི་བུ་གར་ཟབ་གསང་གི་དགོངས་པ་ནམ་མཁའ་ལྟ་བུ་མ་ཆུད་པའི་སྨྲེ་སྔགས་ཙམ་དུ་ཟད་པས་སྙིང་པོ་ཡོད་པ་མ་ཡིན་པས། གསང་སྔགས་སྔ་འགྱུར་བའི་རིག་འཛིན་སྐལ་ལྡན་རྣམ་དཔྱོད་ཅན་རྣམས་ཀྱིས་མ་ཧཱ་ཡོ་གའི་རྒྱུད་ཀྱི་དགོངས་ཟབ་སྣང་བ་ལྷར་བསྒྲུབ་པའི་ལུང་རིགས་སེང་གེའི་སྒྲ་ཆེན་པོས་ཟབ་ཅིང་གསང་བའི་གནད་མི་ཉམས་སླར་ཡང་སྤེལ་བའི་ཕྲིན་ལས་ལ་གཡེལ་བ་མེད་པའི་ཐུགས་རྩོལ་གནང་བར་རིགས་སོ་ཞེས་འཕྲོས་སུ་སྨོས་པའོ། །དེ་དག་གིས་ནི་ཆོས་སྐུའི་ངོ་བོ་དཔལ་ཆེན་པོ་བདག་ཉིད་རྩ་བའི་དཀྱིལ་འཁོར་ལས་བྱུང་ཞིང་། ཁྲོ་བོ་རྣམས་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོར་གསུངས་པ་དང་། ཕྱོགས་སྐྱོང་བཅུ་འདུལ་བའི་ཕྱིར་དུ་གནས་ཕྱོགས་བཅུར་བཞུགས་ཤིང་། གཙོ་བོ་རྣམས་དཀྱིལ་དང་། ཕྲ་ཕྱག་སོགས་འཁོར་ཏེ། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་མདོ་ཙམ་བཤད་ཟིན་ཏོ། །གསུམ་པ་སྤྲུལ་པའི་སྐུའི་ངོ་བོར་ཕུར་པ་རྫས་ཀྱི་དཀྱིལ་འཁོར་བཤད་པ་ལ་གཉིས། གསོལ་བ་གདབ་པ་དང་། བསྐྱེད་པ་དངོས་བཤད་པའོ། །དང་པོ་ནི། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རྡོ་རྗེའི་དེ་ཉིད་རང་བཞིན་ལས། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་གཏེར་དུ་བདག་སྐྱེད་ཅིག །ཅེས་གསུངས་ཏེ། འདི་ལ་རིག་འཛིན་རྣམ་པ་གསུམ་གྱི་དགོངས་པའི་དོན་མདོར་བསྡུ་ན། མ་རིག་པའི་མུན་པ་མཐའ་དག་སངས་ཤིང་མཁྱེན་པའི་ཡེ་ཤེས་པདྨ་ལྟར་རྒྱས་པའི་བདག་ཉིད་དུས་གསུམ་ཀུན་ཏུ་གཤེགས་པའི་འདུས་མ་བྱས་པ་རྡོ་རྗེ་ཡེ་ཤེས་ཀྱི་སྐུ་ཅན་ནམ། སངས་རྒྱས་ཆོས་སྐུའི་རྟེན་དུ་གྱུར་པའམ་ཉོན་མོངས་པ་ལྔ་སངས་ཤིང་ཡེ་ཤེས་ལྔ་རྒྱས་པའི་ཡེ་ཤེས་ལའང་རང་བྱུང་གི་ཡེ་ཤེས། གཞན་བྱུང་གི་ཡེ་ཤེས། གནས་གྱུར་གྱི་ཡེ་ཤེས་རྣམས་ཀྱི་བདག་ཉིད། ཡོན་ཏན་དེ་དང་དེ་དག་གི་རྟེན་བྱེད་པའི་ཆ་ནས་སྐུའི་ཐ་སྙད་འཇུག་པ་དང་། ཆོས་ཀྱི་སྐུ་རྡོ་རྗེའི་མཚན་ཉིད་ཅན་དེ་ཉིད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་སམ་ཆོས་སྐུའི་ངང་ལས། ཆོས་ཀྱི་དབྱིངས་ཀ་ནས་དག་པ་དེ་ཉིད་ཀྱི་ངོ་བོ་ཉིད་ཀྱི་རྣམ་འཕྲུལ་ལས་གཞན་དུ་གཡོ་བ་མེད་པའི་གང་འདུལ་ཐུགས་རྗེའི་རྩལ་དང་རོལ་པ་མ་འགགས་པའི་རྣམ་ཆར་ཤར་བ། གདུག་པ་ཅན་འདུལ་བ་ལ་མཐུ་སྟོབས་ལྷག་པར་འབར་བའམ། གར་ཉམས་དགུའི་གཟི་བྱིན་འབར་བའི་ཁྲོ་བོ་སྲས་མཆོག་ཀཱི་ལ་ཡ་དཔལ་ཆེན་པོའི་མཐུ་རྩལ་ཕྲིན་ལས་ཀྱི་ངོ་བོ་ལྷག་པར་བསྐྱེད་པ་ལས་བྱུང་བས་བཟོད་པར་དཀའ་བའི་གཟི་བྱིན་གྱིས་མི་བཟད་འཇིགས་རུང་དྲག་པོའི་སྐུའི་གཏེར་རམ་དབྱིག་སྟེ། ཡོན་ཏན་ཐམས་ཅད་འདུས་ཤིང་རྫོགས་པའི་བདག་ཉིད་དུ་སྐྱེད་པར་མཛོད་ཅིག་ཅེས་བསྐུལ་ཞིང་གསོལ་བའོ། །གཉིས་པ་བསྐྱེད་པ་དངོས་ལ། སྐུ་གསུམ་གྱི་ཀློང་ནས་བསྐྱེད་པ་ལ་ཆོས་གསུམ། སྐུ་གསུང་ཐུགས་ཡེ་ཤེས་རྩེ་གཅིག་ཏུ་བྱིན་གྱིས་རློབ་པ་ལ་ཡིག་འབྲུ་གསུམ། ཆུ་སྲིན་རྣམ་གྲོལ་གྱི་ཕྱག་རྒྱས་བླང་བ་ལ་དགོས་པ་གསུམ། རིགས་ལྔས་དབང་བསྐུར་བ་ལ་རྫས་གསུམ། སྐུ་གསུང་ཐུགས་བྱིན་བརླབ་ལ་སྔགས་གསུམ། གུ་གུལ་གྱིས་གདུག་པ་ལ་ནུས་པ་གསུམ། ཡུངས་ཀར་གྱིས་བྲབ་པ་ལ་ཏིང་འཛིན་གསུམ། རཀྟས་བྱུགས་པ་ལ་ངར་གསུམ། སྲས་མཆོག་གི་རྣམ་དབྱེ་མུ་བཞི། ཕུར་པའི་རྣམ་དབྱེ་ལ་ཆོས་བདུན་ཏེ་དོན་བཅུའི་སྒོ་ནས་ཤེས་པར་བྱ་དགོས་ལ། འདིར་དེ་དག་གི་དོན་ཚང་བར་ཚིག་ཉུང་ངུས་བསྟན་ན། སྤྱིར་རྫས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་སྲས་མཆོག་རིགས་ལྔ་ཡིན་ཏེ། འདི་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་དང་ཆོས་མཐུན་སྦྱར་ནས་བཤད་དགོས་པར་གསུངས་པས། དཔེར་ན་འཁོར་སྒྱུར་གྱི་སྲས་དེ་ཉིད་ཕའི་རྒྱུད་ཀྱིས་དག་པ། མའི་རྒྱུད་ཀྱིས་དག་པ་སྟེ་རིགས་རུས་ཆོ་འབྲངས་དང་ལྡན་པ་དགོས་པ་ལྟར། འདིའང་དང་པོ་ཆོས་སྐུ། གཉིས་པ་ལོངས་སྐུ། གསུམ་པ་སྤྲུལ་སྐུ་དབུ་གསུམ་ཕྱག་དྲུག་པའམ། དབུ་གཅིག་ཕྱག་བཞི་པ། སྐུ་སྨད་ཕུར་བུའི་དབལ་གྱི་རྣམ་པ་ཅན་དེ་ཉིད་སྐུ་གསུམ་གྱི་ཀློང་ནས་ཤར་བ་སྟེ། གསང་རྒྱུད་ལས། འདིར་ནི་དབུ་གསུམ་ཕྱག་དྲུག་དང་། །ཞལ་གཅིག་ཕྱག་ཀྱང་བཞི་པ་སྟེ། །དེ་ལས་མང་བ་ངས་མ་བཤད། །ཅེས་དང་། དེ་ཉིད་ལས། ལྟེ་བ་མན་ཆད་སྐུ་སྨད་ནི། །སྔོ་བསངས་མི་བཟད་འཇོམས་པའི་ཚུལ། །ཞེས་གསུངས་ཤིང་། དེ་ལྟར་འཁོར་སྒྱུར་གྱི་སྲས་དེ་སྐྱེས་བཟང་ཡང་འཁོར་དང་ལོངས་སྤྱོད་མེད་ན་རྒྱལ་པོར་མི་ཚུད་པ་དང་འདྲ་བར། འདིར་སྲས་མཆོག་ཀྱང་སྐུ་གསུམ་གྱི་ཀློང་ནས་བསྐྱེད་ཀྱང་ལྷ་ཚོགས་རྫས་དང་འདྲ་བ་མ་ཚང་ན་སྲས་མཆོག་ཏུ་མི་འགྱུར་བས། ལྷ་ཚོགས་ཀྱང་འདི་ལ་ཚང་དགོས་ཏེ། ཇི་ལྟར་གསལ་ཞིང་ཚང་བའི་ཚུལ་ཡང་། གསང་རྒྱུད་ལས། སྐུ་གཅིག་ངང་ལས་དཀྱིལ་འཁོར་ཐམས་ཅད་རྫོགས། །ལོགས་བརྒྱད་རང་བཞིན་ཁྲོ་བོ་བརྒྱད། །ཟུར་བརྒྱད་འབྱུང་བའི་ཁྲོ་མོ་བརྒྱད། །སྟེང་འོག་ལྔ་ཡི་རང་བཞིན་ནོ། །ཞེས་གསུངས་པ་ལྟར་དཀྱིལ་འཁོར་ཐམས་ཅད་འདི་ལ་ཚང་བའོ། །དེ་ལྟར་རྒྱལ་པོ་དེ་འཁོར་ལོངས་སྤྱོད་དང་ལྡན་ཡང་གཟི་བརྗིད་ཆུང་ན་རྒྱལ་པོར་མི་ཚུད་པ་ལྟར། སྲས་མཆོག་འདི་ལའང་ཕུར་པའི་ལྷ་ཚོགས་ཚང་ཡང་དེ་དག་སྐུ་གསུང་ཐུགས་ཡེ་ཤེས་རྩེ་གཅིག་ཏུ་མ་བརླབས་ན་སྲས་མཆོག་མི་འགྱུར་བས། དབལ་གྱི་ཟུར་གསུམ་ལ་ཧཱུྃ་གསུམ་དང་། ལོགས་གསུམ་ལ་ཕཊ་གསུམ། རྩེ་མོར་ཨ་ཡིག་གིས་མཚན་པར་གསལ་བས་ཡེ་ཤེས་རྩེ་གཅིག་གི་ངོ་བོར་གྱུར་པ་སྟེ། རྒྱུད་ལས། ལོགས་ན་ཕཊ་གསུམ་བཞག་པ་ཡིན། །ཟུར་གསུམ་ཧཱུྃ་གསུམ་བཞག་པ་ཡིན། །ཞེས་སོ། །དེ་ལྟར་རྒྱལ་པོ་གཟི་བརྗིད་དང་ལྡན་ཡང་རྒྱལ་པོར་དབང་མ་བསྐུར་ན་རྒྱལ་སར་མི་ཚུད་པ་བཞིན། སྲས་མཆོག་འདིའང་རིགས་ལྔས་དབང་མ་བསྐུར་ན་སྲས་མཆོག་ཏུ་མི་འགྱུར་བས། དབང་བསྐུར་བ་དགོས་ཏེ། གསང་རྒྱུད་ལས། ལག་གཡས་མཐིལ་དུ་ཉི་དཀྱིལ་ལས། །ཀུན་བཟང་འོད་དང་བཅས་པ་བསྐྱེད། །གཡོན་གྱི་ཨ་ལས་ཟླ་དཀྱིལ་དུ། །ཀུན་ཏུ་བཟང་མོ་ཨ་ལས་བསྐྱེད། །གུང་མོ་རྣམ་པར་སྣང་མཛད་དེ། །མཐེ་བོང་ལ་ནི་མི་བསྐྱོད་པ། །མཛུབ་མོའི་རིན་ཆེན་འབྱུང་ལྡན་ནོ། །སྲིན་ལག་དོན་ཡོད་གྲུབ་པ་སྟེ། །མཐེའུ་ཆུང་སྣང་བ་མཐའ་ཡས་སོ། །གཡོན་པ་ལྔ་ལ་ཡུམ་ལྔའོ། །ཐབས་དང་ཤེེས་རབ་སྙོམས་འཇུག་དུས། །སོར་མོ་ཅུང་ཟད་བསྣོལ་བར་བྱ། །ཕུར་པ་འདྲིལ་བར་བྱ་བ་ཡིན། །ཅེས་གསུངས་པ་ལྟར་བདག་ཉིད་ཆེན་པོར་དབང་བསྐུར་ཏེ་རིགས་ཐམས་ཅད་པའི་ཁྲོ་བོར་ཡང་དབང་བསྐུར་བ་བདག་ཉིད་རྩ་བའི་དཀྱིལ་འཁོར་ལས་སྤྲུལ་པའི་ཁྲོ་བོའི་ཞལ་ནས་ཧཱུྃ་ཕཊ་ཀྱི་སྒྲ་དང་བཅས་པ་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ་སྲས་མཆོག་ལ་ཐིམ་པར་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་ནུས་པའི་མཐུ་རྩལ་དང་ལྡན་པར་གྱུར་པ་དང་། སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་དབང་བསྐུར་བའི་ཕྱིར་ཆུ་སྲིན་རྣམ་གྲོལ་གྱི་ཕྱག་རྒྱས་བླངས་ལ། རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་བྱང་སེམས་ལས་ཕྱག་མཚན་ཕྲ་མོ་གྲངས་མེད་པ་སྤྲོས་ཏེ་སྲས་མཆོག་ལ་ཐིམ་པས་བདག་ཉིད་རྡོ་རྗེ་གཞོན་ནུ་དང་སྲས་མཆོག་བཛྲ་ཀཱི་ལ་ཡ་གཉིས་སྐུ་གསུམ་གཅིག་ཏུ་གྱུར་པ་དང་། དེ་ལྟར་རྒྱལ་པོར་དབང་བསྐུར་ཀྱང་བསོད་ནམས་ཚད་མེད་པ་དང་མི་ལྡན་ན་རྒྱལ་པོར་མི་ཚུད་པ་དང་འདྲ་བར། སྲས་མཆོག་འདིའང་སྐུ་གསུམ་དུ་བྱིན་གྱིས་བརླབ་དགོས་པས། རྒྱལ་བ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབ་པ་དང་། གཞན་ཡང་རྒྱལ་པོ་དེ་ཉིད་དམག་ལ་ཆས་པའི་ཚེ་གོ་ཆ་བགོ་བ་ལྟར། སྲས་མཆོག་ལ་ཡུངས་དཀར་ནག་གིས་བྲབས་པས་སྐུ་ལུས་ཐམས་ཅད་ཁྲོ་ཆུང་གིས་གོ་མཚམས་མེད་པར་གཏམས་ནས་དགྲ་བགེགས་སྒྲོལ་བའི་ལས་ལ་མངགས་པ་ནི། རྒྱུད་ལས། ཁྲོས་པའི་རྒྱལ་པོ་བསྐུལ་བའི་ཕྱིར། །ཡུངས་ཀར་བྱིན་བརླབས་ཁྲོ་ཆུང་བསྐྱེད། །ཅེས་སོ། །ཡང་རྒྱལ་པོ་དེ་དམག་ལ་ཆས་པ་ན་གོ་གྱོན་པས་མ་ཚད་མཚོན་རྣོན་པོ་ཐོགས་དགོས་པ་བཞིན། འདིར་ཡང་གུ་གུལ་གྱིས་བདུག་པས་གདུག་པའི་དཔལ་དང་ལྡན་ལ་མི་བཟད་པའི་ངར་དང་ལྡན་པར་བསྐྲུན་ཏེ། རྒྱུད་ལས། གུ་གུལ་བདུག་ཅིང་ཡུངས་ཀར་བརྡེག །བྱིན་བརླབ་དབང་བསྐུར་ཤིན་ཏུ་གཅེས། །ཞེས་གསུངས་པ་དང་། ཡང་རྒྱལ་པོ་དེས་མཚོན་རྣོན་པོ་དགྲ་ལ་ཐེབས་དགོས་པ་དང་མཚུངས་པར། འདིར་ཡང་རཀྟས་བྱུགས་ཏེ་ཕུར་བུ་དམར་ནག་དུད་ཀ་རེག་པས་འཇོམས་པ་གཅིག་ཏུ་གསལ་བ་སྟེ། རྒྱུད་ལས། གདུག་པ་བརླག་པར་བྱ་བའི་ཕྱིར། །ར་ཁྱི་ཕག་པའི་ཁྲག་གིས་བྱུག །ཅེས་གསུངས་པ་དང་། ཡང་རྒྱལ་པོ་དེ་ཕས་ཀྱི་གཡུལ་ལས་རྒྱལ་ཏེ་དགྲའི་ཡུལ་མཁར་ཐོབ་དགོས་པ་དང་འདྲ་བར། འདིར་ཡང་དགྲ་བགེགས་ཀྱི་སྙིང་དཀར་ནག་མཚམས་སུ་འདེབས་པར་བྱ་བ་སྟེ། རྒྱུད་ལས། གནད་ཆེན་ཐམས་ཅད་འདུས་པ་ཡི། །དཀར་ནག་མཚམས་སུ་གདབ་པར་བྱ། །ཞེས་བཤད་དོ། །དེ་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་རྣམ་གྲངས་དུ་མའི་སྒོ་ནས་ཆོས་མཚུངས་པའི་སྲས་མཆོག་དེ་ལ་གྲངས་ཀྱི་སྒོ་ནས་བུདྡྷ། བཛྲ། རཏྣ། པདྨ། ཀརྨ་སྟེ་ལྔར་ངེས་སམ་སྙམ་ན་མ་ཡིན་ཏེ། སྲས་མཆོག་རབ་བརྒྱ་རྩ་བརྒྱད། འབྲིང་ཉེར་གཅིག་གམ་ལྔ། ཐ་མ་བཛྲ་འདུས་པ་གཅིག་ཏུ་གསུངས་པ་ཡིན་ལ། མིང་གི་རྣམ་གྲངས་ནི། བསྙེན་ཕུར་ཞེས་ཀྱང་བྱ། ཕུར་པ་རྫས་ཀྱི་དཀྱིལ་འཁོར་ཞེས་ཀྱང་བྱ། སྲས་མཆོག་ཅེས་ཀྱང་བྱ་སྟེ། དེ་ལ་བསྙེན་ཕུར་ནི་བསྙེན་པའི་ནུས་པ་ཐམས་ཅད་འདི་ལ་གསག་པའི་ཕྱིར་དང་། ཕུར་པ་རྫས་ཀྱི་དཀྱིལ་འཁོར་ཞེས་པ་ནོར་ལོངས་སྤྱོད་མང་དུ་ཚོགས་པ་ལ་སྤྱི་མིང་དུ་རྫས་ཞེས་གྲགས་པ་ལྟར། འདི་ལའང་ལྷ་དང་བྱིན་རླབས་ཐམས་ཅད་འདུས་པའི་ཕྱིར་རོ། །སྲས་མཆོག་ཅེས་པ་ནི་དཔལ་ཆེན་པོའི་ཐུགས་ལས་སྤྲུལ་པའི་སྲས་ཡིན་པ་དང་། དཀྱིལ་འཁོར་ལུས་ལ་རྫོགས་པ་དང་། ཕྲིན་ལས་ཐམས་ཅད་བྱེད་པའི་མཆོག་ཡིན་པའི་ཕྱིར་དང་། གཞན་རྣམས་ནི་གཙོ་བོ་མཆོག་ཡིན་ཀྱང་སྲས་མ་ཡིན་ཞིང་། ཁྲོ་བོ་བཅུ་སྲས་ཡིན་ཀྱང་སྲས་མཆོག་ལྟར་གྱི་ཕྲིན་ལས་ཐམས་ཅད་མི་མཛད་པས་མཆོག་མ་ཡིན་ལ། དམ་ཅན་རྣམས་སྲས་ཀྱང་མ་ཡིན། མཆོག་ཀྱང་མ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། རྩ་བའི་ཐུགས་ལས་བསྐྱེད་པའི་ཕྱིར། །སྒྲོལ་བྱེད་སྲས་སུ་བཤད་པ་ཡིན། །གདུག་པ་ཅན་རྣམས་འདུལ་བ་ལ། །མངགས་པས་མཆོག་ཏུ་བཤད་པ་ཡིན། །ཕྲིན་ལས་ཀུན་རྫོགས་རྒྱལ་པོ་སྟེ། །སྲས་མཆོག་ཆེན་པོ་ཞེས་བྱར་བརྗོད། །ཅེས་གསུངས་པས་སོ། །དེ་ལྟ་བུའི་སྲས་མཆོག་དེ་ལ་ཤེས་པར་བྱ་བ་གསུམ་ཡོད་དེ། སྲས་མཆོག་གཞལ་ཡས་ཁང་དུ་ཤེས་པ་དང་། ལྷར་ཤེས་པ་དང་། ཕྱག་མཚན་དུ་ཤེས་པའོ། །དང་པོ་ནི། རྩེ་མོ་ཟུར་གསུམ་ནམ་མཁའི་དཀྱིལ་འཁོར་གྲུ་གསུམ། ལོགས་གསུམ་ཟླ་གམ་རླུང་གི་དཀྱིལ་འཁོར། རྒྱ་མདུད་འོག་མ་དང་དབལ་གྱི་བར་ནི་ཟླུམ་པོ་ཆུའི་དཀྱིལ་འཁོར། རྒྱ་མདུད་འོག་མ་གྲུ་བཞི་སའི་དཀྱིལ་འཁོར། འོད་དང་འོད་ཟེར་མེའི་དཀྱིལ་འཁོར་ཏེ་འབྱུང་བ་རིམ་བརྩེགས་དང་། རྒྱ་མདུད་གཉིས་ཀྱི་བར་གྱི་གཅུམ་གཞོགས་བརྒྱད་འཁོར་ལོ་རྩིབས་བརྒྱད། རྒྱ་མདུད་གོང་མ་རྒྱ་ཕིབས་སམ་བད་ཀྱི་ཚུལ་དུ་འདུག་པའོ། །གཉིས་པ་ནི། དབུས་ཀྱི་ཁོང་སེང་དུ་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། གཅུམ་གཞོགས་བརྒྱད་ལ་ཁྲོ་བོ་བརྒྱད། རྒྱ་མདུད་གོང་མ་ལ་ཧཱུྃ་ཀ་ར། འོག་མ་ལ་སྟོབས་པོ་ཆེ། འོག་མའི་ལོགས་བཞི་ལ་སྒོ་མ་བཞི། ཟུར་བཞི་ལ་དམ་ཅན་གྱི་སྡེ་རྣམས་སོ། །གསུམ་པ་ནི། ལྷ་ཐམས་ཅད་ཀྱི་ཕྱག་ན་ཕུར་པ་རེ་བསྣམས་པའང་སྲས་མཆོག་འདི་ཁོ་ན་ཡིན་པ་དང་། འདི་ཁོ་ན་ལའང་དཀྱིལ་འཁོར་གསུམ་རང་བཞིན་གྱིས་ཚང་བ་ཉིད་ཡིན་པར་གསུངས་སོ། །ཕུར་པའི་རྣམ་གཞག་ལའང་གཉིས་ཏེ། སྤྱིར་གང་ཟག་རྣམ་བཞི་མཐར་དབྱུང་བར་བྱེད་པ་ཕུར་བུའི་རྒྱུ་བཞིར་དབྱེ་བ་དང་། བྱེ་བྲག་ཏུ་མཚན་མ་རྫས་ཀྱི་ཕུར་པ་ཅུང་ཟད་ཕྱེ་སྟེ་བཤད་པའོ། །དང་པོ་ནི། ནམ་མཁའ་ལྟ་བུ། རི་བོ་ལྟ་བུ། བྱ་ཀ་ལནྟ་ཀ་ལྟ་བུ། ཙནྡན་གྱི་སྡོང་པོ་ལྟ་བུའི་གང་ཟག་བཞིས་རིམ་པ་བཞིན་རིག་པ་ཡེ་ཤེས་ཀྱི་ཕུར་བ། ཚད་མེད་སྙིང་རྗེའི་ཕུར་པ། བྱང་ཆུབ་སེམས་ཀྱི་ཕུར་པ། མཚན་མ་རྫས་ཀྱི་ཕུར་པ་སོ་སོར་ཉམས་སུ་བླངས་ནས་མཐར་དབྱུང་བ་སྟེ། དེ་རེ་རེ་ལའང་རྟེན་གྱི་གང་ཟག །ཕུར་པའི་ངོ་བོ། གདབ་པའི་ཡུལ། ཐེབས་པའི་ཚད། བཏབ་པའི་ཡོན་ཏན། མ་ཐེབས་པའི་སྐྱོན། འབྲས་བུ་སྟེ་དེ་དག་གི་སྒོ་ནས་ཤེས་པར་བྱ་བ་ནི་འདིའི་སྲོག་གནད་ཡིན་ལ། འདི་ཚུལ་གོང་དུ་སྤྱིའི་དོན་རྣམ་པར་བཞག་པའི་ས་བཅད་གསུམ་པའི་སྐབས་སུ་ཅུང་ཟད་བསྟན་ཟིན་ལ་རྒྱས་པ་རྒྱུད་གཞུང་འགྲེལ་པ་གཞན་ན་ཤེས་པར་བྱའོ། །གཉིས་པ་མཚན་མ་རྫས་ཀྱི་ཕུར་པ་བྱེ་བྲག་ཏུ་བཤད་པ་ལ་དྲུག་སྟེ། ཕུར་པའི་རྒྱུ། ངེས་ཚིག །ཚད། དབྱེ་བ། རྣམ་དག །ལས་འབྲས་སོ། །དང་པོ་རྒྱུ་ནི། གསང་རྒྱུད་ལས། དངུལ་ལམ་དཀར་པོའི་ཤིང་རྣམས་ནི། །ཞི་བ་ཆོས་ཀྱི་ཕུར་པའི་རྒྱུ། །གསེར་རམ་སེར་པོའི་ཤིང་རྣམས་ནི། །ཡོན་ཏན་རྒྱས་པའི་ཕུར་པའི་རྒྱུ། །ཟངས་སམ་དམར་པོའི་ཤིང་རྣམས་ནི། །གསུང་མཆོག་དབང་གི་ཕུར་པའི་རྒྱུ། །ལྕགས་སམ་ནག་པོའི་ཤིང་རྣམས་ནི། །དྲག་པོ་ལས་ཀྱི་ཕུར་པའི་རྒྱུ། །ཞེས་སོ། །གཉིས་པ་ནི། མྱང་འདས་ལས། ཕུར་ནི་སྐྱེ་བ་མེད་པའི་དབྱིངས། །པ་ནི་འགག་པ་མེད་པའི་དོན། །ཕུར་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །པ་ནི་རིག་པའི་ཡེ་ཤེས་སོ། །གཉིས་སུ་མེད་པས་མྱ་ངན་འདས། །སེམས་ཀྱི་སེམས་ཉིད་ཕུར་པ་ཡིན། །ཆོས་ཀྱི་ཆོས་ཉིད་ཕུར་པ་ཡིན། །ནམ་མཁའི་མཚན་ཉིད་ཕུར་པ་ཡིན། །གསལ་བར་བསྒོམས་ན་བསྐྱེད་པ་ཡིན། །གཉིས་སུ་མེད་ན་སྦྱོར་བ་ཡིན། །ལྷངས་ཀྱིས་རྟོགས་ན་ཐེབས་པ་ཡིན། །ཉམས་འོག་ཚུད་ན་བསྒྲལ་བ་ཡིན། །ཞེས་སོ། །གསུམ་པ་ནི། གསང་རྒྱུད་ལས། སོར་བཞི་འབྱུང་བ་བཞི་ཡི་ཚད། །སོར་བརྒྱད་རྣམ་ཤེས་བརྒྱད་ཀྱི་ཚད། །བཅུ་གཉིས་སྐྱེ་མཆེད་བཅུ་གཉིས་ཚད། །བཅོ་བརྒྱད་ཚད་དུ་བསྟན་པ་ནི། །ཁམས་ནི་བཅོ་བརྒྱད་འཇོམས་པའི་རྟགས། །ནས་གང་ཚད་དུ་བསྟན་པ་ནི། །བྱང་ཆུབ་སེམས་མཆོག་ཚད་དུ་བསྟན། །ཅེས་སོ། །བཞི་པ་ལ། དོན་དམ་གྱི་ཕུར་པ་དང་། ཀུན་རྫོབ་ཀྱི་ཕུར་པའོ། །དང་པོ་ནི་རྒྱུད་ལས། ཕུར་པའི་དོན་ནི་རིག་པའི་ཡེ་ཤེས་ཏེ། །དེ་ཡི་ཡུལ་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །ཞེས་དང་། གཉིས་པ་ནི། ལྕགས་སྣ་ལྔ་དག་ཤིང་སྣ་བཞིའི་ཕུར་པ་སྟེ། མྱང་འདས་ལས། ས་ལྕགས་གནམ་ལྕགས་ཁྲོ་ཆུ་དང་། མི་རྟ་བསད་པའི་མཚོན་རྩེ་བཞི། །ཕལ་པའི་ལྕགས་དང་ལྔ་ལ་བྱ། །ཞེས་པའོ། །ལྔ་པ་ནི། མྱང་འདས་རྒྱུད་ལས། རྒྱ་མདུད་གོང་མ་ཆོས་སྐུ་སྟེ། །གཉིས་པ་ལོངས་སྤྱོད་རྫོགས་པ་ཡིན། །རྩེ་མོ་སྤྲུལ་པའི་སྐུ་ཡིན་པས། །མགོ་དང་རྩ་བ་མ་ནོར་བར། །ཟུར་གསུམ་པ་རུ་རྣམ་པར་བཞོག །ཅེས་སོ། །དྲུག་པ་ནི། གསང་རྒྱུད་ལས། ཙནྡན་དཀར་པོའི་ཕུར་པ་ཡིས། །ནད་རྣམས་མ་ལུས་ཞི་བར་བྱེད། །སྐྱེར་པའི་ཕུར་པ་ཟུར་བཞི་ཡིས། །ཚེ་དང་ལོངས་སྤྱོད་རྒྱས་པར་བྱེད། །སེང་ལྡེང་ཕུར་པ་ཟླ་གམ་གྱིས། །ཐམས་ཅད་དབང་དུ་སྡུད་པར་བྱེད། །བསྭེ་ཤིང་ཕུར་པས་རིགས་རྒྱས་བྱེད། །གསེར་གྱིས་བྱང་ཆུབ་སེམས་རྒྱས་བྱེད། །ཙནྡན་དམར་པོའི་ཕུར་པ་ཡིས། །བུ་མོ་དབང་དུ་སྡུད་པར་བྱེད། །མཛོ་མོས་བློན་པོ་དབང་དུ་སྡུད། །བསྭེ་ཤིང་དམངས་རིགས་དབང་དུ་སྡུད། །ཟངས་ཀྱིས་རྒྱལ་པོ་དབང་དུ་སྡུད། །ཤིང་གིས་གདོན་རྣམས་དབང་དུ་སྡུད། །ཅེས་པ་ལྟར་རོ། །འབྲས་བུ་ནི། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཞེས་སོགས་ཀྱིས་བསྟན་པའི་མཐར་ཐུག་ཕུར་བཞིའི་དགོངས་པ་མངོན་དུ་གྱུར་ནས་སངས་རྒྱས་པའོ། །དེས་སྤྲུལ་པའི་སྐུའི་ངོ་བོར་ཕུར་པ་རྫས་ཀྱི་དཀྱིལ་འཁོར་མདོ་ཙམ་བསྟན་ཟིན་ཏེ། སྤྱི་དོན་གཉིས་པ་དཀྱིལ་འཁོར་རྣམ་པ་གསུམ་སྔོན་དུ་འགྲོ་བ་དང་བཅས་པས་དོན་གྱི་ཁོག་དབུབ་པ་ཚར་རོ། །སྤྱི་དོན་གསུམ་པ་ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་ཞིང་སྲོག་གི་ཡེ་ཤེས་སེམས་དཔས་སྲོག་ལ་དབང་བསྐུར་བ་བཤད་པ་ལ་གཉིས། གསོལ་བ་གདབ་པ་དང་། དབང་བསྐུར་བའོ། །དང་པོ་ནི། ཐབས་ཀྱིས་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་པར་མཛོད། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་པ་སྟེ། འདི་ལ་རིག་འཛིན་གྲུབ་པའི་རྒྱལ་པོ་རྣམ་པ་གསུམ་གྱི་དགོངས་པའི་ཟུར་ཐམས་ཅད་ཚང་བར་མདོ་ཙམ་བསྙད་ན། སེམས་ཅན་གྱི་དོན་དུ་ཐབས་བསམ་གྱིས་མི་ཁྱབ་པ་དང་ཐབས་ལ་མཁས་པ་ཐམས་ཅད་ཀྱི་སྤྱོད་པས་ཟིན་པར་བསམ་པ་བྱམས་པ་དང་། ལག་ལེན་སྙིང་རྗེ་ནི་སྤྱིར་ཐེག་ཆེན་དང་། ཁྱད་པར་གསང་སྔགས་ལ་གལ་ཆེ་བའི་སྙིང་པོ་གཅིག་ཏུ་གྱུར་པའི་ཕྱིར། དེ་ལྟ་བུས་ཁྱད་པར་དུ་བྱས་པའི་སངས་རྒྱས་ཀྱི་ཕྲིན་ལས་ཀྱི་ངོ་བོར་བསྐྱེད་རྫོགས། ངེས་ཚིག་སངས་རྒྱས་ཀྱི་ཕྲིན་ལས་གང་ཟག་གི་ལས་སུ་བྱ་བ། དབྱེ་བ་ཕྲིན་ལས་བཞི་དང་། ཡང་ན་མ་རིག་པ་སངས་ཤིང་ཡེ་ཤེས་རྒྱས་པ་ལ་ཕྲིན་ལས་རྫོགས་པར་བྱས་པ་དང་། ཞི་རྒྱས་དབང་དྲག་གང་འདུལ་གྱི་ཕྲིན་ལས་ཐམས་ཅད་རྫོགས་པར་མཛད་པའི་དོན་དུ་ཕྱི་དབང་སྣང་བ་ལྷར་ཤེས་པ། ནང་དབང་སྣང་སྲིད་སེམས་སུ་ཤེས་པ། གསང་དབང་སྣང་སྲིད་སྟོང་པར་རྟོགས་པར་བྱིན་གྱིས་རླབས་ཀྱི་ཕྲིན་ལས་རྫོགས་པར་སྩོལ་ཅིག་པའི་དོན་དུ་སྤྱིར་ཤེས་པར་བྱ་ཞིང་། དོན་དཀྱིལ་འཁོར་རྣམ་པ་གསུམ་གྱི་སྲོག་ལ་དབང་བསྐུར་བས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་རྫོགས་པ་དེས་ཁམས་གསུམ་གྱི་སྲོག་གམ་སྙིང་པོ་ལ་ཐེབས་ནས་སྣང་གྲགས་རིག་པ་ལྷ་སྔགས་བདེ་བ་ཆེན་པོའི་རང་བཞིན་ཉིད་དུ་འཆར་བས་སྲོག་གི་ཡེ་ཤེས་སེམས་དཔའ་གང་གིས་སྲོག་གམ་སྙིང་པོའི་ཡེ་ཤེས་གསོས་བཏབ་པའམ། རྒྱལ་བ་ཀུན་གྱི་ཕྲིན་ལས་དུས་གཅིག་ཏུ་སྒྲུབ་ནུས་པའི་མཐུ་དང་དབང་ཆེན་པོ་བརྙེས་པའི་ཕྱིར་དུ་གོ་ན་རུང་ངོ་། །གཉིས་པ་དབང་བསྐུར་བ་དངོས་ནི། དེ་ལྟར་གསོལ་བ་བཏབ་པ་དང་སངས་རྒྱས་རིགས་ལྔ་སྤྱི་བོའི་ཐད་དུ་སྤྱན་དྲངས་ཏེ་གཤེགས་པས་ཤར་ཕྱོགས་པས་ཆུ་དབང་། ལྷོ་ཕྱོགས་པས་དབུ་རྒྱན། ནུབ་ཕྱོགས་པས་རྡོ་རྗེ། བྱང་ཕྱོགས་པས་དྲིལ་བུ། དབུས་ནས་མིང་གི་དབང་བསྐུར་བ་དང་བཅས་པ་ནི་བུམ་དབང་། རིགས་ལྔ་ཡབ་ཡུམ་གྱི་བྱང་སེམས་ཀྱི་རྒྱུན་བདག་གཙོ་བོའི་སྤྱི་བོ་ནས་ཞུགས་ཏེ་ཐིམ་པ་གསང་དབང་། དབང་ལྷ་ཐམས་ཅད་འོད་དུ་འདུས་ཏེ་སྤྱི་བོ་ནས་ཐིམ་པ་ཤེར་དབང་། དེའི་དུས་ཀྱི་བདེ་སྟོང་གི་ཉམས་རྒྱུད་ལ་སྐྱེས་པ་དབང་བཞི་པ། དེ་ནས་རིགས་ལྔ་ཅིག་ཅར་དུ་ཡར་ལོག་ནས་དབུར་བརྒྱན་པ་ནི་དབང་རྟགས་སོ། །དེ་ལྟ་བུར་གྱུར་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བའོ། །དབང་དེ་ལྟ་བུའི་ཡེ་ཤེས་སྥ་ར་ཎ་ཕཊ་ཀྱིས་ཁམས་གསུམ་གྱི་སེམས་ཅན་ལ་ཕོག །དེ་རྣམས་རིགས་དྲུག་སོ་སོའི་ས་བོན་གྱི་ངོ་བོར་གྱུར། དེ་འབྱུང་བའི་ཡི་གེ་གསུམ་གྱིས་བསྲེགས་གཏོར་སྦྱངས་པས་ཐམས་ཅད་དཀྱིལ་འཁོར་གསུམ་གྱི་སྐུར་གྱུར། དེ་ནས་འོད་ཀྱི་སྣང་བ་ཚུར་འདུས་སཾ་ཧ་ར་ཎ་ཧཱུྃ་གིས་སྙིང་གའི་རྟ་མགྲིན་ལ་འདུས། དབང་བསྐུར་བས་བཀྲག་དང་གཟི་བརྗིད་དཔལ་དུ་འབར་བ་ནི་དེས་སྲོག་ལ་དབང་བསྐུར་བའོ། །དེས་བསྐུལ་ཏེ་རྟ་མགྲིན་ཡབ་ཡུམ་ཟག་མེད་བདེ་ཆེན་གྱི་རོལ་པའི་བྱང་སེམས་ཡེ་ཤེས་སེམས་དཔའ་ལ་ཐིམ་ནས་དབང་བསྐུར་བས་དེ་ཉིད་བཀྲག་དང་ལྡན་པར་གྱུར་པའི་གཟི་བརྗིད་ཡེ་ཤེས་ཀྱི་བཅུད་ཐམས་ཅད་རྡོ་རྗེའི་ལྟེ་བའི་ཐུགས་སྲོག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཧཱུྃ་ཡིག་ལ་ཕོག །བཀྲག་དང་གཟི་མདངས་འོད་དུ་འབར་བ་ནི་ཡེ་ཤེས་སེམས་དཔས་སྲོག་ལ་དབང་བསྐུར་བའོ། །དེ་ནས་དཀྱིལ་འཁོར་གསུམ་གྱི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ངོ་བོའི་ཡིག་འབྲུ་གསུམ་གྱི་སྤྲོ་བསྡུ་ལས་སྤྱི་བོར་རྣམ་སྣང་། མགྲིན་པར་སྣང་མཐའ། སྙིང་གར་མི་བསྐྱོད་པས་བརྒྱན་པར་གསལ་བ་ནི་དབང་གི་རྟགས་སུ་བཤད་དོ། །འདིའི་སྐབས་སྲོག་ཅེས་པ་ལ་གཉུག་མ་རང་བཞིན་གྱི་སྲོག །རྩ་བ་ལྟ་བུའི་སྲོག །ཐུགས་སྲོག །རིགས་དྲུག་གི་ས་བོན། མི་མ་ཡིན་པ་སོ་སོའི་སྲོག་ཡིག་སོགས་ཀྱི་རྣམ་གཞག་མང་དུ་འབྱུང་ཡང་། སྐབས་དོན་འདིར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཁམས་གསུམ་གྱི་སྣོད་བཅུད་ལྷ་ཡིས་དཀྱིལ་འཁོར་དུ་སྲོག་གམ་སྙིང་པོའི་རང་བཞིན་དུ་བསྒྱུར། སངས་རྒྱས་ཀུན་གྱི་ཡེ་ཤེས་སྲོག་གམ་སྙིང་པོའི་ཚུལ་དུ་བདག་གི་སྙིང་གར་བཞུགས་པའི་སྲོག་གི་ཡེ་ཤེས་སེམས་དཔའ་དཔའ་བོ་རྟ་མགྲིན་གྱི་རྣམ་པར་སྣང་བ་དེས་ཐུགས་སྲོག་གི་ངོ་བོ་ལ་མཐུ་དང་ཡོན་ཏན་གཟི་བརྗིད་ཀྱི་མདངས་རབ་ཏུ་ཕྱུང་བ་ལ་གོ་བར་བྱའོ། །སྤྱི་དོན་བཞི་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་ཅིང་བསྙེན་པས་དངོས་གྲུབ་ཀྱི་བཅུད་བླང་བ་ལ་གཉིས། གསོལ་བ་གདབ་པ་དང་། དོན་དངོས་བཤད་པའོ། །དང་པོ་ནི། འཁོར་བ་ཕུར་བུ་བསྒྲུབ་དོན་དུ་དབང་དང་བྱིན་རླབས་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཕུར་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་པས་བསྟན་ཏེ། སྤྱན་འདྲེན་གྱི་ཚིག་འདིའི་ཤུགས་ལས་གཞན་རྣམས་ཀྱང་གོ་དགོས་པ་ཡིན་ལ། སྲིད་པའམ་འཁོར་བའི་ཁམས་ཀྱི་སྣོད་བཅུད་དག་དང་མཉམ་པའི་རང་བཞིན་མ་མཐོང་སྟེ་ཐ་མལ་རང་རྒྱུད་པ་དང་དངོས་པོ་མཚན་མར་བཟུང་བས་སྡུག་བསྔལ་རྣམ་པ་དུ་མས་ཤ་ཐང་ཆད་པ་འདི་དག །ཡེ་གདོད་མ་ནས་རྣམ་པར་དག་པའི་ཕུར་པ་མཉམ་ཡངས་གདལ་བ་ཆེན་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་རྣམ་རོལ་ལས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་རྣམ་གསུམ་སྐུ་གསུམ་གྱི་བདག་ཉིད་ཆེན་པོར་བསྒྲུབ་པའི་ཕྱིར་རམ་དོན་དུ། ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་ཞིང་སྲོག་གི་ཡེ་ཤེས་སེམས་དཔས་སྲོག་ལ་དབང་བསྐུར་བས་སྟོང་སྲོག་ཆོས་སྐུའི་ཀློང་དུ་དབྱེར་མེད་ཆེན་པོར་འཕོ་འགྱུར་གཞོམ་ཞིག་མེད་པར་གཉུག་མ་དོན་གྱི་སྲོག་པ་རྩ་མྱུར་དུ་ཚུགས་པའི་དབང་དང་བྱིན་རླབས་ཀྱི་རིམ་པ་མ་ལུས་པ་ཞུ་བའམ་སྩོལ་བའི་ཕྱིར་དུ། དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རོལ་པའི་ཁྲོ་རྒྱལ་ཆེན་པོ་གནས་འདིར་མ་ཐོགས་མྱུར་བའི་ཐུགས་རྗེའི་ཤུགས་ཀྱིས་གཤེགས་སུ་གསོལ་ན། ཡེ་ཤེས་པའི་ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་དངོས་ཉམས་རྨི་ལམ་གྱི་རྟགས་དང་མཚན་མ་བཟང་པོས་ཡེ་ཤེས་ཀྱི་ཁྲོ་བོ་གྲུབ་པའི་མཚོན་བྱེད་དུ་བསྟན་པ་དང་། ཕུར་པའི་དངོས་གྲུབ་མ་ལུས་པ་མཆོག་དང་ཐུན་མོང་གི་ཚུལ་དུ་སྩལ་བར་མཛད་དུ་གསོལ་ཞེས་དམ་ཚིག་གི་འཁོར་ལོས་འོག་མིན་ན་བཞུགས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་གསོལ་བའོ། །གཉིས་པ་ལ་བཞི། ཡེ་ཤེས་པ་སྤྱན་དྲང་བ། དེ་ལ་མཆོད་པ་བརྒྱད་དབུལ་བ། བསྙེན་པ་བྱ་བ། བསྟོད་ཅིང་དངོས་གྲུབ་བླང་བའོ། །དང་པོ་ནི། དམ་ཚིག་པའི་ཐུགས་ཀའི་འོད་ཀྱིས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་རང་དང་མཚུངས་པའི་དཀྱིལ་འཁོར་གསུམ་མདུན་མཁར་སྤྱན་དྲང་བའོ། །གཉིས་པ་དེ་ལ་མཆོད་པ་དབུལ་བ་ལ་བརྒྱད། ཕྱག་གི་མཆོད་པ། ལྷ་མོ་བཞི་བསྣོལ། བ་ལིཾ་གཏོར་མ། བདུད་རྩི་སྨན། རཀྟ་ཚར་གསུམ། སྦྱོར་དང་སྒྲོལ་བ། འདོད་དོན་གསོལ་བ། ཚོགས་དང་བསྟོད་པའི་མཆོད་པའོ། །དང་པོ་ནི། ནམ་མཁར་བཞུགས་པར་གསལ་བའི་ཡེ་ཤེས་པ་ལ་ཨ་ཏི་པུ་ཧོཿ ས་ཕྱག་བཙལ་བ་ལ། ཡེ་ཤེས་པས་པྲ་ཏི་ཛ་ཧོཿཞེས་ལན་དུ་དངོས་གྲུབ་ཀྱི་བཅུད་སྩོལ་བའོ། །གཉིས་པ་བསྟིམས་ནས་ལྷ་མོ་བཞི་བསྣོལ་གྱིས་མཆོད་པ་ལ། སྒོ་བཞིའི་ཡི་གེས་དགུག་གཞུག་བཅིང་མྱོས་ཀྱི་བྱ་བ་བྱས་ཏེ་དམ་ཡེ་བསྲེ་བའོ། །དེའི་འབྲུ་དོན་ཅུང་ཟད་བཤད་ན། གང་ནས་སྤྱན་དྲང་ན་འོག་མིན་ནས་སྤྱན་དྲང་། གང་དུ་ན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྒྲུབ་གནས་དང་བཅས་པར་དྲང་། སྒྲུབ་པའི་གནས་ཀྱང་དྲག་པོའི་དབང་དུ་བྱས་ནས་ཁ་རལ་སྲིན་པོའི་གནས། ཤིང་གཅིག་དྲི་ཟའི་གནས། དྲག་པོ་གནོད་སྦྱིན་གྱི་གནས། ཆུ་མིག་ཀླུའི་གནས། དུར་ཁྲོད་མ་མོ་མཁའ་འགྲོའི་གནས་སོགས་མང་དུ་གསུངས་ཀྱང་། འདིར་རྣལ་འབྱོར་པ་སྒྲུབ་པ་གང་དུ་བྱེད་པའི་གནས་དེ་ཉིད་དུའོ། །གང་གིས་སྤྱན་དྲང་ན་དམ་ཚིག་པས། གང་སྤྱན་དྲང་ན་དཀྱིལ་འཁོར་གསུམ་གྱི་ཡེ་ཤེས་པ་རྣམས་དྲང་བ་ཡིན། དགོས་པ་འཁོར་བ་གསུམ་མམ་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་རྡོ་རྗེ་ཕུར་བུ་བསྒྲུབ་པའི་ཕྱིར་དང་། དབང་དང་དངོས་གྲུབ་བླང་བའི་དོན་དུ་སྤྱན་དྲང་། དབང་གང་ལེན་ན་རྟོགས་པ་ཆོས་ཉིད་ཀྱི་དབང་། རིག་པ་རྩལ་གྱི་དབང་། ཁམས་གསུམ་སྒྲོལ་བའི་དབང་། དྲག་པོ་ལས་ཀྱི་དབང་རྣམས་བླང་བའི་དོན་དུའོ། །དངོས་གྲུབ་ཅི་ལེན་ན་རབ་སངས་རྒྱས། འབྲིང་རིག་འཛིན། ཐ་མ་མིག་སྨན་ལ་སོགས་པའམ། ཡང་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བླང་བའི་ཕྱིར་དུ་ཡིན་ལ། སྤྱན་དྲངས་བྱའི་ལྷ་དེ་དག་ལ་ཡེ་ཤེས་ཁྲོ་བོ་ཞེས་པའི་རྒྱུ་མཚན་ཡང་། ཡེ་ཤེས་ནི་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་ཡིན་ལ། དེ་དང་ལྡན་པ་ནི་ཡེ་ཤེས་པ། ཁྲོ་བོ་ནི་རྔམ་ཞིང་བརྗིད་པ་སྟེ་ཡེ་ཤེས་པ་ཡིན་ལ་ཁྲོ་བོ་མ་ཡིན་པ་ཞི་བའི་རིགས་ལྔ་ལྟ་བུ་དང་། ཡེ་ཤེས་པ་མིན་པ་ལ་ཁྲོ་བོ་ཡིན་པ་བདུད་དང་སྲིན་པོ་ལྟ་བུ་དང་། ཡེ་ཤེས་པའང་མ་ཡིན་ལ་ཁྲོ་བོའང་མ་ཡིན་པ་རིགས་དྲུག་གི་སེམས་ཅན་ལྟ་བུ་ནི་འདིར་སྤྱན་འདྲེན་པ་མིན་ལ། ཡེ་ཤེས་ཀྱང་ཡིན་ལ་ཁྲོོ་བོའང་ཡིན་པ་རྡོ་རྗེ་གཞོན་ནུ་ཕྲིན་ལས་ཕུར་པ་རོལ་པའི་ལྷ་ཚོགས་རྣམས་སྤྱན་འདྲེན་པ་ཡིན་པས་ན་འདི་དག་ལ་ཡེ་ཤེས་ཁྲོ་བོ་ཞེས་འཇོག་ཅིང་། སྤྱན་དྲངས་ནས་བྱེད་ལས་གང་བྱེད་ན་རྟགས་དང་མཚན་མ་སྟོན་པའི་བྱེད་ལས་མཛད་དེ། རྟགས་ནི་རབ་ཞལ་སྟོན། །འབྲིང་ཕུར་བུ་ནམ་མཁར་ལྡིང་བ། ཐམ་རྨི་ལྟས་སྟོན་པའམ། ཡང་ན་ལུས་ཡང་བ། ངག་བཙུན་པ། ཡིད་བདེ་བའོ། །མཚན་མ་ནི་མི་རྟོག་པའི་ཡེ་ཤེས་སྐྱེ་བ་རྣམས་ཡིན་པར་གསུངས་པའི་གནད་འདི་དག་འདི་ཙམ་དུ་མ་ཟད་སྤྱིར་གོ་བ་གལ་ཆེའོ། །གསུམ་པ་གཏོར་མའི་མཆོད་པ་ནི། དམ་ཚིག་ཆེན་པོས་གཙོ་བོ་དང་། སྤྲུལ་པ་ཆེན་པོས་ཕྱོགས་བཅུ་ཁྲོ་བོ་ལ། ཕྱག་བརྙན་ཆེན་མོས་མགོ་བརྙན་ཉི་ཤུ་ལ། ཤྭ་ནའམ་ཁྱིའི་གདོང་ཅན་གྱིས་ཤྭ་ན་བཞི་ལ། བདག་ཉིད་ཆེན་མོས་རེ་མ་ཏིལ། ས་བདག་གིས་བསྭེ་མོ་བཞི་ལ། ཁྱེད་ཀྱི་དམ་ཚིག་གིས་ལིང་ག་དབུལ་བའོ། །བཞི་པ་སྨན་མཆོད་ལ་ལྔ་སྟེ། སྨན་གྱི་ཆེ་བ་བརྗོད་པ། སྨན་མཆོད་དངོས། བཤགས་པ། དངོས་གྲུབ་བླང་བ། སྨོན་ལམ་སྟེ་དོན་དེ་དག་གིས་སྣང་སྲིད་བདུད་རྩི་དག་པས་དགྱེས་པ་བསྐྱེད་པའོ། །ལྔ་པ་རཀྟ་ཚར་གསུམ་ནི། །དང་པོ་བཀའ་ཉན་པར་བྱེད་པའི་དོན་དུ་འབུལ། གཉིས་པ་དམ་ཅན་གནད་ལ་དབབ་པའི་ཕྱིར་དུ་འབུལ། གསུམ་པ་མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཆེད་དུ་འབུལ་བ་དང་། གཞན་ཡང་དུག་ལྔ་དུག་གསུམ་གྱི་མཆོད་པ་རྣམས་ཀྱང་ཤུགས་ལས་ཤེས་པར་བྱའོ། །དྲུག་པ་སྦྱོར་སྒྲོལ་གྱི་མཆོད་པ་ནི། སྦྱོར་བ་ཁྲོ་བོ་ཡབ་ཡུམ་རྣམས་སྙོམས་པར་འཇུག་པ་དང་། སྒྲོལ་བ་ནི་དགྲ་བགེགས་བསྒྲལ་བ་སྟེ། ཡབ་ཡུམ་གྱི་མཁའ་གསང་རྡོ་རྗེ་འབར་བའི་གཏུན་དང་ཐོ་བས་དགྲ་བགེགས་བཀུག་ཅིང་རོལ་པའི་སྟབས་ཀྱིས་རྡུང་། བྱང་སེམས་མེ་ལྕེས་སྲེག །འདོད་ཆགས་ཞེ་སྡང་གཏི་མུག་གི་ངོ་བོ་ཤ་ཁྲག་རུས་གསུམ་ལྷག་མེད་དུ་གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པའི་ཞལ་དུ་སྦྱོར་བས་ཐུགས་རྒྱུད་མཉེས་པའི་བཞད་སྒྲ་དང་བཅས་ཏེ་ཐ་མལ་པའི་འདོད་ཆགས་ཞེ་སྡང་གི་ས་བོན་དང་བཅས་པ་རྩད་ནས་བརླག་པ་ནི་འདིའི་ངོ་བོའོ། །བདུན་པ་འདོད་དོན་གསོལ་གདབ་པ་ནི། དམ་ཚིག་ཆེན་པོའི་སོགས་ཀྱིས་བསྟན་དོན། རིག་པ་འཛིན་པ་རྣམས་ཀྱིས་བྱང་ཆུབ་སྒྲུབ་པའི་བདུད་དང་བར་གཅོད་གཉིས་འཛིན་ལོག་པར་རྟོག་པའི་འཁྲུལ་པའི་རང་གཟུགས་ཀྱི་སྣང་བ་ཐམས་ཅད་དབྱིངས་སུ་ཐིམ་ནས། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་དག །རྡོ་རྗེ་གསང་བའི་བཀའ་ལས་འདས་པའི་སྡིག་ཅན་གནོད་པར་བྱེད་པ་རྣམས་ཀྱི་ཁོང་ནས་མེ་འབར་བའི་བཀའ་འདས་ཀྱི་ཆད་པ་དྲག་པོས་མནར་བ་ཆོས་ཉིད་བཞིན་སྡུག་བསྔལ་ཉམས་སུ་མྱོང་བར་མཛོད་ཅིག །རིག་པ་འཛིན་པའི་སྒྲུབ་པ་པོ་རྣམས་ལ་མཆོག་ཐུན་དངོས་གྲུབ་ཀྱི་དབྱིག་མི་ཟད་པའི་གཏེར་ཆེན་པོའི་གྲུ་ཆར་ཀྱི་དཔྱིད་འཇོ་བས་དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད་ཅིག་ཅེས་བསྐུལ་བ་སྟེ། འདི་ལའང་གུ་རུ་གསུམ་གྱི་དགོངས་པས་མང་དུ་བཤད་ཀྱང་དོན་མདོར་བསྡུས་པའོ། །དེ་ནས་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་དེ་དག་གི་ཆེ་བའི་ཡོན་ཏན་བརྗོད་བྱར་བྱས་པའི་རྗོད་བྱེད་ཀྱི་གླུ་དབྱངས་སྙན་ཅིང་བརྗིད་ལ་ཟིལ་ཆེ་ཞིང་བྱིན་ཆགས་པའི་བསྟོད་པ་ཧེ་རུ་ཀ་ལྷག་པར་དགྱེས་པའི་དཔལ་ཆེན་རྔམས་པའི་སྒྲ་དབྱངས་ལྕེ་རྐན་བྱེད་རྩོལ་གྱི་འདུ་ཤེས་ལས་འདས་པའི་རང་བྱུང་ནཱ་ད་མི་ཤིགས་པའི་རང་སྒྲར་གསལ་བས་ཀྱང་དགྱེས་པ་བསྐྱེད་དོ། །བརྒྱད་པ་བསྙེན་པས་དངོས་གྲུབ་ཀྱི་བཅུད་བླང་བ་ནི། བསྙེན་ཛཔ྄་སྟེ་དེ་ལ་གསུམ། ཛཔ྄་ཁང་དབྱེ་བ། ཛཔ྄་བཟླ་བ། ཛཔ྄་བསྟོད་བྱ་བའོ། །དང་པོ་ནི། དམ་ཚིག་བཞིར་དབྱེ་བ་དང་། བར་དུ་ཛཔ྄་བཟླ་བ་ལ། ཕྱི་ལྟར་བཟླ་བ། ནང་ལྟར་བཟླ་བ། གསང་བ་ལྟར་བཟླ་བ། དེ་རེ་རེ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྟར་བཟླ་བ་སྟེ། འདི་དག་གི་རྣམ་གཞག་རྒྱས་པར་འགྲེལ་བ་དང་གཞན་ན་གསལ་བས་འདིར་བསྡུས་སོ། །ཛཔ྄་བསྟོད་བྱ་བ་ནི། བཟླས་གྲངས་རྫོགས་པ་དང་སྟོང་ཚིག་གི་མཆོད་བསྟོད་དབུལ་བའོ། །བརྒྱད་པ་ཚོགས་ཀྱི་མཆོད་པ་ག་ཎ་ཙཀྲའི་ཆོ་ག་ལ་བརྒྱད། ཚོགས་པ་གསུམ། གསག་པ་གསུམ། བསང་བ་གསུམ། སྦྱང་བ་གསུམ། བརླབ་པ་གསུམ། བསྐྱེད་པ་གསུམ། ཡུལ་གསུམ། དམ་ཚིག་གསུམ་མོ། །དང་པོ་ཚོགས་པ་གསུམ་ནི། དགའ་ལྡན་ལྷའི་ཚོགས། དགྱེས་ལྡན་མིའི་ཚོགས། འབྱོར་ལྡན་ལོངས་སྤྱོད་ཀྱི་ཚོགས་སོ། །དེའང་དང་པོ་ལྷ་མཐུན་པ་དང་། གཉིས་པ་དམ་ཚིག་རྩ་བ་གཅིག་པ་དང་། གསུམ་པ་ཡོ་བྱད་གྱ་ནོམ་པའོ། །གཉིས་པ་གསག་པ་གསུམ་ནི། གནས་དུར་ཁྲོད་ལྟ་བུར་གྲུབ་ཐོབ་ཀྱི་བླ་མ་གསག །ལྷ་གྲངས་དང་མཉམ་པའི་རྣལ་འབྱོར་གྱི་ཕོ་མོ་གསག །འདོད་ཡོན་ལྔའི་ལོངས་སྤྱོད་གསག་པའོ། །གསུམ་པ་ནི། དང་པོར་བདག་ཉིད་བསང་། གཉིས་པ་མཆེད་ལྕམ་བསང་། གསུམ་པ་ཚོགས་བསང་བའོ། །བཞི་པ་སྦྱང་བ་གསུམ་ནི། རྃ་ཡྃ་ཁྃ་གི་ས་བོན་ལས་བྱུང་བའི་མེ་རླུང་ཆུས་དམེ་བཙོག་སྦྱང་བའོ། །ལྔ་པ་ནི། ཧཱུྃ་ཨཱཿༀ་གསུམ་ཞུ་ཐིམ་པ་ལས་བདུད་རྩིའི་རང་བཞིན་སྔོ་དམར་དཀར་བའི་མདངས་ལྡན་དུ་བརླབ་པའོ། །དྲུག་པ་ནི། མཆོད་པའི་དུས་སུ་འདོད་ཡོན་ལྔ། བཤགས་པའི་དུས་སུ་ཡེ་ཤེས་ལྔ། བསྟབ་པའི་དུས་སུ་དགྲ་བགེགས་ཀྱི་ཤ་ཁྲག་དོན་སྙིང་དུ་གསལ་བའམ་ཤེས་པའོ། །བདུན་པ་ཡུལ་ནི། བླ་མ་རྡོ་རྗེ་འཛིན་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་དང་། དཔའ་བོ་མཁའ་འགྲོ་རྣམས་ལ་དབུལ་ལོ། །བརྒྱད་པ་དམ་ཚིག་ནི། མི་བྱ་བ་གསུམ། མི་སྨྲ་བ་གསུམ། མི་བསམ་པ་གསུམ། མི་འབྲལ་བ་གསུམ་བཤད་པ་སོགས་གཞན་ན་གསལ་ཞིང་། ལག་ལེན་དུའང། རྩ་རྒྱུད་ལས། བགེགས་བསྐྲད་བྱིན་བརླབ་སྤྱན་དྲངས་དང་། །མཆོད་དང་བསྐང་དང་བཟློག་པ་དག །སྟོད་ཀྱི་ལས་སུ་ཤེས་པར་བྱ། །བསྟབ་དང་དབུལ་བ་བཤགས་པ་དང་། །སྨོན་ལམ་རྒྱ་ཆེན་གདབ་པ་ནི། །སྨད་ཀྱི་ལས་སུ་ཤེས་པར་བྱ། །ཅེས་བཤད་པ་ལྟར་ལག་ཏུ་ལེན་ཅིང་། རྣལ་འབྱོར་སྒྲུབ་པ་པོས་ཟས་ལྷག་བསྡུས་ཏེ་བྱིན་གྱིས་བརླབས་ནས་སྒོ་དྲུང་ཉུལ་བའི་འབྱུང་པོ་ལྷག་སྡུད་གིང་ལང་འབར་མ་དབང་ཕྱུག་སོགས་ལ་བཀའི་ཕམ་ཕབ་ཀྱི་ཚུལ་དུ་བཏང་ནས་ཟབ་མོའི་སྨོན་ལམ་དང་རྡོ་རྗེའི་གླུས་རིག་པ་གཟེངས་བསྟོད་པ་སོགས་ལག་ལེན་ལས་ཀྱི་བྱང་བུ་དང་སྒོམ་དོན་སོགས་ལས་འབྱུང་གི། འདིར་མང་དུ་མ་སྤྲོས་སོ། །དེ་ལྟར་ན་དེ་དག་ནི། གསང་རྒྱུད་ལས། ས་མན་ཛཿཡ་ཞེས་གསོལ་བས། །ཕྱག་རྒྱ་བཞི་ཡིས་སྤྱན་ཡང་དྲང་། །ཏིཥྛ་བཛྲས་བརྟན་བྱས་ལ། །དགྱེས་པ་ཆེན་པོས་ཕྱག་བཙལ་ཞིང་། །མཆོད་པའི་རིམ་པ་སྔོན་འབྱུང་བཞིན། །དེས་ནི་ལས་རྣམས་མ་ལུས་འགྲུབ། །ཅེས་གསུངས་པའི་དོན་ཏོ། །གཞན་ཡང་གསང་སྔགས་རྙིང་མ་སྤྱིའི་འགྲོས་སུ་དམ་ཅན་སྲུང་མ་སྤྱི་དང་བྱེ་བྲག་ལ་ཕྲིན་ལས་གཞོལ་བའི་གཏང་རག་ཕུད་དང་གཏོར་མ་དབུལ་བ། རྩ་གསུམ་རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ལ་ཐུགས་རྗེའི་ཐུགས་དམ་གནད་ནས་བསྐུལ་བ། བཀའ་དང་དམ་ལ་གནས་པའི་རྒྱུད་གསུམ་དྲེགས་པའི་ཚོགས་ལ་བཀའི་ཆད་ཐོའི་ཐ་ཚིག་བསྒྲག་པ། བོོད་ཡུལ་མཐའ་དབུས་ཀྱི་སོ་ཁ་བསྲུང་ཞིང་མཐའ་བཞིའི་ཀླ་ཀློ་གདུག་པའི་རྒྱུ་ལམ་བཀག་པར་སྣང་སྲིད་ཟིལ་གནོན་མཚོ་སྐྱེས་རྒྱལ་བས་བཀའ་བསྒོས་པ་བདུད་དང་གནོད་སྦྱིན་སྨན་མོའི་ཚུལ་དུ་སྣང་བའི་བརྟན་མ་ཆེན་མོ་བཅུ་གཉིས་ལ་སྔོན་གྱི་ཐ་ཚིག་གཉན་པོ་བསྐུལ་བའི་ལས་ཀྱི་གཉེར་ཟན་དུ་བཤལ་ཆུའི་བདུད་རྩིས་སྟོབ་པ། ལོག་པར་འདྲེན་པའི་བདུད་དང་དམ་སྲི་གཏོར་གཞོང་རི་རབ་ཏུ་གསལ་བའི་འོག་ཏུ་ལྡང་མེད་མནན་པའི་རྒྱས་གདབ་པ། དངོས་གྲུབ་རྣམ་གཉིས་ཀྱི་བཅུད་བླང་བ། དཀྱིལ་འཁོར་ལ་སླར་ཡང་མཆོད་ཅིང་བསྟོད་པ། ནོངས་བཤགས། གཤེགས་གསོལ་ལམ་རྟེན་གཞུག །བསྐྱེད་རིམ་གྱི་དཀྱིལ་འཁོར་རྟགས་མཐའ་བསལ་ཕྱིར་འོད་གསལ་དུ་བསྡུ་ཞིང་། ཆད་མཐའ་སྤང་ཕྱིར་ལྷའི་སྐུར་ལྡང་བ། དགེ་ཚོགས་གཞན་དོན་དུ་ཐེག་པ་ཆེན་པོའི་བསྔོ་བ་དང་། ཟབ་རྒྱས་ཀྱི་དོན་ལ་སྨོན་ལམ་བཟང་པོར་བརྒྱན་པ། ཤིས་པའི་ཚིག་གི་དབྱངས་སྙན་ས་གསུམ་དུ་ཁྱབ་པར་སྤེལ་བས་དགེ་ལེགས་གོང་འཕེལ་དུ་བྱེད་པ་རྣམས་ཆོ་གའི་མཇུག་དོན་དུ་འོང་བ་ཡིན་མོད། འདིར་རྒྱུད་དོན་འདིར་རྒྱུད་དོན་རྒྱུད་ལྟར་འཆད་པ་སྐབས་སུ་བབ་པས་བསྐྱེད་རྫོགས་ཟབ་མོའི་རྩ་བ་རྡོ་རྗེའི་ཚིག་གིས་དངོས་ཤུགས་སུ་བསྟན་པ་ཙམ་ཚིག་ཉུང་ངུས་བཀྲལ་བའི་སྐབས་སུ་དེ་དག་སྨོས་པའི་སྤྲོས་པ་མ་བྱས་ལ། ཞིབ་པར་འཇམ་མགོན་ཨ་མེས་ཞབས་ཀྱི་དཀྱིལ་ཆོག་རྣམ་བཤད་དང་། གཞན་ཡང་སྒོམ་དོན་ཕྲིན་ལས་ཀྱི་རིམ་པ་རྣམས་སུ་འབྱུང་བ་ལྟར་རོ། །དེ་དག་གི་སྒོ་ནས་རྒྱུད་ཀྱི་ཐེམས་སྦྱར་བཅུའི་ས་བཅད་དང་པོ། གཉིས་པ། གསུམ་པ་དང་། ཁོག་དོན་དྲུག་གི་ནང་ནས་ས་བཅད་བཞི་སྟེ་བདུན་གྱིས་སྟོད་ལས་བྱང་ཆུབ་སྒྲུབ་པའི་དུམ་བུ་དངོས་ཤུགས་ཀྱི་ཚུལ་དུ་ཅུང་ཟད་བཤད་ཟིན་ཏོ།། ༈ །།དུས་མཐའི་མེ་དཔུང་བྱེ་བས་མི་སྐྲུན་པའི། །མཐུ་རྩལ་གཟི་ལྡན་རྫས་ཀྱི་ཕུར་བུ་ཡིས། །བརྣག་པའི་དགྲ་དང་བགེགས་ལ་ཐེབས་པའི་མོད། །ཕུར་བཞིའི་དགོངས་པ་རྟོལ་བྱེད་མངོན་སྤྱོད་ཆེ། །མཐུ་སྟོབས་རྡོ་རྗེའི་ཐོག་ཆེན་གྱིས། །གདུག་པའི་སྙིང་ལ་བསྣུན་པ་ཡིས། །ཐལ་འབྱིན་དམོད་པའི་འཕྲུལ་འཁོར་ནི། །སྔགས་ཤེས་རྣམས་ཀྱིས་ཅི་མི་སྐོར། ད་ནི་མཚན་མ་རྫས་ཀྱི་ཕུར་བུ་བརྣག་པའི་དགྲ་བགེགས་ལ་གདབ་པའི་རིམ་པ་སྨད་ལས་དྲག་པོ་སྒྲོལ་བའི་དུམ་བུ་ཉིད་འཆད་པར་བྱེད་པ་ལ་གཉིས། སྤྱི་དོན་རྣམ་པར་གཞག་པ་དང་། གཞུང་དོན་དངོས་བཤད་པའོ། །དང་པོ་ལ་དྲུག །གང་བསྒྲལ་བའི་ཡུལ། གང་གིས་སྒྲོལ་བྱེད་སློབ་དཔོན། ཚུལ་ཇི་ལྟར་བསྒྲལ་བའི་ཐབས། མ་བསྒྲལ་བའི་ཉེས་དམིགས། བསྒྲལ་བའི་ཕན་ཡོན། བསྒྲལ་བའི་འབྲས་བུའོ། །དང་པོ་ནི། ཉམས་པ་བདུན་དང་ལྡན་པ་དང་། ཞིང་བཅུ་ཚང་བ་སྟེ། ཉམས་པ་བདུན་ནི། ཕུར་བུ་མྱང་འདས་ཀྱི་རྒྱུད་ལས། སྲོག་དོན་བཀའ་དམ་ལས་ཀྱིས་ཉམས། །མཚན་མས་ཉམས་པར་འགྱུར་བ་དང་། །འདོད་པར་འགྱུར་བས་ཉམས་དང་བདུན། །བསྒྲལ་བའི་དམིགས་ཀྱི་དམ་པར་བཤད། །ཅེས་མདོར་བསྟན་ནས། དེ་དག་སོ་སོའི་མཚན་ཉིད་ཀྱང་། དེ་ཉིད་ལས། དེ་ཡི་སོ་སོའི་མཚན་ཉིད་ནི། །ཕ་མ་མཁན་པོ་སློབ་དཔོན་གསོད། །རྡོ་རྗེ་ནང་དམེ་བྱེད་པ་དག །ནམ་ཡང་དམྱལ་བར་ལྟུང་བྱེད་པས། །བསྒྲལ་བའི་དམིགས་ནི་དམ་པ་ཡིན། །སྲོག་ལས་ཉམས་པའི་མཚན་ཉིད་དོ། །སློབ་དཔོན་བཀའ་བསླུ་ངན་དཔྱ་སེམས། །སྔགས་དང་ཕྱག་རྒྱ་རྒྱུན་གཅོད་དང་། །གསང་བའི་མན་ངག་སྤེལ་བྱེད་ན། །དེ་ཡང་བསྒྲལ་བའི་དམ་པ་ཡིན། །དོན་ལས་ལོག་པའི་མཚན་ཉིད་དོ། །རྐུ་མཚང་འབྲུ་ཞིང་ཡ་ག་འདོགས། །སྐུར་པ་འདེབས་ཤིང་ལོག་པར་འཁྲིད། །རྟགས་ཀྱི་དོན་འདི་ལོག་པར་འཛིན། །དེ་ཡང་བསྒྲལ་བའི་དམ་པ་ཡིན། །བཀའ་ལས་ལོག་པའི་མཚན་ཉིད་དོ། །བྱ་རུ་མི་རུང་སྣ་ཚོགས་བྱེད། །རྫས་དང་ལག་ཆ་མངོན་པར་སྟོན། །སྦྱོར་སྒྲོལ་ཕྲིན་ལས་འཆོལ་བར་སྤྱོད། །ལྟ་བ་ཆོས་ཉིད་རྒྱབ་ཏུ་འདོར། །ལོག་པའི་སྤྱོད་པ་དང་དུ་ལེན། །ང་རྒྱལ་གཏུམ་ཁྲོ་རང་གར་གཏོང་། །མན་ངག་དོན་བསྟན་ལོག་པར་གོ། །ཕ་རོལ་དོན་ལ་ལོག་ཆོས་སྤྱོད། །དོན་ནི་ཕྱིན་ཅི་ལོག་ལ་མཁས། །བཀའ་གཞུང་བོར་ནས་ལོག་པར་བརྩམས། །སྤྱོད་པས་ལོག་པ་མཐའ་དག་བྱེད། །རུ་དྲ་དངོས་ཀ་དེ་ཡིན་ཏེ། །དངོས་སུ་བསྒྲལ་ཡང་མི་སྐྱོན་ནོ། །ཞེས་སོགས་ནས། འདོད་པས་ཉམས་པའི་མཚན་ཉིད་དོ། །ཞེས་པའི་བར་གྱིས་བསྟན་པའི་དོན་འདིར་མདོར་བསྡུ་ན། དང་པོ་སྲོག་ལས་ཉམས་པ་ནི། རང་གི་ཕ་མ་མཁན་པོ་སློབ་དཔོན་རྣམས་གསོད་པ་དང་། རྡོ་རྗེ་སྤུན་གྱི་ནང་དུ་དམེ་བྱས་པ་རྣམས་ཡིན་ལ། གཉིས་པ་དོན་ལས་ཉམས་པ་ནི། གོང་དུ་བཤད་པའི་ཡུལ་དེ་དག་ལ་སྐུར་པ་འདེབས་པའི་གཞི་བྱེད་པ། ལྟ་བ་རྒྱབ་ཏུ་བོར། ལོག་པ་དང་དུ་ལེན། སངས་རྒྱས་ཀྱི་བཀའ་དོར། བཀའ་ཕྱིན་ཅི་ལོག་ཏུ་དཀྲུགས་པ་ལ་མཁས་པའོ། །གསུམ་པ་བཀའ་ལས་ཉམས་པ་ནི། གསང་སྔགས་ཚུལ་བཞིན་དུ་སྤྱོད་པ་ལ་འཁུ་བ་དང་། མཚང་འབྲུ་བ་དང་། ཡ་ག་འདོགས་པ་དང་། བཀའ་ལ་སྐུར་པ་འདེབས་པ། འཁོར་རྣམས་ལོག་པར་འཁྲིད་པ་སོགས་ཡིན་ལ། བཞི་པ་དམ་ལས་ཉམས་པ་ནི། རྡོ་རྗེ་སློབ་དཔོན་གྱི་བཀའ་བསླུས་ཏེ་ངན་སེམས་བྱེད་པ། གསང་སྔགས་དང་ཕྱག་རྒྱའི་རྒྱུན་གཅོད་པ། གསང་ཆོས་རྒྱུད་མ་སྨིན་པ་ལ་སྤེལ་བ་རྣམས་ཡིན་པར་བཤད་དོ། །ལྔ་པ་ལས་ཀྱིས་ཉམས་པ་ནི། ལས་ཀྱིས་སྔོན་ཆད་མཁོན་པའི་གཞི་མེད་པར་ཉེས་མེད་གཞན་ལ་རྒོལ་ཞིང་བཞིན་བཟློག་པར་བདག་གིས་ཉེས་པ་མ་བསྟན་ཡང་བདག་ལ་མཐུ་རྩལ་གྱིས་འདེབས་པར་བྱེད་པ་རྣམས་ཡིན་ཞིང་། དྲུག་པ་མཚན་མས་ཉམས་པ་ནི། གཉིས་མེད་དོན་ལ་ཕྱོགས་ཆར་འཛིན་པ། སྒྲོ་སྐུར་གཉིས་ཀྱིས་རས་ཆོད་བྱེད་པ། སྐྱེ་མེད་ཀྱི་ཆོས་ལ་མཚན་མར་གཟུང་བ། ལྷ་སྲིན་མ་ལུས་པ་བྲན་དུ་མ་འཁོལ་བཞིན་ང་ཉིད་དཔལ་ཆེན་པོ་ཡིན་ནོ་ཞེས་འཇིག་རྟེན་བླུན་པོ་རྣམས་བསླུ་བའི་རྫུན་ཆེན་པོ་སྨྲ་བ། གཞན་ལ་ཁྲོ་ཞིང་འཚེ་བར་བྱེད་པ་རྣམས་ཡིན་པར་གསུངས། བདུན་པ་འདོད་པས་ཉམས་པ་ནི། ཤེས་རབ་རྣམ་གསུམ་གྱི་རྩལ་མེད་པར་མཐུ་སྩལ་ཆེན་པོར་འདོད་པས་ལས་ཀྱི་གཙོ་བོ་མཚན་མར་སྤྱོད་པ། འཇིག་རྟེན་ལས་མ་འདས་པའི་ལྷ་འདྲེ་ལ་གསོལ་བ་བཏབ་ཅིང་རང་གི་གདོང་ཁྲག་གིས་བྱུགས་པ་ལ་སོགས་པའི་སྒོ་ནས་སྤྱོད་པའི་གཞུང་བཟང་པོ་བོར་ཞིང་། མི་འཚམས་པའི་སྤྱོད་ངན་ཐོ་ཅོ་བརླང་པོར་སྤྱོད་པས་བཀའ་དང་གཞུང་ལུགས་སྨད་ནས་བཟའ་བཏུང་འདོད་པས་སྒྲུབ་པའི་ལོངས་སྤྱོད་བརྐུ་བ་རྣམས་ཡིན་པར་བཤད་དོ། །གཞན་ཡང་ཁྲག་འཐུང་རྩ་བའི་རྒྱུད་ལས། སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །དགེ་འདུན་འདུ་བའི་སྒོ་འཕྲོག་དང་། །ཐེག་ཆེན་ཆོས་ལ་སྨོད་པ་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །རྡོ་རྗེའི་ནང་དབྱེན་བྱེད་པ་དང་། །སྒྲུབ་ལ་བར་ཆད་བྱེད་པ་དང་། །གང་ཞིག་དམ་ལས་ལོག་པ་དང་། །སྙིང་རྗེ་མེད་པའི་སྲིན་པོ་དང་། །མུ་སྟེགས་ལོག་ལྟར་གཏོང་བ་དང་། །སྒྲུབ་པ་པོ་ལ་དོ་བསྡོ་བ། །འདི་རྣམས་བསྒྲལ་བའི་ཞིང་བཅུ་ཡིན། །ཞེས་གསུངས་པ་ལྟར་བྱ་བ་མ་ཡིན་པར་བརླང་པོར་སྤྱོད་པའི་ལས་ངན་ཅན་གྱི་བསྒྲལ་བའི་ཞིང་དུ་གྱུར་པ་རྣམ་པ་བཅུར་གསུངས་པ་དེ་དག་སྟེ། གདུལ་བྱ་གདུག་པ་ཅན་རྣམས་མངོན་སྤྱོད་ཀྱི་སྒོ་ནས་བསྒྲལ་ཏེ་སྲོག་འཕྲོག་པར་བྱ་བ་ནི་སྔགས་ཀྱི་ཕྲིན་ལས་ཐམས་ཅད་ཀྱི་ནང་ན་ཕུལ་དུ་བྱུང་བ་ཡིན་ལ། རྒྱུ་མཚན་ཐུགས་རྗེའི་དཔྱང་ཐག་གིས་གཟུང་ཞིང་སྔགས་ཀྱི་ཕྲིན་ལས་འཇུག་པའི་ཡུལ་སེམས་ཅན་གྱི་རིས་ནི་རྣམ་པ་གཉིས་ཏེ། གདུལ་སླ་བ་དང་། གདུལ་དཀའ་བ་གཉིས་ཀྱི། དང་པོ་ནི། ལས་ཉོན་སྲབ་ཅིང་དཀོན་མཆོག་ལ་གུས་པ་རྣམས་ནི་ཆོས་བསྟན་པ་སོགས་ཐུགས་རྗེ་ཞི་བའི་ཐབས་ཀྱིས་ཐར་བའི་གནས་སུ་བསྒྲལ་བའི་སྐལ་པ་དང་ལྡན་པ་ཡིན་པས་གདུལ་བར་སླ་ཞིང་། གཉིས་པ་འདིར་བསྟན་གྱི་མཚན་ཉིད་ཅན་ལས་ཉོན་ཤུགས་དྲག་པོས་རང་དབང་མེད་པར་མནར་བ་གང་ཞིག་དཀོན་མཆོག་གསུམ་ལ་རྒྱབ་ཀྱིས་ཕྱོགས་ཤིང་བསྟན་པ་དང་སེམས་ཅན་ལ་རྣམ་པ་ཀུན་ཏུ་གནོད་པ། ཞི་བའི་ཐབས་གང་གིས་ཀྱང་འདུལ་བར་མི་ནུས་པ། བླ་མེད་རྒྱུད་སྡེ་ལྟར་ན་རྡོ་རྗེ་དམྱལ་བའམ། ཕར་ཕྱིན་དང་ཐུན་མོང་བ་ལྟར་ན་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་སོགས་ངན་སོང་གི་འགྲོ་བར་ཤིན་ཏུ་མུ་མཐའ་མེད་པར་འཁྱམས་པ་དེ་དག་ནི་དྲག་པོའི་ཤུགས་ཀྱིས་སྒྲོལ་བའི་ཕྲིན་ལས་འཇུག་པའི་ཡུལ་ཁྱད་པར་ཅན་ཡིན་ནོ། །གཉིས་པ་གང་གིས་སྒྲོལ་བྱེད་སློབ་དཔོན་གྱི་མཚན་ཉིད་ནི། སྤྱིར་གོང་དུ་ཕུན་སུམ་ཚོགས་པ་ལྔའི་དང་པོ་བདག་ཉིད་དམ་སྟོན་པ་ཕུན་ཚོགས་ཀྱི་མཚན་ཉིད་བཤད་པའི་སྐབས་སུ་བསྟན་པ་ཐམས་ཅད་ཚང་བར་དགོས་ཤིང་། བྱེ་བྲག་ལྟ་བའི་རྫོང་ཟིན་ཅིང་སྒོམ་པའི་འཕྲང་ཆོད་ལ་སྤྱོད་པའི་སྲོག་ཟིན་པའི་སྒོ་ནས་རྟོགས་པས་བདག་བསྒྲལ་བར་བྱས་ནས། དེའི་འོག་ཏུ་ལས་ངན་གྱི་གདུལ་བྱ་ལ་སྙིང་རྗེ་ཆེན་པོ་མཚུངས་པ་མེད་པ་དང་། མཉམ་པ་ཉིད་དུ་རྟོགས་པའི་ཤེས་རབ་ཆེན་པོ་ཕུལ་དུ་བྱུང་བའི་སྟོབས་ཀྱིས་ཐུགས་རྗེས་གཞན་སྒྲོལ་བ་དང་དུ་ལེན་པའི་མཚན་ཉིད་རྫོགས་པ་མེད་ཐབས་མེད་པས། དེའང་གཞིའི་སེམས་ཞེས་མ་བཅོས་སྤྲོས་མེད་ཆོས་སྐུའི་དགོངས་པ་ཟང་ཐལ་ཁྱབ་གདལ་ཐིག་ལེ་ཉག་གཅིག་འོད་གསལ་ནམ་མཁའ་ལྟ་བུའི་དགོངས་པ་ཕར་ཕྱིན་ལྟར་ན་ཟབ་མོ་དབུ་མའི་ལྟ་བ་རྣམ་པར་དག་པ་དང་། སྔགས་བླ་མེད་ལྟར་ན་ཕྱག་རྫོགས་ཀྱི་ཡེ་ཤེས་ཨེ་ཝྃ་དང་། བདེ་ཆེན་གྱི་སྒྲས་བསྟན་པའི་དོན་ལ་གོམས་པ་བརྟན་པོར་གྱུར་པས་ཆོས་ཐམས་ཅད་གདོད་ནས་དབྱེར་མེད་པ་མཉམ་པ་ཆེན་པོའི་དོན་དུ་མཐོང་བས་འཁོར་གསུམ་དམིགས་མེད་སྒྱུ་མའི་རྣམ་འཕྲུལ་ལྟ་བུ་ངེས་པའི་གདེང་དང་ལྡན་ཅིང་། སྟངས་ཀྱི་སེམས་ཞེས་དོན་དམ་དམིགས་མཐའ་དང་བྲལ་བའི་དགོངས་ཀློང་དང་དབྱེར་མེད་པའི་ངང་ནས་རྣམ་པ་ཀུན་རྫོབ་སྒྱུ་མ་ལྟ་བུའི་སྙིང་རྗེའི་རྩལ་མདངས་ཤུགས་དྲག་མ་འགགས་པའི་ཚུལ་དུ་ལྷམ་མེར་འཆར་བས་གདུག་ཅིག་གཏུམ་པའི་གདུལ་བྱ་ལས་ངན་པའི་རྣམ་པར་སྨིན་པའི་རྒྱུས་འབྲས་བུ་ངན་འགྲོ་མཐའ་མེད་པའི་འཁོར་བར་བཟོད་དུ་མེད་པའི་དུཿཁའི་མེ་འབར་བའི་རུམ་ན་ཐར་དུས་མེད་པ་དེ་ལ་གཞིག་ནས་ཤས་མི་བཟོད་པའི་བྱམས་པ་དང་སྙིང་རྗེའི་གཞན་དབང་ལས་དེ་ལ་ཕན་པའི་ཐབས་ནི་ཞི་བས་འདུལ་དུ་མ་འཚལ་བར་དཔའ་ཞིང་གཏུམ་པའི་ཞེ་སྡང་གི་རྣམ་པའི་ཐབས་དྲག་པོས་བཙན་ཐབས་གདོང་ནས་བཟློག་སྟེ་སྤྱི་བོར་ཐོག་ལྷུང་བ་ལྟ་བུའི་དྲག་ཤུལ་མངོན་སྤྱོད་ཀྱི་ཐབས་མཁས་ཟབ་མོས་མྱུར་དུ་གནས་ངན་ལས་བསྒྲལ་ཏེ་ཞི་བའི་ལམ་ལ་བཀོད་འདོད་ཀྱི་བསམ་པ་རང་འཁྲིས་ཀྱི་དྲི་མས་མ་རེག་པས་བསྐུལ་ཏེ། དྲག་པོ་མངོན་སྤྱོད་ཀྱི་ལས་ལ་འཇུག་པ་དེའི་ཚེ་རྣམ་པ་ཞེ་སྡང་གི་སེམས་གདུག་ཅིང་རྩུབ་པ་དུས་མཐའི་མེ་དཔུང་འབར་བའི་ལྕེ་གླལ་བ་ལྟ་བུར་སྣང་ཡང་། ངོ་བོ་སྙིང་རྗེ་ཆེན་པོས་གདངས་ལམ་མེར་ཤར་བས་གནས་སྐབས་མཐར་ཐུག་ཏུ་གཞན་ཕན་གྱི་བསམ་པ་བཟང་པོ་མས་བུ་གཅེས་པ་གཅིག་པུ་ལ་ཅི་འདྲ་བ་དེ་འདྲ་ཞིག་གི་གནས་ལ་ཤིན་ཏུ་གོམས་པའི་མཚན་ཉིད་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཞེས་སྤྱིར་ཐེག་པ་ཆེན་པོའི་ལམ་གྱི་སྙིང་པོ་ཡིན་པས་རང་གཞན་གི་དོན་སྒྲུབ་པར་བྱེད་པ་ལ་མེད་ཐབས་མེད་ཅིང་། ཁྱད་པར་གསང་སྔགས་རྡོ་རྗེེ་ཐེག་པའི་ལམ་ནས་བསྙེན་པ་དང་ཉེ་བསྙེན། སྒྲུབ་པ་དང་སྒྲུབ་ཆེན། བསྐྱེད་བཟླས་རྫོགས་པའི་རྣལ་འབྱོར་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་ཅི་ལྟ་བུ་ཞིག་ལ་འཇུག་ཀྱང་དེ་ལྟ་བུའི་སེམས་ཀྱིས་ཟིན་ན་ཅི་བྱས་ལམ་དུ་འགྱུར་ཞིང་རང་གཞན་གྱི་དོན་གཉིས་དཀའ་བ་མེད་པར་འགྲུབ་པར་འགྱུར་ལ། གཞན་དུ་ཞེ་སྡང་རང་རྒྱུད་པས་སྔགས་ཀྱི་མངོན་སྤྱོད་སོགས་གསང་བ་ཟབ་མོའི་སྤྱོད་པ་རང་དགར་སྤྱད་པས་རང་གཞན་ཕུང་ལ་སྦྱོར་བའི་རུ་དྲ་འབའ་ཞིག་ཡིན་པར་སྒྲོལ་བྱེད་སློབ་དཔོན་གྱི་མཚན་ཉིད་གཙོ་བོ་འདི་དག་ཏུ་འདུས་པ་ཡིན་ལ། དེའང་མདུན་དུ་རང་གི་སེམས་ཀྱིས་སྤྲུལ་པའི་དམིགས་བྱ་གསལ་བ་དེའི་ལག་པ་ནས་བཟུང་སྟེ་བསྒྲལ་བར་བསམ་པ་དང་། ཡུལ་དངོས་ཀྱི་ལག་པ་ནས་བཟུང་སྟེ་བསད་པ་གཉིས་ལ་ཁྱད་ཡོད་པར་འཛིན་པའི་ཀུན་རྟོག་ཡོད་ཀྱི་རིང་ལ་བསྒྲལ་ཀྱང་རྣམ་སྨིན་ཡོད་ལ། དེ་གཉིས་ཀ་སེམས་ཀྱི་སྣང་བ་ཙམ་དུ་ཁྱད་མེད་པས་བསྒྲལ་ཀྱང་སྒྱུ་མ་མིག་ཡོར་གྱི་ཚུལ་དུ་ཡང་སྤུ་ཙམ་མི་སྐྱེ་བའི་ཚེ་ན་བསྒྲལ་ཀྱང་ལས་ཀྱི་འབྲས་བུ་རང་གི་ཁུར་དུ་མི་འགྱུར་བས། རྟོགས་ཚད་དེ་ལྟ་བུ་དང་ལྡན་པར་བྱ་བ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་དམིགས་པ་ཀུན་དང་བྲལ་བའི་ནམ་མཁའི་དཀྱིལ་ཤིན་ཏུ་དག་པ་ལྟ་བུ་དང་། དེ་ལྟ་བུའི་སྒྲོལ་བ་ལམ་དུ་འགྱུར་བ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ་ཟུང་དུ་འཇུག་པའི་གདིང་དང་ལྡན་པ་ཞིག་དགོས་པའི་གལ་གནད་ཆེ་བའི་རྒྱུ་མཚན་དེ་ལྟར་ཡིན་ལ། ཚད་དང་ལྡན་པའི་སྒྲོལ་བྱེད་ཀྱི་སློབ་དཔོན་དེ་ལྟ་བུས་གདུལ་དཀའ་བའི་ཡུལ་ལ་ཐུགས་རྗེའི་དཔྱང་ཐག་གིས་མི་གཏོང་ཞིང་། གསང་སྔགས་ཐབས་མཁས་པའི་ཆོ་འཕྲུལ་གྱི་སྒོ་ནས་རྗེས་སུ་འཛིན་པའི་ཐབས་ཤེས་གཉིས་ཀ་ཕུལ་དུ་བྱུང་བ་སྒྲོལ་བ་འདི་ལ་ཡོད་པའི་ཕྱིར་རོ། །གཞན་སྒྲོལ་བྱེད་ཀྱི་མཚན་ཉིད་བྱེ་བསྡུ་ཕྲ་ཞིབ་མང་དུ་གསུངས་པའང་ཤེས་པར་བྱའོ། །དེ་ལྟར་མངོན་སྤྱོད་ཟབ་མོའི་ཐབས་མཁས་ལ་གདིང་དང་ལྡན་པའི་སློབ་དཔོན་དེ་ཉིད་ཀྱིས་ཚར་གཅོད་རྗེས་སུ་འཛིན་པའི་དྲག་ཤུལ་དཔའ་བོ་རོལ་པའི་སྤྱོད་པ་འཇིགས་མེད་སེང་གེའི་བརྟུལ་ཞུགས་ཀྱིས་ཉེ་བར་སྤྱོད་པ་དེའི་ཚེ་དྲག་པོའི་བརྟུལ་ཞུགས་ཀྱི་ཆས་དང་ཡོ་བྱད་སོགས་ཀྱང་། མྱང་འདས་ཀྱི་རྒྱུད་ལས། སྔགས་པ་རྒྱན་གྱི་ཆས་ཀྱི་རྫས། །གླང་ཆེན་ཀོ་རློན་ཞིང་གི་ཤུན། །སྟག་གི་ཤམ་བུ་སྦྲུལ་གྱི་རྒྱན། །ཐལ་ཆེན་ཞག་དང་རཀྟས་བརྒྱན། །ཞེས་སོགས་ཆས་དང་ཡོ་བྱད་ཀྱི་དགོས་པའི་རྫས་ཉེ་བར་བསྡོགས་ཏེ་འཇིགས་ཤིང་ཡང་བའི་རྔམ་ཟིལ་གྱི་གཟི་བརྗིད་ཆེར་འབར་བར་བྱ་བའང་ཚུལ་འདིར་ཉེ་བར་འོས་པའི་ཡན་ལག་གོ། །གསུམ་པ་ཚུལ་ཇི་ལྟར་སྒྲོལ་བའི་ཐབས་ནི། སྤྱིར་ཕུར་བུ་བཞིས་གང་ཟག་རྣམ་པ་བཞི་མཐར་དབྱུང་བ་ཉིད་སྒྲོལ་བའི་ཐབས་ཀྱི་རྩ་བ་ཡིན་ཀྱང་། སྐབས་འདིར་མཚན་མ་རྫས་ཀྱི་ཕུར་བུ་ཡུལ་དགྲ་བགེགས་ལ་གདབ་པ་ཉིད་གཙོ་བོར་བསྟན་པའི་ཤུགས་ལས་ཕུར་བུ་གཞན་གསུམ་པོའི་དགོངས་པའང་ཞར་བྱུང་དུ་འཇུག་པ་ཤེས་པར་བྱ་དགོས་པས། དེ་འཆད་པ་ལ་གསུམ། ཚེ་ལུང་ཁྲུས་ལུང་གི་དགོངས་པ། སྒྲོལ་བྱེད་ཀྱི་ཕུར་གདབ་དངོས། གབ་པའི་སྔགས་དྲུག་བཤད་པའོ། །དང་པོ་ནི། དམིགས་པའི་རྟེན་ལ་གཟས་པ་པོ་དགུག་ཅིང་ལྷ་དང་དབྱེ་ལ་དྲག་པོའི་ཐུན་དབབ། །སྙིང་གའི་དྭངས་མ་ལྔ་འདུས་ཀྱི་སྲོག་འཕྲོག་སྟེ་ལས་ངན་གྱི་བག་ཆགས་ཐམས་ཅད་ཡེ་ཤེས་ཀྱི་འོད་ཀྱིས་སྦྱོང་བ་ཁྲུས་ལུང་། ཕ་རོལ་པོའི་ཚེ་བདག་གི་ཚེའི་གསོས་སུ་བསྟིམ་པ་ཚེ་ལུང་། དགྲ་བགེགས་ཀྱི་རྣམ་ཤེས་འོག་མིན་དུ་རྒྱལ་བ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕངས་ཏེ་རིགས་ཀྱི་སྲས་སུ་བསྒྱུར་བ་གནས་ལུང་སྟེ། དེ་ལྟ་བུའི་དགོངས་སྤྱོད་ཟབ་མོ་དང་ལྡན་པར་བྱ་བ་དང་། གཉིས་པ་གདབ་ལས་དངོས་ནི། རྒྱུད་ལས། གཙོ་བོའི་ཕུར་པ་བླངས་ནས་ནི། །བདག་ཉིད་བསྲུང་བའི་ཚེ་ཕུར་བྱ། །ཞེས་གཙོ་བོའི་ཕུར་བ་བདག་ཉིད་ཀྱི་སྲོག་ལྟ་བུ་ཡིན་པས་བྱིན་བརླབ་དང་མཆོད་བསྟོད་བྱས་ལ་བཞུགས་སུ་གསོལ་ཞིང་། ཡང་རྒྱུད་ལས། དེ་ལྟར་བདག་ལུས་ཚགས་ཚུད་ནས། །གཞན་གྱི་ལུས་སེམས་དབྲལ་བའི་ཕྱིར། །ཁྲོ་བོ་བཅུ་ཡི་ཕུར་པ་ཡིས། །ལུས་ཀྱི་གནས་བཅུ་དག་ཏུ་གདབ། །སྒོ་མ་བཞི་ཡི་ཕུར་པ་ཡིས། །ལུས་ཀྱི་མཚོ་བཞི་དག་ཏུ་གདབ། །མི་བཟད་ཕུར་པ་དྲུག་པོ་ཡིས། །གནས་དྲུག་སྲོག་ལ་གདབ་པར་བྱ། །ཞེས་གསུངས་པས། སྤྱིར་སྒྲུབ་ཕུར་བརྒྱ་རྩ་བརྒྱད། ལྷ་ཕུར་ལྔ་བཅུ་རྩ་གཅིག །གདབ་ཕུར་ཉི་ཤུ་རྩ་གཅིག །མགྱོགས་ཕུར་བརྒྱད་ཅུ་ཐམ་པ། ཕུར་པ་སིལ་བུ་གྲངས་མེད། ཟློག་ཕུར་བཅུ་གཉིས་དེ་རྣམས་ཀྱིས་གདབ་པར་བྱ་བ་ཡིན་ཀྱང་། འདིར་གདབ་ཕུར་ཉི་ཤུ་རྩ་གཅིག་སྟེ། ཁྲོ་བོ་བཅུ། སྒོ་མ་བཞི། མི་བཟད་པའི་ཕུར་པ་དྲུག །སྲས་མཆོག་བཛྲ་འདུས་པའི་ཕུར་བུ་དང་ཉེར་གཅིག་གིས་གདབ་པར་གསུངས་ཏེ། དེའང་རྣམ་པར་རྒྱལ་བའི་ཕུར་པ་དེ་མ་བྱིན་པར་ལེན་པོའི་གནས་མིག་གཉིས་ལ་གདབ། དེ་ལ་བསྐུལ། ཕོ་ཉ། དབུ་ནོན་གསུམ་བཅས་ཀུན་ལ་འགྲོ་དགོས་པ་ཤེས་པར་བྱ་ཞིང་། དེ་བཞིན་དབྱུག་སྔོན་ཅན་གྱི་ཕུར་པ་ལོག་པར་ལྟ་བའི་གནས་སྣ་གཉིས་ལ་གདབ། གཤིན་རྗེའི་གཤེད་ཀྱི་ཕུར་པ་སྲོག་གཅོད་སྤོང་བའི་གནས་ཡིན་པས་རྣ་བ་གཉིས་ལ་གདབ། མི་གཡོ་མགོན་པོའི་ཕུར་པ་རྫུན་དུ་སྨྲ་བའི་གནས་ལྕེ་ལ་གདབ། རྟ་མགྲིན་གྱི་ཕུར་པའང་ངག་འཁྱལ་སྤོང་བའི་གནས་ལྕེ་ལ་གདབ། གཞན་གྱིས་མི་ཐུབ་པའི་ཕུར་པ་ཕྲ་མའི་གནས་གསང་བར་གདབ། བདུད་རྩི་འཁྱིལ་པའི་ཕུར་པ་ཚིག་རྩུབ་ཀྱི་གནས་དཔུང་པ་གཡོན་ལ་གདབ། ཁམས་གསུམ་རྣམ་རྒྱལ་གྱི་ཕུར་པ་གནོད་སེམས་ཀྱི་གནས་ལྕེའི་གཡས་གཡོན་ལ་གདབ། ཧཱུྃ་ཀ་རའི་ཕུར་པ་ལོག་པར་ལྟ་བའི་གནས་སྤྱི་གཙུག་ཏུ་གདབ། སྟོབས་པོ་ཆེའི་ཕུར་པ་བརྣབ་སེམས་སྤོང་བའི་གནས་ཡིན་པས་རྐང་པའི་མཐིལ་དུ་གདབ་པ་སྟེ། དེ་དག་གིས་ནི་མི་དགེ་བ་བཅུ་རྩད་ནས་གཅད་པའི་ཕྱིར་ཁྲོ་བཅུའི་ཕུར་པ་ལུས་ཀྱི་གནས་བཅུར་གདབ་པ་དང་། ཚད་མེད་པ་བཞི་དང་ལྡན་པར་བྱ་བའི་ཕྱིར་སྒོ་མ་བཞིའི་ཕུར་པ་ལུས་ཀྱི་མཚོ་བཞི་ལ་གདབ་པ་ནི། ལྕགས་ཀྱུ་མའི་ཕུར་པ་གློ་བ་དབུགས་ཀྱི་མཚོ་ལ་གདབ། ཞགས་པ་མའི་ཕུར་པ་མཆིན་པ་ཁྲག་གིས་མཚོ་ལ་གདབ། ལྕགས་སྒྲོག་མའི་ཕུར་པ་ཨན་སྟོང་རུས་པའི་མཚོ་ལ་གདབ། དྲིལ་བུ་མའི་ཕུར་པ་ཀླད་པ་བྱང་ཆུབ་སེམས་ཀྱི་མཚོ་ལ་གདབ་པའོ། །དེ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བྱ་བའི་ཕྱིར་མི་བཟད་པའི་ཕུར་པ་དྲུག་གདབ་པ་ནི། ཁྲག་གི་གནད་གཅོད་པ་སེང་ལྡེང་གི་ཕུར་པ་སྤྱི་གཙུག་ཏུ་གདབ། དབུགས་ཀྱི་གནད་གཅོད་པ་བྱ་རྒོད་ཀྱི་ཕུར་པ་རྐང་མཐིལ་དུ་གདབ། འབྱུང་བཞིའི་གནད་གཅོད་པ་མིའི་མཆོག་ཕུར་གསང་བའི་གནས་སུ་གདབ། རྩ་བཞིའི་གནད་གཅོད་པ་ཙནྡན་གྱི་ཕུར་པ་ལྕེའི་དཀྱིལ་དུ་གདབ། ཚེའི་གནད་གཅོད་པ་ལྕགས་ཀྱི་ཕུར་པ་སྙིང་གི་དཀྱིལ་དུ་གདབ། སྲིད་པའི་གནད་གཅོད་པ་སྐྱེར་པའི་ཕུར་པ་ལྟེ་བར་གདབ་པའོ། །དེ་ལྟར་ཡང་། རྩ་རྒྱུད་ལས། སྤྱི་བོར་གཙུག་ཏུ་གདབ་པ་ནི། །གནམ་གྱི་འཇུ་ཐག་གཅད་པ་ཡིན། །རྐང་པའི་མཐིལ་དུ་གདབ་པ་ནི། །ས་ཡི་རྟེན་ཕུར་ཕྱུང་པ་ཡིན། །ལྕེ་ཡི་དཀྱིལ་དུ་གདབ་པ་ནི། །སྨྲ་བའི་ངག་རྣམས་གཞོམ་པ་ཡིན། །གསང་བའི་གནས་སུ་གདབ་པ་ནི། །སྐྱེ་བ་དགུ་བརྒྱུད་གཅད་པ་ཡིན། །ལྟེ་བའི་གནས་ལ་གདབ་པ་ནི། །བསྐྱེད་པའི་ས་བོན་གཞོམ་པ་ཡིན། །དཀར་ནག་སྙིང་ལ་གདབ་པ་ནི། །ཀུན་གཞིའི་རྣམ་ཤེས་གཞོམ་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ནས་ཐམས་ཅད་ཀྱི་མཇུག་ཏུ་སྲས་མཆོག་བཛྲ་འདུས་པའི་ཕུར་པ་བྱུག་བདུག་གིས་གཟི་བྱིན་ལྷག་པར་བསྐྱེད་དེ་གསལ་བ་གསུམ་གྱི་ངར་དང་ལྡན་པས་སྙིང་དཀར་ནག་གི་མཚམས་སུ་གདབ་པ་ནི་རྣམ་པར་ཤེས་པ་དེ་ལེན་པར་བྱེད་པ་ཡིན་ཏེ། ཚེ་ལུང་ཁྲུས་ལུང་གི་དགོངས་པས་ཟིན་པར་བྱའོ། །དེ་ལྟར་གདབ་ཕུར་ཉི་ཤུ་རྩ་གཅིག་ཏུ་གསུངས་པ་ནི་རྒྱུད་ཀྱི་དགོངས་པ་ཡིན་ལ། གཞན་ཡང་སྐུ་ལྟར་གདབ་པ། གསུང་ལྟར་གདབ་པ། ཐུགས་ལྟར་གདབ་པར་བཤད་པ་ནི། གཞི་མཐིང་ནག་ལ་ཡོད་པའི་ཕུར་པ་རྣམས་སྐུ་ལྟར་གདབ་པར་འགྲོ། དེ་བཞིན་དུ་དམར་ནག་ལ་ཡོད་པ་རྣམས་གསུང་། མཐིང་ནག་ལ་ཡོད་པ་རྣམས་ཐུགས་སོ། །ཡང་ན་ཞི་རྒྱས་དབང་དྲག་གི་གདབ་ལས་བཞིར་ཕྱེ་བའང་ཕུར་བུས་ཕྱེས་པ་ཡིན་པར་བཤད་ཅིང་། ཡང་རྒྱུད་ཁ་ཅིག་ལས། གཅིག་གིས་སེམས་ཀྱི་དཔྱིས་དབྱུང་། གཉིས་པས་ཀུན་གཞི་རྩད་ནས་གཅད། བཅུ་བདུན་གྱིས་བྱུང་ཚོར་གྱི་སྒོ་དགག །ཉི་ཤུ་པས་གནམ་གྱི་འཇུ་ཐག་གཅད། ཉེར་གཅིག་པས་སའི་རྟེན་ཕུར་དབྱུང་བར་བཤད་པའང་གོང་མ་ལ་བརྩིས་པས་ཚང་ངོ་། །སྤྱིར་གདབ་ལས་བྱས་པས་སྲོག་ཆགས་སེམས་ཅན་ལྟ་བུ་ལ་སྙིང་རྗེ་མེད་པས་མཚོན་ཆ་འདེབས་པ་ལྟ་བུ་ནི་མ་ཡིན་ཏེ། ཕུར་བུ་ཐམས་ཅད་ལྷར་གསལ་བའི་ཐུགས་རྗེ་དང་ཡེ་ཤེས་ཀྱི་ངོ་བོ་ཡིན་ལ། གདབ་ཡུལ་དེའི་ཉོན་མོངས་པ་དང་མ་རིག་པ་ལ་བཏབ་པས་ལས་ཀྱི་སྒྲིབ་པ་དང་གནོད་སེམས་དག་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཞི་བ་མྱང་འདས་ཀྱི་གོ་འཕང་དམ་པར་སྒྲོལ་བར་བྱེད་པས་ན། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ཞེས་སོགས་དང་། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །ཞེས་སོགས་གསུངས་པ་ལྟར་གཞན་དོན་རླབས་སུ་ཆེ་བའི་ངོ་བོ་དང་གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་མཁས་ཟབ་མོའི་ཆེ་བ་ཐུན་མོང་མ་ཡིན་པས་ཁྱད་པར་དུ་བྱས་པ་ཡིན་ནོ། །གཞན་ཡང་འདི་དག་གི་སྐབས་ཁྲུས་ལུང་སོགས་སུ་གོ་བར་བྱ་བ་ལ་གསལ་བ་གསུམ། ལོག་རྡུག་འབྱམས་གསུམ། དགོངས་པ་རྣམ་པ་གསུམ་བཅས་ཡོད་དེ། གསལ་བ་གསུམ་ནི་བདག་རྡོ་རྗེ་གཞོན་ནུར་གསལ་བ། ཕུར་པ་སྲས་མཆོག་ཏུ་གསལ་བ། གཟས་པ་པོ་དངོས་སུ་གསལ་བའོ། །དེ་གསུམ་པོ་མ་གསལ་ན་ལོག་རྡུག་འབྱམས་གསུམ་གྱི་སྐྱོན་འོང་སྟེ། བདག་ཉིད་ལྷར་མ་གསལ་ན་ལོག །ཕུར་པ་སྲས་མཆོག་ཏུ་མ་གསལ་ན་རྡུག །གཟས་པ་པོ་དངོས་སུ་མ་གསལ་ན་འབྱམས་འགྲོ་བ་ཡིན་ནོ། །དགོངས་པ་གསུམ་ནི། ཨ་དཀར་བྱ་དཀར་གྱི་དགོངས་པ། ཐུགས་རྗེ་འབྲེལ་ཐག་གི་དགོངས་པ། གདུང་བ་ལུ་གུ་རྒྱུད་ཀྱི་དགོངས་པ་སྟེ། འདི་དག་གི་དོན་རྒྱས་པ་ཕུར་འགྲེལ་འབུམ་ནག་སོགས་སུ་ཞིབ་པར་འབྱུང་བ་ཉིད་ཤེས་པ་གལ་ཆེའོ། །སྤྱིར་དེང་སང་བསྟན་པ་ཉམས་པའི་མགོ་བོ་ཚུགས་པས་མདོ་སྔགས་ཐམས་ཅད་ཀྱི་དགོངས་པ་དང་འགལ་བར་སྤྱོད། ཁྱད་པར་གསང་སྔགས་ལོག་པར་སྒྲུབ་པས་སྦྱོར་སྒྲོལ་གྱི་དགོངས་པ་བརླང་པོར་སྤྱོད། ཀུན་སློང་བྱང་སེམས་རིས་མེད་པར་མ་འབྱངས་པས་རང་དོན་ནམ་གཞན་དོན་ཉི་ཚེ་ཙམ་འགྲུབ་པར་རེ་བའི་བློ་གཏད་ལོག་པར་གོལ་བས། དཔེར་ན་བསྒྲལ་ལས་ཀྱི་སྐབས་སུ་གོང་དུ་བཤད་པའི་སློབ་དཔོན་གྱི་མཚན་ཉིད་ཅུང་ཟད་ཀྱང་མི་ལྡན་ཞིང་། བསྒྲལ་བའི་དགོངས་པ་མི་ཤེས་བཞིན་དུ་གནོད་པའམ་འགལ་རྐྱེན་ཕྲ་མོ་ཙམ་བྱས་པའི་གང་ཟག་ཞིག་ཡིད་ཡུལ་དུ་བྱས། དེ་ལ་ཞེ་སྡང་རང་རྒྱུད་པས་བསྐུལ་ཏེ་ཟན་གོང་གི་གཟུགས་བརྙན་ལ་མཚོན་ཆས་རྡེག་པའི་རྔམས་སྟབས་བྱས་པས་ནི་ཐེག་ཆེན་སོ་ཐར་ལྟར་ན་སྲོག་གཅོད་ཀྱི་ཕམ་པའི་ཉེར་ལེན་དང་། བྱང་སེམས་ཀྱི་སེམས་ཅན་བློས་སྤོང་གི་ལྟུང་བ། གསང་སྔགས་ལོག་པར་སྒྲུབ་པའི་དམ་ཚིག་ཉམས་པ་བཅས་དོན་དུ་ཅུང་ཟད་ཀྱང་མི་འགྱུར་བའི་སྟེང་དུ་རྣམ་སྨིན་ཡིད་དུ་མི་འོང་བ་མྱོང་བར་འགྱུར་བས་བླང་དོར་གྱི་གནས་ལ་ཤིན་ཏུ་བག་ཡོད་པ་ལ་བརྟེན་ནས་སྡེ་སྣོད་རྒྱུད་སྡེ། གསང་བ་ཟབ་མོའི་མན་ངག་གི་གནད་རྣམས་ལ་ཐོས་བསམ་སྒོམ་པའི་སྒོ་ནས་ཕྱིན་ཅི་མ་ལོག་པའི་གནད་ལ་ངེས་པ་ཅུང་ཟད་རྙེད་པ་རེ་ཤིན་ཏུ་གལ་ཆེ་བར་སྣང་བའང་འཕྲོས་སུ་སྨོས་པའོ། །གཞན་ཡང་སྲོག་གི་དོན་པོ་གསུམ་གྱིས་དམིགས་པའི་གནད་དགྲོལ་པ་དང་། བསྒྲལ་ལུགས་ཆེན་པོ་བཅོ་བརྒྱད་ཀྱིས་བརྣག་པའི་ལས་བྱ་བ་སོགས་རྒྱུད་དང་འགྲེལ་ཆེན་རིག་འཛིན་བརྒྱུད་པའི་ཞལ་གྱི་ལུང་དྲི་མ་མེད་པ་དག་ལས་འབྱུང་བ་བཞིན་ཤེས་པར་བྱ་ལ། འོག་ཏུའང་ཅུང་ཟད་འཆད་བར་འགྱུར་རོ། །གསུམ་པ་གབ་པའི་སྔགས་དྲུག་ནི། སྤྱིར་ལས་ཀྱི་ཐོག་མཐའ་བར་དུ་འགྲོ་བ་ཞིག་ཡིན་ལ། ཁྱད་པར་བསད་ལས་ཀྱི་མཐའ་སྡུད་དུ་གཙོ་ཆེ་སྟེ། དེ་ལའང་མངོན་སྤྱོད་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པས་ཀུན་གྱི་སྣ་འདྲེན་དུ་བཏང་བ་དང་། སྒྲུབ་པ་ཐམས་ཅད་ཀྱི་ངོ་བོ་ཡིན་པས་དཀྱུས་ཁོང་ཁྲར་གཏང་བ་དང་། ལས་ཐམས་ཅད་ཀྱི་མཇུག་སྡུད་ཡིན་པས་སྨོན་ལམ་གྱི་ཚུལ་དུ་གདབ་པ་དང་། དྲག་སྔགས་ཡིན་པས་ངན་སྔགས་སུ་བྱས་ཏེ་སྲོག་ལ་འཁོར་ལོ་བསྐོར་བ་དང་བཞིའི་སྒོ་ནས་ཤེས་པར་བྱ་དགོས་ལ། དེ་ལྟར་ཡང་རྒྱུད་ལས། ལྷ་དབྲལ་གནས་ནས་དགུག་པ་དང་། །རྣམ་ཤེས་གཟུགས་བསྟིམ་བྱད་དུ་གཞུག །སྨྱོར་གཞུག་རྡུལ་དུ་བརླག་པ་དང་། །ཤ་ཁྲག་ཞལ་དུ་སྟོབ་ན་དགྱེས། །འདི་དྲུག་ཤེས་ན་ལས་རྣམས་འགྲུབ། །ཅེས་གསུངས་ཤིང་། འདི་ལ་ལས་ཀྱིས་དབྱེ་བའི་ལྡོག་ཆ་ནས་ནང་གསེས་རྣམ་གྲངས་དྲུག་ཅུ་ཐམ་པར་བཤད་དེ། གཉེན་པོ་སྟོབས་ཀྱི་ལྷ་དྲུག །ངན་སྔགས་ལས་ཀྱི་ཕུར་པ་དྲུག །གདབ་པ་གནས་ཀྱི་ཡུལ་དྲུག །བསྐུལ་བར་བྱ་བའི་ཕོ་ཉ་དྲུག །གདགས་པར་བྱ་བའི་འཕྱོང་དྲུག །གསག་པར་བྱ་བའི་རྫས་དྲུག །བཟླ་བར་བྱ་བའི་སྔགས་དྲུག །བཅའ་བར་བྱ་བའི་ཕྱག་རྒྱ་དྲུག །གཞན་དུ་མི་འགྱུར་བའི་ཏིང་ངེ་འཛིན་དྲུག །གདབ་པའི་སྨོན་ལམ་དྲུག་སྟེ། དྲུག་ཚན་བཅུའི་སྒོ་ནས་རྟོགས་པར་བྱ་དགོས་པར་བཤད་པས། རྩ་དུམ་གྱི་སྨད་ལས་འདིར་དངོས་བསྟན་གབ་པའི་སྔགས་དྲུག་གི་ཞར་བྱུང་གདབ་ལས་ཀྱང་ཕྱོགས་ཙམ་བསྟན་པའི་ཕྱིར། འདིའི་དོན་རྒྱས་པ་ཚིག་དོན་དངོས་བཤད་པའི་སྐབས་འོག་ཏུ་འབྱུང་གི། འདིར་བསྐྱར་ཟློས་ཀྱིས་བཤད་མ་དགོས་སོ། །གཞན་ཡང་མངོན་སྤྱོད་ཀྱི་ལས་ཐམས་ཅད་ཀྱི་མཇུག་སྡུད་མནན་སྲེག་འཕང་བ་སོགས་དྲག་ཤུལ་གྱི་ལས་མང་དུ་གསུངས་པ་དག་ཀྱང་འོག་ཏུ་སྐབས་སུ་བབ་པར་ཅུང་ཟད་འཆད་པ་ལས་ཤེས་ཤིང་། ཞིབ་པར་རྒྱུད་གཞུང་འགྲེལ་ཊཱིཀ་གྲུབ་པའི་མན་ངག་རྣམས་ལས་ངེས་པར་བྱའོ། །བཞི་པ་མ་བསྒྲལ་བའི་ཉེས་དམིགས་ནི། སྤྱིར་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་ཤིང་རྟོགས་གོམས་བརྟུལ་ཞུགས་བརྟན་པོའི་རྣལ་འབྱོར་པས་སྟོང་པ་དང་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་གདུག་པ་ཅན་རྣམས་བསྒྲལ་བར་མ་བྱས་ན། རང་ཉིད་ལ་རྩ་བའི་ལྟུང་བར་འགྱུར་བ་ཡིན་ཏེ། རྩ་ལྟུང་བཅུ་བཞི་པའི་གཞུང་ལས། གདུག་པ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད། །ཅེས་དང་། རྡོ་རྗེ་མགུར་ལས། གདུག་པ་བྱམས་པ་ཉིད་མི་བྱ། །ཞེས་དང་། ཧེ་བཛྲ་ལས། བསྟན་ལ་གནོད་པར་བྱེད་པ་དང་། །བླ་མ་སངས་རྒྱས་འཇིག་པ་ནི། །བླ་མ་ཐུབ་པ་ལ་ཞུས་ནས། །སྙིང་རྗེས་བསད་པར་བྱ་བ་ཉིད། །ཅེས་དང་། གསང་སྔགས་རྙིང་མའི་རྒྱུད་ལས་ཀྱང་། ཉམས་པ་དུས་སུ་མི་སྒྲོལ་བ། །དེ་ཡང་དམ་ཚིག་ཉམས་པ་ཡིན། །ཞེས་དང་། གཤིན་རྗེ་གདོང་དྲུག་གི་རྒྱུད་ལས། གདུག་པ་ཅན་ལ་ཟློག་སྟེ་བྱ། །དངོས་སུའམ་ཡང་ན་སྔགས་དང་གཞན། །འཕྲུལ་འཁོར་དང་ནི་ཏིང་ངེ་འཛིན། །སྨན་གྱིས་ཀྱང་ནི་བྱ་བ་སྟེ། །དེ་ལྟར་མ་བྱས་དེ་ཡིས་ནི། །དམ་ཚིག་ངེས་པར་ཉམས་པར་འགྱུར། །ཞེས་གསུངས་པ་དང་། ཁྱད་པར་ཕུར་པ་མྱང་འདས་ཀྱི་རྒྱུད་ཆེན་པོ་ལས། གཉིས་མེད་དོན་ལྡན་སྐྱེས་བུ་དེས། །གནོད་གདུག་རྣམ་གཉིས་མ་བསྒྲལ་ན། །ངེས་པར་ངན་སོང་འཁོར་བར་ལྟུང་། །ཅི་ཕྱིར་ངེས་པའི་ལས་ལ་བསྒྲིབ། །ངེས་པའི་དོན་བོར་ལོག་པར་གོལ། །ལྟ་བ་ངན་པས་རས་ཆོད་བྱས། །སྤྱོད་པ་རྩིངས་པས་ཐོ་ཅོར་བྱས། །དམ་ཚིག་ཉམས་པས་གཟུ་ལུམ་བྱས། །གཞུང་ལས་གོལ་བས་དཀྱིལ་འཁོར་དྲལ། །མ་ཉེས་པ་ནི་དྲག་པོར་འཇོམས། །རང་ལས་མཁས་ལ་སྐུར་བ་འདེབས། །ཞེས་གསུངས་པའི་མཚན་ཉིད་ཀྱིས་གོང་དུ་བཤད་པའི་ཉམས་པ་བདུན་དང་ཞིང་བཅུ་ཚང་བའི་གདུག་ཅིང་གཏུམ་པ་ཞི་བའི་ཐབས་ཀྱིས་འདུལ་དུ་མི་བཏུབ་པ་དེ་དག་རྫོང་འཕྲང་སྲོག་གི་གདིང་ཚད་དང་ལྡན་ལ། བྱམས་དང་སྙིང་རྗེའི་གཞན་དབང་དུ་གྱུར་པའི་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོས་བསྒྲལ་བའི་མཐུ་ཡོད་བཞིན་དུ་མ་བསྒྲལ་བར་བཏང་སྙོམས་སུ་འཇོག་ན། སྤྱིར་བླ་མ་རྡོ་རྗེ་སློབ་དཔོན་མཆེད་ལྕམ་དཀྱིལ་འཁོར་འཁོར་ལོའི་འདུས་པ་རྣམས་དང་། ཁྱད་པར་སངས་རྒྱས་ཀྱི་བསྟན་པ་ལ་རྣམ་པར་འཚེ་བའི་གནས་འཇིགས་སུ་རུང་བ་ཡོད་ཅིང་། སྐྱེ་རྒུ་སེམས་ཅན་ཡོངས་ཀྱི་གནས་སྐབས་མཐར་ཐུག་གི་ཕན་པ་དང་བདེ་བའི་ཤུལ་ལམ་བཟང་པོ་དག་ཉེ་བར་འགོག་སྟེ་ཕྱིན་ཅི་ལོག་པའི་ལམ་ངན་པའི་གཡང་ས་ཆེན་པོར་མྱུར་དུ་འཁྲིད་པར་འགྱུར་བ་དང་། ཉམས་པ་དེ་ཉིད་ཀྱང་ལས་ངན་པའི་རྒྱུས་འབྲས་བུ་མནར་མེད་རྡོ་རྗེ་དམྱལ་བར་བསྐལ་པའམ་ནམ་མཁའ་མ་ཞིག་པ་དེ་སྲིད་དུ་ཐར་བའི་གོ་སྐབས་མེད་པར་དུཿཁ་དྲག་པོ་སྐྱི་གཡའ་བས་མནར་བར་འགྱུར་པ་ལ་ཐུགས་རྗེའི་དཔྱང་ཐག་ཟབ་མོས་མ་བཏབ་པའི་ཉེས་པ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་མཁས་ཟབ་མོས་མྱུར་དུ་གནས་ངན་ལེན་གྱི་ས་བོན་བཅད་དེ་ཡང་དག་པའི་ས་ལ་སྐྱེལ་དུ་ཡོད་པའི་གདམས་ངག་ཟབ་མོ་ཇི་མི་སྙམ་དུ་ཆུད་གསན་པར་བྱས་པར་འགྱུར་བ་སོགས་ཀྱི་ཉེས་དམིགས་མཐའ་ཡས་པ་ཞིག་ཡོད་པ་ཡིན་ནོ། །ལྔ་པ་བསྒྲལ་བའི་ཕན་ཡོན་ནི། རྒྱུད་ལས། དེ་ལ་དྲག་པོའི་ལས་བྱས་ན། །མྱ་ངན་འདས་པའི་ཡོན་ཏན་འཐོབ། །མ་མོ་མཁའ་འགྲོ་བྲན་བཞིན་འཁོལ། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །དགྲ་དང་འབྱུང་པོ་རྡུལ་དུ་རློག །མཐུ་ཆེན་ལྷ་སྲིན་དེ་བཞིན་ཏེ། །ཅི་བགྱིས་བཀའ་དང་བསྒོ་བ་ཉན། །འདི་དང་ཕ་རོལ་གཉིས་སུ་ཡང་། །བསམ་པ་འགྲུབ་ཅིང་མཐོ་རིས་འཐོབ། །བདག་དང་གཉིས་མེད་བྱང་ཆུབ་སེམས། །གཉིས་མེད་ཆོས་སྐུར་དབྱེར་མེད་པས། །ངན་སོང་གསུམ་པོ་སྒོ་བཀག་ནས། །གཉིས་མེད་མཁའ་ལ་དེ་བསྒྲལ་ན། །དོན་དང་མཐུན་པས་དམ་ཚིག་སྐོང་། །སྡིག་ཆེན་བསྒྲལ་ན་ལས་ངན་ཆད། །དམ་ཉམས་བསྐལ་པ་བཀའ་གཞུང་བཙན། །ལོག་རྟོག་བསྒྲལ་ན་དཀྱིལ་འཁོར་གཉན། །གནོད་གདུག་བསྒྲལ་ན་བར་ཆད་ཉུང་། །གཞན་ཡང་ཡོན་ཏན་བརྗོད་ལས་འདས། །ཞེས་གསུངས་པ་ལྟར། གནས་སྐབས་དང་མཐར་ཐུག་གི་དགོས་ཆེད་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་ཡིན་ལ། གོང་གི་མ་བསྒྲལ་བའི་སྐྱོན་ཐམས་ཅད་འདིར་ཡོན་ཏན་དུ་ལྡོག་སྟེ་བླ་མ་དང་བསྟན་པ། སྐྱེ་རྒུ་ཡོངས་ལ་ཕན་བདེའི་དཔལ་དུ་འགྱུར་ཞིང་། ཡུལ་རང་ཉིད་ཀྱང་ལས་ངན་པའི་རྒྱུན་ཆད། འབྲས་བུ་ངན་འགྲོ་ལས་ལྡོག་སྡེ་མཐོ་རིས་དང་ཐར་པའི་ལམ་འཐོབ། སྒྲུབ་པ་པོ་རང་ཉིད་ཚོགས་རྒྱ་ཆེན་པོ་རྫོགས་ཏེ་གདོད་མའི་མགོན་པོའི་ཉེ་ལམ་དུ་ཞུགས། གསང་སྔགས་རྡོ་རྗེ་ཐེག་པ་བཀའ་བཙན། བྱིན་ཆེ་བ་སོགས་ཡོན་ཏན་མཐའ་དང་མུ་མེད་པ་འཐོབ་པ་དང་། བྱམས་སྙིང་རྗེ་བཅོས་མ་མ་ཡིན་པས་ཀུན་ལས་བསླང་ཏེ་གཞན་ཕན་གྱི་སེམས་ཀྱིས་མ་རུངས་པ་གསོད་པར་བྱས་པ་ཁོ་ནས་ཀྱང་བསོད་ནམས་རྒྱ་ཆེན་པོ་འཐོབ་པར་ཡང་། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་སློབ་པ་ལམ་གྱི་སྐབས་སུ་དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་པ་ལྔ་བརྒྱའི་སྲོག་སྐྱོབ་པའི་དོན་དུ་མི་ནག་མ དུང་ཐུང་ཅན་བསད་པས་བསྐལ་པ་བཞི་ཁྲིའི་ཚོགས་དེ་ཉིད་དུ་འདུམས་པ་སོགས་ཐེག་པ་ཆེན་པོའི་སྡེ་སྣོད་དག་ལས་འབྱུང་ན། འདིར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་རྩིས་ཟིན་པའི་གསང་སྔགས་ཟབ་མོའི་ཐབས་ཁྱད་པར་ཅན་དང་ལྡན་པས་བསྒྲལ་བ་ལ་དེ་ལས་ཀྱང་ཕན་ཡོན་ཆེས་རྨད་དུ་བྱུང་བ་དག་ཀྱང་མངའ་བ་ཡིན་ལ། དེས་ན་དགོངས་སྤྱོད་ཕྱིན་ཅི་མ་ལོག་པ་དང་ལྡན་པས་སྒྲོལ་བ་ལམ་དུ་བྱས་པ་དེ་ཉིད་ཀྱིས་ཕ་རོལ་པོའི་ཚེ་བསོད་རང་ལ་ཁུག་པས་བདག་རྣལ་འབྱོར་པ་འཚེངས། དགྲ་བགེགས་ཀྱི་ཤ་ཁྲག་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པས་བཀའ་སྡོད་མ་མོ་མཁའ་འགྲོ་དམ་ཅན་རྒྱ་མཚོ་དང་བཅས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་འཚེངས། ཕ་རོལ་དགྲ་བགེགས་ཀྱི་ལས་ངན་རྒྱུན་ཆོད་ནས་བདེ་བར་གཤེགས་པའི་སྲས་སུ་གྱུར་པས་གཟས་པ་པོ་འཚེངས་པ་སྟེ། འཚེངས་པ་གསུམ་དང་ལྡན་པའི་དགོངས་སྤྱོད་ཟབ་མོ་གྲུབ་པའི་རྣལ་འབྱོར་པ་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གྱི་བརྟུལ་ཞུགས་ལ་དབང་འབྱོར་བའི་ཡོན་ཏན་དང་ལྡན་པར་འགྱུར་བ་སོགས་ཀྱིས་སྔགས་པ་ཧོམ་ཁུང་ཁ་ནས་སངས་རྒྱས་སོ་ཞེས་སོ་ཟུར་གནུབས་གསུམ་སོགས་གསང་སྔགས་རྙིང་མ་བའི་སྔགས་རྒན་རལ་པ་ཅན་རྣམས་ལ་ཡོངས་སུ་གྲགས་པ་འདི་ལགས་སོ། །དྲུག་པ་དེ་ལྟར་བསྒྲལ་བའི་མཐར་ཐུག་གི་འབྲས་བུ་ནི། །མྱང་འདས་ཀྱི་རྒྱུད་ལས། འབྲས་བུ་ངེས་པར་ཆུད་མི་ཟ། །ཁྲོ་བདག་ཆེན་པོ་ཐབས་མཁས་པས། །བསྒྲལ་བའི་ལས་རྣམས་བྱ་བར་བཤད། །དང་པོ་སྙིང་རྗེས་གཞི་བཟུང་ལ། །ཚད་མེད་རྣམ་བཞི་སྔོན་དུ་གཏང་། །དེ་ནས་བསྒྲལ་བའི་ཕུང་པོ་དེ། །གཉིས་མེད་ལྷ་ཡི་དཀྱིལ་འཁོར་དུ། །ཡང་དག་དོན་གྱིས་སྦྱང་བར་བྱ། །ནམ་མཁའ་ལྟ་བུར་སྐྱེ་བ་མེད། །རྣམ་དག་ཕུང་པོ་ལྔ་ཡིས་བསྡུས། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་དང་། དཔལ་ཆེན་རྡོ་རྗེ་ཉིད་ཀྱི་སྐུ། །མ་ལུས་དབྱེར་མེད་འདུས་མ་བྱས། །གཉིས་མེད་དོན་གྱི་དེ་བཞིན་ནོ། །ཞེས་གསུངས་པ་སོགས་ཀྱིས་མཚོན་མང་དུ་འབྱུང་བ་བཞིན་བསྒྲལ་བྱ་གདུག་པ་ཅན་དེ་དག་ལ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་དང་ལྡན་པས་གོང་དུ་ཇི་སྐད་སྨོས་པ་ལྟ་བུའི་མཚན་མ་རྫས་ཀྱི་ཕུར་པ་ཡེ་ཤེས་ཀྱི་རང་བཞིན་ཅན་དེ་དག་ཚད་དང་ལྡན་པའི་གདབ་ལུགས་ཀྱིས་བཏབ་ནས་ཐེབས་ཏེ་གནས་སྐབས་ཀྱི་ལས་ངན་དང་སྐྱེ་རྒྱུན་ངན་པ་བཅད་ནས་ས་ལམ་གྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་ངེས་པར་སྨིན་པའི་རྟེན་དུ་དཔལ་ཆེན་ཡབ་ཡུམ་གྱི་སྲས་སུ་བསྐྲུན་ཏེ་རིག་འཛིན་རྣམ་བཞིའི་གོ་འཕང་གི་མཐར་ཐུག་མཐར་ལམ་ལྷུན་གྱིས་གྲུབ་པའི་རྒྱལ་ས་ཆེན་པོ་བདེ་མྱུར་དུ་བགྲོད་ནས་ཁྱབ་བདག་གདོད་མའི་མགོན་པོའི་ཐུགས་ཀློང་ཀ་དག་ཐིག་ལེ་ཉག་གཅིག་ཏུ་དབྱེར་མེད་ཆེན་པོར་མངོན་པར་བྱང་ཆུབ། སྐུ་དང་ཡེ་ཤེས་ཟབ་མོའི་ཕྲིན་ལས་ཀྱི་ཆོ་འཕྲུལ་མཁའ་མཐའི་མུ་ཁྱུད་ཟླུམ་པོར་བཅིངས་པས་འགྲོ་སྒྲོལ་ཐབས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བ་ལ་མངའ་བརྙེས་པར་འགྱུར་བ་ནི་ལམ་འདིའི་མཐར་ཐུག་གི་འབྲས་བུའི་རྣམ་གཞག་མདོར་བསྡུས་ཏེ་སྨོས་པའོ། །དེ་ལྟ་བུའི་གསང་སྔགས་ཐབས་མང་ལ་ཟབ་པའི་དགོངས་པ་ཁྱད་པར་ཅན་གྱིས་ཕན་གནོད་ཀྱི་ལས་རབ་འབྱམས་བཀའ་སྩལ་བ་ཐམས་ཅད་ལ་བདེན་པའི་འབྲས་བུ་དངོས་བརྒྱུད་ནས་མི་བསླུ་བའི་ཡིད་ཆེས་ཚད་མས་གྲུབ་པ་ཐུན་མོང་ལྟར་ན་མཚན་དང་གཟུངས་སྔགས་ཟབ་མོའི་བྱིན་རླབས་ཀྱིས་དུད་འགྲོ་ཡན་ཆད་ངན་འགྲོའི་སྡུག་བསྔལ་ལས་གྲོལ་བའི་རྒྱུར་འགྱུར་བ་དང་། དེ་བཞིན་སྔགས་རྙིང་མའི་ཕྱོགས་ནས་བཏགས་གྲོལ། གསར་རྙིང་ཀུན་ནས་འཕོ་བའི་མན་ངག་སོགས་ཐུན་མིན་ཇི་སྙེད་ཅིག་གསུངས་པ་རྣམས་ཁ་ཅིག་གིས་མི་འཐད་པའི་ཀླན་ཀ་བྱེད་པ་ནི་ཐབས་དང་མན་ངག་ཟབ་མོ་ལ་ཡིད་ཆེས་མ་སྐྱེས་ཤིང་རྟོག་གེའི་རིགས་པ་ལྟར་སྣང་གི་རྣམ་རྟོག་ཁོ་ནས་སུན་ཅི་ཕྱིན་དུ་རྒོལ་བ་ཙམ་ལས་དོན་ལ་རེག་པར་མི་འགྱུར་བས། ཤེས་ལྡན་དག་རྒྱལ་བའི་བཀའ་དང་དེའི་མན་ངག་ཚད་མ་རྣམས་ལ་ཐེ་ཚོམ་པ་ཙམ་ཡང་འབྱུང་བའི་གནས་མེད་དེ། སྤྱིར་སངས་རྒྱས་བྱང་སེམས་ཀྱི་ཐུགས་བསྐྱེད་སྨོན་ལམ་ཐབས་མཁས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ། དེ་ལས་རྣལ་འབྱོར་བླ་མེད་ཀྱི་ལམ་ནས་གསུངས་པའི་དགོངས་པ་མཐའ་དག་ཐབས་མང་བ། ཐབས་ལ་མཁས་པ། དཀའ་བ་མེད་པ་སོགས་ཀྱིས་ཁྱད་པར་དུ་བྱས་པའི་གནད་ཚར་གཅོད་དང་རྗེས་འཛིན་འདི་དག་ཀྱང་གསང་གཅིག་པ་ཉིད་ཡིན་པས་ཤིན་ཏུ་གུས་ཤིང་ངོ་མཚར་བས་རྡོ་རྗེ་ཐེག་པའི་མཚན་ཙམ་རྣ་བའི་ལམ་དུ་ཞུགས་པ་འདི་དག་ཆེས་སྐལ་པ་བཟང་པོར་ངེས་པའི་ཤེས་པ་སྙིང་ནས་བསྐྱེད་པར་འོས་པ་ཡིན་ནོ། །དེ་དག་གིས་སྤྱི་དོན་གྱི་རྣམ་བཞག་མདོ་ཙམ་སྨོས་ཟིན་ནས། རྩ་བའི་ས་བཅད་གཉིས་པ་སྨད་ལས་རྩ་དུམ་གྱི་དོན་དངོས་བཤད་པ་ལ། འདི་ཉིད་རྒྱུད་ཀྱི་ཁོག་དབུབ་དང་བསྟུན་ན་བཞི་པ། ལྔ་པ་ཚེ་ཁྲུས་ཀྱི་དགོངས་པ་རྣམས་ཀྱིས་བསྟན་པ་ཡིན་ལ། རྒྱུད་ཀྱི་ཐེམས་སྦྱོར་བཅུ་པོ་ལྟར་ན་དགུ་པ་ངན་སྔགས་བསྡུ་ཡིག་དྲུག་གསུམ་བཅོ་བརྒྱད་ཀྱིས་བསྒྲལ་བའི་ལས་བྱ་བ་དང་། བཅུ་པ་མཐར་ཕྱིན་གསུམ་གྱིས་ལས་མཐར་དབྱུང་བ་རྣམས་ཀྱི་བསྟན་དོན་ཡིན་ཀྱང་། འདིར་རྒྱུད་ཚིག་བཞུགས་ཚུལ་དགོས་བསྟན་མཐར་ཆགས་སུ་བཤད་པའི་དབང་དུ་བྱས་ན་དུམ་བུ་གསུམ། དགྲ་བགེགས་བསྒྲལ་བའི་ལས་རིམ་དངོས། མཐར་ཕྱིན་གསུམ་གྱི་བྱ་བ། འཕྲོས་དོན་བཤད་པས་མཇུག་བསྡུ་བའོ། །དང་པོ་ལ་ལྔ། ཐུགས་དམ་གནད་ནས་བསྐུལ་བ། ཚེ་ཁྲུས་ཀྱི་དགོངས་པས་བརྟེན་པ་དབྱིངས་སུ་བསྒྲལ་བ། གབ་པའི་སྔགས་དྲུག་བསྟན་པ། གདབ་ཁའི་ལས་རིམ་གྱི་གཙོ་བོ་ཕུར་གདབ་བྱ་བ། གདབ་ཁའི་ཁ་ཚར་རྣམས་ཀྱིས་རྟེན་གཞི་བག་ཆགས་ཀྱི་གཟུགས་ཕུང་བསྒྲལ་བའོ། །དང་པོ་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པའི་དུས་ལ་བབ། །ཕོ་ཉ་ཆེན་པོའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །ཁྱི་ཡི་གདོང་ཅན་དུས་ལ་བབ། །བསྒྲལ་བར་བྱ་བའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །དུས་གསུམ་སངས་རྒྱས་སྲས་བཞིན་དུ། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་དེ་བཀུག་ནས། །མངོན་སྤྱོད་ཚུལ་གྱིས་བསྒྲལ་བ་དང་། །ལུས་ངག་ཕྱེ་མར་མཛད་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་པས་བསྟན། དེ་ལ་དམ་ཚིག་ཆེན་པོ་སོགས་ཚིག་རྐང་དང་པོས་གཙོ་བོ་ཡབ་ཡུམ་བསྐུལ། སྤྲུལ་པ་ཆེན་པོ་སོགས་ཚིག་རྐང་གཉིས་པས་ཁྲོ་བོ་བཅུ་བསྐུལ། ཕོ་ཉ་ཆེན་པོ་སོགས་ཀྱིས་ཁྲ་ཕྱག་ཉི་ཤུ་དང་སྒོ་མ་བཞི་བསྐུལ། བདག་ཉིད་ཆེན་པོས་བདག་ཉིད་མ་བཞི། ས་བདག་ཆེན་མོས་ས་བདག་མ་བཞི། ཁྱི་ཡི་གདོང་ཅན་སོགས་ཀྱི་ཤྭ་ན་མ་བཞི་བསྐུལ་བ་ཡིན་ལ། ཕྱིན་ཆད་ཀྱིས་དྲག་པོའི་ལས་མཛད་པར་འདོད་དོན་གསོལ་བའི་ཚིག་ཡིན་ནོ། །དེ་དག་གི་ཚིག་འབྲུ་གཉེར་ཏེ་ཅུང་ཟད་བཀྲོལ་ན། སྔོན་རུ་དྲ་སྒྲོལ་བའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་ཏེ་ཕྲིན་ལས་ཀྱི་སྲས་སུ་དབང་བསྐུར་ཞིང་། བདུད་དང་ལོག་འདྲེན་དམ་སྲིའི་བར་དུ་གཅོད་པ་སོགས་ལྷག་པར་མ་རུངས་པའི་ཕྱོགས་ལ་ཆེས་ཤིན་ཏུ་རྣོ་མྱུར་མཐུ་རྩལ་གྱི་མེ་ལྕེ་བཟོད་པར་དཀའ་བའི་གཟི་བྱིན་ཅན་ཁྲོ་རྒྱལ་ཀུན་གྱི་སྟོབས་གཅིག་ཏུ་འདུས་པ་དཔལ་རྡོ་རྗེ་གཞོན་ནུས་གདུག་པ་ཅན་མཐའ་དག་ཞི་བ་ཆེན་པོའི་དབྱིངས་སུ་དྲག་ཤུལ་སྙིང་རྗེ་རོལ་པའི་སྟོབས་ཀྱིས་འདུལ་བར་མཛད་པའི་དམ་ཚིག་སྟོང་ཉིད་སྙིང་རྗེ་མི་ཕྱེད་པའི་རྡོ་རྗེའི་ངོ་བོར་ཇི་ལྟར་བཅས་པ་དེ་ལྟར་ལྷག་པར་དེང་གི་སྐབས་སུ་རྣལ་འབྱོར་པའི་དགྲ་བགེགས་སྒྲོལ་བའི་དུས་ལ་བབ་བོ་ཞེས་གཙོ་བོ་ལ་བསྐུལ་ཞིང་། དེ་བཞིན་དུ་སྔོན་རུ་དྲ་སྒྲོལ་བའི་དུས་ན་ཕྱོགས་བཅུའི་དམ་སྲི་མ་རུངས་པ་བཅུའི་གཉེན་པོར་དཔལ་ཆེན་པོའི་ཐུགས་ལས་སྤྲུལ་ནས་ཕྱོགས་སྐྱོང་བཏུལ་བའམ། རྡོ་རྗེ་གཞོན་ནུའི་དབང་བཅུ་དང་སྟོབས་བཅུའི་ངོ་བོ་ཁྲོ་རྒྱལ་ཧཱུྃ་ཀ་ར་སོགས་མི་བཟད་པའི་ཁྲོ་བོ་ཆེན་པོའམ་སྤྲུལ་པ་ཆེན་པོ་རྣམས་ཀྱིས་སྔོན་གདུག་པའི་ཚོགས་རང་རང་གི་གཉེན་པོས་བཏུལ་བའི་དམ་ཚིག་དུས་ལ་དེང་འདིར་བབ་ཀྱི། རྣལ་འབྱོར་པའི་དགྲ་བགེགས་བསྒྲལ་བར་མཛོད་ཅིག་ཅེས་དང་། གཙོ་བོ་ཡབ་ཡུམ་གྱི་ཐུགས་རྗེའི་ཆོ་འཕྲུལ་ཁྲོ་རྒྱལ་བཅུའི་ཡང་སྤྲུལ་ཁྲ་ཕྱག་ཉི་ཤུ་དག་སྒོ་མ་བཞིའི་ཕོ་ཉ་ཆེན་པོ་རྣམས་ཀྱིས་སྔོན་དམ་སྲིའི་ཡང་སྤྲུལ་གདུག་ཅན་རྣམས་བཏུལ་བའི་དམ་ཚིག་གི་དུས་ལ་དེང་འདིར་བབ་པས། སྒྲུབ་པ་པོའི་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་བསྐུལ་བ་དང་། བཀའི་སྲུང་མའི་དབང་པོའི་ཚུལ་དུ་རྣམ་པར་རོལ་པ་བདག་ཉིད་མ་བཞི་དང་། ཡང་རུ་དྲའི་བྱི་མོ་སྲས་མོར་སྤྲུལ་པའི་ས་བདག་ཆེན་མོ་བཞིའི་དཔལ་གྱི་བཀའ་ཉན་བྲན་དང་མངགས་པའི་ཕྲིན་ལས་ཤུགས་དྲག་པོའི་ཚུལ་གྱིས་སྒྲུབ་པར་མཛད་པའི་དུས་ལ་བབ་པས་མངོན་སྤྱོད་ཀྱི་ཕྲིན་ལས་མཛད་པར་བསྐུལ་བ་དང་། ཡང་སྔོན་དཔལ་ཆེན་པོས་ཡེ་ཤེས་ཀྱི་མ་མོ་རྣམས་འཕར་སྦྱང་ཝ་ཁྱིའི་གདོང་ཅན་དུ་སྤྲུལ་པ་ཤྭ་ན་མ་བཞི་ལ་འདིར་ཁྱིའི་གདོང་ཅན་དུབསྒྱུར་ཏེ་ཤྭ་ན་མུ་ཁ་ཞེས་པ་ཁྱི་དང་སྤྱང་ཀའི་གདོང་ཅན་གཉིས་ཀ་ལ་འཇུག་ཅིང་། ཤྭ་ན་གཙོ་བོར་སྤྱང་ཀི་ལ་འཇུག་པར་གཙོ་མོ་སྤྱང་ཀིའི་གདོང་དང་ཞོན་པ་གཉིས་ཀ་ཡིན་པས་གཙོ་མོའི་ཤུགས་ཀྱིས་གཞན་རྣམས་ཀྱང་སྤྱང་ཀིའི་གདོང་ཅན་དུ་འོང་བ་ཡིན་པས། སྔ་འགྱུར་བཀའ་གཏེར་ཐམས་ཅད་དུ་ཤྭ་ན་མུ་ཁ་ཞེས་ཁྱི་སྤྱང་གཉིས་ཀར་འཇུག་པར་བྱས་ནས་སྐད་དོད་རང་སར་བཞག་པ་ཡིན་ཀྱང་། འདིར་བོད་སྐད་དུ་བསྒྱུར་བ་ལྟར་ནའང་དོན་ལ་འགལ་བ་ཆེར་མེད་དོ། །དེས་ན་ཤྭ་ན་མ་བཞིའི་ཐུགས་དམ་དུས་ལ་བབ་བོ། །མངོན་སྤྱོད་ཀྱི་ཕྲིན་ལས་ལ་གཡེལ་བ་མེད་པར་མཛོད་ཅིག་ཅེས་གཙོ་འཁོར་སྤྲུལ་པ་བྲན་དང་མངགས་པའི་ཚོགས་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་དུས་ལ་དེང་འདིར་བབ་ཅིང་། བརྣག་པར་བྱ་བའི་དགྲ་བགེགས་དམ་སྲི་ཞི་བས་འདུལ་དུ་མི་འཚལ་བ་རྣམས་དྲག་པོ་མངོན་སྤྱོད་ཀྱི་ཐབས་ཀྱིས་མྱུར་དུ་བསྒྲལ་བར་བྱ་བའི་ཕྲིན་ལས་ལ་གཡེལ་བ་མེད་པའི་ཚུལ་དུ་རྣལ་འབྱོར་པའི་དཔུང་དང་གཉེན་དུ་ཉེ་བར་བཞེངས་པའི་དུས་ལ་བབ་པས་དགོངས་པར་མཛོད་ཅིག་ཅེས་བསྐུལ་ནས། དགྲ་བགེགས་གང་ཞིག་སྒྲོལ་ན། བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་བྱང་ཆུབ་སེམས་དཔའ་བཞིན་དུ་སེམས་ཅན་གྱི་དོན་བྱེད་པའི་རྒྱལ་བའི་གདུང་རིག་འཛིན་པར་དམ་བཅས་པའི་བདག་ཅག་དཔོན་སློབ་རྣམས་ལ་ནི་དོ་བདོ་ཞིང་ཕོད་བཙུགས་ལ་བརྙས་པ་བྱེད་པ་དང་། སངས་རྒྱས་ཀྱི་བསྟན་པ་དང་སྐྱེ་རྒུ་ཡོངས་ལ་བསམ་སྦྱོར་ཕྱིན་ཅི་ལོག་པའི་སྒོ་ནས་གནོད་ཅིང་གདུག་པ་ཅན་དུ་གྱུར་པའི་གཟུགས་ཅན་གྱི་དགྲ་ཉམས་པ་བདུན་ལ་སོགས་པ་དང་ལྡན་པ། གཟུགས་མེད་ཀྱི་བགེགས་དམ་སྲི་བདུད་དང་བར་དུ་བཅོད་པ་མཐའ་དག་ཇི་སྙེད་པ་དེ་དག་རྣམས་ཁྲོ་བོ་ཆེན་པོ་རྡོ་རྗེ་གཞོན་ནུ་སྲས་འཁོར་སྤྲུལ་པ་བཀའ་སྡོད་དང་བཅས་པའི་བྱིན་རླབས་ཀྱི་ཕོ་ཉའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས་པ་རྣམས་ཀྱིས་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་ནི་དེ་དག་མངོན་སྤྱོད་ཀྱི་གནས་འདིར་འཆོར་བ་མེད་པར་བཀུག་ནས་མངོན་སྤྱོད་དྲག་པོའི་ཚུལ་གྱིས་བསྒྲལ་བ་དང་། རྣམ་ཤེས་ཡེ་ནས་དག་པ་དེ་གནས་སྤར་བ་དང་། ཉེར་ལེན་གྱི་ཕུང་པོ་ཆེན་པོ་གཞིག་པའི་ཕྱིར་འབྱུང་བཞི་ལས་སྐྱེས་པའི་ཐ་མལ་གྱི་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་ཕྱེ་མར་མཛད་ནས་ཀྱང་། ཉོན་མོངས་པའི་སྒྲིབ་པ་སྦྱང་བའི་ཕྱིར་མནན་གཟིར་གྱིས་སྡུག་བསྔལ་རྣམས་ལུས་ངག་ཡིད་གསུམ་གྱིས་ཉམས་སུ་མྱོང་སྟེ་སླན་ཆད་སྡུག་བསྔལ་གྱི་རྩ་བ་ཆད་ནས་ཞི་བའི་དབྱིངས་སུ་འགོད་པར་མཛོད་ཅིག་ཅེས་པའོ། །ༀ་ལཾ་སོགས་ཀྱི་སྔགས་འབྲོས་སུ་མི་སྟེར་བའི་ཕྱིར་ཟིལ་གྱིས་གནོན་པའི་སྙིང་པོ། འཁོར་བ་ནས་འདྲེན་པའི་སྙིང་པོ། མི་འཆོར་བར་དབང་དུ་སྡུད་པའི་སྙིང་པོ་གསུམ་གྱི་ཚུལ་དུ་འདིའི་རྗེས་འབྲེལ་དུ་ཁ་ཅིག་ནས་བཤད་ཀྱང་། ཚེ་ཁྲུས་ཀྱི་དགོངས་པའི་དོན་འོག་ཏུ་འཆད་དོ། །གཉིས་པ་ཚེ་ཁྲུས་ཀྱི་དགོངས་པས་བརྟེན་པ་དབྱིངས་སུ་བསྒྲལ་བ་ནི། གསལ་བ་གསུམ་དང་ལྡན་པ། ལོག་རྡུག་འབྱམས་གསུམ་དང་བྲལ་བ། དགོངས་པ་རྣམ་གསུམ་དང་ལྡན་པ། ཁྲུས་ལུང་གསུམ། ཚེ་ལུང་གསུམ་གྱི་དགོངས་པས་འདེབས་དགོས་ཤིང་། དེའང་གསལ་བ་གསུམ་ནི། གདབ་ལས་དཀྱུས་ལ་སྲས་མཆོག་གི་ཕུར་བུ་དང་། སྒྲུབ་པ་ཆེན་པོར་ཕུར་ཁྲོམ་གྱི་རྫས་དཀྱིལ་གཙོ་བོ་སྲས་མཆོག་ལའང་དཀྱིལ་འཁོར་གསུམ་ག་རྫོགས་པའི་གཙོ་བོ་ཉིད་ཡཀྴ་ཀྲོ་དྷའི་ངོ་བོར་གྱུར་པས་གདབ་པ་ཡིན་ཅིང་། གཟས་པ་པོ་ནི་མདུན་དུ་མངོན་སུམ་ལྟ་བུར་གསལ་བའོ། །དགོངས་པ་གསུམ་ནི། ཨ་དཀར་བྱ་དཀར་གྱི་དགོངས་པ། ཐུགས་རྗེ་འབྲེལ་ཐག་གི་དགོངས་པ། གདུང་བ་ལུ་གུ་རྒྱུད་ཀྱི་དགོངས་པའོ། །དང་པོ་ནི། ༀ་ལྃ། ཧཱུྃ་ལྃ། སྟྭཾ་བྷཱ་ཡ་ནཱན། མོ་ཧཾ་གྷཱ་ཏ་ཡ། བྷ་ག་ཝཱ ན། ཧྲཱིཿཥྚཱིཿབི་ཀྲྀ་ཏ་བཛྲ་ཧཱུྃ་ཀ་ར་ཧཱུྃ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོ། སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་པའི་སྔགས་འདིས་དཀྱིལ་འཁོར་གསུམ་གྱི་སྤྱི་བོར་ཧཱུྃ་ཀ་ར་དཀར་པོ། དེའི་སྤྱི་བོར་ཨ་དཀར་པོ། ཕུར་པའི་རྩེ་མོར་ཡང་ཨ་དཀར་པོས་ཉེ་བར་བརྒྱན་པ། གཟས་པ་པོའི་སྙིང་གར་ཡང་རྣམ་པར་ཤེས་པའི་ངོ་བོ་ཨ་དཀར་པོ་གསལ་བ་ནི་ཨ་དཀར་བྱ་དཀར་གྱི་དགོངས་པའོ། །གཉིས་པ་གོང་གི་སྔགས་ཀྱིས་སླར་ཡང་ཧཱུྃ་ཀ་ར་ཡབ་ཡུམ་ཨ་དང་བཅས་པ་འོད་དུ་གྱུར་པས་དཀྱིལ་འཁོར་གསུམ་ཡོངས་སུ་གང་ཞིང་བདག་གི་སྡིག་སྒྲིབ་སྦྱོང་བར་བྱེད་པ་དང་། ཕུར་པ་གཟས་པོའི་སྙིང་གར་དྲིལ་བས་ཕུར་རྩེའི་ས་བསྒྲལ་བྱའི་དོན་བྱས་ཤིང་། བདག་དང་གཟས་པ་པོ་ཕུར་བུ་གསུམ་དགོངས་པ་གཅིག་གིས་འབྲེལ། དམ་ཚིག་གཅིག་གིས་འབྲེལ། ཆོས་ཉིད་གཅིག་གིས་འབྲེལ་བར་སྣང་བས་ན་ཐུགས་རྗེ་འབྲེལ་ཐག་གི་དགོངས་པ་ཞེས་བྱའོ། །གསུམ་པ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ཞེས་སོགས་གསུངས་པ་ལྟར། སྤྱིར་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོའི་བློས་མི་གཏོང་ཞིང་། སྒོས་ལས་ངན་ཅན་འཁོར་བར་མི་གཏོང་བས་ན་གདུང་བ་ལུ་གུ་རྒྱུད་ཀྱི་འབྲེལ་བའི་དགོངས་པ་ཞེས་བྱ་བ་སྟེ་ཁྲུས་ལུང་ངོ་། །ཚེ་ལུང་ལའང་གསུམ་སྟེ། བྱུང་ཚོར་གྱི་སྒོ་དགག་པ། སེམས་ཀྱི་དབྱིངས་དབྱུང་བ། ཀུན་གཞི་རྩད་ནས་གཅོད་པའོ། །དང་པོ་ནི། གོང་གི་སྔགས་ཀྱིས་ཕུར་པ་མིག་ལ་དྲིལ་བས་གཟུགས་ཀྱི་བྱུང་ཚོར་བཀག །རྣ་བ་ལ་དྲིལ་བས་སྒྲའི་བྱུང་ཚོར་བཀག །སྣ་དྲི། ལྕེ་རོ། ལུས་རེག་བྱ་བཅས་བཀག་ནས་སྒོ་ལྔའི་རྣམ་ཤེས་གུར་གྱི་ཆོན་ཐག་བསྡུས་པ་བཞིན་དུ་ཀུན་གཞི་ལ་འུབ་ཀྱིས་བསྡུས་པའི་བྱ་བ་བྱེད་པའོ། །གཉིས་པ་སེམས་ཀྱི་དབྱིངས་དབྱུང་བ་ལའང་གསུམ་སྟེ། དང་པོ་ཕཊ་དྲལ་བ། གཉིས་པ་གནད་སླེབ་པ། གསུམ་པ་རྟོག་བླང་བའོ། །དང་པོ་ནི། གོང་གི་སྔགས་ཀྱིས་ཕུར་པའི་རི་རབ་ཀྱིས་བསྡིགས་པས་གཟས་པ་པོའི་ཤ་ཁྲག་དང་སྙིང་དཀར་ནག་དཔྲལ་བ་ནི་ཕཊ་དྲལ་བའོ། །གཉིས་པ་ཕུར་པའི་འོད་ཀྱིས་ཉིང་དཀར་ནག་གི་མཚམས་ནས་ཁྲག་གི་སྦལ་པ་མཐེ་བོང་ཙམ་ཡོད་པ་བསྲེགས། དེའི་ནང་ན་དྭངས་མ་རྣམ་པ་གསུམ་ཡོད་དེ། ཁྲག་གི་དྭངས་མ་མཚལ་ལྕོག་ལ་འདྲ་བ་དང་། རྩའི་དྭངས་མ་རྒྱུས་པ་ཀླད་པ་འདྲ་བ་དང་། དབུགས་ཀྱི་དྭངས་མ་གསེར་ས་འོག་ཏུ་སྦས་པའི་རླངས་པ་ཙམ་སྟེ་གསུམ་ཡོད་པ་དེ་གསུམ་གྱི་དབུས་ན་ཀུན་གཞིའི་རྣམ་པར་ཤེས་པ་ཡི་གེ་ཨ་ཐུང་གི་ཚུལ་དུ་སེམས་ཅན་ཐམས་ཅད་ལ་ཡོད་པས་དེ་ལ་སྔགས་དང་བཅས་ཏེ་ཕུར་པ་གཡེངས་པས་དེ་དག་གི་དབུས་སུ་ཕུར་པ་ཐོགས་པ་མེད་པ་ཐལ། གསུམ་པ་སྔགས་ཀྱིས་ཕུར་པ་གདེངས་པས་རྣམ་ཤེས་ཨ་ཐུང་དེ་ཉིད་རྡོ་ཁབ་ལེན་ལ་ལྕགས་འདུ་བ་བཞིན་ནམ། བྱེ་ཚན་ལ་མར་ཐིམ་པ་བཞིན་དུ་ཕུར་པའི་རྩེ་མོར་འདུས་པར་གསལ་བའོ། །གསུམ་པ་ཀུན་གཞི་རྩད་ནས་གཅད་པ་ནི། དེའི་འོག་ཏུ་དེའི་ཤུལ་ན་ཕུར་པ་གཞན་གྱིས་བཏབ་ལ་བཞག་སྟེ་དེའི་རྣམ་ཤེས་ལྷོད་པ་མེད་པར་བྱས་པ་ནི། ཀུན་གཞི་རྩད་ནས་གཅོད་པ་ཞེས་བྱའོ། །ཕུར་པའི་རྩེ་མོར་དམིགས་ཡུལ་གྱི་རྣམ་ཤེས་ཨ་བཀྲག་དང་ལྡན་པ་རིག་པ་ཚེ་དང་བསོད་ནམས་དང་བཅས་པ་ཚུར་བདག་ལ་གོང་གི་སྔགས་ཀྱིས་བསྡུས་པས་ཁོའི་ཚེ་བསོད་ཐམས་ཅད་རང་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་གྱུར་པ་ནི་བདག་གི་ཚེ་ལུང་དུ་བཤད་ལ། དེ་ནི་མེ་འབར་བ་ལ་ཤིང་བསྣན་པ་དང་མཚུངས་པར་རང་ཉིད་ཚེ་བསོད་ནམས་དང་ལྡན་པར་འགྱུར་པའོ། །དེས་ན་ཡུལ་གྱི་ཚེ་བསོད་རང་ལ་ཐོབ་པས་བདག་མི་ཕམ་ལ། བདག་གིས་ཡུལ་གྱི་སྒྲིབ་པ་སྦྱངས་པས་དགྲ་མི་ཕམ་པ་སྟེ་གཉིས་ཀ་འཚེངས་པ་ཡིན་ནོ། །དེ་ནས་རྣམ་པར་ཤེས་པ་ཨ་ཐུང་གི་རྣམ་པ་ཅན་དུ་གྱུར་པ་ཕུར་རྩེས་བླངས། རང་ལྷའི་ཐུགས་ཀའི་ཡེ་ཤེས་ཀྱི་རླུང་ཧར་གྱིས་བྱུང་སྟེ་དེས་བཏེག་ནས་མེ་སྟག་དྲག་པོ་ཡར་བ་བཞིན་འོག་མིན་རིགས་ལྔ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་བསྐྱལ་ཏེ་རིགས་ལྔའི་སྲས་སུ་སྐྱེ་བར་བྱེད་པ་ནི་རྟེན་འབྲེལ་ཟབ་མོའི་ཁྱད་པར་གྱི་མཐུ་ལས་དེ་ལྟར་འགྱུར་བའང་ངེས་པའི་གསང་བ་ཟབ་མོ་དང་། ཆོས་ཉིད་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས་སོ། །དེ་ནི་གནས་སྤར་བའི་ཆོ་ག་ཞེས་གསང་སྔགས་ཀྱི་ཁྱད་ཆོས་བླ་ན་མེད་པ་ཡིན་པའི་ཕྱིར་ཚེ་ལུང་དང་ཁྲུས་ལུང་གི་དགོངས་པ་མ་ཤེས་ན་ཤན་པ་དང་ཁྱད་མེད་པར་སློབ་དཔོན་པདྨའི་ཞལ་སྔ་ནས་འདོམས་པར་མཛད་པ་ཡིན་ནོ། །གོང་དུ་བསྟན་པའི་སྔགས་དོན་ཡང་ཁྲུས་ལུང་ལྟར་བཤད་པ་དང་། ཚེ་ལུང་ལྟར་བཤད་པ་གཉིས་ལས། དང་པོ་ནི། ༀ་ལྃ་ཞེས་པས་རིགས་ཀྱི་ཡབ་ལྔ། ཧཱུྃ་ལྃ་ཞེས་པས་ཡུམ་ལྔ་ལག་པ་གཡས་གཡོན་གྱི་སོར་མོ་དག་ལ་བསྐྱེད་པའི་དོན་དང་། སྟྭཾ་བྷཱ་ཡ་ནཱན་ཞེས་པས་ཡབ་ཡུམ་གཉིས་མེད་དུ་སྦྱོར་བས་ལག་གི་འདུ་བྱེད་བསྒོམ་པའི་དོན་དང་། མོ་ཧཾ་གྷཱ་ཏ་ཡ་མིང་དང་རུས། བྷ་ག་ཝཱན་བཅོམ་ལྡན་འདས། ཧྲཱིཿཥྚིཿཐབས། བི་ཀྲྀ་ཏ་ཤེས་རབ། བཛྲ་རྡོ་རྗེ་སྟེ་གཉིས་སུ་མེད་པའི་དོན། །དེ་བསྐྱེད་པའི་རྒྱུ་ཧཱུྃ་ཡིན་ལ། ཀ་ར་ནི་ཕྲིན་ལས། ཧཱུྃ་གིས་བསྡུས་ལ་སྦྱོངས་ཤིག་པའོ། །བཛྲ་ཀཱི་ལི་ཀཱི་ལ་ཡ་ཡེ་ཤེས་ཀྱི་ཕུར་བ། ཛཿ་ཧཱུྃ་བྃ་ཧོཿཕྱག་རྒྱ་བཞིས་དགུག་བཅིང་ལ་སོགས་པ་བྱས་ནས། སརྦ་ནི་ཐམས་ཅད། བིགྷྣཱན་ནི་ཉོན་མོངས་པ། བཛྲ་ཀཱི་ལི་ཀཱི་ལ་ཡ་ནི་ཡེ་ཤེས་ཀྱི་ཕུར་པས་འདེབས་པ། ཧཱུྃ་གིས་བསྡུས་ལ་ཕཊ་ཀྱིས་གཏོར་ཞིག་པའོ། །གཉིས་པ་ཚེ་ལུང་ལྟར། །ༀ་ལྃ། ཧཱུྃ་ལྃ་ཞེས་པས་སྐུ་གསུང་ཐུགས་རི་རབ་ལྟར་བརྗིད་པས་ནོན་ཅིག །ཇི་ལྟར་མནན་ན། སྟྭཾ་བྷ་ཡ་ནཱན་ཞེས་ས་འོག་ཏུ་གཟིར་ལ་ནོན། གང་མནན་ན། མོ་ཧཾ་གྷ་ཏ་ཡ་ཞེས་པ་མིང་དང་རུས་སུ་བཅས་པའི་དགྲ་བགེགས། གང་གིས་གནོན་ན། བྷ་ག་ཝཱན་ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུས་ནོན་ཅིག་པ། ཚུལ་ལམ་ཐབས་ཇི་ལྟར་གནོན་ཅིང་གཟིར་ན། ཧྲཱིཿཥྚཱིཿབི་ཀྲྀ་ཞེས་པས་ཐབས་ཤེས་སྙོམས་པར་ཞུགས་ལ་ནོན་ཅིག །མནན་ནས་ཅི་བྱེད་ན། བཛྲ་ཧཱུྃ་ཀ་ར་ཧཱུྃ་ཞེས་པས་དཔལ་ལྡན་རང་བཞིན་གྱི་རྡོ་རྗེ་ཕུར་པ་ལས་བསྡུས་ལ་སེམས་ཀྱི་རྣམ་པར་རྟོག་པ་ཆོད་ཅིག་ཅེས་དང་། དེ་ལྟར་བཅད་ནས་ལུས་སེམས་ལ་ཡོད་པའི་རྟོག་མེད་ཀྱི་ཡེ་ཤེས་ཚུར་བསྡུས་ལ་རྣམ་པར་རྟོག་པ་དང་བཅས་པའི་ལུས་སེམས་ཀུན་བསྲེགས་ལ་ཐལ་བ་ལྟར་གཏོར་ཞིག །གང་དུ་བསྲེག་ཅིང་བརླག་པར་བྱ་ན། བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿཞེས་པས་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་འཁོར་ཁྲོ་བོ་ཁྲོ་མོ་ཟ་གསོད་སྒོ་མ་བཞི་དང་བཅས་པའི་ཞལ་དུ་བསྟབས་ཏེ་བསྲེགས་ལ་བརླག་པར་གྱིས་ཤིག་པ་དང་། གང་བརླག་པར་བྱ་ན། སརྦ་བིགྷྣཱན་ཞེས་དགྲ་བགེགས་ཐམས་ཅད། གང་གིས་བརླག་པར་བྱེད་ན། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་སྟེ་སྲས་མཆོག་བཛྲ་ཀཱི་ལ་ཡའི་སྐུ་རྡོ་རྗེ་ཕུར་པས་ཐོབ། སེམས་བསྡུས་ལ་ལུས་ཕྱིར་ཁྲོལ་ཅིག་ཅེས་པའི་དོན་ཡིན་པར་ཡིག་རྙིང་བཞིན་དུ་ས་ཕུར་རྣམ་བཤད་ལས་བཤད་དོ། །གསུམ་པ་གབ་པའི་སྔགས་དྲུག་བསྟན་པ་ནི། བགེགས་བྱེད་པ་ཡི་བདུད་རྣམས་དང་། །ཞེས་པ་ནས། བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ། ཅེས་པའི་བར་གྱིས་བསྟན་པའང་། རྒྱུད་ལས། ལྷ་དབྲལ་གནས་ནས་དགུག་པ་དང་། །རྣམ་ཤེས་གཟུགས་བསྟིམ་བྱད་དུ་གཞུག །སྨྱོར་གཞུག་རྡུལ་དུ་བརླག་པ་དང་། །ཤ་ཁྲག་ཞལ་དུ་བསྟབས་ན་དགྱེས། །འདི་དྲུག་ཤེས་ན་ལས་རྣམས་འགྲུབ། །ཅེས་སོ། །དེ་ལའང་བསྐུལ་དང་དགུག་གཞུག་བྱ་བ་དང་། སྔགས་ཚན་བཅུ་གཉིས་པོ་དངོས་བཤད་པའོ། །དང་པོ་ནི། བགེགས་བྱེད་སོགས་སྨོས་ཏེ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་བགེགས་སམ་བར་དུ་གཅོད་པར་བྱེད་པའི་བདུད་རྣམས་དང་། དམྱལ་བའི་སྡུག་བསྔལ་གྱིས་སེམས་ལ་མི་བཟོད་པའི་མྱ་ངན་གྱི་ཁུར་མཉམ་དུ་སྦྱོར་བའི་ལས་ངན་པ་ལ་ཞུགས་པ་ཆེ་གེ་མོ་ཞེས་མིང་དང་རུས་སུ་སྨོས་པ་སུ་དང་གང་ཡིན་ཀྱང་དེ་ཉིད་འཁྲུལ་མེད་དུ་འདི་དང་འདིའོ་ཞེས་བྱ་བ་གཟུགས་ལིངྒ་མིང་བྱང་བུ་བླ་འཁོར་ལོ་ལ་བསྐོར་བ་རང་གཞན་ལ་གནོད་པའི་ལོག་འདྲེན་མ་རུངས་པ་བདུད་ཀྱི་ཐིབས་ཀྱིས་ནོན་པའི་ཉམས་པ་བདུན་ལྡན་དང་ཞིང་བཅུ་ཚང་བའི་བསྒྲལ་བར་བྱ་བའི་འོས། བསད་པར་བྱ་བའི་མཆོག་གང་ཡིན་པ་དེ་དག་འཁོར་བའི་གནས་རིས་ནས་དྲང་བའི་ཕྱིར་ཕོ་ཉ་ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས་ཤིག །བདེ་བའི་གནས་སུ་བསྐུལ་བའི་ཕྱིར་ཐོ་བ་ཅན་གྱིས་རྒྱབ་ནས་རྡུངས་ཤིག །ཉོན་མོངས་པའི་དབང་པོ་རང་ཡན་དུ་མི་གཏོང་བའི་ཕྱིར་ཞགས་པ་ཅན་གྱིས་ཡན་ལག་རྣམ་པར་ཆིངས་ཤིག །བག་ཆགས་ཀྱི་ཕུང་པོ་བརླག་པར་བྱ་བའི་ཕྱིར་གཟུགས་ཀྱི་ཕུང་པོ་གཏོགས་ཤིག་གམ་སྡིགས་ཤིག །སྡིག་པའི་གྲོགས་དང་བྲལ་བར་བྱ་བའི་ཕྱིར་རམ་ནག་པོའི་ཕྱོགས་ཀྱི་དཔུང་གཉེན་དང་སྟོང་གྲོགས་བྱེད་པའི་དཔལ་ལམ། གཉེན་པོ་དང་ཁ་ཕྲལ་ཏེ་སོ་སོར་དབྱེ་བར་གྱིས་ཤིག །མྱུར་དུ་གནས་ངན་ལས་བསྒྲལ་ཏེ་རྟེན་དང་བརྟེན་པ་རྡུལ་དུ་རློག་པའི་ཕྱིར་མགྱོགས་བྱེད་ཀྱི་ཕོ་ཉས་མྱུར་བའམ། རིངས་པའི་ཚུལ་ལམ། ས་འོག་ས་སྟེང་ས་བླ་སོགས་ཤིན་ཏུ་བསྐལ་བའི་རིང་པོའི་གནས་གང་ན་ཡོད་ཀྱང་རང་དབང་མེད་པར་ཁུག་ལ། གནོང་ཞིང་འགྱོད་པའི་སེམས་ཀྱིས་ཉེས་བྱས་ལ་མཐོལ་ཞིང་བཤགས་པའི་སྨྲེ་སྔགས་ཀྱི་འོ་དོད་སྨྲ་རུ་ཆུག་ཅིག །ཐུགས་རྗེས་ངེས་པར་གཟུང་བར་བྱ་བའི་ཕྱིར་འབེབས་བྱེད་ཀྱིས་གཟུགས་ལ་ཕོབ་ཅིག །ཉོན་མོངས་པའི་སྒྲིབ་པ་སྦྱང་བའི་ཕྱིར་གཟིར་བྱེད་ཀྱིས་ལུས་ངག་ཡིད་གསུམ་རྣམ་པར་གཟིར་བར་གྱིས་ཤིག །དཀྱིལ་འཁོར་དུ་ངེས་པར་ཆུད་པར་བྱ་བའི་ཕྱིར་དབང་བྱེད་ཀྱིས་རྣལ་འབྱོར་པ་བདག་ཉིད་ཀྱི་དབང་དུ་བྱས་པར་གྱུར་ནས། དམ་ལས་མི་འདའ་བའི་ཕྱིར་བཀའ་ཉན་བྱེད་ཀྱིས་བསྒོ་བའི་བཀའ་ཉན་ཅིང་མ་དད་པའི་བློ་ལྡོག་སྟེ་ཤིན་ཏུ་གུས་པ་དང་ལྡན་པར་གྱིས་ཤིག་པའམ་བྱོས་ཤིག །ཅེས་པ་སྟེ་ཚིག་ཐད་ཀར་དཀྱུས་ལྟར་བཤད་པ་དེ་ལྟར་ཡིན་ལ། འོག་གི་གབ་པའི་སྔགས་དྲུག་གི་སོ་སོའི་འཕྱོང་དང་། ཐོག་མར་འགྲོ་བའི་རྣམ་ཤེས་དགུག་པ་སོགས་ཀྱི་ཚིག་གནད་ཀྱང་འདིའི་ཁོངས་སུ་འབྱུང་བ་ཡིན་ནོ། །གཉིས་པ་སྔགས་ཚན་བཅུ་གཉིས་པོ་དངོས་བཤད་པ་ལ་གཉིས། དངོས་དང་། སྔགས་དོན་བཤད་པའོ། །དང་པོ་ནི། ཧཱུྃ་པ་ར་བིདྱ་སོགས་ནས། བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ། ཅེས་པའི་བར་གྱིས་བསྟན། འདི་ལ་དོན་དྲུག་པོ་རེ་རེ་ལ་དོན་བཅུ་བཅུ་སྟེ་དྲུག་ཅུ་ཐམ་པའི་ལྡོག་པ་དང་བཅས་ཤེས་པར་བྱ་དགོས་ལ། དེའང་གཉེན་པོ་སྟོབས་ཀྱི་ལྷ་དྲུག །ངན་སྔགས་ལས་ཀྱི་ཕུར་པ་དྲུག །གདབ་པ་གནས་ཀྱི་གདབ་པ་དྲུག །བསྐུལ་བར་བྱ་བའི་ཕོ་ཉ་དྲུག །གདགས་པར་བྱ་བའི་འཕྱོང་དྲུག །གསག་པར་བྱ་བའི་རྫས་དྲུག །བཟླ་བར་བྱ་བའི་སྔགས་དྲུག །བཅའ་བར་བྱ་བའི་ཕྱག་རྒྱ་དྲུག །གཞན་དུ་མི་འགྱུར་བའི་ཏིང་ངེ་འཛིན་དྲུག །གདབ་པར་བྱ་བའི་སྨོན་ལམ་དྲུག་གོ། །དང་པོ་ལྷ་དང་དབྲལ་བ་ལ་བཅུ་སྟེ། གཉེན་པོ་སྟོབས་ཀྱི་ལྷ་ནི། བདུད་རྩི་འཁྱིལ་བ་སྟེ་ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ་ཀྱི་སྔགས་ཀྱིས་སོ། །འཇིག་རྟེན་ལས་ཀྱི་ལྷ་ནི། རྡོ་རྗེ་ལེགས་པའོ། །ངན་སྔགས་ལས་ཀྱི་ཕུར་པ་སེང་ལྡེང་དམར་པོ་དང་། གདབ་པའི་གནས་སྤྱི་གཙུག་སྟེ། གནམ་གྱི་འཇུ་ཐག་གཅད་པའོ། །བསྐུལ་བའི་ཕོ་ཉ་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པ་དང་། གདགས་པའི་འཕྱོང་ནི། གཏོགས་ཤིག་གྲོགས་དང་དབྱེ་བར་གྱིས་ཞེས་པའོ། །གསག་པའི་རྫས་ནི་གུ་གུལ་ཁྱི་བྲུན་ཚིལ་ཆེན་སོགས་སོ། །གབ་པའི་སྔགས་ནི། ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿ དཎྜ་ཧཱུཾ་ཕཊ། ཅེས་སོ་སོའི་མགོར་ཀཱི་ལ་ཡས་མནན་ཅིང་། དགྲ་བགེགས་མཱ་ར་ཡ་དང་། མཐར་བིགྷྣཱན་བྃ་ཧཱུྃ་ཕཊ་ཀྱི་བར་དུ་བཅུག་པ་འོག་མ་ཀུན་ལའང་དགོས་པར་བཤད་དོ། །བཅའ་བའི་ཕྱག་རྒྱ་ནི། དུད་པས་བདུག་པའི་ཚུལ་དུ་བྱ་འུག་པའི་སྒྲོས་དབྱེ་བའི་ཚུལ་དང་། དངོས་སུའང་རྫས་དུད་བདུག་པའོ། །སྨོན་ལམ་ནི། དགྲ་བགེགས་ཀྱི་ལྷ་སྲུང་དང་ཕྲོལ་ཅིག་སོགས་བརྗོད་པ་དང་། ཏིང་ངེ་འཛིན་ནི། དཔལ་ཆེན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་དབྱེ་བའི་ལས་མཛད་པས་དགྲ་བགེགས་ལྷ་དང་བྲལ་ཏེ་མི་མེད་པའི་གྲོང་སྟོང་ངམ། བྱེའུ་ཁྱུར་རྡོ་འཕངས་པས་གཞན་འཕུར་ཏེ་གང་ལ་ཕོག་པ་དེ་གཅིག་པུར་ལུས་པ་ལྟར་གྱུར་པར་བསམ་མོ། །གཉིས་པ་གཟུགས་ལ་དབབ་པ་ནི། གཉེན་པོ་སྟོབས་ཀྱི་ལྷ་མི་གཡོ་མགོན་པོ་སྟེ་བིནྡྷ་བིནྡྷ་ཧཱུྃ་ཕཊ་ཀྱིས་མཚོན་པ་དང་། འཇིག་རྟེན་ལས་ཀྱི་ལྷ་ཡམ་ཤུད་དམར་པོ་ཡིན་ལ། གདབ་ཕུར་ནི། བྱ་རྒོད་ཀྱི་ཕུར་པ། གདབ་པ་ནི། རྐང་པའི་མཐིལ་ཏེ་སའི་རྟེན་ཕུར་ཕྱུང་བའོ། །ཕོ་ཉ་ནི། སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཅེས་དང་། འཕྱོང་ནི། ཕོབ་ཅིག་རྣམ་པར་གཟིར་བར་གྱིས། ཞེས་སོ། །སྔགས་ནི། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། ཕྱག་རྒྱ་ནི། འབེབས་ཚུལ་བྱ་ཞིང་། རྫས་ནི། མཚེ་དང་ཡུངས་དཀར་ནག་སོགས་སོ། །ཏིང་ངེ་འཛིན་ནི། ཐུགས་ཀའི་འོད་ཀྱིས་གཟས་པ་པོ་དངོས་སུ་བཀུག་པ་ལྟར་ལིངྒ་ལ་བསྟིམ་པའོ། །སྨོན་ལམ་ནི། དགྲ་བགེགས་ཁུག་ཅིག །ཕོབ་ཅིག །སྟིམས་ཤིག །ཅེས་སོ། །གསུམ་པ་བྱད་དུ་གཞུག་པ་ནི། གཉན་པོ་སྟོབས་ཀྱི་ལྷ་ཁམས་གསུམ་རྣམ་རྒྱལ་ཏེ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ་ཅེས་པ་དང་། འཇིག་རྟེན་ལས་ཀྱི་ལྷ་ཀླུའི་རྒྱལ་པོ། གདབ་ཕུར་ནི། མཆོག་ཆེན་གྱི་ཕུར་པ། གདབ་པ་གསང་གནས་སུ་སྐྱེ་བ་དགུ་རྒྱུད་གཅད་པའི་ཕྱིར་དུ། བསྐུལ་བའི་ཚིག །ཕྱག་བརྙན་ཆེན་མོའི་དུས་ལ་བབ། །ཅེས་དང་། འཕྱོང་། ཟུངས་ཤིག་རྡུངས་ཤིག་རྣམ་པར་ཆིངས་ཞེས་སོ། །སྔགས་ནི། ཤཱིགྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ། ཅེས་དང་། ཕྱག་རྒྱ་ནི། བྱད་ཐག་གིས་བཅིང་བའི་ཚུལ་བྱ་ཞིང་། རྫས། ཚོན་སྐུད་སྣ་ལྔའི་ཐག་པ་སོགས་སོ། །ཏིང་ངེ་འཛིན་ནི། ཕོ་ཉ་མང་པོས་གྲུ་གུ་ཐུལ་དུ་བཅིངས་པར་བསམ་པ་དང་། སྨོན་ལམ་ནི། ལྷའི་བྱད་དུ་ཆུག་ཅིག ། ཀླུའི་བྱད་དུ་ཆུག་ཅིག །སོགས་ཀྱི་དམོད་མོ་བྱ་བའོ། །བཞི་པ་སྨྱོར་གཞུག་པ་ནི། གཉེན་པོ་སྟོབས་ཀྱི་ལྷ་རྟ་མགྲིན་ཏེ། གྷྲིཧྣ་གྷྲིཧྣ་ཧཱུྃཿཕཊ་ཅེས་པ་དང་། ལས་ཀྱི་ལྷ་རྒྱལ་པོ་པེ་དཀར་རོ། །ཕུར་པ་ཙནྡན། གདབ་པ་ལྕེའི་དཀྱིལ་དུ་ངག་འཇོམས་པའི་ཕྱིར་དང་། བསྐུལ་བའི་ཕོ་ཉ། ཁྱི་ཡི་གདོང་ཅན་དུས་ལ་བབ། །ཅེས་པའོ། །འཕྱོང་ནི། རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཅེས་དང་། སྔགས། ཛྭ་ལཱ་པ་ཡ་ཡ་ཛྭ་ལཱ་པ་ཧཱུྃ་ཕཊ། ཅེས་པའོ། །ཕྱག་རྒྱ། དུག་ཁོང་དུ་གཏོང་བའི་ཚུལ། རྫས། དྷ་དུ་ར་དང་དུག་སྣའི་ཆུའོ། །ཏིང་ངེ་འཛིན་ནི། སྙིང་ག་ནས་འོད་ཚྭ་ཚྭ་ལྟ་བུ་འཕྲོས་པས་མྱོས་ཤིང་བརྒྱལ། སྨྱོ་ཞིང་འབོགས་པ་སོགས་སུ་གསལ་བ་དང་། སྨོན་ལམ། དགྲ་བོ་སྨྱོ་རུ་ཆུག །འབོགས་སུ་ཆུག །མྱོས་སུ་ཆུག །ཅེས་སོགས་ཀྱིས་དམོད་བོར་བའོ། །ལྔ་པ་རྡུལ་དུ་བརླག་པ་ནི། གཉེན་པོ་སྟོབས་ཀྱི་ལྷ་དབྱུག་སྔོན་ཅན་ཏེ་ཧ་ན་ཧ་ན་ཧཱུྃ་ཕཊ་དང་། ལས་ཀྱི་ལྷ་ནི་བདུད་དོ། །ཕུར་པ་ནི། ལྕགས་ཕུར་དང་། གདབ་པ། སྙིང་དཀར་ནག་གི་མཚམས་སུ་སེམས་ཀྱི་དབྱིངས་དབྱུང་བའི་ཕྱིར་གདབ་བོ། །ཕོ་ཉ། ས་བདག་ཆེན་མོའི་དུས་ལ་བབ། །ཅེས་དང་། འཕྱོང་ནི། ལུས་སེམས་རྡུལ་བཞིན་བརླག་པར་མཛོད། །ཅེས་སོ། །སྔགས་ནི། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། དང་། ཕྱག་རྒྱ། བརྡུང་ཚུལ་བྱ་ཞིང་། རྫ་མིའི་རྗེ་ངར་དང་། རྡོ་རྗེ་ཐོ་བ་སོགས་སོ། །ཏིང་ངེ་འཛིན། ཐོ་བ་ཐོགས་པའི་སྤྲུལ་པ་མང་པོས་རྡུང་བའི་དམིགས་རྣམ་དང་། སྨོན་ལམ། དགྲ་བོ་རྡུལ་དང་ཕྱེ་མ་ཐལ་བར་རློག་ཅིག །ཅེས་སོགས་ཀྱི་དམོད་མོའོ། །འདི་ནི་འོག་ཏུ་ཁ་ཚར་གྱི་ལས་སུ་བཤད་པར་འགྱུར་ཡང་། འདིར་ས་ཁོངས་མ་སྟོངས་ཕྱིར་བཤད་པའོ། །དྲུག་པ་ཞལ་དུ་བསྟབ་པ་ནི། གཉེན་པོ་སྟོབས་ཀྱི་ལྷ་སྟོབས་པོ་ཆེ་སྟེ་ཧཱུྃ་པ་ར་བིདྱན་ཞེས་པའོ། །ལས་ཀྱི་ལྷ་ནི། བཙན་ནོ། །ཕུར་པ། སྐྱེར་ཕུར་དང་། གདབ་པ། ལྟེ་བ་སྟེ་བསྐྱེད་པའི་ས་བོན་གཞོམ་པའི་དོན་དུའོ། །ཕོ་ཉ། བདག་ཉིད་ཆེན་མོའི་དུས་ལ་བབ། །འཕྱོང་ནི། བསྒོ་བའི་བཀའ་ཉན་གུས་པར་གྱིས། །ཞེས་དང་། སྔགས་ནི། བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ། ཅེས་པའོ། །ཕྱག་རྒྱ། སྟོབས་པའི་ཚུལ་དང་། རྫས། ཨེ་གྲུ་གསུམ་གྱི་ཧོམ་གཟར་སོགས་སོ། །ཏིང་ངེ་འཛིན་ནི། ཁྲོ་བོ་ཁྲོ་མོའི་ཞལ་དུ་དགྱེས་པའི་རྐན་སྒྲ་དང་བཅས་ཏེ་གསོལ་བར་བསམ་པའོ། །སྨོན་ལམ་ནི། ལྷ་ཚོགས་རྣམས་ཀྱིས་ཤ་ཁྲག་རུས་པ་ལྷག་མ་མེད་པར་བཞེས་ཤིག །ཅེས་དམོད་འདོར་བའོ། །མཐར་མགོ་བོ་ལ་མནན་པ་བྱ། རོ་སྟོད་སྦྱིན་སྲེག་དང་། ཡན་ལག་གཏུན་དུ་བརྡུང་། ནང་ཁྲོལ་ལྷའི་ཞལ་དུ་བསྟབ། དཀྱུས་ཁོང་ཁྲར་གཏོང་བའི་སྐབས་བཞི་ཀུན་གྱི་མགོ་ལ་གདགས་པ། གསུམ་ཀུན་གྱི་ཁོང་ཁྲར་གཏང་བ། གཅིག་ཀུན་གྱི་གཞུག་ལ་གདགས་པའི་མན་ངག་ལྟར་གབ་པའི་སྔགས་དྲུག་པོ་འདི་ཉིད་ཕུར་གདབ་སོགས་བསྒྲལ་བ་ཀུན་གྱི་ཐོག་མཐའ་བར་གསུམ་དུ་མགོ་འདྲེན་གཞུང་སྲོང་མཇུག་སྡུད་ཀྱི་ཚུལ་དུ་འགྲོ་བ་ཡིན་ལ། གོང་དུ་སྤྱི་དོན་དུའང་ཅུང་ཟད་སྨོས་པ་ལྟར་དང་། འོག་ཏུའང་ཅུང་ཟད་འཆད་པར་འགྱུར་རོ། །གཉིས་པ་སྔགས་དོན་ནི། སྔགས་ཚན་བཅུ་གཉིས་ཀྱི་དང་པོ་གཉེན་པོ་སྟོབས་ཀྱི་ལྷའི་སྔགས་དྲུག་དང་། སྔགས་ཕྱི་མ་དྲུག་གི་གབ་པའི་སྔགས་དྲུག་ཡིན་ལ། ཧཱུྃ་པ་ར་བིདྱཱ་རིག་པའི་རྒྱལ་པོ། ཙྪིནྡྷ་ཙྪིནྡྷ་ཆོད་ཆོད། ཧཱུྃ་ཕཊ་ཀྱི་དོན་ནི་ཐམས་ཅད་ལ་རིགས་འགྲེ་བས་འོག་ཏུ་འཆད་ལ། འདིར་སྙིང་པོ་ངོས་གཟུང་གི། ཙྪིནྡྷ་ཞེས་པ་འཛིན་བྱེད་ཀྱི་སྙིང་པོ། བིནྡྷ་ཞེས་པ་བདག་བསྐྱེད་ཀྱི་སྙིང་པོ། གྲྀཧྞ་འཆིང་བྱེད་ཀྱི་སྙིང་པོ། བནྡྷ་ཞེས་པ་འབྱེད་བྱེད་ཀྱི་སྙིང་པོ། ཏྲཱ་ཤ་ཡ་འགུགས་བྱེད་ཀྱི་སྙིང་པོ། ཧ་ས་ཡ་ར་སྨྲ་བྱེད་ཀྱི་སྙིང་པོ། ཤཱི་གྷྲཾ་ཨཱ་ན་ཡ་འབེབས་བྱེད་ཀྱི་སྙིང་པོ། ཛྭ་ལ་པ་ཡ་གཟིར་བྱེད་ཀྱི་སྙིང་པོ། ཨཱ་བེ་ཤ་ཡ་དབང་དུ་སྡུད་པའི་སྙིང་པོ། བནྡྷ་ཡ་བཀའ་ཉན་བྱེད་ཀྱི་སྙིང་པོ། ཧཱུྃ་ཁྲོ་བོ་བཅུ་བསྐྱེད་དེ་བསྡུ་བ་དང་། ཕཊ་སྤྲོ་བའི་དོན་ཡིན་པར་བཤད་དོ། །བཞི་པ་གདབ་ཁའི་ལས་རིམ་གྱི་གཙོ་བོ་ཕུར་གདབ་བྱ་བ་ལ་གཉིས། བསྐུལ་བྱ་བ་དང་། སྔགས་ཙམ་གྱིས་གདབ་ལས་དངོས་བཤད་པའོ། དང་པོ་ནི། ཕོ་ཉ་བྲན་དག་མངགས་པའི་ཚོགས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །མངོན་སྤྱོད་ཇི་ལྟར་ངེས་པ་དང་། །མངོན་སྤྱོད་བྱིན་རླབས་དེ་བཞིན་མཛོད། །ཅེས་གསུངས་ཏེ། དེའང་ཚེ་ལུང་ཁྲུས་གསུམ་གྱི་དགོངས་པས་བརྟེན་པ་དབྱིངས་སུ་བསྒྲལ་བ་སྔོན་དུ་སོང་ནས། འདིར་རྟེན་གཞི་གཞོན་པ་ལ་ཕུར་བུ་སོ་སོའི་གདབ་ཁའི་ལས་བྱ་བ་སྟེ། དེ་ལ་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས། བླ་མ་རིག་འཛིན་གྲུབ་ཐོབ་བརྒྱུད་པའི་ཐུགས་དམ་དུས་ལ་བབ་པའི་ཚུལ་དུ་ཉེ་བར་བསྐུལ་ཏེ་མངོན་སྤྱོད་དྲག་པོ་གདབ་པའི་ལས་ཀྱི་དཔུང་གཉེན་དུ་གསོལ་བ་སྤྱི་སྔོན་དུ་བསྟན་པའམ་སོང་ཟིན་ནས། འདིར་ཡང་ཁྱད་པར་དུ་བསྐུལ་བའི་ཚིག་གི་དོན་ཙམ་ཐད་ཀར་བཀྲོལ་ན། དེའང་ཕོ་ཉ་ནི་གཙོ་བོ་ནས་རིམ་པར་སྤྲུལ་པའི་ཕོ་ཉ་རྣམས་ཀྱི་གང་དུ་མངགས་པའི་གནས་སུ་ཕྱིན་པར་འགྲོ་བའི་ཕྱིར་ཕོ་ཉ་ཞེས་འཁོར་ཐམས་ཅད་ལ་འཇུག་མོད། སྐབས་འདིར་ཕོ་ཉ་ཞེས་པ་གཙོ་བོར་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་ཉི་ཤུ་དང་བཅས་པ་ཡིན་ལ། བྲན་ཞེས་པའང་གཙོ་བོས་བཅོལ་བའི་ལས་རྣམས་བྱེད་པའི་ཕྱིར་བྲན་ཞེས་པ་སྤྱི་མིང་ཡིན་ཡང་། སྐབས་ཐོབ་ཀྱི་སྒོ་མ་བཞི་ཡིན་ལ། མངགས་པའི་ཚོགས་ནི་ཟབ་དང་གསོད་པར་བྱེད་པའི་ཁྲ་ཕྱག་དང་ཕོ་ཉ་སྤྲུལ་པ་ཡང་སྤྲུལ་ཉིད་སྤྲུལ་དང་བཅས་པའི་ཚོགས་ཏེ། མདོར་ན་ཕོ་ཉ་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གཉན་པོ་དེའི་ཐུགས་ལ་བབ་པས། སྔོན་དཔལ་ཆེན་པོའི་སྤྱན་སྔར་སྒྲུབ་པ་པོ་རྣམས་ཀྱི་མངོན་སྤྱོད་ཀྱི་ལས་ཀྱི་གྲོགས་བྱ་བར་ཁས་བླངས་པས་ཇི་ལྟར་ཐུགས་ལ་ངེས་པ་བཞིན་དང་། དམ་བཅས་པའི་དོན་མངོན་སྤྱོད་ཀྱི་ཕྲིན་ལས་འདིར་སྐད་ཅིག་ཀྱང་མི་ཐོགས་པ་མྱུར་དུ་འགྲུབ་པའི་བྱིན་རླབས་སྔར་རུ་དྲ་བསྒྲལ་བའི་གནས་སྐབས་སུ་ཆོ་འཕྲུལ་རོལ་པའི་ཐབས་མཁས་ཟབ་མོ་ཇི་ལྟར་མཛད་པ་དེ་བཞིན་དུ་མཛོད་ཅིག །ཅེས་བསྐུལ་པའོ། །གཉིས་པ་གདབ་ལས་དངོས་ཀྱི་དོན་ནི། ཧ་ན་ཧ་ན་བཛྲ། ཞེས་པ་ནས། པྲ་མརྡ་ནི་ཧཱུྃ་ཕཊ། ཅེས་པའི་བར་གྱིས་བསྟན་ཏེ། དེའང་རྒྱུད་ལས། ཁྲོ་བོ་བཅུ་ཡི་ཕུར་པ་ཡིས། །ལུས་ཀྱི་གནས་བཅུ་དག་ཏུ་གདབ། །སྒོ་མ་བཞི་ཡི་ཕུར་པ་ཡིས། །ལུས་ཀྱི་མཚོ་བཞི་དག་ཏུ་གདབ། །མི་བཟད་ཕུར་པ་དྲུག་པོ་ཡིས། །གནས་དྲུག་སྲོག་ལ་གདབ་པར་བྱ། །ཞེས་པའི་བསྟན་དོན་ལྟར་ཕུར་པ་ཉེར་གཅིག་གིས་གདབ་པའི་ཚུལ་གོང་དུ་སྤྱི་དོན་ས་བཅད་གསུམ་པའི་ཁོངས་སུ་བཤད་པ་ལྟར་ཤེས་པར་བྱ་ལ། འདིར་ཡང་སྔགས་དོན་དང་འབྲེལ་བར་ཅུང་ཟད་སྨོས་ན། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ནན། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཆེ་གེ་མོ་མཱ་ར་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་རྣམ་རྒྱལ་ཕུར་པ་མིག་གཉིས་ལ་གདབ། དེ་བཞིན་དུ་དེ་བཞིན་ཉིད་དོན་གྱི་དབུ་ནོན། ཀཱི་ལ་ཡ་སྔགས་ཀྱི་དབུ་ནོན། དུས་ལ་བབ་ཚིག་གི་དབུ་ནོན་བཅས་དབུ་ནོན་གསུམ་པོ་ཀུན་ལ་སྦྱར་དགོས་པས། ཀཱི་ལ་ཡའི་སྔགས་མཐར། ད་ཧ་ད་ཧ་བཛྲ་ཞེས་དབྱུག་སྔོན་ཅན་གྱི་ཕུར་བུ་སྣ་ལ་གདབ། པ་ཙ་པ་ཙ་བཛྲ་ཞེས་པས་གཤིན་རྗེའི་གཤེད་ཀྱི་ཕུར་པ་རྣ་བ་གཉིས་ལ་གདབ། མ་ཐཱ་མ་ཐཱ་བཛྲ་ཞེས་པས་མི་གཡོ་མགོན་པོའི་ཕུར་པ་ལྟེ་བ་ལ་གདབ། ཛྭ་ལ་ཛྭ་ལ་བཛྲ་ཞེས་རྟ་མགྲིན་གྱི་ཕུར་པ་ཡང་ལྕེ་ལ་གདབ། སུ་རུ་སུ་རུ་བཛྲ་ཞེས་པས་གཞན་གྱིས་མི་ཐུབ་པའི་ཕུར་པ་གསང་གནས་སུ་གདབ། མུ་རུ་མུ་རུ་བཛྲས་བདུད་རྩི་འཁྱིལ་པའི་ཕུར་པ་དཔུང་པ་གཡོན་ལ་གདབ། ཀ་ཊ་ཀ་ཊ་ཡེ། ཛ་ཡེ་བི་ཛ་ཡེ་བཛྲས་ཁམས་གསུམ་རྣམ་རྒྱལ་གྱི་ཕུར་པ་དཔྱི་ལ་གདབ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བཛྲས་ཧཱུྃ་ཀ་རའི་ཕུར་པ་སྤྱི་གཙུག་ཏུ་གདབ། མ་ར་སེ་ནྱ་པྲ་མརྡ་ནི་ཧཱུྃ་ཕཊ་ཅེས་པས་སྟོབས་པོ་ཆེའི་ཕུར་པ་རྐང་མཐིལ་དུ་གདབ་པ་དེ་དག་གིས་མི་དགེ་བ་བཅུ་རྩད་ནས་གཅད་པའི་ཕྱིར་དང་། སྒོ་མ་བཞིའི་ཕུར་པའང་ལྕགས་ཀྱུ་མའི་ཕུར་པ་གློ་བ། ཞགས་པ་མའི་ཕུར་པ་མཆིན་པ། ལྕགས་སྒྲོག་མའི་ཕུར་པ་ཨན་སྟོང་། དྲིལ་བུ་མའི་ཕུར་པ་ཀླད་པ་སྟེ་མཚོ་བཞི་ལ་གདབ་པ་ནི་ཚད་མེད་བཞི་དང་ལྡན་པར་བྱ་བའི་ཕྱིར་དང་། མི་བཟད་པའི་ཕུར་པ་སེང་ལྡེང་བྱ་རྒོད། མིའི་མཆོག་ཕུར། ཙནྡན། ལྕགས་ཕུར། སྐྱེར་བ་སྟེ་དྲུག་སྔགས་དྲུག་གིས་གནས་དྲུག་ལ་གདབ་པ་ནི་ཕ་རོལ་དུ་ཕྱིན་པ་དྲུག་ལྡན་དུ་བསྒྲུབ་པའི་དོན་ཡིན་ལ། གོང་དུ་གབ་པའི་སྔགས་དྲུག་བསྙེན་པའི་སྐབས་སུ་བཤད་པ་ལྟར་རོ། །ཐམས་ཅད་ཀྱི་མཇུག་ཏུ་སྲས་མཆོག་བཛྲ་འདུས་པའི་ཕུར་པ་སྙིང་དཀར་ནག་གི་མཚམས་སུ་གདབ་པ་ནི་ཚེ་ལུང་ཁྲུས་ལུང་གི་དགོངས་པ་གོང་དུ་བསྟན་པ་ལྟར་ཏེ། དེ་དག་ནི་རྒྱུད་ཀྱི་དགོངས་པས་འགྲེལ་ཆེན་འབུམ་ནག་ཏུ་བཤད་པ་ལྟར་གདབ་ཕུར་ཉི་ཤུ་རྩ་གཅིག་གིས་རྟེན་གཞི་སྒྲོལ་བའི་གདབ་ཁ་བསྟན་པ་ཡིན་ལ། གཞན་དུ་ན། སྲས་མཆོག་སྒོ་མ་ཁྲོ་མོ་བརྒྱད། །ཁྲོ་བོ་བཅུ་དང་ཁྲོ་མོ་གཉིས། །དམ་ཅན་ལ་སོགས་རིམ་བཞིན་ནོ། །ཞེས་པ་ལྟར་ཁོང་ཁྲའི་ལས་ཐུན་བརྡེག་པ། མཚོན་གྱིས་གཏུབ་པ། གཏུན་དུ་བརྡུང་བ་གསུམ་གསུམ་གྱིས་མཇུག་བསྡུས་པའི་གཙོ་སྲས་ཟུང་འབྲེལ་གྱི་ཕུར་པ་གནས་གསུམ་དུ་བཏབ་སྟེ་སྙིང་གར་གཞུག །དེ་ཕྱིན་ཆད་ཀྱི་ཕུར་གདབ་ཐམས་ཅད་མི་ལྡོག་པའི་ཕྲིན་ལས་མཐར་འབྱིན་གྱི་དོན་དུ་གཙོ་བོའི་གྲོགས་སུ་འདེབས་པ་སྟེ། སྒོ་མ་བཞིའི་ཕུར་པ་ཡན་ལག་གི་ཚིགས་བཞིར་བཏབ་སྟེ་ཁོང་ཁྲའི་ལས་གསུམ་གཏང་། ཡུམ་བརྒྱད་ཀྱིས་སྲིད་པ་ཆགས་རིམ་ནས་གདབ་ཅིང་གསོད་བྱེད་རྣམས་རང་རང་གི་གཡོན་དུ་གདབ་མཐར་ཁོང་ཁྲའི་ལས་གསུམ་གཏང་། ཁྲོ་བོ་བཅུའི་ཕུར་བུ་རིག་པའི་གནས་རིམ་ནས་གདབ་ཅིང་ཟ་བྱེད་རྣམས་རང་རང་གི་གཡས་སུ་གདབ་མཐར་ཁོང་ཁྲའི་ལས་གསུམ་གཏང་། སྟེང་འོག་ཏུ་ཡུམ་གཉིས་གསོད་བྱེད་དག་དང་བཅས་པ་དགེ་སྡིག་ཆ་སྙོམས་ནས་བཏབ་སྟེ་ཁོང་ཁྲའི་ལས་གསུམ་གཏང་། སུར་ཕུག་གམ་ཐལ་བྱུང་དུ་གདབ་པ་ཞེས་ནང་སྲས་བཞི། སྲས་མཆོག་ཉེར་གཅིག་རྣམས་གནས་ངེས་མེད་དུ་གདབ། དམ་ཅན་བཅུ་གཉིས་ལྷུ་བཅུ་གཉིས། གིང་བཞི་ཉིང་ལག་བཞི། དབང་ཕྱུག་གཉེར་བརྒྱད་བདུན་ཚད་བཞིར་བགོས་ལ་མཐིལ་བཞི། གཞན་རྣམས་ཀྱང་གནས་ངེས་མེད་དུ་གདབ་སྟེ་མཐའ་སྡུད་ཁོང་ཁྲའི་ལས་རྒྱས་པར་གཏང་བ་ནི། མན་ངག་ལག་ལེན་དུ་བསྡེབས་པའི་གནད་ཡིན་ལ། ཐུན་མོང་ཐུན་མིན་གྱི་གཏུན་བརྡུང་། ཞལ་བསྟབ་སོགས་འདིའི་ཁོངས་སུ་འགྲོ་དགོས་པ་ཡིན་ཀྱང་། རྒྱུད་ཀྱི་བཞུགས་ཚུལ་ཐད་ཀར་བཤད་པའི་སྐབས་སུ་བབ་པས་འོག་ཏུ་འབྱུང་ངོ་། །ལྔ་པ་གདབ་པའི་ཁ་ཚར་རྣམས་ཀྱིས་རྟེན་གཞི་བག་ཆགས་ཀྱི་གཟུགས་ཕུང་བསྒྲལ་བ་ལ་གསུམ། མཚོན་ཆས་གཏུབ་པ། གཏུན་བརྡུང་། ཞལ་བསྟབ་བོ། །དང་པོ་ནི། རྡོ་རྗེ་གསང་བའི་སོགས་ནས། ཧཱུྃ་མ་མ་པ་ཤཱཾ་ཀུ་རུ། ཞེས་པའི་བར་གྱིས་བསྐུལ་བསྟན་ཏེ། ཚིག་གི་དོན། རྡོ་རྗེ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་སྐྱེ་འཇིག་མེད་པ་ཡིན་ལ། དོན་དེ་རྟོགས་པར་དཀའ་ཞིང་ཕལ་གྱི་སྤྱོད་ཡུལ་མ་ཡིན་པར་གསང་བའི་སྟེ་ཐེག་པ་ཆེན་པོའི་བཀའ་འམ་ལུང་ཕྱིན་ཅི་མ་ལོག་པ་མཆོག་གི་ཡུལ་དམ་པ་འདི་ལས་ནི། མཚམས་མེད་ལྔ་ལ་བདོ་བའི་སྡིག་ཅན་གནོད་བྱེད་གང་ཞིག་རྒྱལ་བའི་བཀའི་ར་བ་ལས་འདའ་བར་བྱེད་པའི་བསྒྲལ་བའི་ཡུལ་དུ་གྱུར་པ་རྣམས། ཡེ་ཤེས་ཀྱི་ལྷ་ཚོགས་ཁམས་གསུམ་དབང་དུ་བྱེད་པའི་མཐུ་དང་། སྲིད་གསུམ་ཟིལ་གྱིས་གནོན་པའི་སྟོབས་ཆེན་པོ་དང་ལྡན་པའི་ཁྲོ་བོ་ཆེན་པོ་བཅུ་ལ་སོགས་པ་ཡིས། མགོ་བོའམ་ཀླད་པ་ཚལ་པ་བརྒྱ་ལ་སོགས་པ་རུ་གྱིས་ཤིག །དེ་བས་ན་བདག་ཅག་ལ་ཉོན་ཅིག་དང་གནོད་ཅིང་བར་དུ་གཅོད་པའི་བགེགས་དང་། མདོར་ན་ཡང་དག་པའི་ལམ་ལས་ལོག་པར་འདྲེན་པའི་ཚོགས་ཞེས་བོས་ནས། རྡོ་རྗེ་གཞོན་ནུ་ང་ཡིས་བཀའ་བསྒོས་པ་ལས་འདའ་བར་མ་བྱེད་ཅིག །ཅེས་དང་། སྔགས་དོན་ནི། བདག་གི་དབང་དུ་གྱུར་ཅིག །ཅེས་བསྐུལ་བ་དང་བཅས་ཏེ་ཐུན་གྱི་ཆར་དབབ། མཚོན་ཆ་སྒྲོལ་གྲི་མཐུ་སྟོབས་ཀྱི་རྣོ་དབལ་ངར་དང་ལྡན་པ་ཐུགས་རྗེ་ཡེ་ཤེས་ཀྱི་མེ་འབར་བས་གཟུགས་ཀྱི་ཕུང་པོ་མ་དག་པའི་ཆ་ཤས་ཤུལ་དུ་ལྷག་པ་དེ་མགོ་ནས་བརྩམས་ཡན་ལག་ལྔ་གཡོན་སྐོར་གྱི་ཚུལ་དུ་གཅད ། མཐར་ཁོག་པ་ཁ་ཕྱེས་ཏེ་དུམ་བུ་སྟོང་དུའང་གཏུབས་ཏེ་སིལ་བུར་གཏོང་བའོ། །གཉིས་པ་གཏུན་བརྡུང་ལ་བསྐུལ་དང་། བརྡུང་བ་དངོས་སོ། །དང་པོ་ནི། གདུག་ཅིང་སྡང་སེམས་སོགས་ནས། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། ཅེས་པའི་བར་གྱིས་བསྟན། དེའང་གང་བསྒྲལ་བར་བྱ་བའི་ཡུལ་དུ་གྱུར་པ་ལུས་ངག་གདུག་ཅིང་ཞེ་སྡང་གི་སེམས་དང་ལྡན་པའི་བར་དུ་གཅོད་པའི་བདུད་རྣམས་གསོད་པར་གྱིས་ཤིག །དེས་ན་ནག་པོའི་ཕྱོགས་སུ་གྱུར་པའི་ལྷ་མིན་ནམ། འོན་ཏེ་ལྷ་ཡིན་ཀྱང་རུང་སྒྲུབ་པ་པོ་ང་ལ་བར་དུ་གཅོད་པར་བྱེད་པ་པོ་རྣམས་ཀྱི་སྒོ་གསུམ་ལོག་པའི་མཐུ་དང་། ཅིར་ཡང་སྟོན་པའི་རྫུ་འཕྲུལ་ཐམས་ཅད་མེད་པར་མཛོད་ཅིག །ཅེས་བསྐུལ་བའོ། །སྔགས་དོན་ནི་གོ་སླའོ། །གཉིས་པ་ལ་གཏུན་བརྡུང་ཐུན་མོང་བ་དང་། ཐུན་མིན་མཁའ་གསང་སྦྱོར་བའི་གཏུན་བརྡུང་གཉིས་ལས། དང་པོ་ནི། རྡུངས་ཤི་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་ཡིས་སྙིང་བསྲེགས་ནས། །ལུས་སེམས་རྡུལ་བཞིན་བརླག་པར་མཛོད། །ཅེས་པས་བསྟན། དེའང་གང་བརྡུང་ན། དགྲ་བགེགས་དེ་ཉིད་ཀྱི་གཟུགས་ཕུང་མཚོན་གྱིས་གཏུབས་པ་དེ་ཉིད་རྡུངས་ཤིག །ཇི་ལྟར་རྡུང་བར་བྱེད་པའི་ཚུལ་ནི། རྡོ་རྗེ་འབར་བའི་གཏུན་ཞེས་པ་ནི་ཐོ་བ་སྟེ། སྒྲུབ་པའི་རིག་འཛིན་དང་རྡོ་རྗེ་གཞོན་ནུའི་བཀའ་ལས་འདའ་བར་བྱེད་པའི་སྡིག་ཅན་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་ལ་སོགས་པར་སྤྱོད་པར་བྱེད་པ་རྣམས་ལ་སོགས་ཏེ། ཉམས་པའི་མཚན་ཉིད་བདུན་ནམ། བསྒྲལ་བའི་ཞིང་བཅུར་གྱུར་པའི་སྡིག་པ་ཅན་མ་ལུས་པ་རྣམས་རྡོ་རྗེ་ཐོ་བ་དེས་བརྡུངས་པས། རྡོ་རྗེེ་ཐོ་བ་དེ་ལས་མཐུ་སྟོབས་རྫུ་འཕྲུལ་གྱི་མེ་ཆར་དྲག་པོས་སྡིག་ཅན་གང་ཞིག་གི་རྣམ་ཤེས་ཀྱི་སྙིང་པོའི་དྲི་མ་རྟེན་གཞི་ཕུང་པོའི་ལྷག་མ་དང་བཅས་པ་བསྲེགས་ནས། ལུས་སེམས་ཐམས་ཅད་རྡུལ་ཕྲན་བཞིན་དུ་ཐལ་བར་བརླག་པར་མཛོད་ལ། དྲི་མ་མེད་པའི་སེམས་ཆོས་ཉིད་མཉམ་ཡངས་གདལ་བ་ཆེན་པོར་སྒྲོལ་ཞིག །ཅེས་པའོ། །གཉིས་པ་ཐུན་མིན་མཁའ་གསང་སྦྱོར་བའི་གཏུན་བརྡུང་ནི། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། ཁ་ཏཾ་ཁ་ཏཾ་ཁ་ཏཾ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཅེས་པས་བསྟན། དེའང་ཐབས་ཤེས་ཡབ་ཡུམ་སྦྱོར་བའི་སྒོ་ནས་ཡུམ་ཁྲོ་མོ་འབར་བའི་བྷ་ག་ཆོས་ཀྱི་དབྱིངས་ཀྱི་གཏུན་ཁུང་དུ། ཡབ་ཁྲོ་བོ་འབར་བའི་གསང་བ་རིག་པ་ཡེ་ཤེས་ཀྱི་རྡོ་རྗེའི་ཐོ་བས་མཁའ་གསང་ཐབས་དང་ཤེས་རབ་མཉམ་པར་རོལ་པའི་ཀློང་དུ་དག་མཉམ་དགོངས་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་དབྱིངས་སུ་བརྡུངས་པར་བྱས་ནས། བར་གཅོད་ཀྱི་བྱེད་པོ་ལྷ་ཡིན་ཀྱང་རུང་སྟེ་རྡུལ་ཕྲན་ཕྱེ་མར་བྱས། རྣམ་ཤེས་སངས་རྒྱས་ཀྱི་སྲས་སུ་བསྒྲལ་བར་བྱ་བ་ཡིན་ནོ། །སྔགས་ཀྱི་དོན་ནི། ཁ་ཏཾ་རྣམ་པ་གསུམ་བྱུང་བའི་དགོངས་པ་ནི་དང་པོས་སྣང་སྲིད་དངོས་པོ་ཁྲོ་བོ་དང་ཁྲོ་མོའི་རང་བཞིན། གཉིས་པས་ཁྲོ་མོ་རྣམས་ཀྱི་ཨེ་ཆོས་འབྱུང་གྲུ་གསུམ་ཐར་པ་ཆེན་པོའི་དབྱིངས་ཀྱི་གཏུན་ཁུང་དུ་བསྒྲལ་བྱའི་ཕུང་པོ་གནས་པ་ལ། ཁ་ཏཾ་གསུམ་པས་ཁྲོ་བོ་རྣམས་ཀྱི་རིག་པ་ཡེ་ཤེས་ཀྱི་རྡོ་རྗེ་ཐོ་བས་བརྡུངས་ཏེ་བྱང་ཆུབ་སེམས་ཀྱི་མེ་ལྕེ་དྲག་ཏུ་འཕྲོས་པས་དགྲ་བགེགས་ཀྱི་དེ་བཞིན་གཤེགས་པ་ལྔ་དང་སྤྱན་སོགས་ཡུམ་ལྔ་བསྲེགས། དབྱིངས་དང་ཡེ་ཤེས་རོ་གཅིག་ཏུ་བྱས། བརྡུངས་པའི་ཤ་ཁྲག་གིས་ཁམས་གསུམ་གང་བ་ལ་ཧཱུྃ་གསུམ་གྱིས་དུག་གསུམ་བསྡུས། ཕཊ་གསུམ་གྱིས་དཀྱིལ་འཁོར་གསུམ་གྱི་ཁྲོ་བོའི་སྤྲུལ་པས་སྟོང་གསུམ་གང་བར་བྱེད་པའི་དོན་དུ་འཆད་པ་ཉིད་དོ། །གསུམ་པ་གབ་པའི་སྔགས་དྲུག་ལས། གཅིག་ཀུན་གྱི་མཇུག་ལ་གདགས་པ་ནི་ཞལ་བསྟབ་སྟེ། བཛྲ་ཡཀྵ་ཀྲོ་དྷཱ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧ་ཧ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཅེས་པ་སྟེ། བཛྲ་ཡཀྵ་ཀྲོ་དྷཱ་ཞེས་པས་ཁྲོ་བོ་གནོད་སྦྱིན་ཞེས་བོས་ནས། ཁ་ཁ། ཁཱ་ཧི་ཁཱ་ཧི་ཞེས་པས་དཀྱིལ་འཁོར་གྱི་ལྷ་ལ་སྤྱི་བསྟབ་པ་སྟེ། དེ་ལྟར་ཕུལ་བས་ཤ་ཁྲག་རུས་གསུམ་ལྷག་མ་ཏིལ་འབྲུ་ཙམ་ཡང་མེད་པར་ཁྲོ་བོ་ཁྲོ་མོ་སྤྲུལ་པ་དང་བཅས་པ་དེ་རྣམས་ཀྱིས་གསོལ་ཏེ་མཉམ་ཉིད་བདེ་ཆེན་ཡངས་པའི་ཞལ་གྱི་ཧོམ་ཁུང་དུ་བསྲེགས། ཐུགས་དགྱེས་པས་ཧ་ཧ་ཞེས་སྟོང་གསུམ་གང་བའི་ཁྲོ་བོའི་གད་རྒྱངས་འབྲུག་ལྟར་སྒྲོགས་པ་དང་བཅས་ཏེ་ལྷག་མེད་དུ་རོལ་ནས། དངོས་གྲུབ་སྩལ་ཏེ་ཧཱུྃ་ཧཱུཾ་ཞེས་དཀྱིལ་འཁོར་གསུམ་པོ་འོད་གསལ་བདེ་བ་ཆེན་པོའི་ཀློང་དུ་ལྟིམ་གྱིས་ཞུ། དེའི་ངང་ལས་ཕཊ་ཕཊ་ཀྱི་སྒྲས་སྣང་ཆ་ཆོས་ཉིད་བདེན་པ་དཀྱིལ་འཁོར་གསུམ་གསལ་བར་སད་པའི་དོན་ཏོ། །དེ་དག་ནི། རྒྱུད་ལས། རྡོ་རྗེ་ཁྲོ་བོ་འབར་བ་དང་། །རྡོ་རྗེ་ཟ་བྱེད་སྲིན་པོ་དང་། །རྡོ་རྗེ་གནོད་སྦྱིན་ཞལ་གདངས་པར། །མཚན་མའི་དངོས་པོ་བསྟིམ་པར་བྱ། །ཞེས་གསུངས་པའི་དོན་རྟེན་དང་བརྟེན་པའི་དངོས་པོ་ཐམས་ཅད་སྤྲོས་མེད་བདེ་ཆེན་ཆོས་ཀྱི་དབྱིངས་སུ་བཙན་ཐབས་སུ་སྟིམ་པར་བྱེད་པའི་ཐབས་མཁས་རྨད་དུ་བྱུང་བ་སྟེ། དགྲ་བགེགས་བསྒྲལ་བའི་ལས་རིམ་དངོས་མདོ་ཙམ་བཤད་ཟིན་ཏོ། །རྩ་བའི་ས་བཅད་གཉིས་པ་མཐར་ཕྱིན་གསུམ་གྱི་བྱ་བ་ནི། ཆོས་ཉིད་ཀྱི་བདེན་པའོ། །ཞེས་པ་ནས། འདི་བརྗོད་པར་བྱའོ། །ཞེས་པའི་བར་གྱིས་བསྟན། འདི་ལ་གསོ་བའི་དུས། གསོ་བའི་ཡུལ། གསོ་བའི་དགོས་པ། གསོ་བའི་ཐབས་གསུམ་ལས། དང་པོ་ནི། བསྒྲུབ་བྱ་དམིགས་སུ་བསལ་བ་ལ་དྲག་ལས་བརྩམ་པའི་དུས་ཡིན་ན། ལས་ནམ་གྲུབ་པ་དང་གདོད་གསོ་བར་བྱའི། ལས་མ་གྲུབ་པར་གསོ་བར་སྔས་ན་ལས་མྱུར་དུ་མི་འགྲུབ་པའི་རྒྱུ་ཡིན་པར་གསུངས་སོ། །བསྒྲུབ་བྱ་དམིགས་བསལ་མེད་ན་ཕུར་བུ་བཏབ་པའི་རྗེས་ཉིད་ལ་གསོ་བའོ། །གཉིས་པ་ཡུལ་ནི་གསུམ་སྟེ། བདག་གསོ་བ། ཕུར་བུ་གསོ་བ། གཟས་པ་པོ་གསོ་བའོ། །གསུམ་པ་དགོས་ཆེད་ཀྱང་གསུམ་སྟེ། བདག་གསོ་བ་ནི། དྲག་པོའི་ལས་ཀྱི་རྣམ་སྨིན་རྒྱུད་ལ་མི་གོས་པར་བྱ་བའི་ཆེད་དོ། །ཕུར་བུ་གསོ་བ་ནི། ཕྱག་རྒྱའི་ལྷ་རྣམས་གཟིར་མནན་གྱིས་དམེ་བའི་ལས་ལ་སྦྱར་བས་བསོད་ནམས་ཀྱི་དོན་དུ་མི་རུང་ཕྱིར་བཟོད་པར་གསོལ་བའོ། །གཟས་པ་པོ་གསོ་བ་ནི། སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པས་བསྒྲལ་བྱ་རྣམས་ལ་ཕན་གདགས་ཤིང་བསྐྱབ་པར་བྱ་བའི་ཕྱིར་རོ། །གསོ་བའི་ཐབས་ལའང་གསུམ་སྟེ། ལས་དང་བྱ་བས་གསོ་བ་ནི། ཀཱི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ་ལས་འབྱུང་བའི་ཆོ་ག་ཞིབ་མོ་ལྟ་བུའོ། །མན་ངག་གིས་གསོ་བ་ནི། དམིགས་བྱ་ཕུར་བུ་བདག་གསུམ་གྱི་བྱང་ཆུབ་ཀྱི་སེམས་ལྗང་དམར་མཐིང་གའི་འོད་རྣམ་པ་གསུམ་དབྱེར་མེད་འོད་ཀྱི་ཐིག་ལེ་གཅིག་ཏུ་བསྡུས་ལ་མི་དམིགས་པ་སྦྱོང་བའི་མན་ངག་རིག་པ་མཆོག་གི་རྒྱུད་ལས་གསུངས་པ་ལྟ་བུའོ། །འདིར་ཕྲིན་ལས་རྡོ་རྗེ་གཞོན་ནུ་ཉིད་ནས་གསུངས་པའི་ཏིང་ངེ་འཛིན་གྱི་གསོ་བའི་ཚིག་འདི་ཉིད་ལྟར་ན་གསུམ་ལས། བདག་གསོ་བ་ནི། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་རླབས་ཀྱིས་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་མཐུར་འགྱུར་རོ། །བརྣག་པ་དེ་ཁོ་ན་ཉིད་དོ། །ཞེས་བསྐུལ་ནས་ཀཱི་ལ་ཡ་བརྒྱ་རྩ་བརྒྱད་བཟླས་པས་སྔར་བཏབ་པའི་ཕུར་བུའི་ཁྲོ་བོ་དེ་རྣམས་ཡེ་ཤེས་ཀྱི་འོད་ཟེར་གོང་བུའི་རྣམ་པར་གྱུར་པ་ཚུར་འདུས་བདག་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་སྟེ་རང་ཉིད་གདོད་ནས་ལྷར་གསལ་བ་དེའང་སྐུ་ཆེ་ལ་ཡན་ལག་རགས་པས་ཆེ་བཙན་འགྲན་ཟླ་དང་བྲལ་བར་གྱུར་བའོ། །ཕུར་བུ་གསོ་བ་ནི། གསོ་ཕུར་དང་སྔར་བཏབ་པའི་སྲས་མཆོག་ཕུར་བུ་གཉིས་ཀྱི་དབལ་ནས་བཟུང་སྟེ་ཀཱི་ལ་ཡ་ལན་ཉེར་གཅིག་བཟླས་ཤིང་ཀླད་ལ་ལན་གསུམ་བསྐོར་བས་ཁམས་གསུམ་ཕུར་བུས་གང་། དེ་ཐམས་ཅད་སླར་འདུས་པས་སྟོད་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ། སྨད་ཕུར་བུའི་རྣམ་པ་ཅན། སྐུ་རི་རབ་ལྟར་བརྗིད་ཅིང་ཆེ་བ་ལས་ཡེ་ཤེས་ཀྱི་མེ་འབར་ཞིང་འུར་སྒྲ་དྲག་པོ་སྒྲོགས་པས་ལྷ་རྣམས་ལ་ཉེས་པས་མི་གོས་ཤིང་གཟི་བྱིན་དང་ལྡན་པར་གྱུར་པའི་དགོངས་པའོ། །གཟས་པ་པོ་གསོ་བ་ནི། སླར་ཡང་ཡེ་ཤེས་པ་བཅུག་པའི་ཕུར་བུ་བསྒྲིལ་ཞིང་ཀཱི་ལ་ཡ་ལན་བཅོ་བརྒྱད་བཟླས་ཏེ། དམིགས་ཡུལ་གྱི་སྙིང་དཀར་ནག་གི་མཚམས་སུ་བཏབ་པས་ཕུར་བུའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་གཟས་པོའི་ཁམས་བཅོ་བརྒྱད་ཀྱིས་མཚོན་པའི་ལས་དང་ཉོན་མོངས་པའི་དྲི་མ་ཐམས་ཅད་དག་ནས་སེམས་ཉིད་རྡུལ་བྲལ་དྭངས་མའི་ཐིག་ལེ་ཡི་གེ་ཨའི་རྣམ་པར་གསལ་བར་གྱུར་པ། ཧཱུྃ་ཧཱུྃ་ཧཱུྃ་གིས་བདག་གི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་སྲོག་འོད་བ་ཐག་གཟེང་བ་ལྟར་སྤྲོས་པའི་རྟ་ལ་ཨ་ཡིག་བསྐྱོན། ཧོ་ཧོ་ཧོ་ཞེས་པས་འོག་མིན་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྦྱོར་མཚམས་སུ་ཐིམ་པར་གྱུར་པ་དང་། སླར་ཡང་ཀཱི་ལ་ཡ་ལན་བརྒྱ་རྩ་བརྒྱད་བཟླས་ནས་ཕཊ་ཕཊ་ཕཊ་ཀྱིས་རྣམ་ཤེས་ཨར་གསལ་བ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་པས་དབྱེར་མེད་དུ་བྱང་ཆུབ། སླར་དབུ་མའི་ལམ་བརྒྱུད་གསང་བ་ནས་ཡུམ་གྱི་མཁར་བབས། གཞན་དོན་གཟུགས་སྐུ་རྡོ་རྗེ་སེམས་དཔའི་སྲས་ཀྱི་ཐུ་བོར་སྣང་ནས་འགྲོ་བའི་དོན་བྱེད་པར་གྱུར་པའི་ཕྲིན་ལས་ཀྱི་ཐབས་མཁས་གསང་བ་ཟབ་མོའི་གནས་ཀྱི་མན་ངག་གི་ངེས་པ་འདི་ལྟ་བུ་བརྗོད་པར་བྱའོ། །ཞེས་སོ། །དེ་ནི་གནས་ལུང་དཔྱང་ཐག་གི་ཆོ་ག་ཐུགས་རྗེ་རྗེས་འཛིན་གྱི་ཕུར་གདབ་ཅེས་ཀྱང་གསུངས་པ་ཡིན་ཏེ། འདི་དག་གི་དོན་མདོ་ཙམ་སྙིང་པོར་དྲིལ་ཏེ་བརྗོད་པ་ཡིན་ལ། དོན་ཞིབ་མོར་ཕྱེ་སྟེ་བཤད་དུ་རུང་ཡང་ཡི་གེས་འཇིགས་སོ། །དེ་དག་གིས་རྒྱུད་ཀྱི་དངོས་བསྟན་ཡོངས་སུ་རྫོགས་པ་བཤད་ཟིན་ནས། རྩ་བའི་དུམ་བུའམ་ས་བཅད་གསུམ་པ་འཕྲོས་དོན་བཤད་པས་མཇུག་བསྡུ་བ་ལ། མནན་སྲེག་འཕང་གསུམ་གྱིས་ལས་ཀྱི་མཇུག་བསྡུ་ཞེས་གསུངས་པའི་ཁོག་དོན་གྱི་དགོངས་པས། སྤྱིར་སྔགས་ཀྱི་ཕྲིན་ལས་ཕལ་ཆེ་བ་སྲུང་ཟློག་བསད་གསུམ་དུ་འདུ་བ་ཡིན་པས། དེས་ན་སྲུང་བའི་མཐའ་སྡུད་མནན་གཏད། ཟློག་པའི་མཐའ་སྡུད་འཕང་བ་ཟོར། བསད་པའི་མཐའ་སྡུད་སྲེག་པ་ཧོམ་གྱི་གཟེར་ཁ་སྟེ་གསུམ་དུ་མཆིས་པའི། །དང་པོ་མནན་གཏད་ནི། དཔེར་ན་ཡུལ་དུ་འཇིགས་པའི་དགྲ་ཇག་གི་རྣམ་པར་འཚེ་བ་མི་འབྱུང་བར་བྱ་བའི་མེལ་ཚེ་བྱས་ནས། མཐར་དགྲ་དེ་ལག་ཏུ་ཟིན་ན་ལྡང་བ་མེད་པའི་ཁྲི་མུན་དམ་པོར་བཅུག་པ་ཇི་བཞིན་དགྲ་བགེགས་ཀྱི་གནོད་འཚེ་ལས་རྒྱལ་བའི་སྲུང་བའི་རིམ་པ་མང་དུ་བྱས་པའི་མཐར། དེ་དག་ཀུན་ཏུ་ལྡང་མེད་མནན་གཏད་ཀྱི་རྒྱས་གདབ་པས་མཐའ་བསྡུ་བར་བྱ་དགོས་པའི་ཕྱིར་རོ། །དེའང་གསང་སྔགས་ཀྱི་གཞུང་རེ་རེའི་རྗེས་སུ་འབྲངས་ནས་རང་རང་གི་ལུགས་མང་ཡང་། སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སོགས་གྲུབ་པའི་རིག་འཛིན་ཆེན་པོ་དག་གི་དགོངས་པའི་དབང་དུ་བཏང་ན། ཟས་སྐལ་དུ་གཏད་པ། དགྲ་སྐལ་དུ་གཏད་པ། གྲོགས་སྐལ་དུ་གཏད་པ། དེ་རེ་རེ་ལའང་བརྐུས་ཏེ་གཏད་པ། བྲིད་དེ་གཏད་པ། གཟིར་ཏེ་གཏད་པ། དེ་དག་རེ་རེར་ཡང་འཇམ་གཏད་དང་། རྩུབ་གཏད། ནོར་བུ་ལུགས་སུ་གཏད་པ་གསུམ་རེའི་དབྱེ་བ་དང་བཅས་པ་ཡོད་ལ། སྤྱིར་མནན་གཏད་ལ་གྲིབ་མ། དྲི་མ། ཁ་རླངས་ཏེ་མི་གཏོང་བ་གསུམ། མན་ངག་དང་ལྡན་ན་དགྲ་ཕུང་། སྲུང་བ་མེད་ན་རང་ཕུང་། དུས་ཚོད་མ་ཤེས་ན་རྫས་ཕུང་བ་སྟེ་ཕུང་བ་གསུམ། གཏད་ལམ་བསྟན་པ། གཏད་དམག་དྲང་བ། གཏད་ལོག་གཏད་པ་སྟེ་གདམས་པ་གསུམ། མཚོ་དང་། ཆུ་མིག །སྐམ་ས་གསུམ་སྟེ་གཞུག་ས་གསུམ། འཚོ་ལའང་ལྐུགས་པ་ཁ་མེད་གནམ་གྱི་མཚོ། ལོང་བ་མིག་མེད་སའི་མཚོ། སྨྱོན་པ་རྭ་མེད་ཤིང་གི་མཚོ་གསུམ། ཆུ་མིག་ལའང་ནག་པོ་རལ་གཅིག་ནགས་ཀྱི་ཆུ། དམར་པོ་གཏིང་ཁྲོལ་བྲག་གི་ཆུ། འབྲས་བུ་རྭ་སྔོན་དར་གྱི་ཆུ་སྟེ་གསུམ། སྐམ་ས་ལའང་རྒྱལ་མཚན་ནམ་མཆོད་རྟེན་གྱི་རྩ། འབྲང་གི་རྭ་དབྲག །སྟག་གི་འཛུམ་ལ་གཏད་པ་སྟེ་གསུམ། སྤྱན་དྲང་བ། གཤགས་གདབ་པ། མནའ་དགག་པ་སྟེ་གཅེས་པ་གསུམ། མ་མོ་ལ་གཏད་པ། གཤིན་རྗེ་ལ་གཏད་པ། བདུད་ལ་གཏད་པ། བཙན་ལ་གཏད་པ། གནོད་སྦྱིན་ལ་གཏད་པ། ཀླུ་ལ་གཏད་པ་སོགས་གང་ལ་གཏད་པའི་ཡུལ། དེ་དག་སོ་སོ་དང་འཚམས་པའ་ིགང་དུ་མནན་པའི་ས། ནམ་མནན་པའི་དུས་ཚོད། དགྲ་བགེགས་ཀྱི་མིང་རུས་ལིངྒ་བྲི་ཐབས་དང་། རྒྱལ་རིགས་སྤྱང་ཀིའི་ཐོད་པ། བཙུན་པ་དང་རྗེའུ་རིགས་གླང་ཐོད། སྔགས་པ་རབ་ཆད་ཀྱི་ཐོད་པ་སོགས་དེ་དང་དེར་བསྔགས་པའི་མནན་ཐོད་སོ་སོར་གྲུབ་ནས། རིམ་པ་དགུས་མནན་ཏེ། ལྷ་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གྱི་རྒྱས་གདབ་ཅིང་། ལས་བཞིའི་བྲོས་སྦྱོང་བར་བྱས་པས་དགྲ་བགེགས་དམ་སྲི་གང་ཡིན་དེ་དག་ནམ་ཡང་ལྡང་བའི་ནུས་པ་མེད་པར་མི་ལྕགས་སུ་བཅུག་སྟེ་བཙོན་དུ་འཆིང་བ་ཇི་ལྟར་ནམ་ཞིག་གནོད་པའི་སེམས་ཞི་བ་དང་ཐར་པའི་གོ་འཕང་ལ་སྦྱོར་བར་བྱེད་པའི་ཐབས་ཤིག་གོ། །གཉིས་པ་བསྲེག་པ་ནི། དཔེར་ན་གནོད་པའི་དགྲ་ཞིག་གཡུལ་སྤྲད་ནས་ལག་ཏུ་ཟིན་པའི་ཚེ་བསད་ནས། སླར་གཟུགས་ཕུང་ཡང་མེ་ཆུར་སྦྱངས་ཏེ་མེད་པར་བྱེད་པ་ལྟར། བསད་པའི་མངོན་སྤྱོད་ཀྱི་སྲོག་ཕྲོགས་པར་བྱས་པ་དེའི་གཟུགས་ཀྱི་ཕུང་པོ་དང་བཅས་པ་མེ་ལྷ་ཡེ་ཤེས་པའི་ཞལ་གྱི་ཧོམ་རབ་ཏུ་འབར་བའི་ཀློང་དུ་བསྲེགས་པར་བྱས་པས་བསད་པའི་མཐའ་སྡུད་ཀྱི་ལས་ཀྱི་གཟེར་ཁ་ཡིན་ལ། སྤྱིར་ནད་གདོན་སྡིག་སྒྲིབ་སོགས་ཞི་བའི་སྦྱིན་སྲེག །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡེ་ཤེས་སོགས་རྒྱས་པའི་སྦྱིན་སྲེག །ཁམས་གསུམ་སྲིད་གསུམ་རླུང་སེམས་སྣང་བ་སོགས་དབང་དུ་བྱེད་པའི་སྦྱིན་སྲེག །དགྲ་བགེགས་གནོད་བྱེད་འགལ་རྐྱེན་བར་ཆད་སོགས་ཟློག་པ་དྲག་པོའི་སྦྱིན་སྲེག་སྟེ། སོ་སོའི་ཐབ་ཁུང་། བསྲེག་རྫས། ཏིང་འཛིན། དུས་ཚོད། བསྡམ་པ། ཆས་གོས། འདུག་སྟངས་སོགས་རྒྱུད་དང་མན་ངག་གི་ངེས་པས་གསལ་ལ་རྒྱས་པའི་སྤྲོས་པ་མང་དུ་ཡོད་ཅིང་། འདིར་ནི། རྡོ་རྗེ་མེ་ཡིས་སྙིང་བསྲེགས་ནས། །ཞེས་པའི་རྒྱུད་ཚིག་གིས་བསྲེག་པ་མེའི་སྦྱོར་བ། དེ་ལས་ཀྱང་གསང་བའི་མཐའ་སྡུད་དྲག་པོ་ཧོམ་གྱི་ལས་གཙོ་བོར་བསྟན་པར་བཞེད། ཐབ་ཁུང་སོགས་ཀྱི་མཚན་ཉིད། གསང་རྒྱུད་ལས། འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ལོག་པརལྟ་བའི་གདུག་པ་ཅན། །མངོན་སྤྱོད་ཧོམ་ནི་སྤར་བར་བྱ། །ནག་པོའི་དཀྱིལ་འཁོར་གྲུ་གསུམ་ལ། །ངོས་རེར་སོར་ནི་ཉི་ཤུ་བྱ། །སོགས་དང་། ལུས་གནག་ཁྲོས་པས་ལྷོ་ཕྱོགས་བལྟ། །སྐྲ་ནི་སྤྱི་བོར་བཅིངས་ནས་སུ། །ལུས་ལ་ཐལ་བ་ཆེན་པོར་བྱུག །ཁྲོས་པའི་སེམས་ཀྱིས་ལེངྒ་བསྲེག །སངས་རྒྱས་ཉིད་ཀྱང་འཆི་བར་འགྱུར། །ཞེས་དང་། སྡོང་པོ་མེ་རེག་ཤིང་ཤུན་ལ། །གཟུགས་བརྙན་བྱས་ལ་དགུག་གདབ་བྱ། །ཐ་མ་དུག་གི་མེ་ལ་བསྲེག །ཚངས་པའི་ཚེ་དང་ལྡན་པ་ཡང་། །སྐད་ཅིག་གིས་ནི་འཆི་བར་འགྱུར། །ཞེས་དང་། ནག་པོ་ཤིང་གི་ཤུན་ལྤགས་ལ། །མཚན་མ་མིང་དུ་བཅས་པ་བྲིས། །མེ་དེ་ལ་ནི་བསྲེགས་པ་ནི། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། །ཞེས་སོགས་ལས་དྲུག་ཚང་བའི་སྒོ་ནས་བསྲེག་པ་དང་། དྲག་པོའི་བསད་ཐབས་དགུ་ལ་སོགས་པས་ཀུན་རྫོབ་མཚན་མ་རྫས་ཀྱི་རྟེན་འབྲེལ་གྱི་མཐུ་དང་ནུས་པས་བསྒྲལ་བྱའི་སྲོག་མྱུར་དུ་འཕྲོག་ཅིང་། དོན་དམ་ཡེ་ཤེས་མེ་ལྕེ་འབར་བའི་ཞལ་གྱི་ཧོམ་དུ་མ་དག་ལྔ་ཕུང་གི་ཚོགས་ཀྱི་ཕུང་ཤིང་བསྲེགས་པས་དག་པ་ཆོས་ཉིད་མཉམ་པའི་དབྱིངས་སུ་ཡེ་ཤེས་ཀྱི་མེ་ལྕེ་འོད་རབ་ཏུ་གསལ་བས་མ་རིག་པའི་མུན་པ་སངས་ཏེ་ཤེས་བྱ་ཀུན་ལ་ཡེ་ཤེས་རྒྱས་པའི་གོ་འཕང་དམ་པར་སྦྱོར་བར་བྱེད་པའི་ཐབས་མཁས་ཏེ། ཞི་རྒྱས་དབང་གསུམ་ཕན་འདོགས་པའི་སྦྱོར་བ། དྲག་པོ་ཚར་གཅོད་པའི་ལས་སྦྱོར་ཏེ། མདོར་ན་སྲེགས་བླུགས་ཀྱང་ཕན་འདོགས་ཚར་གཅོད་ཀྱི་ཡན་ལག་ཏུ་འདུ་བའོ། །གསུམ་པ་འཕང་བ་ཟོར་ཐུན་ནི། དཔེར་ན་ཕ་རོལ་གྱི་གཡུལ་ལས་རྒྱལ་བའི་ཕྱིར་དུ་དམག་བསྡུ། གོ་གསག །མཚོན་བདར་བའི་སྒོ་ནས་འཐབ་པའི་སྦྱོར་ཆོག་ཐམས་ཅད་ཟིན་པའི་འོག་ཏུ། གང་དུ་གཡུལ་བཀྱེ་བའི་ས་ཕྱོགས་སུ་ཕྱིན་ནས་དགྲ་དང་གཡུལ་སྤྲད་དགོས་པ་ལྟར། དགྲ་བགེགས་བྱད་མའི་མཐུ་སྟོབས་གཞོམ་པའི་ཕྱིར་དུ་གཏོར་ཟློག་གི་ཡན་ལག་ཐམས་ཅད་ཚང་བར་བསགས་ནས་བསྒྲུབས་པའི་མཐར། གཏོར་ཟོར་ནད་དུག་མཚོན་ཆའི་ཕུང་པོ་བདག་མདུན་གྱི་ལྷ་ཚོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དམག་དཔུང་གིས་བསྐྱོད་ནས་གང་ལ་དམིགས་པའི་ཡུལ་དུ་མ་འཕངས་ན་དོན་མི་འགྲུབ་པས། ཟློག་པའི་གཟེར་ཁའི་ལས་ཀྱི་མཐའ་སྡུད་འཕང་བ་ཟོར་ཐུན་གྱི་ལས་རིམ་ཡིན་ལ། དེའང་གསང་རྒྱུད་ལས། ཕུར་ཐུན་མདའ་ཐུན་དུག་ཐུན་དང་། །ཁྲག་ཐུན་ཉུངས་ཐུན་མཚེ་ཐུན་དང་། །རྡོ་ཐུན་རྣམ་པ་བདུན་ཞེས་བྱ། །བསད་པའི་ལས་རྣམས་ཀུན་ལ་ཤིས། །ཞེས་གསུངས་པས། དང་པོ་ཟོར་བསྒྲུབ་པའི་དཀྱིལ་འཁོར་བཞེངས། དེ་ལ་རྫས་དགོད་དེ་ཏིང་འཛིན་གྱིས་སོ་སོའི་ནུས་པ་གདོན། མཐར་ལས་ལ་སྦྱོར་བའི་སྐབས་སུ་མན་ངག་གི་གནད་དང་ལྡན་པར་སོ་སོར་འཕངས་པས་གང་ལ་དམིགས་པའི་ཡུལ་རྒྱབ་བརྟེན་ལྷ་སྲུང་དང་བཅས་པ་ཐལ་བའི་རྡུལ་ཕྲན་རླུང་གིས་གཏོར་བ་ལྟར་ཁ་ཕུང་རྗེས་མེད་དུ་གཏོང་བའི་ཐབས་མཁས་མིག་འཕྲུལ་ལྟ་བུ་ཞིག་ཡིན་ལ། ལྷ་སྔགས་ཏིང་ངེ་འཛིན་རྫས་ཀྱི་རྟེན་འབྲེལ་ཐུན་མོང་མ་ཡིན་པའི་གནད་རེ་རེས་ཀྱང་ཚར་གཅོད་རྗེས་འཛིན་ཕན་གནོད་ཀྱི་ལས་ཀྱི་གཟེར་ཁ་སྣ་ཚོགས་པས་དོན་གཉིས་སྒྲུབ་པར་བྱེད་པ་ནི་གསང་སྔགས་རྡོ་རྗེ་ཐེག་པ་ཁོ་ནའི་ཁྱད་ཆོས་ཡིན་ལ། ལས་ཀྱི་ཁྲོ་བོ་སྲས་མཆོག་གི་ངོ་བོ་གྲི་ལྕགས་ཀྱི་ཕུར་པ། གཤིན་རྗེའི་གཤེད་ཀྱི་ངོ་བོ་མདའ་འུག་སྒྲོ་མ་དུག་ཁྲག་གིས་སྤགས་པ། རྣམ་པར་རྒྱལ་བའི་ངོ་བོ་མདའ་ཁྲ་སྒྲོ་མ་གུ་གུལ་གྱིས་བྱུགས་པ། རྟ་མགྲིན་གྱི་ངོ་བོ་མདའ་སྲིན་བྱིའི་སྒྲོ་ཅན་ཚིལ་ཆེན་གྱིས་བྲན་པ་སོགས་མདེའུ་དུག་ཤིང་ལས་བཅོས་པ། དེ་དག་ཀྱང་དུག་གི་མདའ་ཐུན། སྔགས་ཀྱི་མདའ་ཐུན་སོགས་མན་ངག་གི་ངེས་པ་དག་ལྡན་པས་བསྒྲུབས་ཏེ་འཕང་བ་ནི། རྒྱུད་ལས། གསེར་སྐྱེམས་རྒྱས་པར་གཏང་བར་བྱ། །མ་ཉེས་དཔང་གཟུག་ལས་རྣམས་བསྐུལ། །རྡོ་རྗེའི་གླུ་ནི་དྲག་ཏུ་བླང་། །ལྷོ་ཕྱོགས་ཁ་བལྟས་ཧ་ཧས་གདབ། །རྐང་པ་གཡས་པ་བག་ཙམ་བསྐུམ། །གཡོན་པ་རབ་ཏུ་བགྲད་ལ་འཕང་། །ཞེས་དང་། ཐོད་པ་གླིང་དྲུག་ནག་པོའི་ཕྱོགས། །གདོང་ཅིག་ཐང་ཅིག་དེ་ལ་བྱུག །བ་དང་ལྕང་སེར་རེའུ་ལྕག་པ། །སྤྱང་དུག་ཐར་ནུ་སྐེ་ཚེ་དང་། །གླང་ཆེན་སྙིང་དང་ཆུ་སྲིན་སྙིང་། །གདུག་པའི་ཚོགས་རྣམས་བཀུག་ཅིང་བསྟིམ། །ཧ་ལའི་དུག་ཆེན་འབར་བར་བསམ། །ཞེས་པའི་དུག་ཐུན་དང་། རབ་ཆད་ནག་པོའི་ཐོད་པར་དམེ་ཁྲག་སོགས་ཁྲག་སྣས་བཀང་བ་ཁྲག་ཐུན་དང་། རྒྱུད་ལས། གྲོང་ལ་གཏོར་ན་མི་ནད་དང་། །ཕྱུགས་ནད་སྣ་ཚོགས་འབྱུང་བར་འགྱུར། །ཞེས་སོགས་གསུངས་པའི་ཁྲག་ཐུན་གྱི་ལས་ལྟར་གཏོར་མ་བྱས་ཏེ་འཕང་པ་གཏོར་ཟོར་དང་། གསང་རྒྱུད་ལས། གང་ལ་དམིག་དེ་བརླག་པར་འགྱུར། །དུར་ལ་བརྒྱབས་ན་ཁྲག་འཁྲུགས་འབྱུང་། །ཀླུ་ལ་བརྒྱབས་ན་མཛེ་ནད་འབྱུང་། །མཁར་ལ་བརྒྱབས་ན་གྲོང་བརྡལ་འཇིག །ཅེས་སོགས་གསུངས་པའི་ཉུངས་ཀར་ནག་སོགས་ཀྱི་རྫས་བསྒྲུབས་ཏེ་ཐོད་པར་བླུགས་པ་ཉུངས་ཐུན་དང་། མཚེ་ཟོར་དང་རྡོ་ཟོར་ནི་ལས་ཐམས་ཅད་ལ་འཇུག་པ་ཡིན་པས། གསང་རྒྱུད་ལས། མཚེ་དང་རྡོ་ཐུན་གདུག་པ་ལ། །རབ་ཏུ་བསྔགས་པ་དེ་ཉིད་བརྡེག །དེ་ཡིས་ཐལ་བར་བརླག་པར་འགྱུར། །ཞེས་སོགས་གསུངས་པའི་ཟོར་ཐུན་གྱི་ལས་རྣམས་སོ་སོའི་མན་ངག་གི་གནད་དང་ལྡན་པས་འཕངས་ན་གནམ་ཐོག་ལྷུང་བའམ། སྒྱོགས་ཀྱི་འཕྲུལ་འཁོར་དྲག་པོའི་སྦྱོར་བ་བཞིན་དམིགས་པའི་ཡུལ་རིང་པོར་མི་ཐོགས་པར་འཇོམས་པར་བྱེད་པའི་མཐུ་དང་ནུས་པ་ཁྱད་པར་དུ་མངའ་བ་ཡིན་ལ། དེ་ལྟར་སྲུང་ལོག་བསད་པའི་རྗེས་སྡུད་མནན་སྲེག་འཕང་བའི་གཟེར་ཁའི་ལས་རིམ་རྒྱུད་དང་མན་ངག་རིག་འཛིན་གྲུབ་པའི་ཚོགས་ཀྱི་ཕྱག་བཞེས་ཉམས་མེད་ཀྱི་ལུགས་མང་དུ་མཆིས་པ་ལས། འདིར་ཕྲིན་ལས་ཕུར་པ་རོལ་པའི་བཤད་འབུམ་ཆེན་མོ་རིག་འཛིན་སློབ་དཔོན་རྣམ་གསུམ་གྱི་དགོངས་པ་འདུས་པའི་གཞུང་ལས་འབྱུང་བ་ལྟར་ས་བཅད་ཙམ་བསྟན་ཟིན་གྱི། སྤྱི་དང་ཁྱད་པར་གྱི་ཚུལ་ལས་བརྩམས་ཏེ་དཔྱིས་ཕྱིན་པར་བཤད་དུ་ཡོད་ཀྱང་། མན་ངག་གི་ངེས་པ་གཞན་དུ་འབྱུང་བ་ལས་ཤེས་པར་བྱ་བ་ཉིད་གལ་ཆེའི། འདིར་མང་དུ་དོགས་པས་མ་སྤྲོས་སོ། །དེ་དག་རྣམས་ཀྱིས་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ་གཞུང་འཕྲོས་དོན་དང་བཅས་པ་ཚང་བར་ཅུང་ཟད་བཤད་ཟིན་ཏོ། །གཞུང་ཡོངས་སུ་རྫོགས་པའི་འགྱུར་བྱང་ནི། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་བིདྱོཏྟ་མ་ལ་འབུམ་སྡེའི་ནང་ནས་རྡོ་རྗེ་རིགས་ཀྱི་དུམ་བུ་ཁོལ་དུ་ཕྱུང་བ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དངོས་ཀྱི་ཕྱག་དཔེ་རྒྱ་གར་གྱི་དཔེ་དང་མཐུན་པར། དཔལ་ལྡན་ས་སྐྱའི་ལོ་ཙཱ་བ་གནས་ལྔ་རིག་པའི་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་ཉི་ཟླ་ལྟར་གསལ་བ་དེས། གཙང་གཡས་རུའི་སའི་ཆ། ཤངས་སྲེག་ཤིང་དུ་ལེགས་པར་སྦྱར་བའི་སྐད་ལས་བོད་སྐད་དུ་བསྒྱུར་ཅིང་། སླར་ཡང་ཞུས་དག་གི་སྒོ་ནས་ལེགས་པར་གཏན་ལ་ཕབ་པའོ། །ཞེས་སོ། །དེ་ལྟར་རྩ་རྒྱུད་ཀྱི་དུམ་བུ་འདི་ཉིད་ཚིག་ཉུང་ལ་དོན་གྱི་ཆ་ནས་ཕྲིན་ལས་རོལ་པའི་དགོངས་པ་ཐམས་ཅད་མ་ཚང་བ་མེད་པ་དངོས་ཤུགས་ཀྱི་སྒོ་ནས་བསྟན་པར་མཛད་པས་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་ལ། དེའང་རྒྱུད། ལུང་། མན་ངག་གི་བཤད་ཚུལ་ཅི་ལྟར་བྱས་ཀྱང་ཆོག་མོད། འདིར་རྒྱུད་ཚིག་ཐད་ཀར་བཀྲལ་ཏེ་གཙོ་བོར་རྒྱུད་ལྟར་བཤད་པའི་ལུགས་སུ་འབྲུ་གཉེར་བའི་ཚིག་འགྲེལ་ཙམ་བགྱིས་ཏེ་ལས་དང་པོ་པས་གོ་སླ་གཙོ་བོར་བཟུང་། རྩ་རྒྱུད་རྡོ་རྗེ་ཁྲོས་པ། མྱང་འདས་ཀྱི་རྒྱུད་སོགས་དང་། ཤུགས་བསྟན་གྱི་ངེས་པ་རྣམས་ཀྱང་འགྲེལ་ཆེན་འབུམ་ནག །ཨ་མེས་ཞབས་ཀྱི་མཁོན་ཕུར་རྣམ་བཤད་སོགས་ཁུངས་ལྡན་གྱི་རྒྱུད་གཞུང་ལ་གཞིག་འབྲེལ་བཅུག་སྟེ་མདོར་བསྡུས་པའི་ལམ་ནས་བསྲང་བར་བྱས་པ་ཡིན་གྱི། ལུང་རིགས་ཀྱི་དགག་སྒྲུབ། མཐའ་དཔྱོད་སོགས་མཛེས་ཁྲིགས་ཀྱི་སྤྲོས་པ་ཐམས་ཅད་དོར་བ་ཡིན་པས། ཐོག་མར་འདི་ཙམ་གྱི་ངེས་པའི་གསང་ལ་བློ་གོམས་ནས་མཐར་གྱིས་ཕུར་གཞུང་རྒྱ་མཚོ་ལྟ་བུའི་རྒྱུད་ལུང་མན་ངག་ཟབ་ཅིང་རྒྱ་ཆེ་བའི་དོན་གྱི་རིན་ཆེན་མཐའ་དག་ཐོས་བསམ་སྒོམ་པའི་རྣམ་དཔྱོད་ཀྱི་དེད་དཔོན་ཆེན་པོས་རང་དབང་དུ་འདྲེན་པར་བྱེད་པའི་སྒོར་འགྱུར་རམ་སྙམ་མོ། །སླར་སྨྲས་པ། རྒྱལ་ཀུན་མཐུ་སྟོབས་འདུས་པའི་མེ་ཆེན་གྱིས། །འགལ་རྐྱེན་བར་དུ་གཅོད་པའི་ཚང་ཚིང་ནགས། །ཐལ་བར་བརླགས་ནས་མཆོག་ཐུན་དངོས་གྲུབ་ཀྱི། །འབྲས་བཟང་སྦྱིན་མཛད་ཕྲིན་ལས་རོལ་པའི་ལྷ། །རྒྱུད་དང་སྒྲུབ་སྡེ་ཀུན་ནས་རབ་འཕགས་པའི། །ངོ་མཚར་ཉི་མའི་གཟི་བྱིན་ལྷག་པར་མངའ། །འཕགས་བོད་རིག་འཛིན་ཡོངས་ཀྱི་གྲུབ་གཉིས་ཀྱི། །རྣམ་ཐར་མེ་ཏོག་གང་གི་མཐུ་ལས་བཞད། །དཔལ་ཆེན་ཉིད་ཀྱི་རང་བྱུང་མི་ཤིགས་གླུས། །རྡོ་རྗེའི་རྒྱུད་དང་ལུང་གི་ངེས་པ་སྟེ། །དེ་བཞིན་མན་ངག་རྒྱ་མཚོ་རབ་བསྒྲགས་པ། །ཕ་མཐའ་མི་མཚོན་ཆོས་ཀྱི་དབྱིངས་དང་མཉམ། །ཕྲིན་ལས་རོལ་པའི་དཔལ་དང་གཉིས་མེད་པ། །མཚོ་སྐྱེས་རྒྱལ་བ་གཉིས་པ་ལ་སོགས་པའི། །སྔ་འགྱུར་པཎ་གྲུབ་རིག་འཛིན་ཆེ་རྣམས་ཀྱི། །དྲིན་ལས་ལྗོངས་འདིར་ཚུལ་འདིའི་ལ མ་སྲོལ་གསལ། །རྩ་བའི་རྒྱུད་ཀྱི་དུམ་བུ་ཕྱུང་བ་ཡིས། །ཕུར་གཞུང་ངེས་བའི་གསང་རྣམས་རྟོགས་བྱེད་པའི། །རྡོ་རྗེ་ནཱ་ད་མི་ཤིགས་སྒྲ་དབྱངས་ཅན། །པདྨ་ཀ་རའི་ཐུགས་ཀྱི་བརྣག་པ་ཉིད། །འདི་དོན་ཚུལ་བཞིན་ངེས་པའི་མཐུ་ཐོབ་ན། །ཕྲིན་ལས་རོལ་པའི་རྒྱུད་དོན་མན་ངག་བཅས། །ཁོང་དུ་ཆུབ་ཕྱིར་ཁྱད་འཕགས་ཉེ་བརྒྱུད་ཀྱི། །བྱིན་རླབས་མ་ཡལ་བཤད་བཀའ་དང་ལྡན་པས། །འདི་ན་ཉུང་ངུའི་ངག་གིས་དོན་གྱི་གནད། །གསལ་ལ་གོ་བདེའི་རྣམ་བཤད་འདི་སྤེལ་བ། །སྔ་འགྱུར་རིག་འཛིན་སྐྱེས་མཆོག་རྣམ་དཔྱོད་ཅན། །དེ་དག་ཀུན་གྱི་བློ་གྲོས་སྒོ་འབྱེད་ཡིན། །མ་བཤད་པ་དང་ལོག་པར་བཤད་པ་ཡི། །ནོངས་པ་མཆིས་ཀུན་རྩ་གསུམ་ལྷག་པའི་ལྷ། །ཁྱད་པར་ཟུང་འཇུག་དཔལ་ཆེན་ཀུ་མཱ་ར། །གཙོ་དང་འཁོར་དུ་བཅས་པའི་སྤྱན་སྔར་འཆགས། །གསང་བ་ཟབ་མོའི་དགོངས་པ་བཀྲོལ་བྱས་པའི། །རྣམ་དཀར་མཐུ་ཡིས་རྒྱལ་བསྟན་དར་ཞིང་རྒྱས། །བཤད་དང་སྒྲུབ་པའི་རྒྱལ་མཚན་བསྒྲེང་བ་ཡིས། །ནག་ཕྱོགས་གདུག་པའི་མཐུ་སྟོབས་ཉམས་གྱུར་ཅིག །སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་སོགས། །སྔ་འགྱུར་རིག་འཛིན་བརྒྱུད་པའི་རིང་ལུགས་མཆོག །རྒྱུད་དང་སྒྲུབ་སྡེའི་བཀའ་སྲོལ་མི་ནུབ་པར། །དབྱར་གྱི་མཚོ་ལྟར་འཕེལ་ཞིང་རྒྱས་གྱུར་ཅིག །ཁྱད་པར་ཕྲིན་ལས་ཕུར་པ་རོལ་བ་ཡི། །བྱིན་རླབས་ནུས་མཐུ་གནམ་ལྕགས་ཚྭ་ཚྭའི་དབལ། །བདུད་དང་དམ་སྲི་ཀླ་ཀློའི་སྙིང་ལ་འཕྲོས། །གནོད་སེམས་གདུག་རྩུབ་གཞོབ་ཏུ་བསྲེག་གྱུར་ཅིག །གསང་ཆེན་སྙིང་པོའི་བཤད་སྒྲུབ་ཟབ་མོ་ཡི། །སེང་གེའི་སྒྲ་ཆེན་རྒྱུན་ཆད་མི་མངའ་བས། །ལོག་རྟོག་ནག་ཕྱོགས་གླང་པོའི་བརྟུལ་ཞུགས་ཅན། །ཀུན་གྱི་སྤོབས་པ་ཕྲ་མོར་བྱེད་གྱུར་ཅིག །ཕུར་བཞིའི་དགོངས་པ་མངོན་དུ་གྱུར་པ་གྲུབ་པའི་རིག་འཛིན་ཚོམ་བུར་བཅས། །སྲས་བཅས་རྒྱལ་བ་རབ་འབྱམས་རྒྱ་མཚོའི་དགྱེས་པའི་ཞལ་རས་ཟླ་བ་ཚེས། །ཤིས་པའ་ིའོད་ཟེར་འབུམ་དུ་སྤྲོ་ཞིང་ས་གསུམ་དགེ་བའི་གླུ་དབྱངས་བཅས། །མཛེས་པའི་མེ་ཏོག་ཆར་དུ་བསྙིལ་བས་དགེ་མཚན་འཛམ་གླིང་ཀུན་ཁྱབ་ཤོག །ཅེས་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུའི་འགྲེལ་པ་གོ་སླ་ཉུང་གསལ་གྱི་ཚུལ་དུ་བཀོད་པ་འདིའང་རིགས་ཀུན་ཁྱབ་བདག་བཀའ་བབས་ཆེན་པོ་བདུན་གྱི་མཛོད་འཆང་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཁོན་ལུགས་ཕུར་པའི་སྨིན་གྲོལ་དང་ཉེ་བརྒྱུད་ལན་གསུམ་དུ་གསན་པའི་རྒྱུད་བཤད་བཅས་རྒྱས་པར་སྩལ་ནས་རྒྱུད་འགྲེལ་འབྲི་བ་དང་བཤད་རྒྱུན་སྤེལ་བ་གནད་གལ་ཆེ་བའི་བཀའ་ལུང་དམིགས་གསལ་སྩལ་བ་ཐོབ་ཀྱང་དོན་གཉེར་མཁན་དཀོན་པ་སོགས་ཀྱིས་བཏང་སྙོམས་གྱུར་ནས་རྒྱུན་རིང་སོང་བ་ན། རྒྱལ་བསྟན་གསལ་བའི་སྣང་བྱེད་ཨེ་ཝཾ་ཐར་རྩེ་ཞབས་དྲུང་འཇམ་དབྱངས་བློ་གཏེར་དབང་པོ་དང་། རྒྱལ་བ་ཀཿཐོག་པའི་སེང་གེའི་ཁྲི་འཛིན་པ་སི་ཏུ་མཆོག་སྤྲུལ་ཨོ་རྒྱན་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཟུང་གིས་གསུང་བསྐུལ་ནན་དུ་ཕེབས་པ་ལྟར། ཐུབ་བསྟན་རིས་མེད་པ་ལ་མི་ཕྱེད་དད་པའི་པདྨོ་རྒྱས་པ་ཀུ་སཱ་ལི་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་རྒྱལ་སྲས་བློ་གྲོས་མཐའ་ཡས་ཀྱིས་ཤྲཱི་དེ་ཝཱི་ཀོ་ཊི་གསུམ་པ་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་རང་ལོ་བརྒྱད་བཅུ་རྩ་བདུན་པ་ལ་བགྱིས་པའི་ཡིག་སྦྱོར་སོགས་ཀྱི་མཐུན་རྐྱེན་མཛད་པ་པོ་ནི་བསླབ་པ་གསུམ་གྱི་བདག་ཉིད་ཤེས་བྱ་ཀུན་ལ་མ་རྨོངས་པ་བླ་མ་ཀརྨ་བཀྲ་ཤིས་ཆོས་འཕེལ་ནས་མཛད་པ་བསྟན་འགྲོར་སྨན་པའི་སྣང་ཆེན་དུ་གྱུར་ཅིག། །།དགེ་ལེགས་འཕེལ།། །།


previousདཔལ་རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུའི་འགྲེལ་པ་སྙིང་པོ་བསྡུས་པ་དཔལ་ཆེན་དགྱེས་པའི་ཞལ་ལུང་། བློ་གྲོས་མཐའ་ཡས།next