cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དགུ་པ།

གླེགས་བམ། ཏ༽

བློ་གྲོས་མཐའ་ཡས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། པདྨ་ལས་འབྲེལ་རྩལ། ཁྲོ་རྒྱལ་རྡོ་རྗེ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ།

རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ་བཞུགས་སོ། །རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་མཱུ་ལ་ཏནྟྲ་ཁཎྜ། བོད་སྐད་དུ། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁྲོ་བོས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་ཆེར་འབར་བ། །ནམ་མཁའི་དཀྱིལ་དུ་ཐིག་ལེ་ཤར། །སྲོག་གི་སྒོ་རུ་ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་ཉིད་མིན་ཏེ། །ཕུང་པོའི་རྡོ་རྗེའི་བདག་ཉིད་དེ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣཱན་བཾ་ཧཱུཾ་ཕཊ། དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །འཁོར་བ་རྡོ་རྗེར་སྒྲུབ་པར་མཛོད། །འཁོར་བ་རྡོ་རྗེ་ཕུར་བའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རྡོ་རྗེའི་དེ་ཉིད་རང་བཞིན་ལས། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །འབར་བའི་ཁྲོ་བོ་མི་བཟད་པས། །སྐུ་ཡི་གཏེར་དུ་བདག་སྐྱེད་ཅིག །ཐབས་ཀྱི་སྤྱོད་པས་སེམས་ཅན་དོན། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་པར་མཛོད། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ༀ་བཛྲ་ཀྲོདྷ་ཧཱུྃ་ཀ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷི་དཱི་པ་ཡ་ཏི་ཧཱུྃ། ༀ་བཛྲ་སུ་ཁ་ར་མུ་ཁ་ཧཱུྃ། ༀ་བཛྲ་ཨི་ཥུ་པ་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་ཆེན་པོ་ཧཱུྃ་མཛད་དང་། རྡོ་རྗེ་ལྷ་མོ་སྒྲ་འབྱིན་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་ཕག་གི་མགོ་ཅན་དང་། རྩངས་པའི་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷཱི་ལ་སྱ་ཀི་ཧཱུྃ། ༀ་བཛྲ་བྱཱ་གྷྲྀ་མུ་ཁ་ཧཱུྃ། ༀ་བཛྲ་གྲི་ཌྷྲ་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང་། རྡོ་རྗེ་ལྷ་མོ་སྒེག་མོ་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་སྟག་གི་མགོ་བོ་ཅན་དང་། བྱ་རྒོད་ཀྱི་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷི་ཏཱི་ཏཱ་རུ་ཧཱུྃ། ༀ་བཛྲ་ཙཱ་མ་ར་མུ་ཁ་ཧཱུྃ། ༀ་བཛྲ་ཏཱ་ན་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་དབྱུག་སྔོན་འཆང་བ་དང་། ལྷ་མོ་རྡོ་རྗེ་སྡེར་མོ་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་གཡག་མགོ་ཅན་དང་། བྱ་རོག་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷི་ཤྨ་ཤཱ་ན་པ་ཏི་ཧཱུྃ། ༀ་བཛྲ་ཧ་རི་ཎ་མུ་ཁ་ཧཱུྃ། ༀ་བཛྲ་ཨུ་ལུ་ཀ་མུ་ཁི་ཧཱུྃ། འདི་ན ི་ཁྲོ་བོ་གཤིན་རྗེ་མཐར་བྱེད་དང་། རྡོ་རྗེ་ལྷ་མོ་དུར་ཁྲོད་ཀྱི་བདག་མོ་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་རི་དྭགས་ཀྱི་མགོ་ཅན་དང་། འུག་པའི་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷི་མུ་ཧ་ལ་ཧཱུྃ། ༀ་བཛྲ་ཏྱ་ཀི་མུ་ཁ་ཧཱུྃ། ༀ་བཛྲ་པྲེ་ཏ་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་མི་གཡོ་མགོན་པོ་དང་། རྡོ་རྗེ་ལྷ་མོ་གཏུན་ཁུང་མ་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་གཟིག་གི་མགོ་ཅན་དང་། ཁྭའི་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷི་ཛ་ཡ་ཏི་ཧཱུྃ། ༀ་བཛྲ་བི་ཊཱ་ལ་མུ་ཁ་ཧཱུྃ། ༀ་བཛྲ་པཀྵི་ཏ་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་རྟ་མགྲིན་དང་། རྡོ་རྗེ་ལྷ་མོ་གཏུམ་མོ་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་བྱི་ལའི་མགོ་ཅན་དང་། བུ་ཤུད་ཀྱི་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷི་བ་བྱ་ཏི་ཧཱུྃ། ༀ་བཛྲ་སྲྀ་ག་ལ་མུ་ཁ་ཧཱུྃ། ༀ་བཛྲ་པཉྩ་ར་ན་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དང་། རྡོ་རྗེ་ལྷ་མོ་མདའ་སྙེམས་མ་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་སྤྱང་ཀུའི་མགོ་ཅན་དང་། ཁྲའི་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཀ་ཀུཎྜ་ལི་ཧཱུྃ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷི་ས་བྱ་མི་ཏི་ཧཱུྃ། ༀ་བཛྲ་སིཾ་ཧ་མུ་ཁ་ཧཱུྃ། ༀ་བཛྲ་ཏི་ཏི་ལ་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་བདུད་རྩི་འཁྱིལ་བ་དང་། རྡོ་རྗེ་ལྷ་མོ་སྒྲ་མཛད་མ། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་སེང་གེའི་མགོ་ཅན་དང་། ཕ་ཝཾ་གི་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ། བིནྡྷ་བིནྡྷ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷི་མཱ་ར་ཡ་ཧཱུྃ། ༀ་བཛྲ་རཀྵི་ས་མུ་ཁ་ཧཱུྃ། ༀ་བཛྲ་ན་ཀུ་ལ་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། རྡོ་རྗེ་ལྷ་མོ་གསོད་བྱེད་མ་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་དྲེད་ཀྱི་མགོ་ཅན་དང་། སྲེ་མོའི་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷི་མུཎྜེ་མཾ་ཧཱུྃ། ༀ་བཛྲ་རཀྵ་ས་མུ་ཁ་ཧཱུྃ། ༀ་བཛྲ་ཀ་ཤི་ཀ་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་སྟོབས་པོ་ཆེ་དང་། རྡོ་རྗེ་ལྷ་མོ་རིགས་བྱེད་མ་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་དོམ་གྱི་མགོ་ཅན་དང་། བྱི་བའི་མགོ་ཅན་ནོ། །ༀ་བཛྲ་ཡཀྵ་ས་ད་ཧཱུྃ་ཛཿ ༀ་བཛྲ་བྷཻ་ར་བེ་ཧཱུྃ་ཧཱུྃ། ༀ་བཛྲ་ཨ་མྲྀ་ཧཱུྃ་བཾ། ༀ་བཛྲ་མ་ར་ཎི་ཧཱུྃ་ཧོཿ འདི་ནི་ཤར་དུ་པུ་ཤུད་ཀྱི་མགོ་ཅན་དང་། ལྷོར་བྱ་རོག་གི་མགོ་ཅན་དང་། ནུབ་ཏུ་སྲིན་བྱའི་མགོ་ཅན་དང་། བྱང་དུ་ཁྲའི་མགོ་ཅན་ནོ། །འཁོར་བ་ཕུར་བུ་བསྒྲུབ་དོན་དུ། །དབང་དང་བྱིན་རླབས་ཞུ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཕུར་པའི་དངོས་གྲུབ་སྩལ་དུ་གསོལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕོ་ཉ་ཆེན་པོའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །ཁྱི་ཡི་གདོང་ཅན་དུས་ལ་བབ། །བསྒྲལ་བར་བྱ་བའི་དུས་ལ་བབ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །དུས་གསུམ་སངས་རྒྱས་སྲས་བཞིན་དུ། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་འགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་དེ་བཀུག་ནས། །མངོན་སྤྱོད་ཚུལ་གྱིས་བསྒྲལ་བ་དང་། །ལུས་ངག་ཕྱེ་མར་མཛད་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ༀ་ལྃ་ཧཱུྃ་ལྃ་སྟམྦྷ་ནཾ། མོ་ཧཾ་གྷ་ཏ་ཡ། བྷ་ག་ཝཱན། ཧྲཱིཿཥྚིཿབི་ཀྲྀ་ཏ་བཛྲ་ཧཱུྃ་ཀ་ར་ཧཱུྃ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། བགེགས་བྱེད་པ་ཡི་བདུད་རྣམས་དང་། །སྡུག་བསྔལ་སེམས་ལ་མཉམ་སྦྱོར་བ། །ཆེ་གེ་མོ་ཞེས་བྱ་བའི་བདུད། །ཟུངས་ཤིག་རྡུངས་ཤིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་དབྱེ་བར་གྱིས། །རིང་ནས་ཁུག་ལ་སྨྲ་རུ་ཆུག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །བདག་གིས་དབང་དུ་བྱས་གྱུར་ནས། །བསྒོ་བའི་བཀའ་ཉན་གུས་པར་གྱིས། །ཧཱུྃ་པ་ར་བིདྱཱ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། བིནྡྷ་བིནྡྷ་ཧཱུྃ་ཕཊ། གྲྀ་ཧྣ་གྲི་ཧྣ་ཧཱུྃ་ཕཊ། བནྡྷ་བནྡྷ་ཧཱུྃ་ཕཊ། ཏྲཱ་ཤ་ཡ་ཏྲཱ་ཤ་ཡ་ཧཱུྃ་ཕཊ། ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ། ཤྲཱི་གྷྲཾ་ཨ་ནཱ་ཡ་ཧཱུྃ་ཕཊ། ཛྭ་ལ་པ་ཡ། ཛྭ་ལ་པ་ཡ་ཧཱུྃ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ། ཕོ་ཉ་བྲན་དང་མངག་པའི་ཚོགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །མངོན་སྤྱོད་ཇི་ལྟར་ངེས་པ་དང་། །མངོན་སྤྱོད་བྱིན་རླབས་དེ་བཞིན་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐཱ་མ་ཐཱ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏ་ཀ་ཏ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མཱ་ར་སེ་ན་པྲ་མརྡྷ་ནི་ཧཱུྃ་ཕཊ། རྡོ་རྗེ་གསང་བའི་བཀའ་ལུང་གིས། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །མགོ་བོ་ཚལ་པ་བརྒྱ་རུ་གྱིས། །ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུྃ་མ་མ་པ་ཤཱཾ་ཀུ་རུ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །སོད་ཅིག་ལྷ་མིན་ལྷ་ཡང་རུང་། །ང་ལ་བར་ཆོད་བྱེད་པའི་བདུད། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །སརྦ་ཨཱ་ན་ཡ་ཧཱུྃ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་ཡིས་སྙིང་བསྲེགས་ནས། །ལུས་སེམས་རྡུལ་བཞིན་བརླག་པར་མཛོད། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། ཁ་ཏཾ་ཁ་ཏཾ་ཁ་ཏཾ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧ་ཧ། ཧཱུྃ་ཧཱུྃ་ཕཊ་ཕཊ། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་མཐུན་འགྱུར་རོ། །བརྣག་པ་དེ་ཁོ་ན་ཉིད་དོ། །ཀཱི་ལ་ཡ་ལན་ཉི་ཤུ་རྩ་གཅིག་བཟླས་སོ། །ཀཱི་ལ་ཡ་བཅོ་བརྒྱད་བཟླས་ནས་སྙིང་དཀར་ནག་གི་མཚམས་སུའོ། །ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོཿ ཕཊ་ཕཊ་ཕཊ། འདི་བརྗོད་པར་བྱའོ། །རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ། སློབ་དཔོན་པདྨ་འབྱུང་གནས་དངོས་ཀྱི་རྒྱ་དཔེ་དང་མཐུན་པར་དཔལ་ལྡན་ས་སྐྱ་པཎྜི་ཏས། གཡས་རུའི་སའི་ཆ། ཤངས་ཀྱི་སྲེག་ཤིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། གསང་སྔགས་སྔ་འགྱུར་གྱི་ཕྱོགས་ལ་ལོ་ཙཱ་བ་འགོས་དང་ཆག་སོགས་ཁ་ཅིག་གིས་ཐེ་ཚོམ་དུ་མཛད་པ་ན། འབྲོག་མི་ལོ་ཆེན་གྱིས་རྡོ་རྗེ་གདན་གྱི་སྒོ་གོང་དུ་རུ་ལུ་འབྲུ་བརྒྱད་ཀྱི་སྔགས་བྲིས་པ་དང་། པཎྜི་ཏ་འགའ་ཞིག་གི་ཕྱག་དཔེའི་གསེབ་ཏུ་ཡང་ཕུར་གྱི་རྒྱུད་ཀྱི་དུམ་བུ་འདྲ་གཟིགས་ཀྱང་མན་ངག་མ་གསན་གསུངས་ཏེ། དེ་ལ་དཔགས་ན་སྔ་འགྱུར་རྒྱུད་སྡེའི་སྙིང་པོ་རྣམས་ཕྱིས་པཎ་གྲུབ་རྣམས་ཀྱིས་ཤིན་ཏུ་གསང་བའི་ཡི་དམ་དུ་མཛད་པར་མངོན་ཅེས་མཁས་པ་དག་གིས་གསུངས་པ་དང་། ཁྱད་པར་ཁ་ཆེའི་མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་ལ་སློབ་དཔོན་ཆེན་པོས་དངོས་སུ་གནང་བའི་ཡང་དག་མེ་གཅིག་གི་གདམས་པ་ལོ་ཙཱ་བ་རབ་མཆོག་དཔལ་གྱིས་བསྒྱུར་བ་དང་། འཇམ་མགོན་ས་སྐྱ་པཎྜི་ཏ་ཤངས་སྲེག་ཤིང་གི་དགོན་པར་བཞུགས་པའི་ཚེ། སྔགས་པ་ཞིག་གིས་རྒྱ་དཔེ་ཞིག་ཕུལ་བ་ལ་གཟིགས་པ་ན། ཕུར་བ་རྩ་བའི་དུམ་བུ་སློབ་དཔོན་རིན་པོ་ཆེའི་ཕྱག་དཔེ་འཁྲུལ་མེད་ཡིན་པར་དགོངས་ཏེ། ཡིད་བཞིན་གྱི་ནོར་བུ་འདི་ལྟ་བུ་རྙེད་པ་ནི་ཤིན་ཏུ་སྐལ་པ་བཟང་བས། ཁྱེད་རང་རི་གདོང་མ་གིར་དཔེ་ཆ་བསྣམས་ལ་བཞུགས་ཤིག །ངེད་ཅག་གིས་བསུ་བ་བྱེད་པ་ཡིན་ནོ་གསུངས་ཏེ་རྗེ་ཉིད་ཀྱི་གཙོས་མཛད་པའི་འདུས་པ་རྒྱ་མཚོས་མཆོད་པའི་སྤྲིན་ཆེན་པོ་དང་བཅས་ཏེ་བསུ་བའི་བཀོད་པ་རྒྱས་པར་མཛད་དེ། དེ་ཉིད་དུ་རང་འགྱུར་གནང་བ་སོགས་ལ་བརྟེན་ནས། སྔ་འགྱུར་ལ་ཀླན་ཀ་བྱེད་པ་རྣམས་ཀྱི་སར་ཡང་། དཔལ་ཡང་དག་དང་། རྡོ་རྗེ་ཕུར་པའི་ཆོས་ནི་རྩོད་མེད་ཉི་ཟླ་ལྟ་བུའོ་ཞེས་གྲགས་པས་ཕྲིན་ལས་རྒྱ་ཆེར་འཕེལ་བའི་བདག་པོའི་རྐྱེན་ཕུན་སུམ་ཚོགས་པར་གྱུར་ཏོ། །སརྦ་དཱ་ཀ་ལྱ་ཎཾ་བྷ་བ་ཏུ།། །།

དཔལ་རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུའི་འགྲེལ་པ་སྙིང་པོ་བསྡུས་པ་དཔལ་ཆེན་དགྱེས་པའི་ཞལ་ལུང་། བློ་གྲོས་མཐའ་ཡས།

དཔལ་རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུའི་འགྲེལ་པ་སྙིང་པོ་བསྡུས་པ་དཔལ་ཆེན་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་རཱ་ཡ། སྒྲིབ་བྲལ་མཁའ་དབྱིངས་རྩོལ་རྟོག་མཚན་མའི་རྡུལ་གྱིས་གོ་སྐབས་ནམ་ཡང་མི་ཕྱེད་ཀྱང་། །མ་རུངས་གདུལ་དཀའི་ཡུལ་ལ་རང་བཞིན་ཤུགས་ཀྱི་ཐུགས་རྗེས་འབར་བའི་ཕྱག་རྒྱ་རང་ཤར་བ། །དུས་མཐའི་མེ་ལྕེ་བྱེ་བའི་སྟོབས་ཀྱིས་སྲིད་དང་ཉོན་མོངས་ཚང་ཚིང་ཡུད་ལ་སྲེག །བདུད་འདུལ་ཧེ་རུ་ཀ་དཔལ་སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས་མཛད་ལྷག་པའི་ལྷ་མཆོག་དེས་སྐྱོངས་ཤིག །དཔལ་ཆེན་ཡེ་ཤེས་རོལ་པའི་བྱིན་རླབས་རྒྱུན། །གཅིག་ནས་གཅིག་བརྒྱུད་རིག་འཛིན་རྩལ་འཆང་ཚོགས། །སྤྱི་དང་ཁྱད་པར་བཀའ་བབ་གསེར་གྱི་ཕྲེང་། །མཁོན་སྟོན་བརྒྱུད་པར་བཅས་ལ་དང་བས་འདུད། །རྩོད་པའི་དུས་མཐར་ཨུ་དུམྦཱ་ར་ལྟར། །ངོ་མཚར་རྣམ་ཐར་བློ་འདས་མཁའ་མཐར་སོན། །བཀའ་བབས་བདུད་ལྡན་ཁྱབ་བདག་རྡོ་རྗེ་འཆང་། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སྙིང་དབུས་བསྟི། །ཀུན་གསལ་ངོས་སུ་སྣང་བྱེད་བདག་པོ་བཞིན། །སྐྱེ་བར་སྦྱངས་པའི་མཁྱེན་རབ་དྲི་མེད་ལ། །གངས་ཅན་མཁས་པ་སུས་ཀྱང་བསྐྲུན་མེད་པ། །ས་སྐྱ་སཎ་ཆེན་མཆོག་དེའི་བཀའ་དྲིན་ལས། །གསར་རྙིང་ཀུན་གྱི་རྩོད་མེད་རྒྱུད་སྡེ་རུ། །བསྔགས་པའི་མེ་ཏོག་འཐོར་བའི་ཕྲིན་ལས་ཀྱི། །ལྷ་མཆོག་རྡོ་རྗེ་གཞོན་ནུའི་རྩ་རྒྱུད་ལས། །དུམ་བུ་ཁོལ་དུ་བྱུང་བའི་རྒྱུད་འདི་ཡང་། །ལེགས་པར་རྟོགས་ན་ཕྲིན་ལས་རོལ་པ་ཡི། །རྒྱུད་དོན་མན་ངག་ལག་ལེན་དང་བཅས་པ། །ཁོང་དུ་ཆུད་ཕྱིར་གོ་སླ་ཉུང་གསལ་གྱི། །རྣམ་བཤད་བློ་ལྡན་དགའ་བའི་སྐྱེད་ཚལ་དགོད། །འདིར་ཕྲིན་ལས་ཕུར་པ་རོལ་པའི་རྒྱུད་སྡེ་ཆེན་པོ་ལས་བིདྷྱོཏྟ་མ་ལ་འབུམ་སྡེ་ཞེས་རིག་པ་མཆོག་གི་རྒྱུད་སྡེའི་དུམ་བུ་ཁོལ་དུ་ཕྱུང་བ་རྩ་དུམ་བུ་གྲགས་པ་འདི་ཉིད་འཆད་པ་ལ། སྤྱིར་གསང་སྔགས་སྔ་འགྱུར་བའི་ཡོ་ག་རྣམ་པ་གསུམ་ལ་འཆད་ལུགས་ཀྱི་ཆིངས་ཆེན་པོ་གསུམ་ཡོད། །དེ་ལ་ཐོག་མར་བསྐྱེད་པ་མ་ཧཱ་ཡོ་གའང་རྒྱུད་སྡེ་དང་སྒྲུབ་སྡེའི་བཤད་སྲོལ་གཉིས། །རྒྱུད་སྡེ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་གཙོ་བོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལ་འཕགས་ཡུལ་པཎ་ཆེན་སོ་སོའི་འགྲེལ་ཊཱི ཀ་དང་སྦྱར་ཏེ་འཆད་སྲོལ་མང་རུང་། །དེང་སང་ཡོངས་གྲགས་པཎ་ཆེན་བི་མ་ལ་མི་ཏྲའི་ཁོག་གཞུང་གི་རྗེས་སུ་འབྲངས་ནས་བཀའ་སྡེ་ཟུར་པ་རྣམས་ཀྱིས་ས་བཅད་ལྔའམ་དྲུག་གི་སྒོ་ནས་འཆད་པ་ཡིན་ལ། ཟླ་གསང་ཐིག་ལེ་སོགས་ཏནྟྲ་གཞན་རྣམས་ལ་གྲུབ་པའི་སློབ་དཔོན་སོ་སོས་འཆད་ཚུལ་རེ་རེ་ཡོད། འདིར་ཕྲིན་ལས་ཕུར་པ་རོལ་པའི་རྒྱུད་སྡེ་ལ་སློབ་དཔོན་པདྨ། བི་མ་ལ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ་གསུམ་གྱི་དགོངས་པ་བསྡུས་པ་འགྲེལ་ཆེན་འབུམ་ནག་གི་དགོངས་པ་ལྟར་འཆད་པར་བྱེད་པ་ལ། སྤྱིར་ཕུར་པའི་རྒྱུད་ཀྱི་བསྡུ་ཐབས་གཉིས། བཤད་ཐབས་གསུམ། ཁོག་དོན་དྲུག །ཐེམས་སྦྱོར་བཅུ། གནད་ཐོ་བཅུ་གཉིས། སྲོག་ཐེམས་ཉི་ཤུ། རྩ་བའི་ལྷ་ལྔ་བཅུ་རྩ་གཅིག་དང་། ཡན་ལག་གི་ལྷ་ཉིས་སྟོང་ཕྱེད་དང་དྲུག་བརྒྱར་ངོས་འཛིན་པ་སྟེ་ས་བཅད་ཆེན་པོ་བརྒྱད་དུ་བསྟན་ཀྱང་། རྒྱུད་ཀྱི་ཐེམས་སྦྱོར་བཅུའི་ནང་དུ་གཞན་རྣམས་ཤུགས་ཀྱིས་འདུ་བ་མ་ཟད། རྩ་དུམ་ཁོ་ནའི་དབང་དུ་བྱས་ན་སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དགྲ་བགེགས་བསྒྲལ་བའི་དུམ་བུ་གཉིས་སུའང་འདུའོ། །གོང་དུ་སྤྱིར་སྨོས་པའི་རྒྱུད་ཀྱི་བསྡུ་ཐབས་གཉིས་ནི་རྩ་རྒྱུད་དང་བཤད་རྒྱུད་གཉིས་ཏེ། དང་པོ་རིག་མཆོག་འབུམ་སྡེ་དང་རྡོ་རྗེ་ཁྲོས་པ་ལ་སོགས་པའོ། །གཉིས་པ་ནི་ཁྲག་འཐུང་རྩ་བའི་རྒྱུད་ལ་སོགས་པའོ། །རྒྱུད་ཀྱི་བཤད་ཐབས་གསུམ་ནི་རྒྱུད་དཀར་པོ་གནས་ལུང་ལས། ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན། །ཕུར་པ་ལུང་གི་བླ་མ་ཡིན། །ཕུར་པ་མན་ངག་ངེས་པའི་དོན། །ཞེས་གསུངས་པ་ལྟར། རྒྱུད་ལྟར་རྡོ་རྗེ་ཁྲོས་པ་ཀློང་ཆེན་པོ་བཅོ་བརྒྱད་ནས་བཤད་པ་དང་། ལུང་ཆེན་པོ་ཉི་ཤུ་རྩ་གཅིག་ཏུ་བཤད་པ་དང་། མན་ངག་བརྒྱ་རྩ་བརྒྱད་དུ་བཤད་པའོ། །རྒྱུད་ཀྱི་ཆིངས་དྲུག་ནི་ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པ་ལས་ཀྱི་གཞི་གཟུང་། དཀྱིལ་འཁོར་རྣམ་པ་གསུམ་སྔོན་དུ་འགྲོ་བ་དང་བཅས་ཏེ་དོན་གྱི་ཁོག་དབུབ། ཁམས་གསུམ་ན་སྲོག་ལ་དབང་བསྐུར་ནས་སྲོག་གི་ཡེ་ཤེས་སེམས་དཔས་སྲོག་ལ་དབང་བསྐུར། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་ཅིང་བསྙེན་པས་དངོས་གྲུབ་ཀྱི་བཅུད་བླང་། གབ་པའི་སྔགས་དྲུག་དང་ཚེ་ལུང་ཁྲུས་ལུང་གིས་ཁ་བསྐང་ཏེ་གདབ་པའི་ལས་བྱ། མནན་སྲེག་འཕང་གསུམ་གྱིས་ལས་ཀྱི་མཇུག་བསྡུ་བ་དང་དྲུག་གོ། །འདི་དག་གི་དོན་གསལ་ལ་རྒྱས་པ་གུ་རུ་པདྨས་མཛད་པའི་རྡོ་རྗེ་ལས་རིམ་སོགས་ལས་རྒྱས་པར་འབྱུང་མོད་ཀྱང་འདིར་ཡི་གེས་འཇིགས་ནས་མ་བྲིས་ལ། འཇམ་མགོན་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་དཀྱིལ་མཆོག་དང་། སྨད་ལས་ཀྱི་རྣམ་བཤད་སོགས་ལས་ཤེས་པར་བྱའོ། །འདིར་སྐབས་སུ་བབས་པ་རྒྱུད་ཀྱི་ཐེམས་སྦྱོར་བཅུ་ནི། གླེང་གཞི་རྣམ་པ་གསུམ་གྱིས་སྤྱིའི་ཁོག་དབུབ། མཚན་ཉིད་རྣམ་པ་གསུམ་གྱིས་དོན་གྱི་ཤན་དབྱེ། ཕུར་བུའི་རྒྱུ་བཞིས་གང་ཟག་རྣམས་པ་བཞི་མཐར་དབྱུང་། སྒྲུབ་ལུགས་ཆེན་པོ་གསུམ་གྱིས་ཕྲིན་ལས་ཀྱི་གཞུང་བསྲང་། ཐམས་ཅད་འདུས་པའི་སྔགས་ཀྱིས་ཡེ་ཤེས་ཀྱི་ལྷ་གནད་ལ་དབབ། ངན་སྔགས་བསྡུ་ཡིག་དྲུག་གསུམ་བཅོ་བརྒྱད་ཀྱིས་མཁའ་འགྲོ་མ་དངོས་སུ་བཀོལ། སྲོག་གི་དོན་པོ་གསུམ་གྱིས་དམིགས་པ་གསུམ་གྱི་གནད་དགྲོལ། བསྒྲལ་ལུགས་ཆེན་པོ་བཅོ་བརྒྱད་ཀྱིས་བརྣག་པའི་ལས་བྱ། མཐར་ཕྱིན་བརྒྱད་ཀྱིས་ལས་ཀྱི་ཁ་བསྐང་། མཐའ་བརྟུལ་གསུམ་གྱིས་ལས་ཀྱི་ལྟོ་བ་གདབ་ཅེས་པ་དང་བཅུའོ། །དེ་ལ་དང་པོ་གླེང་གཞི་རྣམ་པ་གསུམ་གྱིས་སྤྱིའི་ཁོག་དབུབ་ཅེས་འབྱུང་བས། གུ་རུའི་གླེང་གཞི། རྒྱུད་སྟོན་པའི་གླེང་གཞི། རྒྱུད་ཀྱི་གླེང་གཞི་དང་གསུམ་དུ་སྡུད་པར་མཛད་ཀྱང་། འདིར་གོ་བདེ་བའི་དབང་གིས་སྤྱི་ལྟར་འཆད་ན་སྤྱི་དང་བྱེ་བྲག་གཉིས་སོ། །དང་པོ་བསྟན་པ་སྤྱིའི་བྱུང་བའི་གླེང་གཞི་ནི། ཡེ་ཐོག་དང་པོའི་སངས་རྒྱས་དཔལ་ཀུན་བཟང་གདོད་མའི་མགོན་པོ་ཉིད་གཞི་དབྱིངས་རིག་པའི་སྙིང་པོར་མངོན་པར་རྫོགས་པར་སངས་རྒྱས་ནས། དེའི་རང་རྩལ་འགག་པ་མེད་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པའི་སྤྲིན་ཆེན་པོ་མཉམ་ཉིད་ཡངས་པའི་ཀློང་དུ་བཀོད་དེ་གང་འདུལ་གྱི་ཞིང་སྐུའི་སྣང་བ་འབྱམས་ཀླས་པས་མཁའ་ཁྱབ་ཀྱི་འགྲོ་བའི་དོན་མཛད་པ་ལས། ཡུལ་དུས་འདི་ཙམ་གྱིས་འགྲོ་བ་འདུལ་བའི་ཐབས་ཀྱི་དབང་དུ་སྣང་བ་རྣམ་འདྲེན་ཀུན་ལས་ཐུགས་བསྐྱེད་པདྨ་དཀར་པོ་ལྟར་འཕགས་པ། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་འདི་ཉིད་ཀྱིས་དང་པོར་ཐུགས་བསྐྱེད། བར་དུ་བྱང་ཆུབ་ཀྱི་སྤྱོད་པ་སྤྱད། མཐར་མངོན་པར་སངས་རྒྱས་ཏེ་མི་མཇེད་ཞིང་འདིར་མཛད་པ་ཆེན་པོ་བཅུ་གཉིས་སྟོན་པ་མཆོག་གི་སྤྲུལ་པའི་སྐུའི་ཚུལ་དུ་བསྟན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་ཞིག་བསྐོར་བར་མཛད་པ་ལས། ཐུན་མོང་གི་གདུལ་བྱའི་སྣང་ངོར་ཤཱཀྱའི་རིགས་སུ་འཁྲུངས་ནས་སངས་རྒྱས་པ་ཆགས་བྲལ་རབ་བྱུང་གི་རྣམ་པ་ཅན་གྱི་སྐུ་དངོས་ཀྱིས་ཡུལ་ཝཱ་ར་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་དང་། རྒྱལ་པོའི་ཁབ་སོགས་སུ་ཐེག་པ་ཆེ་ཆུང་གི་དགེ་འདུན་སོགས་འཁོར་ལྷ་དང་མི་ལ་སོགས་པ་དཔག་ཏུ་མེད་པ་ལ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དང་། ཡུལ་པདྨ་ཅན་སོགས་ཐ་དད་པར་ཐ་མ་ངེས་པ་དོན་གྱི་ཆོས་འཁོར་ཏེ་རྣམ་པ་གསུམ་བསྐོར་ཞིང་། གཞན་ཡང་རྒྱལ་པོའི་ཁབ་ཏུ་ལྷ་དང་མིར་དགེ་བ་བཅུའི་ཆོས་འཁོར། ཡུལ་མ་ག་དྷར་རང་རྒྱལ་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་འཁོར་བསྐོར་བ་སོགས་གང་འདུལ་གདུལ་བྱའི་སྐལ་བ་དང་རྗེས་སུ་འཚམས་པའི་རོལ་པར་འཆར་བའི་ཆོས་ཀྱི་རྣམ་གྲངས་སོ་སོར་བསྟན་པ་ནི་ཚད་མེད་ཀྱང་། དོན་དུ་དེ་དག་ཀྱང་ཆོས་འཁོར་རིམ་པ་གསུམ་གྱི་ཁོངས་སུ་མི་འདུ་བ་མ་ཡིན་ནོ། །དེ་ལས་ལྷ་མི་དང་ཉན་རང་གི་ཐེག་པ་རྣམ་ལ་ཐེག་པ་ཐུན་མོང་བ་དང་། ཐེག་པ་ཆེན་པོ་ལ་ཁྱད་པར་གྱི་ཐེག་པ་ཞེས་བྱ་ཞིང་། དེ་ལའང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་མཆིས་ཏེ། དབུ་སེམས་ཀྱི་དགོངས་པ་རྣམ་པར་བཞག་པའི་གཞུང་གི་བཀའ་རྣམས་རྒྱུ་ཕར་ཕྱིན་དང་། སྔགས་ཕྱི་ནང་གི་གཞུང་དུ་གནས་པའི་བཀའ་རྣམས་འབྲས་བུ་གསང་བ་སྔགས་ཀྱི་ཐེག་པ་ཞེས་བྱའོ། །ཐེག་ཆེན་མདོ་སྔགས་ཀྱི་འབྲས་བུ་མཐར་ཐུག་སངས་རྒྱས་ཐོབ་པར་འདྲ་ཡང་ལམ་ཟབ་མི་ཟབ་ཀྱི་ཁྱད་པར་ལས་འབྲས་བུ་མངོན་དུ་བྱེད་པ་ལ་ཉེ་རིག་གི་ཁྱད་ཤིན་ཏུ་ཆེ་བས་རྒྱུ་འབྲས་ཀྱི་ཐེག་པར་སྨོས་ཤིང་། སྔགས་ལའང་ཕྱི་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་ལས། བྱ་རྒྱུད་ལ་རིག་སྔགས་ཀུན་གྱི་ཁོག་དབུབ་དཔུང་བཟང་གི་རྒྱུད་སོགས་སྤྱི་རྒྱུད་དྲུག །བྱེ་བྲག་རིགས་གསུམ་མགོན་པོའི་རྒྱུད་ཀྱི་སྐོར་སོགས་བྱ་རྒྱུད་རྣམས་ནི་ཐུན་མོང་གི་གནས་ནཻ་རཉྫ་ན་དང་། ཁྱད་པར་གྱི་གནས་ལྕང་ལོ་ཅན་ལ་སོགས་པར་ལྷའི་དབང་པོ་སོགས་ཀྱི་ངོར་སྟོན་པ་ཉིད་རིགས་གསུམ་སེམས་དཔའ་སོགས་ཀྱི་རྣམ་པར་སྣང་བས་གསུངས་ཤིང་། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་སོགས་སྤྱོད་རྒྱུད་རྣམས་ནི་སྔ་མ་དང་ཡོ་གའི་རྒྱུད་དང་ཁོག་མཚུངས་སུ་ཅི་རིགས་པར་གསུངས། རྣལ་འབྱོར་གྱི་རྒྱུད་ལ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། ཤིན་ཏུ་རྣལ་འབྱོར་རམ་རྣལ་འབྱོར་མཆོག་གི་རྒྱུད་གསུམ་དུ་ཡོད་པ་ལས། དང་པོ་ཐུན་མོང་གི་གནས་སུམ་ཅུ་རྩ་གསུམ་དང་ཁྱད་པར་གྱི་གནས་འོག་མིན་དུ་སྟོན་པ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་རྣམ་པར་གསང་བདག་སོགས་ལ་གསུངས་ཏེ། ཡོ་ག་གཞུང་ཆེན་བམ་པོ་སུམ་བརྒྱ་པ་དང་། ལུང་ཆེན་རྒྱུད་བཞི་སོགས་འཁོར་ལྷ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གསུངས་པ་སྟེ། འདི་དག་གི་རྣམ་བཞག་གསང་སྔགས་གསར་རྙིང་བཞེད་པ་ཐུན་མོང་དུ་གནས་པ་ལས་མི་མཐུན་པའི་ཁྱད་པར་ཆེན་པོ་མ་མཆིས་སོ། །རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་གའི་རྒྱུད་རྣམས་ནི་གཙོ་བོར་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ལ་འདྲེན་ཚུལ་མི་འདྲ་བ་འགའ་རེ་མཆིས་ཀྱང་། ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱི་བཞེད་པ་ལྟར་ན། སྐུའི་སྐུ་རྒྱུད་གླང་པོ་རབ་འབོགས། སྐུའི་གསུང་རྒྱུད་གླང་པོ་ཆུར་འཇུག །སྐུའི་ཐུགས་རྒྱུད་སངས་རྒྱས་མཉམ་སྦྱོར་ཏེ་སྐུ་རྒྱུད་གསུམ། གསུང་གི་སྐུ་རྒྱུད་རི་བོ་བརྩེགས་པ། གསུང་གི་གསུང་རྒྱུད་པདྨ་དབང་ཆེན། གསུང་གི་ཐུགས་རྒྱུད་ཟླ་གསང་ཐིག་ལེ་སྟེ་གསུང་རྒྱུད་གསུམ། ཐུགས་ཀྱི་སྐུ་རྒྱུད་རྩེ་མོ་འདུས་པ། ཐུགས་ཀྱི་གསུང་རྒྱུད་གཅིག་ལས་འཕྲོས་པ། ཐུགས་ཀྱི་ཐུགས་རྒྱུད་གསང་བ་འདུས་པ་སྟེ་ཐུགས་རྒྱུད་གསུམ། ཡོན་ཏན་གྱི་སྐུ་རྒྱུད་སྒྲོན་མེ་འབར་བ། ཡོན་ཏན་གྱི་གསུང་རྒྱུད་བདུད་རྩི་ས་མ་ཡ་འབུམ་སྡེ། ཡོན་ཏན་གྱི་ཐུགས་རྒྱུད་དཔལ་མཆོག་དང་པོ་སྟེ། ཡོན་ཏན་གྱི་རྒྱུད་གསུམ། ཕྲིན་ལས་ཀྱི་སྐུ་རྒྱུད་དཔལ་ཕྲེང་དཀར་མོ། ཕྲིན་ལས་ཀྱི་གསུང་རྒྱུད་མ་མོ་རྒྱུད་ལུང་། ཕྲིན་ལས་ཀྱི་ཐུགས་རྒྱུད་ཏ་མ་ལ་འབུམ་སྡེ་སྟེ་ཕྲིན་ལས་ཀྱི་རྒྱུད་གསུམ། སྤྱིའི་སྐུ་རྒྱུད་ཐབས་ཞགས། སྤྱིའི་གསུང་རྒྱུད་ས་མ་ཡ་བཀོད་པ། སྤྱིའི་ཐུགས་རྒྱུད་གསང་བ་སྒྱུ་འཕྲུལ་དང་བཅོ་བརྒྱད། དེ་དག་ཀུན་གྱི་རྩ་བ་ནི་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྟེ་ཚུལ་ཏེ་དག་ཏུ་ཕྱིས་ནས་མི་ལས་འདས་པའི་སྐལ་ལྡན་གྱི་རྒྱལ་པོ་ཛཿལ་བཤད་ནས་རིམ་པར་བྱོན་པར་གསུངས་ཤིང་། མདོར་ན་མ་ཧཱ་ཡོ་གའི་རྒྱུད་རྣམས་ནི་སྟོན་པ་ཉིད་དཔལ་ཆེན་པོའམ་རྣམ་པར་སྣང་མཛད་སོགས་སུ་སྤྲུལ་ནས། ཞུ་བ་པོ་རྡོ་རྗེ་འཛིན་པ་དང་སྐལ་ལྡན་གྱི་རྒྱལ་པོ་ཛཿ ལ་སོགས་པ་འཁོར་འདུས་པ་མཆོག་རྣམས་ལ་གསུངས་ཤིང་། དེའང་བསྡུ་ན་ཐབས་ཤེས་ཀྱི་རྒྱུད་གཉིས་སུ་འདུའོ། །རྣལ་འབྱོར་མཆོག་གི་རྒྱུད་ལ་རྫོགས་པ་ཨ་ནུ་ཡོ་གའི་ཐེག་པ་དང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཐེག་པ་གཉིས་ལས། དང་པོ་རྒྱལ་མོ་པུ་རིའི་ཚལ་དུ་སྟོན་པ་ཉིད་དཔལ་ཀུན་ཏུ་བཟང་པོའམ་རྡོ་རྗེ་སེམས་དཔར་སྤྲུལ་པ་ལ་ལངྐའི་བདག་པོས་ཞུས་ནས་མདོ་བཞི་དེམས་དང་ལྔར་བསྡུས་ཏེ་བཀའ་སྩལ། ཨ་ཏི་ཡོ་ག་ནི་གནས་རྒྱལ་པོ་པུ་རིའི་ཚལ་དང་ཟ་མ་པུ་རིའི་ཚལ་དུ་སྟོན་པ་ཉིད་དཔལ་ཀུན་ཏུ་བཟང་པོ་ཀུན་བྱེད་རྒྱལ་པོར་སྤྲུལ་ནས་ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་སོགས་རྫོགས་པ་ཆེན་པོ་སེམས་མཆོག་གི་སྐོར་ལ་སོགས་པ་གསུངས་པ་སྟེ། མ་ཧཱ། ཨ་ནུ། ཨ་ཏི་གསུམ་ནི་གསང་སྔགས་རྙིང་མ་ཁོ་ནའི་ཁྱད་ཆོས་ཏེ་སྔགས་གསར་མ་ལ་མ་གྲགས་ཤིང་། དེ་དག་ལས་ཆེས་རྨད་དུ་བྱུང་བའི་གནད་ལྷག་པར་མངའ་བའོ། །དེ་ལྟར་ཆོས་སྒོ་རབ་འབྱམས་གསུངས་པ་དེ་དག་ཀྱང་འཛམ་གླིང་ན་གནས་པའི་མི་དང་ཉན་རང་བྱང་སེམས་ཀྱི་རིགས་ཅན་རྣམས་ལ་ཤཱཀྱའི་དབང་པོའི་སྐུ་དངོས་ཀྱིས་རྒྱུ་མཚན་ཉིད་ཀྱི་ཐེག་པ་རྣམས་འཕགས་ཡུལ་ལ་སོགས་པར་གསུངས། ལྷ་རྣམས་དང་རིགས་གསུམ་མགོན་པོ་སོགས་སེམས་དཔའ་ཆེན་པོ་རྣམས་ལ་ཀུན་ཏུ་རིག་པ་སྣང་མཛད་ཆེན་པོར་སྣང་བའི་སྐུས་ཕྱི་རྒྱུད་སྡེ་གསུམ་གསུངས་པ་དང་། རིགས་ལྔ་སྲས་བཅས་རྣམས་ལ་ཀུན་བཟང་དུ་སྤྲུལ་ནས་ནང་རྒྱུད་ཡོ་ག་གསུམ་གསུངས་པ་དེ་དག་ཀྱང་གདུལ་བྱའི་བློ་སྟོབས་ཐ་དད་དང་མཐུན་པར་དྷ་ན་ཀོ་ཥ། བསིལ་བའི་ཚལ། རྒྱལ་པོའི་གནས། རི་མེ་རི་འབར་བ་སོགས་ཐུན་མོང་གི་གནས་དང་། འོག་མིན། ཡུམ་གྱི་མཁའ། ཆོས་ཀྱི་འབྱུང་གནས། ཐར་པ་ཆེན་པོའི་གཞལ་མེད་ཁང་ལ་སོགས་པ་ཁྱད་པར་གྱི་གནས་རྣམས་སུ་ཐུན་མོང་དང་ཁྱད་པར་གྱི་སྟོན་པ་སྐུ་སོ་སོར་སྣང་བས་འཁོར་གྱི་གདུལ་བྱ་མཆོག་ཕལ་ལ་རྒྱུ་འབྲས་ཀྱི་ཆོས་འཁོར་བསྐོར་བ་ཉིད་དུ་སྣང་བའི་ཆོ་འཕྲུལ་འབའ་ཞིག་ཏུ་གནས་ལ། དོན་དུ་སྟོན་པ་གཅིག་ཉིད་ཀྱི་གང་འདུལ་སྐུ་དང་ཡེ་ཤེས་མཛད་ཕྲིན་ཐ་དད་པ་སོ་སོར་སྣང་བས་གང་འདུལ་དེར་སྟོན་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་པས་ཆོས་སྒོ་བགྲང་དུ་མི་སྤྱོད་པར་ཕྱེས་པ་དག་རྒྱས་པར་གསུངས་པ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་། འབྲིང་པོར་བསྡུས་ཏེ་གསུངས་པ་གསུང་རབ་ཡན་ལག་བཅུ་གཉིས། བསྡུས་ཏེ་གསུངས་པ་ཐེག་པ་རིམ་པ་དགུ་ཞེས་གྲགས་པ་དང་། གཞན་ཡང་རྣམ་གཞག་མཐའ་ཡས་པ་མངའ་བ་ཡིན་མོད་ཀྱི། དོན་དུ་རྒྱུ་འབྲས་ཀྱི་ཐེག་པ་རྣམ་པ་གཉིས་སུ་ངེས་པ་འདུའོ། །བཀའ་དེའང་ཞལ་ནས་གསུངས་པ། བྱིན་གྱིས་བརླབས་པ། རྗེས་སུ་གནང་བ་སྟེ་གསུང་ཚུལ་གྱི་སྒོ་ནས་དབྱེ་བ་གསུམ་དུ་བཞག་གོ། །དེ་ལྟར་བཤད་པའི་རྒྱུ་འབྲས་ཀྱི་ཐེག་པའི་བཀའ་དེ་དག་གསུང་དུས་ཀྱི་འཁོར་རྣམས་ལས་སོ་སོའི་སྡུད་པ་པོ་རྣམས་ཀྱི་མི་བརྗེད་པའི་གཟུངས་སུ་བཟུང་སྟེ་ཡི་གེར་བཏབ་ནས་འཇིག་རྟེན་གྱི་ཁམས་འདིར་དར་རྒྱས་སུ་མཛད་པ་ཡིན་ཏེ། རྒྱུ་ཕར་ཕྱིན་གྱིས་ཐེག་པ་ཐུན་མོང་བ་རྣམས་གནས་བརྟན་འོད་སྲུང་ཆེན་པོ་སོགས་ཀྱིས་བཀའ་བསྡུ་བར་མཛད་ནས་མི་ནས་མིར་བརྒྱུད་དེ་དར་ཞིང་། ཐེག་ཆེན་ཁ་ཅིག་འཇམ་དཔལ་སོགས་ཀྱིས་བསྡུས་ནས་བྱང་སེམས་ཕལ་མོ་ཆེ་ལས་བརྒྱུད་དེ་མི་ཡུལ་དུ་དར་བས་མཛད། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ནི་མི་ཡུལ་གྱི་གདུལ་བྱ་ཐུན་མོང་གི་ངོར་ཤཱཀྱའི་རྒྱལ་པོ་ཉིད་ཀྱི་ཞལ་ནས་མངོན་དུ་མ་གསུངས་པར་སྐལ་ལྡན་དབང་རབ་རྣམས་ཀྱི་དོན་དུ་ལྐོག་ཆོས་སུ་བསྟན་པར་མཛད་པས་གདུལ་བྱ་དམན་པ་དག་གི་ངོར་གསང་སྔགས་ལ་ཐེ་ཚོམ་བཟློག་པའི་དོན་དུ་སྐབས་དེའི་གདུལ་བྱ་ཐུན་མོང་བའི་འཁོར་གྱི་སྣང་ངོར་ཤཱཀྱའི་དབང་པོ་ཉིད་ཀྱི་ཞལ་ནས་གསང་སྔགས་ཀྱི་བསྟན་པ་འདི་ཉིད་གདོད་མི་ཡུལ་དུ་འབྱུང་བའི་ཚུལ་དངོས་སུ་ལུང་བསྟན་པར་ལྟར་མཛད་དེ། མདོ་སྡེ་གདམགས་ངག་འབོགས་པའི་རྒྱལ་པོ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །རྒྱལ་པོ་ཛཿཡི་ཁང་ཐོག་ཏུ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །ལག་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་གསུངས་པའི་ཚུལ་དང་མཐུན་པར། སྟོན་པའི་མཐུས་རིགས་ལྔའི་རྒྱལ་བ་དང་རྒྱལ་ཚབ་རྣམས་ལ་རྗེས་སུ་བསྐུལ་བར་མཛད་དེ། འབྲས་བུའི་ཆོས་འདི་ཉིད་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱའི་ཡི་གེར་བྲིས་ནས་ཐུགས་རྗེ་གཅིག་ཏུ་མཐུན་པའི་བྱིན་རླབས་ཀྱི་ཆོ་འཕྲུལ་ལས་རྒྱལ་པོ་ཛཿའི་ཁང་སྟེང་དུ་ནམ་མཁའ་ལས་རང་བབས་ཀྱི་ཚུལ་དུ་སྣང་བ་རྒྱལ་པོ་ཛཿདང་སློབ་དཔོན་ཀུ་ཀུ་རཱ་ཛས་དེའི་དོན་རྣམས་རྡོ་རྗེ་སེམས་དཔའི་མཐུས་རྟོགས་ནས་མི་ཡུལ་འདིར་གསང་སྔགས་དར་བ་དང་། གཞན་ཡང་འཇམ་པའི་དབྱངས་ཀྱིས་ལྷའི་གནས་དང་། སྤྱན་རས་གཟིགས་ཀྱིས་ཀླུའི་ཡུལ་དང་། ཕྱག་ན་རྡོ་རྗེས་གནོད་སྦྱིན་གྱི་གནས་སུ་སྣང་བར་མཛད། འཛམ་གླིང་འདིར་ཀྲི་ཡ་ཝཱ་ར་ཎ་སཱི་དང་། ཡོ་ག་རྣམས་རི་མ་ལ་ཡའི་རྩེ་མེ་རི་འབར་བ་དང་། མ་ཧ་དང་ཨ་ནུ་རྒྱལ་པོ་ཛཿཉིད་ཀྱི་གནས་དང་། ཨ་ཏི་ཡོ་ག་དྷ་ན་ཀོ་ཤའི་གླིང་དུ་བཤད་ཅིང་སྒྲུབ་པར་བྱས་ཏེ་རྒྱ་ཆེར་འཕེལ་བའོ། །གཞན་ཡང་ལུང་བཞི་དེམས་དང་ལྔ་ནི་བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་སྤྱི་རྒྱུད་དང་། སྒྱུ་འཕྲུལ་སྡེ་བརྒྱད་ནི་ལྟ་བ་ཨ་ཏི་དང་སྤྱོད་པ་མ་ཧཱར་གཏོགས་པས་ཨ་ནུའི་རྒྱུད་དུའང་གསུངས་ཏེ། བསྐྱེད་རྫོགས་རྫོགས་ཆེན་གྱི་གནད་བསྟན་པའི་ཆ་ནས་ཇི་ལྟར་བཞག་ཀྱང་ཆོག་གོ། །དེ་དག་གིས་ནི་བཀའ་སྤྱིའི་བྱུང་བ་གསང་སྔགས་རྙིང་མ་ལ་གྲགས་པ་གཙོ་བོ་བཟུང་སྟེ་མདོར་བསྡུས་ཙམ་བརྗོད་ཟིན་ལ། དེ་དང་རྗེས་འབྲེལ་བསྟན་བཅོས་ཀྱི་བྱུང་བའང་མདོར་བསྡུ་ན། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལྷག་ཙམ་སོང་བའི་འོག་ཏུ་ཡུལ་ཡངས་པ་ཅན་དུ་ཉན་ཐོས་སྡེ་པ་ཐ་དད་པའི་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་བམ་པོ་སུམ་བརྒྱ་པ་མཛད་པ་བསྟན་པ་འདིའི་བསྟན་བཅོས་ཀྱི་ཐོག་མ་ཡིན་ལ། དེ་ནས་བཟུང་སྟེ་ཟབ་པ་དང་རྒྱ་ཆེ་བའི་བཀའི་དགོངས་དོན་འགྲེལ་བའི་ཤིང་རྟ་ཆེན་པོ་ཀླུ་ཐོགས་གཉིས་ལ་སོགས་འཛམ་གླིང་མཛེས་རྒྱན་སློབ་ཚོགས་དང་བཅས་པས་བརྩམས་པའི་བསྟན་བཅོས་རྣམས་དང་། སྔགས་ཀྱི་ལུགས་ལ་བྱང་ཆུབ་སེམས་འགྲེལ་སྐོར་གསུམ་དང་། གྲུབ་པ་སྡེ་བདུན་དུ་གྲགས་པ་སོགས་ཀྱིས་མཚོན་གྲུབ་ཆེན་རིག་འཛིན་རྣམས་ཀྱིས་མཛད་པའི་བསྟན་བཅོས་མཐའ་ཀླས་པ་ཞིག་བྱུང་ཞིང་། བསྟན་བཅོས་ཀྱི་ངོ་བོ་རྒྱལ་བའི་བཀའི་རྗེས་སུ་འབྲངས་ནས་རྩོམ་པ་པོ་མཚན་ཉིད་དང་ལྡན་པས་ལེགས་པར་བཤད་པ། དབྱེ་བ་ལུང་བཏུས་པ། ལུང་འགྲེལ་པ། ལུང་དོན་རིག་པ་གསུམ་མམ། འཁྲུགས་པ་བསྡེབས་པ། འཐོར་བ་བསྡུད་པ། ཟབ་མོ་བཀྲོལ་བ་སོགས་སམ། བཀའ་སྤྱི་དང་བྱེ་བྲག་གི་དགོངས་པ་འགྲེལ་བའི་དབྱེ་བ་ཡོད་པའང་ཤེས་པར་བྱའོ། །དེ་དག་གིས་ནི། ལྷའི་བུས་ཞུས་པའི་མདོ་ལས། ཆོས་རྣམས་བཀའ་དང་བསྟན་བཅོས་གཉིས་སུ་འདུ། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་ལྟར་བསྟན་པ་སྤྱིའི་བྱུང་ཚུལ་མདོ་ཙམ་སྨོས་ཟིན་ནས། གཉིས་པ་ཕུར་པ་ཕྲིན་ལས་རོལ་པའི་རྒྱུད་ཀྱི་བྱུང་བ་བྱེ་བྲག་ཏུ་འཆད་པ་ལ་གཉིས། ཕྲིན་ལས་ཀྱི་རྒྱུད་བྱོན་ཚུལ་སྤྱིར་བསྟན། རྩ་དུམ་དང་འབྲེལ་བའི་མཁོན་ལུགས་ཀྱི་བཀའ་བབས་བྱུང་ཚུལ་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི། སྒྲུབ་པ་བཀའ་བརྒྱད་ཀྱི་གླེང་གཞི་དང་སྦྱར་ཏེ་བཤད་དུ་ཡོད་ཀྱང་། འདིར་རྒྱུད་སྡེ་ལྟར་འཆད་པ་སྐབས་སུ་བབས་པས། ཇི་སྐད་དུ། ཆོས་སྐུས་དགོངས་པས་བཤད། ལོངས་སྐུས་བརྡ་ཡིས་བཤད། སྤྲུལ་སྐུས་ཚིག་བརྡ་སྦྱར་ནས་བཤད། །ཅེས་གསུངས་པ་ལྟར་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་གསུམ་གྱིས་གསུངས་ཏེ། དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ཚད་མེད་པའི་ཐུགས་རྗེ་དང་ཐབས་ལ་མཁས་པ་གང་གིས་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པའི་ཕོ་བྲང་ནས་གཡོ་བ་མི་མངའ་བཞིན་དུ་རང་བཞིན་ཐུགས་རྗེའི་བྱིན་རླབས་ལས། རང་སྣང་དག་པ་སྐུ་གསུང་ཐུགས་ལྷུན་གྲུབ་འོག་མིན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་རིགས་ལྔའི་སངས་རྒྱས་ཀྱི་རྣམ་པར་བཞེངས་ཏེ། རང་ལས་གཉིས་སུ་མེད་པའི་འཁོར་རྡོ་རྗེ་སེམས་དཔའ། རིགས་གསུམ་མགོན་པོ་ལ་སོགས་འབྲས་བུའི་སེམས་དཔའ་རྣམས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཕུན་སུམ་ཚོགས་པ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་མེད་རང་རིག་རང་ཤར་གྱི་ཚུལ་དུ་གསུངས་ཏེ་ཆོས་དང་སྟོན་འཁོར་དབྱེར་མེད་དགོངས་པའི་ཀློང་ཆེན་པོ་གཅིག་ཏུ་འཁྱིལ་བ་ནི་རྒྱལ་བ་དགོངས་པའི་བརྒྱུད་པ་དང་། གཉིས་པ་ནི། རིགས་གསུམ་མགོན་པོ་དེ་དག་གིས་ལྷ་ཀླུ་གནོད་སྦྱིན་གསུམ་ལ་བཤད་ནས་སོ་སོའི་ཚོམ་བུ་འབུམ་སྡེ་དང་བཅས་པ་སངས་རྒྱས་ཀྱི་གདུང་འཚོབ་པར་གྱུར། དེ་ནས་རིམ་པར་བརྒྱུད་དེ་ཤར་ཕྱོགས་ས་ཧོ་རའི་རྒྱལ་པོ་ཛཿལས་ཨོ་རྒྱན་གྱི་མཁན་པོ་པདྨ་སཾ་བྷ། སློབ་དཔོན་བི་མ་མི་ཏྲ། སློབ་དཔོན་ཤཱི་ལ་མཉྫུ་སྟེ་མཁས་པ་མི་གསུམ་ལ་བརྒྱུད་པའང་བརྡ་དང་ཚིག་ཙམ་རེས་གྲོལ་བ་ཐོབ་སྟེ་དབྱིངས་དང་ཡེ་ཤེས་ཟུང་འཇུག་གི་ངོ་བོ་ཡི་དམ་ལྷ་དང་དགོངས་པ་མཉམ་ཉིད་དུ་གྱུར་པ་དག་ནི་རིག་འཛིན་རིག་བརྒྱུད་ཀྱི་དགོངས་དོན་མདོ་ཙམ་མོ། །གསུམ་པ་ནི། དཔལ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་ད་ལྟའི་བར་སྙན་ནས་སྙན་དུ་བརྒྱུད་པའི་བཀའ་ཟབ་མོ་མ་ཉམས་པར་བྱོན་པ་སྟེ། རྒྱས་པར་ཤེས་འདོད་ན་བརྒྱུད་པའི་ཡི་གེ་སོ་སོ་ལས་རྟོགས་པར་བྱའོ། །དེ་ལྟར་བརྒྱུད་པ་གསུམ་གྱིས་ཁྱད་པར་བྱས་པའི་ཕུར་པ་ཕྲིན་ལས་རོལ་པ་འདི་ཉིད་ཀྱི་ལོ་རྒྱུས་ལ་གསུམ། གདུལ་བྱ་ཇི་ལྟར་བྱུང་བ། འདུལ་བྱེད་གང་གིས་བཏུལ་བའི་ཚུལ། འདུལ་ཐབས་ཇི་ལྟར་མཛད་པའི་ཚུལ་གསུམ་གྱིས་ཤེས་པར་བྱ་སྟེ། རྒྱས་པར་རྒྱུད་དང་གཞུང་འགྲེལ་གཞན་དུ་ཤེས་ལ། འདིར་སྙིང་པོ་ཙམ་བསྡུས་ཏེ་འཆད་ན། དང་པོ་ནི། ཕུར་པ་མྱང་འདས་ཀྱི་རྒྱུད་ལས། ཀརྨ་ཧེ་རུ་ཀས་ཁྲག་འཐུང་ཆེན་པོ་ལ་ཞུས་པ། སྲིན་པོ་རུ་དྲ་གདུག་པ་འདི། །རྒྱུ་དང་རྐྱེན་ནི་ཅི་ལས་བྱུང་། །འབྲས་བུ་གང་དུ་སྨིན་པར་འགྱུར། །ལས་སྐལ་སྤྱོད་པ་ཅི་ཞིག་བྱེད། མ་བཏུལ་བ་ཡི་སྐྱོན་ནི་ཅི། །བཏུལ་ན་ཡོན་ཏན་ཅི་ཞིག་ཐོབ། །ཅེས་ཞུས་པས། ཁྲག་འཐུང་རྡོ་རྗེས་བཀའ་སྩལ་པ། །ལོག་པའི་སེམས་ཅན་ཆེན་པོ་འདི། །དམ་ཚིག་ཉམས་པའི་རྒྱུ་ལས་བྱུང་། །རྐྱེན་ནི་བླ་མ་སྤངས་པའོ། །འབྲས་བུ་ཉོན་མོངས་ལྔ་རུ་སྨིན། །ལས་སྐལ་ཆགས་སྡང་སྤྱོད་ལ་ཞེན། །མ་བཏུལ་ལྷ་མིའི་སྲིད་པ་བརླག །སངས་རྒྱས་ཞིང་ཡང་སྟོངས་པར་བྱེད། །བཏུལ་ན་ཡོན་ཏན་དཔག་མེད་དེ། །དུག་གསུམ་རྩད་གཅོད་འཁོར་དོང་སྤྲུགས། །ཞེས་གསུངས་པ་ལྟར་རྡོ་རྗེ་ཁྲོས་པའི་རྩ་རྒྱུད་ལས་ཀྱང་གསུངས་པ་བཞིན། སྔོན་འདས་པའི་དུས་བསྐལ་པ་ཀུན་ནས་བཀོད་པ་ཞེས་བྱ་བ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་འབྱུང་བ་ཞེས་བྱ་བའི་བསྟན་པའི་དུས་སུ་ཐར་པ་ནག་པོའི་གཡོག་དན་འབག་ཅེས་བྱ་བ་ཡོད་དོ། །དེའི་དུས་སུ་དགེ་སློང་ཐུབ་དཀའ་གཞོན་ནུ་ཞེས་བྱ་བའི་དྲུང་ནས་ཐར་པ་ནག་པོས་གདམས་ངག་ལོག་པར་གོ་ནས་གསང་སྔགས་འཆོལ་བར་སྤྱད་པ་སོགས་མ་རུངས་པའི་ལས་ཀྱི་རྣམ་པར་སྨིན་པས་མ་རུངས་པའི་སྐྱེ་བ་བརྒྱུད་མར་བླངས་ནས་ཁམས་གསུམ་ན་ཆེ་བའི་གདུག་པ་ཅན་དུ་གྱུར་ནས་སེམས་ཅན་ཐམས་ཅད་བསད་ཅིང་ཟོས་ཏེ་དེའི་གཉེན་པོ་འཇིག་རྟེན་ན་སུའང་མེད་པའི་མ་ཏྲཾ་རུ་དྲ་ཞེས་བྱ་བ་ཞིག་བྱུང་བ་ནི་གང་གདུལ་བྱའོ། །གཉིས་པ་དེ་འདུལ་བྱེད་གང་གིས་བཏུལ་བ་ནི། དེའི་ཚེ་ཀརྨ་ཧེ་རུ་ཀས་དུས་གསུམ་གྱི་རྒྱལ་བ་རྣམས་བསྐུལ་ནས་འོག་མིན་དུ་བཀའ་བགྲོས་ཏེ་འགྲོ་བའི་དོན་དུ་རུ་དྲ་ཞི་བའི་སྒོ་ནས་འདུལ་བར་དགོངས་ཀྱང་མ་ཐུལ་ནས། ཇི་སྐད་དུ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལ། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛོད། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཞེས་བུདྡྷ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྒོ་ནས་བཀའ་བགྲོས་ཏེ་རྡོ་རྗེ་རྟའི་ཚོགས་སོགས་ཁྲོ་བོ་ཆེན་པོ་རྣམས་རིམ་པར་སྤྲོས་ཏེ་བཏུལ་བའི་ཚུལ་མཛད་པ་ནི་འདུལ་བྱེད་ཀྱི་ཁྱད་པར་བསྟན་པའོ། །གསུམ་པ་འདུལ་ཐབས་ཀྱི་ཁྱད་པར་ནི། ཡང་དུས་གསུམ་གྱི་བུདྡྷ་ཐམས་ཅད་བཀའ་བགྲོས་ནས་སྦྱང་གཞི་དང་སྦྱོང་བྱེད་ལ་དགོངས་བཞིན་པས་ཐབས་ཀྱི་ཁྱད་པར་ཐུན་མོང་མིན་པས་འདུལ་བར་དགོངས་ཏེ། དུས་གསུམ་བུདྡྷ་ཐམས་ཅད་ཀྱི་སྤྲུལ་པ་གཅིག་ཏུ་བསྡུས་ནས་རུ་དྲ་ཐར་པ་ནག་པོར་སྤྲུལ། དེའི་ཆུང་མ་ཀྲོ་དྷི་ཤྭ་རི་མ་ལ་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་ནས་སྲིན་མོའི་ལྷུམས་སུ་ཟླ་དཀྱིལ་ལ་བྱང་སེམས་ཧཱུྃ་གི་རྣམ་པར་ཕབ་སྟེ་བཞག །གཞན་ཡང་འཁོར་དང་བཅས་པ་ཐམས་ཅད་སྤྲུལ་པས་དབང་དུ་བྱས། དེ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་དབྱིངས་སུ་མི་དམིགས་པར་མཛད་ནས་རིམ་གྱིས་འཁོར་གཏུམ་མོ་དང་སྲིན་མོ་རྣམས་ལའང་ཕག་དང་དོམ་ཀྱི་མགོ་ཅན་ལ་སོགས་པའི་ལྟས་ངན་མང་པོ་སྐྱེས། རུ་དྲའི་ཆུང་མ་ཀྲོ་དྷི་ཤྭ་རི་ལཱའང་བུ་རྡོ་རྗེ་གཞོན་ནུ་དབུ་གསུམ་ཕྱག་དྲུག་པ། རྡོ་རྗེའི་གཤོག་པས་བར་སྣང་ཁྱབ་པ། ཀཱི་ལ་ཡའི་སྒྲ་སྒྲོགས་པ་དང་བཅས་པ་སྐྱེས་འདུག་པ་རུ་དྲས་མཐོང་མ་ཐག་འཁོར་དང་བཅས་པ་རྣམས་བརྒྱལ་ནས་འགྱེལ། ཁ་ནས་ཁྲག་སྐྱུགས་སོ། །དེ་སྐད་དུ། རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། ཁྲོ་ཆེན་རབ་ཏུ་ཁྲོས་པ་མཐོང་བ་ཡིས། །སྐད་ཅིག་ཙམ་ལ་རུ་དྲ་དངངས་ཤིང་སྐྲག །ཕྱོགས་བཅུ་ཀུན་ཏུ་འབྲོས་པའི་ཚུལ་ཡང་བསྟན། །སྡུག་བསྔལ་ཆེན་པོ་དེ་ཡི་དུས་སུ་མྱངས། །ཞེས་གསུངས་སོ། །དེ་ནས་བརྒྱལ་སངས་པ་དང་ལངས་ནས་འཁོར་རྣམས་ལ་བོས་ཏེ་སྨྲེ་སྔགས་མང་དུ་བཏོན་པས་བདུད་ཀྱི་དམག་དཔུང་གཏིབས། མཚོན་ཆའི་ཆར་ཕབ་པ་དང་བསྟུན་རུ་དྲས་ཀྱང་དབུ་གསུམ་ཕྱག་དྲུག་ཏུ་བྱས་པ་དང་རྡོ་རྗེ་གཞོན་ནུས་དབུ་དགུ་ཕྱག་བཅོ་བརྒྱད་པར་སྤྲུལ་ཏེ་བ་སྤུའི་བུ་ག་ནས་ཀྱང་དེ་འདྲ་བ་དཔག་ཏུ་མེད་པར་སྤྲུལ་ཏེ་ངག་སྨྲ་བརྗོད་དང་བྲལ་བར་བྱིན་གྱིས་བརླབས། རུ་དྲས་ཀྱང་དབུ་དགུ་ཕྱག་བཅོ་བརྒྱད་པར་སྤྲུལ་པའི་གཉེན་པོར་རྡོ་རྗེ་གཞོན་ནུས་དབུ་ཕྱག་སྟོང་སྟོང་། སྤྱན་བྱེ་བ་སྟོང་དུ་སྤྲུལ། དབུ་དགུ་པ་མང་པོ་བ་སྤུའི་བུ་ག་ནས་ཀྱང་བཀྱེས། ཁྲོ་བོ་བཅུ་སྤྲུལ་ནས་ཕྱོགས་སྐྱོང་བཅུ་གདན་དུ་བཏིང་། དེ་ནས་རྡོ་རྗེ་གཞོན་ནུའི་སྤྱི་གཙུག་ནས་ཧ་ས་ཡ་ར་ཧྲི་ཏ་ན་ཡ་འཕྲོས། རུ་དྲའི་སྤྱི་གཙུག་ཏུ་ཞུགས་ནས་སྐྱོབ་པའི་ལྷ་དང་ཕྲལ། གཞན་ཡང་གབ་པའི་སྔགས་དྲུག་རྣམས་སྐུའི་གནས་སོ་སོ་ནས་སྤྲོས་ཏེ་རུ་དྲའི་གནས་སོ་སོར་ཞུགས་པས་གཟུགས་ལ་དབབ། བྱད་དུ་གཞུག །སྨྱོར་གཞུག་རྡུལ་དུ་བརླག །ཞལ་དུ་བསྟབ་པ་སོགས་མཛད། བདུད་ཀྱི་འཁོར་རྣམས་ཀྱང་སོ་སོར་བྱེར། དུས་དེར་རྡོ་རྗེ་གཞོན་ནུ་ལ་དུས་གསུམ་གྱི་བུདྡྷ་ཐམས་ཅད་ཀྱིས་རྡོ་རྗེ་སྲིན་པོའི་ངུར་དབྱངས་ཀྱིས་བསྟོད་དོ། །རྡོ་རྗེ་རྟའི་ཚོགས་ཀྱིས་རྟའི་རྔམས་དབྱངས་ཀྱིས་དཔའ་བཀོང་། དེའི་ཚེ་རྡོ་རྗེ་གཞོན་ནུས་རུ་དྲའི་ཁ་ཊྭཱཾ་ཕྲོགས་ཏེ་ཕུང་པོ་ལ་ཐུར་མ་བཙུགས་ཏེ། ཨ་ལ་ལ་ཧོཿཞེས་གསུངས་ཏེ་ཞལ་དུ་གསོལ་ནས་ཁྱུར་མིད་མཛད་དེ་ཕྱལ་དུ་སྦྱངས་པས་སྐྱེ་བ་གྲངས་མེད་པའི་ལུས་བླངས་པ་ནི་དྲན། ལས་དགེ་སྡིག་མི་བསླུ་བར་ནི་རིག །དུས་དེར་རུ་དྲས་སྨྲེ་སྔགས་བརྗོད་དོ། །དེ་ནས་རྡོ་རྗེ་གཞོན་ནུའི་གསང་བ་ནས་བཏོན་ཏེ་མདུན་དུ་བཞག་ནས་སྤྱོ་བ་བརྒྱད་ཀྱི་སྒོ་ནས་སྤྱོས། འཁོར་སྡེ་བརྒྱད་ཀྱིས་ཀྱང་བཤགས་པ་རེ་བྱས་ནས་རང་རང་གི་མགོ་བོ་བཅད་དེ་ཕུལ་སྐབས་དེར་རུ་དྲས་སྨྲས་བ། བསྣམས་ནས་བཏོན་པ་ཐུགས་རྗེ་ཆུང་། །འབངས་སུ་མཆིའོ་གཙིགས་མ་ཆུང་། །བཀའ་ལས་འདས་ན་འཚིག་པར་འགྱུར། །མ་དང་སྲིང་མོ་བྲན་མོ་རྣམས། །འབངས་སུ་འབུལ་ལོ་བཀའ་ལ་ཐོགས། །དབུས་སུ་མཆིས་སྐལ་མི་ལྡན་གྱི། །འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཚལ་སྐལ་མི་ལྡན་གྱི། །ལྷག་མ་ཁ་ཕྲུས་བྲན་ལ་སྩོལ། །ཞེས་དང་། རྩ་རྒྱུད་ལས། རུ་དྲ་མ་རུངས་དེ་ཡི་དུས་སུ་བཏུལ། །ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཞོན་ནུ་ལ། །གཟུགས་ཀྱི་ཕུང་པོ་གདན་དུ་རབ་ཏུ་བཏིང་། །རྣ་བའི་དབང་པོས་ཞི་བའི་ཆོས་ཀྱང་ཉན། །ཡིད་ནི་འགྱོད་པའི་སྨྲེ་བཤགས་མང་དུ་བྱས། །ཞེས་གསུངས་པ་ལྟར། རུ་དྲ་གཙོ་བོའི་གདན་དུ་གཏིང་། འཁོར་རྣམས་ཀྱིས་ཀྱང་ཕྱོགས་སྐྱོང་བཅུ་ལ་སོགས་པ་ཕོ་ཁ་སྦུབས། མོ་གན་རྐྱལ། བྱིན་པ་འཁྲིལ་བར་གདན་དུ་བཏིང་། རྣ་བས་ཆོས་ཉན། དེ་ནས། རུ་དྲ་འདི་མ་ཧཱ་ཀཱ་ལར་བྱས་ཏེ་སངས་རྒྱས་སྟོང་གི་བསྟན་པ་བསྲུངས་ནས། འོག་ཕྱོགས་ཀྱི་འཇིག་རྟེན་དུ་བཅོམ་ལྡན་འདས་སུ་ལུང་བསྟན། ཁོའི་ཐོད་མཁར་རྡོ་རྗེ་ཕུར་པའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པ་ལ་བརྟེན་ནས་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་དེ་ལྟར་བྱུང་བར་གསུངས་ཤིང་། དོན་དུ་སངས་རྒྱས་ཀུན་གྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་རྣམ་པ་ཕྲིན་ལས་གང་འདུལ་གྱི་རོལ་པ་ཐམས་ཅད་རྟགས་ཀྱི་ཕྱག་རྒྱའི་གཟུགས་སུ་རང་ཤར་བ་ཉིད་དོ། །དེ་ལྟ་བུའི་དཔལ་རྡོ་རྗེ་གཞོན་ནུ་ཕུར་པ་ཕྲིན་ལས་རོལ་པའི་རྒྱུད་རྣམས་ཧེ་རུ་ཀ་ཉིད་ཀྱིས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་རང་བྱུང་རྡོ་རྗེ་ནཱང་མི་ཤིགས་བའི་སྒྲ་དབྱངས་སུ་རང་ཤར་བའི་ཚུལ་གྱིས་གསུངས་པའི་ཁོངས་སུ་རྒྱུད་ཐམས་ཅད་འདུ་བའང་། སྤྱིར་ཕྱི་རྒྱུད་སྡེ་གསུམ། ནང་རྒྱུད་གསུམ་ལའང་མ་ཧཱ་ཡོ་ག་ཐབས་ཕའི་རྒྱུད། ཨ་ནུ་ཡོ་ག་ཤེས་རབ་མའི་རྒྱུད། །ཨ་ཏི་ཡོ་ག་གཉིས་སུ་མེད་པའི་རྒྱུད་སྡེའམ་ཐེག་པ་གསུམ་ཞེས་བྱ་བའི་རྣམ་གཞག་མཛད་ཅིང་། ཡང་ཕ་རྒྱུད་ལ་དོ་ཧ་སྐོར་དང་། མ་རྒྱུད་ལ་སྒྱུ་འཕྲུལ་སྐོར་དང་། གཉིས་མེད་རྒྱུད་ལ་སེམས་ཕྱོགས་སྐོར་ཞེས་གྲགས་པར་གསུངས་པ་དེ་དག་ཕྱོགས་ཙམ་གོང་དུ་བསྟན་པའི་སྤྱིའི་བྱུང་བའི་ས་ཁོངས་སུ་བསྟན་ཟིན་ལ། བྱེ་བྲག་ཏུ་སློབ་དཔོན་ལང་ལབ་ཀྱི་བཞེད་པས་རྡོ་རྗེ་ཕུར་པ་འདི་ལ་རང་རྐང་ཚུགས་པའི་རྒྱུད་སུམ་ཅུ་རྩ་བདུན། རྒྱུད་ཆུང་བཅུ་དྲུག་ཅེས་བཞེད་དེ། དེ་ལ་རང་གཞུང་ཚུགས་པའི་རྒྱུད་སུམ་ཅུ་རྩ་བདུན་ནི། རྩ་བ་ལྟ་བུའི་རྒྱུད་གསུམ། བཤད་པའི་རྒྱུད་ལྔ། ཆ་མཐུན་པའི་རྒྱུད་གསུམ། རྒྱུད་ཕྱི་མ་གཉིས། ཕྱི་མའི་ཕྱི་མ་གསང་བ་སྡེ་དྲུག །བསྐྱེད་རིམ་གཙོ་བོར་སྟོན་པའི་རྒྱུད་ལྔ། རྫོགས་རིམ་གཙོ་བོར་སྟོན་པའི་རྒྱུད་ལྔ། ལ་བཟླ་བའི་རྒྱུད་ལྔ། དྲག་པོ་རྨེ་ཐབས་ཀྱི་རྒྱུད་གཉིས། ཕྲིན་ལས་གཙོ་བོར་སྟོན་པ་འབུམ་སྐོས་དང་སུམ་ཅུ་རྩ་བདུན་ནོ། །དེ་ལྟར་ན་བསྐྱེད་པ་མ་ཧཱ་ཡོ་ག་ཐབས་ཀྱི་རྒྱུད་ལ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ལ་སོགས་པའི་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པའི་ནང་ནས་ཕྲིན་ལས་རིགས་ཀྱི་ཕུར་བུའི་རྒྱུད་ལུང་མན་ངག་ཐམས་ཅད་ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་རྩལ་ལ་ལྷག་པར་བཀའ་བབས་ཤིང་། གྲུབ་པའི་སློབ་དཔོན་ཆེན་པོ་དེ་ཉིད་ངེས་པའི་དོན་དུ་གདོད་མའི་རྒྱལ་པོ་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་གཉིས་མེད་མཉམ་པའི་ཀློང་དུ་མངོན་པར་བྱང་ཆུབ་ཀྱང་། ཚུར་མཐོང་རྣམས་ཀྱི་སྣང་ངོར་ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུས་སྐུའི་སྒོ་ནས་ཞལ་དངོས་སུ་བསྟན། གསུང་གི་སྒོ་ནས་ཕུར་པའི་རྒྱུད་རྣམས་བཀའ་སྩལ། ཐུགས་ཀྱི་སྒོ་ནས་དབྱིངས་རིག་དབྱེར་མེད་དུ་ངོ་སྤྲད་པས་ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཆགས་ཐོགས་མེད་པར་མཛད། གདུལ་བྱ་དྲང་བའི་དོན་དུ་བཀའ་བབས་ཀྱི་སློབ་དཔོན་པྲ་བྷ་ཧསྟི་ལས་ཕྲིན་ལས་ཕུར་པའི་ཆོས་སྐོར་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་པའི་ཚུལ་བསྟན། གངས་ཅན་ལྗོངས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ནས་ཕེབ་པའི་ལམ་བར་ན་བོད་ཀྱི་ལྷ་སྲིན་མ་རུངས་པ་ཐམས་ཅད་རྡོ་རྗེ་ཕུར་པའི་སྐུར་བཞེངས་ནས་བཏུལ་ཞིང་དམ་ལ་བཞག །ས་གཞི་བཏུལ་ནས་བསམ་ཡས་གཙུག་ལག་ཁང་བཞེངས་པ་སོགས་དམ་པའི་ཆོས་ཀྱི་ཉིན་བྱེད་ཐོག་མར་འཆར་བའི་སྐབས་སུ་སྐལ་ལྡན་གྱི་རྗེ་འབངས་རྣམས་རྡོ་རྗེ་ཐེག་པའི་ལམ་ཟབ་སོ་སོའི་སྐལ་བ་དང་འཚམས་པར་གསང་ཆོས་སུ་འཆད་པའི་སྐབས་སུ་བར་ཆད་སེལ་བའི་ལྷ་མཆོག་རྡོ་རྗེ་གཞོན་ནུའི་ཆོས་སྐོར་རྒྱས་བསྡུས་ཅི་རིགས་པ་རེ་གནང་བ་ལས་ཕུར་པ་རྒྱལ་པོ་ལུགས། ཇོ་མོ་ལུགས། །ལྕམ་ལུགས་གཙོས་བཀའ་ནས་བཀའ་རུ་བརྒྱུད་པ་དང་། ཕལ་ཆེར་གཏེར་དུ་སྦས་པ་ཕྱིས་སུ་རྗེ་འབངས་སོ་སོའི་སྤྲུལ་པ་རྣམས་ཀྱིས་རིམ་པར་བཏོན་པའི་གཏེར་མའི་རིགས་ཤིན་ཏུ་མང་པ་མཆིས་སོ། །གཉིས་པ་རྩ་དུམ་དང་འབྲེལ་བ་མཁོན་ལུགས་ཀྱི་བཀའ་བབས་བྱུང་ཚུལ་བྱེ་བྲག་ཏུ་དབྱེ་བ་ནི། གོང་དུ་ཇི་སྐད་བཤད་པ་བཞིན་ཕྲིན་ལས་རྡོ་རྗེ་གཞོན་ནུ་དང་དབྱེར་མེད་པ་ཐོད་ཕྲེང་རྩལ་འཆང་ཆེན་པོས་སད་མི་མི་བདུན་གྱི་ཡ་གྱལ་མཁོན་ནཱ་གེནྡྲ་རཀྵི་ཏ་ལ་རྒྱུད་ལུང་མན་ངག་དང་བཅས་པ་མནོག་ཆོས་སུ་སྩལ་བ་དེ་ནས་བརྩམས་མཁོན་རིགས་ས་སྐྱ་པར་ཡང་ཕུར་གཉིས་ཀྱི་བཀའ་བབས་གཞན་དང་མི་མཉམ་པས་གྲུབ་བརྙེས་གསེར་རིའི་ཕྲེང་བ་བར་མ་ཆད་པ་བྱོན་པ་ཡིན་ཅིང་། མཁོན་དཀོན་མཆོག་རྒྱལ་པོས་དཔེ་ཕལ་ཆེར་དུས་སྐབས་དེར་འགྲོ་དོན་མི་འབྱུང་བར་དགོངས་ཏེ་གཏེར་དུ་སྦ་བར་བརྩམས་པ་ན་ཆོས་སྲུང་གིས་འཁུ་ལྡོག་བྱུང་སྟེ་རྩ་བ་ཙམ་སླར་ཕྱུང་སྟེ་རྗེ་བཙུན་གོང་མ་རྣམས་ལྔ་ནས་ད་ལྟའི་བར་ཐུགས་དམ་ཉམས་བཞེས་མཐར་ཕྱིན་མཛད་ཅིང་། ཡིག་ཆའི་རིགས་ཀྱང་རྒྱས་བསྡུས་མང་དུ་བཞུགས། རྩ་རྒྱུད་བིདྷྱོཏྟ་མ་འབུམ་སྡེའི་ནང་ནས་གུ་རུ་པདྨ་ཉིད་ཀྱིས་རྡོ་རྗེ་རིགས་ཀྱི་ལེའུ་ཟུར་དུ་ཕྱུང་བ་ཕུར་པ་རྩ་བའི་དུམ་བུ་ཞེས་བྱ་བ་འདི་ཉིད་སྔ་འགྱུར་རྙིད་མའི་རྒྱུད་འབུམ་གྲལ་དུ་བཞུགས་ཀྱང་། སྔགས་གསར་མ་བ་རྣམས་ཀྱིས་རྙིང་རྒྱུད་ཁས་མི་ལེན་པས་བག་ལ་ཞ་བའི་སྐབས་ཀྱང་ཆོས་རྗེ་ས་སྐྱ་པཎ་ཆེན་ཉིད་ཤངས་སྲེག་ཤིང་ན་བཞུགས་པའི་ཚེ་མགོ་བན་བདུད་རྩི་རྒྱལ་པོ་ཞེས་བྱ་བའི་སྔགས་པ་གཅིག་གིས་དཔེ་ཆ་སེར་ཧྲུལ་ཞིག་ཆོས་རྗེ་ཉིད་ལ་ཕུལ་བྱུང་བ་ལ་གཟིགས་པས་ཕུར་པ་རྩ་དུམ་གྱི་རྒྱ་དཔེ་གུ་རུ་རིན་པོ་ཆེའི་ཕྱག་དཔེ་དངོས་སུ་འདུག་པ་མཁྱེན་ནས་བསུ་བའི་བཀོད་པ་དང་བཅས་ཏེ་གདན་དྲངས་ཤིང་། དེ་ཉིད་དུ་བོད་སྐད་ལ་བསྒྱུར་བར་མཛད་པ་འདི་ནི་ཁུངས་བཙུན་ཞིང་བཀའ་ཡིན་ལ་ལྷད་མེད་པ་ཁོ་ན་སྟེ་ཡིད་ཆེས་ཀྱི་གནས་དམ་པར་གྱུར་པ་ཡིན་ལ། འདི་ཉིད་ཀྱི་ཉེ་བརྒྱུད་ཁྱད་པར་ཅན་ནི། གངས་ཅན་ཙམ་ན་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཀྱི་རྒྱལ་པོ། འཕགས་པའི་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་དང་གཉིས་སུ་མ་དམིགས་པ་བཀའ་བབས་བདུན་གྱི་གསང་མཛོད་ལ་དབང་ཐོབ་པར་འཇིགས་བྲལ་རྡོ་རྗེའི་སློབ་དཔོན་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ལ་ས་ཆེན་ཀུན་དགའ་སྙིང་པོའི་ཡེ་ཤེས་ཀྱི་སྐུས་ལན་གསུམ་དུ་རྗེས་སུ་བཟུང་ནས། ལན་གསུམ་པའི་སྐབས་རྩ་དུམ་འདི་ཉིད་ཀྱི་བཀའ་ལུང་གནང་སྟེ་འཆད་སྤེལ་གྱིས་ཤིག་པའི་རྡོ་རྗེའི་གསུང་གི་རྗེས་སུ་གནང་བ་ཐོབ་པ་བཞིན། ཁོ་བོ་ཅག་ལ་བཀའ་ལུང་ལྗགས་བཤད་བཅས་ལེགས་པར་སྩལ་ཏེ་འདི་ལ་འགྲེལ་བཤད་ཅིག་ཀྱང་ངེས་པར་གྱིས་ཞེས་བཀའི་གནང་བ་ཁྱད་པར་ཅན་ནོས་པ་ལགས་སོ། །གཉིས་པ་མཚན་ཉིད་རྣམ་པ་གསུམ་གྱིས་དོན་གྱི་ཤན་དབྱེ་བ་ལ་གསུམ། དཀྱིལ་འཁོར་གྱི་མཚན་ཉིད། སྔགས་ཀྱི་མཚན་ཉིད། རྫས་ཀྱི་མཚན་ཉིད་དོ། །དང་པོ་ལ་ལྔ་སྟེ། ཆོས་ཉིད་སྤྱིའི་དཀྱིལ་འཁོར། ཆོས་ཅན་རང་གི་དཀྱིལ་འཁོར། བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། སྦས་པ་གསང་བའི་དཀྱིལ་འཁོར། བྲི་བ་གཟུགས་བརྙན་གྱི་དཀྱིལ་འཁོར་རོ། །དང་པོ་ཆོས་ཉིད་སྤྱིའི་དཀྱིལ་འཁོར་ནི། ཆོས་ཀྱི་སྐུའི་དཀྱིལ་འཁོར་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ་དང་། ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་རྣམ་པར་སྣང་མཛད་ལ་འཁོར་ས་བཅུའི་བྱང་སེམས་ཀྱིས་བསྐོར་བ་དང་། སྤྲུལ་པའི་སྐུའི་དཀྱིལ་འཁོར་ཤཱཀྱ་ཐུབ་པ་ལ་འཁོར་རིགས་དྲུག་གིས་བསྐོར་བ་དང་གསུམ་མོ། །གཉིས་པ་ཆོས་ཅན་རང་གི་དཀྱིལ་འཁོར་ནི། ཆོས་དབྱིངས་སྟོང་པ་ཉིད་ལ་དཀྱིལ་དང་། རིག་པ་ཡེ་ཤེས་ལ་འཁོར་ཞེས་བརྗོད་པའི་དབྱིངས་སུ་ཟུང་འཇུག་རིག་པའི་ཕུར་བུ་བསྒྲུབ་པའོ། །གསུམ་པ་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། རང་གི་རིག་པ་ལྷར་གསལ་བ་དཀྱིལ་དང་། ཁྲོ་བོ་ཁྲོ་མོར་སྣང་བའི་ནི་འཁོར་ཡིན་ལ། དེར་ཐུགས་རྗེ་སྤྲུལ་པའི་ཕུར་པ་བསྒྲུབ་པའོ། །བཞི་པ་སྦས་པ་གསང་བའི་དཀྱིལ་འཁོར་ནི། ཡབ་ཡུམ་གྱི་རྡོ་རྗེ་པདྨ་དཀྱིལ། བདེ་ཆེན་དགའ་བཞི་འཁོར། དེར་བྱང་ཆུབ་སེམས་ཀྱི་ཕུར་པ་བསྒྲུབ་པའོ། །ལྔ་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་གཉིས། རིགས་བསྡུས་དང་། རིགས་བྱེ་བྲག་པའི་དཀྱིལ་འཁོར་རོ། །དང་པོ་ལ་ལྔ་སྟེ། བསྙེན་པའི། སྒྲུབ་པའི། གསད་པའི། དབང་གི། སྲུང་མའི་དཀྱིལ་འཁོར་རོ། །དང་པོ་བསྙེན་པའི་འཁོར་ལོ་རྩིབས་བརྒྱད་པའོ། །གཉིས་པ་ནི། རྒྱ་མདུད་ལྡེབ་པའི་འཁོར་ལོའོ། །གསུམ་པ་ནི། རྒྱུད་ལས། གྲུ་གསུམ་ཉི་ཤུ་རྩ་གཅིག་པ། །དྲག་པོ་གསད་པའི་དཀྱིལ་འཁོར་ཡིན། །ཞེས་པའོ། །བཞི་པ་ནི། རྒྱུད་ལས། རྩིབས་བརྒྱད་ཟླ་གམ་ལྟ་བུ་ནི། །དབང་གི་དཀྱིལ་འཁོར་ཡིན་པར་བཤད། །ཅེས་སོ། །ལྔ་པ་ནི། རྒྱུད་ལས། མེ་རླུང་འཚུབས་པ་འཇིགས་ཚུལ་ཅན། །ཞེས་གང་གསུངས་པའོ། །གཉིས་པ་རིགས་བྱེ་བྲག་པའི་དཀྱིལ་འཁོར་ལ་གསུམ། ཁྲོ་བོ་བཅུ་ལ་དཀྱིལ་འཁོར་བཅུ། མགོ་བརྙན་ཉི་ཤུ་ལ་དཀྱིལ་འཁོར་ཉི་ཤུ། ཕུར་སྲུང་བཅུ་གཉིས་ལ་དཀྱིལ་འཁོར་བཅུ་གཉིས། དེ་བཞིན་དུ་སིང་ཧ་བརྒྱད། ཀེའུ་རཱི་བརྒྱད། དབང་ཕྱུག་མ་ཉེར་བརྒྱད་རྣམས་ལ་ལྷ་གྲངས་དང་མཉམ་པའི་དཀྱིལ་འཁོར་གསང་རྒྱུད་ལས་གསུངས་ཤིང་། སྤྱིར་ནི་དཀྱིལ་འཁོར་ཐམས་ཅད་གཙོ་བོ་འཕོས་པ་ལས་འགྱུར་བ་ཡིན་ཏེ། རིགས་བསྡུས་ཀྱི་དཀྱིལ་འཁོར་ལ་ལྷ་ལྔ་བཅུ་རྩ་གཅིག་ཡོད་པས་དཀྱིལ་འཁོར་ལྔ་བཅུ་ང་གཅིག་ལ་ལྷ་ཉིས་སྟོང་ཕྱེད་དང་དྲུག་བརྒྱ་ང་གཅིག་ཡོད་པ་གཙོ་བོ་འཕྲོས་པས་དཀྱིལ་འཁོར་གྱི་གྲངས་ཀྱང་དེ་སྙེད་ཅིག་ཡོད་དོ། །དབང་བཞི། རབ་གནས་གསུམ། སྦྱིན་སྲེག་བཞི། ལས་བཞི། གྲུབ་ཆེན་བརྒྱད་ལ་སོགས་པའི་གང་ལ་བྱ་བའི་ལས་ཀྱི་གྲངས་དང་མཚུངས་པའི་དཀྱིལ་འཁོར་གྱི་དབྱེ་བའང་ཤེས་པར་བྱའོ། །གཞན་ཡང་ས་ཆོག །སྟ་གོན། ལས་རྒྱལ་མཆོག་བསམ་གྱིས་མི་ཁྱབ་པ་ཡོད་དོ། །གཉིས་པ་སྔགས་ཀྱི་མཚན་ཉིད་བསྟན་པ་ལ་གསུམ། མཚན་ཉིད་སྤྱིར་བསྟན་པ། རྣམ་དབྱེ་བྱེ་བྲག་ཏུ་བཤད་པ། བཟླ་བའི་ཐབས་བསྟན་པའོ། །དང་པོ་ལ་བཞི། ངོ་བོ། ངེས་ཚིག །དབྱེ་བ། བཏུ་བའོ། །དང་པོ་ནི། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པ་ཡིག་འབྲུའི་ཚུལ་དུ་ཤར་བའམ་གནས་པ་ཡི་གེ་ནུས་པ་མཐུ་ཅན་དུ་གྱུར་པ་ནི་སྔགས་ཀྱི་ངོ་བོའོ། །གཉིས་པ་ནི། བྱིན་རླབས་མངོན་དུ་མྱུར་བར་འབྱིན་པས་ན་སྔགས་སོ། །གསུམ་པ་ལ་གསུམ། གསང་སྔགས། རིག་སྔགས། གཟུངས་སྔགས་ཏེ། རིམ་པ་བཞིན་ལྷ་ཕོའི་སྔགས་དང་། མོའི་དང་། སྤེལ་མའི་སྔགས་ལ་བཤད་ཀྱང་། འདིར་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་གསུམ་ལ་ངོས་གཟུང་ངོ་ཞེས་གསུངས། བཞི་པ་ལ་གསུམ། སྔགས་དག་པའི་དོན་དུ་བཏུ་བ། བཏུས་པའི་སྔགས་ཀྱི་རྣམ་དབྱེ། ནུས་པ་མཐར་དབྱུང་བའི་ཕྱིར་བཟླ་ཐབས་སོ། །དེའང་སྔགས་བཏུ་བའི་གཞི་ཨཱ་ལི་ཀཱ་ལི། བཏུ་ཐབས་ཀཱ་ལི་ལས་ལུས་བཏུ། ཨཱ་ལི་ལས་ཡན་ལག་བཏུ་བ། ཚིགས་བཅད་ལས་བཏུ་བ། སྤེལ་བ་ལས་བཏུ་བ། རེའུ་མིག་ལས་བཏུ་བ། འཁོར་ལོ་ལས་བཏུ་བ། གྲངས་ལས་བཏུ་བ། དབྱིབས་ལས་བཏུ་བའོ། །གཉིས་པ་རྣམས་པར་དབྱེ་བ་ལ་བདུན་ཏེ། སྦྲུལ། མགོ་མེད། མཇུག་མེད། བཏུས་པ། སྐུའི། གསུང་གི། ཐུགས་ཀྱི་སྔགས་སོ། །གསུམ་པ་བཟླ་ཐབས་ནི་གསུམ་སྟེ། རྗེས་སུ་དྲན་པས་བཟླ་བ། རྣམ་པར་བཟླ་བ། རང་དབང་མེད་པར་དཀྲུགས་ཏེ་བཟླ་བའོ། །གཞན་ཡང་། བཟློག་ནས་བཟླས་ཏེ་བསད་པ། སོ་སོར་བཟླས་པ་གློད་མ། བསྡོམས་ནས་བཟླས་པ་དྲིལ་བའོ། །བཟླས་པའི་སྐབས་ཀྱང་སྔོན་དུ་དྲིལ་ལ་བཟླ། དེ་ནས་རྟགས་གང་ཉེ་བ་རེ་ལ་རྐང་ཐོན་དུ་བྱེད་པ་ཡིན་ཏེ། དེས་ན་དྲིལ་སྒྲུབ། རྐྱང་སྒྲུབ། རྟགས་དང་སྦྱར་བས་ཤུགས་ལ་སོང་བ་ཡིན་ནོ། །དེའང་བཟླས་པ་དངོས་ནི། སྡོང་པོ་ལྟ་བུའི་སྔགས་ཀྱི་སྦྱོར་བ། སྤུ་གྲི་ལྟ་བུའོ། །མདུང་ཐུང་ལྟ་བུའི། མེ་དཔུང་ལྟ་བུའི། རལ་གྲི་ལྟ་བུའི། སྦྲུལ་ལྟ་བུའི། ཉི་ཟེར་ལྟ་བུའི། ཆུ་བོ་ལྟ་བུའི་སྔགས་ཀྱི་སྦྱོར་བས་བཟླ་བ་སྟེ་བཟླ་ཐབས་བརྒྱད་དུའང་རྒྱུད་ལས་བཤད་ཅིང་། གང་བཟླ་ན། རྒྱབ་རི་དམག་མི་ལྟ་བུའི་ཡིག་འབྲུ་དྲུག །འཁུབ་མེད་ལྟག་མེད་ཡིག་འབྲུ་དྲུག །དབང་སྡུད་འགུགས་པའི་ཡིག་འབྲུ་དྲུག །རབ་ཏུ་འཆིང་བའི་ཡིག་འབྲུ་དྲུག །བརྡུང་ཞིང་རྡེག་པའི་ཡིག་འབྲུ་དྲུག །བཟློག་ཅིང་གཤེད་དབབ་ཡིག་འབྲུ་དྲུག །འཇོམས་ཤིང་འབྲེལ་བྱེད་ཡིག་འབྲུ་དྲུག །ཅེས་དྷཱ་ཏི་ལྟར་བསྒྲུབ་པ་དང་། རྒྱུད་ལས། ཡིག་འབྲུ་དྲུག་པོ་སྲུང་བ་ཡིན། །ཡིག་འབྲུ་དགུ་པོ་མནན་པ་ཡིན། །སྙིང་ཁྲག་འཕྲོག་པ་འབྲུ་དགུ་པ། །བསད་པའི་དྲག་སྔགས་འབྲུ་ལྔ་པ། །གཏུབ་པའི་ཡིག་འབྲུ་བཅུ་གཅིག་པ། །རླག་པར་བྱེད་པ་བཅུ་གཉིས་པ། །ཞེས་འདུས་པ་ལྟ་བུར་བསྒྲུབ་པ་དང་། སྤུ་གྲིའི་འཁོར་ལོས་བསད་པ་ལྟར་ལུས་སྲོག་ཐལ་བར་བསད་པ་དང་། སྔགས་རྐང་བརྒྱད་ཀྱི་བར་དུ་བསད་པ་དང་། སྔགས་རྐང་དྲུག་གིས་བསད་པ་དང་། སྔགས་རྐང་གསུམ་གྱིས་བསད་པ་དང་། དྲེགས་པ་རང་གིས་རང་བསད་པ་སྟེ་བསྡུ་ཡིག་ལྟར་བསྒྲུབས་པར་བཤད་དེ། འདི་དག་གི་དོན་ཞིབ་པར་རྒྱུད་དང་། འགྲེལ་ཊཱིཀ །རིག་འཛིན་བརྒྱུད་པའི་མན་ངག་གི་ཞལ་ལུང་ལས་རྟོགས་པར་བྱའོ། །འདིར་མཚན་ཙམ་སྨོས་པའོ། །གསུམ་པ་རྫས་ཀྱི་མཚན་ཉིད་ལ་བཞི། དང་པོ་རིག་པ་ཡེ་ཤེས་ཀྱི་ཕུར་པའི་རྫས་ནི། ནོར་བུ་ཆུ་དྭངས་ལྟ་བུ་རིག་པ་ཆོས་ཉིད་ཀྱི་གནས་ལུགས་དང་གློ་བུར་དྲི་མའི་རྟོག་པ་གཉིས་སོ་སོར་འབྱེད་པར་བྱེད་པ། གཉིས་པ་ཐུགས་རྗེ་སྤྲུལ་པའི་ཕུར་པའི་རྫས་ནི། མེ་ལོང་གཡའ་དག་པ་ལ་ཡི་དམ་གྱི་སྐུའི་སྣང་བ་འཆར་བ་དེས་རྐྱེན་བྱས་ནས་འཇའ་ཚོན་ལྟ་བུའི་ཉམས་སྐྱེས་ཏེ་སྣང་སྟོང་དབྱེར་མེད་དུ་རྟོགས་པའོ། །གསུམ་པ་གསང་བ་བྱང་ཆུབ་སེམས་ཀྱི་ཕུར་པའི་རྫས་ནི། ཕྱག་རྒྱ་མཚན་ལྡན་དགུག་པའི་རྫས། དབང་དུ་བསྡུ་བའི་རྫས། རྩ་བཙལ་བའི་རྫས། མི་མཐོང་བར་སྦ་བའི་རྫས་སོ། །བཞི་པ་འདུས་བྱས་རྫས་ཀྱི་ཕུར་པའི་རྫས་ལ་ལྔ་སྟེ། བསྙེན་པའི་རྫས་འཚོ་བའི་ཟས་ལ་སོགས་པ། སྒྲུབ་པའི་རྫས་ལྷ་ཕུར། སྒྲུབ་ཕུར། བྷནྡྷ་ལ་སོགས་པ། སྒྲུབ་པ་ཆེན་པོའི་རྫས་ཉ་བོ། ལིངྒ། ཐོད་ངན་ལ་སོགས་པ། དགྲ་བགེགས་བསད་པའི་རྫས་གབ་པའི་སྔགས་དྲུག་དང་། མནན་སྲེག་འཕང་བའི་རྫས་གསག་པ་དང་། གཞན་ཡང་ཤ་སྣ། སྙིང་སྣ། ཁྲག་སྣ་སོགས་སོ། །བཀྲ་ཤིས་པའི་རྫས་བུམ་པ་བཅའ་ཞིང་སྦ་བ་སོགས་ཏེ། འདི་དག་ཀྱང་ཞིབ་པར་རིག་འཛིན་བརྒྱུད་པའི་ཞལ་ལུང་མན་ངག་གི་ལག་ལེན་ཉིད་ལས་རྟོགས་པར་བྱ་དགོས་ཀྱི། འདིར་རྒྱས་པར་མ་སྤྲོས་སོ། །གསུམ་པ་ཕུར་བུའི་རྒྱུ་བཞིས་གང་ཟག་རྣམ་བཞི་མཐར་དབྱུང་བ་ལ། ཕུར་བུ་ངན་སྔགས་གཙུག་ལག་གི་རྒྱུད་ལས། ཕུར་པ་རྣམ་བཞིའི་དགོངས་པ་ཡིས། །གང་ཟག་རྣམ་བཞི་མཐར་དབྱུང་ངོ་། །རིག་པ་ཡེ་ཤེས་ཕུར་བུ་ནི། །ཆོས་ཀྱི་དབྱིངས་ཀྱི་ཀློང་དུ་གདབ། །ཐུགས་རྗེ་སྤྲུལ་པའི་ཕུར་བུ་ནི། ཁམས་གསུམ་སེམས་ཅན་ལ་གདབ་བོ། །གསང་བ་བྱང་སེམས་ཕུར་བུ་ནི། །ཡུམ་གྱི་མཁའ་ཀློང་ཡངས་པར་གདབ། །མཚན་མ་རྫས་ཀྱི་ཕུར་པ་ནི། །དགྲ་དང་བགེགས་ལ་གདབ་པའོ། །ཞེས་གསུངས་པ་ལྟར། གདབ་བྱའི་ཡུལ་བཞི་ལ་འདེབས་བྱེད་ཀྱི་ཕུར་པ་བཞི་ཚད་དང་ལྡན་པར་བཏབ་ནས་ཐེབས་པའི་དོན་འབྲས་བཞི་མཐར་ཕྱིན་པའི་ལམ་ནས་དཔལ་ཆེན་བཛྲ་ཀུ་མཱ་རའི་དབྱིངས་དང་ཡེ་ཤེས་མངོན་དུ་གྱུར་པ་ནི་འདིར་བཤད་བྱ་བླ་ན་མེད་པའི་སྲོག་གནད་ཟབ་མོ་སྟེ། དེ་ཉིད་རྒྱུད་དང་། འགྲེལ་ཊཱིཀ །རིག་འཛིན་བརྒྱུད་པ་མཁས་གྲུབ་རྣམས་ཀྱི་དགོངས་པའི་སྙིང་པོ་མདོ་ཙམ་བསྡུས་ཏེ་བཤད་པ་ལ་བཞི། ནམ་མཁའ་ལྟ་བུའི་གང་ཟག་གིས་རིག་པ་ཡེ་ཤེས་ཀྱི་ཕུར་པ་ཡུལ་ཆོས་ཀྱི་དབྱིངས་སུ་གདབ་པ་དང་། རི་བོ་ལྟ་བུའི་གང་ཟག་གིས་ཐུགས་རྗེ་སྤྲུལ་པའི་ཕུར་པའང་ཚད་མེད་སྙིང་རྗེའི་ཕུར་པ་ཡུལ་ཁམས་གསུམ་གྱི་སེམས་ཅན་ལ་གདབ་པ་དང་། བྱ་ཀ་ལནྟ་ཀ་ལྟ་བུའི་གང་ཟག་གིས་གསང་བ་བྱང་ཆུབ་སེམས་ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་གདབ་པ་དང་། ཙནྡན་ལྟ་བུའི་གང་ཟག་གིས་མཚན་མ་རྫས་ཀྱི་ཕུར་པ་དགྲ་བགེགས་གཉིས་ལ་གདབ་པའོ། །དེ་རེ་རེ་ལའང་རྟེན་གྱི་གང་ཟག །ཕུར་པ་རང་གི་ངོ་བོ། ཡུལ་གང་ལ་གདབ་པ། གདབ་པའི་ཐབས། དཔེ་ཇི་ལྟར་གདབ་པ། ཐེབས་པའི་ཚད། མ་ཐེབས་པའི་སྐྱོན། བཏབ་པའི་དགོས་པ། ཕུར་པ་ལ་བརྒལ་བ། ཉམས་སུ་བླང་ཐབས་དང་དོན་བཅུ་བཅུའི་སྒོ་ནས་རྒྱས་པར་འཆད་པའི་ཚུལ་ནི་གཞུང་གཞན་དུ་གསལ་ལ་རྒྱས་པ་འབྱུང་ཞིང་། འདིར་དོན་གྱི་མདོ་འགག་དྲིལ་ཏེ་ཅུང་ཟད་བསྟན་ན། ཕུར་པའི་མཚན་ཉིད་རྣམ་པ་བཞིས་དོན་གྱི་ཤན་དབྱེ་བ་དང་། ཕུར་པ་སྒྲུབ་པའི་གང་ཟག་དེའི་སྣོད་ཀྱི་རིམ་པ་དང་སྦྱར་ནས་མཐར་དབྱུང་ཚུལ་ཏེ་གཉིས་ལས། དང་པོ་ནི། ཆོས་དབྱིངས་སྤྲོས་པ་མེད་པ་དང་རིག་པ་རང་གསལ་གྱི་ཡེ་ཤེས་གཉིས་སུ་མེད་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་རང་ཤར་ཕྱོགས་རིས་མེད་པ་ནི་རིག་པ་ཡེ་ཤེས་ཀྱི་ཕུར་པའི་ངོ་བོ་སྟེ། དེས་ཆོས་ཐམས་ཅད་ལ་རྒྱས་བཏབ་པས་འཁྲུལ་སྣང་ཐལ་འབྱིན་དུ་ཕུག་སྟེ་གཉིས་མེད་ཡེ་ཤེས་ཆེན་པོ་ཆོས་ཀྱི་སྐུ་ཐོབ་པ་ཡིན་ནོ། །བྱང་ཆུབ་སེམས་ཀྱི་ཕུར་པ་ནི། ཡབ་ཡུམ་མཉམ་པར་སྦྱོར་བའི་སྟོབས་ཀྱིས་ཞུ་བདེ་དྲངས་བའི་བདེ་བ་ཆེན་པོ་ལྷན་སྐྱེས་ཀྱི་ཡེ་ཤེས་ནི་དེའི་ངོ་བོ་ཡིན་ལ། དེས་རྩ་རླུང་ཐིག་ལེའི་གྲོང་ཁྱེར་ལ་རྒྱས་བཏབ་པས་མ་དག་པའི་རླུང་སེམས་དབྱིངས་སུ་ནུབ་ནས་དག་པའི་ཡེ་ཤེས་མངོན་དུ་འཆར་བར་བྱེད་ཅིང་ལྷ་དང་ལྷ་མོའི་དཀྱིལ་འཁོར་གྱི་དབང་ཕྱུག་ལོངས་སྐུ་འཐོབ་པར་བྱེད་དོ། །ཚད་མེད་སྙིང་རྗེའི་ཕུར་པ་ནི། སྙིང་རྗེ་ཆེན་པོས་སེམས་ཅན་ཡོངས་སུ་མི་གཏོང་བ་ཡིན་ལ། དེས་ཡུལ་རིགས་དྲུག་གི་སེམས་ཅན་རྣམས་ལ་བཏབ་པས་ཐུགས་རྗེའི་དཔྱང་ཐག་གིས་ཟིན་ནས་འཁོར་བའི་གནས་ལས་སྒྲོལ་ཞིང་སྤྲུལ་པའི་སྐུ་འཐོབ་པར་བྱེད་དོ། །འདུས་བྱས་རྫས་ཀྱི་ཕུར་པ་ལ། མཚན་མ་རྟགས་ཀྱི་ཕྱག་རྒྱ་རྟེན་དང་བཅས་པ་སྟེ། འདིའི་ཁོངས་སུ་བསྐྱེད་རིམ་ཀྱང་འདུ་བ་ཡིན་ལ། ཞིབ་པར་རྩ་དུམ་དངོས་འཆད་པའི་སྐབས་སུ་འོང་བས་འདིར་མདོ་ཙམ་བཤད་ན། སྐུ་ཕྱག་རྒྱའི་ཕུར་པ། ཕྲིན་ལས་བཞིའི་ཕུར་པ། སྲས་མཆོག་གི་ཕུར་པ་དང་གསུམ་དུ་ཡོད་ཅིང་། དང་པོ་ལ་རང་བཞིན་གྱི་ཕུར་པ། ཏིང་ངེ་འཛིན་གྱི་ཕུར་པ་གཉིས་སུ་དབྱེར་ཡོད་པ་དང་། ལས་བཞིའི་ཕུར་པ་ནི་ཕྲིན་ལས་རྣམ་པ་བཞིའི་ཕུར་བུ་ཚད་ལྡན་འདུ་བྱ་བ་དང་། སྲས་མཆོག་གི་ཕུར་པ་བཞིའམ་བསྡུ་ན་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པས་གདབ་པའི་ལས་བྱ་བ་སྟེ། འདི་དག་ཀྱང་འོག་ཏུ་རིམ་པར་འབྱུང་ངོ་། །གཉིས་པ་གང་ཟག་སྣོད་ཀྱི་རིམ་པར་སྦྱར་ནས་ཉམས་ལེན་མཐར་དབྱུང་བ་ལ། རིག་པ་ཡེ་ཤེས་ཀྱི་ཕུར་པ་ནི་ནམ་མཁའ་ལྟ་བུའི་གང་ཟག་གིས་མཐར་དབྱུང་བར་བྱེད་དོ། །གང་ཞེ་ན། བློ་ཡངས་ཤིང་ཤེས་རབ་ཆེ་ལ་དབང་པོ་རྣོ་བའི་གང་ཟག་གང་ཞིག་མཉམ་པའི་བརྟུལ་ཞུགས་དང་ལྡན་པ་དེ་ལ་རིག་པ་རྩལ་གྱི་དབང་བསྐུར་ཏེ་རང་རིག་ཡེ་ཤེས་ཀྱི་ཕུར་པའི་ངོ་བོ་བསྟན་པས་ལྷང་གིས་རྟོགས་ན་ཕུར་པ་ཐེབས་ཏེ་མཐར་ཕྱིན་པར་ནུས་སོ། །བྱང་ཆུབ་སེམས་ཀྱི་ཕུར་པས་བྱ་ཀ་ལནྟ་ཀ་ལྟ་བུའི་གང་ཟག་མཐར་དབྱུང་སྟེ། འདོད་ཆགས་ཆེ་ཞིང་བརྩོན་འགྲུས་དང་ལྡན་པའི་གང་ཟག་བྱ་ཀ་ལནྟ་ཀ་ལྟ་བུ་ལ་ཡུམ་བཀྲ་ཤིས་མཚན་དང་ལྡན་པ་གཏད་ལ་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཏེ་ལྷག་པའི་བྱང་ཆུབ་སེམས་ཀྱི་ཕུར་པ་གཉིས་སུ་མེད་པའི་བདེ་ཆེན་གྱི་དོན་བསྟན་པས་ལྷང་གིས་རྟོགས་ན་ཕུར་པ་ཐེབས་ཏེ་མཐར་ཕྱིན་པར་འགྱུར་རོ། །ཚད་མེད་སྙིང་རྗེའི་ཕུར་པས་རི་བོ་ལྟ་བུའི་གང་ཟག་མཐར་དབྱུང་སྟེ། གང་ཟག་དད་པ་དང་སྙིང་རྗེ་བརྟན་པོས་གཞན་དོན་དང་སྤྲོས་པ་ལ་དགའ་བ་དེ་ལ་རང་གཞན་གྱི་དོན་དུ་ཚད་མེད་བཞིས་བློ་སྦྱངས་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ལ་སྔགས་ཀྱི་དབང་བསྐུར་ནས། ཚད་མེད་བཞིའི་དམ་བཅའ་གཟུང་ཞིང་ལས་ཀྱི་མན་ངག་བསྟན་པས་ལྷང་གིས་རྟོགས་པ་དང་ཕུར་པ་ཐེབས་ནས་མཐར་ཕྱིན་པར་འགྱུར་རོ། །མཚན་མ་རྫས་ཀྱི་ཕུར་པ་དང་བརྟེན་ནས་ཙནྡན་ལྟ་བུའི་གང་ཟག་མཐར་དབྱུང་བ་སྟེ། གང་ཟག་གང་ཞིག་ཞེ་སྡང་བས་གདུག་པ་དང་གནག་པ་ཆེ་ལ་བསྟན་པ་སྲུང་བར་བློ་ཕྱོགས་པ་དེ་ལ་དབང་བསྐུར་ནས་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པའི་སྔགས་བསྟན་པས་སྣང་སྲིད་ཕུར་བུའི་དཀྱིལ་འཁོར་དུ་ལྷང་གིས་རྟོགས་ནས་ཕུར་པ་ཐེབས་ཏེ་མཐར་ཕྱིན་པར་བྱེད་དོ། །འདི་རྣམས་ལ་གང་ཟག་གིས་ཕུར་པའི་དོན་དེ་མཐར་དབྱུང་བ་དང་། ཕུར་པ་དེས་གང་ཟག་དེ་མཐར་དབྱུང་བ་གཉིས་དོན་ལ་འདྲ་ཞིང་། སྦྱར་ལུགས་ཇི་ལྟར་བྱས་ཀྱང་རུང་བར་བཤད་དོ། །དེ་དག་གི་དོན་ཡང་། རྩ་རྒྱུད་ལས། རིག་པ་ཡེ་ཤེས་ཕུར་པ་དེ། །གཟུང་འཛིན་མེད་པ་ངང་དུ་གདབ། །ལྷང་གིས་རྟོགས་ན་ཐེབས་པའི་ཚད། །འབྲས་བུ་ཆོས་སྐུ་སྐྱེ་མེད་འཐོབ། །མ་ཐེབས་མ་བཏབ་འཁོར་བར་འཁྱམས། །ཚད་མེད་སྙིང་རྗེའི་ཕུར་པ་དེ། །འགྲོ་བ་བྱམས་དང་སྙིང་རྗེས་གདབ། །བདག་གཞན་གཉིས་མེད་རྟོགས་ན་ཐེབས། །འབྲས་བུ་ལོངས་སྤྱོད་རྫོགས་སྐུ་འཐོབ། །མ་ཐེབས་རུ་དྲ་སྲིན་པོར་གོལ། །ལྷག་པ་བྱང་སེམས་ཕུར་པ་དེ། །ཡུམ་གྱི་མཁའ་ཀློང་ཡངས་པར་གདབ། །བདེ་བ་དངོས་མེད་ཐེབས་པའི་ཚད། །འབྲས་བུ་སྐུ་གསུང་དབྱེར་མེད་འཐོབ། །མ་ཐེབས་འཁོར་བའི་འགྲམ་རྡོ་བྱེད། །མཚན་མ་རྫས་ཀྱི་ཕུར་པ་དེ། །ཞི་རྒྱས་དབང་དྲག་ཕུར་པ་ཡིན། །ཞེས་གསུངས་ཤིང་། མཚན་མ་རྫས་ཀྱི་ཕུར་པ་ལའང་། རྒྱུ། ཚད། ངེས་ཚིག །དབྱེ་བ། རྣམ་དག །ལས་འབྲས་ཀྱི་སྒོ་ནས་ཞིབ་པར་བཤད་ཀྱང་རྒྱུད་འགྲེལ་མན་ངག་གཞན་དུ་གསལ་ལ། འོག་ཏུའང་ཅི་རིགས་པ་འབྱུང་ངོ་། །གཞན་ཡང་འདི་ལས་འཕྲོས་པའི་རྒྱལ་ཐབས་སྤྱི་བླུགས་ཀྱི་ཕུར་པ། བསྙེན་ཕུར། བཀོད་པ་རྫས་ཀྱི་ཕུར་པ། ཕྲིན་ལས་མི་ཟད་པའི་ཕུར་པ་ནང་གསེས་དང་བཅས་པ་བཤད་པས་ཞིབ་པར་འགྲེལ་ཆེན་འབུམ་ནག་སོགས་སུ་བལྟའོ། །གོང་དུ་བསྟན་པའི་ཕུར་པ་བཞི་པོའང་སྒྲུབ་རྫས་བཞིས་སོ་སོའི་གཞུང་ཚུགས་དགོས་པ་ཡིན་པས། རིག་པ་ཡེ་ཤེས་ཀྱི་ཕུར་པ་ལྷ་ཕུར་དང་ཤེལ་ལམ་མེ་ལོང་ལ་རྟེན་བྱ་བ་དང་། བྱང་སེམས་ཀྱི་ཕུར་པ་ཐོད་པ་དང་རྡོ་རྗེ་པདྨའི་འདུ་འཕྲོད་ལ་བརྟེན་པ་དང་། སྙིང་རྗེའི་ཕུར་པ་ལས་ཕུར་དང་ལྷ་སྔགས་ཏིང་འཛིན་དང་ཡུལ་སེམས་ཅན་ལ་བརྟེན་པ་དང་། རྫས་ཀྱི་ཕུར་པ་ནི་བསྙེན་དུས་ཕུར་པ་དང་ཉུངས་ཀར། སྒྲུབ་པའི་དུས་འཁོར་ལོ་དང་ལིངྒ། ལས་རྫོགས་པའི་དུས་མནན་སྲེག་འཕང་གསུམ་ལ་བརྟེན་ཏེ་སྒྲུབ་པའི་ཚུལ་བཤད་པ་རྣམས་ཀྱང་འོག་ཏུ་སྒྲུབ་ལུགས་ཆེན་པོ་གསུམ་གྱིས་རྒྱུད་དངོས་འཆད་པའི་སྐབས་སུ་དངོས་ཤུགས་ཀྱི་ཚུལ་དུ་བསྟན་པར་ཤེས་པར་བྱའོ། །དེ་རྣམས་ཀྱིས་རྒྱུད་ཀྱི་སྤྱི་དོན་ཁོག་དབུབ་ཀྱི་རིམ་པ་ལེགས་པར་གྲུབ། ༈ །ད་ནི་རྒྱུད་དངོས་འཆད་པ་ལ་གཉིས། རྒྱུད་ཀྱི་མཚན་བསྟན་པ། རྒྱུད་དོན་དངོས་བཤད་པའོ། །དང་པོ་ལ་གཉིས། མཚན་སྨོས་པ་དང་། འགྱུར་གྱི་ཕྱག་གོ། །དང་པོ་ལའང་གཉིས། མཚན་དངོས་བསྟན་པ་དང་། དེའི་དོན་བཤད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་མཱུ་ལ་ཏནྟྲ་ཁཎྜ། བོད་སྐད་དུ། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ། ཞེས་པའོ། །གཉིས་པ་ནི། ཡུལ་རྒྱ་ཆེ་ཞིང་ཆས་གོས་དཀར་ནག་ལ་གཙོར་བཏོན་པའི་དབང་གིས་རྒྱ་དཀར་ནག་གཉིས་སུ་གྲགས་པ་ལས་རྫོགས་པའི་སངས་རྒྱས་དངོས་སུ་བྱོན་པའི་ཡུལ་རྒྱ་གར་དུ་ཕྱོགས་བཞིའི་ཡུལ་གྲུ་རྣམས་སུ་སྐད་རིགས་མི་གཅིག་པ་ཤིན་ཏུ་མང་ཡང་། གཙོ་བོར་སྐད་རིགས་ཆེན་པོ་བཞིར་གྲགས་པ་ལས་སངས་རྒྱས་ཀྱི་གསུང་རབ་རྣམས་སཾསྐྲྀ་ཏ་སྟེ་ལེགས་པར་སྦྱར་བ་ལྷའི་སྐད་དུ་གནས་པ་ལས། བཛྲ་ནི་རྡོ་རྗེ་སྟེ། ཅིས་ཀྱང་མི་ཤིགས་པའི་དོན་ཡིན་ལ། འདུས་བྱས་རྫས་ཀྱི་རྡོ་རྗེ་ལ་མི་ཤིགས་པའི་ཆོས་བདུན་ཡོད་པ་བཞིན་དུ་དབྱིངས་སྤྲོས་བྲལ་སྟོང་པ་ཉིད་ལ་གཟུང་འཛིན་འཁྲུསལ་སྣང་གི་ཆོས་གང་གིས་ཀྱང་མི་ཤིགས་པ་དང་མི་ཕྱེད་པ་ལ་སོགས་པའི་ཆོས་དང་ལྡན་པའི་དོན་ཏོ། །ཀཱི་ལ་ཡའི་སྒྲ་ནི་འདེབས་པར་བྱེད་པ་སྟེ། གང་ལ་གདབ་པའི་ཡུལ། གང་གིས་འདེབས་བྱེད། ཇི་ལྟར་གདབ་པ། བཏབ་པའི་འབྲས་བུ་རྣམས་ཐལ་འབྱིན་གྱི་དགོངས་པ་བཞིན་བསྟན་པའི་དོན་ལྟར་རོ། །ཡང་ན་རྡོ་རྗེ་ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། རྡོ་རྗེ་གཉིས་སུ་མེད་པ་སྟེ། །མི་འགྱུར་ཆོས་ཀྱི་སྐུ་རུ་བཤད། །ཕུར་པ་ཡེ་ཤེས་གཉིས་མེད་དོན། །དབྱིངས་དང་ཡེ་ཤེས་འབྲེལ་བར་བཤད། །ཅེས་འབྱུང་བས། རྡོ་རྗེ་ནི་གཉིས་སུ་མི་ཕྱེད་ཅིང་འགྱུར་བ་མི་མངའ་བས་སྤྲོས་པ་དང་བྲལ་བས་དབྱིངས་ཆོས་ཀྱི་སྐུ་དང་། ཕུར་པ་ནི་དབྱིངས་ལས་གཉིས་སུ་མེད་ཀྱང་གསལ་སྣང་ཡེ་ཤེས་ཀྱི་རོལ་རྩལ་གང་འདུལ་དེར་སྣང་ཅིར་ཡང་འཆར་བ་གཟུགས་ཀྱི་སྐུ་གཉིས་ཀྱིས་འགྲོ་བའི་དོན་མཛད་པར་བསྟན་པའི་ཚུལ་ལས་བརྩམས་ཏེ་སྤྲོས་ནའང་ཆོག་གོ། །ཏནྟྲ་ནི་རྒྱུད་དེ། དོན་གྱི་རྒྱུད་དཔལ་ཆེན་པོ་ནས་ཚིག་དོན་བར་མ་ཆད་པར་བྱུང་བ་དང་། ད་ལྟ་ལམ་ཉམས་སུ་བླངས་པས་འབྲས་བུ་དཔལ་ཧེ་རུ་ཀའི་གོ་འཕང་ལ་སྦྱོར་བས་གཞི་ལམ་འབྲས་གསུམ་རྒྱུན་མ་ཆད་པའོ། །ཚིག་གི་རྒྱུད་ཀྱང་པི་ཝང་གི་རྒྱུད་ཐག་ལྟར་གཅིག་ནས་གཅིག་ཏུ་བར་མ་ཆད་པའི་དོན་དེ། རྒྱུད་ཀྱི་རྣམ་གྲངས་ནི་གོང་དུ་སྨོས་པ་དང་། བསྐྱེད་རིམ་གཙོ་བོར་སྟོན་པ་ཕུར་པ་གསང་རྒྱུད་རྫོགས་རིམ་གཙོ་བོར་སྟོན་པ་ཕུར་པ་མྱང་འདས་ཀྱི་རྒྱུད། གབ་པའི་སྔགས་དྲུག་གཙོ་བོར་སྟོན་པ་འཁོར་ལོ་ནག་པོའི་རྒྱུད། ལས་སྦྱོར་གཙོ་བོར་སྟོན་པ་ཕུར་པ་ངན་སྔགས་གཙུག་ལག་གི་རྒྱུད་རྣམས་ཀྱིས་ཐོག་དྲངས་རྒྱུད་སྡེ་མང་པོ་ད་ལྟའི་བར་དུ་བྱུང་བ་ཡིན་ནོ། །མཱུ་ལ་ཁཎྜ་ནི་རྩ་བའི་དུམ་བུའི་དོན་ཏེ། རྩ་རྒྱུད་དེ་དག་ལས་གཙོ་བོར་མཚན་མ་རྫས་ཀྱི་ཕུར་བུའི་ཕྲིན་ལས་ཀྱི་དུམ་བུ་ཁོལ་དུ་ཕྱུང་བ་ཡིན་མོད་ཀྱང་། ཕུར་བུ་གཞན་གསུམ་གྱི་དོན་ཡང་རྡོ་རྗེའི་ཚིག་གི་ཤུགས་ལས་བསྟན་པ་ཡིན་ནོ། །གཉིས་པ་འགྱུར་ཕྱག་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་སྒྱུར་བྱེད་མཁན་པོས་བཞེད་དོན་འགྲུབ་པའི་སླད་དུ་ལྷག་པའི་ལྷ་ལ་ཕྱག་འཚལ་བ་སྟེ། དེའང་རང་སེམས་གཞིའི་རྡོ་རྗེ་གཞོན་ནུ། བགྲོད་པ་ལམ་གྱི་རྡོ་རྗེ་གཞོན་ནུ། །རྟོགས་པ་འབྲས་བུའི་རྡོ་རྗེ་གཞོན་ནུ་སྟེ་གཞི་ལམ་འབྲས་གསུམ་ལ་ཁྱབ་པའི་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཞེས་སྣང་སྟོང་། བདེ་སྟོང་། རིག་སྟོང་གི་ངོ་བོ་གཞི་དབྱིངས་སྟོང་པའི་ངང་ལས་རིག་པ་ཟུང་འཇུག་གི་རྡོ་རྗེ་མཐར་འབྲས་ལྷུན་གྲུབ་ཀྱི་སྐུ་གང་ཞིག་རྡོ་རྗེའི་སྒྲས་བསྟན་ཅིང་། དེ་ཉིད་སྐྱེ་འགག་གནས་གསུམ་སོགས་འདུས་བྱས་ཀུན་རྫོབ་ཀྱི་མཚན་མའི་རྟོག་པ་ཐམས་ཅད་ལས་གྲོལ་བའི་ཕྱིར་སྐྱེ་འཆིའི་སྤྲོས་པས་མ་གོས་པར་སྲིད་པ་ཇི་སྲིད་བར་འགྲོ་བའི་དོན་དུ་ཉེ་བར་བཞེངས་པས་གཞོན་ནུ་སྟེ། དེ་ཉིད་བཅོམ་ལྡན་འདས་ཀྱང་ཡིན་ལ་རྡོ་རྗེ་གཞོན་ནུའང་ཡིན་པས། དེ་ལྟ་བུའི་དཔལ་ཆེན་པོ་ལྷག་པའི་ལྷ་ལ་རྒྱུད་ཀྱི་དུམ་བུ་འདི་སྒྱུར་བའི་ཐོག་མར་ཕྱག་འཚལ་ལོ། །ཞེས་པའོ། །གཉིས་པ་གཞུང་དངོས་བཤད་པ་ལ་དུམ་བུ་གཉིས་ཏེ། སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དགྲ་བགེགས་བསྒྲལ་བའི་རིམ་པའོ། །དང་པོ་ནི། རྡོ་རྗེ་ཁྲོ་བོས་ཞེ་སྡང་གཅོད། །ཅེས་པ་ནས། ཕུར་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་པའི་བར་གྱིས་བསྟན། གཉིས་པ་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པ་ནས། ཕཊ་ཕཊ་ཕཊ། འདི་བརྗོད་པར་བྱའོ། །ཞེས་པའི་བར་གྱིས་བསྟན། དང་པོ་ནི། རྒྱུད་ཀྱི་ཐེམས་སྦྱོར་བཅུ་ལས་བཞི་པ། ལྔ་པ། དྲུག་པ། བདུན་པ་རྣམས་ཀྱིས་བསྟན་པའི་དོན་ཕྲིན་ལས་དང་སྦྱར་ན་རྒྱུད་ཀྱི་ཁོག་དབུབ་ཆེན་མོའི་ས་བཅད་གསུམ་པ་རྒྱུད་ཀྱི་ཁོག་དོན་ནམ་ཆིངས་དྲུག་དང་སྦྱར་དགོས་ཀྱང་། རྒྱུད་ཀྱི་དུམ་བུ་འདི་ལ་ཕལ་ཆེར་ཤུགས་བསྟན་ཙམ་ལས་དངོས་ཀྱི་ཚིག་རིས་མ་བྱུང་བས། འདིར་མེད་དུ་མི་རུང་བའི་ས་བཅད་མདོར་བསྡུས་ན་བཞི་སྟེ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པ་ལས་ཀྱི་གཞི་གཟུང་། དཀྱིལ་འཁོར་རྣམ་པ་གསུམ་སྔོན་དུ་འགྲོ་བ་དང་བཅས་ཏེ་དོན་གྱི་ཁོག་དབུབ། ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་ཏེ་སྲོག་གི་ཡེ་ཤེས་སེམས་དཔས་སྲོག་ལ་དབང་བསྐུར། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་ཅིང་བསྙེན་པས་དངོས་གྲུབ་ཀྱི་བཅུད་བླང་བའོ། །དང་པོ་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་གཟུང་བ་ནི། ཀཱི་ལ་ཡ་མེ་ལྕེ་གསང་བའི་རྒྱུད་ལས། གནས་དང་བདག་ཉིད་འཁོར་རྫས་དུས། །ཕུན་སུམ་ཚོགས་པ་སྔར་ལྡན་ན། །ལས་རྣམས་གང་འདོད་འགྲུབ་པར་འགྱུར། །ཞེས་གསུངས་པས། བདག་ཉིད། གནས། འཁོར། རྫས། དུས་ཕུན་སུམ་ཚོགས་པའོ། །དང་པོ་སྒྲུབ་པ་པོ་བདག་ཉིད་ཀྱང་། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། བློ་སྦྱངས་རྒྱུད་གོམས་ཏིང་འཛིན་གསལ། །ཐེག་དགུ་སྡེ་སྣོད་དོན་ལ་མཁས། །དད་ལྡན་ཐུགས་བརྩེ་བག་ཚ་མེད། །རིག་འཛིན་བླ་མར་དེ་བཤད་དོ། །ཞེས་པ་ལྟར་རབ་ཡོན་ཏན་བརྒྱད་ལྡན། འབྲིང་སུམ་གཉིས་ལྡན་པ། ཐ་མ་སུམ་ཆ་ཚང་བ་དགོས་ཤིང་། ཡང་ན་ཡོན་ཏན་གཉིས་ཏེ། རབ་རྒྱུད་སྡེ་དང་སྡེ་སྣོད་མཐའ་དག་ཤེས་པ། འབྲིང་ཏནྟྲ་སྡེ་བཅོ་བརྒྱད་ཤེས་པ། ཐ་མ་རང་རང་གི་སྐོར་ལེགས་པར་ཤེས་པ་སྟེ་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་། རྒྱུད་བཟང་བ། ངང་རིང་བ། དད་པ་ཆེ་བ། སྙིང་རྗེ་ཆེ་བ། སྒྲུབ་པ་ལ་མོས་པ་སྟེ་རང་བཞིན་གྱི་ཡོན་ཏན་དང་ལྡན་པ་དང་གཉིས་སམ། ཡང་ན། ཕུར་པ་མྱང་འདས་ཀྱི་རྒྱུད་ལས། ཕུན་སུམ་ཚོགས་པའི་སློབ་དཔོན་གྱིས། བྱམས་དང་སྙིང་རྗེ་སྔོན་བཏང་ལ། །སྲིད་པའི་ཕུར་བུ་བསྒྲུབ་པར་བྱའོ། །ཞེས་པའི་མཚན་ཉིད་དང་ལྡན་པ་ནི་སྒྲུབ་བྱེད་བདག་ཉིད་ཕུན་སུམ་ཚོགས་པའོ། །གཉིས་པ་གནས་ནི། བྱིན་ཆེ་བའི་གནས་དང་། གྲུབ་པ་ཐོབ་པ་བཀྲ་ཤིས་པའི་གནས་དང་། གཞུང་དང་མཐུན་པ་སྒྲུབ་ཐག་ཉེ་བའི་གནས་དང་། ཡིད་དང་མཐུན་པ་ཉམས་དགའ་བའི་གནས་རྣམས་ཏེ། མྱང་འདས་ཀྱི་རྒྱུད་ལས། གནས་ཀྱི་དམ་པ་བསྟན་པ་ལ། །གཞུང་ལྡན་བཀྲ་ཤིས་བྱིན་ཅན་དང་། །ཉམས་དགའ་བ་ཡི་གནས་དང་བཞི། ཞེས་པས་བསྟན་པའི་གནས་ལ་སྤྱི་དང་བྱེ་བྲག་གི་མཚན་ཉིད་གཞུང་འགྲེལ་མན་ངག་གི་ཡི་གེ་དག་ལས་རྒྱས་པར་འབྱུང་ཞིང་། མདོར་ན་ཤན་པའམ་སྡིག་ཅན་གྱི་ཁྱིམ། སྐྱེ་བོ་ཐ་མལ་པའི་ཁྱིམ། སྒོ་ཁང་ངམ་སྲང་ཁ་ལྟ་བུ་མ་ཡིན་པའི་སངས་རྒྱས་ཀྱིས་ཞབས་ཀྱིས་བཅགས་པ། གྲུབ་ཐོབ་རིག་འཛིན་རྣམས་ཀྱིས་བྱིན་གྱིས་བརླབས་པ། གཞུང་ནས་བཤད་པའི་སྤྱི་བྱེ་བྲག་གི་མཚན་ཉིད་ཚང་བ་ཡིད་དང་མཐུན་ལ་ཉམས་དགའ་བའི་གནས་གང་ཡིན་པ་དེར་བསྒྲུབ་ན་དངོས་གྲུབ་རྣམས་པ་གཉིས་མྱུར་དུ་འཐོབ་པ་རྟེན་ཅིང་འབྲེལ་འབྱུང་གི་ཁྱད་པར་ལས་གྲུབ་པ་ནི་གནས་ཕུན་སུམ་ཚོགས་པའོ། །གསུམ་པ་འཁོར་ནི། རྩ་རྒྱུད་ལས། དད་ལྡན་དམ་ཆེ་གུས་ལ་བརྩོན། །ཤེས་རབ་གསུམ་ལ་བློ་སྦྱངས་ཤིང་། །རྩ་བའི་སྔགས་ཟློས་གཙང་དམེ་ཆུང་། །དཀྱིལ་འཁོར་འབྲི་མཁས་འཁོར་གྱི་རྒྱུ། །ཞེས་པའི་ཡོན་ཏན་ཀུན་ཚང་བ་རབ། སུམ་གཉིས་ཚང་བ་འབྲིང་། སུམ་ཆ་ཚང་བ་ཐ་མ་སྟེ་གང་རུང་དང་། བཀའ་བློ་བདེ་བ། གྱོང་ཁེངས་མེད་པ། བརྟུལ་ཞུགས་ཆེ་བ་དང་། སྒྲུབ་པ་པོ་ལ་དད་པ་རྣམས་སྤྱིར་འཁོར་རམ་གྲོགས་ཀྱི་མཚན་ཉིད་དང་། བྱེ་བྲག་ཕྱི་ནང་བརྡ་སྦྱོར་། རྡུལ་ཕྱགས་སྐྱེས་བུ་སོགས་སོ་སོའི་མཚན་ཉིད་དང་བཅས་ཏེ་གསུངས་པ་རྣམས་ནི་འཁོར་ཕུན་ཚོགས་སོ། །བཞི་པ་དུས་ནི། གསང་རྒྱུད་ལས། ར་བ་བཞི་ལ་བསྙེན་པའི་དུས། །འབྲིང་པོ་བཞི་ལ་སྒྲུབ་པའི་དུས། །ཐ་ཆུང་བཞི་ལ་ལས་སྦྱོར་བྱ། །ཞེས་དང་། ཟླ་སྟོད་ཐམས་ཅད་ལྡོག་པ་ཡིན། །ཟླ་སྨད་ཐམས་ཅད་ཐེབས་པ་ཡིན། །ཞེས་དང་། ཁྱད་པར་དུ། ར་བ་བཞི་ལ་གདབ་ལས་ལྡོག །འབྲིང་པོ་བཞི་ལ་ཟོར་ཐུན་ལྡོག །ཐ་ཆུང་བཞི་ལ་ལས་དག་བྱ། །ཞེས་སོ། །ཚེས་ནི། གསང་རྒྱུད་ལས། དཔྱིད་ཟླ་གསུམ་ལ་བརྡེག་པ་ནི། །ཉེར་གཉིས་བཅུ་དྲུག་བཅུ་བཞིའོ། །ཤར་དང་དེ་བཞིན་ཤར་ལྷོར་བལྟའོ། །དབྱར་ཟླ་གསུམ་ལ་བརྡེག་པ་ནི། །བརྒྱད་དང་བཅོ་ལྔ་དུས་དྲུག་ཏུ། །ནུབ་བྱང་བྱང་ཤར་ཁ་བལྟའོ། །སྟོན་ཟླ་གསུམ་ལ་བརྡེག་པ་ནི། །ཉི་ཤུ་བཅོ་བརྒྱད་གཉིས་གསུམ་ལ། །བྱང་ཤར་བྱང་དང་ནུབ་ཏུ་བལྟའོ། །དགུན་ཟླ་གསུམ་པ་བརྡེག་པ་ནི། །བཅུ་གསུམ་བཅུ་དྲུག་ཉི་ཤུ་དགུ །བྱང་དང་ལྷོ་རུ་བལྟ་བའོ། །ཞེས་སོགས་དང་། སྐར་མ་སྨལ་པོ་དང་མགོ། གཟའ་ཕུར་བུ། ཉི་མ་བདུད་ཉི་དྲག་པོ་ལ་ལས་སྦྱོར་གནད་ཆེ་ཞིང་། མདོར་ན་འདིའི་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པ་ནམ་དགའ་དགའ་དང་ཅི་ཐོད་ཐོད་མ་ཡིན་པར་ཟླ་བ། ཚེས། སྐར་མ། གཟའ་སོགས་གཙུག་ལག་གི་གཞུང་དང་། འདི་ཉིད་ཀྱི་རྒྱུད་ནས་བསྔགས་པའི་མཚན་ཉིད་འཛོམ་པའི་དུས་སུ་བསྒྲུབ་པར་བྱ་བ་ནི་དུས་ཕུན་སུམ་ཚོགས་པའོ། །ལྔ་པ་རྫས་དང་ཡོ་བྱད་ནི། འཚོ་བ་ཟས། རྐྱེན་ཟློག་སྨན། ལྷ་བསྒྲུབ་པའི། ཐུགས་དམ་བསྐང་བའི། དགྲ་བགེགས་གསད་པའི་ཡོ་བྱད་དེ། དང་པོ་ནི། བཟའ་བཅའ་བཏུང་བའི་ཚོགས་སོ། །གཉིས་པ་ལ་ཕྱིའི་རྐྱེན་དགྲ་ཟློག་པའི་ཡོ་བྱད་སྒྲུབ་ཁང་བཙན་པོ་བརྩིག་པ་དང་། གོ་ཆ་དང་མཚོན་ཆ་ལ་སོགས་པ། བགེགས་ཟློག་པའི་བསྲེག་རྫས། ཐུན་རྫས་སོགས་སོ། །ནང་གི་རྐྱེན་འདུ་བའི་ནད་རླུང་མཁྲིས་བད་ཀན་སེལ་བའི་སྨན་སོགས་དང་། ཉོན་མོངས་པའི་རྐྱེན་སོ་སོའི་གཉེན་པོའི་རིམ་པ་རྣམས་ལ་བློ་དེས་པའི་གདེང་དང་ལྡན་པར་བྱ་སྟེ་སྤང་གཉེན་གཡུལ་སྤྲད་དོ། །གསུམ་པ་གོང་དུ་བཤད་པའི་སྒྲུབ་གནས་བཟང་པོ་དང་། མན་ངག་གི་ལག་ལེན་དང་ལྡན་པའི་དཀྱིལ་འཁོར་གྱི་སྒྲུབ་རྫས། མཆོད་གཏོར་ལ་སོགས་པའོ། །བཞི་པ་ནི། ཞིང་ཆེན་གྱི་བླ་རེ་ལ་སོགས་པའི་སྐོང་རྫས་གཞུང་མཐུན་རྣམས་སོ། །ལྔ་པ་ནི། སྲོག་ལ་འཁོར་ལོ་བསྐོར་བ་དང་། སྲོག་ལ་ལིངྒ་བཅའ་བ་སོགས་སྨད་ལས་མངོན་སྤྱོད་ཀྱི་ཆས་སྤྱི་དང་བྱེ་བྲག་པ་རྣམས་ཡིན་པར་ཤེས་པར་བྱ་བ་སྟེ། དེས་ནི་རྫས་དང་ཡོ་བྱད་ཕུན་སུམ་ཚོགས་པ་སྟེ་ལྔས་སྒྲུབ་པ་ལས་ཀྱི་གཞི་གཟུང་བ་བསྟན་ཟིན་ཏོ། །སྤྱི་དོན་གཉིས་པ་དཀྱིལ་འཁོར་རྣམ་པ་གསུམ་སྔོན་དུ་འགྲོ་བ་དང་བཅས་པས་དོན་གྱི་ཁོག་དབུབ་པ་ལ་གཉིས། སྔོན་དུ་འགྲོ་བའི་རིམ་པ་དང་། དཀྱིལ་འཁོར་གསུམ་དངོས་བཤད་པའོ། །དང་པོ་ནི། རྩ་དུམ་གྱི་གཞུང་འདིའི་ཚིག་རིས་ལ་དངོས་སུ་མ་བསྟན་ཀྱང་ཤུགས་ལ་འགྲོ་དགོས་པའི་དབང་གིས་འགྲེལ་ཆེན་འབུམ་ནག་དང་། ཕྲིན་ལས་ཀྱི་རྣམ་བཤད་གཞན་གྱི་དགོངས་པ་ལྟར་ས་བཅད་ཙམ་བསྡུས་ཏེ་བཤད་པ་ལ་བདུན། མཚམས་གཅད་པ། བརྡ་སྒོ་དབྱེ་བ། བརྡ་ཕྱག་འཚལ་བ། རྟགས་གདབ་པ། བཤགས་པ་བྱ་བ། བྱིན་དབབ་པ། རྣམ་པ་གསུམ་གྱིས་བྱིན་གྱིས་བརླབ་པའོ། །དང་པོ་སྐྱབས་སེམས། ཡན་ལག་བརྒྱད་པའམ་བདུན་པ། ཚད་མེད་བཞི་སོགས་བསོད་ནམས་ཀྱི་ཚོགས་དང་། སྟོང་ཉིད་སྤྲོས་བྲལ་ཡེ་ཤེས་ཀྱི་ཚོགས་གསག་པ་སོགས་འབྱུང་ཡང་ཕྲིན་ལས་སྒོམ་དོན་དང་སྦྱར་བའི་མན་ངག་གི་རིམ་པ་ལས་འོངས་པས་གཞན་དུ་གསལ་གྱི། འདིར་རྒྱུད་དོན་ལྟར་མདོ་ཙམ་བཀྲལ་བའི་སྐབས་སུ་རྒྱས་པར་མ་བཤད་ལ། གོང་གི་སྔོན་འགྲོའི་རིམ་པ་རྣམས་ནི་ཞི་ཁྲོའི་ཕྲིན་ལས་སྤྱིའི་སྔོན་དུ་འགྲོ་བའི་རིམ་པ་ཡིན་པས་སྤྱིར་གསལ་ལ་རྒྱས་པར་འབྱུང་ཞིང་། འདིར་འབུམ་ནག་གི་དངོས་བསྟན་མཚམས་གཅོད་སོགས་ཁ་སྐོང་སྟེ་ཅུང་ཟད་འཆད་པ་ལ། འབར་བ་མཚམས་ཀྱི་དཀྱིལ་འཁོར་གྱིས་མཚམས་གཅད་པ་ལ་མདོ་གསུམ། རྩ་བ་བརྒྱད། ཡན་ལག་སོ་གསུམ་མཆིས་པའི་དང་པོ་རེ་རེ་ལ་དོན་གསུམ་གསུམ། གཉིས་པ་ནི། གང་ཟག་གང་གིས་གཅོད་པ། གཅད་བྱ་གང་གཅོད་པ། བཅད་པའི་དོན་གྱི་ངོ་བོ། མཚམས་ཀྱི་གཞུང་ཆེན་པོ་གསུམ། དེ་གང་ནས་བཤད་པའི་ཁུངས། མཚམས་གཅད་པའི་འབྲས་བུ། མཚམས་གཅོད་ཀྱི་དབྱེ་བ། དེ་དག་གི་འབྲས་བུ་སྟེ། དབྱེ་བའི་ལྡོག་ཆ་ནས་ཡན་ལག་སུམ་ཅུ་རྩ་གསུམ་དུ་འགྱུར་ཚུལ་ཞིབ་པར་འགྲེལ་ཆེན་ཉིད་དང་གཞུང་གཞན་དུ་གསལ་བས་འདིར་རྒྱས་པར་མ་སྤྲོས་ལ། དོན་ནི། གཞུང་གཞན་དག་ལས་ཀྱང་། ང་ནི་ཡེ་ནས་ངང་གིས་ཁྲོ། །མཚམས་གཅོད་ཁྲོ་བོས་ནམ་མཁའ་གང་། །བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས། །སུ་ཡང་འདའ་བར་མ་བྱེད་ཅིག །ཅེས་འབྱུང་བ་དང་ཚུལ་མཐུན་པར་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛན་གྱི་སྲུང་མཚམས་བརྟན་པོར་བཅས་པས་གནས་སྐབས་ཀྱི་དགོས་པ་ཕྱི་མཚམས་བཅད་པས་གཡེང་བ་ཞི། ནང་མཚམས་བཅད་པས་བར་ཆད་ཞི། གསང་མཚམས་བཅད་པས་སེམས་ཆོས་སྐུར་གནས་པ་འབྱུང་བ་ཡིན་ལ། མཐར་ཐུག་གི་དགོས་པ་ཆོས་སྐུ། ལོངས་སྐུ་སྤྲུལ་སྐུ་གསུམ་འཐོབ་པར་འགྱུར་པར་བཤད་པ་ཡིན་ནོ། །གཉིས་པ་བརྡ་སྒོ་དབྱེ་བ་ནི། ཉོན་ཤེས་ཀྱི་སྒྲིབ་ཚོགས་དང་བཅས་པའི་བདག་དང་། དག་པ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་འཁོར་ལོའི་བར་དུ་གཅོད་བྱེད་གཟུང་འཛིན་གཉིས་སྣང་གི་འཁྲུལ་རྟོག་གཉིས་མེད་མཉམ་པའི་ཀློང་དུ་དག་པ་གཅིག་འགྲིག་གི་ངོ་བོར་རང་ངོ་ཤེས་པ་མཚོན་བྱེད་བརྡའམ་རྣམ་པའི་སྒོ་དཀྱིལ་འཁོར་གྱི་ཤར་གྱི་སྒོ་ཕྱེས་ནས་བལྟས་པས། གཙོ་བོ་ནས་སྒོ་མའི་བར་དུ་བཀྲ་གསལ་ལེར་མཐོང་བར་མོས་པ་ཙམ་སྟེ། ཇི་སྐད་དུ། བདག་དང་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་རྣམས། །ཡེའམ་གདོད་ནས་གཉིས་སུ་མེད་པ་ལ། །བདག་ཅག་མ་རིག་འཁྲུལ་པས་བསྒྲིབས་པ་ཡི། །ལོག་རྟོག་མཚན་མའི་རྟོག་པའི་སྤྲིན་གྱིས་བསྒྲིབས། །དཀྱིལ་འཁོར་ལྷ་ཚོགས་ཞལ་ཡང་མ་མཐོང་བས། །བདག་འཇུག་དཀྱིལ་འཁོར་སྒོ་འདི་དབྱེ་རུ་གསོལ། །མ་རིག་མུན་པའི་ཚོགས་ཀྱིས་བར་ཆོད་པ། །ཐུགས་རྗེ་ཉི་ཟླའི་འོད་ཀྱི་བསལ་དུ་གསོལ། །ཞེས་གསུངས་པ་ལྟར་རོ། །བརྡ་ཕྱག་འཚལ་བ་ནི། གདོད་ནས་གཉིས་མེད་མཉམ་པ་ཆེན་པོའི་ངང་དུ་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་ལྷའི་དཀྱིལ་འཁོར་ཉིད་དུ་དག་པ་ཆེན་པོའི་རང་བཞིན་དུ་མ་བཅོས་བབས་ཀྱི་གཤིས་ལུགས་ཟབ་མོའི་ངང་དུ་གནས་པ་དེ་ཉིད་ཐབས་ཀྱི་སྒོ་ནས་རང་ངོ་རིག་སྟེ་རང་ཞལ་མཇལ་བའི་ལྟ་བ་མངོན་དུ་གྱུར་པ་ཉིད་མཚོན་བྱེད་རྣམ་པ་བརྡ་དང་ཐ་སྙད་ཙམ་དུ་ཕྱག་གིས་འདུད་པའི་སྒྲ་སྦྱར་བ་སྟེ། ཇི་སྐད་དུ། ཆོས་སྐུ་བདག་ཉིད་རྩ་བའི་དཀྱིལ་འཁོར་དང་། །ལོངས་སྐུ་ཕྱོགས་བཅུར་ཁྲོ་རྒྱལ་ད་ལ་དང་། །སྤྲུལ་སྐུ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །དཀྱིལ་འཁོར་རྣམ་གསུམ་འབར་བའི་ལྷ་ཚོགས་ལ། །རྗེས་སུ་ཡི་རངས་ངོ་མཚར་ཆེ་བ་ཡི། །ཕྱག་རྒྱ་བརྡ་དང་གར་གྱི་སྒོ་ནས་ཕྱག་འཚལ་ལོ། །ཞེས་པའི་ཚིག་གིས་གསུངས་པའི་དོན་ཏོ། །དཔལ་གྱི་རྟགས་གདབ་པ་ནི། དཀྱིལ་འཁོར་ཆེན་པོའི་ལས་རིམ་དང་གཙོ་བོར་འབྲེལ་བའི་དོན་ཡིན་ལ། དགོས་ཆེད་ནི་ལྷ་དང་དཔའ་བོ་མཁའ་འགྲོའི་རིགས་ཅིག་ཏུ་ངེས་ནས་སྙིང་ཉེ་ཞིང་དངོས་གྲུབ་མྱུར་བའི་དགོས་ཆེད་སོགས་དང་ལྡན་པ་སྟེ། མཆེད་ལྕམ་གྲལ་དུ་འཁོད་པའི་འོག་ཏུ་ཡེ་ཤེས་ལྷའི་རྟགས་སུ་སྣ་རྩེ་མཁུར་ཚོས་གཉིས་མཐོང་བར་རཀྟའི་ཐིག་ལེ། སྤྱི་གཙུག་མགྲིན་པར་ཐལ་ཆེན་གྱི་ཚོམ་བུ་དཔྲལ་བར་རྩེ་གསུམ་རིས་སུ་ཡོང་བ་དང་། སྙིང་གར་ཞག་གི་ཟོ་རིས་རྒྱ་གྲམ་དབྱིབས་སུ་བཀོད་པར་བྱ་བ་སྟེ་སྒྲུབ་པ་ཆེན་པོའི་གཞུང་གི་ལས་རིམ་རྣམས་སུ་ཡོང་བ་ལྟར་རོ། །ཉམས་ཆག་སྒྲིབ་ཚོགས་བཤགས་པ་ནི། མདོ་བཞི། རྩ་བ་བརྒྱད། ཡན་ལག་སུམ་ཅུ་རྩ་གཉིས་ཀྱི་ཚུལ་དུ་བཤད་པས་ཞིབ་པར་འགྲེལ་ཆེན་ཉིད་དུ་བལྟ་ཞིང་། བསྡུ་ན་བཤགས་བྱའི་ཡུལ། བཤགས་བྱེད་གང་ཟག །བཤགས་བྱའི་སྡིག་ལྟུང་ཇི་ལྟར་བཤགས་པའི་ཐབས། བཤགས་པའི་ཕན་ཡོན། མ་བཤགས་པའི་ཉེས་དམིགས་ཏེ་མན་ངག་ཁྲིད་རིམ་རྣམས་ནས་རྒྱས་པར་འབྱུང་བ་ལྟར་འདིར་ཡང་སྦྱར་ཏེ། དོན་དུ་རྟོག་སྒྲིབ་ཀྱི་བག་ཆགས་རང་སར་མ་དག་པར་མཆོག་གི་དངོས་གྲུབ་རྒྱུད་ལ་མི་ཐོབ་པའི་གེགས་སུ་ཆེ་བའི་གཉེན་པོར་སྡིག་ལྟུང་རྟོག་སྒྲིིབ་ལ་གནོང་འགྱོད་དྲག་པོས་ཡི་དམ་ལྷའི་དཀྱིལ་འཁོར་འཁོར་དང་བཅས་པའི་སྤྱན་སྔར་མཐོལ་བཤགས་འགྱོད་ཚངས་སྨེ་སྔགས་ཀྱི་གདུང་བ་དྲག་པོས་རྩ་སྦུར་ལ་མེ་ལྕེ་བཞིན་སྤང་བྱའི་ཉེས་ལྟུང་གཉེན་པོའི་སྟོབས་ཀྱིས་རམ་སྨིན་འབྱིན་པའི་ནུས་བྲལ་དུ་བྱེད་པ་ནི་འདིའི་ངོ་བོ་ཉིད་དོ། །བྱིན་དབབ་པ་ནི། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དཔའ་བོ་མཁའ་འགྲོ་བཅས་པ་དང་། རིགས་ལྔའི་སངས་རྒྱས་དུས་གསུམ་གྱི་བུདྡྷ་དང་བཅས་པ། རིག་པ་འཛིན་པའི་ཚོགས་འབུམ་ཕྲག་ཡངས་པའི་མ་མོ་མཁའ་འགྲོའི་འཁོར་དང་བཅས་པ་མངོན་སུམ་བཞིན་མདུན་མཁར་གཏིབས་པ་ལས་ཡབ་ཡུམ་བདེ་བར་རོལ་པའི་སྐུའི་གནས་ནས་བྱིན་རླབས་ཀྱི་ངོ་བོ་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་སྒོ་གསུམ་གྱི་དྲི་མ་དག་སྟེ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དཔག་པར་དཀའ་བའི་ཡེ་ཤེས་མཆོག་གི་བྱིན་རླབས་ཟབ་མོའི་དངོས་གྲུབ་མངོན་དུ་གྱུར་པ་ལ་བློས་གསལ་གདབ་ཅིང་། བྱིན་རླབས་སྐུལ་བའི་ཚིག་གདངས་སྙན་ཅིང་བརྗོད་པའི་རྟ་ལ་དྲངས་པ་དང་། རོལ་མོའི་རིགས་ལྷུན་ཆགས་པར་བསྐུལ། གསུར་ཆེན་གྱི་དུད་པ་གཏིབས་པ་སོགས་འབེབས་བྱེད་ཀྱི་རྟེན་འབྲེལ་རྣམས་ཀྱང་ཚོགས་པར་བྱ་བ་སྟེ། རྩ་གསུམ་རྒྱ་མཚོའི་རྡོ་རྗེེ་གསུམ་གྱི་ཡེ་ཤེས་ཀྱིས་ཐ་མལ་དུ་སྣང་བའི་སྒོ་གསུམ་སྒྲུབ་རྫས་དང་བཅས་པ་དག་མཉམ་སྤྲོས་པ་མེད་པའི་དགོངས་ཀློང་ཟབ་མོར་ཐ་མལ་གྱི་འཛིན་རྟོག་སྦྱངས་ཏེ་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན་རྩ་བ་གསུམ་གྱི་ཡེ་ཤེས་རོལ་པའི་ཀློང་དུ་བྱིན་གྱིས་རློབ་པར་བྱེད་པ་ནི་འདིའི་མཚན་ཉིད་དོ། །བྱིན་རླབས་རྣམ་པ་གསུམ་གྱི་དཀྱིལ་འཁོར་ལ་མདོ་གསུམ། རྩ་བ་བརྒྱད། ཡན་ལག་སུམ་ཅུ་རྩ་བདུན་གྱི་སྒོ་ནས་ཤེས་པར་བྱ་དགོས་པས། མདོ་གསུམ་ནི། བྱིན་རླབས་རེ་རེ་ལ་དོན་གསུམ་གསུམ། རྩ་བ་བརྒྱད་ནི། གང་གིས་བྱིན་རློབ་རྣམ་པ་གསུམ། གང་དུ་བཤམ་པའི་སྣོད་གསུམ། གང་བཤམ་པའི་དངོས་པོ་གསུམ། གང་གིས་སྦྱོང་བའི་སྦྱོང་བྱེད་གསུམ། གང་བཅའ་བའི་ཕྱག་རྒྱ་གསུམ། གང་བསྐྱེད་པའི་ལྷ་གསུམ། བྱིན་གྱིས་བརླབ་པ་ཕྱི་ནང་གསང་གསུམ། སྔགས་གསུམ་པོས་ཛཔ྄་ཀྱི་གྲངས་སུ་གཏོང་བ་དང་བརྒྱད། དང་པོ་བྱིན་གྱིས་རློབ་བྱེད་གསུམ་ནི། གཡས་དཀར་གཡོན་དམར་དབུས་མཐིང་སྟེ་གཙོ་བོའི་ཞལ་གསུམ་གྱི་གོ་རིམ་ལྟར་བདུད་རྩི་གཡས། རཀྟ་གཡོན། གཏོར་མ་དབུས་སུ་དགོད་པའི་གོ་རིམ་ཀྱང་བསྟན་ལ། བྱིན་གྱིས་རློབ་བྱེད་ཀྱང་ཞལ་གསུམ་མོ། །སྣོད་གསུམ་ནི། རྩ་རྒྱུད་ལས། ཕོ་ཐོད་མོ་ཐོད་མ་ནིང་ཐོད། །བ་ལིང་རཀྟ་བདུད་རྩིར་སྦྱར། །ཞེས་པས་མ་ནིང་ཐོད་པར་བདུད་རྩི། ཕོ་ཐོད་དུ་གཏོར་མ། མོ་ཐོད་དུ་རཀྟ་བཤམ་པར་བཤད་དོ། །བཤམ་པའི་དངོས་པོ་གསུམ་ནི། གཙང་ཕུད་ལ་ཨ་མྲྀ་ཏ་སྦྱར་བ། འབྲུ་སྣ་ལ་དཔལ་ཟན་རྒྱན་དང་བཅས་པ། ཁྲག་སྣ་ལ་ཤ་སྣ་དང་བཅས་པའོ། །སྦྱོང་བྱེད་གསུམ་ནི། རྒྱུད་ལས། རྃ་ཡྃ་ཁྃ་གིས་བསྲེགས་སྦྱངས་བཀྲུས། །ཞེས་པས་རྃ་གྱིས་ཉེས་སྐྱོན་བསྲེག །ཁྃ་གྱིས་སྦྱང་། ཡྃ་གྱིས་གཏོར་བའི་བྱ་བ་བྱེད་པ་དང་། ཡང། རྒྱུད་ལས། འབྲུ་གསུམ་ཡི་གེས་བྱིན་གྱིས་བརླབ། །ཅེས་པས་ༀ་གྱིས་བདུད་རྩི་བརླབ། ཨཱཿས་རཀྟ་བརླབ། ཧཱུྃ་གིས་གཏོར་མ་བརླབ་པར་ཡང་བཤད་དེ་དོན་འདྲའོ། །ཕྱག་རྒྱ་གསུམ་ནི། བདུད་རྩི་ལ་དུང་ཕོར་འཁྱིལ་བའི་ཕྱག་རྒྱ། གཏོར་མ་ལ་གཞོང་པ་འཁྱིལ་བའི་ཕྱག་རྒྱ། རཀྟ་ལ་པདྨ་འཁྱིལ་པའི་ཕྱག་རྒྱའོ། །བསྐྱེད་པའི་ལྷ་གསུམ་ནི། བདུད་རྩིའི་ལྦུ་བ་ལས་བདུད་རྩི་འཁྱིལ་བ། གཏོར་མའི་འོད་ཟེར་ལས་ཁམས་གསུམ་རྣམ་རྒྱལ། རཀྟའི་རླངས་པ་ལས་རྟ་མགྲིན་བསྐྱེད་པས་བསྲུང་ལ་བྱའང་བྱེད་པའོ། །བྱིན་གྱིས་བརླབ་པ་གསུམ་ལའང་བདུད་རྩི་ཕྱི་ནང་གསང་གསུམ། བ་ལིང་ཕྱི་ནང་གསང་གསུམ། རཀྟ་ཕྱི་ནང་གསང་གསུམ་གྱི་ཚུལ་དུ་བྱིན་གྱིས་བརླབ་པ་རྒྱས་པའི་ཕྱོགས་དང་། བསྡུ་ན་ལུས་ཀྱི་ཕྱག་རྒྱ། ངག་ཏུ་སྔགས་སོ་སོར་བཟླ་བ། ཡིད་ཀྱིས་དེ་དག་སོ་སོར་བསམ་པ་སྟེ། འདི་དག་སྒོམ་རིམ་དང་སྦྱར་བའི་མན་ངག་ཕྲིན་ལས་ཀྱི་རིམ་པར་སོང་བས་འདིར་རྒྱས་པར་སྤྲོ་མ་དགོས་ཤིང་། སོ་སོའི་མཚན་དོན་དང་དག་པ་སོགས་རྒྱུད་དང་གཞུང་གི་དགོངས་པ་རིག་འཛིན་བརྒྱུད་པའི་ཞལ་ལུང་གཞན་ན་ཟབ་ཅིང་རྒྱ་ཆེ་བའི་ཚུལ་དུ་བཞུགས་པ་དག་ལས་ཤེས་སོ། །གཉིས་པ་དཀྱིལ་འཁོར་རྣམ་པ་གསུམ་བཤད་པ་ལ་གསུམ། གཞིའི་ཏིང་ངེ་འཛིན་གསུམ་གྱི་འཕྲོ་འདུ་བསྟན་པ། རྟེན་གཞལ་ཡས་ཁང་བསྐྱེད་པ། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་གཞིའི་ཏིང་ངེ་འཛིན་གསུམ་གྱི་འཕྲོ་འདུ་བཤད་པ་ལའང་གསུམ་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། རྒྱུའི་ཏིང་ངེ་འཛིན་བཤད་པའོ། །དེ་དག་ཀྱང་། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །རྒྱུ་ཡི་ཏིང་འཛིན་བསྒོམ་བྱས་ལ། །ཞེས་གསུངས་པ་ལྟར། འདིར། རྡོ་རྗེ་ཁྲོ་བོས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་ཆེར་འབར་བ། །ནམ་མཁའི་དཀྱིལ་དུ་ཐིག་ལེ་ཤར། །ཞེས་པས་བསྟན་པའི་དེ་བཞིན་ཉིད་ཀྱི། ཀུན་ཏུ་སྣང་བའི། རྒྱུའི་ཏིང་ངེ་འཛིན་གསུམ་གྱི། དང་པོ་ནི། རྡོ་རྗེ་ཁྲོ་བོས་ཞེས་པས་བསྟན། དེ་ལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངོ་བོ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་གདོད་ནས་རང་བཞིན་གྱིས་མ་གྲུབ་པའི་སྟོང་ཉིད་སྤྲོས་བྲལ་བདེ་བ་ཆེན་པོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་དེ་ལ་བྱ། ངེས་ཚིག་ནི། ཡེ་ནས་སྟོང་པའི་རང་བཞིན་ཡིན་པ་ལ་ཡིན་པར་ཤེས་པས་སྒྲུབ་པ་པོའི་བློས་དེ་ཁོ་ན་ཉིད་བཞིན་དུ་རྟོགས་པར་བྱ་བའི་དོན་ཡིན་པས་སོ། །དབྱེ་བ་ནི། སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས། སེམས་ཅན་ལ་རང་ཆས་སུ་ཡོད་པའི་སེམས་ཉིད་གཞིའི་ཆོས་ཉིད། ལས་དང་པོ་པས་བསྒོམ་པའི་དེ་བཞིན་ཉིད་དོ། །བྱེད་ལས་ནི། གཟུང་འཛིན་མཚན་མའི་རྣམ་པར་རྟོག་པ་འཇོམས་པའོ། །མིང་གི་རྣམ་གྲངས་ནི། དེ་བཞིན་ཉིད། སྟོང་པ་ཉིད། མཚན་མེད། སྤྲོས་མེད་སོགས་ཀྱིས་བསྟན་པ་དག་གོ། །དེ་ལྟ་བུའི་ཏིང་ངེ་འཛིན་དེས་མ་ཟིན་པའི་སྐྱོན་ནི། ཆོས་ཐམས་ཅད་སྟོང་ཉིད་དུ་མ་རྟོགས་པས་ལྷའི་སྐུ་མདོག་ཕྱག་མཚན། མགོ་བརྙན། སྦྱོར་བ། སྒྲོལ་བ་རྣམས་རང་རྒྱུད་པར་བསྒོམས་པས་འདོད་ཁམས་ཀྱི་ལྷ། བདུད་དམ་སྲིན་པོ། དུར་ཁྲོད་ཀྱི་ཝ་སྤྱང་། མངལ་གྱི་སྲིན་བུ། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་གསུངས་སོ། །ཏིང་ངེ་འཛིན་དེའི་ཕན་ཡོན་ནི། ཆན་ལ་ཕབ་ཀྱིས་ཐེབས་པ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྩིས་ཟིན་ན་གདབ་ལས་དང་། མནན་སྲེག་འཕང་གསུམ་སོགས་བྱས་ཚད་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བར་བཤད་པ་སྟེ་སྤྱིར་ཤེས་པར་བྱ་བའི་གནད་ཡིན་ལ། འབྲུ་གཉེར་པའི་སྒོ་ནས་བཀྲོལ་ན། རྡོ་རྗེ་ཁྲོ་བོས་ཞེས་པའི་རྡོ་རྗེ་ལ་གསུམ། སྐྱེ་མེད་དོན་གྱི་རྡོ་རྗེ། ཕ་ལམ་རྫས་ཀྱི་རྡོ་རྗེ། མཚན་མ་རྫས་ཀྱི་རྡོ་རྗེ་དང་གསུམ་ལས། འདི་སྐྱེ་མེད་དོན་གྱི་རྡོ་རྗེ་ཡིན་ལ། ཁྲོས་པ་ལ་གང་ཁྲོ་ན། སྐྱེ་མེད་དོན་གྱི་རྡོ་རྗེ་སྤྲོས་བྲལ་སྟོང་པ་ཉིད་དེ་ཁྲོས། གང་ལ་ཁྲོས་ན། མཚན་མའི་རྣམ་པར་རྟོག་པ་གཟུང་འཛིན་བདག་རྟོག་གི་གྲོང་ཁྱེར་ལ་ཁྲོས། ཚུལ་ཇི་ལྟར་ཁྲོས་ན། ཞེ་སྡང་རང་རྒྱུད་པས་མི་གཤིས་ངན་དགྲ་ལ་ཁྲོས་པ་ལྟ་བུ་མ་ཡིན་པར་ཉི་མ་འཆར་བའི་གཟི་བརྗིད་ཀྱིས་མུན་པའི་སྨག་རུམ་མདུན་ན་མི་གནས་པ་ལྟར། སྟོང་ཉིད་རྟོགས་པའི་ཡུལ་ན་དངོས་འཛིན་མཚན་མའི་སྤྲོས་པ་ཐམས་ཅད་མི་གནས་པའི་ཚུལ་གྱིས་ཁྲོས་པའོ། །དེ་ཉམས་སུ་ལེན་པའི་ཚུལ་ཡང་ལས་དང་པོ་པས་སྒྲ་སྤྱི་ཙམ་དང་། ལས་གོམས་པས་དོན་སྤྱིའི་སྒོ་ནས་དང་། ལས་སྨིན་པས་དོན་རང་གི་མཚན་ཉིད་དུ་ཉམས་སུ་ལེན་པའོ། །འདིའི་དོན་ཐུན་མོང་པ་རྣམས་རྒྱུ་མཚན་ཉིད་ཀྱི་ཐེག་པའི་བཀའ་དང་དགོངས་འགྲེལ་ལས་བསྟན་པ་དང་། ཐུན་མོང་མིན་པ་སྔགས་ཀྱི་ཐེག་པ་གོང་འོག་གི་རིམ་པས་བླ་མེད་སྤྱི་དང་ཁྱད་པར་རྣམས་སུ་བསྟན་པ་ལྟར་ངེས་པ་བྱ་ལ། འདིར་ཏིང་འཛིན་རྣམ་གསུམ་སོགས་འདིའི་གནད་རྣམས་རིག་འཛིན་གྲུབ་པའི་སློབ་དཔོན་རྣམ་གསུམ་གྱི་དགོངས་པ་དྲིལ་བའི་ཚུལ་དུ་མདོ་ཙམ་སྨོས་པར་ཟད་དོ། །གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། འདི་ལའང་སྤྱིར་ཤེས་པར་བྱ་བ་ངོ་བོ་ནི། ཆོས་ཐམས་ཅད་ཀྱི་ནང་ནས་སྙིང་རྗེ་སྒྱུ་མ་ཙམ་དེ་ཉིད་ཡིན་ལ། ངེས་ཚིག་ནི། སྙིང་རྗེས་གོང་འོག་གཉིས་མཚམས་སྦྱར་བས་ཀུན་ཏུ་སྣང་བར་བྱེད་པའི་ཕྱིར་རོ། །དབྱེ་ན། སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ། སེམས་ཅན་གྱི་ཁམས་ན་ཡོད་པའི་སྙིང་རྗེ་སྟེ་ཕྱོགས་ཅན་ནི་ཁྲ་སྤྱང་སོགས་ལའང་ཡོད་པ་དེ་དང་། ལས་དང་པོ་པས་དོན་སྤྱི་ལ་བློས་བསྒོམ་པའི་སྙིང་རྗེའོ། །བྱེད་ལས་ནི། སངས་རྒྱས་འཐོབ་པར་བྱེད་པ། མིང་གི་རྣམ་གྲངས་ནི། བྱམས་པ་ཆེན་པོའི། སྙིང་རྗེ་ཆེན་པོའི། །ཐུགས་རྗེ་ཆེན་པོའི། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་སོགས་སོ། །དེ་ཉིད་མེད་པའི་སྐྱོན་ནི། སངས་རྒྱས་ཡར་ཆད། འཁོར་བ་མར་ལྷུང་སྟེ་རྣམ་པ་ཐམས་ཅད་དུ་མཚམས་མི་སྦྱོར་བའོ། །ཕན་ཡོན་ནི། སྙིང་རྗེས་གོང་འོག་མཚམས་སྦྱར་ནས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་སངས་རྒྱས་ཐོབ་པའི་ལམ་ཕྱིན་ཅི་མ་ལོག་པར་འགྱུར་བའོ། །དོན་ནི། ཞེ་སྡང་གཅོད་ཅེས་པ་ཀུན་སྣང་སྙིང་རྗེས་ཞེ་སྡང་གཅོད་པ་སྟེ། དཔེར་ན་ཚ་རེག་གང་ན་ཡོད་པ་ན་གྲང་རེག་མེད། གྲང་རེག་གང་ན་ཡོད་པ་ན་ཚ་རེག་མེད་པ་དེ་བཞིན་དུ། གང་ཟག་གཅིག་གི་རྒྱུད་ལ་ཞེ་སྡང་སྐྱེས་ཚེ་སྙིང་རྗེ་མེད། སྙིང་རྗེ་སྐྱེས་ཚེ་ཞེ་སྡང་མེད་པ་ལྷན་ཅིག་མི་གནས་འགལ་བ་ཡིན་ཅིང་། ནུས་པ་དང་འཚམས་པར་སེམས་ཅན་ལ་དམིགས་པ། ཆོས་ལ་དམིགས་པ། དམིགས་པ་མེད་པའི་སྙིང་རྗེ་གང་རུང་ཚད་དུ་ཕྱིན་པའི་གཉེན་པོས་སོ་སོའི་མཚན་འཛིན་དང་བཅས་པའི་སྡང་ཤུགས་རང་བཞིན་གྱིས་ཉམས་པ་ནི་ཆོས་ཉིད་ཡིན་ལ། འདིར་སྟོང་ཉིད་རྡོ་རྗེ་ལྟ་བུ་མངོན་དུ་གྱུར་པའི་ཡེ་ཤེས་དམིགས་མེད་ཀྱི་སྙིང་རྗེ་སྒྱུ་མ་ལྟ་བུ་དང་ཟུང་དུ་འཇུག་པས་གོང་གི་སྟོང་ཉིད་ཀྱི་ངང་ལས་སྙིང་རྗེ་རང་ཤུགས་སུ་སྐྱེ་བས་སྲིད་རྩའི་ཞེ་སྡང་ཐམས་ཅད་ནགས་ལ་མེ་མཆེད་པ་བཞིན་བཅད་ཅིང་བསྲེགས་ཏེ་སྐྱེ་བའི་ཡུལ་མེད་པ་ཡིན་ནོ། །འདི་ཉིད་ཀྱང་ཐེག་པ་ཆེན་པོའི་སྡེ་སྣོད་རིན་པོ་ཆེ་དག་ལས་མང་དུ་འབྱུང་བ་དང་གནད་གཅིག་གོ། །གསུམ་པ་རྒྱུའི་ཏིང་ངེ་འཛིན་ལ། སྤྱིར་རྒྱུའི་ངོ་བོ་ནི། ཆོས་ཐམས་ཅད་ཀྱི་ནང་ནས་ཧཱུྃ་སྔོན་པོ་ཡིག་འབྲུའི་རྣམ་པ་ཅན་དེ་ཉིད་ཡིན་ལ། ངེས་ཚིག་ནི། དེ་ཉིད་རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ་དང་བཅས་པ་ཐམས་ཅད་བསྐྱེད་པའི་རྒྱུའམ་གཞིར་གྱུར་པས་ན་རྒྱུའི་མིང་གིས་སྨོས་ཤིང་། དབྱེ་ན། སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ལྔ་ལྡན་གྱི་ཧཱུྃ་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་སྙིང་གའི་རྩ་མདུད་ཧཱུྃ་གི་རང་བཞིན། ལས་དང་པོ་པས་རྒྱུའི་ཏིང་ངེ་འཛིན་ཧཱུྃ་བློས་བསྒོམ་པ་རྣམས་སོ། །བྱེད་ལས་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་སྐྱེད་པར་བྱེད་པའོ། །མིང་གི་རྣམ་གྲངས་ནི། རྒྱུའི་ཏིང་འཛིན། ས་བོན་གྱི། ཡིག་འབྲུའི། སྐྱེད་བྱེད་ཀྱི་ཏིང་ངེ་འཛིན་སོགས་སུ་སྨོས་པའོ། །དེ་ཉིད་མ་བསྟེན་པའི་སྐྱོན་ནི། བསྐྱེད་རིམ་ཆོ་ག་དང་མི་ལྡན་ཞིང་རྫོགས་པར་མི་འགྱུར་ལ། ཕན་ཡོན་ནི། བསྐྱེད་རིམ་ཆོ་ག་ཡན་ལག་དང་བཅས་ཏེ་རྫོགས་པར་འགྱུར་བའོ། །འབྲུ་དོན་ནི། མཚོན་ཆེན་སྔོན་པོ་ཆེར་འབར་བ། །ནམ་མཁའི་དཀྱིལ་དུ་ཐིག་ལེ་ཤར། །ཞེས་པ་འདི་ལའང་རིག་འཛིན་གྲུབ་པའི་སློབ་དཔོན་རྣམ་གསུམ་གྱི་དགོངས་པའི་མཐིལ་མི་འདྲ་བ་མེད་ཅིང་། ཚིག་གི་ཟུར་ཕྱུང་ལུགས་ཅུང་ཟད་ཐ་དད་པ་རེ་བྱུང་ཡང་། དགོངས་པ་དྲིལ་ནས་བཤད་ན། མཚོན་ནི་ཁ་དོག །རྩྭའི་ལོ་མ། གྲི་མདུང་། ཕོ་མོའི་མཚན་མ་ལའང་འཇུག་མོད་ཀྱི། འདིར་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་བཅས་འདིས་མཚོན་པའི་དོན་ཡིན་ལ། ཆེན་པོ་ནི་ཡེ་ཤེས་ལྔའི་ངོ་བོར་གྱུར་པ། སྔོན་པོ་ནི་ཧཱུྃ་གི་ཁ་དོག །ཆེར་འབར་བ་ནི་དེ་ལས་ཡིག་འབྲུ་དང་འོད་ཟེར་རབ་ཏུ་མང་པོའི་འཕྲོ་འདུ་ལྷག་པར་མངའ་བ་ཡིན་ལ། དོན་དུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཟབ་གསལ་དང་བདེ་སྟོང་སོགས་དབྱེར་མེད་ཀུན་ཁྱབ་མཉམ་པའི་རང་བཞིན་དངོས་པོ་མེད་ལ་དངོས་པོ་ཀུན་གྱི་རྒྱུར་གྱུར་པ་གང་ཞིག །རྣམ་པ་ཡི་གེ་ཧཱུྃ་གི་གཟུགས་སུ་སྣང་བ་དེ་ཉིད་གཟུང་འཛིན་མཚན་མར་སྣང་བས་སྣོད་བཅུད་རང་རྒྱུད་དུ་བལྟ་བའི་གཉེན་པོར་ཐུགས་རྗེའི་རྩལ་ལས་རང་ཤར་བས། དཔེར་ན་མཚོན་ཆ་རྣོན་པོས་ལྕུགས་ཕྲན་གྱི་ཡལ་ག་ལ་ཐེབས་པ་བཞིན་གཅོད་པར་བྱེད་པའི་ཚུལ་དང་མཐུན་པར། སྣོད་བཅུད་དངོས་པོར་ཞེན་པའི་རྩ་བ་བཅད་ཅིང་དག་མཉམ་ལྷའི་འཁོར་ལོར་སྦྱོར་བར་བྱེད་པའི་རྒྱུ་ཡིན་པའི་ཆ་ནས་མཚོན་ཆ་རྣོན་པོའི་ཚུལ་དུ་འཆད་ཀྱང་རུང་བར་སེམས་སོ། །ནམ་མཁའ་ལ་སྣང་བ་ནམ་མཁའ། བུ་ག་ནམ་མཁའ། འདུས་མ་བྱས་ནམ་མཁའ། ཆོས་ཉིད་ནམ་མཁའ་རྣམས་སུ་མཆིས་པ་ལས། འདིར་ཆོས་ཉིད་ཀྱི་ནམ་མཁའི་རང་བཞིན་ཡིན་ལ། དཀྱིལ་ནི་མཐའ་དང་དབུས་མེད་པ་སྤྲོས་པ་ཀུན་གྱིས་མི་ཕྱེད་པའི་ཀློང་ཟབ་མོ་ནས། མཚན་རྟོག་གི་གྲྭ་ཟུར་མེད་པའི་མཉམ་ཡངས་གདལ་བ་ཆེན་པོའི་ཐིག་ལེའམ། སྔ་འགྱུར་དུ་ཐིག་པ་ཞེས་འབྱུང་བ་ལྟར་ན། དོན་འདྲིལ་བའི་ཕྱིར་ཐིགས་པ་དང་། དོན་ཐོག་ཏུ་ཕེབ་པའི་ཕྱིར་ཐིགས་པ་སྟེ། དེའང་རྒྱུའི་ཧཱུྃ་ཡིག་དེ་ལ་ཡེ་ཤེས་ལྔ་དང་ལྡན་པས་འདྲིལ་བ། ཧཱུྃ་དེ་རྟེན་དང་བརྟེན་པར་བཅས་པའི་ཐོག་ཏུ་ཕེབ་པས་ཐིགས་པ་ཞེས་བྱ་ལ། དོན་དུ་སྟོང་ཉིད་སྙིང་རྗེའི་རང་རྩལ་ལས་ཟུང་འཇུག་རྒྱུའི་ཡི་གེ་སངས་རྒྱས་ཀུན་གྱི་ཐུགས་ཀྱི་ངོ་བོ་དེ་ཉིད་སྤྲོས་བྲལ་ནམ་མཁའི་དཀྱིལ་ནས་དོན་ཐོག་ཏུ་ཕེབ་པའི་ཐིག་ལེའམ་ཏིགས་པར་རང་ཤར་བའི་ཚུལ་གྱིས་སྣོད་བཅུད་དག་པ་ལྷའི་འཁོར་ལོར་སྒྱུར་བར་བྱེད་པའི་རྒྱུར་གྱུར་པ་ཉིད་དུ་གོ་བར་བྱའོ། །གཉིས་པ་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། སྲོག་གི་སྒོ་རུ་ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །ཞེས་པས་བསྟན། འདི་ལ་གུ་རུ་པདྨའི་དགོངས་པ་གཙོ་བོར་བཟུང་ན། སྲོག་ནི་རྒྱུའི་ཏིང་ངེ་འཛིན་ཡི་གེ་ཧཱུྃ་གི་རྣམ་པ་ཅན་དེ་ཉིད་ཡིན་ལ། སྒོར་ཤར་བ་ལའང་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྒོར་ཤར་བ་དང་། གཞལ་ཡས་ཁང་གདན་དང་བཅས་པའི་སྒོར་ཤར་བ་གཉིས་སུ་ཡོད་པ་ལས། དང་པོ་འབྱུང་བ་རིམ་བརྩེགས་ལ་ཕྱི་ནང་གསང་གསུམ་དུ་དབྱེ། ཕྱི་ལའང་མདོ་ལྔ། རྩ་བ་དྲུག །ཡན་ལག་སུམ་ཅུ་ཐམ་པའི་ཚུལ་དུ་གནས་པ་ལ། མདོ་ལྔ་ནི། འབྱུང་བ་ལྔ། རྩ་བ་དྲུག་ནི། ཕྱི་འབྱུང་བ་ལ་ཇི་ལྟར་སྦྱར་བ། ནང་ཕུང་པོ་དང་གང་ལྟར་སྦྱར་བ། གསང་བ་ཉོན་མོངས་དང་ཇི་ལྟར་སྦྱར་བ། གསལ་བ་ལྷ་དང་གང་ལྟར་སྦྱར་བ། བདེ་བ་ཡེ་ཤེས་དང་ཇི་ལྟར་སྦྱར་བ། སྟོང་པ་ཆོས་ཉིད་དང་གང་ལྟར་སྦྱར་བ་ཞེས་པའོ། །དེའང་སྲོག་ནི་རྒྱུའི་ཏིང་ངེ་འཛིན་ཧཱུྃ་དེ་ཉིད་ཡིན་ལ་དེ་ལས་ས་བོན་གྱི་ཡི་གེའི་འཕྲོ་འདུའི་ཆོ་འཕྲུལ་ལས་སྲོག་གི་ཡི་གེ་ནུས་པ་མཐུ་ཅན་དུ་གྱུར་པ་ནི་སྒོ་རུ་ཤར་བའོ། །དེ་ལས་འགག་པ་མེད་པའི་ཆོ་རོལ་སྣ་ཚོགས་པའི་ཚུལ་དུ་སོ་སོའི་གཞིར་གྱུར་པའི་ཡི་གེའི་སྤྲོ་བསྡུ་ལས། ཆོས་ཀྱི་འབྱུང་གནས་ནམ་མཁའི་རང་བཞིན་འབྱམས་ཀླས་པ་ཕྱི་ལྟར་ན་འབྱུང་བ་ནམ་མཁའི་རྣམ་པ། ནང་ཕུང་པོ། གསང་བ་སྟོང་པ་ཉིད་སོགས་སུ་མཚོན་པ། དེ་བཞིན་དུ་རླུང་གི་དལ་རྒྱ་གྲམ་ཕྱི་འབྱུང་བ་རླུང་གི་གོར་ཤར་བ། ནང་ལུས་ཀྱི་སྐྱེད་བྱེད་སོགས་ཀྱི་ངོ་བོ་དང་། རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས་པ་ཕྱི་འབྱུང་བ་ཆུ། ནང་ཁྲག །གསང་བ་འདོད་ཆགས་སོགས། ཀེང་རུས་ཀྱི་རི་རབ་དཔག་ཚད་བརྒྱད་ཁྲི་མཐོ་བ་འབྱུང་བ་སའི་སྒོར་ཤར་བ། ནང་རུས་པ། ཉོན་མོངས་པ་ཞེ་སྡང་སོགས་ཀྱི་ངོ་བོ། །མེའི་དཀྱིལ་འཁོར་གྲུ་གསུམ་འབྱུང་བ་མེའི་སྒོར་ཤར་བ། ནང་དྲོད། ཉོན་མོངས་པ་ང་རྒྱལ་སོགས་ཀྱི་རང་བཞིན་དུ་བཤད་པ་ནི་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྒོར་ཤར་བ་དང་། གཉིས་པ་གཞལ་ཡས་ཁང་གདན་དང་བཅས་པའི་སྒོར་ཤར་བའི་ཚུལ་ནི། ཡང་རྒྱུའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ལས་ས་བོན་ཡི་གེ་དང་བཅས་པའི་སྤྲོ་བསྡུའི་རོལ་པ་གང་ལས་ཤར་བའི་ཡེ་ཤེས་ཀྱི་གཞལ་ཡས་ཁང་ནི་ཇི་སྐད་དུ། གསང་རྒྱུད་ལས། ཡྃ་ལས་རླུང་གི་དཀྱིལ་འཁོར་གཞུ་དབྱིབས་སྔོ། །རྃ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་དམར། །བྃ་ལས་ཆུ་ཡི་དཀྱིལ་འཁོར་དཀར་པོ་ཟླུམ། །སུྃ་ལས་ས་དཀྱིལ་གྲུ་བཞི་སེར། །ཀེཾ་ལས་ཀེང་རུས་རི་རབ་འབར། །དེ་སྟེང་བྷྲཱུྃ་ལས་གྲུབ་པ་ཡི། །མཛེས་པའི་གཞལ་ཡས་ཐོད་པའི་མཁར། །མཆོག་ཕྲན་དྲལ་ཕྱམ་ཉི་ཟླའི་མིག །རཀྟ་འབར་བའི་ཞམ་ཆུ་འབབ། །ཅེས་གསུངས་པའི་དྲག་པོའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཡེ་ཤེས་རང་སྣང་གི་བཀོད་པ་སྣོད་ཀྱི་འཇིག་རྟེན་སོགས་རྣམ་པར་དག་པའི་ངོ་བོ་རང་བྱུང་ལྷུན་གྲུབ་ཀྱི་ཕོ་བྲང་ཆེན་པོའི་དབུས་སུ་པདྨ་ཉི་མ་རུ་དྲ་ཕོ་མོ་སྟེ་གཙོ་བོའི་གདན་དང་། འཁོར་ལོའི་རྩིབས་བཅུར་ཕྱོགས་སྐྱོང་བཅུ་ཕོ་ཁ་སྦུབ། མོ་གན་རྐྱལ་བྱིན་པ་འཁྲིལ་བའི་ཚུལ་དུ་གནས་པས་ཁྲོ་བོ་བཅུའི་གདན། སྒོ་བཞིར་དྲི་ཟ་སོགས་བཞི་བསྒྱེལ་བའི་གདན། ལྷ་སྣམ་ལ་ཕུར་སྲུང་རྣམས་ཀྱི་གདན་དང་བཅས་པ་རྒྱུའི་ཡི་གེ་ཁོ་ནའི་ཆོ་འཕྲུལ་ལས་སྤྲོས་པའོ། །ནང་བསྐྱེད་པའི་རིམ་པ་དཀྱིལ་འཁོར་རང་ལུས་ལ་ཚང་བའི་ཚུལ། གསང་རྒྱུད་ལས། རྐང་པ་རླུང་གི་དཀྱིལ་འཁོར་ཏེ། །འདོམས་ནི་མེ་ཡི་དཀྱིལ་འཁོར་ཡིན། །གསུས་པ་ཆུ་ཡི་དཀྱིལ་འཁོར་ཏེ། །ཕོ་བ་ས་ཡི་དཀྱིལ་འཁོར་ཡིན། །བྲང་ནི་ཀེང་རུས་རི་རབ་སྟེ། །མགོ་བོ་བྷནྷ་ཀླད་པའི་གཞལ་ཡས་ཁང་། །རྩ་གནས་དབུས་ན་ལྷ་ཚོགས་བཞུགས། །ཞེས་གསུངས་པ་ལྟར་རོ། །གསང་བ་བསྐྱེད་པའི་རིམ་པའང་རང་གི་སེམས་ལ་ལྷ་དང་དཀྱིལ་འཁོར་ཐམས་ཅད་གདོད་ནས་དབྱེར་མེད་དུ་ཚང་ཞིང་། དེ་དག་གི་ཚུལ་དང་། གཞལ་ཡས་ཁང་གི་རྣམ་གཞག་དང་དག་པ་སོགས་རྒྱུད་དང་འགྲེལ་པ་སྒོམ་དོན་གྱི་མན་ངག་རྣམས་ལས་ཞིབ་ཏུ་འབྱུང་བས་འདིར་རྒྱས་པར་མ་སྤྲོས་སོ། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །ཞེས་པ་ནི་སྔར་བཤད་པའི་རྒྱུའི་ཏིང་ངེ་འཛིན་ཧཱུྃ་ཡིག་གི་རྒྱུན་དེ་ཉིད་རང་གི་སྙིང་གར་བར་མ་ཆད་པའི་ཚུལ་དུ་གསལ་སྣང་འདོན་པའམ། བསྐྱེད་པའི་རིམ་པའི་སྐབས་སུ་ཏིང་ངེ་འཛིན་སེམས་དཔར་བསྒོམ་པའི་དོན་དུ་བཤད་ཀྱང་དེ་ཉིད་མན་ངག་གི་རིམ་པ་དང་སྦྱར་བ་ཡིན་ལ། རྒྱུད་ལྟར་ན། འཁོར་འདས་ཐམས་ཅད་ཀྱི་སྤྲོ་གཞི་དེ་ཉིད་ཡིན་པས་དེ་དག་གི་དཀྱིལ་ལམ་སྙིང་པོར་བསྒོམ་པ་ནི་རྒྱལ་བ་རྣམས་ཀྱི་ཐུགས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་བདེ་སྟོང་གི་ཕྱག་རྒྱས་བརྟན་གཡོ་སྣོད་བཅུད་ཀྱི་དངོས་པོ་ལ་གདབ་ནས་དག་མཉམ་ཆེན་པོའི་ཀློང་དུ་འུབ་ཆུབ་པར་བྱ་བའི་དོན་ལ་སྐབས་འདིར་འཆད་ཀྱང་འགལ་བ་མེད་དོ། །སྤྱི་དོན་གསུམ་པ་བརྟེན་པ་ལྷ་བསྐྱེད་པ་བཤད་པ་ལ། རྒྱུད་ཁུ་བྱུག་རོལ་པ་ལས། དྲག་པོ་ལས་ཀྱི་དཀྱིལ་འཁོར་ལ། །རྣམ་པ་གསུམ་དུ་རྒྱལ་བས་གསུངས། །བདག་ཉིད་ཆེན་པོའི་དཀྱིལ་འཁོར་དང་། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་དང་། །སྲས་མཆོག་ཕུར་བུའི་དཀྱིལ་འཁོར་རོ། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ། །གཙོ་གཟུངས་ཟུང་དུ་འབྲེལ་བ་ནི། །བདག་ཉིད་ཆེན་པོ་ཡིན་པར་བཤད། །ཁྲོ་བོ་ཁྲོ་མོ་ཕྲ་་མེན་ཚོགས། །ཕྱོགས་མཚམས་ཁྲོ་བོ་ཞེས་བྱའོ། །སྲས་མཆོག་ཕུར་བུའི་དཀྱིལ་འཁོར་ནི། །ཀཱི་ལ་ཡ་ཞེས་རབ་ཏུ་གྲགས། །ཞེས་གསུངས་པ་ལྟར་ཆོས་སྐུའི་ངོ་བོ་བདག་ཉིད་རྩ་བའི་དཀྱིལ་འཁོར། ལོངས་སྐུའི་ངོ་བོ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། སྤྲུལ་སྐུའི་ངོ་བོ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་བཤད་པའོ། །དང་པོ་ཆོས་སྐུའི་ངོ་བོ་བདག་ཉིད་རྩ་བའི་དཀྱིལ་འཁོར་བཤད་པ་ལ་བསྐྱེད་པ་དངོས་དང་། གསལ་གདབ་པའོ། །དང་པོ་ནི། འདིར་ཚིག་ཟིན་ལ་དངོས་སུ་མེད་ཀྱང་འགྲེལ་པའི་དགོངས་པ་ལྟར་མདོ་ཙམ་བསྙད་པ་ལ་སྤྱིར་ཤེས་པར་བྱ་བ་དང་། བྱེ་བྲག་དངོས་བཤད་པའོ། །དང་པོ་ནི། སྤྱིར་རྡོ་རྗེ་གཞོན་ནུ་ཞེས་པ་ལ་དངོས་བརྟགས་མ་ཕྱེ་བར་བཤད་ན། རང་སེམས་གཞིའི་རྡོ་རྗེ་གཞོན་ནུ། བགྲོད་པ་ལམ་གྱི་རྡོ་རྗེ་གཞོན་ནུ། རྟོགས་པ་འབྲས་བུའི་རྡོ་རྗེ་གཞོན་ནུ་དང་གསུམ་ཡོད། དང་པོ་ནི། གདོད་ནས་སྐྱེ་བ་མེད་པའི་སེམས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཉིད་ལ་འཇོག །གཉིས་པ་ནི། ཐབས་ཤེས་གཉིས་ཀྱི་སྒོ་ནས་སྐུ་གསུམ་ཡེ་ཤེས་ལྔ་རྣམ་པ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་སུ་གསལ་བར་ལྟ་བའི་ཉམས་ལེན་ཉིད་ཡིན་ལ། གསུམ་པ་ནི། སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་པ་མེད་པ་ཉིད་དེ། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། རང་སེམས་གཞི་ཡི་རྡོ་རྗེ་གཞོན་ནུ་ནི། །ས་བོན་ཀུན་ཁྱབ་ཏིལ་མར་འདྲ། །རྟོགས་ན་སངས་རྒྱས་ངོ་མཚར་ཆེ། །བགྲོད་པ་ལམ་གྱི་རྡོ་རྗེ་གཞོན་ནུ་ནི། །ཐབས་ཤེས་སྐུ་གསུམ་ཡེ་ཤེས་ལྔ། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་བྱ། །རྟོགས་པ་འབྲས་བུའི་རྡོ་རྗེ་གཞོན་ནུ་ནི། །སྐུ་ལྔ་ཡེ་ཤེས་དགུ་ལྡན་ཏེ། །མ་འཁྲུལ་རྟོགས་པ་མངོན་འགྱུར་བྱ། །གཞི་ལམ་འབྲས་བུ་རྟོགས་གྱུར་ན། །ཆོས་སྐུ་སྤྲོས་བྲལ་མངོན་དུ་འགྱུར། །ཞེས་གསུངས་པ་ལྟར་གཞི་ལམ་འབྲས་གསུམ་ལ་ཁྱབ་པའི་རྡོ་རྗེ་གཞོན་ནུ་དེ་ཉིད་རྣལ་འབྱོར་པས་ལམ་ཉམས་སུ་བླང་བའི་སྒོ་ནས་མངོན་དུ་བྱ་དགོས་པ་ནི་སྤྱིར་ཤེས་པར་བྱ་བ་ཡིན་ལ། བྱེ་བྲག་བསྐྱེད་ཐབས་དངོས་བཤད་པ་ལའང་མང་དུ་གསུངས་ཏེ། དེ་ལ་མདོ་བཅུ། རྩ་བ་བཞི་བཅུ། ཡན་ལག་བརྒྱད་ཅུ་སྟེ། བསྐྱེད་པའི་རྒྱུ་སེམས་དཔའ་བཞི། བསྐྱེད་པའི་སྐུའི་ཆ་ལུགས་བཞི། མཚན་ཉིད་བཞི། གནས་སྐབས་བཞི། ཆོ་ག་བཞི། ལྷ་བཞི། སྦྱང་གཞི་བཞི། ངེས་ཚིག་བཞི། རྣམ་དབྱེ་བཞི། ལམ་ཁྱེར་བཞིར་གསུངས་པའི་དོན་འདིར་ཚིག་ཉུང་ངུས་དོན་གྱི་གནད་ཚང་བར་བསྟན་ན། ཕུར་པ་གསང་རྒྱུད་ལས། རྡོ་རྗེ་གཞོན་ནུ་དབུ་སྟོང་ཕྱག་སྟོང་སྤྱན་བྱེ་བ་མངའ་བ་དང་། ཕུར་པ་མྱང་འདས་ལས། དབུ་དགུ་ཕྱག་བཅོ་བརྒྱད་པ་དང་། རྩ་རྒྱུད་རྡོ་རྗེ་ཁྲོས་པ་སོགས་ནས། རྡོ་རྗེ་གཞོན་ནུ་དབུ་གསུམ་ཕྱག་དྲུག་པ་དང་། ཀཱི་ལ་ཡ་ཏནྟྲ་བཅུ་གཉིས་པ་ནས། རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་པ་རྣམས་སུ་བཤད་ཅིང་། དེའང་ཁྲོ་བོའི་རྣམ་པ་ཅན་ཡིན་ཡང་ཁྲོ་བོ་ཞེས་པས་བདུད་དང་སྲིན་པོ་ཁྲོས་པ་ལྟ་བུ་ཡིན་ལ། ཐུགས་རྗེ་ཆེན་པོས་གདུལ་བྱ་འདུལ་བའི་ཐབས་སུ་བསྟན་པ་གང་ཟག་ཡང་རབ་རྣམས་སྙིང་རྗེས་ལྷར་བསྒོམ་པ་ཡིན་པར་གསུངས་ཤིང་། གང་ལྷར་བསྐྱེད་ན། ལས་དང་པོ་པས་རང་གི་སེམས་ཉིད་ལྷར་བསྐྱེད་པ་ལ་དགོངས་ནས། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་དང་། ལས་གོམས་པ་པོས་བདག་ཉིད་ལྷར་བསྐྱེད་པ་ལ་དགོངས་ནས། སྐུ་ཡི་གཏེར་དུ་བདག་སྐྱེད་ཅིག །ཅེས་གསུངས་ཤིང་ལས་སྨིན་པ་པོས་ཕུང་པོ་ལྷར་བསྐྱེད་པ་ལ་དགོངས་ནས། ཕུང་པོ་རྡོ་རྗེའི་བདག་ཉིད་དེ། །ཞེས་དང་། ལས་མཐར་ཕྱིན་པ་པོ་ཡུལ་ཐམས་ཅད་ལྷའི་རོལ་པར་བལྟ་བ་ལ་དགོངས་ནས། འཁོར་བ་རྡོ་རྗེ་ཕུར་པའི་ལྷ། །ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ཀྱིས་སྦྱང་གཞི་གང་སྦྱོང་བའང་བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་གྱིས་སྐྱེ་སྲིད་དང་། དེ་བཞིན་ཉིད་ཀྱི་ཏིང་འཛིན་གྱིས་འཆི་སྲིད། རྒྱུ་ཏིང་གི་ཧཱུྃ་ནམ་མཁའ་ལས་བབས་ཏེ་གཙོ་བོ་གདན་ལ་འཁོད་པས་བར་སྲིད་སྦྱོང་བར་གསུངས་ལ། གཞན་ཡང་བདག་ཉིད་རྩ་བའི་དཀྱིལ་འཁོར་གྱིས་རྫུས་སྐྱེས། ཕྱོགས་བཅུའི་ཁྲོ་བོས་མངལ་སྐྱེས། མགོ་བརྙན་ཉི་ཤུས་སྒོང་སྐྱེས། དམ་ཅན་གྱིས་དྲོད་གཤེར་སྐྱེས་སྦྱོང་བར་བཤད་པ་ནི་གཙོ་བོར་མན་ངག་གི་ངེས་པ་ཤུགས་ཆེའོ། །དེ་ལ་བདག་ཉིད་རྩ་བའི་དཀྱིལ་འཁོར་ལ་ཆོས་ཀྱི་སྐུའི་ངོ་བོ་ཡིན་པའི་རྒྱུ་མཚན་སྤྲོས་པ་དང་བྲལ་བས་ཆོས་སྐུ། རང་ཉིད་བསྒོམ་པའི་བདག་ཉིད། འཁོར་གྱི་ལྷ་ཐམས་ཅད་འདི་ལས་འབྱུང་བས་རྩ་བ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ནི་དཀྱིལ། སྲོག་གི་ལྷ། སྐུ་གསུང་ཐུགས་ཀྱི་ལྷ། རྒྱན་གྱི་ལྷ། གོ་ཆའི་ལྷ་རྣམས་ནི་འཁོར་ཡིན་པས་དེ་སྐད་ཅེས་བརྗོད་ཅིང་། དེ་ལྟ་བུའི་དཀྱིལ་འཁོར་ལ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་དང་། ཕུར་པ་རྫས་ཀྱི་དཀྱིལ་འཁོར་གཉིས་ཀྱང་ཚང་བས་ན་བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་བདག་ཉིད་རྩ་བའི་དཀྱིལའཁོར་ནི་ཡེ་ཤེས་སེམས་དཔའ་ཉིད་ཡིན་ལ། བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ནི་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཡིན་ཞིང་། བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་ཕུར་པ་རྫས་ཀྱི་དཀྱིལ་འཁོར་ནི་ཕྱག་གི་ཕུར་པ་ཉིད་ཡིན་ལ། བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་ཕུར་སྲུང་ནི་བ་སྤུའི་ཁྲོ་ཆུང་རྣམས་སོ། །དེ་ལྟ་བུའི་རྩ་བའི་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཆེན་པོ་ཡབ་ཡུམ་ལ་བརྟེན་པའི་རྣམ་དག་ཀྱང་། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ་བསྟན་པའི་ཕྱིར་ཡབ་ཡུམ་མཉམ་པར་སྦྱོར་བ། ཆོས་ཉིད་འགྱུར་བ་མེད་པས་སྐུ་མདོག་མཐིང་ནག །སྐུ་གསུམ་དང་རྣམ་ཐར་གསུམ་གྱི་ངོ་བོ་དབུ་གསུམ། ཕར་ཕྱིན་དྲུག་གི་ངོ་བོ་ཕྱག་དྲུག །རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་བཞི། ཕྱག་ན་ཐེག་པ་རིམ་དགུ་མཚོན་པའི་རྡོ་རྗེ་རྩེ་དགུ། ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་རྩེ་ལྔ། ཉོན་མོངས་པ་སྲེག་པའི་ཡེ་ཤེས་ཀྱི་མེ་དཔུང་། དུག་གསུམ་རྩད་ནས་གཅོད་ཕྱིར་ཁ་ཊྭཱཾ་རྩེ་གསུམ། གདུག་པ་མཐའ་དག་འདུལ་ཕྱིར་རི་རབ་ཕུར་བུ་འདྲིལ་བ། གཞན་ཡང་གཞི་ལམ་འབྲས་བུའི་ཡོན་ཏན་མཐའ་དག་མཚོན་པའི་ཕྱིར་བྱུག་པའི་རྩི་གསུམ། བགོ་བའི་གོས་གསུམ། གདགས་པའི་རྒྱན་གསུམ་སྟེ་དུར་ཁྲོད་ཀྱི་ཆས་དགུ། སྐུའི་གར་གསུམ། གསུང་གི་གར་གསུམ། ཐུགས་ཀྱི་གར་གསུམ་སྟེ་གར་གྱི་ཉམས་དགུ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཁམས་གསུམ་སྲིད་པ་གསུམ་ན་འགྲན་གྱི་ཟླ་མེད་པའི་ཆེ་བཙན་དཔའ་བོ་ཁམས་གསུམ་དབང་དུ་སྡུད་ཅིང་། སྲིད་གསུམ་ཟིལ་གྱིས་གནོན་པའི་ཁྲོ་མཆོག་ཀུན་གྱི་རྒྱལ་པོའི་རྣམ་པར་སྣང་བ་གང་ཞིག །རྒྱུད་ལས། ཆད་པ་མ་ཡིན་རིག་ཅིང་གསལ། །རྟག་པ་མ་ཡིན་ངོས་གཟུང་མེད། །སྣང་སྟོང་དབྱེར་མེད་གཏན་ལ་དབབ། །མ་བསྐྱེད་རྫོགས་པའི་ཚུལ་དུ་བསྒོམ། །ཞེས་གསུངས་པ་ལྟར། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་མཚན་གཞི་སྣང་སྟོང་ངམ་གསལ་སྟོང་གདོད་ནས་དབྱེར་མེད་ཟུང་འཇུག་གི་དགོངས་པར་འབབ་པ་ཞིག་ལ་བཤད་དོ། །དེ་ལྟར་བསྐྱེད་རྫོགས་གཉིས་ལ་ལྡོག་པའི་ངོ་བོ་སྦྱར་ན་ཡན་ལག་བརྒྱད་ཅུ་རུ་འགྱུར་བར་གསུངས་སོ། །གཉིས་པ་གསལ་གདབ་པ་ནི། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་ཉིད་མིན་ཏེ། །ཕུང་པོ་རྡོ་རྗེའི་བདག་ཉིད་དེ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་པས་བསྟན། འདི་བསྐྱེད་རྫོགས་ཀྱི་དོན་གནད་ཤིན་ཏུ་ཟབ་པའི་རྡོ་རྗེའི་ཚིག་སྟེ། གྲུབ་པའི་རིག་འཛིན་རྣམ་གསུམ་གྱི་ཞལ་སྔ་ནས་དགོངས་པའི་གནད་ལེན་ལུགས་ཅུང་ཟད་རེ་དང་བཅས་ཏེ་གསུངས་པའི་གནད་འགག་གི་སྙིང་པོ་ཙམ་དྲིལ་ཏེ་ཅུང་ཟད་རྒྱས་པར་བཤད་ན་གཉིས། རྟོགས་པས་བདག་བསྒྲལ་བ་དང་། ཐུགས་རྗེས་གཞན་བསྒྲལ་བའོ། །དང་པོ་ལ་གཉིས། བསྐྱེད་པའི་རིམ་པ་དང་སྦྱར་བ་དང་། རྫོགས་པའི་རིམ་པ་དང་སྦྱར་བའོ། །དང་པོ་ནི། སྙིང་རྗེས་ཞེས་པ་ཆོས་ལ་དམིགས་པའི་སྙིང་རྗེ་སྟེ། དེའང་དུས་གསུམ་རྒྱལ་བའི་ཐུགས་རྗེ་ཆེན་པོའི་རང་བཞིན་ལས་རང་ཤར་བའི་སྐུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་རྟགས་ཀྱི་ཕྱག་རྒྱའི་གཟུགས་སྒྱུ་མ་ལྟ་བུའོ། །བསྒྲལ་བའི་ཞེས་པ་དང་དཔལ་རྡོ་རྗེ་གཞོན་ནུར་ཤར་བ་དེས་ཐ་མལ་དུ་འཛིན་པའི་ཕུང་ཁམས་སྐྱེ་མཆེད་དབང་ཤེས་ཡུལ་དང་བཅས་པ་རྟོག་པ་མེད་ཅིང་དག་པར་བྱེད་པ་ལ་བསྒྲལ་ཞེས་བྱའོ། །དམ་ཚིག་ནི་ཞེས་པ་ཤེས་རབ་སྟོང་པའི་རང་འོད་ཡུམ་དམ་ཚིག་གི་ཕྱག་རྒྱའོ། །ཡང་ན། ས་མ་ཡ་ཞེས་པའི་སྒྲ་ལས་མི་འདའ་བའི་ཕྱིར་དམ་ཚིག་སྟེ། ལྷའི་སྐུར་གསལ་པའི་སྣང་བ་དེ་ལས་མི་འདའ་བའོ། །བསད་ཅིང་མནན་པ་ཉིད་མིན་ཏེ། །ཞེས་པ་ནི། ཐ་མལ་གཉིས་འཛིན་གྱི་རྟོག་པ་མེད་པར་བྱས་པ་དེའང་ཉོན་མོངས་པ་ཞེ་སྡང་གིས་བསད་ཅིང་གཏི་མུག་གིས་མནན་པ་ལྟ་བུ་མ་ཡིན་ཏེ། འོ་ན་ཐབས་གང་གིས་ན། ཕུང་པོ་རྡོ་རྗེའི་བདག་ཉིད་དེ། །ཞེས་པས་ཕུང་ཁམས་སྐྱེ་མཆེད་རྣམས་གདོད་ནས་ལྷའི་ངོ་བོ་དང་དབྱེར་མི་ཕྱེད་པར་དག་མཉམ་དགོངས་པའི་གཟེར་གྱིས་གདབ་པའི་ཕྱིར་རྡོ་རྗེ་མི་ཕྱེད་པ་ཆེན་པོའི་བདག་ཉིད་དུ་གདོད་ནས་གནས་པ་ལ་ཡིན་ལུགས་གསལ་ཡང་ཡང་དུ་བཏབ་པས་གསོས་འདེབས་པ་ལ་བྱ་ཞིང་། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་པ། ཚོགས་བརྒྱད་ཀྱི་འཕྲོ་གཞི་ཀུན་གཞིའི་རྣམ་པར་ཤེས་པས་མཚོན་སྒོ་ལྔའི་རྣམ་ཤེས་འཁོར་དང་བཅས་པ་ཡེ་ཤེས་རྡོ་རྗེ་ལྔ་སོགས་ཀྱི་བདག་ཉིད་དུ་གནས་གྱུར་དག་པའི་རང་བཞིན་དུ་གདོད་ནས་གསལ་བར་གྲུབ་པ་ལས་ཐ་མལ་མཚན་རྟོག་གི་འཁྲུལ་པ་འཁོར་བའི་རྒྱུར་ཤར་བ་ཐམས་ཅད་དག་མཉམ་གཉིས་སུ་མེད་པའི་རྡོ་རྗེ་ལྷ་དང་ལྷ་མོ། ཁྲོ་བོ་དང་ཁྲོ་མོ། སེམས་དཔའ་དང་སེམས་མའི་ངོ་བོར་ངེས་པ་ཡིན་ལ། མན་ངག་ལྟར་ན། ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམ་པ་ལ་བཤད་དོ། །གཉིས་པ་རྫོགས་པའི་རིམ་པ་དང་སྦྱར་ན། སྙིང་རྗེས་ཞེས་པ་དམིགས་པ་མེད་པའི་སྙིང་རྗེ་སྟེ། དེའང་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་སྟོད་ཉིད་མཉམ་པ་ཆེན་པོའི་རང་བཞིན་དང་། བསྒྲལ་བའི་ཞེས་པ་སྤྲོས་བྲལ་དེས་དངོས་པོ་དང་མཚན་མར་འཛིན་པའི་རྟོག་པ་མེད་པའམ་དག་པར་བྱས་པ་ལ་བསྒྲལ་བ་ཞེས་བྱ་བ་ལ། དམ་ཚིག་ནི་ཞེས་པ་སྤྲོས་པ་དང་བྲལ་བའི་དགོངས་པ་ཟབ་མོ་དེ་ལས་མི་འདའ་བ་དང་། བསད་ཅིང་མནན་པ་ཉིད་མིན་ཏེ། །ཞེས་པས། དངོས་འཛིན་གྱི་རྟོག་ཚོགས་དེའང་ཞེ་སྡང་དང་གཏི་མུག་གིས་བསད་ཅིང་མནན་པ་ལྟ་བུ་ཉིད་ནི་མ་ཡིན་ཏེ། ཐབས་མཁས་ཟབ་མོའི་ཁྱད་པར། ཕུང་པོ་རྡོ་རྗེའི་བདག་ཉིད་དེ། །ཞེས་པས། ཕུང་པོ་ལྷར་ཤེས་པས་དེའང་སྟོང་པ་ཉིད་ཀྱི་རྡོ་རྗེའི་བདག་ཉིད་དང་དབྱེར་མི་ཕྱེད་པར་བྱེད་པའི་ཐབས་ཀྱིས་སོ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། ཞེས་པ་ནི། དེ་ལྟར་སྟོང་པར་ལྟ་བར་བྱེད་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱང་དེའི་ངོ་བོར་མ་གྲུབ་པར་ཤེས་པའི་མཐའ་བྲལ་ཟབ་མོའི་ལྟ་བ་བདེ་སྟོང་ཐབས་ཤེས་དབྱེར་མེད་སྣང་སྟོང་མཉམ་པ་ཆེན་པོ་ཟུང་འཇུག་གི་རྡོ་རྗེ་མི་ཕྱེད་པ་ཆེན་པོ་ཉིད་དུ་བཅིངས་པའི་དོན་ནོ། །གཉིས་པ་ཐུགས་རྗེས་གཞན་བསྒྲལ་བ་དང་སྦྱར་ན། སྙིང་རྗེས་ཞེས་པ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་སྟེ། དེའང་སྤྱིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རྒྱུ་ལས་དང་ཉོན་མོངས་པ་དང་ལྡན་ཅིང་། འབྲས་བུ་སྡུག་བསྔལ་ལ་སྤྱོད་པའི་ཡུལ་རྣམས་དང་། བྱེ་བྲག་བསྒྲལ་བའི་ཞིང་བཅུ་ལ་སོགས་པ་ལ་སྙིང་བརྩེ་བའོ། །བསྒྲལ་བའི་ཞེས་པ་འདི་ནས་ཕ་རོལ་དུ་བསྒྲལ་ཞིང་། ཕ་རོལ་ནས་མྱང་ངན་ལས་འདས་པའི་སར་བསྒྲལ་བའོ། །དམ་ཚིག་ནི། བསད་ཅིང་མནན་པ་ཉིད་མིན་ཏེ། །ཞེས་བསྒྲལ་བའི་དམ་ཚིག་ཞེ་སྡང་དྲག་པོས་བསད་པ་དང་། ང་རྒྱལ་གྱི་དབང་གི་ས་འོག་ཏུ་མནན་ཅིང་བཅིངས་པ་ལྟ་བུ་མ་ཡིན་པར། ཐབས་མཁས་ཟབ་མོས་ཏེ། ཕུང་པོ་རྡོ་རྗེའི་བདག་ཉིད་དུ། །ཞེས་བསྒྲལ་བྱའི་ཕུང་པོ་ཁམས་དང་སྐྱེ་མཆེད་དང་བཅས་པ་རྣམས་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱི་བདག་ཉིད་དུ་གནས་བསྒྱུར་བས་སོ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་བསྒྲལ་བྱའི་རྣམ་པར་ཤེས་པ་དེ་ཉིད་ཡི་གེ་ཧཱུྃ་གི་རྣམ་པར་བྱས་ཏེ་རྡོ་རྗེ་གཞོན་ནུའི་སྲས་སུ་བྱས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་པར་བྱས་པའོ། །འདིར། བསད་ཅིང་མནན་པ་ཉིད་མིན་ཏེ། །ཞེས་དང་། ཕུང་པོ་རྡོ་རྗེའི་བདག་ཉིད་དུ ། །ཞེས་བསྒྱུར་ལ། སྔ་འགྱུར་སོགས་སུ། བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །ཞེས་པར་བསྒྱུར་བ་གཉིས་དོན་ནི་གོང་དུ་བཤད་པ་དང་འདྲའོ། །དེ་ལྟར་རྒྱུད་གཞུང་རྡོ་རྗེའི་ཚིག་འདི་ནི་ཤིན་ཏུ་ཟབ་མོའི་གནས་ཡིན་པས་གོང་དུ་བཤད་པའི་དོན་འདི་དག་གུ་རུ་གསུམ་གྱི་དགོངས་པ་བསྡུས་པའི་ལུགས་སུ་འཆད་པར་སེམས་ཤིང་། ལྷ་སྐུ་གསལ་གདབ་ཀྱི་སྐབས་སུ་འདིར་བསྐྱེད་རིམ་དང་གཙོ་བོར་འབྲེལ་བའི་དབང་དུ་བྱས་ལ། དེའང་སྙིང་རྗེས་བསྒྲལ་བའི་ཞེས་པས་གཙོ་བོ་རྡོ་རྗེ་གཞོན་ནུ་ཉིད་གསལ་བ་དང་། དམ་ཚིག་ནི་ཞེས་པས་ཡུམ། བསད་ཅིང་མནན་པ་ཉིད་མིན་ཏེ། །ཕུང་པོ་རྡོ་རྗེ་བདག་ཉིད་དུ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་པས་རང་ཉིད་ཉོན་མོངས་པ་ལས་གྲོལ་བའི་ལྷ་སྐུ་སེམས་དཔའ་གསུམ་དང་བཅས་པ། བ་སྤུའི་བུ་གའི་ཁྲོ་ཆུང་རྣམས་བཅས་ལྷག་པར་གསལ་གདབ་པའོ། །དེ་དང་རྗེས་འབྲེལ་གསང་བ་སྔགས་ཀྱི་སྒོ་ནས་བསྐྱེད་པའི་གཞི་བཤད་པ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ། དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པ་ལ་གསུམ། སློབ་དཔོན་གསུམ་གྱི་དགོངས་པ་བསྡུས་ཏེ་བཤད་པ། རྒྱུད་ཀྱི་དགོངས་པ་ལྟར་བཤད་པ། ཐམས་ཅད་འདུས་པའི་ལུགས་སོ། །དང་པོ་ནི། གུ་རུ་པདྨའི་དགོངས་པ། ༀ་སྐུ་ལྔ་ཡེ་ཤེས་ལྔ། བཛྲ་དུས་གསུམ་འདུས་མ་བྱས་པ། ཀཱི་ལི་ལྷ་དང་ཕུར་པ་གསོ་བ། ཀཱི་ལ་ཡ་ཕུར་པ་འདེབས་པ་། སརྦ་དགྲ་བགེགས་ཐམས་ཅད། བིགྷྣཱན་མནན་པ། བྃ་ཧཱུྃ་དབང་དུ་སྡུད་པ། ཕཊ་སྒྲོལ་བ་དང་། གུ་རུ་བི་མ་ལའི་དགོངས་པ། ༀ་ཐུགས་རྗེ་ཡེ་ཤེས་ལྔ་ལྡན། བཛྲ་རྡོ་རྗེ་དབྱེར་མེད། ཀཱི་ལི་ཕུར་པ། ཀཱི་ལ་ཡ་སྐྱེ་མེད་འགག་མེད། སརྦ་ཉོན་མོངས་ཡེ་ཤེས་སུ་སྒྱུར་ཅིག །བིགྷྣཱན་ཡེ་ཤེས་ཀྱིས་ཉོན་མོངས་གཟིར་ཞིག །བྃ་དབང་དུ་བྱ་བ། ཧཱུྃ་ཉོན་མོངས་ཆོམས་ཤིག །ཕཊ་ཉོན་མོངས་སྲེགས་ཤིག་དང་། གུ་རུ་བལ་པོ་ཤཱི་ལས། ༀ་ཡེ་ཤེས་ལྔ། བཛྲ་ཀཱི་ལི་ཕུར་བུ། ཀཱི་ལ་ཡ་འདེབས་པ། སརྦ་ཐམས་ཅད། བིགྷྣཱན་ཕུར་བུའི་རི་རབ་ཀྱིས་མནན་པ། བྃ་དབང་དུ་སྡུད་པ། ཧཱུྃ་གིས་སྐུ་བསྐྱེད་པ། ཕཊ་སྤྲོ་བའི་དོན་དུ་འཆད་དོ། །གཉིས་པ་རྒྱུད་ཀྱི་དགོངས་པ་ལྟར་ན་གསུམ་སྟེ། ལྷ་དང་སྦྱར་ཏེ་བཤད་པ། ཆོས་ཉིད་དང་སྦྱར་ཏེ་བཤད་པ། བྱང་སེམས་དགོངས་པ་དང་སྦྱར་ཏེ་བཤད་པའོ། །དང་པོ་ནི། རྒྱུ་མ་ནོར་བ་རྩ་བའི་སྔགས་ཧཱུྃ་ངོ་། །བསྐྱེད་པ་རྐྱེན་གྱི་སྔགས་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། བསྐུལ་བ་ལས་ཀྱི་སྔགས་སརྦ་བིགྷྣཱན། བཟླས་པ་ལས་ཀྱི་སྔགས་བྃ་ཧཱུྃ་ཕཊ་ཅེས་པའོ། །གཉིས་པ་ནི། ཛཔ྄་དགོངས་དང་སྦྱར་བ་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཆོས་ཐམས་ཅད་རང་བཞིན་མེད་པ། གསལ་ལ་ངོས་གཟུང་མེད་པ། སྒྲ་གྲགས་སྟོང་དུ་བཟླས་པའོ། །གསུམ་པ་ནི། ༀ་རྒྱལ་བ་ཐམས་ཅད་ཀྱི་སྐུ། །བཛྲ་དབྱིངས་གཏིང་མཐའ་མེད་པ། ཀཱི་ལི་ཀཱི་ལ་ཡ་ཕུར་བུ་ལས་འོད་ཟེར་འཕྲོས་པས་བསྒྲལ། སརྦ་ཡུམ་གྱི་མཁའ། བིགྷྣཱན་ཡབ་ཀྱི་མཁའ་བྃ་མཁའ་དབྱིངས་སྦྱོར་བ། ཧཱུྃ་བུདྡྷའི་ཐུགས་ཡེ་ཤེས་ལྔ། ཕཊ་ཁྲོ་བོ་ཁྲོ་མོ་སྤྲོ་བའོ། །གསུམ་པ་ཐམས་ཅད་འདུས་ལུགས་ནི། ཁྲག་འཐུང་རྩ་བའི་རྒྱུད་ལས། ༀ་ནི་དཔལ་ཆེན་ཡབ་ཡིན་ཏེ། །བཛྲ་ཤེས་རབ་ཡུམ་ཡིན་ནོ། །ཀཱི་ནི་ཡེ་ཤེས་ཁྲོ་བོ་ལ། །ལི་ནི་དབྱིངས་ཀྱི་ཁྲོ་མོ་བཅུ། །ཀཱི་ནི་ཐབས་ཀྱི་མཆེ་བ་ཅན། །ལ་ནི་ཤེས་རབ་གཤོག་པ་ཅན། །ཡ་ནི་སྲས་མཆོག་ཕུར་པ་སྟེ། །ཧཱུྃ་ནི་ཕྱག་བརྙན་སྒོ་མ་བཞི། །སརྦ་ཐམས་ཅད་འདུས་པ་སྟེ། །བིགྷ་དགྲ་དང་བགེགས་ཡིན་ནོ། །ནཱན་ནི་དགྲ་དང་བགེགས་མནན་ནོ། །བྃ་ནི་དབང་དུ་བསྡུས་པ་སྟེ། །ཧཱུྃ་ནི་བརླག་པར་བྱེད་པའོ། །ཕཊ་ནི་བསྒྲལ་བའི་ཕྲིན་ལས་རྫོགས། །ཞེས་གསུངས་པ་ལྟར། འདི་ལྟ་བུའི་སྔགས་གཅིག་པུ་འདི་ལ་ལྷ་ཐམས་ཅད་ཀྱི་གསང་སྔགས་འདུས་པ་ཡིན་ལ། སྤྱིར་ཀཱི་ལ་ཡ་ལ་རྒྱས་འབྲིང་བསྡུས་གསུམ་ལས། བསྡུས་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་པའི་འབྲུ་དགུ་པ་དང་། འབྲིང་པོ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿཧཱུྃ་ཕཊ། ཅེས་པའི་འབྲུ་བཅུ་གསུམ་པ་དང་། རྒྱས་པ་ནི་སྔར་བཤད་པ་འདི་ཉིད་ཡིན་པར་གསུངས་པ་དེས་གཙོ་བོ་ཡབ་ཀྱི་སྙིང་པོའི་བསྐྱེད་གཞི་བསྟན་ཅིང་། ཡུམ་གྱི་བསྐྱེད་གཞིའི་གསང་སྔགས། དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པའི་སྔགས་དོན། དཱིཔྟ་འབར་བ། ཙཀྲ་འཁོར་ལོ། ཧ་ན་ཧ་ན་བསྣུན་བསྣུན་ཞེས་པ་སྟེ་འཁོར་ལོ་འབར་བ་བསྣུན་བསྣུན་ཞེས་པའི་དོན་དུ་འགྱུར་བར་བཤད་ལ། མན་ངག་སྒོམ་རིམ་རྣམས་སུ་འདིའི་སྔགས་དོན་གྱི་དབང་གིས་ཡུམ་གྱི་ཕྱག་གཡས་པ་དྲག་པོའི་འཁོར་ལོ་བསྣམས་པར་བསྐྱེད་པར་ཡང་སྣང་ལ། དོན་དུ་ལུས་དང་གྲིབ་མའི་ཚུལ་དུ་ཡབ་ཡུམ་ཐབས་ཤེས་འདུ་འབྲལ་མེད་པར་མཉམ་ཉིད་ཡངས་པའི་ཀློང་དུ་ལྷན་ཅིག་སྐྱེས་པའི་དོན་གྱིས་ཀཱི་ལ་ཡ་དང་ལྷན་ཅིག་ཏུ་གསུངས་པར་བཤད་དོ། །དེས་བདག་ཉིད་རྩ་བའི་དཀྱིལ་འཁོར་བསྟན་ཟིན་ནས། གཉིས་པ་ལོངས་སྐུའི་ངོ་བོ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྟན་པ་ལ་བཤད་རྒྱུད་ཀྱི་གླེང་གཞི་ལྟར་འདི་ལྟར་ཤེས་པར་བྱ་སྟེ། གོང་དུ་དཔལ་ཆེན་པོའི་གླེང་གཞི་ལས་བཤད་པ་ལྟར་རྡོ་རྗེ་ཁྲག་འཐུང་ཧེ་རུ་ཀ་ཡབ་ཡུམ་གྱིས་རུ་དྲ་བསྒྲལ་བའི་གནས་སྐབས་སུ་རུ་དྲའི་སྙིང་ཁྲག་མཐེབ་ལོང་ཙམ་གཉིས་ཡར་བ་ལས། རུ་དྲའི་སྲས་དྲག་བྱེད་མ་ཧཱ་དེ་བ་དང་། ཡུམ་དྲག་མོ་རལ་གཅིག་མ་ཞེས་བྱ་བ་དང་། དྲག་མོ་སྲིད་པ་འཁོར་བྱེད་མ་ཞེས་བྱ་བ་གཉིས་དང་ལྡན་ཏེ། དེ་གཉིས་ལས་སྲས་ཕྱོགས་བཅུར་དམ་སྲི་ཆེན་པོ་བཅུ་བྱུང་སྟེ། སྟེང་གི་ཕྱོགས་སུ་ཡབ་ཉི་མ་འབར་གསལ། ཡུམ་ཟླ་བ་སྒྲ་འབྱིན་མ། བུ་ཕོ་ཉི་མ་ཕག་གི་མགོ་ཅན་དང་། བུ་མོ་ཟླ་བ་རྨིགས་བུའམ་རྩངས་པའི་མགོ་ཅན་ནས། འོག་ཏུ་ས་བདག་གཞན་སྟོབས་འཇོམས་དང་། ས་བདག་མོ་རླུང་གི་གཟུགས་འཛིན་མ། བུ་དྲེད་དམ་དོམ་གྱི་མགོ་ཅན། བུ་མོ་བྱི་ལའམ་བྱི་བའི་མགོ་ཅན་གྱི་བར་དུ་བྱུང་སྟེ་ཁམས་གསུམ་གྱི་སྲོག་ལ་རྔམ་པའི་མ་རུངས་གདུག་པའི་ཚོགས་དེ་དག་གི་གཉེན་པོར་དཔལ་ཆེན་རྡོ་རྗེ་སྲིན་པོ་ཡབ་ཡུམ་གྱི་གང་འདུལ་ཐུགས་རྗེ་ཆེན་པོའི་ཆོ་འཕྲུལ་ལས་རང་ཤར་བའི་ཚུ ལ་གྱིས་མཁའ་གསང་ནས་འོད་ཀྱི་གོང་བུ་བཅུ་སྟེང་འོག་ཕྱོགས་མཚམས་སུ་སྤྲོས་པ་ལས་ཁྲོ་བོ་བཅུ་ཡབ་ཡུམ་ཁྲ་ཐབས་དང་བཅས་པ་ཕྱོགས་བཅུར་སྤྲོས་ནས་གདུག་པའི་དམ་སྲི་བཅུ་གདན་དུ་བྱས། དེའི་ཚེ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ཞིང་བདུད་བཞི་རང་སར་ཞི་བར་མཛད་པར་གསུངས་བ། འདིར་རྣལ་འབྱོར་པས་ནང་གི་ཉམས་ལེན་དུ་སྦྱར་བའི་ཐབས་མཁས་གསང་བ་ཟབ་མོའི་གནད་རྣམས་སྤྱི་ཤེས་པར་བྱ་བ་ལ་རྒྱུད་དང་མན་ངག་རྣམས་ལ་ཐོས་བསམ་གྱི་མིག་ཡངས་པར་བསྒྲུབ་པའི་སྒོ་ནས་ངེས་པར་གལ་ཆེའོ། །འདིར་དེ་དག་ཞིབ་རྒྱས་བཀྲལ་བ་ལ་ཡི་གེས་འཇིགས་ཤིང་། གཞུང་དོན་ཚིག་ཙམ་བཀྲོལ་བ་ལ་གཉིས། གསོལ་བ་གདབ་པ་དང་། བསྐྱེད་པ་དངོས་སོ། །དང་པོ་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །འཁོར་བ་རྡོ་རྗེར་སྒྲུབ་པར་མཛོད། །འཁོར་བ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་བར་མཛོད། །ཅེས་པས་བསྟན། དེའང་རྡོ་རྗེ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་སྐུ་ཡིན་ཏེ། ཧེ་བཛྲ་ལས། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །ཅེས་གསུངས་པ་ལྟ་བུའོ། །གཞོན་ནུ་ནི་དེ་ལྟ་བུའི་དོན་ལ་འགྲེས་རྒུད་དང་བྲལ་བའི་ངོ་བོ་སྟེ། མདོར་ན་དཔལ་ཆེན་པོ་ཉིད་ཡིན་ཏེ། བི་ཏོ་ལས། དབྱིངས་དང་ཡེ་ཤེས་དབྱེར་མེད་པའོ། །རྡོ་རྗེ་འདུས་མ་བྱས་པའི་དོན། །ཉོན་མོངས་སྤངས་ཕྱིར་གཞོན་ནུ་ལ། །དོན་རྟགས་གཉིས་སུ་འབྲེལ་བའོ། །ཞེས་གསུངས་པ་ལྟར་རོ། །རིག་འཛིན་ནི་སྤྱིར་རྡོ་རྗེའི་རིགས་ཀྱི་རིག་འཛིན། དེ་བཞིན་དུ་རཏྣ། པདྨ། ཀརྨ། བུདྡྷའི་རིག་འཛིན་དང་། རྣམ་སྨིན། ཚེ་དབང་། ཕྱག་ཆེན། ལྷུན་གྲུབ་ཀྱི་རིག་འཛིན་བཞིར་ཡང་བཤད་ལ། དོན་དུ་གཙོ་བོ་རྡོ་རྗེ་གཞོན་ནུའི་རིག་པ་འཛིན་པ་ཁྲོ་བོ་བཅུའོ། །འཁོར་བའམ་སྲིད་པ་ནི་ཕྱིའི་སྲིད་པ་ཁམས་གསུམ། ནང་གི་སྲིད་པ་ལུས་ངག་ཡིད་གསུམ་སྟེ། འཁོར་བའམ་སྲིད་པ་དེ་དག་དོན་དམ་པར་སྐྱེ་བ་མེད་པའི་རྡོ་རྗེར་སྒྲུབ་པར་མཛོད་ཅིག་ཅེས་དང་། འཁོར་བའམ་སྲིད་པ་དེ་དག་ཀུན་རྫོབ་ཏུ་རྡོ་རྗེ་ཕུར་པའི་ལྷ་ཚོགས་སུ་བསྒྲུབ་པ་དང་། དེའང་འཇིག་རྟེན་ཞི་བའི་རང་བཞིན་དུ་གནས་པ་རྣམས་ཀྱང་ཡེ་ཤེས་ཁྲོ་བོའི་རང་བཞིན་ཉིད་དུ་སྒྲུབ་པར་མཛོད་ཅིག་ཅེས་ཆོས་ཉིད་ཀྱི་རང་སྒྲས་བསྐུལ་བས། བདག་ཉིད་རྩ་བའི་དཀྱིལ་འཁོར་ལས་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ཐུགས་རྗེ་འགག་པ་མེད་པའི་ཆོ་འཕྲུལ་གྱི་སྤྲིན་འཕྲོ་བའི་ཆེད་དུ་གསོལ་བ་འདེབས་པའི་དོན་དུ་འགྲེལ་ཆེན་འབུམ་ནག་གི་དགོངས་པ་བཞིན། འཇམ་མགོན་ཨ་མེས་ཞབས་ཀྱང་བཞེད་ལ། འགྲེལ་ཆེན་དུ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པའི་འོག་ཏུ་འདི་ཉིད་ཀྱི་ཚིག་བྱུང་ཡང་། འདིར་སྟབས་བདེ་ཞིང་འགལ་བའང་མེད་པས་ཁྲོ་བོའི་དཀྱིལ་འཁོར་སྤྲོ་བའི་གསོལ་གདབ་ཀྱི་ཕྱིར་འདིར་འབྲེལ་ཆགས་པ་ལྟར་བཤད་པའོ། །གཉིས་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་སྤྲོ་བ་དངོས་ནི། ༀ་བཛྲ་ཀྲོ་དྷ་ༀ་ཀ་ར་ཧཱུྃ། ཞེས་པ་ནས། བྱང་དུ་ཁྲའི་མགོ་ཅན་ནོ། །ཞེས་པའི་བར་གྱིས་བསྟན། དེ་ལའང་བྱང་སེམས་རྒྱུའི་ཁྲོ་བོ་བཅུ། བསྐྱེད་པའི་ཡེ་ཤེས་ཀྱི་ཁྲོ་བོ་བཅུ། གདུལ་བྱ་སྤྲུལ་པའི་ཁྲོ་བོ་བཅུ། དྲག་པོ་འདུལ་བ་གསུང་གི་ཁྲོ་བོ་བཅུ། ཡེ་ཤེས་རྩེ་གཅིག་ཐུགས་ཀྱི་ཁྲོ་བོ་བཅུ། གྲངས་ངེས་པ་བཅུ། སྐུ་མདོག་ངེས་མ་ངེས་བཅུ། ཕྱག་མཚན་ངེས་མ་ངེས་བཅུ། རྣམ་དག་ངེས་མ་ངེས་བཅུའི་སྒོ་ནས་ཞིབ་པར་ཤེས་དགོས་ཀྱང་། འདིར་དེ་དག་གི་དགོངས་པའི་སྙིང་པོ་བསྡུས་པའི་ཚུལ་གྱིས་ཚིག་ཉུང་ངུའི་སྒོ་ནས་འཆད་པ་ལ་སྤྱིའི་དོན་དང་། གཞུང་གི་དོན་གཉིས། དང་པོ་ནི། སྤྱིར་ཁྲོ་བོ་ཞེས་པ་ཐུགས་ཆོས་ཉིད་ལས་གཡོ་བ་མེད་པའི་ངང་ནས་ཐུགས་རྗེའི་རྩལ་རབ་ཏུ་ཕྱུང་བ་ལ་ཁྲོ་བོ་དང་། སྙིང་རྗེས་སེམས་ཅན་གྱི་དོན་མཛད་པས་ཤུགས་ཀྱིས་ཁྲོ་བས་ཤུགས་ཁྲོ་དང་། ཉོན་མོངས་རྣམ་རྟོག་དང་ལྷན་ཅིག་མི་གནས་པར་རང་བཞིན་ཁྲོ་བ་དང་བཅས་པ་དང་། ཞི་བས་མི་ཐུལ་བ་རྣམས་འདུལ་བའི་ཕྱིར་གདུལ་བྱའི་དབང་གིས་སྐུ་གསུང་ཐུགས་ཀྱི་རྣམ་པར་ཁྲོ་བར་བཅོས་པས་ན་ཁྲོ་བོ་ཞེས་བྱ་སྟེ། ཀཱི་ལ་ཡ་ཏནྟྲ་བཅུ་གཉིས་པའི་རྒྱུད་ལས། ངང་ཁྲོ་ཤུགས་ཁྲོ་ཁྲོ་བར་བཅས་དང་བཅོས། །ཞེས་གསུངས་པའོ། །དེ་ལ་དབྱེ་ན། གོང་དུ་བསྟན་པའི་བྱང་སེམས་རྒྱུའི་ཁྲོ་བོ་བཅུ་ནི་དཔལ་ཆེན་ཡབ་ཡུམ་བདེ་སྟོང་མཉམ་པར་རོལ་པའི་ཐུགས་རྗེའི་རྩལ་མ་འགགས་པའི་ཆོ་འཕྲུལ་ལས་སྦྱོར་མཚམས་ནས་ཧཱུྃ་ཡིག་སྦྲེལ་མ་བཅུ། ཐིག་ལེ་དཀར་དམར་བཅུ་བཅུ་སྟེ་བཞི་བཅུ་དང་། ཛཿཧཱུྃ་བྃ་ཧོཿསྟེ་ཡིག་འབྲུ་བཞི་བཅས་ཕྱོགས་བཅུ་སྒོ་བཞི་དང་བཅས་པ་ལ་སྤྲོས་པའི་ཆོ་འཕྲུལ་ཉིད་ལ་བྱ། བསྐྱེད་པའི་ཡེ་ཤེས་ཀྱི་ཁྲོ་བོ་བཅུ་ནི་བསྐྱེད་པ་རྐྱེན་གྱི་སྔགས་བཅུས་ལྷ་རང་རང་ཀྲོང་ངེར་བྱོན་པ་ལ་བཤད། གདུལ་བྱ་སྤྲུལ་པའི་ཁྲོ་བོ་ནི་ཁྲོ་བོ་ཡབ་ཡུམ། མགོ་བརྙན་ཡབ་ཡུམ། སྒོ་མ་བཞི་དང་བཅས་པ་རྣམས་སྐུ་མདོག་ཆ་ལུགས་སྣ་ཚོགས་སུ་ཤར་བ་ལ་ངོས་འཛིན། དྲག་པོ་འདུལ་བ་གསུང་གི་ཁྲོ་བོ་བཅུ་ནི། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཞེས་པ་ནས། མ་ཧཱ་བ་ལའི་བར་དང་། བཟླས་སྔགས་ཧ་ན་ཧ་ན་སོགས་དང་། པ་ཙ་པ་ཙ་ཞེས་སོགས་ཐོག་འདྲིལ་བ་ལྟ་བུའི་རྣོ་ངར་དྲག་རྩལ་བཟོད་དུ་མེད་པར་འབར་བའི་མཐུ་ལྡན་ངོས་འཛིན་པར་བཤད། ཡེ་ཤེས་རྩེ་གཅིག་ཐུགས་ཀྱི་ཁྲོ་བོ་བཅུ་ནི་ཁྲོ་བཅུའི་ཕུར་པ་སོར་བཅུ་གཉིས་པ། མགོ་བརྙན་གྱི་ཕུར་པ་སོར་བརྒྱད་པ། སྒོ་མ་བཞིའི་ཕུར་པ་སོར་བཞི་པ་སྟེ། ལྷ་ཕུར་བྱུགས་བདུག་བྲབས་པས་གཟི་བྱིན་བསྐྱེད་པ་རྣམས་ཡིན་པར་གསུངས་སོ། །གྲངས་ངེས་པ་ནི་ཁྲོ་བོ་བཅུ་འབའ་ཞིག་ཡིན་ཏེ། རྒྱུ་མཚན་ལམ་ཕར་ཕྱིན་བཅུ་བགྲོད་པའི་ཕྱིར་དང་། འབྲས་བུ་སྟོབས་བཅུ་ལ་མངའ་མཛད་པའི་ཕྱིར་དང་། སྤང་བྱ་མི་དགེ་བ་བཅུ་དག་པ་དང་། གདུལ་བྱ་ཕྱོགས་སྐྱོང་བཅུ་འདུལ་བ་ལ་མང་བ་དང་ཉུང་བས་དོན་དུ་མི་འགྱུར་བའི་ཕྱིར་ནའོ། །སྟེང་འོག་དང་ཕྱོགས་མཚམས་ཀྱི་ཁྲོ་བོ་རྣམས་གོང་འོག་དང་ཕན་ཚུན་གོ་ས་བསྣོལ་ནའང་དོན་དུ་མི་འགྱུར་ཏེ། སོ་སོའི་གདུལ་བྱ་དེ་དང་དེ་ཡི་གཉེན་པོར་ལྷག་པར་ཤར་བས་ན་གདུལ་བྱའི་གཉེན་པོ་གང་ཡིན་དེ་ལས་གཞན་དུ་གོ་ས་སྤོས་ན་འགལ་བར་གསུངས་ལ། ཁྲོ་བོ་དེ་དག་སྐུ་མདོག་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། ཕུར་པ་གསང་རྒྱུད་ལས། ཧཱུཾ་ཀ་ར་སྔོ་སྐྱ་དང་། རྣམ་རྒྱལ་དཀར་པོར་བཤད་པ་སོགས་དང་། གཞན་ཡང་ཁྲོ་བོ་ཐམས་ཅད་དམར་པོར་བཤད་པ་དང་། རྩ་རྒྱུད་ལས། ཁྲོ་བོ་འདི་དག་ནི་ཡབ་རྡོ་རྗེ་གཞོན་ནུའི་ཆ་དང་མཐུན་པས་མཐིང་ནག་གོ། །ཞེས་ཐམས་ཅད་མཐིང་ནག་ཏུ་གསུངས་པ་དང་། ཀཱི་ལ་ཡ་ཏནྟྲ་བཅུ་གཉིས་པ་ལས། དཔེར་ན་ཚོན་སྔོན་ཁ་དོག་ལ། །ཚོན་གཞན་དག་གིས་བསྒྱུར་དུ་མེད། །དེ་བཞིན་ཁྲོ་རྒྱལ་མཐིང་ནག་ཀྱང། །ཆོས་སྐུ་འགྱུར་བ་མེད་པའི་རྟགས། །ཞེས་བཤད་པ་དང་། གཞན་ཡང་སྐུ་མདོག་གི་ངེས་པ་མང་དུ་ཡོད་པ་དང་། ཕྱག་མཚན་ཀྱང་མ་ངེས་ཏེ། གདུལ་བྱ་གཉེན་པོའི་ཕྱག་མཚན་ཕྱོགས་སྐྱོང་བཅུའི་ཕྱག་མཚན་གྱི་རྣམ་པ་དང་། རིག་པ་རང་རྟགས་ཀྱི་ཕྱག་མཚན་རྡོ་རྗེ་དང་དུང་དམར། གཞན་ཡང་རྦོད་གཏོང་ཕྲ་མེན་གྱི་ཕྱག་མཚན་ལ་སོགས་པ་མང་དུ་གསུངས་ཤིང་། རྟ་མཆོག་རོལ་པ་ལས་ཀྱང། ལྕགས་ཀྱུ་ཕུར་པ་ཐོགས་པ་ཡི། །བདག་ཉིད་ཆེན་པོ་དེ་ཡི་འཁོར། །ཕོ་ཉའི་ཚོགས་དང་བཅས་པ་བསྒོམ། །ཞེས་དང་། རྩ་རྒྱུད་ལས་ཀྱང་། ཕྱག་མཚན་ནི་ལྕགས་ཀྱུ་དང་ཕུར་པའོ། །ཞེས་གསུངས་པས་སོ། །ཕྲིན་ལས་ཕུར་པའི་དཀྱིལ་འཁོར་འདི་ཉིད་ལ་རྩ་བ་དང་ཡན་ལག་གི་ལྷའི་དབྱེ་བའང་རྩ་བའི་ལྷ་ལྔ་བཅུ་རྩ་བདུན། ཡན་ལག་གི་ལྷ་སུམ་ཅུ་རྩ་དྲུག་ཡོད་པར་བཤད་ཅིང་། དོན་དུ་གཙོ་བོ་ཡབ་ཡུམ། ཁྲོ་བོ་ཡབ་ཡུམ་ཉི་ཤུ། སྒོ་མ་བཞི། སྲས་མཆོག་སྟེ་ཉི་ཤུ་རྩ་བདུན་ནི་རྩ་བའི་ལྷ་ཡིན་ལ། སྤྲུལ་པ་ཕྱག་བརྙན་ཉི་ཤུ། དམ་ཅན་བཅུ་དྲུག་སྟེ་སུམ་ཅུ་རྩ་དྲུག་ནི་ཡན་ལག་གི་ལྷ་སྟེ། བསྡོམས་པས་དྲུག་ཅུ་རྩ་གསུམ་འབྱུང་བའང་། ཕུར་པ་རྡོ་རྗེ་བཀོད་པའི་རྒྱུད་ལས། སྣང་སྲིད་ཐམས་ཅད་དྲུག་ཅུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་གྱུར་ཏོ། །ཞེས་གསུངས་པ་ཡིན་ནོ། །དེ་དག་གི་རྣམ་པར་དག་པའི་ཚུལ་ཡང་། ཧཱུྃ་ཀ་ར་འདོད་པའི་སྐྱོན་སྤངས་སྐྱེ་ལ་མངའ་མཛད་པ་ནས། བྱང་སྒོར་ཁྲའི་མགོ་ཅན་བཏང་སྙོམས་དག་པའི་ངོ་བོའི་བར་དུ་གསུངས་པའི་གནད་ཤེས་པ་གལ་ཆེའང་། འདིར་ཡི་གེ་མང་བའི་འཇིགས་པས་མ་སྤྲོས་པ། གསང་རྒྱུད་དང་། གྲུབ་པའི་རིག་འཛིན་རྣམ་གསུམ་གྱི་དགོངས་པ་འགྲེལ་ཆེན་འབུམ་ནག་སོགས་སུ་གསལ་ལོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལ། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་དཔལ་ཧེ་རུ་ཀ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་བདེ་བ་ཆེན་པོའི་རོལ་རྩེད་སྒྱུ་མ་ལྟ་བུའི་མཁའ་གསང་ནས་གང་འདུལ་ཐུགས་རྗེའི་རོལ་པ་ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། ཡབ་ཀྱིས་སྤྲུལ་པའི་མཆེ་བ་ཅན་དང་ཡུམ་གྱིས་སྤྲུལ་པའི་གཤོག་པ་ཅན་ཏེ་ཟ་གསོད་སྤྲུལ་པའི་ཁྲ་ཐབས་ཉི་ཤུ། འགུགས་འཆིང་སྡོམ་མྱོས་ཀྱི་ལས་བྱེད་སྒོ་མ་བཞི་དང་བཅས་པ་བསྐྱེད་པ་རྐྱེན་གྱི་སྔགས་རྣམས་དང་། ཧཱུྃ་ཡིག་སྦྲེལ་མ་དང་ཐིག་ལེར་ཤར་བའི་ཆོ་འཕྲུལ་སྤྲུལ་པའི་ཚུལ་དུ་རྩ་བའི་དཀྱིལ་འཁོར་གྱི་སྟེང་འོག་ཕྱོགས་མཚམས་སུ་སྟེང་ཚངས་པ་ནས་འོག་ས་བདག་གི་བར་གྱི་རང་རང་གི་གདུལ་བྱར་གྱུར་པའི་ཕྱོགས་སྐྱོང་བ་ཕོ་མོ་རྣམས་བསྣོལ་བའམ་ཁ་སྦུབ་གན་རྐྱལ་དུ་གནས་པའི་སྟེང་དུ་མིག་འཕྲུལ་བཞིན་ལམ་སྟེ་ཤར་བ་སྟེ། དེའང་གདན་རེ་རེའི་སྟེང་དུ་ཁྲོ་བོ་ཡབ་ཡུམ་ཁྲ་ཐབས་གཉིས་དང་བཞི་རེ་འཕྲོས་པ་ནི་ཚད་མེད་པ་བཞིའི་ངོ་བོའོ། །དེས་ན་ཡབ་ཡུམ་གྱི་མཁའ་གསང་ནས། ༀ་བཛྲ་ཧཱུྃ་ཀ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཅེས་པའི་བསྐྱེད་པ་རྐྱེན་གྱི་སྔགས་ལས་ཁྲོ་བོ་ཆེན་པོ་ཧཱུྃ་མཛད་དང་། ཧཱུྃ་ལས་ཁྲོ་མོ་རྡོ་རྗེ་སྒྲ་འབྱིན་མ། གརྫས་ཕག་གི་མགོ་ཅན་གཡས་དང་། ཡང་གརྫས་རྨིགས་བུའམ་རྩངས་བའི་མགོ་ཅན་གཡོན་དུ་ཕྱུང་སྟེ་སྟེང་ཕྱོགས་ཚངས་པའི་གདན་ལ་འཁོད། དེའི་སྔགས་དོན་ནི། ༀ་ཡེ་ཤེས་ལྔ། བཛྲ་རྡོ་རྗེ། ཀྲོ་དྷ་ཁྲོ་བོ། ཧཱུྃ་ཀ་ར་ཧཱུྃ་མཛད་དེ། མདོར་ན་རྡོ་རྗེའམ་ཡེ་ཤེས་ཁྲོ་བོ་ཧཱུྃ་མཛད་ཅེས་བྱ་བར་འགྱུར་ལ། ཧཱུྃ་ཞེས་པ་ཡུམ་གྱི་ས་བོན། གརྫ་གརྫ་ཟུངས་ཟུངས་ཞེས་པ་ཡིན་ཏེ། སྤྲུལ་པ་བཀྱེ་བའི་སྔགས་སུའང་གསུངས་ལ། ཧཱུྃ་ཕཊ་ནི། ཧཱུྃ་ཐུགས་ཀྱི་ས་བོན་ཁྲོ་བོ་ཐམས་ཅད་ཀྱི་སྙིང་པོ་དང་། སྡུད་པའི་སྔགས་དང་། དྲག་པོའི་ལས་ལ་བསྐུལ་བའི་དོན་དུའང་འཇུག་པར་བཤད་ཅིང་། ཕཊ་ནི་བསད་པ་དང་། བསྐྲད་པ་དང་། སྤྲོ་བ་སོགས་དུ་མ་ལ་འཇུག་མོད་ཀྱི། མདོར་ན་ཧཱུྃ་ཕཊ་ཅེས་པ་དྲག་པོའི་སྔགས་ཀྱི་མཇུག་སྡུད་དུ་གསུངས་སོ། །ༀ་བཛྲ་ཀྲོ་དྷཱི་དཱི་པ་ཡ་ཏི་ཧཱུྃ། ཞེས་པ་བཛྲ་རྡོ་རྗེ། ཀྲོ་དྷཱི་ཁྲོ་མོ། དཱི་པ་ཡ་ཏི་སྒྲ་འབྱིན་མ། ཞེས་པ་དང་། ༀ་བཛྲ་སུ་ཀ་ར་མུ་ཁ་ཧཱུྃ། ཞེས་པ་བཛྲ་རྡོ་རྗེ། སུ་ཀ་ར་ཕག །མུ་ཁ་གདོང་ཅན་དང་། ༀ་བཛྲ་ཨི་ཥུ་པ་མུ་ཁི་ཧཱུྃ། ཞེས་པ་བཛྲ་རྡོ་རྗེ། ཨི་ཥུ་པ་རྨིགས་བུའམ་རྩངས་པའི་གདོང་ཅན་མ་ཞེས་པར་འགྱུར་ལ། ཡབ་ལས་སྤྲུལ་པའི་ཟ་བྱེད་ཀྱི་ཕ་བཅུ་ནི་གཡས་དང་། ཡུམ་ལས་སྤྲུལ་པའི་གསོད་བྱེད་ཀྱི་མ་བཅུ་གཡོན་དུ་འཁོད་པ་དང་། དེ་བཞིན་དུ་ཤར་ཕྱོགས་དྲི་ཟའི་གདན་ལ། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པའི་སྔགས་ཆ་བཞིར་བགོས་ཏེ་རྣམ་རྒྱལ་ཡབ་ཡུམ་ཕྲ་ཐབས་དང་བཅས་པ་སྤྲོ་བ་སྔར་གྱི་རིགས་འགྲེ་སྟེ་འོག་མ་རྣམས་ལའང་ཤེས་པར་བྱ་ཞིང། ༀ་བཛྲ་ཀྲོ་དྷཱི་ལཱ་སྱ་ཀི་ཧཱུྃ། ཞེས་པ་དེའི་ཡུམ་རྡོ་རྗེ་ལྷ་མོ་སྒེག་མོ་དང་། ༀ་བཛྲ་བྱཱ་ཀྲྀ་མུ་ཁ་ཧཱུྃ་གིས་སྤྲུལ་པའི་ལྷ་མོ་ཕྲ་མེན་མ་སྟག་གི་མགོ་ཅན་དང་། ༀ་བཛྲ་གྲིཌྷྲ་མུ་ཁི་ཧཱུྃ་གིས་བྱ་རྒོད་མགོ་ཅན་ནོ། །ཤར་ལྷོར་མེ་ལྷའི་གདན་ལ། ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་དབྱུག་སྔོན་འཆང་བ་དང་། ༀ་བཛྲ་ཀྲོ་དྷཱི་ཏཱི་ར་ཧཱུྃ་གིས་ཡུམ་རྡོ་རྗེ་སྡེར་མོ་དང་། ༀ་བཛྲ་ཙ་མ་ར་མུ་ཁ་ཧཱུྃ་གིས་ཕྲ་མེན་གཡག་མགོ་ཅན་དང་། ༀ་བཛྲ་ཏ་ནཱ་མུ་ཁི་ཧཱུྃ་གིས་བྱ་རོག་གི་མགོ་ཅན་ནོ། །ལྷོར་གཤིན་རྗེའི་གདན་ལ། ༀ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ་ལས་ཁྲོ་བོ་གཤིན་རྗེ་མཐར་བྱེད་དང་། ༀ་བཛྲ་ཀྲོ་དྷཱི་ཤྨ་ཤ་ན་བ་ཏི་ཧཱུྃ་ལས་ལྷ་མོ་དུར་ཁྲོད་ཀྱི་བདག་མོ་དང་། དེ་བཞིན་ཧ་རི་ཎ་མུ་ཁ་ལས་ཕྲ་མེན་མ་རི་དྭགས་སམ་ཤ་བའི་མགོ་ཅན་དང་། ཨཱུ་ཱུལུ་ཀ་མུ་ཁི་ལས་འུག་པའི་མགོ་ཅན་ནོ། །ལྷོ་ནུབ་ཏུ་སྲིན་པོའི་གདན་ལ། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ། བནྡྷ་བནྡྷ་ཧཱུྃ་ཕཊ་ཀྱིས་ཁྲོ་བོ་མིག་གཡོ་མགོན་པོ་དང་། བཛྲ་ཀྲོ་དྷཱི་མུ་ཧ་ལས་ལྷ་མོ་གཏུན་ཁུང་མ་དང་། བཛྲ་ཏྱ་ཀི་མུ་ཁ་དང་། བཛྲ་པེ་ཏ་མུ་ཁི་ལས་རྡོ་རྗེ་ཕྲ་མེན་གཟིག་དང་། ཁྲའི་མགོ་ཅན་ནོ། །ནུབ་ཏུ་ཀླུའི་གདན་ལ། ༀ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ལས་ཁྲོ་བོ་རྟ་མགྲིན་དང་། བཛྲ་ཀྲོ་དྷཱི་ཛ་ཡ་ཏི་ཧཱུྃ་ལས་རྡོ་རྗེ་ཁྲོ་མོ་གཏུམ་མོ་དང་། བཛྲ་པི་ཊཱ་ལ་མུ་ཁ་དང་། བཛྲ་པཀྵི་ཏ་མུ་ཁི་ལས་རྡོ་རྗེ་ལྷ་མོ་ཕྲ་མེན་མ་བྱི་ལ་དང་། པུ་ཤུད་ཀྱི་མགོ་ཅན་ནོ། །ནུབ་བྱང་དུ་རླུང་ལྷའི་གདན་ལ། ༀ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ་ཀྱིས་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དང་། ༀ་བཛྲ་ཀྲོ་དྷཱི་ས་བྱ་ཏི་ཧཱུྃ་གིས་རྡོ་རྗེ་ཁྲོ་མོ་མདའ་སྙེམས་མ་དང་། བཛྲ་སྲྀ་ག་ལ་མུ་ཁ་དང་། བཛྲ་པཉྩ་ར་ཎ་མུ་ཁི་ལས་རྡོ་རྗེ་ཕྲ་མེན་སྤྱང་ཀི་དང་། ཁྲའི་མགོ་ཅན་ནོ། །བྱང་དུ་གནོད་སྦྱིན་གྱི་གདན་ལ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ། ཚྪིནྡྷ་ཚྪིནྡྷ་ཧཱུྃ་ཕཊ། ཅེས་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་དང་། ཧཱུྃ་བཛྲ་ཀྲོ་དྷཱི་ས་བྱ་མི་ཏི་ཧཱུྃ་ལས་རྡོ་རྗེ་ལྷ་མོ་སྒྲ་མཛད་མ་དང་། བཛྲ་སིཾ་ཧ་མུ་ཁ་དང་། བཛྲ་ཏི་ཏི་ལ་མུ་ཁི་ལས་རྡོ་རྗེ་ཕྲ་མེན་མ་སེང་གེ་དང་། ཕ་ཝང་གི་མགོ་ཅན་ནོ། །བྱང་ཤར་དུ་བགེགས་ཀྱི་གདན་ལ། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ། བིནྡྷ་བིནྡྷ་ཧཱུཾ་ཕཊ། ཅེས་པ་ལས་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། ༀ་བཛྲ་ཀྲོ་དྷཱི་མཱ་ར་ཡ་ཧཱུྃ་ལས་རྡོ་རྗེ་ལྷ་མོ་གསོད་བྱེད་མ་དང་། བཛྲ་རཀྵི་ས་མུ་ཁ་དང་། བཛྲ་ན་ཀུ་ལ་མུ་ཁི་ལས་རྡོ་རྗེ་ལྷ་མོ་ཕྲ་མེན་མ་དྲེད་དང་། སྲེ་མོའི་མགོ་ཅན་ནོ། །འོག་ཕྱོགས་ས་བདག་གི་གདན་ལ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཅེས་པ་ལས་ཁྲོ་བོ་སྟོབས་པོ་ཆེ་དང་། ༀ་བཛྲ་ཀྲོ་དྷཱི་མུཎྜེ་མཾ་ཧཱུྃ་ལས་རྡོ་རྗེ་ལྷ་མོ་རིག་བྱེད་མ་དང་། ༀ་བཛྲ་རཀྵ་ས་མུ་ཁ་ཧཱུྃ་དང་། ༀ་བཛྲ་ཀ་ཤི་ཀ་མུ་ཁི་ཧཱུྃ། ཞེས་པ་དག་ལས་སོ་སོར་སྤྲུལ་པའི་ལྷ་མོ་ཕྲ་མེན་མ་དོམ་གྱི་མགོ་ཅན་དང་། བྱི་བའི་མགོ་ཅན་ནོ། །དེ་བཞིན་ཛཿཧཱུྃ་བྃ་ཧོཿཞེས་པའི་ཡིག་འབྲུ་དང་། ༀ་བཛྲ་ཡཀྵ་ས་ད་ཧཱུྃ་ཛཿ ཞེས་སྤྲོས་པ་ལ་ཤར་དུ་འགུགས་བྱེད་ཀྱི་སྒོ་མ་སྙིང་རྗེའི་ངོ་བོ་པུ་ཤུད་ཀྱི་མགོ་ཅན་དང་། ༀ་བཛྲ་བཻ་ར་བེ་ཧཱུྃ་ཧཱུྃ། ཞེས་ལྷོར་བྱམས་པའི་ངོ་བོ་འཆིང་བྱེད་ཀྱི་སྒོ་མ་བྱ་རོག་གི་མགོ་ཅན་དང་། ༀ་བཛྲ་ཨ་མྲྀ་ཏ་ཧཱུྃ་བྃ། ཞེས་ནུབ་དུ་དགའ་བའི་ངོ་བོ་སྡོམ་བྱེད་ཀྱི་སྒོ་མ་སྲིན་བྱའི་མགོ་ཅན་དང་། ༀ་བཛྲ་མ་ར་ཎི་ཧཱུཾ་ཧོཿ ཞེས་སྤྲོས་པ་ལས་བྱང་དུ་བཏང་སྙོམས་ཀྱི་ངོ་བོ་མྱོས་བྱེད་གྱི་སྒོ་མ་ཁྲའི་མགོ་ཅན་ནོ། །འདི་དག་གི་ཁྱད་པར་གོང་དུ་ཧཱུྃ་ཀ་རའི་སྐབས་སུ་ཅུང་ཟད་བཤད་པས་མཚོན་ནུས་ལ། སོ་སོའི་སྔགས་དོན་སོགས་ནི་བློ་ལྡན་རྣམས་ཀྱིས་རྟོགས་པར་སླ་བས་མ་སྤྲོས་ལ། ཤེས་པར་འདོད་ན་འཇམ་མགོན་ཨ་མེས་ཞབས་ཀྱི་དཀྱིལ་ཆོག་རྣམ་བཤད་སོགས་སུ་བལྟ་བར་བྱ་ཞིང་། ལྷ་སྣམ་གྱི་ཁོར་ཡུག་ཏུ་སྲུང་མ་དམ་ཅན་བཅུ་དྲུག་གི་ཚོགས་འཁོར་དང་བཅས་པའང་གསལ་བར་བཤད་ཅིང་། སོ་སོའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམས་ཀྱང་སོ་སོར་རྒྱས་པ་མན་ངག་སྒོམ་དོན་ཕྲིན་ལས་ཀྱི་རིམ་པ་རྣམས་སུ་འབྱུང་བས་འདིར་སྨོས་མ་དགོས་སོ། །འདིའི་སྔགས་རྣམས་ཀྱང་སྔ་འགྱུར་དང་མི་མཚུངས་པ་འགའ་ཞིག་འདུག་ཀྱང་། ཆོས་རྗེ་ས་པཎ་ཉིད་ཀྱིས་བསྒྱུར་བ་འདི་བཞིན་མི་འགལ་བར་ཤེས་པར་བྱ་ལ། རྒྱུ་མཚན་ཞིབ་པར་བརྗོད་ན་ཡི་གེའི་ལས་སུ་ཆེ་བས་མ་སྤྲོས་སོ། །འདིར་ཁྲོ་བཅུ་ཁྲ་ཕྱག་རྣམས་ཀྱི་དོན་རྟགས་ཀྱང་། ཁྲོ་བཅུ་མི་དགེ་བ་བཅུ་དག་པ་དང་། གདུལ་བྱ་ཕྱོགས་སྐྱོང་བཅུའི་གཉེན་པོ་དང་། འབྲས་བུ་ཕར་ཕྱིན་བཅུའི་ངོ་བོར་ཤར་བའི་ཚུལ་གོང་དུ་མདོ་ཙམ་བསྟན་ལ། དེ་དག་གི་ཕྱག་མཚན་གྱི་དོན་ཡང་ཐམས་ཅད་ཀྱིས་རྡོ་རྗེ་དང་བྷན་དམར་ཐོགས་པ་ནི་རིག་པ་རང་རྟགས་དང་། ཕྱོགས་སྐྱོང་བཅུའི་ཕྱག་མཚན་རང་རང་གི་ཕྱག་བར་པས་བསྣམས་པ་ནི་རྒྱལ་བྱེད་དཔའ་རྟགས་ཀྱི་ཕྱག་མཚན། ཀུན་ཀྱང་ཐ་མས་རི་རབ་ཕུར་བུ་འདྲིལ་བ་ནི་ཕྲིན་ལས་དོན་རྟགས་འབྱིན་པའི་ཕྱག་མཚན་ཏེ། ཟ་བྱེད་ཡཀྵ་འབར་བའི་རྒྱུད་ལས། རྡོ་རྗེ་བྷནྡྷ་དམར་གྱིས་བཀང་བ་ནི། །སྐྱེ་མེད་འདུས་མ་བྱས་པའི་རྡོ་རྗེ་སྟེ། །སྲིད་རྩ་སྡུག་བསྔལ་རཀྟ་ཞལ་དུ་གསོལ། །གཉིས་མེད་བདེ་ཆེན་སྦྱོར་བའི་ལམ་ལ་བཀོད། །ཕྱོགས་སྐྱོང་བཅུ་བཏུལ་ཕྱག་མཚན་བར་མར་བསྣམས། །རྒྱལ་བྱེད་དཔའ་རྟགས་ཞེས་སུ་དེ་ལ་གྲགས། །རི་རབ་ཕུར་བ་ཐ་མར་འདྲིལ་བ་ནི། །ཕྲིན་ལས་དོན་རྟགས་འབྱིན་པའི་ཕྱག་མཚན་ནོ། །ཞེས་གསུངས་པ་ལྟར་དང་། དྲག་པོ་ལྷ་སྲིན་སྡེ་བརྒྱད་འདུལ་བའི་ཕྱིར་འཇིགས་བྱེད་དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པར་གསུངས་སོ། །ཕྲ་མེན་རྣམས་ཀྱི་དོན་རྟགས་ལ་འགྲེལ་པ་འབུམ་ནག་སོགས་དང་སྔ་འགྱུར་ཕུར་པ་ཡཀྵ་འབར་བའི་རྒྱུད་སོགས་ལས་ཅི་རིགས་པར་འབྱུང་ཞིང་། འདིར་དེ་དག་གི་དགོངས་པ་ཕྱོགས་མཚོན་ཙམ་དུ་བསྡུ་ན། སྤྱིར་ཕྲ་མེན་ཞེས་པ་ལ་དཔེའི་ཕྲ་མེན། དོན་གྱི་ཕྲ་མེན། རྟགས་ཀྱི་ཕྲ་མེན་གསུམ་ལས། དཔེའི་ཕྲ་མེན་ནི། དཔེར་ན་གསེར་སྐྱོགས་ལ་དངུལ་གྱི་ཕྲ་བཅུག་པ་ལ་ཕྲ་མེན་གྱི་ཡོལ་གོ་ཟེར་བ་ལྟ་བུ་དང་། དོན་གྱི་ཕྲ་མེན་ནི། དབྱིངས་དང་ཡེ་ཤེས་གཉིས་མེད་དུ་འདྲེས་པ་ལ་འཇོག་པར་གསུངས། རྟགས་ཀྱི་ཕྲ་མེན་ནི། མགོ་ལུས་མི་གཅིག་པ་ལ་ཕྲ་མེན་ཞེས་པ་སྟེ། འདིར་རྣམ་པ་ལྷའི་གཟུགས་ལ་སྲོག་ཆགས་སྣ་ཚོགས་ཀྱི་མགོ་ཅན་དུ་ཡོད་པས་ཕྲ་མེན་ཞེས་པ་སྤྱི་མིང་ཡིན་མོད་ཀྱང་། ལྕམ་དྲལ་ཉི་ཤུ་པོ་ལ་ཕྲ་ཕྱག་གི་རྣམ་དབྱེ་སོ་སོར་ཕྱེ་ན། གཡས་ཀྱི་མཆེ་བ་ཅན་བཅུ་ལ་ཡབ་ཀྱི་ཕྱག་བརྙན་དང་། གཡོན་གྱི་གཤོག་པ་ཅན་བཅུ་ལ་ཡུམ་གྱི་ཕྲ་མེན་གྱི་ཐ་སྙད་ཀྱང་མཛད་ཅིང་། འདི་རྣམས་ཀྱི་དོན་ཞིབ་པར་བརྗོད་པ་ཞིག་མ་མཐོང་བས་འདིར་ཅུང་ཟད་དབྱེ་ན། དེའང་སྲིན་པོ་ལྷ་ཆེན་བཅུ་བཏུལ་བའི་ཕྱི་རོལ་ན་ཞེ་སྡང་གདུག་པའི་གཅན་གཟན་དྲུག་གནས་པ་ནི། ཟ་བྱེད་ཟ་བ་འགྱིང་བའི་སྟག་དང་། རྔམ་པའི་གཟིག་དང་། མྱུར་མགྱོགས་ཀྱི་བྱི་ལ་དང་། གསོད་ལ་དགའ་བའི་སྤྱང་ཀི་དང་། ཟིལ་གྱིས་གནོན་པའི་སེང་གེ་དང་། གཏུམ་པའི་དོམ་དང་དྲུག་གནས་ཏེ། དེ་དྲུག་ནི་ཕའི་ཞེ་སྡང་ལས་བསྐྱེད་པ་སྟེ། ཞེ་སྡང་གི་སྙིགས་མ་རུས་པ། རུས་པ་མཐར་རྒྱས་པ་མཆེ་བ་སྟེ་ཡབ་ལས་བསྐྱེད་པའི་ཟ་བྱེད་མཆེ་བ་ཅན་ཞེས་བྱའོ། །དེ་དག་འདུལ་བའི་ཕྱིར་ཁྲོ་བོ་རྣམས་ཀྱི་སྤྲུལ་པ་ཡབ་ཁོ་ནས་བསྐྱེད་དེ་ཡུམ་དྲུག་དང་མ་ཆགས་ཐབས་ཀྱིས་རོལ་པ་ལས་ཕ་ཡེ་ཤེས་ཀྱི་ཁྲོ་བོ་ཡིན་པས་ལུས་ལྷར་བྱས། མ་གདུག་པ་བྱོལ་སོང་དུ་བྱུང་སྟེ་སྤྲུལ་པའི་ཕྲ་མེན་མ་ཞེས་གྲགས་སོ། །བུ་དེ་དྲུག་ལ་མཁྱེན་པའི་ཡེ་ཤེས་ནི་སྡུག་གིས་ཉོན་མོངས་པའི་སྡུག་བསྔལ་དཔའ་བར་འཇོམས་པ་དང་། གཟིག་གི་མགོ་ཅན་གྱིས་ཤེས་བྱ་ཐོགས་མེད་ཀྱི་ཡེ་ཤེས་གསལ་བ་དང་། བྱི་ལའི་མགོ་ཅན་ནི་རྩོལ་སྒྲུབ་ཐམས་ཅད་ཟིལ་གྱིས་གནོན་པ་དང་། སྤྱང་ཀའི་མགོ་ཅན་ནི་སྦྱོར་སྒྲོལ་དབྱིངས་སུ་དག་པའི་ཡེ་ཤེས་དང་། སེང་གེའི་མགོ་ཅན་ནི་ཞེ་སྡང་སྐྱོན་གྱིས་མི་འཇིགས་པའི་ཡེ་ཤེས་དང་། དོམ་གྱི་མགོ་ཅན་ནི་གདུག་གཏུམ་ཐམས་ཅད་བྱམས་པའི་སྦྱོར་བའི་ཡེ་ཤེས་དང་ཁྱད་པར་དྲུག་གིས་ཞེ་སྡང་གནས་སུ་དག་ཅིང་ཁྱད་པར་དུ་འཇོམས་པར་བྱེད་པའོ། །ཡང་འདོད་ཆགས་སྡུག་བསྔལ་འདབ་ཆགས་བརྒྱད་གནས་ཏེ་འཇུག་སྐེམ་ཤ་ཟན་གྱི་བྱ་རྒོད་དང་། རྨང་རྩེ་རོལ་པའི་བྱ་རོག་དང་། འཇིགས་བྱེད་རྩལ་མཆོག་འུག་པ་དང་། སྒྲིབ་གཡོགས་ཕག་ཏུ་བཀོལ་བ་ཁྭ་ཏ་དང་། འཇོལ་འཕུར་རྒོད་ནས་འཇབ་ཀྱི་པུ་ཤུད་དང་། བྱ་གཅན་ཐམས་ཅད་འདུལ་བའི་ཧོར་ཁྲ་དང་དྲུག་ནི་མ་འདོད་ཆགས་ལས་བསྟེན་པ་སྟེ། འདོད་ཆགས་ཀྱི་སྙིགས་མ་ཁྲག །ཁྲག་མཐར་རྒྱས་པ་གཤོག་པ་སྟེ་ཡུམ་ལས་གསོད་བྱེད་གཤོག་པ་ཅན་དེ་རྣམས་ཀྱི་གཉེན་པོར་ཁྲོ་མོ་རྣམས་ལས་སྤྲུལ་པའི་སྲས་དྲུག་བྱུང་སྟེ་ཕ་ཡེ་ཤེས་ཀྱི་ཁྲོ་བོ་ཡིན་པས་ལུས་ལྷར་བྱུང་། མ་འདོད་ཆགས་གདུལ་བྱའི་བྱོལ་སོང་ཡིན་པས་མགོ་བྱར་བྱུང་བའོ། །བུ་དེ་དྲུག་ལ་མཁྱེན་པའི་ཡེ་ཤེས་ནི་འགྲོ་བའི་དོན་ལ་ཐོགས་པ་མེད་པའི་བྱ་རྒོད་མགོ་ཅན་དང་། ཆོས་ཉིད་མི་འགྱུར་བ་བྱ་རོག་མགོ་ཅན། མི་ཤེས་མུན་པ་གཟིགས་པའི་འུག་པའི་མགོ་ཅན། སྡུག་བསྔལ་དབྱིངས་སུ་སྙོལ་བའི་ཁ་ཏ། ཐབས་དང་ཤེས་རབ་འབྲེལ་བའི་པུ་ཤུད། ཉོན་མོངས་དབྱིངས་སུ་འཇོམས་པའི་ཧོར་ཁྲ་སྟེ་ཡེ་ཤེས་ཁྱད་པར་དྲུག་གི་འདོད་ཆགས་གནས་སུ་དག་ཅིང་ཁྱད་པར་འདོད་ཆགས་ཀྱི་གཉེན་པོའོ། །ཡང་གཏི་མུག་པའི་ཟ་གསོད་དྲུག་སྟེ། གཏི་མུག་དུར་ཕག་ཕྲ་མོས་སེམས་ཅན་ཐམས་ཅད་གསོད་པར་བྱེད་པ་ཉོན་མོངས་གཙོར་འཛིན་གྱི་མཆེ་བ་ཅན་དང་། གཏི་མུག་གི་དུག་ཤ་ནག་པོ་ལྟས་ངན་དོན་ལ་འཛིན་པའི་མཆེ་བ་ཅན་དང་། གཏི་མུག་གི་དུག་གཡག་ཁམ་པ་རོ་ལ་ཟ་བའི་མཆེ་བ་ཅན་དང་། གཏི་མུག་གི་དུག་བྱ་རྨིགས་བུ་རྟག་འཛིན་ཐོབ་པའི་གཤོག་པ་ཅན་དང་། གཏི་མུག་གི་དུག་སྲེ་མོང་དུག་རྩལ་ཆེ་བའི་གཤོག་པ་ཅན་དང་། གཏི་མུག་གི་དུག་བྱི་བ་རྐུ་ལ་དགའ་བའི་ལས་བྱེད་གཤོག་པ་ཅན་དང་དྲུག་གི་གཉིས་མེད་གཏི་མུག་ལས་བསྐྱེད་པ་སྟེ། གཏི་མུག་གི་སྙིགས་མ་ཤ །ཤ་མཐར་རྒྱས་པ་ལས་བྱེད་མི་ཤེས་པ་ནི་ཡབ་ཡུམ་གཉིས་ཆ་ལས་བསྐྱེད་པའི་དེ་རྣམས་འདུལ་བའི་ཕྱིར་ཁྲོ་བོ་རྣམས་ཀྱི་ཐུགས་ལས་སྤྲུལ་པ་མཁའ་ལས་བསྐྱེད་དེ་ཡུམ་དྲུག་དང་སྦྱོར་བ་ལས་ཡབ་ལྷ་ཡིན་པས་ལུས་ལྷར་བྱུང་། མ་བྱོལ་སོང་ཡིན་པས་མགོ་ཡང་དེར་བྱུང་སྟེ་དེ་ལ་སྤྲུལ་པའི་ཕྲ་མེན་མ་ཞེས་བྱ་ཞིང་། དེ་དྲུག་ལ་མཁྱེན་པའི་ཡེ་ཤེས་ཀྱང་ཕག་ནི་ཡེ་ཤེས་གཙང་དམེ་མེད་པས་རྣམ་རྟོག་འཇོམས། གཡག་ནི་ཆོས་ཉིད་འགྱུར་བ་མེད་པའི་དོན་ལ་འཇོམས། ཤ་བ་ནི་ཡེ་ཤེས་རྒྱས་པའི་མཚན་མའི་བག་ཆགས་འཇོམས། རྨིགས་བུ་ནི་ཡེ་ཤེས་ཐོགས་མེད་འཁོར་བའི་ཞེན་པ་འཇོམས། སྲེ་མོང་གི་རྣམ་རྟོག་བྱ་རླག་སྐྱེ་མེད་དབྱིངས་སུ་གྲོལ། བྱི་བ་ནི་ཅིར་སྣང་ཐམས་ཅད་གཟུང་འཛིན་མཐའ་ལས་གྲོལ། ཡེ་ཤེས་ཀྱི་ཁྱད་པར་དེ་དག་དྲུག་གིས་གཏི་མུག་གནས་སུ་དག །ཁྱད་པར་དུ་གཏི་མུག་གི་གཉེན་པོའོ། །དུག་གསུམ་ཆ་སྙོམས་པའི་དྲེད་དང་ཕ་ཝཾ་གཉིས་ནི་ཤར་དང་ནུབ་ཀྱི་མཐར་གནས་པ་ཞེ་སྡང་རུས་པའི་མཐའ་ལ་མཆེ་བ་རྒྱས། འདོད་ཆགས་ཁྲག་གི་མཐའ་ལ་བྱ་གཤོག་རྒྱས། གཏི་མུག་ཤའི་མཐའ་ལས་སྨྲ་མི་ཤེས་པ་དེ་དག་གི་གཉེན་པོར་ཡབ་ཡུམ་སྙོམས་པ་ལས་སྤྲུལ་པའི་དྲེད་མོ་ལ་ཤེས་བྱར་མ་རྨོངས་རྟོགས་པའི་ཡེ་ཤེས་མངའ། ཕ་ཝང་མགོ་ཅན་ལ་གཏི་མུག་གི་ལམ་སྟོར་བས་ཉིན་པར་མི་རྒྱུ། དུག་གསུམ་འཇོམས་པའི་གཤོག་རླབས་དང་ལྡན། མ་རིག་མུན་པ་སེལ་བའི་ཡེ་ཤེས་མངའ་བའོ། །དེ་དག་གི་སྐུ་མདོག་ཕྱག་མཚན་ཀྱང་། རྒྱུད་ལས། གཡས་གཡོན་ཞལ་ལས་ཤེས་པར་བྱ། །གཙོ་བོ་རྣམས་ཀྱི་བར་མ་སྦྱིན། །ཞེས་པས་ཕྲ་ཕྱག་རྣམས་ཀྱ ི་སྐུ་མདོག་རང་རང་གི་གཙོ་བོའི་ཞལ་གཡས་གཡོན་གྱི་ཁ་དོག་ལས་ཤེས་པར་བྱ་ཞིང་། ཕྱག་མཚན་རྣམས་ནི་གཙོ་བོ་རང་རང་ཕྱག་བར་མའི་མཚོན་ཆ་གཡས་གཡོན་གྱི་ཕྲ་ཕྱག་གཉིས་ལ་གཏད་པར་གསུངས་ལ། གཡོན་ཐམས་ཅད་དུ་རིག་པ་རང་རྟགས་ཀྱི་ཕྱག་མཚན་ཕུར་བུ་འདྲིལ་ཞིང་དགྲ་ལ་འདེབས་པ་བཤད་པའང་ཤེས་པར་བྱའོ། །ཕྲ་མེན་རྣམས་ཀྱི་དོན་རྟགས་འདི་རིགས་རྒྱུད་གཞན་དང་གཞན་ན་ཅུང་ཟད་ཐ་དད་པའི་རྣམ་འགྱུར་རེ་གསུངས་པ་ཡོད་ཀྱང་འདིར་ཕུར་བུ་ཟ་བྱེད་ཡཀྵ་འབར་བའི་རྒྱུད་ལས་བསྟན་པ་ལྟར་ཅུང་ཟད་བསྟན་ཟིན་གྱི། ཐམས་ཅད་ཀྱི་དགོངས་པ་གནད་གཅིག་ཏུ་འབབས་པས་གང་ལྟར་བཤད་ཀྱང་རུང་ངོ་། །དེ་ལྟར་རུ་དྲའི་གླེང་གཞི་དང་སྦྱར་ནས་དཀྱིལ་འཁོར་འདི་ཉིད་ཀྱི་བྱུང་བ་སྨོས་པ་དག་རྣལ་འབྱོར་པའི་ཉམས་ལེན་དུ་སྦྱར་ན་གཙོ་བོར་བསྐྱེད་རིམ་གྱི་ཕྱག་རྒྱ་བསྟན་པ་ཡིན་ལ། འདིར་ཤེས་དགོས་པའི་གནད་ཁྱད་པར་བ་ནི་མ་ཧཱ་ཡོ་ག་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱིས་བསྟན་དོན་རྒྱུད་སྡེ་དང་སྒྲུབ་སྡེ་གང་ཡིན་ཀྱང་དེའི་དགོངས་པ་ནི་ལྟ་བ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དག་པ་ལྷའི་དཀྱིལ་འཁོར་དུ་ལྟ་ཞིང་། དེ་དག་དོན་དམ་པར་གདོད་མའི་ཆོས་དབྱིངས་དང་གཉིས་སུ་མེད་པར་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་གཏན་ལ་འབེབས་ཅིང་། བསྒོམ་པ་ཏིང་ངེ་འཛིན་རྣམ་པ་གསུམ་ཡན་ལག་དང་བཅས་པའི་ཚུལ་གྱིས་སྣང་སྲིད་ལྷའི་དཀྱིལ་འཁོར་དུ་འཆར་བའི་བསྐྱེད་རིམ་ལ་གཙོ་བོར་ལམ་དུ་བྱེད་པ་དང་། སྤྱོད་པ་གང་ཤར་བླང་དོར་མེད་པའི་ངང་ནས་ཐབས་ལ་མཁས་པའི་སྤྱོད་པ་ཁྱད་པར་ཅན་སྦྱོར་སྒྲོལ་ལ་སོགས་པ་དང་དུ་ལེན་པ་དང་། འབྲས་བུ་ཚེ་འདི་ལ་རིག་འཛིན་བཞིའི་ལམ་བགྲོད་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་སངས་རྒྱས་པར་འདོད་པ་ཡིན་ལ། དེའང་གསང་སྔགས་ཀྱི་གཞུང་ན་ལྷ་བསྒོམ་པ་དང་། སྔགས་བཟླ་བ་དང་། དཀྱིལ་འཁོར་འབྲི་བ། དབང་བསྐུར་བ་ལ་སོགས་པ་བསླབ་པའི་མཐའ་བཅུ་པོ་ཐམས་ཅད་སྤྲོས་བཅས་ཀྱི་སྒོ་ནས་ཉམས་སུ་ལེན་པའི་གང་ཟག་སྣང་བ་ཡུལ་གྱི་བློ་ཅན་རྣམས་ཀྱིས་གཙོ་བོར་བསྐྱེད་རིམ་ལ་བརྟེན་ཏེ་བསྒྱུར་ཅིང་། བསྐྱེད་པའི་རིམ་པ་ཏིང་འཛིན་བརྟན་པོའི་སྒོ་ནས་རྫོགས་རིམ་དྲངས་ཏེ་བསྐྱེད་རྫོགས་ཟུང་འཇུག་གི་ཚུལ་ལ་འཇུག་པ་རྣམས་ཀྱི་ལམ་གནད་ཐམས་ཅད་བསྐྱེད་པ་མ་ཧཱ་ཡོ་གའི་སྣང་བ་ལྷར་བསྒྲུབ་པའི་གནད་ལ་ཐུག་པ་ཡིན་གྱི། དེ་དང་མི་ལྡན་ན་ལམ་གྱི་གཟུགས་བརྙན་དུ་འགྱུར་བས་ན་འདི་ཚུལ་ཞིབ་མོར་སྒྱུ་འཕྲུལ་རྩ་རྒྱུད་གསང་བའི་སྙིང་པོ་ཉིད་ལས་འབྱུང་བ་ལྟར་ཤེས་པར་བྱ་བའི་གནད་ཆེ་ཤོས་ཤིག་ཡིན་ལ། སྣང་བ་ལྷར་བསྒྲུབ་ཀྱི་དགོངས་པ་འདི་ལ་མི་འཐད་པའི་སྒྲོ་སྐུར་སྨྲ་བ་དག་ཡོད་མོད་ཀྱི། དེ་ནི་རྟོག་གེའི་བློ་གྲོས་ཁབ་ཀྱི་བུ་གར་ཟབ་གསང་གི་དགོངས་པ་ནམ་མཁའ་ལྟ་བུ་མ་ཆུད་པའི་སྨྲེ་སྔགས་ཙམ་དུ་ཟད་པས་སྙིང་པོ་ཡོད་པ་མ་ཡིན་པས། གསང་སྔགས་སྔ་འགྱུར་བའི་རིག་འཛིན་སྐལ་ལྡན་རྣམ་དཔྱོད་ཅན་རྣམས་ཀྱིས་མ་ཧཱ་ཡོ་གའི་རྒྱུད་ཀྱི་དགོངས་ཟབ་སྣང་བ་ལྷར་བསྒྲུབ་པའི་ལུང་རིགས་སེང་གེའི་སྒྲ་ཆེན་པོས་ཟབ་ཅིང་གསང་བའི་གནད་མི་ཉམས་སླར་ཡང་སྤེལ་བའི་ཕྲིན་ལས་ལ་གཡེལ་བ་མེད་པའི་ཐུགས་རྩོལ་གནང་བར་རིགས་སོ་ཞེས་འཕྲོས་སུ་སྨོས་པའོ། །དེ་དག་གིས་ནི་ཆོས་སྐུའི་ངོ་བོ་དཔལ་ཆེན་པོ་བདག་ཉིད་རྩ་བའི་དཀྱིལ་འཁོར་ལས་བྱུང་ཞིང་། ཁྲོ་བོ་རྣམས་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོར་གསུངས་པ་དང་། ཕྱོགས་སྐྱོང་བཅུ་འདུལ་བའི་ཕྱིར་དུ་གནས་ཕྱོགས་བཅུར་བཞུགས་ཤིང་། གཙོ་བོ་རྣམས་དཀྱིལ་དང་། ཕྲ་ཕྱག་སོགས་འཁོར་ཏེ། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་མདོ་ཙམ་བཤད་ཟིན་ཏོ། །གསུམ་པ་སྤྲུལ་པའི་སྐུའི་ངོ་བོར་ཕུར་པ་རྫས་ཀྱི་དཀྱིལ་འཁོར་བཤད་པ་ལ་གཉིས། གསོལ་བ་གདབ་པ་དང་། བསྐྱེད་པ་དངོས་བཤད་པའོ། །དང་པོ་ནི། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རྡོ་རྗེའི་དེ་ཉིད་རང་བཞིན་ལས། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་གཏེར་དུ་བདག་སྐྱེད་ཅིག །ཅེས་གསུངས་ཏེ། འདི་ལ་རིག་འཛིན་རྣམ་པ་གསུམ་གྱི་དགོངས་པའི་དོན་མདོར་བསྡུ་ན། མ་རིག་པའི་མུན་པ་མཐའ་དག་སངས་ཤིང་མཁྱེན་པའི་ཡེ་ཤེས་པདྨ་ལྟར་རྒྱས་པའི་བདག་ཉིད་དུས་གསུམ་ཀུན་ཏུ་གཤེགས་པའི་འདུས་མ་བྱས་པ་རྡོ་རྗེ་ཡེ་ཤེས་ཀྱི་སྐུ་ཅན་ནམ། སངས་རྒྱས་ཆོས་སྐུའི་རྟེན་དུ་གྱུར་པའམ་ཉོན་མོངས་པ་ལྔ་སངས་ཤིང་ཡེ་ཤེས་ལྔ་རྒྱས་པའི་ཡེ་ཤེས་ལའང་རང་བྱུང་གི་ཡེ་ཤེས། གཞན་བྱུང་གི་ཡེ་ཤེས། གནས་གྱུར་གྱི་ཡེ་ཤེས་རྣམས་ཀྱི་བདག་ཉིད། ཡོན་ཏན་དེ་དང་དེ་དག་གི་རྟེན་བྱེད་པའི་ཆ་ནས་སྐུའི་ཐ་སྙད་འཇུག་པ་དང་། ཆོས་ཀྱི་སྐུ་རྡོ་རྗེའི་མཚན་ཉིད་ཅན་དེ་ཉིད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་སམ་ཆོས་སྐུའི་ངང་ལས། ཆོས་ཀྱི་དབྱིངས་ཀ་ནས་དག་པ་དེ་ཉིད་ཀྱི་ངོ་བོ་ཉིད་ཀྱི་རྣམ་འཕྲུལ་ལས་གཞན་དུ་གཡོ་བ་མེད་པའི་གང་འདུལ་ཐུགས་རྗེའི་རྩལ་དང་རོལ་པ་མ་འགགས་པའི་རྣམ་ཆར་ཤར་བ། གདུག་པ་ཅན་འདུལ་བ་ལ་མཐུ་སྟོབས་ལྷག་པར་འབར་བའམ། གར་ཉམས་དགུའི་གཟི་བྱིན་འབར་བའི་ཁྲོ་བོ་སྲས་མཆོག་ཀཱི་ལ་ཡ་དཔལ་ཆེན་པོའི་མཐུ་རྩལ་ཕྲིན་ལས་ཀྱི་ངོ་བོ་ལྷག་པར་བསྐྱེད་པ་ལས་བྱུང་བས་བཟོད་པར་དཀའ་བའི་གཟི་བྱིན་གྱིས་མི་བཟད་འཇིགས་རུང་དྲག་པོའི་སྐུའི་གཏེར་རམ་དབྱིག་སྟེ། ཡོན་ཏན་ཐམས་ཅད་འདུས་ཤིང་རྫོགས་པའི་བདག་ཉིད་དུ་སྐྱེད་པར་མཛོད་ཅིག་ཅེས་བསྐུལ་ཞིང་གསོལ་བའོ། །གཉིས་པ་བསྐྱེད་པ་དངོས་ལ། སྐུ་གསུམ་གྱི་ཀློང་ནས་བསྐྱེད་པ་ལ་ཆོས་གསུམ། སྐུ་གསུང་ཐུགས་ཡེ་ཤེས་རྩེ་གཅིག་ཏུ་བྱིན་གྱིས་རློབ་པ་ལ་ཡིག་འབྲུ་གསུམ། ཆུ་སྲིན་རྣམ་གྲོལ་གྱི་ཕྱག་རྒྱས་བླང་བ་ལ་དགོས་པ་གསུམ། རིགས་ལྔས་དབང་བསྐུར་བ་ལ་རྫས་གསུམ། སྐུ་གསུང་ཐུགས་བྱིན་བརླབ་ལ་སྔགས་གསུམ། གུ་གུལ་གྱིས་གདུག་པ་ལ་ནུས་པ་གསུམ། ཡུངས་ཀར་གྱིས་བྲབ་པ་ལ་ཏིང་འཛིན་གསུམ། རཀྟས་བྱུགས་པ་ལ་ངར་གསུམ། སྲས་མཆོག་གི་རྣམ་དབྱེ་མུ་བཞི། ཕུར་པའི་རྣམ་དབྱེ་ལ་ཆོས་བདུན་ཏེ་དོན་བཅུའི་སྒོ་ནས་ཤེས་པར་བྱ་དགོས་ལ། འདིར་དེ་དག་གི་དོན་ཚང་བར་ཚིག་ཉུང་ངུས་བསྟན་ན། སྤྱིར་རྫས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་སྲས་མཆོག་རིགས་ལྔ་ཡིན་ཏེ། འདི་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་དང་ཆོས་མཐུན་སྦྱར་ནས་བཤད་དགོས་པར་གསུངས་པས། དཔེར་ན་འཁོར་སྒྱུར་གྱི་སྲས་དེ་ཉིད་ཕའི་རྒྱུད་ཀྱིས་དག་པ། མའི་རྒྱུད་ཀྱིས་དག་པ་སྟེ་རིགས་རུས་ཆོ་འབྲངས་དང་ལྡན་པ་དགོས་པ་ལྟར། འདིའང་དང་པོ་ཆོས་སྐུ། གཉིས་པ་ལོངས་སྐུ། གསུམ་པ་སྤྲུལ་སྐུ་དབུ་གསུམ་ཕྱག་དྲུག་པའམ། དབུ་གཅིག་ཕྱག་བཞི་པ། སྐུ་སྨད་ཕུར་བུའི་དབལ་གྱི་རྣམ་པ་ཅན་དེ་ཉིད་སྐུ་གསུམ་གྱི་ཀློང་ནས་ཤར་བ་སྟེ། གསང་རྒྱུད་ལས། འདིར་ནི་དབུ་གསུམ་ཕྱག་དྲུག་དང་། །ཞལ་གཅིག་ཕྱག་ཀྱང་བཞི་པ་སྟེ། །དེ་ལས་མང་བ་ངས་མ་བཤད། །ཅེས་དང་། དེ་ཉིད་ལས། ལྟེ་བ་མན་ཆད་སྐུ་སྨད་ནི། །སྔོ་བསངས་མི་བཟད་འཇོམས་པའི་ཚུལ། །ཞེས་གསུངས་ཤིང་། དེ་ལྟར་འཁོར་སྒྱུར་གྱི་སྲས་དེ་སྐྱེས་བཟང་ཡང་འཁོར་དང་ལོངས་སྤྱོད་མེད་ན་རྒྱལ་པོར་མི་ཚུད་པ་དང་འདྲ་བར། འདིར་སྲས་མཆོག་ཀྱང་སྐུ་གསུམ་གྱི་ཀློང་ནས་བསྐྱེད་ཀྱང་ལྷ་ཚོགས་རྫས་དང་འདྲ་བ་མ་ཚང་ན་སྲས་མཆོག་ཏུ་མི་འགྱུར་བས། ལྷ་ཚོགས་ཀྱང་འདི་ལ་ཚང་དགོས་ཏེ། ཇི་ལྟར་གསལ་ཞིང་ཚང་བའི་ཚུལ་ཡང་། གསང་རྒྱུད་ལས། སྐུ་གཅིག་ངང་ལས་དཀྱིལ་འཁོར་ཐམས་ཅད་རྫོགས། །ལོགས་བརྒྱད་རང་བཞིན་ཁྲོ་བོ་བརྒྱད། །ཟུར་བརྒྱད་འབྱུང་བའི་ཁྲོ་མོ་བརྒྱད། །སྟེང་འོག་ལྔ་ཡི་རང་བཞིན་ནོ། །ཞེས་གསུངས་པ་ལྟར་དཀྱིལ་འཁོར་ཐམས་ཅད་འདི་ལ་ཚང་བའོ། །དེ་ལྟར་རྒྱལ་པོ་དེ་འཁོར་ལོངས་སྤྱོད་དང་ལྡན་ཡང་གཟི་བརྗིད་ཆུང་ན་རྒྱལ་པོར་མི་ཚུད་པ་ལྟར། སྲས་མཆོག་འདི་ལའང་ཕུར་པའི་ལྷ་ཚོགས་ཚང་ཡང་དེ་དག་སྐུ་གསུང་ཐུགས་ཡེ་ཤེས་རྩེ་གཅིག་ཏུ་མ་བརླབས་ན་སྲས་མཆོག་མི་འགྱུར་བས། དབལ་གྱི་ཟུར་གསུམ་ལ་ཧཱུྃ་གསུམ་དང་། ལོགས་གསུམ་ལ་ཕཊ་གསུམ། རྩེ་མོར་ཨ་ཡིག་གིས་མཚན་པར་གསལ་བས་ཡེ་ཤེས་རྩེ་གཅིག་གི་ངོ་བོར་གྱུར་པ་སྟེ། རྒྱུད་ལས། ལོགས་ན་ཕཊ་གསུམ་བཞག་པ་ཡིན། །ཟུར་གསུམ་ཧཱུྃ་གསུམ་བཞག་པ་ཡིན། །ཞེས་སོ། །དེ་ལྟར་རྒྱལ་པོ་གཟི་བརྗིད་དང་ལྡན་ཡང་རྒྱལ་པོར་དབང་མ་བསྐུར་ན་རྒྱལ་སར་མི་ཚུད་པ་བཞིན། སྲས་མཆོག་འདིའང་རིགས་ལྔས་དབང་མ་བསྐུར་ན་སྲས་མཆོག་ཏུ་མི་འགྱུར་བས། དབང་བསྐུར་བ་དགོས་ཏེ། གསང་རྒྱུད་ལས། ལག་གཡས་མཐིལ་དུ་ཉི་དཀྱིལ་ལས། །ཀུན་བཟང་འོད་དང་བཅས་པ་བསྐྱེད། །གཡོན་གྱི་ཨ་ལས་ཟླ་དཀྱིལ་དུ། །ཀུན་ཏུ་བཟང་མོ་ཨ་ལས་བསྐྱེད། །གུང་མོ་རྣམ་པར་སྣང་མཛད་དེ། །མཐེ་བོང་ལ་ནི་མི་བསྐྱོད་པ། །མཛུབ་མོའི་རིན་ཆེན་འབྱུང་ལྡན་ནོ། །སྲིན་ལག་དོན་ཡོད་གྲུབ་པ་སྟེ། །མཐེའུ་ཆུང་སྣང་བ་མཐའ་ཡས་སོ། །གཡོན་པ་ལྔ་ལ་ཡུམ་ལྔའོ། །ཐབས་དང་ཤེེས་རབ་སྙོམས་འཇུག་དུས། །སོར་མོ་ཅུང་ཟད་བསྣོལ་བར་བྱ། །ཕུར་པ་འདྲིལ་བར་བྱ་བ་ཡིན། །ཅེས་གསུངས་པ་ལྟར་བདག་ཉིད་ཆེན་པོར་དབང་བསྐུར་ཏེ་རིགས་ཐམས་ཅད་པའི་ཁྲོ་བོར་ཡང་དབང་བསྐུར་བ་བདག་ཉིད་རྩ་བའི་དཀྱིལ་འཁོར་ལས་སྤྲུལ་པའི་ཁྲོ་བོའི་ཞལ་ནས་ཧཱུྃ་ཕཊ་ཀྱི་སྒྲ་དང་བཅས་པ་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ་སྲས་མཆོག་ལ་ཐིམ་པར་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་ནུས་པའི་མཐུ་རྩལ་དང་ལྡན་པར་གྱུར་པ་དང་། སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་དབང་བསྐུར་བའི་ཕྱིར་ཆུ་སྲིན་རྣམ་གྲོལ་གྱི་ཕྱག་རྒྱས་བླངས་ལ། རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་བྱང་སེམས་ལས་ཕྱག་མཚན་ཕྲ་མོ་གྲངས་མེད་པ་སྤྲོས་ཏེ་སྲས་མཆོག་ལ་ཐིམ་པས་བདག་ཉིད་རྡོ་རྗེ་གཞོན་ནུ་དང་སྲས་མཆོག་བཛྲ་ཀཱི་ལ་ཡ་གཉིས་སྐུ་གསུམ་གཅིག་ཏུ་གྱུར་པ་དང་། དེ་ལྟར་རྒྱལ་པོར་དབང་བསྐུར་ཀྱང་བསོད་ནམས་ཚད་མེད་པ་དང་མི་ལྡན་ན་རྒྱལ་པོར་མི་ཚུད་པ་དང་འདྲ་བར། སྲས་མཆོག་འདིའང་སྐུ་གསུམ་དུ་བྱིན་གྱིས་བརླབ་དགོས་པས། རྒྱལ་བ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབ་པ་དང་། གཞན་ཡང་རྒྱལ་པོ་དེ་ཉིད་དམག་ལ་ཆས་པའི་ཚེ་གོ་ཆ་བགོ་བ་ལྟར། སྲས་མཆོག་ལ་ཡུངས་དཀར་ནག་གིས་བྲབས་པས་སྐུ་ལུས་ཐམས་ཅད་ཁྲོ་ཆུང་གིས་གོ་མཚམས་མེད་པར་གཏམས་ནས་དགྲ་བགེགས་སྒྲོལ་བའི་ལས་ལ་མངགས་པ་ནི། རྒྱུད་ལས། ཁྲོས་པའི་རྒྱལ་པོ་བསྐུལ་བའི་ཕྱིར། །ཡུངས་ཀར་བྱིན་བརླབས་ཁྲོ་ཆུང་བསྐྱེད། །ཅེས་སོ། །ཡང་རྒྱལ་པོ་དེ་དམག་ལ་ཆས་པ་ན་གོ་གྱོན་པས་མ་ཚད་མཚོན་རྣོན་པོ་ཐོགས་དགོས་པ་བཞིན། འདིར་ཡང་གུ་གུལ་གྱིས་བདུག་པས་གདུག་པའི་དཔལ་དང་ལྡན་ལ་མི་བཟད་པའི་ངར་དང་ལྡན་པར་བསྐྲུན་ཏེ། རྒྱུད་ལས། གུ་གུལ་བདུག་ཅིང་ཡུངས་ཀར་བརྡེག །བྱིན་བརླབ་དབང་བསྐུར་ཤིན་ཏུ་གཅེས། །ཞེས་གསུངས་པ་དང་། ཡང་རྒྱལ་པོ་དེས་མཚོན་རྣོན་པོ་དགྲ་ལ་ཐེབས་དགོས་པ་དང་མཚུངས་པར། འདིར་ཡང་རཀྟས་བྱུགས་ཏེ་ཕུར་བུ་དམར་ནག་དུད་ཀ་རེག་པས་འཇོམས་པ་གཅིག་ཏུ་གསལ་བ་སྟེ། རྒྱུད་ལས། གདུག་པ་བརླག་པར་བྱ་བའི་ཕྱིར། །ར་ཁྱི་ཕག་པའི་ཁྲག་གིས་བྱུག །ཅེས་གསུངས་པ་དང་། ཡང་རྒྱལ་པོ་དེ་ཕས་ཀྱི་གཡུལ་ལས་རྒྱལ་ཏེ་དགྲའི་ཡུལ་མཁར་ཐོབ་དགོས་པ་དང་འདྲ་བར། འདིར་ཡང་དགྲ་བགེགས་ཀྱི་སྙིང་དཀར་ནག་མཚམས་སུ་འདེབས་པར་བྱ་བ་སྟེ། རྒྱུད་ལས། གནད་ཆེན་ཐམས་ཅད་འདུས་པ་ཡི། །དཀར་ནག་མཚམས་སུ་གདབ་པར་བྱ། །ཞེས་བཤད་དོ། །དེ་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་རྣམ་གྲངས་དུ་མའི་སྒོ་ནས་ཆོས་མཚུངས་པའི་སྲས་མཆོག་དེ་ལ་གྲངས་ཀྱི་སྒོ་ནས་བུདྡྷ། བཛྲ། རཏྣ། པདྨ། ཀརྨ་སྟེ་ལྔར་ངེས་སམ་སྙམ་ན་མ་ཡིན་ཏེ། སྲས་མཆོག་རབ་བརྒྱ་རྩ་བརྒྱད། འབྲིང་ཉེར་གཅིག་གམ་ལྔ། ཐ་མ་བཛྲ་འདུས་པ་གཅིག་ཏུ་གསུངས་པ་ཡིན་ལ། མིང་གི་རྣམ་གྲངས་ནི། བསྙེན་ཕུར་ཞེས་ཀྱང་བྱ། ཕུར་པ་རྫས་ཀྱི་དཀྱིལ་འཁོར་ཞེས་ཀྱང་བྱ། སྲས་མཆོག་ཅེས་ཀྱང་བྱ་སྟེ། དེ་ལ་བསྙེན་ཕུར་ནི་བསྙེན་པའི་ནུས་པ་ཐམས་ཅད་འདི་ལ་གསག་པའི་ཕྱིར་དང་། ཕུར་པ་རྫས་ཀྱི་དཀྱིལ་འཁོར་ཞེས་པ་ནོར་ལོངས་སྤྱོད་མང་དུ་ཚོགས་པ་ལ་སྤྱི་མིང་དུ་རྫས་ཞེས་གྲགས་པ་ལྟར། འདི་ལའང་ལྷ་དང་བྱིན་རླབས་ཐམས་ཅད་འདུས་པའི་ཕྱིར་རོ། །སྲས་མཆོག་ཅེས་པ་ནི་དཔལ་ཆེན་པོའི་ཐུགས་ལས་སྤྲུལ་པའི་སྲས་ཡིན་པ་དང་། དཀྱིལ་འཁོར་ལུས་ལ་རྫོགས་པ་དང་། ཕྲིན་ལས་ཐམས་ཅད་བྱེད་པའི་མཆོག་ཡིན་པའི་ཕྱིར་དང་། གཞན་རྣམས་ནི་གཙོ་བོ་མཆོག་ཡིན་ཀྱང་སྲས་མ་ཡིན་ཞིང་། ཁྲོ་བོ་བཅུ་སྲས་ཡིན་ཀྱང་སྲས་མཆོག་ལྟར་གྱི་ཕྲིན་ལས་ཐམས་ཅད་མི་མཛད་པས་མཆོག་མ་ཡིན་ལ། དམ་ཅན་རྣམས་སྲས་ཀྱང་མ་ཡིན། མཆོག་ཀྱང་མ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། རྩ་བའི་ཐུགས་ལས་བསྐྱེད་པའི་ཕྱིར། །སྒྲོལ་བྱེད་སྲས་སུ་བཤད་པ་ཡིན། །གདུག་པ་ཅན་རྣམས་འདུལ་བ་ལ། །མངགས་པས་མཆོག་ཏུ་བཤད་པ་ཡིན། །ཕྲིན་ལས་ཀུན་རྫོགས་རྒྱལ་པོ་སྟེ། །སྲས་མཆོག་ཆེན་པོ་ཞེས་བྱར་བརྗོད། །ཅེས་གསུངས་པས་སོ། །དེ་ལྟ་བུའི་སྲས་མཆོག་དེ་ལ་ཤེས་པར་བྱ་བ་གསུམ་ཡོད་དེ། སྲས་མཆོག་གཞལ་ཡས་ཁང་དུ་ཤེས་པ་དང་། ལྷར་ཤེས་པ་དང་། ཕྱག་མཚན་དུ་ཤེས་པའོ། །དང་པོ་ནི། རྩེ་མོ་ཟུར་གསུམ་ནམ་མཁའི་དཀྱིལ་འཁོར་གྲུ་གསུམ། ལོགས་གསུམ་ཟླ་གམ་རླུང་གི་དཀྱིལ་འཁོར། རྒྱ་མདུད་འོག་མ་དང་དབལ་གྱི་བར་ནི་ཟླུམ་པོ་ཆུའི་དཀྱིལ་འཁོར། རྒྱ་མདུད་འོག་མ་གྲུ་བཞི་སའི་དཀྱིལ་འཁོར། འོད་དང་འོད་ཟེར་མེའི་དཀྱིལ་འཁོར་ཏེ་འབྱུང་བ་རིམ་བརྩེགས་དང་། རྒྱ་མདུད་གཉིས་ཀྱི་བར་གྱི་གཅུམ་གཞོགས་བརྒྱད་འཁོར་ལོ་རྩིབས་བརྒྱད། རྒྱ་མདུད་གོང་མ་རྒྱ་ཕིབས་སམ་བད་ཀྱི་ཚུལ་དུ་འདུག་པའོ། །གཉིས་པ་ནི། དབུས་ཀྱི་ཁོང་སེང་དུ་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། གཅུམ་གཞོགས་བརྒྱད་ལ་ཁྲོ་བོ་བརྒྱད། རྒྱ་མདུད་གོང་མ་ལ་ཧཱུྃ་ཀ་ར། འོག་མ་ལ་སྟོབས་པོ་ཆེ། འོག་མའི་ལོགས་བཞི་ལ་སྒོ་མ་བཞི། ཟུར་བཞི་ལ་དམ་ཅན་གྱི་སྡེ་རྣམས་སོ། །གསུམ་པ་ནི། ལྷ་ཐམས་ཅད་ཀྱི་ཕྱག་ན་ཕུར་པ་རེ་བསྣམས་པའང་སྲས་མཆོག་འདི་ཁོ་ན་ཡིན་པ་དང་། འདི་ཁོ་ན་ལའང་དཀྱིལ་འཁོར་གསུམ་རང་བཞིན་གྱིས་ཚང་བ་ཉིད་ཡིན་པར་གསུངས་སོ། །ཕུར་པའི་རྣམ་གཞག་ལའང་གཉིས་ཏེ། སྤྱིར་གང་ཟག་རྣམ་བཞི་མཐར་དབྱུང་བར་བྱེད་པ་ཕུར་བུའི་རྒྱུ་བཞིར་དབྱེ་བ་དང་། བྱེ་བྲག་ཏུ་མཚན་མ་རྫས་ཀྱི་ཕུར་པ་ཅུང་ཟད་ཕྱེ་སྟེ་བཤད་པའོ། །དང་པོ་ནི། ནམ་མཁའ་ལྟ་བུ། རི་བོ་ལྟ་བུ། བྱ་ཀ་ལནྟ་ཀ་ལྟ་བུ། ཙནྡན་གྱི་སྡོང་པོ་ལྟ་བུའི་གང་ཟག་བཞིས་རིམ་པ་བཞིན་རིག་པ་ཡེ་ཤེས་ཀྱི་ཕུར་བ། ཚད་མེད་སྙིང་རྗེའི་ཕུར་པ། བྱང་ཆུབ་སེམས་ཀྱི་ཕུར་པ། མཚན་མ་རྫས་ཀྱི་ཕུར་པ་སོ་སོར་ཉམས་སུ་བླངས་ནས་མཐར་དབྱུང་བ་སྟེ། དེ་རེ་རེ་ལའང་རྟེན་གྱི་གང་ཟག །ཕུར་པའི་ངོ་བོ། གདབ་པའི་ཡུལ། ཐེབས་པའི་ཚད། བཏབ་པའི་ཡོན་ཏན། མ་ཐེབས་པའི་སྐྱོན། འབྲས་བུ་སྟེ་དེ་དག་གི་སྒོ་ནས་ཤེས་པར་བྱ་བ་ནི་འདིའི་སྲོག་གནད་ཡིན་ལ། འདི་ཚུལ་གོང་དུ་སྤྱིའི་དོན་རྣམ་པར་བཞག་པའི་ས་བཅད་གསུམ་པའི་སྐབས་སུ་ཅུང་ཟད་བསྟན་ཟིན་ལ་རྒྱས་པ་རྒྱུད་གཞུང་འགྲེལ་པ་གཞན་ན་ཤེས་པར་བྱའོ། །གཉིས་པ་མཚན་མ་རྫས་ཀྱི་ཕུར་པ་བྱེ་བྲག་ཏུ་བཤད་པ་ལ་དྲུག་སྟེ། ཕུར་པའི་རྒྱུ། ངེས་ཚིག །ཚད། དབྱེ་བ། རྣམ་དག །ལས་འབྲས་སོ། །དང་པོ་རྒྱུ་ནི། གསང་རྒྱུད་ལས། དངུལ་ལམ་དཀར་པོའི་ཤིང་རྣམས་ནི། །ཞི་བ་ཆོས་ཀྱི་ཕུར་པའི་རྒྱུ། །གསེར་རམ་སེར་པོའི་ཤིང་རྣམས་ནི། །ཡོན་ཏན་རྒྱས་པའི་ཕུར་པའི་རྒྱུ། །ཟངས་སམ་དམར་པོའི་ཤིང་རྣམས་ནི། །གསུང་མཆོག་དབང་གི་ཕུར་པའི་རྒྱུ། །ལྕགས་སམ་ནག་པོའི་ཤིང་རྣམས་ནི། །དྲག་པོ་ལས་ཀྱི་ཕུར་པའི་རྒྱུ། །ཞེས་སོ། །གཉིས་པ་ནི། མྱང་འདས་ལས། ཕུར་ནི་སྐྱེ་བ་མེད་པའི་དབྱིངས། །པ་ནི་འགག་པ་མེད་པའི་དོན། །ཕུར་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །པ་ནི་རིག་པའི་ཡེ་ཤེས་སོ། །གཉིས་སུ་མེད་པས་མྱ་ངན་འདས། །སེམས་ཀྱི་སེམས་ཉིད་ཕུར་པ་ཡིན། །ཆོས་ཀྱི་ཆོས་ཉིད་ཕུར་པ་ཡིན། །ནམ་མཁའི་མཚན་ཉིད་ཕུར་པ་ཡིན། །གསལ་བར་བསྒོམས་ན་བསྐྱེད་པ་ཡིན། །གཉིས་སུ་མེད་ན་སྦྱོར་བ་ཡིན། །ལྷངས་ཀྱིས་རྟོགས་ན་ཐེབས་པ་ཡིན། །ཉམས་འོག་ཚུད་ན་བསྒྲལ་བ་ཡིན། །ཞེས་སོ། །གསུམ་པ་ནི། གསང་རྒྱུད་ལས། སོར་བཞི་འབྱུང་བ་བཞི་ཡི་ཚད། །སོར་བརྒྱད་རྣམ་ཤེས་བརྒྱད་ཀྱི་ཚད། །བཅུ་གཉིས་སྐྱེ་མཆེད་བཅུ་གཉིས་ཚད། །བཅོ་བརྒྱད་ཚད་དུ་བསྟན་པ་ནི། །ཁམས་ནི་བཅོ་བརྒྱད་འཇོམས་པའི་རྟགས། །ནས་གང་ཚད་དུ་བསྟན་པ་ནི། །བྱང་ཆུབ་སེམས་མཆོག་ཚད་དུ་བསྟན། །ཅེས་སོ། །བཞི་པ་ལ། དོན་དམ་གྱི་ཕུར་པ་དང་། ཀུན་རྫོབ་ཀྱི་ཕུར་པའོ། །དང་པོ་ནི་རྒྱུད་ལས། ཕུར་པའི་དོན་ནི་རིག་པའི་ཡེ་ཤེས་ཏེ། །དེ་ཡི་ཡུལ་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །ཞེས་དང་། གཉིས་པ་ནི། ལྕགས་སྣ་ལྔ་དག་ཤིང་སྣ་བཞིའི་ཕུར་པ་སྟེ། མྱང་འདས་ལས། ས་ལྕགས་གནམ་ལྕགས་ཁྲོ་ཆུ་དང་། མི་རྟ་བསད་པའི་མཚོན་རྩེ་བཞི། །ཕལ་པའི་ལྕགས་དང་ལྔ་ལ་བྱ། །ཞེས་པའོ། །ལྔ་པ་ནི། མྱང་འདས་རྒྱུད་ལས། རྒྱ་མདུད་གོང་མ་ཆོས་སྐུ་སྟེ། །གཉིས་པ་ལོངས་སྤྱོད་རྫོགས་པ་ཡིན། །རྩེ་མོ་སྤྲུལ་པའི་སྐུ་ཡིན་པས། །མགོ་དང་རྩ་བ་མ་ནོར་བར། །ཟུར་གསུམ་པ་རུ་རྣམ་པར་བཞོག །ཅེས་སོ། །དྲུག་པ་ནི། གསང་རྒྱུད་ལས། ཙནྡན་དཀར་པོའི་ཕུར་པ་ཡིས། །ནད་རྣམས་མ་ལུས་ཞི་བར་བྱེད། །སྐྱེར་པའི་ཕུར་པ་ཟུར་བཞི་ཡིས། །ཚེ་དང་ལོངས་སྤྱོད་རྒྱས་པར་བྱེད། །སེང་ལྡེང་ཕུར་པ་ཟླ་གམ་གྱིས། །ཐམས་ཅད་དབང་དུ་སྡུད་པར་བྱེད། །བསྭེ་ཤིང་ཕུར་པས་རིགས་རྒྱས་བྱེད། །གསེར་གྱིས་བྱང་ཆུབ་སེམས་རྒྱས་བྱེད། །ཙནྡན་དམར་པོའི་ཕུར་པ་ཡིས། །བུ་མོ་དབང་དུ་སྡུད་པར་བྱེད། །མཛོ་མོས་བློན་པོ་དབང་དུ་སྡུད། །བསྭེ་ཤིང་དམངས་རིགས་དབང་དུ་སྡུད། །ཟངས་ཀྱིས་རྒྱལ་པོ་དབང་དུ་སྡུད། །ཤིང་གིས་གདོན་རྣམས་དབང་དུ་སྡུད། །ཅེས་པ་ལྟར་རོ། །འབྲས་བུ་ནི། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཞེས་སོགས་ཀྱིས་བསྟན་པའི་མཐར་ཐུག་ཕུར་བཞིའི་དགོངས་པ་མངོན་དུ་གྱུར་ནས་སངས་རྒྱས་པའོ། །དེས་སྤྲུལ་པའི་སྐུའི་ངོ་བོར་ཕུར་པ་རྫས་ཀྱི་དཀྱིལ་འཁོར་མདོ་ཙམ་བསྟན་ཟིན་ཏེ། སྤྱི་དོན་གཉིས་པ་དཀྱིལ་འཁོར་རྣམ་པ་གསུམ་སྔོན་དུ་འགྲོ་བ་དང་བཅས་པས་དོན་གྱི་ཁོག་དབུབ་པ་ཚར་རོ། །སྤྱི་དོན་གསུམ་པ་ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་ཞིང་སྲོག་གི་ཡེ་ཤེས་སེམས་དཔས་སྲོག་ལ་དབང་བསྐུར་བ་བཤད་པ་ལ་གཉིས། གསོལ་བ་གདབ་པ་དང་། དབང་བསྐུར་བའོ། །དང་པོ་ནི། ཐབས་ཀྱིས་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་པར་མཛོད། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་པ་སྟེ། འདི་ལ་རིག་འཛིན་གྲུབ་པའི་རྒྱལ་པོ་རྣམ་པ་གསུམ་གྱི་དགོངས་པའི་ཟུར་ཐམས་ཅད་ཚང་བར་མདོ་ཙམ་བསྙད་ན། སེམས་ཅན་གྱི་དོན་དུ་ཐབས་བསམ་གྱིས་མི་ཁྱབ་པ་དང་ཐབས་ལ་མཁས་པ་ཐམས་ཅད་ཀྱི་སྤྱོད་པས་ཟིན་པར་བསམ་པ་བྱམས་པ་དང་། ལག་ལེན་སྙིང་རྗེ་ནི་སྤྱིར་ཐེག་ཆེན་དང་། ཁྱད་པར་གསང་སྔགས་ལ་གལ་ཆེ་བའི་སྙིང་པོ་གཅིག་ཏུ་གྱུར་པའི་ཕྱིར། དེ་ལྟ་བུས་ཁྱད་པར་དུ་བྱས་པའི་སངས་རྒྱས་ཀྱི་ཕྲིན་ལས་ཀྱི་ངོ་བོར་བསྐྱེད་རྫོགས། ངེས་ཚིག་སངས་རྒྱས་ཀྱི་ཕྲིན་ལས་གང་ཟག་གི་ལས་སུ་བྱ་བ། དབྱེ་བ་ཕྲིན་ལས་བཞི་དང་། ཡང་ན་མ་རིག་པ་སངས་ཤིང་ཡེ་ཤེས་རྒྱས་པ་ལ་ཕྲིན་ལས་རྫོགས་པར་བྱས་པ་དང་། ཞི་རྒྱས་དབང་དྲག་གང་འདུལ་གྱི་ཕྲིན་ལས་ཐམས་ཅད་རྫོགས་པར་མཛད་པའི་དོན་དུ་ཕྱི་དབང་སྣང་བ་ལྷར་ཤེས་པ། ནང་དབང་སྣང་སྲིད་སེམས་སུ་ཤེས་པ། གསང་དབང་སྣང་སྲིད་སྟོང་པར་རྟོགས་པར་བྱིན་གྱིས་རླབས་ཀྱི་ཕྲིན་ལས་རྫོགས་པར་སྩོལ་ཅིག་པའི་དོན་དུ་སྤྱིར་ཤེས་པར་བྱ་ཞིང་། དོན་དཀྱིལ་འཁོར་རྣམ་པ་གསུམ་གྱི་སྲོག་ལ་དབང་བསྐུར་བས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་རྫོགས་པ་དེས་ཁམས་གསུམ་གྱི་སྲོག་གམ་སྙིང་པོ་ལ་ཐེབས་ནས་སྣང་གྲགས་རིག་པ་ལྷ་སྔགས་བདེ་བ་ཆེན་པོའི་རང་བཞིན་ཉིད་དུ་འཆར་བས་སྲོག་གི་ཡེ་ཤེས་སེམས་དཔའ་གང་གིས་སྲོག་གམ་སྙིང་པོའི་ཡེ་ཤེས་གསོས་བཏབ་པའམ། རྒྱལ་བ་ཀུན་གྱི་ཕྲིན་ལས་དུས་གཅིག་ཏུ་སྒྲུབ་ནུས་པའི་མཐུ་དང་དབང་ཆེན་པོ་བརྙེས་པའི་ཕྱིར་དུ་གོ་ན་རུང་ངོ་། །གཉིས་པ་དབང་བསྐུར་བ་དངོས་ནི། དེ་ལྟར་གསོལ་བ་བཏབ་པ་དང་སངས་རྒྱས་རིགས་ལྔ་སྤྱི་བོའི་ཐད་དུ་སྤྱན་དྲངས་ཏེ་གཤེགས་པས་ཤར་ཕྱོགས་པས་ཆུ་དབང་། ལྷོ་ཕྱོགས་པས་དབུ་རྒྱན། ནུབ་ཕྱོགས་པས་རྡོ་རྗེ། བྱང་ཕྱོགས་པས་དྲིལ་བུ། དབུས་ནས་མིང་གི་དབང་བསྐུར་བ་དང་བཅས་པ་ནི་བུམ་དབང་། རིགས་ལྔ་ཡབ་ཡུམ་གྱི་བྱང་སེམས་ཀྱི་རྒྱུན་བདག་གཙོ་བོའི་སྤྱི་བོ་ནས་ཞུགས་ཏེ་ཐིམ་པ་གསང་དབང་། དབང་ལྷ་ཐམས་ཅད་འོད་དུ་འདུས་ཏེ་སྤྱི་བོ་ནས་ཐིམ་པ་ཤེར་དབང་། དེའི་དུས་ཀྱི་བདེ་སྟོང་གི་ཉམས་རྒྱུད་ལ་སྐྱེས་པ་དབང་བཞི་པ། དེ་ནས་རིགས་ལྔ་ཅིག་ཅར་དུ་ཡར་ལོག་ནས་དབུར་བརྒྱན་པ་ནི་དབང་རྟགས་སོ། །དེ་ལྟ་བུར་གྱུར་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བའོ། །དབང་དེ་ལྟ་བུའི་ཡེ་ཤེས་སྥ་ར་ཎ་ཕཊ་ཀྱིས་ཁམས་གསུམ་གྱི་སེམས་ཅན་ལ་ཕོག །དེ་རྣམས་རིགས་དྲུག་སོ་སོའི་ས་བོན་གྱི་ངོ་བོར་གྱུར། དེ་འབྱུང་བའི་ཡི་གེ་གསུམ་གྱིས་བསྲེགས་གཏོར་སྦྱངས་པས་ཐམས་ཅད་དཀྱིལ་འཁོར་གསུམ་གྱི་སྐུར་གྱུར། དེ་ནས་འོད་ཀྱི་སྣང་བ་ཚུར་འདུས་སཾ་ཧ་ར་ཎ་ཧཱུྃ་གིས་སྙིང་གའི་རྟ་མགྲིན་ལ་འདུས། དབང་བསྐུར་བས་བཀྲག་དང་གཟི་བརྗིད་དཔལ་དུ་འབར་བ་ནི་དེས་སྲོག་ལ་དབང་བསྐུར་བའོ། །དེས་བསྐུལ་ཏེ་རྟ་མགྲིན་ཡབ་ཡུམ་ཟག་མེད་བདེ་ཆེན་གྱི་རོལ་པའི་བྱང་སེམས་ཡེ་ཤེས་སེམས་དཔའ་ལ་ཐིམ་ནས་དབང་བསྐུར་བས་དེ་ཉིད་བཀྲག་དང་ལྡན་པར་གྱུར་པའི་གཟི་བརྗིད་ཡེ་ཤེས་ཀྱི་བཅུད་ཐམས་ཅད་རྡོ་རྗེའི་ལྟེ་བའི་ཐུགས་སྲོག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཧཱུྃ་ཡིག་ལ་ཕོག །བཀྲག་དང་གཟི་མདངས་འོད་དུ་འབར་བ་ནི་ཡེ་ཤེས་སེམས་དཔས་སྲོག་ལ་དབང་བསྐུར་བའོ། །དེ་ནས་དཀྱིལ་འཁོར་གསུམ་གྱི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ངོ་བོའི་ཡིག་འབྲུ་གསུམ་གྱི་སྤྲོ་བསྡུ་ལས་སྤྱི་བོར་རྣམ་སྣང་། མགྲིན་པར་སྣང་མཐའ། སྙིང་གར་མི་བསྐྱོད་པས་བརྒྱན་པར་གསལ་བ་ནི་དབང་གི་རྟགས་སུ་བཤད་དོ། །འདིའི་སྐབས་སྲོག་ཅེས་པ་ལ་གཉུག་མ་རང་བཞིན་གྱི་སྲོག །རྩ་བ་ལྟ་བུའི་སྲོག །ཐུགས་སྲོག །རིགས་དྲུག་གི་ས་བོན། མི་མ་ཡིན་པ་སོ་སོའི་སྲོག་ཡིག་སོགས་ཀྱི་རྣམ་གཞག་མང་དུ་འབྱུང་ཡང་། སྐབས་དོན་འདིར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཁམས་གསུམ་གྱི་སྣོད་བཅུད་ལྷ་ཡིས་དཀྱིལ་འཁོར་དུ་སྲོག་གམ་སྙིང་པོའི་རང་བཞིན་དུ་བསྒྱུར། སངས་རྒྱས་ཀུན་གྱི་ཡེ་ཤེས་སྲོག་གམ་སྙིང་པོའི་ཚུལ་དུ་བདག་གི་སྙིང་གར་བཞུགས་པའི་སྲོག་གི་ཡེ་ཤེས་སེམས་དཔའ་དཔའ་བོ་རྟ་མགྲིན་གྱི་རྣམ་པར་སྣང་བ་དེས་ཐུགས་སྲོག་གི་ངོ་བོ་ལ་མཐུ་དང་ཡོན་ཏན་གཟི་བརྗིད་ཀྱི་མདངས་རབ་ཏུ་ཕྱུང་བ་ལ་གོ་བར་བྱའོ། །སྤྱི་དོན་བཞི་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་ཅིང་བསྙེན་པས་དངོས་གྲུབ་ཀྱི་བཅུད་བླང་བ་ལ་གཉིས། གསོལ་བ་གདབ་པ་དང་། དོན་དངོས་བཤད་པའོ། །དང་པོ་ནི། འཁོར་བ་ཕུར་བུ་བསྒྲུབ་དོན་དུ་དབང་དང་བྱིན་རླབས་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཕུར་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་པས་བསྟན་ཏེ། སྤྱན་འདྲེན་གྱི་ཚིག་འདིའི་ཤུགས་ལས་གཞན་རྣམས་ཀྱང་གོ་དགོས་པ་ཡིན་ལ། སྲིད་པའམ་འཁོར་བའི་ཁམས་ཀྱི་སྣོད་བཅུད་དག་དང་མཉམ་པའི་རང་བཞིན་མ་མཐོང་སྟེ་ཐ་མལ་རང་རྒྱུད་པ་དང་དངོས་པོ་མཚན་མར་བཟུང་བས་སྡུག་བསྔལ་རྣམ་པ་དུ་མས་ཤ་ཐང་ཆད་པ་འདི་དག །ཡེ་གདོད་མ་ནས་རྣམ་པར་དག་པའི་ཕུར་པ་མཉམ་ཡངས་གདལ་བ་ཆེན་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་རྣམ་རོལ་ལས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་རྣམ་གསུམ་སྐུ་གསུམ་གྱི་བདག་ཉིད་ཆེན་པོར་བསྒྲུབ་པའི་ཕྱིར་རམ་དོན་དུ། ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་ཞིང་སྲོག་གི་ཡེ་ཤེས་སེམས་དཔས་སྲོག་ལ་དབང་བསྐུར་བས་སྟོང་སྲོག་ཆོས་སྐུའི་ཀློང་དུ་དབྱེར་མེད་ཆེན་པོར་འཕོ་འགྱུར་གཞོམ་ཞིག་མེད་པར་གཉུག་མ་དོན་གྱི་སྲོག་པ་རྩ་མྱུར་དུ་ཚུགས་པའི་དབང་དང་བྱིན་རླབས་ཀྱི་རིམ་པ་མ་ལུས་པ་ཞུ་བའམ་སྩོལ་བའི་ཕྱིར་དུ། དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རོལ་པའི་ཁྲོ་རྒྱལ་ཆེན་པོ་གནས་འདིར་མ་ཐོགས་མྱུར་བའི་ཐུགས་རྗེའི་ཤུགས་ཀྱིས་གཤེགས་སུ་གསོལ་ན། ཡེ་ཤེས་པའི་ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་དངོས་ཉམས་རྨི་ལམ་གྱི་རྟགས་དང་མཚན་མ་བཟང་པོས་ཡེ་ཤེས་ཀྱི་ཁྲོ་བོ་གྲུབ་པའི་མཚོན་བྱེད་དུ་བསྟན་པ་དང་། ཕུར་པའི་དངོས་གྲུབ་མ་ལུས་པ་མཆོག་དང་ཐུན་མོང་གི་ཚུལ་དུ་སྩལ་བར་མཛད་དུ་གསོལ་ཞེས་དམ་ཚིག་གི་འཁོར་ལོས་འོག་མིན་ན་བཞུགས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་གསོལ་བའོ། །གཉིས་པ་ལ་བཞི། ཡེ་ཤེས་པ་སྤྱན་དྲང་བ། དེ་ལ་མཆོད་པ་བརྒྱད་དབུལ་བ། བསྙེན་པ་བྱ་བ། བསྟོད་ཅིང་དངོས་གྲུབ་བླང་བའོ། །དང་པོ་ནི། དམ་ཚིག་པའི་ཐུགས་ཀའི་འོད་ཀྱིས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་རང་དང་མཚུངས་པའི་དཀྱིལ་འཁོར་གསུམ་མདུན་མཁར་སྤྱན་དྲང་བའོ། །གཉིས་པ་དེ་ལ་མཆོད་པ་དབུལ་བ་ལ་བརྒྱད། ཕྱག་གི་མཆོད་པ། ལྷ་མོ་བཞི་བསྣོལ། བ་ལིཾ་གཏོར་མ། བདུད་རྩི་སྨན། རཀྟ་ཚར་གསུམ། སྦྱོར་དང་སྒྲོལ་བ། འདོད་དོན་གསོལ་བ། ཚོགས་དང་བསྟོད་པའི་མཆོད་པའོ། །དང་པོ་ནི། ནམ་མཁར་བཞུགས་པར་གསལ་བའི་ཡེ་ཤེས་པ་ལ་ཨ་ཏི་པུ་ཧོཿ ས་ཕྱག་བཙལ་བ་ལ། ཡེ་ཤེས་པས་པྲ་ཏི་ཛ་ཧོཿཞེས་ལན་དུ་དངོས་གྲུབ་ཀྱི་བཅུད་སྩོལ་བའོ། །གཉིས་པ་བསྟིམས་ནས་ལྷ་མོ་བཞི་བསྣོལ་གྱིས་མཆོད་པ་ལ། སྒོ་བཞིའི་ཡི་གེས་དགུག་གཞུག་བཅིང་མྱོས་ཀྱི་བྱ་བ་བྱས་ཏེ་དམ་ཡེ་བསྲེ་བའོ། །དེའི་འབྲུ་དོན་ཅུང་ཟད་བཤད་ན། གང་ནས་སྤྱན་དྲང་ན་འོག་མིན་ནས་སྤྱན་དྲང་། གང་དུ་ན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྒྲུབ་གནས་དང་བཅས་པར་དྲང་། སྒྲུབ་པའི་གནས་ཀྱང་དྲག་པོའི་དབང་དུ་བྱས་ནས་ཁ་རལ་སྲིན་པོའི་གནས། ཤིང་གཅིག་དྲི་ཟའི་གནས། དྲག་པོ་གནོད་སྦྱིན་གྱི་གནས། ཆུ་མིག་ཀླུའི་གནས། དུར་ཁྲོད་མ་མོ་མཁའ་འགྲོའི་གནས་སོགས་མང་དུ་གསུངས་ཀྱང་། འདིར་རྣལ་འབྱོར་པ་སྒྲུབ་པ་གང་དུ་བྱེད་པའི་གནས་དེ་ཉིད་དུའོ། །གང་གིས་སྤྱན་དྲང་ན་དམ་ཚིག་པས། གང་སྤྱན་དྲང་ན་དཀྱིལ་འཁོར་གསུམ་གྱི་ཡེ་ཤེས་པ་རྣམས་དྲང་བ་ཡིན། དགོས་པ་འཁོར་བ་གསུམ་མམ་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་རྡོ་རྗེ་ཕུར་བུ་བསྒྲུབ་པའི་ཕྱིར་དང་། དབང་དང་དངོས་གྲུབ་བླང་བའི་དོན་དུ་སྤྱན་དྲང་། དབང་གང་ལེན་ན་རྟོགས་པ་ཆོས་ཉིད་ཀྱི་དབང་། རིག་པ་རྩལ་གྱི་དབང་། ཁམས་གསུམ་སྒྲོལ་བའི་དབང་། དྲག་པོ་ལས་ཀྱི་དབང་རྣམས་བླང་བའི་དོན་དུའོ། །དངོས་གྲུབ་ཅི་ལེན་ན་རབ་སངས་རྒྱས། འབྲིང་རིག་འཛིན། ཐ་མ་མིག་སྨན་ལ་སོགས་པའམ། ཡང་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བླང་བའི་ཕྱིར་དུ་ཡིན་ལ། སྤྱན་དྲངས་བྱའི་ལྷ་དེ་དག་ལ་ཡེ་ཤེས་ཁྲོ་བོ་ཞེས་པའི་རྒྱུ་མཚན་ཡང་། ཡེ་ཤེས་ནི་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་ཡིན་ལ། དེ་དང་ལྡན་པ་ནི་ཡེ་ཤེས་པ། ཁྲོ་བོ་ནི་རྔམ་ཞིང་བརྗིད་པ་སྟེ་ཡེ་ཤེས་པ་ཡིན་ལ་ཁྲོ་བོ་མ་ཡིན་པ་ཞི་བའི་རིགས་ལྔ་ལྟ་བུ་དང་། ཡེ་ཤེས་པ་མིན་པ་ལ་ཁྲོ་བོ་ཡིན་པ་བདུད་དང་སྲིན་པོ་ལྟ་བུ་དང་། ཡེ་ཤེས་པའང་མ་ཡིན་ལ་ཁྲོ་བོའང་མ་ཡིན་པ་རིགས་དྲུག་གི་སེམས་ཅན་ལྟ་བུ་ནི་འདིར་སྤྱན་འདྲེན་པ་མིན་ལ། ཡེ་ཤེས་ཀྱང་ཡིན་ལ་ཁྲོོ་བོའང་ཡིན་པ་རྡོ་རྗེ་གཞོན་ནུ་ཕྲིན་ལས་ཕུར་པ་རོལ་པའི་ལྷ་ཚོགས་རྣམས་སྤྱན་འདྲེན་པ་ཡིན་པས་ན་འདི་དག་ལ་ཡེ་ཤེས་ཁྲོ་བོ་ཞེས་འཇོག་ཅིང་། སྤྱན་དྲངས་ནས་བྱེད་ལས་གང་བྱེད་ན་རྟགས་དང་མཚན་མ་སྟོན་པའི་བྱེད་ལས་མཛད་དེ། རྟགས་ནི་རབ་ཞལ་སྟོན། །འབྲིང་ཕུར་བུ་ནམ་མཁར་ལྡིང་བ། ཐམ་རྨི་ལྟས་སྟོན་པའམ། ཡང་ན་ལུས་ཡང་བ། ངག་བཙུན་པ། ཡིད་བདེ་བའོ། །མཚན་མ་ནི་མི་རྟོག་པའི་ཡེ་ཤེས་སྐྱེ་བ་རྣམས་ཡིན་པར་གསུངས་པའི་གནད་འདི་དག་འདི་ཙམ་དུ་མ་ཟད་སྤྱིར་གོ་བ་གལ་ཆེའོ། །གསུམ་པ་གཏོར་མའི་མཆོད་པ་ནི། དམ་ཚིག་ཆེན་པོས་གཙོ་བོ་དང་། སྤྲུལ་པ་ཆེན་པོས་ཕྱོགས་བཅུ་ཁྲོ་བོ་ལ། ཕྱག་བརྙན་ཆེན་མོས་མགོ་བརྙན་ཉི་ཤུ་ལ། ཤྭ་ནའམ་ཁྱིའི་གདོང་ཅན་གྱིས་ཤྭ་ན་བཞི་ལ། བདག་ཉིད་ཆེན་མོས་རེ་མ་ཏིལ། ས་བདག་གིས་བསྭེ་མོ་བཞི་ལ། ཁྱེད་ཀྱི་དམ་ཚིག་གིས་ལིང་ག་དབུལ་བའོ། །བཞི་པ་སྨན་མཆོད་ལ་ལྔ་སྟེ། སྨན་གྱི་ཆེ་བ་བརྗོད་པ། སྨན་མཆོད་དངོས། བཤགས་པ། དངོས་གྲུབ་བླང་བ། སྨོན་ལམ་སྟེ་དོན་དེ་དག་གིས་སྣང་སྲིད་བདུད་རྩི་དག་པས་དགྱེས་པ་བསྐྱེད་པའོ། །ལྔ་པ་རཀྟ་ཚར་གསུམ་ནི། །དང་པོ་བཀའ་ཉན་པར་བྱེད་པའི་དོན་དུ་འབུལ། གཉིས་པ་དམ་ཅན་གནད་ལ་དབབ་པའི་ཕྱིར་དུ་འབུལ། གསུམ་པ་མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཆེད་དུ་འབུལ་བ་དང་། གཞན་ཡང་དུག་ལྔ་དུག་གསུམ་གྱི་མཆོད་པ་རྣམས་ཀྱང་ཤུགས་ལས་ཤེས་པར་བྱའོ། །དྲུག་པ་སྦྱོར་སྒྲོལ་གྱི་མཆོད་པ་ནི། སྦྱོར་བ་ཁྲོ་བོ་ཡབ་ཡུམ་རྣམས་སྙོམས་པར་འཇུག་པ་དང་། སྒྲོལ་བ་ནི་དགྲ་བགེགས་བསྒྲལ་བ་སྟེ། ཡབ་ཡུམ་གྱི་མཁའ་གསང་རྡོ་རྗེ་འབར་བའི་གཏུན་དང་ཐོ་བས་དགྲ་བགེགས་བཀུག་ཅིང་རོལ་པའི་སྟབས་ཀྱིས་རྡུང་། བྱང་སེམས་མེ་ལྕེས་སྲེག །འདོད་ཆགས་ཞེ་སྡང་གཏི་མུག་གི་ངོ་བོ་ཤ་ཁྲག་རུས་གསུམ་ལྷག་མེད་དུ་གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པའི་ཞལ་དུ་སྦྱོར་བས་ཐུགས་རྒྱུད་མཉེས་པའི་བཞད་སྒྲ་དང་བཅས་ཏེ་ཐ་མལ་པའི་འདོད་ཆགས་ཞེ་སྡང་གི་ས་བོན་དང་བཅས་པ་རྩད་ནས་བརླག་པ་ནི་འདིའི་ངོ་བོའོ། །བདུན་པ་འདོད་དོན་གསོལ་གདབ་པ་ནི། དམ་ཚིག་ཆེན་པོའི་སོགས་ཀྱིས་བསྟན་དོན། རིག་པ་འཛིན་པ་རྣམས་ཀྱིས་བྱང་ཆུབ་སྒྲུབ་པའི་བདུད་དང་བར་གཅོད་གཉིས་འཛིན་ལོག་པར་རྟོག་པའི་འཁྲུལ་པའི་རང་གཟུགས་ཀྱི་སྣང་བ་ཐམས་ཅད་དབྱིངས་སུ་ཐིམ་ནས། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་དག །རྡོ་རྗེ་གསང་བའི་བཀའ་ལས་འདས་པའི་སྡིག་ཅན་གནོད་པར་བྱེད་པ་རྣམས་ཀྱི་ཁོང་ནས་མེ་འབར་བའི་བཀའ་འདས་ཀྱི་ཆད་པ་དྲག་པོས་མནར་བ་ཆོས་ཉིད་བཞིན་སྡུག་བསྔལ་ཉམས་སུ་མྱོང་བར་མཛོད་ཅིག །རིག་པ་འཛིན་པའི་སྒྲུབ་པ་པོ་རྣམས་ལ་མཆོག་ཐུན་དངོས་གྲུབ་ཀྱི་དབྱིག་མི་ཟད་པའི་གཏེར་ཆེན་པོའི་གྲུ་ཆར་ཀྱི་དཔྱིད་འཇོ་བས་དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད་ཅིག་ཅེས་བསྐུལ་བ་སྟེ། འདི་ལའང་གུ་རུ་གསུམ་གྱི་དགོངས་པས་མང་དུ་བཤད་ཀྱང་དོན་མདོར་བསྡུས་པའོ། །དེ་ནས་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་དེ་དག་གི་ཆེ་བའི་ཡོན་ཏན་བརྗོད་བྱར་བྱས་པའི་རྗོད་བྱེད་ཀྱི་གླུ་དབྱངས་སྙན་ཅིང་བརྗིད་ལ་ཟིལ་ཆེ་ཞིང་བྱིན་ཆགས་པའི་བསྟོད་པ་ཧེ་རུ་ཀ་ལྷག་པར་དགྱེས་པའི་དཔལ་ཆེན་རྔམས་པའི་སྒྲ་དབྱངས་ལྕེ་རྐན་བྱེད་རྩོལ་གྱི་འདུ་ཤེས་ལས་འདས་པའི་རང་བྱུང་ནཱ་ད་མི་ཤིགས་པའི་རང་སྒྲར་གསལ་བས་ཀྱང་དགྱེས་པ་བསྐྱེད་དོ། །བརྒྱད་པ་བསྙེན་པས་དངོས་གྲུབ་ཀྱི་བཅུད་བླང་བ་ནི། བསྙེན་ཛཔ྄་སྟེ་དེ་ལ་གསུམ། ཛཔ྄་ཁང་དབྱེ་བ། ཛཔ྄་བཟླ་བ། ཛཔ྄་བསྟོད་བྱ་བའོ། །དང་པོ་ནི། དམ་ཚིག་བཞིར་དབྱེ་བ་དང་། བར་དུ་ཛཔ྄་བཟླ་བ་ལ། ཕྱི་ལྟར་བཟླ་བ། ནང་ལྟར་བཟླ་བ། གསང་བ་ལྟར་བཟླ་བ། དེ་རེ་རེ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྟར་བཟླ་བ་སྟེ། འདི་དག་གི་རྣམ་གཞག་རྒྱས་པར་འགྲེལ་བ་དང་གཞན་ན་གསལ་བས་འདིར་བསྡུས་སོ། །ཛཔ྄་བསྟོད་བྱ་བ་ནི། བཟླས་གྲངས་རྫོགས་པ་དང་སྟོང་ཚིག་གི་མཆོད་བསྟོད་དབུལ་བའོ། །བརྒྱད་པ་ཚོགས་ཀྱི་མཆོད་པ་ག་ཎ་ཙཀྲའི་ཆོ་ག་ལ་བརྒྱད། ཚོགས་པ་གསུམ། གསག་པ་གསུམ། བསང་བ་གསུམ། སྦྱང་བ་གསུམ། བརླབ་པ་གསུམ། བསྐྱེད་པ་གསུམ། ཡུལ་གསུམ། དམ་ཚིག་གསུམ་མོ། །དང་པོ་ཚོགས་པ་གསུམ་ནི། དགའ་ལྡན་ལྷའི་ཚོགས། དགྱེས་ལྡན་མིའི་ཚོགས། འབྱོར་ལྡན་ལོངས་སྤྱོད་ཀྱི་ཚོགས་སོ། །དེའང་དང་པོ་ལྷ་མཐུན་པ་དང་། གཉིས་པ་དམ་ཚིག་རྩ་བ་གཅིག་པ་དང་། གསུམ་པ་ཡོ་བྱད་གྱ་ནོམ་པའོ། །གཉིས་པ་གསག་པ་གསུམ་ནི། གནས་དུར་ཁྲོད་ལྟ་བུར་གྲུབ་ཐོབ་ཀྱི་བླ་མ་གསག །ལྷ་གྲངས་དང་མཉམ་པའི་རྣལ་འབྱོར་གྱི་ཕོ་མོ་གསག །འདོད་ཡོན་ལྔའི་ལོངས་སྤྱོད་གསག་པའོ། །གསུམ་པ་ནི། དང་པོར་བདག་ཉིད་བསང་། གཉིས་པ་མཆེད་ལྕམ་བསང་། གསུམ་པ་ཚོགས་བསང་བའོ། །བཞི་པ་སྦྱང་བ་གསུམ་ནི། རྃ་ཡྃ་ཁྃ་གི་ས་བོན་ལས་བྱུང་བའི་མེ་རླུང་ཆུས་དམེ་བཙོག་སྦྱང་བའོ། །ལྔ་པ་ནི། ཧཱུྃ་ཨཱཿༀ་གསུམ་ཞུ་ཐིམ་པ་ལས་བདུད་རྩིའི་རང་བཞིན་སྔོ་དམར་དཀར་བའི་མདངས་ལྡན་དུ་བརླབ་པའོ། །དྲུག་པ་ནི། མཆོད་པའི་དུས་སུ་འདོད་ཡོན་ལྔ། བཤགས་པའི་དུས་སུ་ཡེ་ཤེས་ལྔ། བསྟབ་པའི་དུས་སུ་དགྲ་བགེགས་ཀྱི་ཤ་ཁྲག་དོན་སྙིང་དུ་གསལ་བའམ་ཤེས་པའོ། །བདུན་པ་ཡུལ་ནི། བླ་མ་རྡོ་རྗེ་འཛིན་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་དང་། དཔའ་བོ་མཁའ་འགྲོ་རྣམས་ལ་དབུལ་ལོ། །བརྒྱད་པ་དམ་ཚིག་ནི། མི་བྱ་བ་གསུམ། མི་སྨྲ་བ་གསུམ། མི་བསམ་པ་གསུམ། མི་འབྲལ་བ་གསུམ་བཤད་པ་སོགས་གཞན་ན་གསལ་ཞིང་། ལག་ལེན་དུའང། རྩ་རྒྱུད་ལས། བགེགས་བསྐྲད་བྱིན་བརླབ་སྤྱན་དྲངས་དང་། །མཆོད་དང་བསྐང་དང་བཟློག་པ་དག །སྟོད་ཀྱི་ལས་སུ་ཤེས་པར་བྱ། །བསྟབ་དང་དབུལ་བ་བཤགས་པ་དང་། །སྨོན་ལམ་རྒྱ་ཆེན་གདབ་པ་ནི། །སྨད་ཀྱི་ལས་སུ་ཤེས་པར་བྱ། །ཅེས་བཤད་པ་ལྟར་ལག་ཏུ་ལེན་ཅིང་། རྣལ་འབྱོར་སྒྲུབ་པ་པོས་ཟས་ལྷག་བསྡུས་ཏེ་བྱིན་གྱིས་བརླབས་ནས་སྒོ་དྲུང་ཉུལ་བའི་འབྱུང་པོ་ལྷག་སྡུད་གིང་ལང་འབར་མ་དབང་ཕྱུག་སོགས་ལ་བཀའི་ཕམ་ཕབ་ཀྱི་ཚུལ་དུ་བཏང་ནས་ཟབ་མོའི་སྨོན་ལམ་དང་རྡོ་རྗེའི་གླུས་རིག་པ་གཟེངས་བསྟོད་པ་སོགས་ལག་ལེན་ལས་ཀྱི་བྱང་བུ་དང་སྒོམ་དོན་སོགས་ལས་འབྱུང་གི། འདིར་མང་དུ་མ་སྤྲོས་སོ། །དེ་ལྟར་ན་དེ་དག་ནི། གསང་རྒྱུད་ལས། ས་མན་ཛཿཡ་ཞེས་གསོལ་བས། །ཕྱག་རྒྱ་བཞི་ཡིས་སྤྱན་ཡང་དྲང་། །ཏིཥྛ་བཛྲས་བརྟན་བྱས་ལ། །དགྱེས་པ་ཆེན་པོས་ཕྱག་བཙལ་ཞིང་། །མཆོད་པའི་རིམ་པ་སྔོན་འབྱུང་བཞིན། །དེས་ནི་ལས་རྣམས་མ་ལུས་འགྲུབ། །ཅེས་གསུངས་པའི་དོན་ཏོ། །གཞན་ཡང་གསང་སྔགས་རྙིང་མ་སྤྱིའི་འགྲོས་སུ་དམ་ཅན་སྲུང་མ་སྤྱི་དང་བྱེ་བྲག་ལ་ཕྲིན་ལས་གཞོལ་བའི་གཏང་རག་ཕུད་དང་གཏོར་མ་དབུལ་བ། རྩ་གསུམ་རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ལ་ཐུགས་རྗེའི་ཐུགས་དམ་གནད་ནས་བསྐུལ་བ། བཀའ་དང་དམ་ལ་གནས་པའི་རྒྱུད་གསུམ་དྲེགས་པའི་ཚོགས་ལ་བཀའི་ཆད་ཐོའི་ཐ་ཚིག་བསྒྲག་པ། བོོད་ཡུལ་མཐའ་དབུས་ཀྱི་སོ་ཁ་བསྲུང་ཞིང་མཐའ་བཞིའི་ཀླ་ཀློ་གདུག་པའི་རྒྱུ་ལམ་བཀག་པར་སྣང་སྲིད་ཟིལ་གནོན་མཚོ་སྐྱེས་རྒྱལ་བས་བཀའ་བསྒོས་པ་བདུད་དང་གནོད་སྦྱིན་སྨན་མོའི་ཚུལ་དུ་སྣང་བའི་བརྟན་མ་ཆེན་མོ་བཅུ་གཉིས་ལ་སྔོན་གྱི་ཐ་ཚིག་གཉན་པོ་བསྐུལ་བའི་ལས་ཀྱི་གཉེར་ཟན་དུ་བཤལ་ཆུའི་བདུད་རྩིས་སྟོབ་པ། ལོག་པར་འདྲེན་པའི་བདུད་དང་དམ་སྲི་གཏོར་གཞོང་རི་རབ་ཏུ་གསལ་བའི་འོག་ཏུ་ལྡང་མེད་མནན་པའི་རྒྱས་གདབ་པ། དངོས་གྲུབ་རྣམ་གཉིས་ཀྱི་བཅུད་བླང་བ། དཀྱིལ་འཁོར་ལ་སླར་ཡང་མཆོད་ཅིང་བསྟོད་པ། ནོངས་བཤགས། གཤེགས་གསོལ་ལམ་རྟེན་གཞུག །བསྐྱེད་རིམ་གྱི་དཀྱིལ་འཁོར་རྟགས་མཐའ་བསལ་ཕྱིར་འོད་གསལ་དུ་བསྡུ་ཞིང་། ཆད་མཐའ་སྤང་ཕྱིར་ལྷའི་སྐུར་ལྡང་བ། དགེ་ཚོགས་གཞན་དོན་དུ་ཐེག་པ་ཆེན་པོའི་བསྔོ་བ་དང་། ཟབ་རྒྱས་ཀྱི་དོན་ལ་སྨོན་ལམ་བཟང་པོར་བརྒྱན་པ། ཤིས་པའི་ཚིག་གི་དབྱངས་སྙན་ས་གསུམ་དུ་ཁྱབ་པར་སྤེལ་བས་དགེ་ལེགས་གོང་འཕེལ་དུ་བྱེད་པ་རྣམས་ཆོ་གའི་མཇུག་དོན་དུ་འོང་བ་ཡིན་མོད། འདིར་རྒྱུད་དོན་འདིར་རྒྱུད་དོན་རྒྱུད་ལྟར་འཆད་པ་སྐབས་སུ་བབ་པས་བསྐྱེད་རྫོགས་ཟབ་མོའི་རྩ་བ་རྡོ་རྗེའི་ཚིག་གིས་དངོས་ཤུགས་སུ་བསྟན་པ་ཙམ་ཚིག་ཉུང་ངུས་བཀྲལ་བའི་སྐབས་སུ་དེ་དག་སྨོས་པའི་སྤྲོས་པ་མ་བྱས་ལ། ཞིབ་པར་འཇམ་མགོན་ཨ་མེས་ཞབས་ཀྱི་དཀྱིལ་ཆོག་རྣམ་བཤད་དང་། གཞན་ཡང་སྒོམ་དོན་ཕྲིན་ལས་ཀྱི་རིམ་པ་རྣམས་སུ་འབྱུང་བ་ལྟར་རོ། །དེ་དག་གི་སྒོ་ནས་རྒྱུད་ཀྱི་ཐེམས་སྦྱར་བཅུའི་ས་བཅད་དང་པོ། གཉིས་པ། གསུམ་པ་དང་། ཁོག་དོན་དྲུག་གི་ནང་ནས་ས་བཅད་བཞི་སྟེ་བདུན་གྱིས་སྟོད་ལས་བྱང་ཆུབ་སྒྲུབ་པའི་དུམ་བུ་དངོས་ཤུགས་ཀྱི་ཚུལ་དུ་ཅུང་ཟད་བཤད་ཟིན་ཏོ།། ༈ །།དུས་མཐའི་མེ་དཔུང་བྱེ་བས་མི་སྐྲུན་པའི། །མཐུ་རྩལ་གཟི་ལྡན་རྫས་ཀྱི་ཕུར་བུ་ཡིས། །བརྣག་པའི་དགྲ་དང་བགེགས་ལ་ཐེབས་པའི་མོད། །ཕུར་བཞིའི་དགོངས་པ་རྟོལ་བྱེད་མངོན་སྤྱོད་ཆེ། །མཐུ་སྟོབས་རྡོ་རྗེའི་ཐོག་ཆེན་གྱིས། །གདུག་པའི་སྙིང་ལ་བསྣུན་པ་ཡིས། །ཐལ་འབྱིན་དམོད་པའི་འཕྲུལ་འཁོར་ནི། །སྔགས་ཤེས་རྣམས་ཀྱིས་ཅི་མི་སྐོར། ད་ནི་མཚན་མ་རྫས་ཀྱི་ཕུར་བུ་བརྣག་པའི་དགྲ་བགེགས་ལ་གདབ་པའི་རིམ་པ་སྨད་ལས་དྲག་པོ་སྒྲོལ་བའི་དུམ་བུ་ཉིད་འཆད་པར་བྱེད་པ་ལ་གཉིས། སྤྱི་དོན་རྣམ་པར་གཞག་པ་དང་། གཞུང་དོན་དངོས་བཤད་པའོ། །དང་པོ་ལ་དྲུག །གང་བསྒྲལ་བའི་ཡུལ། གང་གིས་སྒྲོལ་བྱེད་སློབ་དཔོན། ཚུལ་ཇི་ལྟར་བསྒྲལ་བའི་ཐབས། མ་བསྒྲལ་བའི་ཉེས་དམིགས། བསྒྲལ་བའི་ཕན་ཡོན། བསྒྲལ་བའི་འབྲས་བུའོ། །དང་པོ་ནི། ཉམས་པ་བདུན་དང་ལྡན་པ་དང་། ཞིང་བཅུ་ཚང་བ་སྟེ། ཉམས་པ་བདུན་ནི། ཕུར་བུ་མྱང་འདས་ཀྱི་རྒྱུད་ལས། སྲོག་དོན་བཀའ་དམ་ལས་ཀྱིས་ཉམས། །མཚན་མས་ཉམས་པར་འགྱུར་བ་དང་། །འདོད་པར་འགྱུར་བས་ཉམས་དང་བདུན། །བསྒྲལ་བའི་དམིགས་ཀྱི་དམ་པར་བཤད། །ཅེས་མདོར་བསྟན་ནས། དེ་དག་སོ་སོའི་མཚན་ཉིད་ཀྱང་། དེ་ཉིད་ལས། དེ་ཡི་སོ་སོའི་མཚན་ཉིད་ནི། །ཕ་མ་མཁན་པོ་སློབ་དཔོན་གསོད། །རྡོ་རྗེ་ནང་དམེ་བྱེད་པ་དག །ནམ་ཡང་དམྱལ་བར་ལྟུང་བྱེད་པས། །བསྒྲལ་བའི་དམིགས་ནི་དམ་པ་ཡིན། །སྲོག་ལས་ཉམས་པའི་མཚན་ཉིད་དོ། །སློབ་དཔོན་བཀའ་བསླུ་ངན་དཔྱ་སེམས། །སྔགས་དང་ཕྱག་རྒྱ་རྒྱུན་གཅོད་དང་། །གསང་བའི་མན་ངག་སྤེལ་བྱེད་ན། །དེ་ཡང་བསྒྲལ་བའི་དམ་པ་ཡིན། །དོན་ལས་ལོག་པའི་མཚན་ཉིད་དོ། །རྐུ་མཚང་འབྲུ་ཞིང་ཡ་ག་འདོགས། །སྐུར་པ་འདེབས་ཤིང་ལོག་པར་འཁྲིད། །རྟགས་ཀྱི་དོན་འདི་ལོག་པར་འཛིན། །དེ་ཡང་བསྒྲལ་བའི་དམ་པ་ཡིན། །བཀའ་ལས་ལོག་པའི་མཚན་ཉིད་དོ། །བྱ་རུ་མི་རུང་སྣ་ཚོགས་བྱེད། །རྫས་དང་ལག་ཆ་མངོན་པར་སྟོན། །སྦྱོར་སྒྲོལ་ཕྲིན་ལས་འཆོལ་བར་སྤྱོད། །ལྟ་བ་ཆོས་ཉིད་རྒྱབ་ཏུ་འདོར། །ལོག་པའི་སྤྱོད་པ་དང་དུ་ལེན། །ང་རྒྱལ་གཏུམ་ཁྲོ་རང་གར་གཏོང་། །མན་ངག་དོན་བསྟན་ལོག་པར་གོ། །ཕ་རོལ་དོན་ལ་ལོག་ཆོས་སྤྱོད། །དོན་ནི་ཕྱིན་ཅི་ལོག་ལ་མཁས། །བཀའ་གཞུང་བོར་ནས་ལོག་པར་བརྩམས། །སྤྱོད་པས་ལོག་པ་མཐའ་དག་བྱེད། །རུ་དྲ་དངོས་ཀ་དེ་ཡིན་ཏེ། །དངོས་སུ་བསྒྲལ་ཡང་མི་སྐྱོན་ནོ། །ཞེས་སོགས་ནས། འདོད་པས་ཉམས་པའི་མཚན་ཉིད་དོ། །ཞེས་པའི་བར་གྱིས་བསྟན་པའི་དོན་འདིར་མདོར་བསྡུ་ན། དང་པོ་སྲོག་ལས་ཉམས་པ་ནི། རང་གི་ཕ་མ་མཁན་པོ་སློབ་དཔོན་རྣམས་གསོད་པ་དང་། རྡོ་རྗེ་སྤུན་གྱི་ནང་དུ་དམེ་བྱས་པ་རྣམས་ཡིན་ལ། གཉིས་པ་དོན་ལས་ཉམས་པ་ནི། གོང་དུ་བཤད་པའི་ཡུལ་དེ་དག་ལ་སྐུར་པ་འདེབས་པའི་གཞི་བྱེད་པ། ལྟ་བ་རྒྱབ་ཏུ་བོར། ལོག་པ་དང་དུ་ལེན། སངས་རྒྱས་ཀྱི་བཀའ་དོར། བཀའ་ཕྱིན་ཅི་ལོག་ཏུ་དཀྲུགས་པ་ལ་མཁས་པའོ། །གསུམ་པ་བཀའ་ལས་ཉམས་པ་ནི། གསང་སྔགས་ཚུལ་བཞིན་དུ་སྤྱོད་པ་ལ་འཁུ་བ་དང་། མཚང་འབྲུ་བ་དང་། ཡ་ག་འདོགས་པ་དང་། བཀའ་ལ་སྐུར་པ་འདེབས་པ། འཁོར་རྣམས་ལོག་པར་འཁྲིད་པ་སོགས་ཡིན་ལ། བཞི་པ་དམ་ལས་ཉམས་པ་ནི། རྡོ་རྗེ་སློབ་དཔོན་གྱི་བཀའ་བསླུས་ཏེ་ངན་སེམས་བྱེད་པ། གསང་སྔགས་དང་ཕྱག་རྒྱའི་རྒྱུན་གཅོད་པ། གསང་ཆོས་རྒྱུད་མ་སྨིན་པ་ལ་སྤེལ་བ་རྣམས་ཡིན་པར་བཤད་དོ། །ལྔ་པ་ལས་ཀྱིས་ཉམས་པ་ནི། ལས་ཀྱིས་སྔོན་ཆད་མཁོན་པའི་གཞི་མེད་པར་ཉེས་མེད་གཞན་ལ་རྒོལ་ཞིང་བཞིན་བཟློག་པར་བདག་གིས་ཉེས་པ་མ་བསྟན་ཡང་བདག་ལ་མཐུ་རྩལ་གྱིས་འདེབས་པར་བྱེད་པ་རྣམས་ཡིན་ཞིང་། དྲུག་པ་མཚན་མས་ཉམས་པ་ནི། གཉིས་མེད་དོན་ལ་ཕྱོགས་ཆར་འཛིན་པ། སྒྲོ་སྐུར་གཉིས་ཀྱིས་རས་ཆོད་བྱེད་པ། སྐྱེ་མེད་ཀྱི་ཆོས་ལ་མཚན་མར་གཟུང་བ། ལྷ་སྲིན་མ་ལུས་པ་བྲན་དུ་མ་འཁོལ་བཞིན་ང་ཉིད་དཔལ་ཆེན་པོ་ཡིན་ནོ་ཞེས་འཇིག་རྟེན་བླུན་པོ་རྣམས་བསླུ་བའི་རྫུན་ཆེན་པོ་སྨྲ་བ། གཞན་ལ་ཁྲོ་ཞིང་འཚེ་བར་བྱེད་པ་རྣམས་ཡིན་པར་གསུངས། བདུན་པ་འདོད་པས་ཉམས་པ་ནི། ཤེས་རབ་རྣམ་གསུམ་གྱི་རྩལ་མེད་པར་མཐུ་སྩལ་ཆེན་པོར་འདོད་པས་ལས་ཀྱི་གཙོ་བོ་མཚན་མར་སྤྱོད་པ། འཇིག་རྟེན་ལས་མ་འདས་པའི་ལྷ་འདྲེ་ལ་གསོལ་བ་བཏབ་ཅིང་རང་གི་གདོང་ཁྲག་གིས་བྱུགས་པ་ལ་སོགས་པའི་སྒོ་ནས་སྤྱོད་པའི་གཞུང་བཟང་པོ་བོར་ཞིང་། མི་འཚམས་པའི་སྤྱོད་ངན་ཐོ་ཅོ་བརླང་པོར་སྤྱོད་པས་བཀའ་དང་གཞུང་ལུགས་སྨད་ནས་བཟའ་བཏུང་འདོད་པས་སྒྲུབ་པའི་ལོངས་སྤྱོད་བརྐུ་བ་རྣམས་ཡིན་པར་བཤད་དོ། །གཞན་ཡང་ཁྲག་འཐུང་རྩ་བའི་རྒྱུད་ལས། སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །དགེ་འདུན་འདུ་བའི་སྒོ་འཕྲོག་དང་། །ཐེག་ཆེན་ཆོས་ལ་སྨོད་པ་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །རྡོ་རྗེའི་ནང་དབྱེན་བྱེད་པ་དང་། །སྒྲུབ་ལ་བར་ཆད་བྱེད་པ་དང་། །གང་ཞིག་དམ་ལས་ལོག་པ་དང་། །སྙིང་རྗེ་མེད་པའི་སྲིན་པོ་དང་། །མུ་སྟེགས་ལོག་ལྟར་གཏོང་བ་དང་། །སྒྲུབ་པ་པོ་ལ་དོ་བསྡོ་བ། །འདི་རྣམས་བསྒྲལ་བའི་ཞིང་བཅུ་ཡིན། །ཞེས་གསུངས་པ་ལྟར་བྱ་བ་མ་ཡིན་པར་བརླང་པོར་སྤྱོད་པའི་ལས་ངན་ཅན་གྱི་བསྒྲལ་བའི་ཞིང་དུ་གྱུར་པ་རྣམ་པ་བཅུར་གསུངས་པ་དེ་དག་སྟེ། གདུལ་བྱ་གདུག་པ་ཅན་རྣམས་མངོན་སྤྱོད་ཀྱི་སྒོ་ནས་བསྒྲལ་ཏེ་སྲོག་འཕྲོག་པར་བྱ་བ་ནི་སྔགས་ཀྱི་ཕྲིན་ལས་ཐམས་ཅད་ཀྱི་ནང་ན་ཕུལ་དུ་བྱུང་བ་ཡིན་ལ། རྒྱུ་མཚན་ཐུགས་རྗེའི་དཔྱང་ཐག་གིས་གཟུང་ཞིང་སྔགས་ཀྱི་ཕྲིན་ལས་འཇུག་པའི་ཡུལ་སེམས་ཅན་གྱི་རིས་ནི་རྣམ་པ་གཉིས་ཏེ། གདུལ་སླ་བ་དང་། གདུལ་དཀའ་བ་གཉིས་ཀྱི། དང་པོ་ནི། ལས་ཉོན་སྲབ་ཅིང་དཀོན་མཆོག་ལ་གུས་པ་རྣམས་ནི་ཆོས་བསྟན་པ་སོགས་ཐུགས་རྗེ་ཞི་བའི་ཐབས་ཀྱིས་ཐར་བའི་གནས་སུ་བསྒྲལ་བའི་སྐལ་པ་དང་ལྡན་པ་ཡིན་པས་གདུལ་བར་སླ་ཞིང་། གཉིས་པ་འདིར་བསྟན་གྱི་མཚན་ཉིད་ཅན་ལས་ཉོན་ཤུགས་དྲག་པོས་རང་དབང་མེད་པར་མནར་བ་གང་ཞིག་དཀོན་མཆོག་གསུམ་ལ་རྒྱབ་ཀྱིས་ཕྱོགས་ཤིང་བསྟན་པ་དང་སེམས་ཅན་ལ་རྣམ་པ་ཀུན་ཏུ་གནོད་པ། ཞི་བའི་ཐབས་གང་གིས་ཀྱང་འདུལ་བར་མི་ནུས་པ། བླ་མེད་རྒྱུད་སྡེ་ལྟར་ན་རྡོ་རྗེ་དམྱལ་བའམ། ཕར་ཕྱིན་དང་ཐུན་མོང་བ་ལྟར་ན་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་སོགས་ངན་སོང་གི་འགྲོ་བར་ཤིན་ཏུ་མུ་མཐའ་མེད་པར་འཁྱམས་པ་དེ་དག་ནི་དྲག་པོའི་ཤུགས་ཀྱིས་སྒྲོལ་བའི་ཕྲིན་ལས་འཇུག་པའི་ཡུལ་ཁྱད་པར་ཅན་ཡིན་ནོ། །གཉིས་པ་གང་གིས་སྒྲོལ་བྱེད་སློབ་དཔོན་གྱི་མཚན་ཉིད་ནི། སྤྱིར་གོང་དུ་ཕུན་སུམ་ཚོགས་པ་ལྔའི་དང་པོ་བདག་ཉིད་དམ་སྟོན་པ་ཕུན་ཚོགས་ཀྱི་མཚན་ཉིད་བཤད་པའི་སྐབས་སུ་བསྟན་པ་ཐམས་ཅད་ཚང་བར་དགོས་ཤིང་། བྱེ་བྲག་ལྟ་བའི་རྫོང་ཟིན་ཅིང་སྒོམ་པའི་འཕྲང་ཆོད་ལ་སྤྱོད་པའི་སྲོག་ཟིན་པའི་སྒོ་ནས་རྟོགས་པས་བདག་བསྒྲལ་བར་བྱས་ནས། དེའི་འོག་ཏུ་ལས་ངན་གྱི་གདུལ་བྱ་ལ་སྙིང་རྗེ་ཆེན་པོ་མཚུངས་པ་མེད་པ་དང་། མཉམ་པ་ཉིད་དུ་རྟོགས་པའི་ཤེས་རབ་ཆེན་པོ་ཕུལ་དུ་བྱུང་བའི་སྟོབས་ཀྱིས་ཐུགས་རྗེས་གཞན་སྒྲོལ་བ་དང་དུ་ལེན་པའི་མཚན་ཉིད་རྫོགས་པ་མེད་ཐབས་མེད་པས། དེའང་གཞིའི་སེམས་ཞེས་མ་བཅོས་སྤྲོས་མེད་ཆོས་སྐུའི་དགོངས་པ་ཟང་ཐལ་ཁྱབ་གདལ་ཐིག་ལེ་ཉག་གཅིག་འོད་གསལ་ནམ་མཁའ་ལྟ་བུའི་དགོངས་པ་ཕར་ཕྱིན་ལྟར་ན་ཟབ་མོ་དབུ་མའི་ལྟ་བ་རྣམ་པར་དག་པ་དང་། སྔགས་བླ་མེད་ལྟར་ན་ཕྱག་རྫོགས་ཀྱི་ཡེ་ཤེས་ཨེ་ཝྃ་དང་། བདེ་ཆེན་གྱི་སྒྲས་བསྟན་པའི་དོན་ལ་གོམས་པ་བརྟན་པོར་གྱུར་པས་ཆོས་ཐམས་ཅད་གདོད་ནས་དབྱེར་མེད་པ་མཉམ་པ་ཆེན་པོའི་དོན་དུ་མཐོང་བས་འཁོར་གསུམ་དམིགས་མེད་སྒྱུ་མའི་རྣམ་འཕྲུལ་ལྟ་བུ་ངེས་པའི་གདེང་དང་ལྡན་ཅིང་། སྟངས་ཀྱི་སེམས་ཞེས་དོན་དམ་དམིགས་མཐའ་དང་བྲལ་བའི་དགོངས་ཀློང་དང་དབྱེར་མེད་པའི་ངང་ནས་རྣམ་པ་ཀུན་རྫོབ་སྒྱུ་མ་ལྟ་བུའི་སྙིང་རྗེའི་རྩལ་མདངས་ཤུགས་དྲག་མ་འགགས་པའི་ཚུལ་དུ་ལྷམ་མེར་འཆར་བས་གདུག་ཅིག་གཏུམ་པའི་གདུལ་བྱ་ལས་ངན་པའི་རྣམ་པར་སྨིན་པའི་རྒྱུས་འབྲས་བུ་ངན་འགྲོ་མཐའ་མེད་པའི་འཁོར་བར་བཟོད་དུ་མེད་པའི་དུཿཁའི་མེ་འབར་བའི་རུམ་ན་ཐར་དུས་མེད་པ་དེ་ལ་གཞིག་ནས་ཤས་མི་བཟོད་པའི་བྱམས་པ་དང་སྙིང་རྗེའི་གཞན་དབང་ལས་དེ་ལ་ཕན་པའི་ཐབས་ནི་ཞི་བས་འདུལ་དུ་མ་འཚལ་བར་དཔའ་ཞིང་གཏུམ་པའི་ཞེ་སྡང་གི་རྣམ་པའི་ཐབས་དྲག་པོས་བཙན་ཐབས་གདོང་ནས་བཟློག་སྟེ་སྤྱི་བོར་ཐོག་ལྷུང་བ་ལྟ་བུའི་དྲག་ཤུལ་མངོན་སྤྱོད་ཀྱི་ཐབས་མཁས་ཟབ་མོས་མྱུར་དུ་གནས་ངན་ལས་བསྒྲལ་ཏེ་ཞི་བའི་ལམ་ལ་བཀོད་འདོད་ཀྱི་བསམ་པ་རང་འཁྲིས་ཀྱི་དྲི་མས་མ་རེག་པས་བསྐུལ་ཏེ། དྲག་པོ་མངོན་སྤྱོད་ཀྱི་ལས་ལ་འཇུག་པ་དེའི་ཚེ་རྣམ་པ་ཞེ་སྡང་གི་སེམས་གདུག་ཅིང་རྩུབ་པ་དུས་མཐའི་མེ་དཔུང་འབར་བའི་ལྕེ་གླལ་བ་ལྟ་བུར་སྣང་ཡང་། ངོ་བོ་སྙིང་རྗེ་ཆེན་པོས་གདངས་ལམ་མེར་ཤར་བས་གནས་སྐབས་མཐར་ཐུག་ཏུ་གཞན་ཕན་གྱི་བསམ་པ་བཟང་པོ་མས་བུ་གཅེས་པ་གཅིག་པུ་ལ་ཅི་འདྲ་བ་དེ་འདྲ་ཞིག་གི་གནས་ལ་ཤིན་ཏུ་གོམས་པའི་མཚན་ཉིད་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཞེས་སྤྱིར་ཐེག་པ་ཆེན་པོའི་ལམ་གྱི་སྙིང་པོ་ཡིན་པས་རང་གཞན་གི་དོན་སྒྲུབ་པར་བྱེད་པ་ལ་མེད་ཐབས་མེད་ཅིང་། ཁྱད་པར་གསང་སྔགས་རྡོ་རྗེེ་ཐེག་པའི་ལམ་ནས་བསྙེན་པ་དང་ཉེ་བསྙེན། སྒྲུབ་པ་དང་སྒྲུབ་ཆེན། བསྐྱེད་བཟླས་རྫོགས་པའི་རྣལ་འབྱོར་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་ཅི་ལྟ་བུ་ཞིག་ལ་འཇུག་ཀྱང་དེ་ལྟ་བུའི་སེམས་ཀྱིས་ཟིན་ན་ཅི་བྱས་ལམ་དུ་འགྱུར་ཞིང་རང་གཞན་གྱི་དོན་གཉིས་དཀའ་བ་མེད་པར་འགྲུབ་པར་འགྱུར་ལ། གཞན་དུ་ཞེ་སྡང་རང་རྒྱུད་པས་སྔགས་ཀྱི་མངོན་སྤྱོད་སོགས་གསང་བ་ཟབ་མོའི་སྤྱོད་པ་རང་དགར་སྤྱད་པས་རང་གཞན་ཕུང་ལ་སྦྱོར་བའི་རུ་དྲ་འབའ་ཞིག་ཡིན་པར་སྒྲོལ་བྱེད་སློབ་དཔོན་གྱི་མཚན་ཉིད་གཙོ་བོ་འདི་དག་ཏུ་འདུས་པ་ཡིན་ལ། དེའང་མདུན་དུ་རང་གི་སེམས་ཀྱིས་སྤྲུལ་པའི་དམིགས་བྱ་གསལ་བ་དེའི་ལག་པ་ནས་བཟུང་སྟེ་བསྒྲལ་བར་བསམ་པ་དང་། ཡུལ་དངོས་ཀྱི་ལག་པ་ནས་བཟུང་སྟེ་བསད་པ་གཉིས་ལ་ཁྱད་ཡོད་པར་འཛིན་པའི་ཀུན་རྟོག་ཡོད་ཀྱི་རིང་ལ་བསྒྲལ་ཀྱང་རྣམ་སྨིན་ཡོད་ལ། དེ་གཉིས་ཀ་སེམས་ཀྱི་སྣང་བ་ཙམ་དུ་ཁྱད་མེད་པས་བསྒྲལ་ཀྱང་སྒྱུ་མ་མིག་ཡོར་གྱི་ཚུལ་དུ་ཡང་སྤུ་ཙམ་མི་སྐྱེ་བའི་ཚེ་ན་བསྒྲལ་ཀྱང་ལས་ཀྱི་འབྲས་བུ་རང་གི་ཁུར་དུ་མི་འགྱུར་བས། རྟོགས་ཚད་དེ་ལྟ་བུ་དང་ལྡན་པར་བྱ་བ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་དམིགས་པ་ཀུན་དང་བྲལ་བའི་ནམ་མཁའི་དཀྱིལ་ཤིན་ཏུ་དག་པ་ལྟ་བུ་དང་། དེ་ལྟ་བུའི་སྒྲོལ་བ་ལམ་དུ་འགྱུར་བ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ་ཟུང་དུ་འཇུག་པའི་གདིང་དང་ལྡན་པ་ཞིག་དགོས་པའི་གལ་གནད་ཆེ་བའི་རྒྱུ་མཚན་དེ་ལྟར་ཡིན་ལ། ཚད་དང་ལྡན་པའི་སྒྲོལ་བྱེད་ཀྱི་སློབ་དཔོན་དེ་ལྟ་བུས་གདུལ་དཀའ་བའི་ཡུལ་ལ་ཐུགས་རྗེའི་དཔྱང་ཐག་གིས་མི་གཏོང་ཞིང་། གསང་སྔགས་ཐབས་མཁས་པའི་ཆོ་འཕྲུལ་གྱི་སྒོ་ནས་རྗེས་སུ་འཛིན་པའི་ཐབས་ཤེས་གཉིས་ཀ་ཕུལ་དུ་བྱུང་བ་སྒྲོལ་བ་འདི་ལ་ཡོད་པའི་ཕྱིར་རོ། །གཞན་སྒྲོལ་བྱེད་ཀྱི་མཚན་ཉིད་བྱེ་བསྡུ་ཕྲ་ཞིབ་མང་དུ་གསུངས་པའང་ཤེས་པར་བྱའོ། །དེ་ལྟར་མངོན་སྤྱོད་ཟབ་མོའི་ཐབས་མཁས་ལ་གདིང་དང་ལྡན་པའི་སློབ་དཔོན་དེ་ཉིད་ཀྱིས་ཚར་གཅོད་རྗེས་སུ་འཛིན་པའི་དྲག་ཤུལ་དཔའ་བོ་རོལ་པའི་སྤྱོད་པ་འཇིགས་མེད་སེང་གེའི་བརྟུལ་ཞུགས་ཀྱིས་ཉེ་བར་སྤྱོད་པ་དེའི་ཚེ་དྲག་པོའི་བརྟུལ་ཞུགས་ཀྱི་ཆས་དང་ཡོ་བྱད་སོགས་ཀྱང་། མྱང་འདས་ཀྱི་རྒྱུད་ལས། སྔགས་པ་རྒྱན་གྱི་ཆས་ཀྱི་རྫས། །གླང་ཆེན་ཀོ་རློན་ཞིང་གི་ཤུན། །སྟག་གི་ཤམ་བུ་སྦྲུལ་གྱི་རྒྱན། །ཐལ་ཆེན་ཞག་དང་རཀྟས་བརྒྱན། །ཞེས་སོགས་ཆས་དང་ཡོ་བྱད་ཀྱི་དགོས་པའི་རྫས་ཉེ་བར་བསྡོགས་ཏེ་འཇིགས་ཤིང་ཡང་བའི་རྔམ་ཟིལ་གྱི་གཟི་བརྗིད་ཆེར་འབར་བར་བྱ་བའང་ཚུལ་འདིར་ཉེ་བར་འོས་པའི་ཡན་ལག་གོ། །གསུམ་པ་ཚུལ་ཇི་ལྟར་སྒྲོལ་བའི་ཐབས་ནི། སྤྱིར་ཕུར་བུ་བཞིས་གང་ཟག་རྣམ་པ་བཞི་མཐར་དབྱུང་བ་ཉིད་སྒྲོལ་བའི་ཐབས་ཀྱི་རྩ་བ་ཡིན་ཀྱང་། སྐབས་འདིར་མཚན་མ་རྫས་ཀྱི་ཕུར་བུ་ཡུལ་དགྲ་བགེགས་ལ་གདབ་པ་ཉིད་གཙོ་བོར་བསྟན་པའི་ཤུགས་ལས་ཕུར་བུ་གཞན་གསུམ་པོའི་དགོངས་པའང་ཞར་བྱུང་དུ་འཇུག་པ་ཤེས་པར་བྱ་དགོས་པས། དེ་འཆད་པ་ལ་གསུམ། ཚེ་ལུང་ཁྲུས་ལུང་གི་དགོངས་པ། སྒྲོལ་བྱེད་ཀྱི་ཕུར་གདབ་དངོས། གབ་པའི་སྔགས་དྲུག་བཤད་པའོ། །དང་པོ་ནི། དམིགས་པའི་རྟེན་ལ་གཟས་པ་པོ་དགུག་ཅིང་ལྷ་དང་དབྱེ་ལ་དྲག་པོའི་ཐུན་དབབ། །སྙིང་གའི་དྭངས་མ་ལྔ་འདུས་ཀྱི་སྲོག་འཕྲོག་སྟེ་ལས་ངན་གྱི་བག་ཆགས་ཐམས་ཅད་ཡེ་ཤེས་ཀྱི་འོད་ཀྱིས་སྦྱོང་བ་ཁྲུས་ལུང་། ཕ་རོལ་པོའི་ཚེ་བདག་གི་ཚེའི་གསོས་སུ་བསྟིམ་པ་ཚེ་ལུང་། དགྲ་བགེགས་ཀྱི་རྣམ་ཤེས་འོག་མིན་དུ་རྒྱལ་བ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕངས་ཏེ་རིགས་ཀྱི་སྲས་སུ་བསྒྱུར་བ་གནས་ལུང་སྟེ། དེ་ལྟ་བུའི་དགོངས་སྤྱོད་ཟབ་མོ་དང་ལྡན་པར་བྱ་བ་དང་། གཉིས་པ་གདབ་ལས་དངོས་ནི། རྒྱུད་ལས། གཙོ་བོའི་ཕུར་པ་བླངས་ནས་ནི། །བདག་ཉིད་བསྲུང་བའི་ཚེ་ཕུར་བྱ། །ཞེས་གཙོ་བོའི་ཕུར་བ་བདག་ཉིད་ཀྱི་སྲོག་ལྟ་བུ་ཡིན་པས་བྱིན་བརླབ་དང་མཆོད་བསྟོད་བྱས་ལ་བཞུགས་སུ་གསོལ་ཞིང་། ཡང་རྒྱུད་ལས། དེ་ལྟར་བདག་ལུས་ཚགས་ཚུད་ནས། །གཞན་གྱི་ལུས་སེམས་དབྲལ་བའི་ཕྱིར། །ཁྲོ་བོ་བཅུ་ཡི་ཕུར་པ་ཡིས། །ལུས་ཀྱི་གནས་བཅུ་དག་ཏུ་གདབ། །སྒོ་མ་བཞི་ཡི་ཕུར་པ་ཡིས། །ལུས་ཀྱི་མཚོ་བཞི་དག་ཏུ་གདབ། །མི་བཟད་ཕུར་པ་དྲུག་པོ་ཡིས། །གནས་དྲུག་སྲོག་ལ་གདབ་པར་བྱ། །ཞེས་གསུངས་པས། སྤྱིར་སྒྲུབ་ཕུར་བརྒྱ་རྩ་བརྒྱད། ལྷ་ཕུར་ལྔ་བཅུ་རྩ་གཅིག །གདབ་ཕུར་ཉི་ཤུ་རྩ་གཅིག །མགྱོགས་ཕུར་བརྒྱད་ཅུ་ཐམ་པ། ཕུར་པ་སིལ་བུ་གྲངས་མེད། ཟློག་ཕུར་བཅུ་གཉིས་དེ་རྣམས་ཀྱིས་གདབ་པར་བྱ་བ་ཡིན་ཀྱང་། འདིར་གདབ་ཕུར་ཉི་ཤུ་རྩ་གཅིག་སྟེ། ཁྲོ་བོ་བཅུ། སྒོ་མ་བཞི། མི་བཟད་པའི་ཕུར་པ་དྲུག །སྲས་མཆོག་བཛྲ་འདུས་པའི་ཕུར་བུ་དང་ཉེར་གཅིག་གིས་གདབ་པར་གསུངས་ཏེ། དེའང་རྣམ་པར་རྒྱལ་བའི་ཕུར་པ་དེ་མ་བྱིན་པར་ལེན་པོའི་གནས་མིག་གཉིས་ལ་གདབ། དེ་ལ་བསྐུལ། ཕོ་ཉ། དབུ་ནོན་གསུམ་བཅས་ཀུན་ལ་འགྲོ་དགོས་པ་ཤེས་པར་བྱ་ཞིང་། དེ་བཞིན་དབྱུག་སྔོན་ཅན་གྱི་ཕུར་པ་ལོག་པར་ལྟ་བའི་གནས་སྣ་གཉིས་ལ་གདབ། གཤིན་རྗེའི་གཤེད་ཀྱི་ཕུར་པ་སྲོག་གཅོད་སྤོང་བའི་གནས་ཡིན་པས་རྣ་བ་གཉིས་ལ་གདབ། མི་གཡོ་མགོན་པོའི་ཕུར་པ་རྫུན་དུ་སྨྲ་བའི་གནས་ལྕེ་ལ་གདབ། རྟ་མགྲིན་གྱི་ཕུར་པའང་ངག་འཁྱལ་སྤོང་བའི་གནས་ལྕེ་ལ་གདབ། གཞན་གྱིས་མི་ཐུབ་པའི་ཕུར་པ་ཕྲ་མའི་གནས་གསང་བར་གདབ། བདུད་རྩི་འཁྱིལ་པའི་ཕུར་པ་ཚིག་རྩུབ་ཀྱི་གནས་དཔུང་པ་གཡོན་ལ་གདབ། ཁམས་གསུམ་རྣམ་རྒྱལ་གྱི་ཕུར་པ་གནོད་སེམས་ཀྱི་གནས་ལྕེའི་གཡས་གཡོན་ལ་གདབ། ཧཱུྃ་ཀ་རའི་ཕུར་པ་ལོག་པར་ལྟ་བའི་གནས་སྤྱི་གཙུག་ཏུ་གདབ། སྟོབས་པོ་ཆེའི་ཕུར་པ་བརྣབ་སེམས་སྤོང་བའི་གནས་ཡིན་པས་རྐང་པའི་མཐིལ་དུ་གདབ་པ་སྟེ། དེ་དག་གིས་ནི་མི་དགེ་བ་བཅུ་རྩད་ནས་གཅད་པའི་ཕྱིར་ཁྲོ་བཅུའི་ཕུར་པ་ལུས་ཀྱི་གནས་བཅུར་གདབ་པ་དང་། ཚད་མེད་པ་བཞི་དང་ལྡན་པར་བྱ་བའི་ཕྱིར་སྒོ་མ་བཞིའི་ཕུར་པ་ལུས་ཀྱི་མཚོ་བཞི་ལ་གདབ་པ་ནི། ལྕགས་ཀྱུ་མའི་ཕུར་པ་གློ་བ་དབུགས་ཀྱི་མཚོ་ལ་གདབ། ཞགས་པ་མའི་ཕུར་པ་མཆིན་པ་ཁྲག་གིས་མཚོ་ལ་གདབ། ལྕགས་སྒྲོག་མའི་ཕུར་པ་ཨན་སྟོང་རུས་པའི་མཚོ་ལ་གདབ། དྲིལ་བུ་མའི་ཕུར་པ་ཀླད་པ་བྱང་ཆུབ་སེམས་ཀྱི་མཚོ་ལ་གདབ་པའོ། །དེ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བྱ་བའི་ཕྱིར་མི་བཟད་པའི་ཕུར་པ་དྲུག་གདབ་པ་ནི། ཁྲག་གི་གནད་གཅོད་པ་སེང་ལྡེང་གི་ཕུར་པ་སྤྱི་གཙུག་ཏུ་གདབ། དབུགས་ཀྱི་གནད་གཅོད་པ་བྱ་རྒོད་ཀྱི་ཕུར་པ་རྐང་མཐིལ་དུ་གདབ། འབྱུང་བཞིའི་གནད་གཅོད་པ་མིའི་མཆོག་ཕུར་གསང་བའི་གནས་སུ་གདབ། རྩ་བཞིའི་གནད་གཅོད་པ་ཙནྡན་གྱི་ཕུར་པ་ལྕེའི་དཀྱིལ་དུ་གདབ། ཚེའི་གནད་གཅོད་པ་ལྕགས་ཀྱི་ཕུར་པ་སྙིང་གི་དཀྱིལ་དུ་གདབ། སྲིད་པའི་གནད་གཅོད་པ་སྐྱེར་པའི་ཕུར་པ་ལྟེ་བར་གདབ་པའོ། །དེ་ལྟར་ཡང་། རྩ་རྒྱུད་ལས། སྤྱི་བོར་གཙུག་ཏུ་གདབ་པ་ནི། །གནམ་གྱི་འཇུ་ཐག་གཅད་པ་ཡིན། །རྐང་པའི་མཐིལ་དུ་གདབ་པ་ནི། །ས་ཡི་རྟེན་ཕུར་ཕྱུང་པ་ཡིན། །ལྕེ་ཡི་དཀྱིལ་དུ་གདབ་པ་ནི། །སྨྲ་བའི་ངག་རྣམས་གཞོམ་པ་ཡིན། །གསང་བའི་གནས་སུ་གདབ་པ་ནི། །སྐྱེ་བ་དགུ་བརྒྱུད་གཅད་པ་ཡིན། །ལྟེ་བའི་གནས་ལ་གདབ་པ་ནི། །བསྐྱེད་པའི་ས་བོན་གཞོམ་པ་ཡིན། །དཀར་ནག་སྙིང་ལ་གདབ་པ་ནི། །ཀུན་གཞིའི་རྣམ་ཤེས་གཞོམ་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ནས་ཐམས་ཅད་ཀྱི་མཇུག་ཏུ་སྲས་མཆོག་བཛྲ་འདུས་པའི་ཕུར་པ་བྱུག་བདུག་གིས་གཟི་བྱིན་ལྷག་པར་བསྐྱེད་དེ་གསལ་བ་གསུམ་གྱི་ངར་དང་ལྡན་པས་སྙིང་དཀར་ནག་གི་མཚམས་སུ་གདབ་པ་ནི་རྣམ་པར་ཤེས་པ་དེ་ལེན་པར་བྱེད་པ་ཡིན་ཏེ། ཚེ་ལུང་ཁྲུས་ལུང་གི་དགོངས་པས་ཟིན་པར་བྱའོ། །དེ་ལྟར་གདབ་ཕུར་ཉི་ཤུ་རྩ་གཅིག་ཏུ་གསུངས་པ་ནི་རྒྱུད་ཀྱི་དགོངས་པ་ཡིན་ལ། གཞན་ཡང་སྐུ་ལྟར་གདབ་པ། གསུང་ལྟར་གདབ་པ། ཐུགས་ལྟར་གདབ་པར་བཤད་པ་ནི། གཞི་མཐིང་ནག་ལ་ཡོད་པའི་ཕུར་པ་རྣམས་སྐུ་ལྟར་གདབ་པར་འགྲོ། དེ་བཞིན་དུ་དམར་ནག་ལ་ཡོད་པ་རྣམས་གསུང་། མཐིང་ནག་ལ་ཡོད་པ་རྣམས་ཐུགས་སོ། །ཡང་ན་ཞི་རྒྱས་དབང་དྲག་གི་གདབ་ལས་བཞིར་ཕྱེ་བའང་ཕུར་བུས་ཕྱེས་པ་ཡིན་པར་བཤད་ཅིང་། ཡང་རྒྱུད་ཁ་ཅིག་ལས། གཅིག་གིས་སེམས་ཀྱི་དཔྱིས་དབྱུང་། གཉིས་པས་ཀུན་གཞི་རྩད་ནས་གཅད། བཅུ་བདུན་གྱིས་བྱུང་ཚོར་གྱི་སྒོ་དགག །ཉི་ཤུ་པས་གནམ་གྱི་འཇུ་ཐག་གཅད། ཉེར་གཅིག་པས་སའི་རྟེན་ཕུར་དབྱུང་བར་བཤད་པའང་གོང་མ་ལ་བརྩིས་པས་ཚང་ངོ་། །སྤྱིར་གདབ་ལས་བྱས་པས་སྲོག་ཆགས་སེམས་ཅན་ལྟ་བུ་ལ་སྙིང་རྗེ་མེད་པས་མཚོན་ཆ་འདེབས་པ་ལྟ་བུ་ནི་མ་ཡིན་ཏེ། ཕུར་བུ་ཐམས་ཅད་ལྷར་གསལ་བའི་ཐུགས་རྗེ་དང་ཡེ་ཤེས་ཀྱི་ངོ་བོ་ཡིན་ལ། གདབ་ཡུལ་དེའི་ཉོན་མོངས་པ་དང་མ་རིག་པ་ལ་བཏབ་པས་ལས་ཀྱི་སྒྲིབ་པ་དང་གནོད་སེམས་དག་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཞི་བ་མྱང་འདས་ཀྱི་གོ་འཕང་དམ་པར་སྒྲོལ་བར་བྱེད་པས་ན། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ཞེས་སོགས་དང་། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །ཞེས་སོགས་གསུངས་པ་ལྟར་གཞན་དོན་རླབས་སུ་ཆེ་བའི་ངོ་བོ་དང་གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་མཁས་ཟབ་མོའི་ཆེ་བ་ཐུན་མོང་མ་ཡིན་པས་ཁྱད་པར་དུ་བྱས་པ་ཡིན་ནོ། །གཞན་ཡང་འདི་དག་གི་སྐབས་ཁྲུས་ལུང་སོགས་སུ་གོ་བར་བྱ་བ་ལ་གསལ་བ་གསུམ། ལོག་རྡུག་འབྱམས་གསུམ། དགོངས་པ་རྣམ་པ་གསུམ་བཅས་ཡོད་དེ། གསལ་བ་གསུམ་ནི་བདག་རྡོ་རྗེ་གཞོན་ནུར་གསལ་བ། ཕུར་པ་སྲས་མཆོག་ཏུ་གསལ་བ། གཟས་པ་པོ་དངོས་སུ་གསལ་བའོ། །དེ་གསུམ་པོ་མ་གསལ་ན་ལོག་རྡུག་འབྱམས་གསུམ་གྱི་སྐྱོན་འོང་སྟེ། བདག་ཉིད་ལྷར་མ་གསལ་ན་ལོག །ཕུར་པ་སྲས་མཆོག་ཏུ་མ་གསལ་ན་རྡུག །གཟས་པ་པོ་དངོས་སུ་མ་གསལ་ན་འབྱམས་འགྲོ་བ་ཡིན་ནོ། །དགོངས་པ་གསུམ་ནི། ཨ་དཀར་བྱ་དཀར་གྱི་དགོངས་པ། ཐུགས་རྗེ་འབྲེལ་ཐག་གི་དགོངས་པ། གདུང་བ་ལུ་གུ་རྒྱུད་ཀྱི་དགོངས་པ་སྟེ། འདི་དག་གི་དོན་རྒྱས་པ་ཕུར་འགྲེལ་འབུམ་ནག་སོགས་སུ་ཞིབ་པར་འབྱུང་བ་ཉིད་ཤེས་པ་གལ་ཆེའོ། །སྤྱིར་དེང་སང་བསྟན་པ་ཉམས་པའི་མགོ་བོ་ཚུགས་པས་མདོ་སྔགས་ཐམས་ཅད་ཀྱི་དགོངས་པ་དང་འགལ་བར་སྤྱོད། ཁྱད་པར་གསང་སྔགས་ལོག་པར་སྒྲུབ་པས་སྦྱོར་སྒྲོལ་གྱི་དགོངས་པ་བརླང་པོར་སྤྱོད། ཀུན་སློང་བྱང་སེམས་རིས་མེད་པར་མ་འབྱངས་པས་རང་དོན་ནམ་གཞན་དོན་ཉི་ཚེ་ཙམ་འགྲུབ་པར་རེ་བའི་བློ་གཏད་ལོག་པར་གོལ་བས། དཔེར་ན་བསྒྲལ་ལས་ཀྱི་སྐབས་སུ་གོང་དུ་བཤད་པའི་སློབ་དཔོན་གྱི་མཚན་ཉིད་ཅུང་ཟད་ཀྱང་མི་ལྡན་ཞིང་། བསྒྲལ་བའི་དགོངས་པ་མི་ཤེས་བཞིན་དུ་གནོད་པའམ་འགལ་རྐྱེན་ཕྲ་མོ་ཙམ་བྱས་པའི་གང་ཟག་ཞིག་ཡིད་ཡུལ་དུ་བྱས། དེ་ལ་ཞེ་སྡང་རང་རྒྱུད་པས་བསྐུལ་ཏེ་ཟན་གོང་གི་གཟུགས་བརྙན་ལ་མཚོན་ཆས་རྡེག་པའི་རྔམས་སྟབས་བྱས་པས་ནི་ཐེག་ཆེན་སོ་ཐར་ལྟར་ན་སྲོག་གཅོད་ཀྱི་ཕམ་པའི་ཉེར་ལེན་དང་། བྱང་སེམས་ཀྱི་སེམས་ཅན་བློས་སྤོང་གི་ལྟུང་བ། གསང་སྔགས་ལོག་པར་སྒྲུབ་པའི་དམ་ཚིག་ཉམས་པ་བཅས་དོན་དུ་ཅུང་ཟད་ཀྱང་མི་འགྱུར་བའི་སྟེང་དུ་རྣམ་སྨིན་ཡིད་དུ་མི་འོང་བ་མྱོང་བར་འགྱུར་བས་བླང་དོར་གྱི་གནས་ལ་ཤིན་ཏུ་བག་ཡོད་པ་ལ་བརྟེན་ནས་སྡེ་སྣོད་རྒྱུད་སྡེ། གསང་བ་ཟབ་མོའི་མན་ངག་གི་གནད་རྣམས་ལ་ཐོས་བསམ་སྒོམ་པའི་སྒོ་ནས་ཕྱིན་ཅི་མ་ལོག་པའི་གནད་ལ་ངེས་པ་ཅུང་ཟད་རྙེད་པ་རེ་ཤིན་ཏུ་གལ་ཆེ་བར་སྣང་བའང་འཕྲོས་སུ་སྨོས་པའོ། །གཞན་ཡང་སྲོག་གི་དོན་པོ་གསུམ་གྱིས་དམིགས་པའི་གནད་དགྲོལ་པ་དང་། བསྒྲལ་ལུགས་ཆེན་པོ་བཅོ་བརྒྱད་ཀྱིས་བརྣག་པའི་ལས་བྱ་བ་སོགས་རྒྱུད་དང་འགྲེལ་ཆེན་རིག་འཛིན་བརྒྱུད་པའི་ཞལ་གྱི་ལུང་དྲི་མ་མེད་པ་དག་ལས་འབྱུང་བ་བཞིན་ཤེས་པར་བྱ་ལ། འོག་ཏུའང་ཅུང་ཟད་འཆད་བར་འགྱུར་རོ། །གསུམ་པ་གབ་པའི་སྔགས་དྲུག་ནི། སྤྱིར་ལས་ཀྱི་ཐོག་མཐའ་བར་དུ་འགྲོ་བ་ཞིག་ཡིན་ལ། ཁྱད་པར་བསད་ལས་ཀྱི་མཐའ་སྡུད་དུ་གཙོ་ཆེ་སྟེ། དེ་ལའང་མངོན་སྤྱོད་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པས་ཀུན་གྱི་སྣ་འདྲེན་དུ་བཏང་བ་དང་། སྒྲུབ་པ་ཐམས་ཅད་ཀྱི་ངོ་བོ་ཡིན་པས་དཀྱུས་ཁོང་ཁྲར་གཏང་བ་དང་། ལས་ཐམས་ཅད་ཀྱི་མཇུག་སྡུད་ཡིན་པས་སྨོན་ལམ་གྱི་ཚུལ་དུ་གདབ་པ་དང་། དྲག་སྔགས་ཡིན་པས་ངན་སྔགས་སུ་བྱས་ཏེ་སྲོག་ལ་འཁོར་ལོ་བསྐོར་བ་དང་བཞིའི་སྒོ་ནས་ཤེས་པར་བྱ་དགོས་ལ། དེ་ལྟར་ཡང་རྒྱུད་ལས། ལྷ་དབྲལ་གནས་ནས་དགུག་པ་དང་། །རྣམ་ཤེས་གཟུགས་བསྟིམ་བྱད་དུ་གཞུག །སྨྱོར་གཞུག་རྡུལ་དུ་བརླག་པ་དང་། །ཤ་ཁྲག་ཞལ་དུ་སྟོབ་ན་དགྱེས། །འདི་དྲུག་ཤེས་ན་ལས་རྣམས་འགྲུབ། །ཅེས་གསུངས་ཤིང་། འདི་ལ་ལས་ཀྱིས་དབྱེ་བའི་ལྡོག་ཆ་ནས་ནང་གསེས་རྣམ་གྲངས་དྲུག་ཅུ་ཐམ་པར་བཤད་དེ། གཉེན་པོ་སྟོབས་ཀྱི་ལྷ་དྲུག །ངན་སྔགས་ལས་ཀྱི་ཕུར་པ་དྲུག །གདབ་པ་གནས་ཀྱི་ཡུལ་དྲུག །བསྐུལ་བར་བྱ་བའི་ཕོ་ཉ་དྲུག །གདགས་པར་བྱ་བའི་འཕྱོང་དྲུག །གསག་པར་བྱ་བའི་རྫས་དྲུག །བཟླ་བར་བྱ་བའི་སྔགས་དྲུག །བཅའ་བར་བྱ་བའི་ཕྱག་རྒྱ་དྲུག །གཞན་དུ་མི་འགྱུར་བའི་ཏིང་ངེ་འཛིན་དྲུག །གདབ་པའི་སྨོན་ལམ་དྲུག་སྟེ། དྲུག་ཚན་བཅུའི་སྒོ་ནས་རྟོགས་པར་བྱ་དགོས་པར་བཤད་པས། རྩ་དུམ་གྱི་སྨད་ལས་འདིར་དངོས་བསྟན་གབ་པའི་སྔགས་དྲུག་གི་ཞར་བྱུང་གདབ་ལས་ཀྱང་ཕྱོགས་ཙམ་བསྟན་པའི་ཕྱིར། འདིའི་དོན་རྒྱས་པ་ཚིག་དོན་དངོས་བཤད་པའི་སྐབས་འོག་ཏུ་འབྱུང་གི། འདིར་བསྐྱར་ཟློས་ཀྱིས་བཤད་མ་དགོས་སོ། །གཞན་ཡང་མངོན་སྤྱོད་ཀྱི་ལས་ཐམས་ཅད་ཀྱི་མཇུག་སྡུད་མནན་སྲེག་འཕང་བ་སོགས་དྲག་ཤུལ་གྱི་ལས་མང་དུ་གསུངས་པ་དག་ཀྱང་འོག་ཏུ་སྐབས་སུ་བབ་པར་ཅུང་ཟད་འཆད་པ་ལས་ཤེས་ཤིང་། ཞིབ་པར་རྒྱུད་གཞུང་འགྲེལ་ཊཱིཀ་གྲུབ་པའི་མན་ངག་རྣམས་ལས་ངེས་པར་བྱའོ། །བཞི་པ་མ་བསྒྲལ་བའི་ཉེས་དམིགས་ནི། སྤྱིར་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་ཤིང་རྟོགས་གོམས་བརྟུལ་ཞུགས་བརྟན་པོའི་རྣལ་འབྱོར་པས་སྟོང་པ་དང་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་གདུག་པ་ཅན་རྣམས་བསྒྲལ་བར་མ་བྱས་ན། རང་ཉིད་ལ་རྩ་བའི་ལྟུང་བར་འགྱུར་བ་ཡིན་ཏེ། རྩ་ལྟུང་བཅུ་བཞི་པའི་གཞུང་ལས། གདུག་པ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད། །ཅེས་དང་། རྡོ་རྗེ་མགུར་ལས། གདུག་པ་བྱམས་པ་ཉིད་མི་བྱ། །ཞེས་དང་། ཧེ་བཛྲ་ལས། བསྟན་ལ་གནོད་པར་བྱེད་པ་དང་། །བླ་མ་སངས་རྒྱས་འཇིག་པ་ནི། །བླ་མ་ཐུབ་པ་ལ་ཞུས་ནས། །སྙིང་རྗེས་བསད་པར་བྱ་བ་ཉིད། །ཅེས་དང་། གསང་སྔགས་རྙིང་མའི་རྒྱུད་ལས་ཀྱང་། ཉམས་པ་དུས་སུ་མི་སྒྲོལ་བ། །དེ་ཡང་དམ་ཚིག་ཉམས་པ་ཡིན། །ཞེས་དང་། གཤིན་རྗེ་གདོང་དྲུག་གི་རྒྱུད་ལས། གདུག་པ་ཅན་ལ་ཟློག་སྟེ་བྱ། །དངོས་སུའམ་ཡང་ན་སྔགས་དང་གཞན། །འཕྲུལ་འཁོར་དང་ནི་ཏིང་ངེ་འཛིན། །སྨན་གྱིས་ཀྱང་ནི་བྱ་བ་སྟེ། །དེ་ལྟར་མ་བྱས་དེ་ཡིས་ནི། །དམ་ཚིག་ངེས་པར་ཉམས་པར་འགྱུར། །ཞེས་གསུངས་པ་དང་། ཁྱད་པར་ཕུར་པ་མྱང་འདས་ཀྱི་རྒྱུད་ཆེན་པོ་ལས། གཉིས་མེད་དོན་ལྡན་སྐྱེས་བུ་དེས། །གནོད་གདུག་རྣམ་གཉིས་མ་བསྒྲལ་ན། །ངེས་པར་ངན་སོང་འཁོར་བར་ལྟུང་། །ཅི་ཕྱིར་ངེས་པའི་ལས་ལ་བསྒྲིབ། །ངེས་པའི་དོན་བོར་ལོག་པར་གོལ། །ལྟ་བ་ངན་པས་རས་ཆོད་བྱས། །སྤྱོད་པ་རྩིངས་པས་ཐོ་ཅོར་བྱས། །དམ་ཚིག་ཉམས་པས་གཟུ་ལུམ་བྱས། །གཞུང་ལས་གོལ་བས་དཀྱིལ་འཁོར་དྲལ། །མ་ཉེས་པ་ནི་དྲག་པོར་འཇོམས། །རང་ལས་མཁས་ལ་སྐུར་བ་འདེབས། །ཞེས་གསུངས་པའི་མཚན་ཉིད་ཀྱིས་གོང་དུ་བཤད་པའི་ཉམས་པ་བདུན་དང་ཞིང་བཅུ་ཚང་བའི་གདུག་ཅིང་གཏུམ་པ་ཞི་བའི་ཐབས་ཀྱིས་འདུལ་དུ་མི་བཏུབ་པ་དེ་དག་རྫོང་འཕྲང་སྲོག་གི་གདིང་ཚད་དང་ལྡན་ལ། བྱམས་དང་སྙིང་རྗེའི་གཞན་དབང་དུ་གྱུར་པའི་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོས་བསྒྲལ་བའི་མཐུ་ཡོད་བཞིན་དུ་མ་བསྒྲལ་བར་བཏང་སྙོམས་སུ་འཇོག་ན། སྤྱིར་བླ་མ་རྡོ་རྗེ་སློབ་དཔོན་མཆེད་ལྕམ་དཀྱིལ་འཁོར་འཁོར་ལོའི་འདུས་པ་རྣམས་དང་། ཁྱད་པར་སངས་རྒྱས་ཀྱི་བསྟན་པ་ལ་རྣམ་པར་འཚེ་བའི་གནས་འཇིགས་སུ་རུང་བ་ཡོད་ཅིང་། སྐྱེ་རྒུ་སེམས་ཅན་ཡོངས་ཀྱི་གནས་སྐབས་མཐར་ཐུག་གི་ཕན་པ་དང་བདེ་བའི་ཤུལ་ལམ་བཟང་པོ་དག་ཉེ་བར་འགོག་སྟེ་ཕྱིན་ཅི་ལོག་པའི་ལམ་ངན་པའི་གཡང་ས་ཆེན་པོར་མྱུར་དུ་འཁྲིད་པར་འགྱུར་བ་དང་། ཉམས་པ་དེ་ཉིད་ཀྱང་ལས་ངན་པའི་རྒྱུས་འབྲས་བུ་མནར་མེད་རྡོ་རྗེ་དམྱལ་བར་བསྐལ་པའམ་ནམ་མཁའ་མ་ཞིག་པ་དེ་སྲིད་དུ་ཐར་བའི་གོ་སྐབས་མེད་པར་དུཿཁ་དྲག་པོ་སྐྱི་གཡའ་བས་མནར་བར་འགྱུར་པ་ལ་ཐུགས་རྗེའི་དཔྱང་ཐག་ཟབ་མོས་མ་བཏབ་པའི་ཉེས་པ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་མཁས་ཟབ་མོས་མྱུར་དུ་གནས་ངན་ལེན་གྱི་ས་བོན་བཅད་དེ་ཡང་དག་པའི་ས་ལ་སྐྱེལ་དུ་ཡོད་པའི་གདམས་ངག་ཟབ་མོ་ཇི་མི་སྙམ་དུ་ཆུད་གསན་པར་བྱས་པར་འགྱུར་བ་སོགས་ཀྱི་ཉེས་དམིགས་མཐའ་ཡས་པ་ཞིག་ཡོད་པ་ཡིན་ནོ། །ལྔ་པ་བསྒྲལ་བའི་ཕན་ཡོན་ནི། རྒྱུད་ལས། དེ་ལ་དྲག་པོའི་ལས་བྱས་ན། །མྱ་ངན་འདས་པའི་ཡོན་ཏན་འཐོབ། །མ་མོ་མཁའ་འགྲོ་བྲན་བཞིན་འཁོལ། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །དགྲ་དང་འབྱུང་པོ་རྡུལ་དུ་རློག །མཐུ་ཆེན་ལྷ་སྲིན་དེ་བཞིན་ཏེ། །ཅི་བགྱིས་བཀའ་དང་བསྒོ་བ་ཉན། །འདི་དང་ཕ་རོལ་གཉིས་སུ་ཡང་། །བསམ་པ་འགྲུབ་ཅིང་མཐོ་རིས་འཐོབ། །བདག་དང་གཉིས་མེད་བྱང་ཆུབ་སེམས། །གཉིས་མེད་ཆོས་སྐུར་དབྱེར་མེད་པས། །ངན་སོང་གསུམ་པོ་སྒོ་བཀག་ནས། །གཉིས་མེད་མཁའ་ལ་དེ་བསྒྲལ་ན། །དོན་དང་མཐུན་པས་དམ་ཚིག་སྐོང་། །སྡིག་ཆེན་བསྒྲལ་ན་ལས་ངན་ཆད། །དམ་ཉམས་བསྐལ་པ་བཀའ་གཞུང་བཙན། །ལོག་རྟོག་བསྒྲལ་ན་དཀྱིལ་འཁོར་གཉན། །གནོད་གདུག་བསྒྲལ་ན་བར་ཆད་ཉུང་། །གཞན་ཡང་ཡོན་ཏན་བརྗོད་ལས་འདས། །ཞེས་གསུངས་པ་ལྟར། གནས་སྐབས་དང་མཐར་ཐུག་གི་དགོས་ཆེད་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་ཡིན་ལ། གོང་གི་མ་བསྒྲལ་བའི་སྐྱོན་ཐམས་ཅད་འདིར་ཡོན་ཏན་དུ་ལྡོག་སྟེ་བླ་མ་དང་བསྟན་པ། སྐྱེ་རྒུ་ཡོངས་ལ་ཕན་བདེའི་དཔལ་དུ་འགྱུར་ཞིང་། ཡུལ་རང་ཉིད་ཀྱང་ལས་ངན་པའི་རྒྱུན་ཆད། འབྲས་བུ་ངན་འགྲོ་ལས་ལྡོག་སྡེ་མཐོ་རིས་དང་ཐར་པའི་ལམ་འཐོབ། སྒྲུབ་པ་པོ་རང་ཉིད་ཚོགས་རྒྱ་ཆེན་པོ་རྫོགས་ཏེ་གདོད་མའི་མགོན་པོའི་ཉེ་ལམ་དུ་ཞུགས། གསང་སྔགས་རྡོ་རྗེ་ཐེག་པ་བཀའ་བཙན། བྱིན་ཆེ་བ་སོགས་ཡོན་ཏན་མཐའ་དང་མུ་མེད་པ་འཐོབ་པ་དང་། བྱམས་སྙིང་རྗེ་བཅོས་མ་མ་ཡིན་པས་ཀུན་ལས་བསླང་ཏེ་གཞན་ཕན་གྱི་སེམས་ཀྱིས་མ་རུངས་པ་གསོད་པར་བྱས་པ་ཁོ་ནས་ཀྱང་བསོད་ནམས་རྒྱ་ཆེན་པོ་འཐོབ་པར་ཡང་། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་སློབ་པ་ལམ་གྱི་སྐབས་སུ་དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་པ་ལྔ་བརྒྱའི་སྲོག་སྐྱོབ་པའི་དོན་དུ་མི་ནག་མ དུང་ཐུང་ཅན་བསད་པས་བསྐལ་པ་བཞི་ཁྲིའི་ཚོགས་དེ་ཉིད་དུ་འདུམས་པ་སོགས་ཐེག་པ་ཆེན་པོའི་སྡེ་སྣོད་དག་ལས་འབྱུང་ན། འདིར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་རྩིས་ཟིན་པའི་གསང་སྔགས་ཟབ་མོའི་ཐབས་ཁྱད་པར་ཅན་དང་ལྡན་པས་བསྒྲལ་བ་ལ་དེ་ལས་ཀྱང་ཕན་ཡོན་ཆེས་རྨད་དུ་བྱུང་བ་དག་ཀྱང་མངའ་བ་ཡིན་ལ། དེས་ན་དགོངས་སྤྱོད་ཕྱིན་ཅི་མ་ལོག་པ་དང་ལྡན་པས་སྒྲོལ་བ་ལམ་དུ་བྱས་པ་དེ་ཉིད་ཀྱིས་ཕ་རོལ་པོའི་ཚེ་བསོད་རང་ལ་ཁུག་པས་བདག་རྣལ་འབྱོར་པ་འཚེངས། དགྲ་བགེགས་ཀྱི་ཤ་ཁྲག་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པས་བཀའ་སྡོད་མ་མོ་མཁའ་འགྲོ་དམ་ཅན་རྒྱ་མཚོ་དང་བཅས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་འཚེངས། ཕ་རོལ་དགྲ་བགེགས་ཀྱི་ལས་ངན་རྒྱུན་ཆོད་ནས་བདེ་བར་གཤེགས་པའི་སྲས་སུ་གྱུར་པས་གཟས་པ་པོ་འཚེངས་པ་སྟེ། འཚེངས་པ་གསུམ་དང་ལྡན་པའི་དགོངས་སྤྱོད་ཟབ་མོ་གྲུབ་པའི་རྣལ་འབྱོར་པ་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གྱི་བརྟུལ་ཞུགས་ལ་དབང་འབྱོར་བའི་ཡོན་ཏན་དང་ལྡན་པར་འགྱུར་བ་སོགས་ཀྱིས་སྔགས་པ་ཧོམ་ཁུང་ཁ་ནས་སངས་རྒྱས་སོ་ཞེས་སོ་ཟུར་གནུབས་གསུམ་སོགས་གསང་སྔགས་རྙིང་མ་བའི་སྔགས་རྒན་རལ་པ་ཅན་རྣམས་ལ་ཡོངས་སུ་གྲགས་པ་འདི་ལགས་སོ། །དྲུག་པ་དེ་ལྟར་བསྒྲལ་བའི་མཐར་ཐུག་གི་འབྲས་བུ་ནི། །མྱང་འདས་ཀྱི་རྒྱུད་ལས། འབྲས་བུ་ངེས་པར་ཆུད་མི་ཟ། །ཁྲོ་བདག་ཆེན་པོ་ཐབས་མཁས་པས། །བསྒྲལ་བའི་ལས་རྣམས་བྱ་བར་བཤད། །དང་པོ་སྙིང་རྗེས་གཞི་བཟུང་ལ། །ཚད་མེད་རྣམ་བཞི་སྔོན་དུ་གཏང་། །དེ་ནས་བསྒྲལ་བའི་ཕུང་པོ་དེ། །གཉིས་མེད་ལྷ་ཡི་དཀྱིལ་འཁོར་དུ། །ཡང་དག་དོན་གྱིས་སྦྱང་བར་བྱ། །ནམ་མཁའ་ལྟ་བུར་སྐྱེ་བ་མེད། །རྣམ་དག་ཕུང་པོ་ལྔ་ཡིས་བསྡུས། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་དང་། དཔལ་ཆེན་རྡོ་རྗེ་ཉིད་ཀྱི་སྐུ། །མ་ལུས་དབྱེར་མེད་འདུས་མ་བྱས། །གཉིས་མེད་དོན་གྱི་དེ་བཞིན་ནོ། །ཞེས་གསུངས་པ་སོགས་ཀྱིས་མཚོན་མང་དུ་འབྱུང་བ་བཞིན་བསྒྲལ་བྱ་གདུག་པ་ཅན་དེ་དག་ལ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་དང་ལྡན་པས་གོང་དུ་ཇི་སྐད་སྨོས་པ་ལྟ་བུའི་མཚན་མ་རྫས་ཀྱི་ཕུར་པ་ཡེ་ཤེས་ཀྱི་རང་བཞིན་ཅན་དེ་དག་ཚད་དང་ལྡན་པའི་གདབ་ལུགས་ཀྱིས་བཏབ་ནས་ཐེབས་ཏེ་གནས་སྐབས་ཀྱི་ལས་ངན་དང་སྐྱེ་རྒྱུན་ངན་པ་བཅད་ནས་ས་ལམ་གྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་ངེས་པར་སྨིན་པའི་རྟེན་དུ་དཔལ་ཆེན་ཡབ་ཡུམ་གྱི་སྲས་སུ་བསྐྲུན་ཏེ་རིག་འཛིན་རྣམ་བཞིའི་གོ་འཕང་གི་མཐར་ཐུག་མཐར་ལམ་ལྷུན་གྱིས་གྲུབ་པའི་རྒྱལ་ས་ཆེན་པོ་བདེ་མྱུར་དུ་བགྲོད་ནས་ཁྱབ་བདག་གདོད་མའི་མགོན་པོའི་ཐུགས་ཀློང་ཀ་དག་ཐིག་ལེ་ཉག་གཅིག་ཏུ་དབྱེར་མེད་ཆེན་པོར་མངོན་པར་བྱང་ཆུབ། སྐུ་དང་ཡེ་ཤེས་ཟབ་མོའི་ཕྲིན་ལས་ཀྱི་ཆོ་འཕྲུལ་མཁའ་མཐའི་མུ་ཁྱུད་ཟླུམ་པོར་བཅིངས་པས་འགྲོ་སྒྲོལ་ཐབས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བ་ལ་མངའ་བརྙེས་པར་འགྱུར་བ་ནི་ལམ་འདིའི་མཐར་ཐུག་གི་འབྲས་བུའི་རྣམ་གཞག་མདོར་བསྡུས་ཏེ་སྨོས་པའོ། །དེ་ལྟ་བུའི་གསང་སྔགས་ཐབས་མང་ལ་ཟབ་པའི་དགོངས་པ་ཁྱད་པར་ཅན་གྱིས་ཕན་གནོད་ཀྱི་ལས་རབ་འབྱམས་བཀའ་སྩལ་བ་ཐམས་ཅད་ལ་བདེན་པའི་འབྲས་བུ་དངོས་བརྒྱུད་ནས་མི་བསླུ་བའི་ཡིད་ཆེས་ཚད་མས་གྲུབ་པ་ཐུན་མོང་ལྟར་ན་མཚན་དང་གཟུངས་སྔགས་ཟབ་མོའི་བྱིན་རླབས་ཀྱིས་དུད་འགྲོ་ཡན་ཆད་ངན་འགྲོའི་སྡུག་བསྔལ་ལས་གྲོལ་བའི་རྒྱུར་འགྱུར་བ་དང་། དེ་བཞིན་སྔགས་རྙིང་མའི་ཕྱོགས་ནས་བཏགས་གྲོལ། གསར་རྙིང་ཀུན་ནས་འཕོ་བའི་མན་ངག་སོགས་ཐུན་མིན་ཇི་སྙེད་ཅིག་གསུངས་པ་རྣམས་ཁ་ཅིག་གིས་མི་འཐད་པའི་ཀླན་ཀ་བྱེད་པ་ནི་ཐབས་དང་མན་ངག་ཟབ་མོ་ལ་ཡིད་ཆེས་མ་སྐྱེས་ཤིང་རྟོག་གེའི་རིགས་པ་ལྟར་སྣང་གི་རྣམ་རྟོག་ཁོ་ནས་སུན་ཅི་ཕྱིན་དུ་རྒོལ་བ་ཙམ་ལས་དོན་ལ་རེག་པར་མི་འགྱུར་བས། ཤེས་ལྡན་དག་རྒྱལ་བའི་བཀའ་དང་དེའི་མན་ངག་ཚད་མ་རྣམས་ལ་ཐེ་ཚོམ་པ་ཙམ་ཡང་འབྱུང་བའི་གནས་མེད་དེ། སྤྱིར་སངས་རྒྱས་བྱང་སེམས་ཀྱི་ཐུགས་བསྐྱེད་སྨོན་ལམ་ཐབས་མཁས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ། དེ་ལས་རྣལ་འབྱོར་བླ་མེད་ཀྱི་ལམ་ནས་གསུངས་པའི་དགོངས་པ་མཐའ་དག་ཐབས་མང་བ། ཐབས་ལ་མཁས་པ། དཀའ་བ་མེད་པ་སོགས་ཀྱིས་ཁྱད་པར་དུ་བྱས་པའི་གནད་ཚར་གཅོད་དང་རྗེས་འཛིན་འདི་དག་ཀྱང་གསང་གཅིག་པ་ཉིད་ཡིན་པས་ཤིན་ཏུ་གུས་ཤིང་ངོ་མཚར་བས་རྡོ་རྗེ་ཐེག་པའི་མཚན་ཙམ་རྣ་བའི་ལམ་དུ་ཞུགས་པ་འདི་དག་ཆེས་སྐལ་པ་བཟང་པོར་ངེས་པའི་ཤེས་པ་སྙིང་ནས་བསྐྱེད་པར་འོས་པ་ཡིན་ནོ། །དེ་དག་གིས་སྤྱི་དོན་གྱི་རྣམ་བཞག་མདོ་ཙམ་སྨོས་ཟིན་ནས། རྩ་བའི་ས་བཅད་གཉིས་པ་སྨད་ལས་རྩ་དུམ་གྱི་དོན་དངོས་བཤད་པ་ལ། འདི་ཉིད་རྒྱུད་ཀྱི་ཁོག་དབུབ་དང་བསྟུན་ན་བཞི་པ། ལྔ་པ་ཚེ་ཁྲུས་ཀྱི་དགོངས་པ་རྣམས་ཀྱིས་བསྟན་པ་ཡིན་ལ། རྒྱུད་ཀྱི་ཐེམས་སྦྱོར་བཅུ་པོ་ལྟར་ན་དགུ་པ་ངན་སྔགས་བསྡུ་ཡིག་དྲུག་གསུམ་བཅོ་བརྒྱད་ཀྱིས་བསྒྲལ་བའི་ལས་བྱ་བ་དང་། བཅུ་པ་མཐར་ཕྱིན་གསུམ་གྱིས་ལས་མཐར་དབྱུང་བ་རྣམས་ཀྱི་བསྟན་དོན་ཡིན་ཀྱང་། འདིར་རྒྱུད་ཚིག་བཞུགས་ཚུལ་དགོས་བསྟན་མཐར་ཆགས་སུ་བཤད་པའི་དབང་དུ་བྱས་ན་དུམ་བུ་གསུམ། དགྲ་བགེགས་བསྒྲལ་བའི་ལས་རིམ་དངོས། མཐར་ཕྱིན་གསུམ་གྱི་བྱ་བ། འཕྲོས་དོན་བཤད་པས་མཇུག་བསྡུ་བའོ། །དང་པོ་ལ་ལྔ། ཐུགས་དམ་གནད་ནས་བསྐུལ་བ། ཚེ་ཁྲུས་ཀྱི་དགོངས་པས་བརྟེན་པ་དབྱིངས་སུ་བསྒྲལ་བ། གབ་པའི་སྔགས་དྲུག་བསྟན་པ། གདབ་ཁའི་ལས་རིམ་གྱི་གཙོ་བོ་ཕུར་གདབ་བྱ་བ། གདབ་ཁའི་ཁ་ཚར་རྣམས་ཀྱིས་རྟེན་གཞི་བག་ཆགས་ཀྱི་གཟུགས་ཕུང་བསྒྲལ་བའོ། །དང་པོ་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པའི་དུས་ལ་བབ། །ཕོ་ཉ་ཆེན་པོའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །ཁྱི་ཡི་གདོང་ཅན་དུས་ལ་བབ། །བསྒྲལ་བར་བྱ་བའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །དུས་གསུམ་སངས་རྒྱས་སྲས་བཞིན་དུ། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་དེ་བཀུག་ནས། །མངོན་སྤྱོད་ཚུལ་གྱིས་བསྒྲལ་བ་དང་། །ལུས་ངག་ཕྱེ་མར་མཛད་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་པས་བསྟན། དེ་ལ་དམ་ཚིག་ཆེན་པོ་སོགས་ཚིག་རྐང་དང་པོས་གཙོ་བོ་ཡབ་ཡུམ་བསྐུལ། སྤྲུལ་པ་ཆེན་པོ་སོགས་ཚིག་རྐང་གཉིས་པས་ཁྲོ་བོ་བཅུ་བསྐུལ། ཕོ་ཉ་ཆེན་པོ་སོགས་ཀྱིས་ཁྲ་ཕྱག་ཉི་ཤུ་དང་སྒོ་མ་བཞི་བསྐུལ། བདག་ཉིད་ཆེན་པོས་བདག་ཉིད་མ་བཞི། ས་བདག་ཆེན་མོས་ས་བདག་མ་བཞི། ཁྱི་ཡི་གདོང་ཅན་སོགས་ཀྱི་ཤྭ་ན་མ་བཞི་བསྐུལ་བ་ཡིན་ལ། ཕྱིན་ཆད་ཀྱིས་དྲག་པོའི་ལས་མཛད་པར་འདོད་དོན་གསོལ་བའི་ཚིག་ཡིན་ནོ། །དེ་དག་གི་ཚིག་འབྲུ་གཉེར་ཏེ་ཅུང་ཟད་བཀྲོལ་ན། སྔོན་རུ་དྲ་སྒྲོལ་བའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་ཏེ་ཕྲིན་ལས་ཀྱི་སྲས་སུ་དབང་བསྐུར་ཞིང་། བདུད་དང་ལོག་འདྲེན་དམ་སྲིའི་བར་དུ་གཅོད་པ་སོགས་ལྷག་པར་མ་རུངས་པའི་ཕྱོགས་ལ་ཆེས་ཤིན་ཏུ་རྣོ་མྱུར་མཐུ་རྩལ་གྱི་མེ་ལྕེ་བཟོད་པར་དཀའ་བའི་གཟི་བྱིན་ཅན་ཁྲོ་རྒྱལ་ཀུན་གྱི་སྟོབས་གཅིག་ཏུ་འདུས་པ་དཔལ་རྡོ་རྗེ་གཞོན་ནུས་གདུག་པ་ཅན་མཐའ་དག་ཞི་བ་ཆེན་པོའི་དབྱིངས་སུ་དྲག་ཤུལ་སྙིང་རྗེ་རོལ་པའི་སྟོབས་ཀྱིས་འདུལ་བར་མཛད་པའི་དམ་ཚིག་སྟོང་ཉིད་སྙིང་རྗེ་མི་ཕྱེད་པའི་རྡོ་རྗེའི་ངོ་བོར་ཇི་ལྟར་བཅས་པ་དེ་ལྟར་ལྷག་པར་དེང་གི་སྐབས་སུ་རྣལ་འབྱོར་པའི་དགྲ་བགེགས་སྒྲོལ་བའི་དུས་ལ་བབ་བོ་ཞེས་གཙོ་བོ་ལ་བསྐུལ་ཞིང་། དེ་བཞིན་དུ་སྔོན་རུ་དྲ་སྒྲོལ་བའི་དུས་ན་ཕྱོགས་བཅུའི་དམ་སྲི་མ་རུངས་པ་བཅུའི་གཉེན་པོར་དཔལ་ཆེན་པོའི་ཐུགས་ལས་སྤྲུལ་ནས་ཕྱོགས་སྐྱོང་བཏུལ་བའམ། རྡོ་རྗེ་གཞོན་ནུའི་དབང་བཅུ་དང་སྟོབས་བཅུའི་ངོ་བོ་ཁྲོ་རྒྱལ་ཧཱུྃ་ཀ་ར་སོགས་མི་བཟད་པའི་ཁྲོ་བོ་ཆེན་པོའམ་སྤྲུལ་པ་ཆེན་པོ་རྣམས་ཀྱིས་སྔོན་གདུག་པའི་ཚོགས་རང་རང་གི་གཉེན་པོས་བཏུལ་བའི་དམ་ཚིག་དུས་ལ་དེང་འདིར་བབ་ཀྱི། རྣལ་འབྱོར་པའི་དགྲ་བགེགས་བསྒྲལ་བར་མཛོད་ཅིག་ཅེས་དང་། གཙོ་བོ་ཡབ་ཡུམ་གྱི་ཐུགས་རྗེའི་ཆོ་འཕྲུལ་ཁྲོ་རྒྱལ་བཅུའི་ཡང་སྤྲུལ་ཁྲ་ཕྱག་ཉི་ཤུ་དག་སྒོ་མ་བཞིའི་ཕོ་ཉ་ཆེན་པོ་རྣམས་ཀྱིས་སྔོན་དམ་སྲིའི་ཡང་སྤྲུལ་གདུག་ཅན་རྣམས་བཏུལ་བའི་དམ་ཚིག་གི་དུས་ལ་དེང་འདིར་བབ་པས། སྒྲུབ་པ་པོའི་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་བསྐུལ་བ་དང་། བཀའི་སྲུང་མའི་དབང་པོའི་ཚུལ་དུ་རྣམ་པར་རོལ་པ་བདག་ཉིད་མ་བཞི་དང་། ཡང་རུ་དྲའི་བྱི་མོ་སྲས་མོར་སྤྲུལ་པའི་ས་བདག་ཆེན་མོ་བཞིའི་དཔལ་གྱི་བཀའ་ཉན་བྲན་དང་མངགས་པའི་ཕྲིན་ལས་ཤུགས་དྲག་པོའི་ཚུལ་གྱིས་སྒྲུབ་པར་མཛད་པའི་དུས་ལ་བབ་པས་མངོན་སྤྱོད་ཀྱི་ཕྲིན་ལས་མཛད་པར་བསྐུལ་བ་དང་། ཡང་སྔོན་དཔལ་ཆེན་པོས་ཡེ་ཤེས་ཀྱི་མ་མོ་རྣམས་འཕར་སྦྱང་ཝ་ཁྱིའི་གདོང་ཅན་དུ་སྤྲུལ་པ་ཤྭ་ན་མ་བཞི་ལ་འདིར་ཁྱིའི་གདོང་ཅན་དུབསྒྱུར་ཏེ་ཤྭ་ན་མུ་ཁ་ཞེས་པ་ཁྱི་དང་སྤྱང་ཀའི་གདོང་ཅན་གཉིས་ཀ་ལ་འཇུག་ཅིང་། ཤྭ་ན་གཙོ་བོར་སྤྱང་ཀི་ལ་འཇུག་པར་གཙོ་མོ་སྤྱང་ཀིའི་གདོང་དང་ཞོན་པ་གཉིས་ཀ་ཡིན་པས་གཙོ་མོའི་ཤུགས་ཀྱིས་གཞན་རྣམས་ཀྱང་སྤྱང་ཀིའི་གདོང་ཅན་དུ་འོང་བ་ཡིན་པས། སྔ་འགྱུར་བཀའ་གཏེར་ཐམས་ཅད་དུ་ཤྭ་ན་མུ་ཁ་ཞེས་ཁྱི་སྤྱང་གཉིས་ཀར་འཇུག་པར་བྱས་ནས་སྐད་དོད་རང་སར་བཞག་པ་ཡིན་ཀྱང་། འདིར་བོད་སྐད་དུ་བསྒྱུར་བ་ལྟར་ནའང་དོན་ལ་འགལ་བ་ཆེར་མེད་དོ། །དེས་ན་ཤྭ་ན་མ་བཞིའི་ཐུགས་དམ་དུས་ལ་བབ་བོ། །མངོན་སྤྱོད་ཀྱི་ཕྲིན་ལས་ལ་གཡེལ་བ་མེད་པར་མཛོད་ཅིག་ཅེས་གཙོ་འཁོར་སྤྲུལ་པ་བྲན་དང་མངགས་པའི་ཚོགས་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་དུས་ལ་དེང་འདིར་བབ་ཅིང་། བརྣག་པར་བྱ་བའི་དགྲ་བགེགས་དམ་སྲི་ཞི་བས་འདུལ་དུ་མི་འཚལ་བ་རྣམས་དྲག་པོ་མངོན་སྤྱོད་ཀྱི་ཐབས་ཀྱིས་མྱུར་དུ་བསྒྲལ་བར་བྱ་བའི་ཕྲིན་ལས་ལ་གཡེལ་བ་མེད་པའི་ཚུལ་དུ་རྣལ་འབྱོར་པའི་དཔུང་དང་གཉེན་དུ་ཉེ་བར་བཞེངས་པའི་དུས་ལ་བབ་པས་དགོངས་པར་མཛོད་ཅིག་ཅེས་བསྐུལ་ནས། དགྲ་བགེགས་གང་ཞིག་སྒྲོལ་ན། བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་བྱང་ཆུབ་སེམས་དཔའ་བཞིན་དུ་སེམས་ཅན་གྱི་དོན་བྱེད་པའི་རྒྱལ་བའི་གདུང་རིག་འཛིན་པར་དམ་བཅས་པའི་བདག་ཅག་དཔོན་སློབ་རྣམས་ལ་ནི་དོ་བདོ་ཞིང་ཕོད་བཙུགས་ལ་བརྙས་པ་བྱེད་པ་དང་། སངས་རྒྱས་ཀྱི་བསྟན་པ་དང་སྐྱེ་རྒུ་ཡོངས་ལ་བསམ་སྦྱོར་ཕྱིན་ཅི་ལོག་པའི་སྒོ་ནས་གནོད་ཅིང་གདུག་པ་ཅན་དུ་གྱུར་པའི་གཟུགས་ཅན་གྱི་དགྲ་ཉམས་པ་བདུན་ལ་སོགས་པ་དང་ལྡན་པ། གཟུགས་མེད་ཀྱི་བགེགས་དམ་སྲི་བདུད་དང་བར་དུ་བཅོད་པ་མཐའ་དག་ཇི་སྙེད་པ་དེ་དག་རྣམས་ཁྲོ་བོ་ཆེན་པོ་རྡོ་རྗེ་གཞོན་ནུ་སྲས་འཁོར་སྤྲུལ་པ་བཀའ་སྡོད་དང་བཅས་པའི་བྱིན་རླབས་ཀྱི་ཕོ་ཉའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས་པ་རྣམས་ཀྱིས་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་ནི་དེ་དག་མངོན་སྤྱོད་ཀྱི་གནས་འདིར་འཆོར་བ་མེད་པར་བཀུག་ནས་མངོན་སྤྱོད་དྲག་པོའི་ཚུལ་གྱིས་བསྒྲལ་བ་དང་། རྣམ་ཤེས་ཡེ་ནས་དག་པ་དེ་གནས་སྤར་བ་དང་། ཉེར་ལེན་གྱི་ཕུང་པོ་ཆེན་པོ་གཞིག་པའི་ཕྱིར་འབྱུང་བཞི་ལས་སྐྱེས་པའི་ཐ་མལ་གྱི་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་ཕྱེ་མར་མཛད་ནས་ཀྱང་། ཉོན་མོངས་པའི་སྒྲིབ་པ་སྦྱང་བའི་ཕྱིར་མནན་གཟིར་གྱིས་སྡུག་བསྔལ་རྣམས་ལུས་ངག་ཡིད་གསུམ་གྱིས་ཉམས་སུ་མྱོང་སྟེ་སླན་ཆད་སྡུག་བསྔལ་གྱི་རྩ་བ་ཆད་ནས་ཞི་བའི་དབྱིངས་སུ་འགོད་པར་མཛོད་ཅིག་ཅེས་པའོ། །ༀ་ལཾ་སོགས་ཀྱི་སྔགས་འབྲོས་སུ་མི་སྟེར་བའི་ཕྱིར་ཟིལ་གྱིས་གནོན་པའི་སྙིང་པོ། འཁོར་བ་ནས་འདྲེན་པའི་སྙིང་པོ། མི་འཆོར་བར་དབང་དུ་སྡུད་པའི་སྙིང་པོ་གསུམ་གྱི་ཚུལ་དུ་འདིའི་རྗེས་འབྲེལ་དུ་ཁ་ཅིག་ནས་བཤད་ཀྱང་། ཚེ་ཁྲུས་ཀྱི་དགོངས་པའི་དོན་འོག་ཏུ་འཆད་དོ། །གཉིས་པ་ཚེ་ཁྲུས་ཀྱི་དགོངས་པས་བརྟེན་པ་དབྱིངས་སུ་བསྒྲལ་བ་ནི། གསལ་བ་གསུམ་དང་ལྡན་པ། ལོག་རྡུག་འབྱམས་གསུམ་དང་བྲལ་བ། དགོངས་པ་རྣམ་གསུམ་དང་ལྡན་པ། ཁྲུས་ལུང་གསུམ། ཚེ་ལུང་གསུམ་གྱི་དགོངས་པས་འདེབས་དགོས་ཤིང་། དེའང་གསལ་བ་གསུམ་ནི། གདབ་ལས་དཀྱུས་ལ་སྲས་མཆོག་གི་ཕུར་བུ་དང་། སྒྲུབ་པ་ཆེན་པོར་ཕུར་ཁྲོམ་གྱི་རྫས་དཀྱིལ་གཙོ་བོ་སྲས་མཆོག་ལའང་དཀྱིལ་འཁོར་གསུམ་ག་རྫོགས་པའི་གཙོ་བོ་ཉིད་ཡཀྴ་ཀྲོ་དྷའི་ངོ་བོར་གྱུར་པས་གདབ་པ་ཡིན་ཅིང་། གཟས་པ་པོ་ནི་མདུན་དུ་མངོན་སུམ་ལྟ་བུར་གསལ་བའོ། །དགོངས་པ་གསུམ་ནི། ཨ་དཀར་བྱ་དཀར་གྱི་དགོངས་པ། ཐུགས་རྗེ་འབྲེལ་ཐག་གི་དགོངས་པ། གདུང་བ་ལུ་གུ་རྒྱུད་ཀྱི་དགོངས་པའོ། །དང་པོ་ནི། ༀ་ལྃ། ཧཱུྃ་ལྃ། སྟྭཾ་བྷཱ་ཡ་ནཱན། མོ་ཧཾ་གྷཱ་ཏ་ཡ། བྷ་ག་ཝཱ ན། ཧྲཱིཿཥྚཱིཿབི་ཀྲྀ་ཏ་བཛྲ་ཧཱུྃ་ཀ་ར་ཧཱུྃ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོ། སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་པའི་སྔགས་འདིས་དཀྱིལ་འཁོར་གསུམ་གྱི་སྤྱི་བོར་ཧཱུྃ་ཀ་ར་དཀར་པོ། དེའི་སྤྱི་བོར་ཨ་དཀར་པོ། ཕུར་པའི་རྩེ་མོར་ཡང་ཨ་དཀར་པོས་ཉེ་བར་བརྒྱན་པ། གཟས་པ་པོའི་སྙིང་གར་ཡང་རྣམ་པར་ཤེས་པའི་ངོ་བོ་ཨ་དཀར་པོ་གསལ་བ་ནི་ཨ་དཀར་བྱ་དཀར་གྱི་དགོངས་པའོ། །གཉིས་པ་གོང་གི་སྔགས་ཀྱིས་སླར་ཡང་ཧཱུྃ་ཀ་ར་ཡབ་ཡུམ་ཨ་དང་བཅས་པ་འོད་དུ་གྱུར་པས་དཀྱིལ་འཁོར་གསུམ་ཡོངས་སུ་གང་ཞིང་བདག་གི་སྡིག་སྒྲིབ་སྦྱོང་བར་བྱེད་པ་དང་། ཕུར་པ་གཟས་པོའི་སྙིང་གར་དྲིལ་བས་ཕུར་རྩེའི་ས་བསྒྲལ་བྱའི་དོན་བྱས་ཤིང་། བདག་དང་གཟས་པ་པོ་ཕུར་བུ་གསུམ་དགོངས་པ་གཅིག་གིས་འབྲེལ། དམ་ཚིག་གཅིག་གིས་འབྲེལ། ཆོས་ཉིད་གཅིག་གིས་འབྲེལ་བར་སྣང་བས་ན་ཐུགས་རྗེ་འབྲེལ་ཐག་གི་དགོངས་པ་ཞེས་བྱའོ། །གསུམ་པ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ཞེས་སོགས་གསུངས་པ་ལྟར། སྤྱིར་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོའི་བློས་མི་གཏོང་ཞིང་། སྒོས་ལས་ངན་ཅན་འཁོར་བར་མི་གཏོང་བས་ན་གདུང་བ་ལུ་གུ་རྒྱུད་ཀྱི་འབྲེལ་བའི་དགོངས་པ་ཞེས་བྱ་བ་སྟེ་ཁྲུས་ལུང་ངོ་། །ཚེ་ལུང་ལའང་གསུམ་སྟེ། བྱུང་ཚོར་གྱི་སྒོ་དགག་པ། སེམས་ཀྱི་དབྱིངས་དབྱུང་བ། ཀུན་གཞི་རྩད་ནས་གཅོད་པའོ། །དང་པོ་ནི། གོང་གི་སྔགས་ཀྱིས་ཕུར་པ་མིག་ལ་དྲིལ་བས་གཟུགས་ཀྱི་བྱུང་ཚོར་བཀག །རྣ་བ་ལ་དྲིལ་བས་སྒྲའི་བྱུང་ཚོར་བཀག །སྣ་དྲི། ལྕེ་རོ། ལུས་རེག་བྱ་བཅས་བཀག་ནས་སྒོ་ལྔའི་རྣམ་ཤེས་གུར་གྱི་ཆོན་ཐག་བསྡུས་པ་བཞིན་དུ་ཀུན་གཞི་ལ་འུབ་ཀྱིས་བསྡུས་པའི་བྱ་བ་བྱེད་པའོ། །གཉིས་པ་སེམས་ཀྱི་དབྱིངས་དབྱུང་བ་ལའང་གསུམ་སྟེ། དང་པོ་ཕཊ་དྲལ་བ། གཉིས་པ་གནད་སླེབ་པ། གསུམ་པ་རྟོག་བླང་བའོ། །དང་པོ་ནི། གོང་གི་སྔགས་ཀྱིས་ཕུར་པའི་རི་རབ་ཀྱིས་བསྡིགས་པས་གཟས་པ་པོའི་ཤ་ཁྲག་དང་སྙིང་དཀར་ནག་དཔྲལ་བ་ནི་ཕཊ་དྲལ་བའོ། །གཉིས་པ་ཕུར་པའི་འོད་ཀྱིས་ཉིང་དཀར་ནག་གི་མཚམས་ནས་ཁྲག་གི་སྦལ་པ་མཐེ་བོང་ཙམ་ཡོད་པ་བསྲེགས། དེའི་ནང་ན་དྭངས་མ་རྣམ་པ་གསུམ་ཡོད་དེ། ཁྲག་གི་དྭངས་མ་མཚལ་ལྕོག་ལ་འདྲ་བ་དང་། རྩའི་དྭངས་མ་རྒྱུས་པ་ཀླད་པ་འདྲ་བ་དང་། དབུགས་ཀྱི་དྭངས་མ་གསེར་ས་འོག་ཏུ་སྦས་པའི་རླངས་པ་ཙམ་སྟེ་གསུམ་ཡོད་པ་དེ་གསུམ་གྱི་དབུས་ན་ཀུན་གཞིའི་རྣམ་པར་ཤེས་པ་ཡི་གེ་ཨ་ཐུང་གི་ཚུལ་དུ་སེམས་ཅན་ཐམས་ཅད་ལ་ཡོད་པས་དེ་ལ་སྔགས་དང་བཅས་ཏེ་ཕུར་པ་གཡེངས་པས་དེ་དག་གི་དབུས་སུ་ཕུར་པ་ཐོགས་པ་མེད་པ་ཐལ། གསུམ་པ་སྔགས་ཀྱིས་ཕུར་པ་གདེངས་པས་རྣམ་ཤེས་ཨ་ཐུང་དེ་ཉིད་རྡོ་ཁབ་ལེན་ལ་ལྕགས་འདུ་བ་བཞིན་ནམ། བྱེ་ཚན་ལ་མར་ཐིམ་པ་བཞིན་དུ་ཕུར་པའི་རྩེ་མོར་འདུས་པར་གསལ་བའོ། །གསུམ་པ་ཀུན་གཞི་རྩད་ནས་གཅད་པ་ནི། དེའི་འོག་ཏུ་དེའི་ཤུལ་ན་ཕུར་པ་གཞན་གྱིས་བཏབ་ལ་བཞག་སྟེ་དེའི་རྣམ་ཤེས་ལྷོད་པ་མེད་པར་བྱས་པ་ནི། ཀུན་གཞི་རྩད་ནས་གཅོད་པ་ཞེས་བྱའོ། །ཕུར་པའི་རྩེ་མོར་དམིགས་ཡུལ་གྱི་རྣམ་ཤེས་ཨ་བཀྲག་དང་ལྡན་པ་རིག་པ་ཚེ་དང་བསོད་ནམས་དང་བཅས་པ་ཚུར་བདག་ལ་གོང་གི་སྔགས་ཀྱིས་བསྡུས་པས་ཁོའི་ཚེ་བསོད་ཐམས་ཅད་རང་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་གྱུར་པ་ནི་བདག་གི་ཚེ་ལུང་དུ་བཤད་ལ། དེ་ནི་མེ་འབར་བ་ལ་ཤིང་བསྣན་པ་དང་མཚུངས་པར་རང་ཉིད་ཚེ་བསོད་ནམས་དང་ལྡན་པར་འགྱུར་པའོ། །དེས་ན་ཡུལ་གྱི་ཚེ་བསོད་རང་ལ་ཐོབ་པས་བདག་མི་ཕམ་ལ། བདག་གིས་ཡུལ་གྱི་སྒྲིབ་པ་སྦྱངས་པས་དགྲ་མི་ཕམ་པ་སྟེ་གཉིས་ཀ་འཚེངས་པ་ཡིན་ནོ། །དེ་ནས་རྣམ་པར་ཤེས་པ་ཨ་ཐུང་གི་རྣམ་པ་ཅན་དུ་གྱུར་པ་ཕུར་རྩེས་བླངས། རང་ལྷའི་ཐུགས་ཀའི་ཡེ་ཤེས་ཀྱི་རླུང་ཧར་གྱིས་བྱུང་སྟེ་དེས་བཏེག་ནས་མེ་སྟག་དྲག་པོ་ཡར་བ་བཞིན་འོག་མིན་རིགས་ལྔ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་བསྐྱལ་ཏེ་རིགས་ལྔའི་སྲས་སུ་སྐྱེ་བར་བྱེད་པ་ནི་རྟེན་འབྲེལ་ཟབ་མོའི་ཁྱད་པར་གྱི་མཐུ་ལས་དེ་ལྟར་འགྱུར་བའང་ངེས་པའི་གསང་བ་ཟབ་མོ་དང་། ཆོས་ཉིད་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས་སོ། །དེ་ནི་གནས་སྤར་བའི་ཆོ་ག་ཞེས་གསང་སྔགས་ཀྱི་ཁྱད་ཆོས་བླ་ན་མེད་པ་ཡིན་པའི་ཕྱིར་ཚེ་ལུང་དང་ཁྲུས་ལུང་གི་དགོངས་པ་མ་ཤེས་ན་ཤན་པ་དང་ཁྱད་མེད་པར་སློབ་དཔོན་པདྨའི་ཞལ་སྔ་ནས་འདོམས་པར་མཛད་པ་ཡིན་ནོ། །གོང་དུ་བསྟན་པའི་སྔགས་དོན་ཡང་ཁྲུས་ལུང་ལྟར་བཤད་པ་དང་། ཚེ་ལུང་ལྟར་བཤད་པ་གཉིས་ལས། དང་པོ་ནི། ༀ་ལྃ་ཞེས་པས་རིགས་ཀྱི་ཡབ་ལྔ། ཧཱུྃ་ལྃ་ཞེས་པས་ཡུམ་ལྔ་ལག་པ་གཡས་གཡོན་གྱི་སོར་མོ་དག་ལ་བསྐྱེད་པའི་དོན་དང་། སྟྭཾ་བྷཱ་ཡ་ནཱན་ཞེས་པས་ཡབ་ཡུམ་གཉིས་མེད་དུ་སྦྱོར་བས་ལག་གི་འདུ་བྱེད་བསྒོམ་པའི་དོན་དང་། མོ་ཧཾ་གྷཱ་ཏ་ཡ་མིང་དང་རུས། བྷ་ག་ཝཱན་བཅོམ་ལྡན་འདས། ཧྲཱིཿཥྚིཿཐབས། བི་ཀྲྀ་ཏ་ཤེས་རབ། བཛྲ་རྡོ་རྗེ་སྟེ་གཉིས་སུ་མེད་པའི་དོན། །དེ་བསྐྱེད་པའི་རྒྱུ་ཧཱུྃ་ཡིན་ལ། ཀ་ར་ནི་ཕྲིན་ལས། ཧཱུྃ་གིས་བསྡུས་ལ་སྦྱོངས་ཤིག་པའོ། །བཛྲ་ཀཱི་ལི་ཀཱི་ལ་ཡ་ཡེ་ཤེས་ཀྱི་ཕུར་བ། ཛཿ་ཧཱུྃ་བྃ་ཧོཿཕྱག་རྒྱ་བཞིས་དགུག་བཅིང་ལ་སོགས་པ་བྱས་ནས། སརྦ་ནི་ཐམས་ཅད། བིགྷྣཱན་ནི་ཉོན་མོངས་པ། བཛྲ་ཀཱི་ལི་ཀཱི་ལ་ཡ་ནི་ཡེ་ཤེས་ཀྱི་ཕུར་པས་འདེབས་པ། ཧཱུྃ་གིས་བསྡུས་ལ་ཕཊ་ཀྱིས་གཏོར་ཞིག་པའོ། །གཉིས་པ་ཚེ་ལུང་ལྟར། །ༀ་ལྃ། ཧཱུྃ་ལྃ་ཞེས་པས་སྐུ་གསུང་ཐུགས་རི་རབ་ལྟར་བརྗིད་པས་ནོན་ཅིག །ཇི་ལྟར་མནན་ན། སྟྭཾ་བྷ་ཡ་ནཱན་ཞེས་ས་འོག་ཏུ་གཟིར་ལ་ནོན། གང་མནན་ན། མོ་ཧཾ་གྷ་ཏ་ཡ་ཞེས་པ་མིང་དང་རུས་སུ་བཅས་པའི་དགྲ་བགེགས། གང་གིས་གནོན་ན། བྷ་ག་ཝཱན་ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུས་ནོན་ཅིག་པ། ཚུལ་ལམ་ཐབས་ཇི་ལྟར་གནོན་ཅིང་གཟིར་ན། ཧྲཱིཿཥྚཱིཿབི་ཀྲྀ་ཞེས་པས་ཐབས་ཤེས་སྙོམས་པར་ཞུགས་ལ་ནོན་ཅིག །མནན་ནས་ཅི་བྱེད་ན། བཛྲ་ཧཱུྃ་ཀ་ར་ཧཱུྃ་ཞེས་པས་དཔལ་ལྡན་རང་བཞིན་གྱི་རྡོ་རྗེ་ཕུར་པ་ལས་བསྡུས་ལ་སེམས་ཀྱི་རྣམ་པར་རྟོག་པ་ཆོད་ཅིག་ཅེས་དང་། དེ་ལྟར་བཅད་ནས་ལུས་སེམས་ལ་ཡོད་པའི་རྟོག་མེད་ཀྱི་ཡེ་ཤེས་ཚུར་བསྡུས་ལ་རྣམ་པར་རྟོག་པ་དང་བཅས་པའི་ལུས་སེམས་ཀུན་བསྲེགས་ལ་ཐལ་བ་ལྟར་གཏོར་ཞིག །གང་དུ་བསྲེག་ཅིང་བརླག་པར་བྱ་ན། བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿཞེས་པས་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་འཁོར་ཁྲོ་བོ་ཁྲོ་མོ་ཟ་གསོད་སྒོ་མ་བཞི་དང་བཅས་པའི་ཞལ་དུ་བསྟབས་ཏེ་བསྲེགས་ལ་བརླག་པར་གྱིས་ཤིག་པ་དང་། གང་བརླག་པར་བྱ་ན། སརྦ་བིགྷྣཱན་ཞེས་དགྲ་བགེགས་ཐམས་ཅད། གང་གིས་བརླག་པར་བྱེད་ན། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་སྟེ་སྲས་མཆོག་བཛྲ་ཀཱི་ལ་ཡའི་སྐུ་རྡོ་རྗེ་ཕུར་པས་ཐོབ། སེམས་བསྡུས་ལ་ལུས་ཕྱིར་ཁྲོལ་ཅིག་ཅེས་པའི་དོན་ཡིན་པར་ཡིག་རྙིང་བཞིན་དུ་ས་ཕུར་རྣམ་བཤད་ལས་བཤད་དོ། །གསུམ་པ་གབ་པའི་སྔགས་དྲུག་བསྟན་པ་ནི། བགེགས་བྱེད་པ་ཡི་བདུད་རྣམས་དང་། །ཞེས་པ་ནས། བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ། ཅེས་པའི་བར་གྱིས་བསྟན་པའང་། རྒྱུད་ལས། ལྷ་དབྲལ་གནས་ནས་དགུག་པ་དང་། །རྣམ་ཤེས་གཟུགས་བསྟིམ་བྱད་དུ་གཞུག །སྨྱོར་གཞུག་རྡུལ་དུ་བརླག་པ་དང་། །ཤ་ཁྲག་ཞལ་དུ་བསྟབས་ན་དགྱེས། །འདི་དྲུག་ཤེས་ན་ལས་རྣམས་འགྲུབ། །ཅེས་སོ། །དེ་ལའང་བསྐུལ་དང་དགུག་གཞུག་བྱ་བ་དང་། སྔགས་ཚན་བཅུ་གཉིས་པོ་དངོས་བཤད་པའོ། །དང་པོ་ནི། བགེགས་བྱེད་སོགས་སྨོས་ཏེ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་བགེགས་སམ་བར་དུ་གཅོད་པར་བྱེད་པའི་བདུད་རྣམས་དང་། དམྱལ་བའི་སྡུག་བསྔལ་གྱིས་སེམས་ལ་མི་བཟོད་པའི་མྱ་ངན་གྱི་ཁུར་མཉམ་དུ་སྦྱོར་བའི་ལས་ངན་པ་ལ་ཞུགས་པ་ཆེ་གེ་མོ་ཞེས་མིང་དང་རུས་སུ་སྨོས་པ་སུ་དང་གང་ཡིན་ཀྱང་དེ་ཉིད་འཁྲུལ་མེད་དུ་འདི་དང་འདིའོ་ཞེས་བྱ་བ་གཟུགས་ལིངྒ་མིང་བྱང་བུ་བླ་འཁོར་ལོ་ལ་བསྐོར་བ་རང་གཞན་ལ་གནོད་པའི་ལོག་འདྲེན་མ་རུངས་པ་བདུད་ཀྱི་ཐིབས་ཀྱིས་ནོན་པའི་ཉམས་པ་བདུན་ལྡན་དང་ཞིང་བཅུ་ཚང་བའི་བསྒྲལ་བར་བྱ་བའི་འོས། བསད་པར་བྱ་བའི་མཆོག་གང་ཡིན་པ་དེ་དག་འཁོར་བའི་གནས་རིས་ནས་དྲང་བའི་ཕྱིར་ཕོ་ཉ་ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས་ཤིག །བདེ་བའི་གནས་སུ་བསྐུལ་བའི་ཕྱིར་ཐོ་བ་ཅན་གྱིས་རྒྱབ་ནས་རྡུངས་ཤིག །ཉོན་མོངས་པའི་དབང་པོ་རང་ཡན་དུ་མི་གཏོང་བའི་ཕྱིར་ཞགས་པ་ཅན་གྱིས་ཡན་ལག་རྣམ་པར་ཆིངས་ཤིག །བག་ཆགས་ཀྱི་ཕུང་པོ་བརླག་པར་བྱ་བའི་ཕྱིར་གཟུགས་ཀྱི་ཕུང་པོ་གཏོགས་ཤིག་གམ་སྡིགས་ཤིག །སྡིག་པའི་གྲོགས་དང་བྲལ་བར་བྱ་བའི་ཕྱིར་རམ་ནག་པོའི་ཕྱོགས་ཀྱི་དཔུང་གཉེན་དང་སྟོང་གྲོགས་བྱེད་པའི་དཔལ་ལམ། གཉེན་པོ་དང་ཁ་ཕྲལ་ཏེ་སོ་སོར་དབྱེ་བར་གྱིས་ཤིག །མྱུར་དུ་གནས་ངན་ལས་བསྒྲལ་ཏེ་རྟེན་དང་བརྟེན་པ་རྡུལ་དུ་རློག་པའི་ཕྱིར་མགྱོགས་བྱེད་ཀྱི་ཕོ་ཉས་མྱུར་བའམ། རིངས་པའི་ཚུལ་ལམ། ས་འོག་ས་སྟེང་ས་བླ་སོགས་ཤིན་ཏུ་བསྐལ་བའི་རིང་པོའི་གནས་གང་ན་ཡོད་ཀྱང་རང་དབང་མེད་པར་ཁུག་ལ། གནོང་ཞིང་འགྱོད་པའི་སེམས་ཀྱིས་ཉེས་བྱས་ལ་མཐོལ་ཞིང་བཤགས་པའི་སྨྲེ་སྔགས་ཀྱི་འོ་དོད་སྨྲ་རུ་ཆུག་ཅིག །ཐུགས་རྗེས་ངེས་པར་གཟུང་བར་བྱ་བའི་ཕྱིར་འབེབས་བྱེད་ཀྱིས་གཟུགས་ལ་ཕོབ་ཅིག །ཉོན་མོངས་པའི་སྒྲིབ་པ་སྦྱང་བའི་ཕྱིར་གཟིར་བྱེད་ཀྱིས་ལུས་ངག་ཡིད་གསུམ་རྣམ་པར་གཟིར་བར་གྱིས་ཤིག །དཀྱིལ་འཁོར་དུ་ངེས་པར་ཆུད་པར་བྱ་བའི་ཕྱིར་དབང་བྱེད་ཀྱིས་རྣལ་འབྱོར་པ་བདག་ཉིད་ཀྱི་དབང་དུ་བྱས་པར་གྱུར་ནས། དམ་ལས་མི་འདའ་བའི་ཕྱིར་བཀའ་ཉན་བྱེད་ཀྱིས་བསྒོ་བའི་བཀའ་ཉན་ཅིང་མ་དད་པའི་བློ་ལྡོག་སྟེ་ཤིན་ཏུ་གུས་པ་དང་ལྡན་པར་གྱིས་ཤིག་པའམ་བྱོས་ཤིག །ཅེས་པ་སྟེ་ཚིག་ཐད་ཀར་དཀྱུས་ལྟར་བཤད་པ་དེ་ལྟར་ཡིན་ལ། འོག་གི་གབ་པའི་སྔགས་དྲུག་གི་སོ་སོའི་འཕྱོང་དང་། ཐོག་མར་འགྲོ་བའི་རྣམ་ཤེས་དགུག་པ་སོགས་ཀྱི་ཚིག་གནད་ཀྱང་འདིའི་ཁོངས་སུ་འབྱུང་བ་ཡིན་ནོ། །གཉིས་པ་སྔགས་ཚན་བཅུ་གཉིས་པོ་དངོས་བཤད་པ་ལ་གཉིས། དངོས་དང་། སྔགས་དོན་བཤད་པའོ། །དང་པོ་ནི། ཧཱུྃ་པ་ར་བིདྱ་སོགས་ནས། བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ། ཅེས་པའི་བར་གྱིས་བསྟན། འདི་ལ་དོན་དྲུག་པོ་རེ་རེ་ལ་དོན་བཅུ་བཅུ་སྟེ་དྲུག་ཅུ་ཐམ་པའི་ལྡོག་པ་དང་བཅས་ཤེས་པར་བྱ་དགོས་ལ། དེའང་གཉེན་པོ་སྟོབས་ཀྱི་ལྷ་དྲུག །ངན་སྔགས་ལས་ཀྱི་ཕུར་པ་དྲུག །གདབ་པ་གནས་ཀྱི་གདབ་པ་དྲུག །བསྐུལ་བར་བྱ་བའི་ཕོ་ཉ་དྲུག །གདགས་པར་བྱ་བའི་འཕྱོང་དྲུག །གསག་པར་བྱ་བའི་རྫས་དྲུག །བཟླ་བར་བྱ་བའི་སྔགས་དྲུག །བཅའ་བར་བྱ་བའི་ཕྱག་རྒྱ་དྲུག །གཞན་དུ་མི་འགྱུར་བའི་ཏིང་ངེ་འཛིན་དྲུག །གདབ་པར་བྱ་བའི་སྨོན་ལམ་དྲུག་གོ། །དང་པོ་ལྷ་དང་དབྲལ་བ་ལ་བཅུ་སྟེ། གཉེན་པོ་སྟོབས་ཀྱི་ལྷ་ནི། བདུད་རྩི་འཁྱིལ་བ་སྟེ་ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ་ཀྱི་སྔགས་ཀྱིས་སོ། །འཇིག་རྟེན་ལས་ཀྱི་ལྷ་ནི། རྡོ་རྗེ་ལེགས་པའོ། །ངན་སྔགས་ལས་ཀྱི་ཕུར་པ་སེང་ལྡེང་དམར་པོ་དང་། གདབ་པའི་གནས་སྤྱི་གཙུག་སྟེ། གནམ་གྱི་འཇུ་ཐག་གཅད་པའོ། །བསྐུལ་བའི་ཕོ་ཉ་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པ་དང་། གདགས་པའི་འཕྱོང་ནི། གཏོགས་ཤིག་གྲོགས་དང་དབྱེ་བར་གྱིས་ཞེས་པའོ། །གསག་པའི་རྫས་ནི་གུ་གུལ་ཁྱི་བྲུན་ཚིལ་ཆེན་སོགས་སོ། །གབ་པའི་སྔགས་ནི། ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿ དཎྜ་ཧཱུཾ་ཕཊ། ཅེས་སོ་སོའི་མགོར་ཀཱི་ལ་ཡས་མནན་ཅིང་། དགྲ་བགེགས་མཱ་ར་ཡ་དང་། མཐར་བིགྷྣཱན་བྃ་ཧཱུྃ་ཕཊ་ཀྱི་བར་དུ་བཅུག་པ་འོག་མ་ཀུན་ལའང་དགོས་པར་བཤད་དོ། །བཅའ་བའི་ཕྱག་རྒྱ་ནི། དུད་པས་བདུག་པའི་ཚུལ་དུ་བྱ་འུག་པའི་སྒྲོས་དབྱེ་བའི་ཚུལ་དང་། དངོས་སུའང་རྫས་དུད་བདུག་པའོ། །སྨོན་ལམ་ནི། དགྲ་བགེགས་ཀྱི་ལྷ་སྲུང་དང་ཕྲོལ་ཅིག་སོགས་བརྗོད་པ་དང་། ཏིང་ངེ་འཛིན་ནི། དཔལ་ཆེན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་དབྱེ་བའི་ལས་མཛད་པས་དགྲ་བགེགས་ལྷ་དང་བྲལ་ཏེ་མི་མེད་པའི་གྲོང་སྟོང་ངམ། བྱེའུ་ཁྱུར་རྡོ་འཕངས་པས་གཞན་འཕུར་ཏེ་གང་ལ་ཕོག་པ་དེ་གཅིག་པུར་ལུས་པ་ལྟར་གྱུར་པར་བསམ་མོ། །གཉིས་པ་གཟུགས་ལ་དབབ་པ་ནི། གཉེན་པོ་སྟོབས་ཀྱི་ལྷ་མི་གཡོ་མགོན་པོ་སྟེ་བིནྡྷ་བིནྡྷ་ཧཱུྃ་ཕཊ་ཀྱིས་མཚོན་པ་དང་། འཇིག་རྟེན་ལས་ཀྱི་ལྷ་ཡམ་ཤུད་དམར་པོ་ཡིན་ལ། གདབ་ཕུར་ནི། བྱ་རྒོད་ཀྱི་ཕུར་པ། གདབ་པ་ནི། རྐང་པའི་མཐིལ་ཏེ་སའི་རྟེན་ཕུར་ཕྱུང་བའོ། །ཕོ་ཉ་ནི། སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཅེས་དང་། འཕྱོང་ནི། ཕོབ་ཅིག་རྣམ་པར་གཟིར་བར་གྱིས། ཞེས་སོ། །སྔགས་ནི། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། ཕྱག་རྒྱ་ནི། འབེབས་ཚུལ་བྱ་ཞིང་། རྫས་ནི། མཚེ་དང་ཡུངས་དཀར་ནག་སོགས་སོ། །ཏིང་ངེ་འཛིན་ནི། ཐུགས་ཀའི་འོད་ཀྱིས་གཟས་པ་པོ་དངོས་སུ་བཀུག་པ་ལྟར་ལིངྒ་ལ་བསྟིམ་པའོ། །སྨོན་ལམ་ནི། དགྲ་བགེགས་ཁུག་ཅིག །ཕོབ་ཅིག །སྟིམས་ཤིག །ཅེས་སོ། །གསུམ་པ་བྱད་དུ་གཞུག་པ་ནི། གཉན་པོ་སྟོབས་ཀྱི་ལྷ་ཁམས་གསུམ་རྣམ་རྒྱལ་ཏེ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ་ཅེས་པ་དང་། འཇིག་རྟེན་ལས་ཀྱི་ལྷ་ཀླུའི་རྒྱལ་པོ། གདབ་ཕུར་ནི། མཆོག་ཆེན་གྱི་ཕུར་པ། གདབ་པ་གསང་གནས་སུ་སྐྱེ་བ་དགུ་རྒྱུད་གཅད་པའི་ཕྱིར་དུ། བསྐུལ་བའི་ཚིག །ཕྱག་བརྙན་ཆེན་མོའི་དུས་ལ་བབ། །ཅེས་དང་། འཕྱོང་། ཟུངས་ཤིག་རྡུངས་ཤིག་རྣམ་པར་ཆིངས་ཞེས་སོ། །སྔགས་ནི། ཤཱིགྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ། ཅེས་དང་། ཕྱག་རྒྱ་ནི། བྱད་ཐག་གིས་བཅིང་བའི་ཚུལ་བྱ་ཞིང་། རྫས། ཚོན་སྐུད་སྣ་ལྔའི་ཐག་པ་སོགས་སོ། །ཏིང་ངེ་འཛིན་ནི། ཕོ་ཉ་མང་པོས་གྲུ་གུ་ཐུལ་དུ་བཅིངས་པར་བསམ་པ་དང་། སྨོན་ལམ་ནི། ལྷའི་བྱད་དུ་ཆུག་ཅིག ། ཀླུའི་བྱད་དུ་ཆུག་ཅིག །སོགས་ཀྱི་དམོད་མོ་བྱ་བའོ། །བཞི་པ་སྨྱོར་གཞུག་པ་ནི། གཉེན་པོ་སྟོབས་ཀྱི་ལྷ་རྟ་མགྲིན་ཏེ། གྷྲིཧྣ་གྷྲིཧྣ་ཧཱུྃཿཕཊ་ཅེས་པ་དང་། ལས་ཀྱི་ལྷ་རྒྱལ་པོ་པེ་དཀར་རོ། །ཕུར་པ་ཙནྡན། གདབ་པ་ལྕེའི་དཀྱིལ་དུ་ངག་འཇོམས་པའི་ཕྱིར་དང་། བསྐུལ་བའི་ཕོ་ཉ། ཁྱི་ཡི་གདོང་ཅན་དུས་ལ་བབ། །ཅེས་པའོ། །འཕྱོང་ནི། རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཅེས་དང་། སྔགས། ཛྭ་ལཱ་པ་ཡ་ཡ་ཛྭ་ལཱ་པ་ཧཱུྃ་ཕཊ། ཅེས་པའོ། །ཕྱག་རྒྱ། དུག་ཁོང་དུ་གཏོང་བའི་ཚུལ། རྫས། དྷ་དུ་ར་དང་དུག་སྣའི་ཆུའོ། །ཏིང་ངེ་འཛིན་ནི། སྙིང་ག་ནས་འོད་ཚྭ་ཚྭ་ལྟ་བུ་འཕྲོས་པས་མྱོས་ཤིང་བརྒྱལ། སྨྱོ་ཞིང་འབོགས་པ་སོགས་སུ་གསལ་བ་དང་། སྨོན་ལམ། དགྲ་བོ་སྨྱོ་རུ་ཆུག །འབོགས་སུ་ཆུག །མྱོས་སུ་ཆུག །ཅེས་སོགས་ཀྱིས་དམོད་བོར་བའོ། །ལྔ་པ་རྡུལ་དུ་བརླག་པ་ནི། གཉེན་པོ་སྟོབས་ཀྱི་ལྷ་དབྱུག་སྔོན་ཅན་ཏེ་ཧ་ན་ཧ་ན་ཧཱུྃ་ཕཊ་དང་། ལས་ཀྱི་ལྷ་ནི་བདུད་དོ། །ཕུར་པ་ནི། ལྕགས་ཕུར་དང་། གདབ་པ། སྙིང་དཀར་ནག་གི་མཚམས་སུ་སེམས་ཀྱི་དབྱིངས་དབྱུང་བའི་ཕྱིར་གདབ་བོ། །ཕོ་ཉ། ས་བདག་ཆེན་མོའི་དུས་ལ་བབ། །ཅེས་དང་། འཕྱོང་ནི། ལུས་སེམས་རྡུལ་བཞིན་བརླག་པར་མཛོད། །ཅེས་སོ། །སྔགས་ནི། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། དང་། ཕྱག་རྒྱ། བརྡུང་ཚུལ་བྱ་ཞིང་། རྫ་མིའི་རྗེ་ངར་དང་། རྡོ་རྗེ་ཐོ་བ་སོགས་སོ། །ཏིང་ངེ་འཛིན། ཐོ་བ་ཐོགས་པའི་སྤྲུལ་པ་མང་པོས་རྡུང་བའི་དམིགས་རྣམ་དང་། སྨོན་ལམ། དགྲ་བོ་རྡུལ་དང་ཕྱེ་མ་ཐལ་བར་རློག་ཅིག །ཅེས་སོགས་ཀྱི་དམོད་མོའོ། །འདི་ནི་འོག་ཏུ་ཁ་ཚར་གྱི་ལས་སུ་བཤད་པར་འགྱུར་ཡང་། འདིར་ས་ཁོངས་མ་སྟོངས་ཕྱིར་བཤད་པའོ། །དྲུག་པ་ཞལ་དུ་བསྟབ་པ་ནི། གཉེན་པོ་སྟོབས་ཀྱི་ལྷ་སྟོབས་པོ་ཆེ་སྟེ་ཧཱུྃ་པ་ར་བིདྱན་ཞེས་པའོ། །ལས་ཀྱི་ལྷ་ནི། བཙན་ནོ། །ཕུར་པ། སྐྱེར་ཕུར་དང་། གདབ་པ། ལྟེ་བ་སྟེ་བསྐྱེད་པའི་ས་བོན་གཞོམ་པའི་དོན་དུའོ། །ཕོ་ཉ། བདག་ཉིད་ཆེན་མོའི་དུས་ལ་བབ། །འཕྱོང་ནི། བསྒོ་བའི་བཀའ་ཉན་གུས་པར་གྱིས། །ཞེས་དང་། སྔགས་ནི། བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ། ཅེས་པའོ། །ཕྱག་རྒྱ། སྟོབས་པའི་ཚུལ་དང་། རྫས། ཨེ་གྲུ་གསུམ་གྱི་ཧོམ་གཟར་སོགས་སོ། །ཏིང་ངེ་འཛིན་ནི། ཁྲོ་བོ་ཁྲོ་མོའི་ཞལ་དུ་དགྱེས་པའི་རྐན་སྒྲ་དང་བཅས་ཏེ་གསོལ་བར་བསམ་པའོ། །སྨོན་ལམ་ནི། ལྷ་ཚོགས་རྣམས་ཀྱིས་ཤ་ཁྲག་རུས་པ་ལྷག་མ་མེད་པར་བཞེས་ཤིག །ཅེས་དམོད་འདོར་བའོ། །མཐར་མགོ་བོ་ལ་མནན་པ་བྱ། རོ་སྟོད་སྦྱིན་སྲེག་དང་། ཡན་ལག་གཏུན་དུ་བརྡུང་། ནང་ཁྲོལ་ལྷའི་ཞལ་དུ་བསྟབ། དཀྱུས་ཁོང་ཁྲར་གཏོང་བའི་སྐབས་བཞི་ཀུན་གྱི་མགོ་ལ་གདགས་པ། གསུམ་ཀུན་གྱི་ཁོང་ཁྲར་གཏང་བ། གཅིག་ཀུན་གྱི་གཞུག་ལ་གདགས་པའི་མན་ངག་ལྟར་གབ་པའི་སྔགས་དྲུག་པོ་འདི་ཉིད་ཕུར་གདབ་སོགས་བསྒྲལ་བ་ཀུན་གྱི་ཐོག་མཐའ་བར་གསུམ་དུ་མགོ་འདྲེན་གཞུང་སྲོང་མཇུག་སྡུད་ཀྱི་ཚུལ་དུ་འགྲོ་བ་ཡིན་ལ། གོང་དུ་སྤྱི་དོན་དུའང་ཅུང་ཟད་སྨོས་པ་ལྟར་དང་། འོག་ཏུའང་ཅུང་ཟད་འཆད་པར་འགྱུར་རོ། །གཉིས་པ་སྔགས་དོན་ནི། སྔགས་ཚན་བཅུ་གཉིས་ཀྱི་དང་པོ་གཉེན་པོ་སྟོབས་ཀྱི་ལྷའི་སྔགས་དྲུག་དང་། སྔགས་ཕྱི་མ་དྲུག་གི་གབ་པའི་སྔགས་དྲུག་ཡིན་ལ། ཧཱུྃ་པ་ར་བིདྱཱ་རིག་པའི་རྒྱལ་པོ། ཙྪིནྡྷ་ཙྪིནྡྷ་ཆོད་ཆོད། ཧཱུྃ་ཕཊ་ཀྱི་དོན་ནི་ཐམས་ཅད་ལ་རིགས་འགྲེ་བས་འོག་ཏུ་འཆད་ལ། འདིར་སྙིང་པོ་ངོས་གཟུང་གི། ཙྪིནྡྷ་ཞེས་པ་འཛིན་བྱེད་ཀྱི་སྙིང་པོ། བིནྡྷ་ཞེས་པ་བདག་བསྐྱེད་ཀྱི་སྙིང་པོ། གྲྀཧྞ་འཆིང་བྱེད་ཀྱི་སྙིང་པོ། བནྡྷ་ཞེས་པ་འབྱེད་བྱེད་ཀྱི་སྙིང་པོ། ཏྲཱ་ཤ་ཡ་འགུགས་བྱེད་ཀྱི་སྙིང་པོ། ཧ་ས་ཡ་ར་སྨྲ་བྱེད་ཀྱི་སྙིང་པོ། ཤཱི་གྷྲཾ་ཨཱ་ན་ཡ་འབེབས་བྱེད་ཀྱི་སྙིང་པོ། ཛྭ་ལ་པ་ཡ་གཟིར་བྱེད་ཀྱི་སྙིང་པོ། ཨཱ་བེ་ཤ་ཡ་དབང་དུ་སྡུད་པའི་སྙིང་པོ། བནྡྷ་ཡ་བཀའ་ཉན་བྱེད་ཀྱི་སྙིང་པོ། ཧཱུྃ་ཁྲོ་བོ་བཅུ་བསྐྱེད་དེ་བསྡུ་བ་དང་། ཕཊ་སྤྲོ་བའི་དོན་ཡིན་པར་བཤད་དོ། །བཞི་པ་གདབ་ཁའི་ལས་རིམ་གྱི་གཙོ་བོ་ཕུར་གདབ་བྱ་བ་ལ་གཉིས། བསྐུལ་བྱ་བ་དང་། སྔགས་ཙམ་གྱིས་གདབ་ལས་དངོས་བཤད་པའོ། དང་པོ་ནི། ཕོ་ཉ་བྲན་དག་མངགས་པའི་ཚོགས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །མངོན་སྤྱོད་ཇི་ལྟར་ངེས་པ་དང་། །མངོན་སྤྱོད་བྱིན་རླབས་དེ་བཞིན་མཛོད། །ཅེས་གསུངས་ཏེ། དེའང་ཚེ་ལུང་ཁྲུས་གསུམ་གྱི་དགོངས་པས་བརྟེན་པ་དབྱིངས་སུ་བསྒྲལ་བ་སྔོན་དུ་སོང་ནས། འདིར་རྟེན་གཞི་གཞོན་པ་ལ་ཕུར་བུ་སོ་སོའི་གདབ་ཁའི་ལས་བྱ་བ་སྟེ། དེ་ལ་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས། བླ་མ་རིག་འཛིན་གྲུབ་ཐོབ་བརྒྱུད་པའི་ཐུགས་དམ་དུས་ལ་བབ་པའི་ཚུལ་དུ་ཉེ་བར་བསྐུལ་ཏེ་མངོན་སྤྱོད་དྲག་པོ་གདབ་པའི་ལས་ཀྱི་དཔུང་གཉེན་དུ་གསོལ་བ་སྤྱི་སྔོན་དུ་བསྟན་པའམ་སོང་ཟིན་ནས། འདིར་ཡང་ཁྱད་པར་དུ་བསྐུལ་བའི་ཚིག་གི་དོན་ཙམ་ཐད་ཀར་བཀྲོལ་ན། དེའང་ཕོ་ཉ་ནི་གཙོ་བོ་ནས་རིམ་པར་སྤྲུལ་པའི་ཕོ་ཉ་རྣམས་ཀྱི་གང་དུ་མངགས་པའི་གནས་སུ་ཕྱིན་པར་འགྲོ་བའི་ཕྱིར་ཕོ་ཉ་ཞེས་འཁོར་ཐམས་ཅད་ལ་འཇུག་མོད། སྐབས་འདིར་ཕོ་ཉ་ཞེས་པ་གཙོ་བོར་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་ཉི་ཤུ་དང་བཅས་པ་ཡིན་ལ། བྲན་ཞེས་པའང་གཙོ་བོས་བཅོལ་བའི་ལས་རྣམས་བྱེད་པའི་ཕྱིར་བྲན་ཞེས་པ་སྤྱི་མིང་ཡིན་ཡང་། སྐབས་ཐོབ་ཀྱི་སྒོ་མ་བཞི་ཡིན་ལ། མངགས་པའི་ཚོགས་ནི་ཟབ་དང་གསོད་པར་བྱེད་པའི་ཁྲ་ཕྱག་དང་ཕོ་ཉ་སྤྲུལ་པ་ཡང་སྤྲུལ་ཉིད་སྤྲུལ་དང་བཅས་པའི་ཚོགས་ཏེ། མདོར་ན་ཕོ་ཉ་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གཉན་པོ་དེའི་ཐུགས་ལ་བབ་པས། སྔོན་དཔལ་ཆེན་པོའི་སྤྱན་སྔར་སྒྲུབ་པ་པོ་རྣམས་ཀྱི་མངོན་སྤྱོད་ཀྱི་ལས་ཀྱི་གྲོགས་བྱ་བར་ཁས་བླངས་པས་ཇི་ལྟར་ཐུགས་ལ་ངེས་པ་བཞིན་དང་། དམ་བཅས་པའི་དོན་མངོན་སྤྱོད་ཀྱི་ཕྲིན་ལས་འདིར་སྐད་ཅིག་ཀྱང་མི་ཐོགས་པ་མྱུར་དུ་འགྲུབ་པའི་བྱིན་རླབས་སྔར་རུ་དྲ་བསྒྲལ་བའི་གནས་སྐབས་སུ་ཆོ་འཕྲུལ་རོལ་པའི་ཐབས་མཁས་ཟབ་མོ་ཇི་ལྟར་མཛད་པ་དེ་བཞིན་དུ་མཛོད་ཅིག །ཅེས་བསྐུལ་པའོ། །གཉིས་པ་གདབ་ལས་དངོས་ཀྱི་དོན་ནི། ཧ་ན་ཧ་ན་བཛྲ། ཞེས་པ་ནས། པྲ་མརྡ་ནི་ཧཱུྃ་ཕཊ། ཅེས་པའི་བར་གྱིས་བསྟན་ཏེ། དེའང་རྒྱུད་ལས། ཁྲོ་བོ་བཅུ་ཡི་ཕུར་པ་ཡིས། །ལུས་ཀྱི་གནས་བཅུ་དག་ཏུ་གདབ། །སྒོ་མ་བཞི་ཡི་ཕུར་པ་ཡིས། །ལུས་ཀྱི་མཚོ་བཞི་དག་ཏུ་གདབ། །མི་བཟད་ཕུར་པ་དྲུག་པོ་ཡིས། །གནས་དྲུག་སྲོག་ལ་གདབ་པར་བྱ། །ཞེས་པའི་བསྟན་དོན་ལྟར་ཕུར་པ་ཉེར་གཅིག་གིས་གདབ་པའི་ཚུལ་གོང་དུ་སྤྱི་དོན་ས་བཅད་གསུམ་པའི་ཁོངས་སུ་བཤད་པ་ལྟར་ཤེས་པར་བྱ་ལ། འདིར་ཡང་སྔགས་དོན་དང་འབྲེལ་བར་ཅུང་ཟད་སྨོས་ན། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ནན། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཆེ་གེ་མོ་མཱ་ར་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་རྣམ་རྒྱལ་ཕུར་པ་མིག་གཉིས་ལ་གདབ། དེ་བཞིན་དུ་དེ་བཞིན་ཉིད་དོན་གྱི་དབུ་ནོན། ཀཱི་ལ་ཡ་སྔགས་ཀྱི་དབུ་ནོན། དུས་ལ་བབ་ཚིག་གི་དབུ་ནོན་བཅས་དབུ་ནོན་གསུམ་པོ་ཀུན་ལ་སྦྱར་དགོས་པས། ཀཱི་ལ་ཡའི་སྔགས་མཐར། ད་ཧ་ད་ཧ་བཛྲ་ཞེས་དབྱུག་སྔོན་ཅན་གྱི་ཕུར་བུ་སྣ་ལ་གདབ། པ་ཙ་པ་ཙ་བཛྲ་ཞེས་པས་གཤིན་རྗེའི་གཤེད་ཀྱི་ཕུར་པ་རྣ་བ་གཉིས་ལ་གདབ། མ་ཐཱ་མ་ཐཱ་བཛྲ་ཞེས་པས་མི་གཡོ་མགོན་པོའི་ཕུར་པ་ལྟེ་བ་ལ་གདབ། ཛྭ་ལ་ཛྭ་ལ་བཛྲ་ཞེས་རྟ་མགྲིན་གྱི་ཕུར་པ་ཡང་ལྕེ་ལ་གདབ། སུ་རུ་སུ་རུ་བཛྲ་ཞེས་པས་གཞན་གྱིས་མི་ཐུབ་པའི་ཕུར་པ་གསང་གནས་སུ་གདབ། མུ་རུ་མུ་རུ་བཛྲས་བདུད་རྩི་འཁྱིལ་པའི་ཕུར་པ་དཔུང་པ་གཡོན་ལ་གདབ། ཀ་ཊ་ཀ་ཊ་ཡེ། ཛ་ཡེ་བི་ཛ་ཡེ་བཛྲས་ཁམས་གསུམ་རྣམ་རྒྱལ་གྱི་ཕུར་པ་དཔྱི་ལ་གདབ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བཛྲས་ཧཱུྃ་ཀ་རའི་ཕུར་པ་སྤྱི་གཙུག་ཏུ་གདབ། མ་ར་སེ་ནྱ་པྲ་མརྡ་ནི་ཧཱུྃ་ཕཊ་ཅེས་པས་སྟོབས་པོ་ཆེའི་ཕུར་པ་རྐང་མཐིལ་དུ་གདབ་པ་དེ་དག་གིས་མི་དགེ་བ་བཅུ་རྩད་ནས་གཅད་པའི་ཕྱིར་དང་། སྒོ་མ་བཞིའི་ཕུར་པའང་ལྕགས་ཀྱུ་མའི་ཕུར་པ་གློ་བ། ཞགས་པ་མའི་ཕུར་པ་མཆིན་པ། ལྕགས་སྒྲོག་མའི་ཕུར་པ་ཨན་སྟོང་། དྲིལ་བུ་མའི་ཕུར་པ་ཀླད་པ་སྟེ་མཚོ་བཞི་ལ་གདབ་པ་ནི་ཚད་མེད་བཞི་དང་ལྡན་པར་བྱ་བའི་ཕྱིར་དང་། མི་བཟད་པའི་ཕུར་པ་སེང་ལྡེང་བྱ་རྒོད། མིའི་མཆོག་ཕུར། ཙནྡན། ལྕགས་ཕུར། སྐྱེར་བ་སྟེ་དྲུག་སྔགས་དྲུག་གིས་གནས་དྲུག་ལ་གདབ་པ་ནི་ཕ་རོལ་དུ་ཕྱིན་པ་དྲུག་ལྡན་དུ་བསྒྲུབ་པའི་དོན་ཡིན་ལ། གོང་དུ་གབ་པའི་སྔགས་དྲུག་བསྙེན་པའི་སྐབས་སུ་བཤད་པ་ལྟར་རོ། །ཐམས་ཅད་ཀྱི་མཇུག་ཏུ་སྲས་མཆོག་བཛྲ་འདུས་པའི་ཕུར་པ་སྙིང་དཀར་ནག་གི་མཚམས་སུ་གདབ་པ་ནི་ཚེ་ལུང་ཁྲུས་ལུང་གི་དགོངས་པ་གོང་དུ་བསྟན་པ་ལྟར་ཏེ། དེ་དག་ནི་རྒྱུད་ཀྱི་དགོངས་པས་འགྲེལ་ཆེན་འབུམ་ནག་ཏུ་བཤད་པ་ལྟར་གདབ་ཕུར་ཉི་ཤུ་རྩ་གཅིག་གིས་རྟེན་གཞི་སྒྲོལ་བའི་གདབ་ཁ་བསྟན་པ་ཡིན་ལ། གཞན་དུ་ན། སྲས་མཆོག་སྒོ་མ་ཁྲོ་མོ་བརྒྱད། །ཁྲོ་བོ་བཅུ་དང་ཁྲོ་མོ་གཉིས། །དམ་ཅན་ལ་སོགས་རིམ་བཞིན་ནོ། །ཞེས་པ་ལྟར་ཁོང་ཁྲའི་ལས་ཐུན་བརྡེག་པ། མཚོན་གྱིས་གཏུབ་པ། གཏུན་དུ་བརྡུང་བ་གསུམ་གསུམ་གྱིས་མཇུག་བསྡུས་པའི་གཙོ་སྲས་ཟུང་འབྲེལ་གྱི་ཕུར་པ་གནས་གསུམ་དུ་བཏབ་སྟེ་སྙིང་གར་གཞུག །དེ་ཕྱིན་ཆད་ཀྱི་ཕུར་གདབ་ཐམས་ཅད་མི་ལྡོག་པའི་ཕྲིན་ལས་མཐར་འབྱིན་གྱི་དོན་དུ་གཙོ་བོའི་གྲོགས་སུ་འདེབས་པ་སྟེ། སྒོ་མ་བཞིའི་ཕུར་པ་ཡན་ལག་གི་ཚིགས་བཞིར་བཏབ་སྟེ་ཁོང་ཁྲའི་ལས་གསུམ་གཏང་། ཡུམ་བརྒྱད་ཀྱིས་སྲིད་པ་ཆགས་རིམ་ནས་གདབ་ཅིང་གསོད་བྱེད་རྣམས་རང་རང་གི་གཡོན་དུ་གདབ་མཐར་ཁོང་ཁྲའི་ལས་གསུམ་གཏང་། ཁྲོ་བོ་བཅུའི་ཕུར་བུ་རིག་པའི་གནས་རིམ་ནས་གདབ་ཅིང་ཟ་བྱེད་རྣམས་རང་རང་གི་གཡས་སུ་གདབ་མཐར་ཁོང་ཁྲའི་ལས་གསུམ་གཏང་། སྟེང་འོག་ཏུ་ཡུམ་གཉིས་གསོད་བྱེད་དག་དང་བཅས་པ་དགེ་སྡིག་ཆ་སྙོམས་ནས་བཏབ་སྟེ་ཁོང་ཁྲའི་ལས་གསུམ་གཏང་། སུར་ཕུག་གམ་ཐལ་བྱུང་དུ་གདབ་པ་ཞེས་ནང་སྲས་བཞི། སྲས་མཆོག་ཉེར་གཅིག་རྣམས་གནས་ངེས་མེད་དུ་གདབ། དམ་ཅན་བཅུ་གཉིས་ལྷུ་བཅུ་གཉིས། གིང་བཞི་ཉིང་ལག་བཞི། དབང་ཕྱུག་གཉེར་བརྒྱད་བདུན་ཚད་བཞིར་བགོས་ལ་མཐིལ་བཞི། གཞན་རྣམས་ཀྱང་གནས་ངེས་མེད་དུ་གདབ་སྟེ་མཐའ་སྡུད་ཁོང་ཁྲའི་ལས་རྒྱས་པར་གཏང་བ་ནི། མན་ངག་ལག་ལེན་དུ་བསྡེབས་པའི་གནད་ཡིན་ལ། ཐུན་མོང་ཐུན་མིན་གྱི་གཏུན་བརྡུང་། ཞལ་བསྟབ་སོགས་འདིའི་ཁོངས་སུ་འགྲོ་དགོས་པ་ཡིན་ཀྱང་། རྒྱུད་ཀྱི་བཞུགས་ཚུལ་ཐད་ཀར་བཤད་པའི་སྐབས་སུ་བབ་པས་འོག་ཏུ་འབྱུང་ངོ་། །ལྔ་པ་གདབ་པའི་ཁ་ཚར་རྣམས་ཀྱིས་རྟེན་གཞི་བག་ཆགས་ཀྱི་གཟུགས་ཕུང་བསྒྲལ་བ་ལ་གསུམ། མཚོན་ཆས་གཏུབ་པ། གཏུན་བརྡུང་། ཞལ་བསྟབ་བོ། །དང་པོ་ནི། རྡོ་རྗེ་གསང་བའི་སོགས་ནས། ཧཱུྃ་མ་མ་པ་ཤཱཾ་ཀུ་རུ། ཞེས་པའི་བར་གྱིས་བསྐུལ་བསྟན་ཏེ། ཚིག་གི་དོན། རྡོ་རྗེ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་སྐྱེ་འཇིག་མེད་པ་ཡིན་ལ། དོན་དེ་རྟོགས་པར་དཀའ་ཞིང་ཕལ་གྱི་སྤྱོད་ཡུལ་མ་ཡིན་པར་གསང་བའི་སྟེ་ཐེག་པ་ཆེན་པོའི་བཀའ་འམ་ལུང་ཕྱིན་ཅི་མ་ལོག་པ་མཆོག་གི་ཡུལ་དམ་པ་འདི་ལས་ནི། མཚམས་མེད་ལྔ་ལ་བདོ་བའི་སྡིག་ཅན་གནོད་བྱེད་གང་ཞིག་རྒྱལ་བའི་བཀའི་ར་བ་ལས་འདའ་བར་བྱེད་པའི་བསྒྲལ་བའི་ཡུལ་དུ་གྱུར་པ་རྣམས། ཡེ་ཤེས་ཀྱི་ལྷ་ཚོགས་ཁམས་གསུམ་དབང་དུ་བྱེད་པའི་མཐུ་དང་། སྲིད་གསུམ་ཟིལ་གྱིས་གནོན་པའི་སྟོབས་ཆེན་པོ་དང་ལྡན་པའི་ཁྲོ་བོ་ཆེན་པོ་བཅུ་ལ་སོགས་པ་ཡིས། མགོ་བོའམ་ཀླད་པ་ཚལ་པ་བརྒྱ་ལ་སོགས་པ་རུ་གྱིས་ཤིག །དེ་བས་ན་བདག་ཅག་ལ་ཉོན་ཅིག་དང་གནོད་ཅིང་བར་དུ་གཅོད་པའི་བགེགས་དང་། མདོར་ན་ཡང་དག་པའི་ལམ་ལས་ལོག་པར་འདྲེན་པའི་ཚོགས་ཞེས་བོས་ནས། རྡོ་རྗེ་གཞོན་ནུ་ང་ཡིས་བཀའ་བསྒོས་པ་ལས་འདའ་བར་མ་བྱེད་ཅིག །ཅེས་དང་། སྔགས་དོན་ནི། བདག་གི་དབང་དུ་གྱུར་ཅིག །ཅེས་བསྐུལ་བ་དང་བཅས་ཏེ་ཐུན་གྱི་ཆར་དབབ། མཚོན་ཆ་སྒྲོལ་གྲི་མཐུ་སྟོབས་ཀྱི་རྣོ་དབལ་ངར་དང་ལྡན་པ་ཐུགས་རྗེ་ཡེ་ཤེས་ཀྱི་མེ་འབར་བས་གཟུགས་ཀྱི་ཕུང་པོ་མ་དག་པའི་ཆ་ཤས་ཤུལ་དུ་ལྷག་པ་དེ་མགོ་ནས་བརྩམས་ཡན་ལག་ལྔ་གཡོན་སྐོར་གྱི་ཚུལ་དུ་གཅད ། མཐར་ཁོག་པ་ཁ་ཕྱེས་ཏེ་དུམ་བུ་སྟོང་དུའང་གཏུབས་ཏེ་སིལ་བུར་གཏོང་བའོ། །གཉིས་པ་གཏུན་བརྡུང་ལ་བསྐུལ་དང་། བརྡུང་བ་དངོས་སོ། །དང་པོ་ནི། གདུག་ཅིང་སྡང་སེམས་སོགས་ནས། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། ཅེས་པའི་བར་གྱིས་བསྟན། དེའང་གང་བསྒྲལ་བར་བྱ་བའི་ཡུལ་དུ་གྱུར་པ་ལུས་ངག་གདུག་ཅིང་ཞེ་སྡང་གི་སེམས་དང་ལྡན་པའི་བར་དུ་གཅོད་པའི་བདུད་རྣམས་གསོད་པར་གྱིས་ཤིག །དེས་ན་ནག་པོའི་ཕྱོགས་སུ་གྱུར་པའི་ལྷ་མིན་ནམ། འོན་ཏེ་ལྷ་ཡིན་ཀྱང་རུང་སྒྲུབ་པ་པོ་ང་ལ་བར་དུ་གཅོད་པར་བྱེད་པ་པོ་རྣམས་ཀྱི་སྒོ་གསུམ་ལོག་པའི་མཐུ་དང་། ཅིར་ཡང་སྟོན་པའི་རྫུ་འཕྲུལ་ཐམས་ཅད་མེད་པར་མཛོད་ཅིག །ཅེས་བསྐུལ་བའོ། །སྔགས་དོན་ནི་གོ་སླའོ། །གཉིས་པ་ལ་གཏུན་བརྡུང་ཐུན་མོང་བ་དང་། ཐུན་མིན་མཁའ་གསང་སྦྱོར་བའི་གཏུན་བརྡུང་གཉིས་ལས། དང་པོ་ནི། རྡུངས་ཤི་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་ཡིས་སྙིང་བསྲེགས་ནས། །ལུས་སེམས་རྡུལ་བཞིན་བརླག་པར་མཛོད། །ཅེས་པས་བསྟན། དེའང་གང་བརྡུང་ན། དགྲ་བགེགས་དེ་ཉིད་ཀྱི་གཟུགས་ཕུང་མཚོན་གྱིས་གཏུབས་པ་དེ་ཉིད་རྡུངས་ཤིག །ཇི་ལྟར་རྡུང་བར་བྱེད་པའི་ཚུལ་ནི། རྡོ་རྗེ་འབར་བའི་གཏུན་ཞེས་པ་ནི་ཐོ་བ་སྟེ། སྒྲུབ་པའི་རིག་འཛིན་དང་རྡོ་རྗེ་གཞོན་ནུའི་བཀའ་ལས་འདའ་བར་བྱེད་པའི་སྡིག་ཅན་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་ལ་སོགས་པར་སྤྱོད་པར་བྱེད་པ་རྣམས་ལ་སོགས་ཏེ། ཉམས་པའི་མཚན་ཉིད་བདུན་ནམ། བསྒྲལ་བའི་ཞིང་བཅུར་གྱུར་པའི་སྡིག་པ་ཅན་མ་ལུས་པ་རྣམས་རྡོ་རྗེ་ཐོ་བ་དེས་བརྡུངས་པས། རྡོ་རྗེེ་ཐོ་བ་དེ་ལས་མཐུ་སྟོབས་རྫུ་འཕྲུལ་གྱི་མེ་ཆར་དྲག་པོས་སྡིག་ཅན་གང་ཞིག་གི་རྣམ་ཤེས་ཀྱི་སྙིང་པོའི་དྲི་མ་རྟེན་གཞི་ཕུང་པོའི་ལྷག་མ་དང་བཅས་པ་བསྲེགས་ནས། ལུས་སེམས་ཐམས་ཅད་རྡུལ་ཕྲན་བཞིན་དུ་ཐལ་བར་བརླག་པར་མཛོད་ལ། དྲི་མ་མེད་པའི་སེམས་ཆོས་ཉིད་མཉམ་ཡངས་གདལ་བ་ཆེན་པོར་སྒྲོལ་ཞིག །ཅེས་པའོ། །གཉིས་པ་ཐུན་མིན་མཁའ་གསང་སྦྱོར་བའི་གཏུན་བརྡུང་ནི། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། ཁ་ཏཾ་ཁ་ཏཾ་ཁ་ཏཾ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཅེས་པས་བསྟན། དེའང་ཐབས་ཤེས་ཡབ་ཡུམ་སྦྱོར་བའི་སྒོ་ནས་ཡུམ་ཁྲོ་མོ་འབར་བའི་བྷ་ག་ཆོས་ཀྱི་དབྱིངས་ཀྱི་གཏུན་ཁུང་དུ། ཡབ་ཁྲོ་བོ་འབར་བའི་གསང་བ་རིག་པ་ཡེ་ཤེས་ཀྱི་རྡོ་རྗེའི་ཐོ་བས་མཁའ་གསང་ཐབས་དང་ཤེས་རབ་མཉམ་པར་རོལ་པའི་ཀློང་དུ་དག་མཉམ་དགོངས་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་དབྱིངས་སུ་བརྡུངས་པར་བྱས་ནས། བར་གཅོད་ཀྱི་བྱེད་པོ་ལྷ་ཡིན་ཀྱང་རུང་སྟེ་རྡུལ་ཕྲན་ཕྱེ་མར་བྱས། རྣམ་ཤེས་སངས་རྒྱས་ཀྱི་སྲས་སུ་བསྒྲལ་བར་བྱ་བ་ཡིན་ནོ། །སྔགས་ཀྱི་དོན་ནི། ཁ་ཏཾ་རྣམ་པ་གསུམ་བྱུང་བའི་དགོངས་པ་ནི་དང་པོས་སྣང་སྲིད་དངོས་པོ་ཁྲོ་བོ་དང་ཁྲོ་མོའི་རང་བཞིན། གཉིས་པས་ཁྲོ་མོ་རྣམས་ཀྱི་ཨེ་ཆོས་འབྱུང་གྲུ་གསུམ་ཐར་པ་ཆེན་པོའི་དབྱིངས་ཀྱི་གཏུན་ཁུང་དུ་བསྒྲལ་བྱའི་ཕུང་པོ་གནས་པ་ལ། ཁ་ཏཾ་གསུམ་པས་ཁྲོ་བོ་རྣམས་ཀྱི་རིག་པ་ཡེ་ཤེས་ཀྱི་རྡོ་རྗེ་ཐོ་བས་བརྡུངས་ཏེ་བྱང་ཆུབ་སེམས་ཀྱི་མེ་ལྕེ་དྲག་ཏུ་འཕྲོས་པས་དགྲ་བགེགས་ཀྱི་དེ་བཞིན་གཤེགས་པ་ལྔ་དང་སྤྱན་སོགས་ཡུམ་ལྔ་བསྲེགས། དབྱིངས་དང་ཡེ་ཤེས་རོ་གཅིག་ཏུ་བྱས། བརྡུངས་པའི་ཤ་ཁྲག་གིས་ཁམས་གསུམ་གང་བ་ལ་ཧཱུྃ་གསུམ་གྱིས་དུག་གསུམ་བསྡུས། ཕཊ་གསུམ་གྱིས་དཀྱིལ་འཁོར་གསུམ་གྱི་ཁྲོ་བོའི་སྤྲུལ་པས་སྟོང་གསུམ་གང་བར་བྱེད་པའི་དོན་དུ་འཆད་པ་ཉིད་དོ། །གསུམ་པ་གབ་པའི་སྔགས་དྲུག་ལས། གཅིག་ཀུན་གྱི་མཇུག་ལ་གདགས་པ་ནི་ཞལ་བསྟབ་སྟེ། བཛྲ་ཡཀྵ་ཀྲོ་དྷཱ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧ་ཧ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཅེས་པ་སྟེ། བཛྲ་ཡཀྵ་ཀྲོ་དྷཱ་ཞེས་པས་ཁྲོ་བོ་གནོད་སྦྱིན་ཞེས་བོས་ནས། ཁ་ཁ། ཁཱ་ཧི་ཁཱ་ཧི་ཞེས་པས་དཀྱིལ་འཁོར་གྱི་ལྷ་ལ་སྤྱི་བསྟབ་པ་སྟེ། དེ་ལྟར་ཕུལ་བས་ཤ་ཁྲག་རུས་གསུམ་ལྷག་མ་ཏིལ་འབྲུ་ཙམ་ཡང་མེད་པར་ཁྲོ་བོ་ཁྲོ་མོ་སྤྲུལ་པ་དང་བཅས་པ་དེ་རྣམས་ཀྱིས་གསོལ་ཏེ་མཉམ་ཉིད་བདེ་ཆེན་ཡངས་པའི་ཞལ་གྱི་ཧོམ་ཁུང་དུ་བསྲེགས། ཐུགས་དགྱེས་པས་ཧ་ཧ་ཞེས་སྟོང་གསུམ་གང་བའི་ཁྲོ་བོའི་གད་རྒྱངས་འབྲུག་ལྟར་སྒྲོགས་པ་དང་བཅས་ཏེ་ལྷག་མེད་དུ་རོལ་ནས། དངོས་གྲུབ་སྩལ་ཏེ་ཧཱུྃ་ཧཱུཾ་ཞེས་དཀྱིལ་འཁོར་གསུམ་པོ་འོད་གསལ་བདེ་བ་ཆེན་པོའི་ཀློང་དུ་ལྟིམ་གྱིས་ཞུ། དེའི་ངང་ལས་ཕཊ་ཕཊ་ཀྱི་སྒྲས་སྣང་ཆ་ཆོས་ཉིད་བདེན་པ་དཀྱིལ་འཁོར་གསུམ་གསལ་བར་སད་པའི་དོན་ཏོ། །དེ་དག་ནི། རྒྱུད་ལས། རྡོ་རྗེ་ཁྲོ་བོ་འབར་བ་དང་། །རྡོ་རྗེ་ཟ་བྱེད་སྲིན་པོ་དང་། །རྡོ་རྗེ་གནོད་སྦྱིན་ཞལ་གདངས་པར། །མཚན་མའི་དངོས་པོ་བསྟིམ་པར་བྱ། །ཞེས་གསུངས་པའི་དོན་རྟེན་དང་བརྟེན་པའི་དངོས་པོ་ཐམས་ཅད་སྤྲོས་མེད་བདེ་ཆེན་ཆོས་ཀྱི་དབྱིངས་སུ་བཙན་ཐབས་སུ་སྟིམ་པར་བྱེད་པའི་ཐབས་མཁས་རྨད་དུ་བྱུང་བ་སྟེ། དགྲ་བགེགས་བསྒྲལ་བའི་ལས་རིམ་དངོས་མདོ་ཙམ་བཤད་ཟིན་ཏོ། །རྩ་བའི་ས་བཅད་གཉིས་པ་མཐར་ཕྱིན་གསུམ་གྱི་བྱ་བ་ནི། ཆོས་ཉིད་ཀྱི་བདེན་པའོ། །ཞེས་པ་ནས། འདི་བརྗོད་པར་བྱའོ། །ཞེས་པའི་བར་གྱིས་བསྟན། འདི་ལ་གསོ་བའི་དུས། གསོ་བའི་ཡུལ། གསོ་བའི་དགོས་པ། གསོ་བའི་ཐབས་གསུམ་ལས། དང་པོ་ནི། བསྒྲུབ་བྱ་དམིགས་སུ་བསལ་བ་ལ་དྲག་ལས་བརྩམ་པའི་དུས་ཡིན་ན། ལས་ནམ་གྲུབ་པ་དང་གདོད་གསོ་བར་བྱའི། ལས་མ་གྲུབ་པར་གསོ་བར་སྔས་ན་ལས་མྱུར་དུ་མི་འགྲུབ་པའི་རྒྱུ་ཡིན་པར་གསུངས་སོ། །བསྒྲུབ་བྱ་དམིགས་བསལ་མེད་ན་ཕུར་བུ་བཏབ་པའི་རྗེས་ཉིད་ལ་གསོ་བའོ། །གཉིས་པ་ཡུལ་ནི་གསུམ་སྟེ། བདག་གསོ་བ། ཕུར་བུ་གསོ་བ། གཟས་པ་པོ་གསོ་བའོ། །གསུམ་པ་དགོས་ཆེད་ཀྱང་གསུམ་སྟེ། བདག་གསོ་བ་ནི། དྲག་པོའི་ལས་ཀྱི་རྣམ་སྨིན་རྒྱུད་ལ་མི་གོས་པར་བྱ་བའི་ཆེད་དོ། །ཕུར་བུ་གསོ་བ་ནི། ཕྱག་རྒྱའི་ལྷ་རྣམས་གཟིར་མནན་གྱིས་དམེ་བའི་ལས་ལ་སྦྱར་བས་བསོད་ནམས་ཀྱི་དོན་དུ་མི་རུང་ཕྱིར་བཟོད་པར་གསོལ་བའོ། །གཟས་པ་པོ་གསོ་བ་ནི། སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པས་བསྒྲལ་བྱ་རྣམས་ལ་ཕན་གདགས་ཤིང་བསྐྱབ་པར་བྱ་བའི་ཕྱིར་རོ། །གསོ་བའི་ཐབས་ལའང་གསུམ་སྟེ། ལས་དང་བྱ་བས་གསོ་བ་ནི། ཀཱི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ་ལས་འབྱུང་བའི་ཆོ་ག་ཞིབ་མོ་ལྟ་བུའོ། །མན་ངག་གིས་གསོ་བ་ནི། དམིགས་བྱ་ཕུར་བུ་བདག་གསུམ་གྱི་བྱང་ཆུབ་ཀྱི་སེམས་ལྗང་དམར་མཐིང་གའི་འོད་རྣམ་པ་གསུམ་དབྱེར་མེད་འོད་ཀྱི་ཐིག་ལེ་གཅིག་ཏུ་བསྡུས་ལ་མི་དམིགས་པ་སྦྱོང་བའི་མན་ངག་རིག་པ་མཆོག་གི་རྒྱུད་ལས་གསུངས་པ་ལྟ་བུའོ། །འདིར་ཕྲིན་ལས་རྡོ་རྗེ་གཞོན་ནུ་ཉིད་ནས་གསུངས་པའི་ཏིང་ངེ་འཛིན་གྱི་གསོ་བའི་ཚིག་འདི་ཉིད་ལྟར་ན་གསུམ་ལས། བདག་གསོ་བ་ནི། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་རླབས་ཀྱིས་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་མཐུར་འགྱུར་རོ། །བརྣག་པ་དེ་ཁོ་ན་ཉིད་དོ། །ཞེས་བསྐུལ་ནས་ཀཱི་ལ་ཡ་བརྒྱ་རྩ་བརྒྱད་བཟླས་པས་སྔར་བཏབ་པའི་ཕུར་བུའི་ཁྲོ་བོ་དེ་རྣམས་ཡེ་ཤེས་ཀྱི་འོད་ཟེར་གོང་བུའི་རྣམ་པར་གྱུར་པ་ཚུར་འདུས་བདག་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་སྟེ་རང་ཉིད་གདོད་ནས་ལྷར་གསལ་བ་དེའང་སྐུ་ཆེ་ལ་ཡན་ལག་རགས་པས་ཆེ་བཙན་འགྲན་ཟླ་དང་བྲལ་བར་གྱུར་བའོ། །ཕུར་བུ་གསོ་བ་ནི། གསོ་ཕུར་དང་སྔར་བཏབ་པའི་སྲས་མཆོག་ཕུར་བུ་གཉིས་ཀྱི་དབལ་ནས་བཟུང་སྟེ་ཀཱི་ལ་ཡ་ལན་ཉེར་གཅིག་བཟླས་ཤིང་ཀླད་ལ་ལན་གསུམ་བསྐོར་བས་ཁམས་གསུམ་ཕུར་བུས་གང་། དེ་ཐམས་ཅད་སླར་འདུས་པས་སྟོད་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ། སྨད་ཕུར་བུའི་རྣམ་པ་ཅན། སྐུ་རི་རབ་ལྟར་བརྗིད་ཅིང་ཆེ་བ་ལས་ཡེ་ཤེས་ཀྱི་མེ་འབར་ཞིང་འུར་སྒྲ་དྲག་པོ་སྒྲོགས་པས་ལྷ་རྣམས་ལ་ཉེས་པས་མི་གོས་ཤིང་གཟི་བྱིན་དང་ལྡན་པར་གྱུར་པའི་དགོངས་པའོ། །གཟས་པ་པོ་གསོ་བ་ནི། སླར་ཡང་ཡེ་ཤེས་པ་བཅུག་པའི་ཕུར་བུ་བསྒྲིལ་ཞིང་ཀཱི་ལ་ཡ་ལན་བཅོ་བརྒྱད་བཟླས་ཏེ། དམིགས་ཡུལ་གྱི་སྙིང་དཀར་ནག་གི་མཚམས་སུ་བཏབ་པས་ཕུར་བུའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་གཟས་པོའི་ཁམས་བཅོ་བརྒྱད་ཀྱིས་མཚོན་པའི་ལས་དང་ཉོན་མོངས་པའི་དྲི་མ་ཐམས་ཅད་དག་ནས་སེམས་ཉིད་རྡུལ་བྲལ་དྭངས་མའི་ཐིག་ལེ་ཡི་གེ་ཨའི་རྣམ་པར་གསལ་བར་གྱུར་པ། ཧཱུྃ་ཧཱུྃ་ཧཱུྃ་གིས་བདག་གི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་སྲོག་འོད་བ་ཐག་གཟེང་བ་ལྟར་སྤྲོས་པའི་རྟ་ལ་ཨ་ཡིག་བསྐྱོན། ཧོ་ཧོ་ཧོ་ཞེས་པས་འོག་མིན་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྦྱོར་མཚམས་སུ་ཐིམ་པར་གྱུར་པ་དང་། སླར་ཡང་ཀཱི་ལ་ཡ་ལན་བརྒྱ་རྩ་བརྒྱད་བཟླས་ནས་ཕཊ་ཕཊ་ཕཊ་ཀྱིས་རྣམ་ཤེས་ཨར་གསལ་བ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་པས་དབྱེར་མེད་དུ་བྱང་ཆུབ། སླར་དབུ་མའི་ལམ་བརྒྱུད་གསང་བ་ནས་ཡུམ་གྱི་མཁར་བབས། གཞན་དོན་གཟུགས་སྐུ་རྡོ་རྗེ་སེམས་དཔའི་སྲས་ཀྱི་ཐུ་བོར་སྣང་ནས་འགྲོ་བའི་དོན་བྱེད་པར་གྱུར་པའི་ཕྲིན་ལས་ཀྱི་ཐབས་མཁས་གསང་བ་ཟབ་མོའི་གནས་ཀྱི་མན་ངག་གི་ངེས་པ་འདི་ལྟ་བུ་བརྗོད་པར་བྱའོ། །ཞེས་སོ། །དེ་ནི་གནས་ལུང་དཔྱང་ཐག་གི་ཆོ་ག་ཐུགས་རྗེ་རྗེས་འཛིན་གྱི་ཕུར་གདབ་ཅེས་ཀྱང་གསུངས་པ་ཡིན་ཏེ། འདི་དག་གི་དོན་མདོ་ཙམ་སྙིང་པོར་དྲིལ་ཏེ་བརྗོད་པ་ཡིན་ལ། དོན་ཞིབ་མོར་ཕྱེ་སྟེ་བཤད་དུ་རུང་ཡང་ཡི་གེས་འཇིགས་སོ། །དེ་དག་གིས་རྒྱུད་ཀྱི་དངོས་བསྟན་ཡོངས་སུ་རྫོགས་པ་བཤད་ཟིན་ནས། རྩ་བའི་དུམ་བུའམ་ས་བཅད་གསུམ་པ་འཕྲོས་དོན་བཤད་པས་མཇུག་བསྡུ་བ་ལ། མནན་སྲེག་འཕང་གསུམ་གྱིས་ལས་ཀྱི་མཇུག་བསྡུ་ཞེས་གསུངས་པའི་ཁོག་དོན་གྱི་དགོངས་པས། སྤྱིར་སྔགས་ཀྱི་ཕྲིན་ལས་ཕལ་ཆེ་བ་སྲུང་ཟློག་བསད་གསུམ་དུ་འདུ་བ་ཡིན་པས། དེས་ན་སྲུང་བའི་མཐའ་སྡུད་མནན་གཏད། ཟློག་པའི་མཐའ་སྡུད་འཕང་བ་ཟོར། བསད་པའི་མཐའ་སྡུད་སྲེག་པ་ཧོམ་གྱི་གཟེར་ཁ་སྟེ་གསུམ་དུ་མཆིས་པའི། །དང་པོ་མནན་གཏད་ནི། དཔེར་ན་ཡུལ་དུ་འཇིགས་པའི་དགྲ་ཇག་གི་རྣམ་པར་འཚེ་བ་མི་འབྱུང་བར་བྱ་བའི་མེལ་ཚེ་བྱས་ནས། མཐར་དགྲ་དེ་ལག་ཏུ་ཟིན་ན་ལྡང་བ་མེད་པའི་ཁྲི་མུན་དམ་པོར་བཅུག་པ་ཇི་བཞིན་དགྲ་བགེགས་ཀྱི་གནོད་འཚེ་ལས་རྒྱལ་བའི་སྲུང་བའི་རིམ་པ་མང་དུ་བྱས་པའི་མཐར། དེ་དག་ཀུན་ཏུ་ལྡང་མེད་མནན་གཏད་ཀྱི་རྒྱས་གདབ་པས་མཐའ་བསྡུ་བར་བྱ་དགོས་པའི་ཕྱིར་རོ། །དེའང་གསང་སྔགས་ཀྱི་གཞུང་རེ་རེའི་རྗེས་སུ་འབྲངས་ནས་རང་རང་གི་ལུགས་མང་ཡང་། སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སོགས་གྲུབ་པའི་རིག་འཛིན་ཆེན་པོ་དག་གི་དགོངས་པའི་དབང་དུ་བཏང་ན། ཟས་སྐལ་དུ་གཏད་པ། དགྲ་སྐལ་དུ་གཏད་པ། གྲོགས་སྐལ་དུ་གཏད་པ། དེ་རེ་རེ་ལའང་བརྐུས་ཏེ་གཏད་པ། བྲིད་དེ་གཏད་པ། གཟིར་ཏེ་གཏད་པ། དེ་དག་རེ་རེར་ཡང་འཇམ་གཏད་དང་། རྩུབ་གཏད། ནོར་བུ་ལུགས་སུ་གཏད་པ་གསུམ་རེའི་དབྱེ་བ་དང་བཅས་པ་ཡོད་ལ། སྤྱིར་མནན་གཏད་ལ་གྲིབ་མ། དྲི་མ། ཁ་རླངས་ཏེ་མི་གཏོང་བ་གསུམ། མན་ངག་དང་ལྡན་ན་དགྲ་ཕུང་། སྲུང་བ་མེད་ན་རང་ཕུང་། དུས་ཚོད་མ་ཤེས་ན་རྫས་ཕུང་བ་སྟེ་ཕུང་བ་གསུམ། གཏད་ལམ་བསྟན་པ། གཏད་དམག་དྲང་བ། གཏད་ལོག་གཏད་པ་སྟེ་གདམས་པ་གསུམ། མཚོ་དང་། ཆུ་མིག །སྐམ་ས་གསུམ་སྟེ་གཞུག་ས་གསུམ། འཚོ་ལའང་ལྐུགས་པ་ཁ་མེད་གནམ་གྱི་མཚོ། ལོང་བ་མིག་མེད་སའི་མཚོ། སྨྱོན་པ་རྭ་མེད་ཤིང་གི་མཚོ་གསུམ། ཆུ་མིག་ལའང་ནག་པོ་རལ་གཅིག་ནགས་ཀྱི་ཆུ། དམར་པོ་གཏིང་ཁྲོལ་བྲག་གི་ཆུ། འབྲས་བུ་རྭ་སྔོན་དར་གྱི་ཆུ་སྟེ་གསུམ། སྐམ་ས་ལའང་རྒྱལ་མཚན་ནམ་མཆོད་རྟེན་གྱི་རྩ། འབྲང་གི་རྭ་དབྲག །སྟག་གི་འཛུམ་ལ་གཏད་པ་སྟེ་གསུམ། སྤྱན་དྲང་བ། གཤགས་གདབ་པ། མནའ་དགག་པ་སྟེ་གཅེས་པ་གསུམ། མ་མོ་ལ་གཏད་པ། གཤིན་རྗེ་ལ་གཏད་པ། བདུད་ལ་གཏད་པ། བཙན་ལ་གཏད་པ། གནོད་སྦྱིན་ལ་གཏད་པ། ཀླུ་ལ་གཏད་པ་སོགས་གང་ལ་གཏད་པའི་ཡུལ། དེ་དག་སོ་སོ་དང་འཚམས་པའ་ིགང་དུ་མནན་པའི་ས། ནམ་མནན་པའི་དུས་ཚོད། དགྲ་བགེགས་ཀྱི་མིང་རུས་ལིངྒ་བྲི་ཐབས་དང་། རྒྱལ་རིགས་སྤྱང་ཀིའི་ཐོད་པ། བཙུན་པ་དང་རྗེའུ་རིགས་གླང་ཐོད། སྔགས་པ་རབ་ཆད་ཀྱི་ཐོད་པ་སོགས་དེ་དང་དེར་བསྔགས་པའི་མནན་ཐོད་སོ་སོར་གྲུབ་ནས། རིམ་པ་དགུས་མནན་ཏེ། ལྷ་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གྱི་རྒྱས་གདབ་ཅིང་། ལས་བཞིའི་བྲོས་སྦྱོང་བར་བྱས་པས་དགྲ་བགེགས་དམ་སྲི་གང་ཡིན་དེ་དག་ནམ་ཡང་ལྡང་བའི་ནུས་པ་མེད་པར་མི་ལྕགས་སུ་བཅུག་སྟེ་བཙོན་དུ་འཆིང་བ་ཇི་ལྟར་ནམ་ཞིག་གནོད་པའི་སེམས་ཞི་བ་དང་ཐར་པའི་གོ་འཕང་ལ་སྦྱོར་བར་བྱེད་པའི་ཐབས་ཤིག་གོ། །གཉིས་པ་བསྲེག་པ་ནི། དཔེར་ན་གནོད་པའི་དགྲ་ཞིག་གཡུལ་སྤྲད་ནས་ལག་ཏུ་ཟིན་པའི་ཚེ་བསད་ནས། སླར་གཟུགས་ཕུང་ཡང་མེ་ཆུར་སྦྱངས་ཏེ་མེད་པར་བྱེད་པ་ལྟར། བསད་པའི་མངོན་སྤྱོད་ཀྱི་སྲོག་ཕྲོགས་པར་བྱས་པ་དེའི་གཟུགས་ཀྱི་ཕུང་པོ་དང་བཅས་པ་མེ་ལྷ་ཡེ་ཤེས་པའི་ཞལ་གྱི་ཧོམ་རབ་ཏུ་འབར་བའི་ཀློང་དུ་བསྲེགས་པར་བྱས་པས་བསད་པའི་མཐའ་སྡུད་ཀྱི་ལས་ཀྱི་གཟེར་ཁ་ཡིན་ལ། སྤྱིར་ནད་གདོན་སྡིག་སྒྲིབ་སོགས་ཞི་བའི་སྦྱིན་སྲེག །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡེ་ཤེས་སོགས་རྒྱས་པའི་སྦྱིན་སྲེག །ཁམས་གསུམ་སྲིད་གསུམ་རླུང་སེམས་སྣང་བ་སོགས་དབང་དུ་བྱེད་པའི་སྦྱིན་སྲེག །དགྲ་བགེགས་གནོད་བྱེད་འགལ་རྐྱེན་བར་ཆད་སོགས་ཟློག་པ་དྲག་པོའི་སྦྱིན་སྲེག་སྟེ། སོ་སོའི་ཐབ་ཁུང་། བསྲེག་རྫས། ཏིང་འཛིན། དུས་ཚོད། བསྡམ་པ། ཆས་གོས། འདུག་སྟངས་སོགས་རྒྱུད་དང་མན་ངག་གི་ངེས་པས་གསལ་ལ་རྒྱས་པའི་སྤྲོས་པ་མང་དུ་ཡོད་ཅིང་། འདིར་ནི། རྡོ་རྗེ་མེ་ཡིས་སྙིང་བསྲེགས་ནས། །ཞེས་པའི་རྒྱུད་ཚིག་གིས་བསྲེག་པ་མེའི་སྦྱོར་བ། དེ་ལས་ཀྱང་གསང་བའི་མཐའ་སྡུད་དྲག་པོ་ཧོམ་གྱི་ལས་གཙོ་བོར་བསྟན་པར་བཞེད། ཐབ་ཁུང་སོགས་ཀྱི་མཚན་ཉིད། གསང་རྒྱུད་ལས། འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ལོག་པརལྟ་བའི་གདུག་པ་ཅན། །མངོན་སྤྱོད་ཧོམ་ནི་སྤར་བར་བྱ། །ནག་པོའི་དཀྱིལ་འཁོར་གྲུ་གསུམ་ལ། །ངོས་རེར་སོར་ནི་ཉི་ཤུ་བྱ། །སོགས་དང་། ལུས་གནག་ཁྲོས་པས་ལྷོ་ཕྱོགས་བལྟ། །སྐྲ་ནི་སྤྱི་བོར་བཅིངས་ནས་སུ། །ལུས་ལ་ཐལ་བ་ཆེན་པོར་བྱུག །ཁྲོས་པའི་སེམས་ཀྱིས་ལེངྒ་བསྲེག །སངས་རྒྱས་ཉིད་ཀྱང་འཆི་བར་འགྱུར། །ཞེས་དང་། སྡོང་པོ་མེ་རེག་ཤིང་ཤུན་ལ། །གཟུགས་བརྙན་བྱས་ལ་དགུག་གདབ་བྱ། །ཐ་མ་དུག་གི་མེ་ལ་བསྲེག །ཚངས་པའི་ཚེ་དང་ལྡན་པ་ཡང་། །སྐད་ཅིག་གིས་ནི་འཆི་བར་འགྱུར། །ཞེས་དང་། ནག་པོ་ཤིང་གི་ཤུན་ལྤགས་ལ། །མཚན་མ་མིང་དུ་བཅས་པ་བྲིས། །མེ་དེ་ལ་ནི་བསྲེགས་པ་ནི། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། །ཞེས་སོགས་ལས་དྲུག་ཚང་བའི་སྒོ་ནས་བསྲེག་པ་དང་། དྲག་པོའི་བསད་ཐབས་དགུ་ལ་སོགས་པས་ཀུན་རྫོབ་མཚན་མ་རྫས་ཀྱི་རྟེན་འབྲེལ་གྱི་མཐུ་དང་ནུས་པས་བསྒྲལ་བྱའི་སྲོག་མྱུར་དུ་འཕྲོག་ཅིང་། དོན་དམ་ཡེ་ཤེས་མེ་ལྕེ་འབར་བའི་ཞལ་གྱི་ཧོམ་དུ་མ་དག་ལྔ་ཕུང་གི་ཚོགས་ཀྱི་ཕུང་ཤིང་བསྲེགས་པས་དག་པ་ཆོས་ཉིད་མཉམ་པའི་དབྱིངས་སུ་ཡེ་ཤེས་ཀྱི་མེ་ལྕེ་འོད་རབ་ཏུ་གསལ་བས་མ་རིག་པའི་མུན་པ་སངས་ཏེ་ཤེས་བྱ་ཀུན་ལ་ཡེ་ཤེས་རྒྱས་པའི་གོ་འཕང་དམ་པར་སྦྱོར་བར་བྱེད་པའི་ཐབས་མཁས་ཏེ། ཞི་རྒྱས་དབང་གསུམ་ཕན་འདོགས་པའི་སྦྱོར་བ། དྲག་པོ་ཚར་གཅོད་པའི་ལས་སྦྱོར་ཏེ། མདོར་ན་སྲེགས་བླུགས་ཀྱང་ཕན་འདོགས་ཚར་གཅོད་ཀྱི་ཡན་ལག་ཏུ་འདུ་བའོ། །གསུམ་པ་འཕང་བ་ཟོར་ཐུན་ནི། དཔེར་ན་ཕ་རོལ་གྱི་གཡུལ་ལས་རྒྱལ་བའི་ཕྱིར་དུ་དམག་བསྡུ། གོ་གསག །མཚོན་བདར་བའི་སྒོ་ནས་འཐབ་པའི་སྦྱོར་ཆོག་ཐམས་ཅད་ཟིན་པའི་འོག་ཏུ། གང་དུ་གཡུལ་བཀྱེ་བའི་ས་ཕྱོགས་སུ་ཕྱིན་ནས་དགྲ་དང་གཡུལ་སྤྲད་དགོས་པ་ལྟར། དགྲ་བགེགས་བྱད་མའི་མཐུ་སྟོབས་གཞོམ་པའི་ཕྱིར་དུ་གཏོར་ཟློག་གི་ཡན་ལག་ཐམས་ཅད་ཚང་བར་བསགས་ནས་བསྒྲུབས་པའི་མཐར། གཏོར་ཟོར་ནད་དུག་མཚོན་ཆའི་ཕུང་པོ་བདག་མདུན་གྱི་ལྷ་ཚོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དམག་དཔུང་གིས་བསྐྱོད་ནས་གང་ལ་དམིགས་པའི་ཡུལ་དུ་མ་འཕངས་ན་དོན་མི་འགྲུབ་པས། ཟློག་པའི་གཟེར་ཁའི་ལས་ཀྱི་མཐའ་སྡུད་འཕང་བ་ཟོར་ཐུན་གྱི་ལས་རིམ་ཡིན་ལ། དེའང་གསང་རྒྱུད་ལས། ཕུར་ཐུན་མདའ་ཐུན་དུག་ཐུན་དང་། །ཁྲག་ཐུན་ཉུངས་ཐུན་མཚེ་ཐུན་དང་། །རྡོ་ཐུན་རྣམ་པ་བདུན་ཞེས་བྱ། །བསད་པའི་ལས་རྣམས་ཀུན་ལ་ཤིས། །ཞེས་གསུངས་པས། དང་པོ་ཟོར་བསྒྲུབ་པའི་དཀྱིལ་འཁོར་བཞེངས། དེ་ལ་རྫས་དགོད་དེ་ཏིང་འཛིན་གྱིས་སོ་སོའི་ནུས་པ་གདོན། མཐར་ལས་ལ་སྦྱོར་བའི་སྐབས་སུ་མན་ངག་གི་གནད་དང་ལྡན་པར་སོ་སོར་འཕངས་པས་གང་ལ་དམིགས་པའི་ཡུལ་རྒྱབ་བརྟེན་ལྷ་སྲུང་དང་བཅས་པ་ཐལ་བའི་རྡུལ་ཕྲན་རླུང་གིས་གཏོར་བ་ལྟར་ཁ་ཕུང་རྗེས་མེད་དུ་གཏོང་བའི་ཐབས་མཁས་མིག་འཕྲུལ་ལྟ་བུ་ཞིག་ཡིན་ལ། ལྷ་སྔགས་ཏིང་ངེ་འཛིན་རྫས་ཀྱི་རྟེན་འབྲེལ་ཐུན་མོང་མ་ཡིན་པའི་གནད་རེ་རེས་ཀྱང་ཚར་གཅོད་རྗེས་འཛིན་ཕན་གནོད་ཀྱི་ལས་ཀྱི་གཟེར་ཁ་སྣ་ཚོགས་པས་དོན་གཉིས་སྒྲུབ་པར་བྱེད་པ་ནི་གསང་སྔགས་རྡོ་རྗེ་ཐེག་པ་ཁོ་ནའི་ཁྱད་ཆོས་ཡིན་ལ། ལས་ཀྱི་ཁྲོ་བོ་སྲས་མཆོག་གི་ངོ་བོ་གྲི་ལྕགས་ཀྱི་ཕུར་པ། གཤིན་རྗེའི་གཤེད་ཀྱི་ངོ་བོ་མདའ་འུག་སྒྲོ་མ་དུག་ཁྲག་གིས་སྤགས་པ། རྣམ་པར་རྒྱལ་བའི་ངོ་བོ་མདའ་ཁྲ་སྒྲོ་མ་གུ་གུལ་གྱིས་བྱུགས་པ། རྟ་མགྲིན་གྱི་ངོ་བོ་མདའ་སྲིན་བྱིའི་སྒྲོ་ཅན་ཚིལ་ཆེན་གྱིས་བྲན་པ་སོགས་མདེའུ་དུག་ཤིང་ལས་བཅོས་པ། དེ་དག་ཀྱང་དུག་གི་མདའ་ཐུན། སྔགས་ཀྱི་མདའ་ཐུན་སོགས་མན་ངག་གི་ངེས་པ་དག་ལྡན་པས་བསྒྲུབས་ཏེ་འཕང་བ་ནི། རྒྱུད་ལས། གསེར་སྐྱེམས་རྒྱས་པར་གཏང་བར་བྱ། །མ་ཉེས་དཔང་གཟུག་ལས་རྣམས་བསྐུལ། །རྡོ་རྗེའི་གླུ་ནི་དྲག་ཏུ་བླང་། །ལྷོ་ཕྱོགས་ཁ་བལྟས་ཧ་ཧས་གདབ། །རྐང་པ་གཡས་པ་བག་ཙམ་བསྐུམ། །གཡོན་པ་རབ་ཏུ་བགྲད་ལ་འཕང་། །ཞེས་དང་། ཐོད་པ་གླིང་དྲུག་ནག་པོའི་ཕྱོགས། །གདོང་ཅིག་ཐང་ཅིག་དེ་ལ་བྱུག །བ་དང་ལྕང་སེར་རེའུ་ལྕག་པ། །སྤྱང་དུག་ཐར་ནུ་སྐེ་ཚེ་དང་། །གླང་ཆེན་སྙིང་དང་ཆུ་སྲིན་སྙིང་། །གདུག་པའི་ཚོགས་རྣམས་བཀུག་ཅིང་བསྟིམ། །ཧ་ལའི་དུག་ཆེན་འབར་བར་བསམ། །ཞེས་པའི་དུག་ཐུན་དང་། རབ་ཆད་ནག་པོའི་ཐོད་པར་དམེ་ཁྲག་སོགས་ཁྲག་སྣས་བཀང་བ་ཁྲག་ཐུན་དང་། རྒྱུད་ལས། གྲོང་ལ་གཏོར་ན་མི་ནད་དང་། །ཕྱུགས་ནད་སྣ་ཚོགས་འབྱུང་བར་འགྱུར། །ཞེས་སོགས་གསུངས་པའི་ཁྲག་ཐུན་གྱི་ལས་ལྟར་གཏོར་མ་བྱས་ཏེ་འཕང་པ་གཏོར་ཟོར་དང་། གསང་རྒྱུད་ལས། གང་ལ་དམིག་དེ་བརླག་པར་འགྱུར། །དུར་ལ་བརྒྱབས་ན་ཁྲག་འཁྲུགས་འབྱུང་། །ཀླུ་ལ་བརྒྱབས་ན་མཛེ་ནད་འབྱུང་། །མཁར་ལ་བརྒྱབས་ན་གྲོང་བརྡལ་འཇིག །ཅེས་སོགས་གསུངས་པའི་ཉུངས་ཀར་ནག་སོགས་ཀྱི་རྫས་བསྒྲུབས་ཏེ་ཐོད་པར་བླུགས་པ་ཉུངས་ཐུན་དང་། མཚེ་ཟོར་དང་རྡོ་ཟོར་ནི་ལས་ཐམས་ཅད་ལ་འཇུག་པ་ཡིན་པས། གསང་རྒྱུད་ལས། མཚེ་དང་རྡོ་ཐུན་གདུག་པ་ལ། །རབ་ཏུ་བསྔགས་པ་དེ་ཉིད་བརྡེག །དེ་ཡིས་ཐལ་བར་བརླག་པར་འགྱུར། །ཞེས་སོགས་གསུངས་པའི་ཟོར་ཐུན་གྱི་ལས་རྣམས་སོ་སོའི་མན་ངག་གི་གནད་དང་ལྡན་པས་འཕངས་ན་གནམ་ཐོག་ལྷུང་བའམ། སྒྱོགས་ཀྱི་འཕྲུལ་འཁོར་དྲག་པོའི་སྦྱོར་བ་བཞིན་དམིགས་པའི་ཡུལ་རིང་པོར་མི་ཐོགས་པར་འཇོམས་པར་བྱེད་པའི་མཐུ་དང་ནུས་པ་ཁྱད་པར་དུ་མངའ་བ་ཡིན་ལ། དེ་ལྟར་སྲུང་ལོག་བསད་པའི་རྗེས་སྡུད་མནན་སྲེག་འཕང་བའི་གཟེར་ཁའི་ལས་རིམ་རྒྱུད་དང་མན་ངག་རིག་འཛིན་གྲུབ་པའི་ཚོགས་ཀྱི་ཕྱག་བཞེས་ཉམས་མེད་ཀྱི་ལུགས་མང་དུ་མཆིས་པ་ལས། འདིར་ཕྲིན་ལས་ཕུར་པ་རོལ་པའི་བཤད་འབུམ་ཆེན་མོ་རིག་འཛིན་སློབ་དཔོན་རྣམ་གསུམ་གྱི་དགོངས་པ་འདུས་པའི་གཞུང་ལས་འབྱུང་བ་ལྟར་ས་བཅད་ཙམ་བསྟན་ཟིན་གྱི། སྤྱི་དང་ཁྱད་པར་གྱི་ཚུལ་ལས་བརྩམས་ཏེ་དཔྱིས་ཕྱིན་པར་བཤད་དུ་ཡོད་ཀྱང་། མན་ངག་གི་ངེས་པ་གཞན་དུ་འབྱུང་བ་ལས་ཤེས་པར་བྱ་བ་ཉིད་གལ་ཆེའི། འདིར་མང་དུ་དོགས་པས་མ་སྤྲོས་སོ། །དེ་དག་རྣམས་ཀྱིས་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ་གཞུང་འཕྲོས་དོན་དང་བཅས་པ་ཚང་བར་ཅུང་ཟད་བཤད་ཟིན་ཏོ། །གཞུང་ཡོངས་སུ་རྫོགས་པའི་འགྱུར་བྱང་ནི། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་བིདྱོཏྟ་མ་ལ་འབུམ་སྡེའི་ནང་ནས་རྡོ་རྗེ་རིགས་ཀྱི་དུམ་བུ་ཁོལ་དུ་ཕྱུང་བ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དངོས་ཀྱི་ཕྱག་དཔེ་རྒྱ་གར་གྱི་དཔེ་དང་མཐུན་པར། དཔལ་ལྡན་ས་སྐྱའི་ལོ་ཙཱ་བ་གནས་ལྔ་རིག་པའི་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་ཉི་ཟླ་ལྟར་གསལ་བ་དེས། གཙང་གཡས་རུའི་སའི་ཆ། ཤངས་སྲེག་ཤིང་དུ་ལེགས་པར་སྦྱར་བའི་སྐད་ལས་བོད་སྐད་དུ་བསྒྱུར་ཅིང་། སླར་ཡང་ཞུས་དག་གི་སྒོ་ནས་ལེགས་པར་གཏན་ལ་ཕབ་པའོ། །ཞེས་སོ། །དེ་ལྟར་རྩ་རྒྱུད་ཀྱི་དུམ་བུ་འདི་ཉིད་ཚིག་ཉུང་ལ་དོན་གྱི་ཆ་ནས་ཕྲིན་ལས་རོལ་པའི་དགོངས་པ་ཐམས་ཅད་མ་ཚང་བ་མེད་པ་དངོས་ཤུགས་ཀྱི་སྒོ་ནས་བསྟན་པར་མཛད་པས་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་ལ། དེའང་རྒྱུད། ལུང་། མན་ངག་གི་བཤད་ཚུལ་ཅི་ལྟར་བྱས་ཀྱང་ཆོག་མོད། འདིར་རྒྱུད་ཚིག་ཐད་ཀར་བཀྲལ་ཏེ་གཙོ་བོར་རྒྱུད་ལྟར་བཤད་པའི་ལུགས་སུ་འབྲུ་གཉེར་བའི་ཚིག་འགྲེལ་ཙམ་བགྱིས་ཏེ་ལས་དང་པོ་པས་གོ་སླ་གཙོ་བོར་བཟུང་། རྩ་རྒྱུད་རྡོ་རྗེ་ཁྲོས་པ། མྱང་འདས་ཀྱི་རྒྱུད་སོགས་དང་། ཤུགས་བསྟན་གྱི་ངེས་པ་རྣམས་ཀྱང་འགྲེལ་ཆེན་འབུམ་ནག །ཨ་མེས་ཞབས་ཀྱི་མཁོན་ཕུར་རྣམ་བཤད་སོགས་ཁུངས་ལྡན་གྱི་རྒྱུད་གཞུང་ལ་གཞིག་འབྲེལ་བཅུག་སྟེ་མདོར་བསྡུས་པའི་ལམ་ནས་བསྲང་བར་བྱས་པ་ཡིན་གྱི། ལུང་རིགས་ཀྱི་དགག་སྒྲུབ། མཐའ་དཔྱོད་སོགས་མཛེས་ཁྲིགས་ཀྱི་སྤྲོས་པ་ཐམས་ཅད་དོར་བ་ཡིན་པས། ཐོག་མར་འདི་ཙམ་གྱི་ངེས་པའི་གསང་ལ་བློ་གོམས་ནས་མཐར་གྱིས་ཕུར་གཞུང་རྒྱ་མཚོ་ལྟ་བུའི་རྒྱུད་ལུང་མན་ངག་ཟབ་ཅིང་རྒྱ་ཆེ་བའི་དོན་གྱི་རིན་ཆེན་མཐའ་དག་ཐོས་བསམ་སྒོམ་པའི་རྣམ་དཔྱོད་ཀྱི་དེད་དཔོན་ཆེན་པོས་རང་དབང་དུ་འདྲེན་པར་བྱེད་པའི་སྒོར་འགྱུར་རམ་སྙམ་མོ། །སླར་སྨྲས་པ། རྒྱལ་ཀུན་མཐུ་སྟོབས་འདུས་པའི་མེ་ཆེན་གྱིས། །འགལ་རྐྱེན་བར་དུ་གཅོད་པའི་ཚང་ཚིང་ནགས། །ཐལ་བར་བརླགས་ནས་མཆོག་ཐུན་དངོས་གྲུབ་ཀྱི། །འབྲས་བཟང་སྦྱིན་མཛད་ཕྲིན་ལས་རོལ་པའི་ལྷ། །རྒྱུད་དང་སྒྲུབ་སྡེ་ཀུན་ནས་རབ་འཕགས་པའི། །ངོ་མཚར་ཉི་མའི་གཟི་བྱིན་ལྷག་པར་མངའ། །འཕགས་བོད་རིག་འཛིན་ཡོངས་ཀྱི་གྲུབ་གཉིས་ཀྱི། །རྣམ་ཐར་མེ་ཏོག་གང་གི་མཐུ་ལས་བཞད། །དཔལ་ཆེན་ཉིད་ཀྱི་རང་བྱུང་མི་ཤིགས་གླུས། །རྡོ་རྗེའི་རྒྱུད་དང་ལུང་གི་ངེས་པ་སྟེ། །དེ་བཞིན་མན་ངག་རྒྱ་མཚོ་རབ་བསྒྲགས་པ། །ཕ་མཐའ་མི་མཚོན་ཆོས་ཀྱི་དབྱིངས་དང་མཉམ། །ཕྲིན་ལས་རོལ་པའི་དཔལ་དང་གཉིས་མེད་པ། །མཚོ་སྐྱེས་རྒྱལ་བ་གཉིས་པ་ལ་སོགས་པའི། །སྔ་འགྱུར་པཎ་གྲུབ་རིག་འཛིན་ཆེ་རྣམས་ཀྱི། །དྲིན་ལས་ལྗོངས་འདིར་ཚུལ་འདིའི་ལ མ་སྲོལ་གསལ། །རྩ་བའི་རྒྱུད་ཀྱི་དུམ་བུ་ཕྱུང་བ་ཡིས། །ཕུར་གཞུང་ངེས་བའི་གསང་རྣམས་རྟོགས་བྱེད་པའི། །རྡོ་རྗེ་ནཱ་ད་མི་ཤིགས་སྒྲ་དབྱངས་ཅན། །པདྨ་ཀ་རའི་ཐུགས་ཀྱི་བརྣག་པ་ཉིད། །འདི་དོན་ཚུལ་བཞིན་ངེས་པའི་མཐུ་ཐོབ་ན། །ཕྲིན་ལས་རོལ་པའི་རྒྱུད་དོན་མན་ངག་བཅས། །ཁོང་དུ་ཆུབ་ཕྱིར་ཁྱད་འཕགས་ཉེ་བརྒྱུད་ཀྱི། །བྱིན་རླབས་མ་ཡལ་བཤད་བཀའ་དང་ལྡན་པས། །འདི་ན་ཉུང་ངུའི་ངག་གིས་དོན་གྱི་གནད། །གསལ་ལ་གོ་བདེའི་རྣམ་བཤད་འདི་སྤེལ་བ། །སྔ་འགྱུར་རིག་འཛིན་སྐྱེས་མཆོག་རྣམ་དཔྱོད་ཅན། །དེ་དག་ཀུན་གྱི་བློ་གྲོས་སྒོ་འབྱེད་ཡིན། །མ་བཤད་པ་དང་ལོག་པར་བཤད་པ་ཡི། །ནོངས་པ་མཆིས་ཀུན་རྩ་གསུམ་ལྷག་པའི་ལྷ། །ཁྱད་པར་ཟུང་འཇུག་དཔལ་ཆེན་ཀུ་མཱ་ར། །གཙོ་དང་འཁོར་དུ་བཅས་པའི་སྤྱན་སྔར་འཆགས། །གསང་བ་ཟབ་མོའི་དགོངས་པ་བཀྲོལ་བྱས་པའི། །རྣམ་དཀར་མཐུ་ཡིས་རྒྱལ་བསྟན་དར་ཞིང་རྒྱས། །བཤད་དང་སྒྲུབ་པའི་རྒྱལ་མཚན་བསྒྲེང་བ་ཡིས། །ནག་ཕྱོགས་གདུག་པའི་མཐུ་སྟོབས་ཉམས་གྱུར་ཅིག །སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་སོགས། །སྔ་འགྱུར་རིག་འཛིན་བརྒྱུད་པའི་རིང་ལུགས་མཆོག །རྒྱུད་དང་སྒྲུབ་སྡེའི་བཀའ་སྲོལ་མི་ནུབ་པར། །དབྱར་གྱི་མཚོ་ལྟར་འཕེལ་ཞིང་རྒྱས་གྱུར་ཅིག །ཁྱད་པར་ཕྲིན་ལས་ཕུར་པ་རོལ་བ་ཡི། །བྱིན་རླབས་ནུས་མཐུ་གནམ་ལྕགས་ཚྭ་ཚྭའི་དབལ། །བདུད་དང་དམ་སྲི་ཀླ་ཀློའི་སྙིང་ལ་འཕྲོས། །གནོད་སེམས་གདུག་རྩུབ་གཞོབ་ཏུ་བསྲེག་གྱུར་ཅིག །གསང་ཆེན་སྙིང་པོའི་བཤད་སྒྲུབ་ཟབ་མོ་ཡི། །སེང་གེའི་སྒྲ་ཆེན་རྒྱུན་ཆད་མི་མངའ་བས། །ལོག་རྟོག་ནག་ཕྱོགས་གླང་པོའི་བརྟུལ་ཞུགས་ཅན། །ཀུན་གྱི་སྤོབས་པ་ཕྲ་མོར་བྱེད་གྱུར་ཅིག །ཕུར་བཞིའི་དགོངས་པ་མངོན་དུ་གྱུར་པ་གྲུབ་པའི་རིག་འཛིན་ཚོམ་བུར་བཅས། །སྲས་བཅས་རྒྱལ་བ་རབ་འབྱམས་རྒྱ་མཚོའི་དགྱེས་པའི་ཞལ་རས་ཟླ་བ་ཚེས། །ཤིས་པའ་ིའོད་ཟེར་འབུམ་དུ་སྤྲོ་ཞིང་ས་གསུམ་དགེ་བའི་གླུ་དབྱངས་བཅས། །མཛེས་པའི་མེ་ཏོག་ཆར་དུ་བསྙིལ་བས་དགེ་མཚན་འཛམ་གླིང་ཀུན་ཁྱབ་ཤོག །ཅེས་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུའི་འགྲེལ་པ་གོ་སླ་ཉུང་གསལ་གྱི་ཚུལ་དུ་བཀོད་པ་འདིའང་རིགས་ཀུན་ཁྱབ་བདག་བཀའ་བབས་ཆེན་པོ་བདུན་གྱི་མཛོད་འཆང་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཁོན་ལུགས་ཕུར་པའི་སྨིན་གྲོལ་དང་ཉེ་བརྒྱུད་ལན་གསུམ་དུ་གསན་པའི་རྒྱུད་བཤད་བཅས་རྒྱས་པར་སྩལ་ནས་རྒྱུད་འགྲེལ་འབྲི་བ་དང་བཤད་རྒྱུན་སྤེལ་བ་གནད་གལ་ཆེ་བའི་བཀའ་ལུང་དམིགས་གསལ་སྩལ་བ་ཐོབ་ཀྱང་དོན་གཉེར་མཁན་དཀོན་པ་སོགས་ཀྱིས་བཏང་སྙོམས་གྱུར་ནས་རྒྱུན་རིང་སོང་བ་ན། རྒྱལ་བསྟན་གསལ་བའི་སྣང་བྱེད་ཨེ་ཝཾ་ཐར་རྩེ་ཞབས་དྲུང་འཇམ་དབྱངས་བློ་གཏེར་དབང་པོ་དང་། རྒྱལ་བ་ཀཿཐོག་པའི་སེང་གེའི་ཁྲི་འཛིན་པ་སི་ཏུ་མཆོག་སྤྲུལ་ཨོ་རྒྱན་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཟུང་གིས་གསུང་བསྐུལ་ནན་དུ་ཕེབས་པ་ལྟར། ཐུབ་བསྟན་རིས་མེད་པ་ལ་མི་ཕྱེད་དད་པའི་པདྨོ་རྒྱས་པ་ཀུ་སཱ་ལི་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་རྒྱལ་སྲས་བློ་གྲོས་མཐའ་ཡས་ཀྱིས་ཤྲཱི་དེ་ཝཱི་ཀོ་ཊི་གསུམ་པ་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་རང་ལོ་བརྒྱད་བཅུ་རྩ་བདུན་པ་ལ་བགྱིས་པའི་ཡིག་སྦྱོར་སོགས་ཀྱི་མཐུན་རྐྱེན་མཛད་པ་པོ་ནི་བསླབ་པ་གསུམ་གྱི་བདག་ཉིད་ཤེས་བྱ་ཀུན་ལ་མ་རྨོངས་པ་བླ་མ་ཀརྨ་བཀྲ་ཤིས་ཆོས་འཕེལ་ནས་མཛད་པ་བསྟན་འགྲོར་སྨན་པའི་སྣང་ཆེན་དུ་གྱུར་ཅིག། །།དགེ་ལེགས་འཕེལ།། །།

ཕུར་འགྲེལ་འབུམ་ནག་ཅེས་རྡོ་རྗེ་ཕུར་པའི་བཤད་འབུམ་སློབ་དཔོན་རྣམ་གསུམ་གྱི་དགོངས་པ་སློབ་དཔོན་ཆེན་པོ་པདྨས་མཁར་ཆེན་བཟའ་ལ་གདམས་པ།

རྡོ་རྗེ་ཕུར་པའི་བཤད་འབུམ་སློབ་དཔོན་རྣམ་གསུམ་གྱི་དགོངས་པ་སློབ་དཔོན་ཆེན་པོ་པདྨས་མཁར་ཆེན་བཟའ་ལ་གདམས་པ་བཞུགས་སོ། །ཕུར་འགྲེལ་འབུམ་ནག་ཅེས་གཞན་ལས་ཁྱད་པར་འཕགས་པའི་ཐུགས་ཀྱི་ཏི་ལ་ཀའོ། །འགྲོ་བའི་དོན་ཕྱིར་ད་ལྟ་རྔ་ཡབ་གླིང་ན་བཞུགས་པ་ཡི། །འཁྲུངས་དཀའི་སྐྱེས་བུ་གཅིག་པུ་ངེས་དོན་ཐེག་པ་གཅིག་ཏུ་བཞེད། །སྐྱེ་བརྒྱུད་གཉིས་ལས་འཁྲུངས་ཤིང་རྨད་དུ་བྱུང་བའི་རིགས་གཉིས་ལྡན། །གདུག་པ་རྣམ་གསུམ་བཏུལ་ནས་དངོས་གྲུབ་རྣམ་གསུམ་བརྙེས་པ་པོ། །ཆེ་བ་བཞི་ལྡན་རིག་འཛིན་བཞི་ཡི་ངོ་བོར་གྱུར་པ་ཁྱོད། །གྲུབ་ཆེན་བརྒྱད་ལྡན་གསང་བའི་མཚན་བརྒྱད་ལྡན་ལ་རབ་ཏུ་འདུད། །རིག་འཛིན་ས་ཐོབ་པདྨ་འབྱུང་གནས་ཀྱིས། །ཡར་ཀླུང་ཤེལ་གྱི་བྲག་ཕུག་མངོན་དགའ་དེར། །ལས་དང་སྐལ་བར་ལྡན་པའི་མཚོ་རྒྱལ་ལ། །གཏད་པའི་གདམས་པ་མ་ནོར་བསྟན་པར་བྱ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། རྩ་བ་དཀྱུས་ངན་སྔགས་སུ་ཕྱུང་བ། ཕར་ཐེབས་ལ་ཚུར་མི་ལྡོག་པ། ཉུང་ལ་ཁ་ཚར་ཚང་བ། ལྟ་བ་ཆོས་ཉིད་དང་མི་འགལ་བ། གཟུངས་མ་མཁར་ཆེན་བཟའ་མཚོ་རྒྱལ་ལ་གཏད་དེ། དེ་ཉིད་གང་ཞེ་ན། རྒྱུད་ཀྱི་བསྡུ་ཐབས་གཉིས། རྒྱུད་ཀྱི་བཤད་ཐབས་གསུམ། རྒྱུད་ཀྱི་ཁོག་དོན་དྲུག །རྒྱུད་ཀྱི་ཐེམ་སྦྱོར་བཅུ། རྒྱུད་ཀྱི་གནད་ཐོ་བཅུ་གཉིས། རྒྱུད་ཀྱི་སྲོག་ཐེམ་ཉི་ཤུ་རྩ་གཅིག །ཕུར་པ་རྩ་བའི་ལྷ་ལྔ་བཅུ་རྩ་གཅིག །ཡན་ལག་གི་ལྷ་ཉིས་སྟོང་ཕྱེད་དང་དྲུག་བརྒྱ་དང་གཅིག་གོ། །དེ་ཡང་དང་པོ་རྒྱུད་ཀྱི་བསྡུ་ཐབས་གཉིས་ནི། རྡོ་རྗེ་ཕུར་པ་ལ་རྒྱུད་སྡེ་མང་ཡང་རྩ་རྒྱུད་དང་། བཤད་རྒྱུད་གཉིས་སུ་བསྡུ་སྟེ། རྩ་རྒྱུད་ནི་རྩ་ཐུང་རྡོ་རྗེ་ཁྲོས་པའོ། །བཤད་རྒྱུད་ནི་གསང་རྒྱུད་དང་ཁྲག་འཐུང་རྩ་བའི་རྒྱུད་ལ་སོགས་པ་རྒྱུད་སྡེ་བརྒྱ་རྩ་བརྒྱད་བཞུགས་སོ། །གཉིས་པ་རྒྱུད་ཀྱི་བཤད་ཐབས་གསུམ་ནི། ཕུར་པ་རྒྱུད་ལྟར་བཤད་པ་དང་། ཕུར་པ་ལུང་ལྟར་བཤད་པ་དང་། ཕུར་པ་མན་ངག་ལྟར་བཤད་པའོ། །དང་པོ་ནི། རྒྱུད་ལ་ཏནྟྲ་སྡེ་བཅོ་བརྒྱད་ཡོད་པ་ལྟར་དུ་རྡོ་རྗེ་ཁྲོས་པ་ཀློང་ཆེན་པོ་བཅོ་བརྒྱད་ནས་བཤད་པ་དང་། གཉིས་པ་རྡོ་རྗེ་ཕུར་པ་འདི་ལུང་ཐམས་ཅད་ཀྱི་བླ་མ་ཡིན་པས་ན། རྡོ་རྗེ་ཁྲོས་པ་ལུང་ཉི་ཤུ་རྩ་གཅིག་ཏུ་བཤད་པ་དང་། གསུམ་པ་རྡོ་རྗེ་ཕུར་པ་འདི་མན་ངག་གི་ངེས་དོན་ཡིན་པས་རྡོ་རྗེེ་ཁྲོས་པ་འདི་མན་ངག་བརྒྱ་རྩ་བརྒྱད་དུ་བཤད་པའོ། །གསུམ་པ་རྒྱུད་ཀྱི་ཆིངས་དྲུག་ནི། ཕུན་སུམ་ཚོགས་པ་རྣམ་པ་ལྔས་སྒྲུབ་པ་ལས་ཀྱི་གཞི་བཟུང་། དཀྱིལ་འཁོར་རྣམ་པ་གསུམ་སྔོན་དུ་འགྲོ་བ་དང་བཅས་ཏེ་དོན་གྱི་ཁོག་དབུབ། ཁམས་གསུམ་གྱིས་སྲོག་ལ་དབང་བསྐུར་ནི་སྲོག་གི་ཡེ་ཤེས་སེམས་དཔའི་སྲོག་ལ་དབང་བསྐུར་ཏེ། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་ཅིང་བསྙེན་པས་དངོས་གྲུབ་ཀྱི་བཅུད་བླང་། གབ་པའི་སྔགས་དྲུག་དང་ཚེ་ལུང་ཁྲུས་ལུང་གིས་ཁ་བསྐང་སྟེ་གདབ་པའི་ལས་བྱ། །མནན་སྲེག་འཕང་གསུམ་གྱིས་ལས་ཀྱི་མཇུག་བསྡུ་བ་དང་དྲུག་གོ། །བཞི་པ་རྒྱུད་ཀྱི་ཐེམ་སྦྱོར་བཅུ་ནི། གླེང་གཞི་རྣམ་པ་གསུམ་གྱིས་སྤྱིའི་ཁོག་དབུབ། མཚན་ཉིད་རྣམ་པ་གསུམ་གྱིས་དོན་གྱི་ཤན་དབྱེ། ཕུར་བུའི་རྒྱུད་བཞིས་གང་ཟག་རྣམ་པ་བཞི་མཐར་དབྱུང་། སྒྲུབ་ལུགས་ཆེན་པོ་གསུམ་གྱིས་ཕྲིན་ལས་ཀྱི་གཞུང་བསྲང་། ཐམས་ཅད་འདུས་པའི་སྔགས་ཀྱིས་ལྷ་གནད་ལ་དབབ། ངན་སྔགས་བཏུ་ཡིག་དྲུག་གསུམ་བཅོ་བརྒྱད་ཀྱིས་མཁའ་འགྲོ་མ་དངོས་སུ་བཀོལ། སྲོག་གི་དོན་པོ་གསུམ་གྱིས་དམིགས་པ་གསུམ་གྱི་གནད་བཀྲོལ། བསྒྲལ་ལས་ཆེན་པོ་བཅོ་བརྒྱད་ཀྱིས་བརྣག་པའི་ལས་བྱ། མཐར་ཕྱིན་བརྒྱད་ཀྱིས་ལས་ཀྱི་ཁ་བསྐང་། མཐའ་བསྡུ་གསུམ་གྱིས་ལས་ཀྱི་ལྟོ་བ་གདབ་ཅེས་པ་དང་བཅུའོ། །ད་ལྔ་པ་རྒྱུད་ཀྱི་གནད་ཐོ་བཅུ་གཉིས་ནི། དཀྱུས་ཀྱི་ཚིག་དྲུག་མ་ཤེས་ན་ཕྲིན་ལས་གོང་འོག་གི་ཤན་མི་འབྱེད། གབ་པའི་སྔགས་དྲུག་མ་ཤེས་ན་སྔགས་གཟེར་དྲག་པོ་དགྲ་ལ་མི་ཕོག །སྦས་པའི་འཕྱང་དྲུག་མ་ཤེས་ན་གབ་སྦས་ཀྱི་ཐག་མི་ཆོད། མན་ངག་སྲོག་གི་ཆན་པ་མ་ཤེས་ན་དགྲ་བགེགས་ཀྱི་སྲོག་རྩ་མི་ཆོད། གཤོག་པ་རླབས་ཆེན་གྱི་ཆོ་ག་མ་ཤེས་ན་དགྲ་བགེགས་ཀྱི་བླ་མི་ཁུགས། གསང་ཕུར་སེང་གེ་ཁ་འཐབ་ཀྱི་ཆོ་ག་མ་ཤེས་ན་རྣལ་འབྱོར་པ་ནང་འཐབ་ན་བསྒྲལ་བའི་ཐབས་མེད། གནད་གཅོད་ཀྱི་ཐབས་མ་ཤེས་ན་ལས་ལ་སྦྱར་ན་ཚུར་ལྡོག །འཁོར་ལོའི་བསྐོར་ཐབས་མ་ཤེས་ན་ལས་མི་འགྲུབ། ལིངྒའི་བཅའ་ཐབས་མ་ཤེས་ན་དམིགས་པའི་གནད་བརླག །ཀུན་གཞིའི་གནས་ལུགས་མ་ཤེས་ན་བཏབ་པ་ལ་དོན་མེད། ཚེ་ལུང་ཁྲུས་ལུང་གི་དགོངས་པ་མ་ཤེས་ན་ངན་སྔགས་དང་ཁྱད་མེད། གནས་སྤར་བའི་ཆོ་ག་མ་ཤེས་ན་བཤན་པ་དང་ཁྱད་མེད་ཅེས་པའོ། །དྲུག་པ་རྒྱུད་ཀྱི་སྲོག་ཐེམ་ཉེར་གཅིག་ནི། ལག་ལེན་མངོན་རྟོགས་ཀྱི་སྲོག་ཐེམ་བདུན། དྲིས་ལན་གེགས་སེལ་གྱི་སྲོག་ཐེམ་བདུན། མན་ངག་གནད་ཀྱི་སྲོག་ཐེམ་བདུན་ཏེ་ཉེར་གཅིག་གོ། །བདུན་པ་ཕུར་པ་རྩ་བའི་ལྷ་ང་གཅིག་ནི། ཁྲོ་བོ་ཁྲོ་མོ་ཉི་ཤུ། མགོ་བརྙན་ཉི་ཤུ། སྲས་མཆོག་ལྔ། སྒོ་མ་བཞི། ཡབ་ཡུམ་གཉིས་ཏེ་ང་གཅིག་གོ། །བརྒྱད་པ་དེ་ལས་སྤྲོས་པས་ལྷ་ཉིས་སྟོང་ཕྱེད་དང་དྲུག་བརྒྱ་དང་གཅིག་གོ། །དེ་རྣམས་ནི་སྤྱིའི་དོན་ཏོ། །ད་ནི་ཡན་ལག་གི་དོན་ལ་གླེང་གཞི་རྣམ་པ་གསུམ་གྱིས་སྤྱིའི་ཁོག་དབུབ་ཅེས་པ་ལས། དེ་ལ་གསུམ་སྟེ། དང་པོ་གུ་རུའི་གླེང་གཞི། སྟོན་པའི་གླེང་གཞི། རྒྱུད་ཀྱི་གླེང་གཞི་དང་གསུམ་ལས། དང་པོ་གུ་རུའི་གླེང་གཞི་བསྟན། དེ་ལའང་གསུམ་སྟེ། དང་པོ་སྐྱེ་རྒྱུད། གཉིས་པ་མཛད་པའི་ལས་བསྟན། ཐ་མ་ཇི་ལྟར་བརྒྱུད་ལུགས་སོ། །དང་པོ་སྐྱེ་རྒྱུད་ནི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་གྲུབ་ཐོབ་ཐམས་ཅད་ཀྱི་སྤྱི་མེས་དུས་གསུམ་སངས་རྒྱས་ཐམས་ཅད་དང་གླེང་མོ་མཛད་པ། ཤེས་རབ་ནམ་མཁའི་མཐའ་དང་མཉམ་པ། མ་མོ་མཁའ་འགྲོ་དང་། སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་དབང་དུ་བསྡུ་ཞིང་བྲན་དུ་ཁོལ་བ་དེ་ལ་སྐྱེ་རྒྱུད་རྣམ་པ་གཉིས་ནི་ཇི་ལྟར་སྐྱེས། རིགས་རྣམ་པ་གཉིས་དང་ཇི་ལྟར་ལྡན། ཆེ་བ་རྣམ་པ་བཞི་ནི་གང་ཡིན། རིག་འཛིན་བཞིའི་ངོ་བོར་ཇི་ལྟར་གྱུར། །གསང་བའི་མཚན་བརྒྱད་དང་ནི་ཇི་ལྟར་ལྡན་ཞེ་ན། དང་པོ་ནི་མངལ་སྐྱེས་སུ་འདོད་པ་དང་། རྫུས་སྐྱེས་སུ་འདོད་པའོ། །གཉིས་པ་ནི། འཇིག་རྟེན་པའི་རིགས་ཀྱི་དབང་དུ་བྱས་ན། རྒྱལ་པོའི་རིགས་དང་། འཇིག་རྟེན་ལས་འདས་པའི་རིགས་ཀྱི་དབང་དུ་བྱས་ན། མི་བསྐྱོད་པ་རྡོ་རྗེའི་རིགས་སོ། །གསུམ་པ་ནི། རིགས་ཀྱི་ཆེ་བ། མཁྱེན་པའི་ཆེ་བ། ནུས་པའི་ཆེ་བ། གྲུབ་པའི་ཆེ་བའོ། །བཞི་པ་ནི། རྣམ་པར་སྨིན་པའི་རིག་འཛིན། ཚེ་ལ་དབང་བའི་རིག་འཛིན། ཕྱག་རྒྱ་ཆེན་པོའི་རིག་འཛིན། ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །ལྔ་པ་གསང་བའི་མཚན་བརྒྱད་ནི་འོག་ཏུ་རྒྱས་པར་འབྱུང་བའོ། །དེ་ལས་འདིར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དེ་མངལ་སྐྱེས་ཀྱི་དབང་དུ་བྱས་ན། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན། རྒྱལ་པོ་ཤ་ཀྲ་བྱ་བ་དང་། བཙུན་མོ་ཛ་ལེནྡྲ་གཉིས་ལས། འབྲུག་གི་ལོའི་སྟོན་ཟླ་ར་བའི་ཚེས་ཉི་ཤུ་གཅིག་ལ། གཟའ་པ་སངས། སྐར་མ་དམར་པོ་མགོ་ལ། དུས་ཉི་མ་རྩེ་ཤར་ཙ་ན་སྲས་གཅིག་བཙས་པ་དང་། ཞལ་ཁྲོ་གཉེར་མཆེ་བ་བག་ཙམ་གཙིགས་པ། ལག་པ་གཡས་རལ་གྲིའི་ཕྱག་རྒྱ་ཅན། གཡོན་པ་གུནྡྷེའི་ཕྱག་རྒྱ་ཅན་གཅིག་བཙས་པ་ལ། མ་དེ་འཇིགས་ཤིང་བྲེད་ནས་སྨྲས་པ། མིའི་བུ་མ་ཡིན་འདྲེའི་བུ་བག་ཏུ་སྣང་། གཞན་གྱིས་མཐོང་ན་ལྟས་ངན་ཆེན་པོར་འགྱུར། དེ་བས་གཞན་གྱིས་མ་ཚོར་བ་ལ་དབེན་པར་བཞག་གོ་ཟེར་བ་ལ་ཡབ་ཀྱིས་སྨྲས་པ། སེམས་ཅན་སྐྱེ་བ་མི་ལུས་ཐོབ་པ་ལ། །གཟུགས་དང་ཁ་དོག་མི་མཐུན་སོ་སོར་སྣང་། །དེ་བས་བྲམ་ཟེ་མཚན་མཁན་ཁུག་ལ་སྟོན། །ཟེར་ཏེ་བསྟན་པས། ཀྱེ་མ། གཡས་གཡོན་ཕྱག་ནི་ཕྱག་རྒྱར་ལྡན། །ཁྲོ་གཉེར་སྐྲ་མཚམས་ཤིན་ཏུ་མཐོ། །ཞལ་བགྲད་འཇོ་སྒེག་ཁྲོ་བོའི་གཟུགས། །རིགས་བྱེད་དག་ལས་བཟང་བར་བཤད། །ཅེས་བརྗོད་ནས་པཱུ་ཛ་ཕུལ། ཕྱག་བཙལ་ནས་མཚན་བཤད་པ། གཡས་ཀྱི་ཕྱག་རྒྱ་འདིས་དུག་གསུམ་གྱི་དགྲ་བགེགས་འཇོམས་པ་ཡིན། གཡོན་གྱི་ཕྱག་རྒྱ་འདིས་དངོས་གྲུབ་རྣམ་གསུམ་ཐོབ་པ་ཡིན། སྤྱན་ལྡོག་ཁྲོ་གཉེར་བདུད་དང་མུ་སྟེགས་འདུལ་བ་ཡིན་པས་རྒྱལ་བུའི་མཚན་རྡོ་རྗེ་བདུད་འདུལ་དུ་ཐོགས་ཟེར་ནས་བཏགས་སོ། །དེ་ཡང་འབྲུག་ལོ་ལ་སྐྱེས་པ་གྲགས་པ་ཆེ་བར་འོང་། སྟོན་ཟླ་ར་བ་ལ་སྐྱེས་པ་འབྲས་བུའི་ཐེག་པ། མགོ་ལ་སྐྱེས་པ་སྔགས་ཀྱི་མགོ་འདྲེན། པ་ཝ་སངས་ལ་སྡུག་བསྔལ་སངས། ཉི་མ་ཤར་བ་ཐུགས་རྗེ་ཤར་བ་ཡིན། ལོ་སྐོར་གཅིག་ཏུ་མི་ལ་མ་བསྟན། བསྟན་ན་འབངས་སྙིང་དང་འདྲ་བ་གཅིག་ལ་ངན་ནོ་ཟེར་རོ། །དེ་ནས་ལོ་བཅུ་ལོན་ཙ་ན་ཕྱིར་ཤོར་བ་དང་། བློན་པོ་གྷ་རུ་དེ་ཝ་གཞོན་ཙ་ན་བུ་མ་སོས། ཤིན་ཏུ་རྒས་པ་ལ་བུ་གཅིག་ཡོད་པ་ལ། དེ་ཤིང་གི་གྲིབ་བསིལ་ལ་བསྙལ་བའི་དཔྲལ་བ་ན་ཤ་སྦྲང་ཞིག་གིས་ཟ་ཡིན་འདུག་པ་ལ། རྒྱལ་བུ་རྡོ་རྗེ་བདུད་འདུལ་གྱིས་སོར་རྡོ་ཞིག་བརྒྱབ་པས། སྦྲང་མ་དང་བཅས་པ་ཀླད་པའི་རྒྱས་སུ་གཙང་གིས་སོང་ནས་ཤིའོ། །དེར་བློན་པོ་རྣམས་ན་རེ། ཆད་པ་བཅད་དགོས་ཟེར་ཏེ། མི་རྣམས་ཀྱིས་ཤིང་རེ་དང་མེ་སྣ་རེ་ཁྱེར་འོང་ནས་རྒྱལ་བུ་བསྲེག་པར་བརྩམ་པ་ལས། བུ་བསད་པའི་ཕ་གྷ་རུ་དེ་ཝས་སྨྲས་པ། ལུས་ཀྱི་རྟེན་ནི་མགོ་བོ་ཡིན། །མགོ་བཅད་ལུས་ཀྱིས་ཅི་བྱར་ཡོད། །འབངས་ཀྱི་རྟེན་ནི་རྗེ་བོ་ཡིན། །རྗེ་མེད་འབངས་ཀྱིས་ཅི་བྱར་ཡོད། །དེ་བས་ཆད་པ་ཐ་མ་ཙམ། །ཟེར་བ་དང་། ཆད་པའི་ཐ་མ་སྤྱུགས་པ་ཡིན་པས། གཡོག་པོ་ག་ར་བྱ་བ་དང་། ཙུ་ཏ་ཀ་བྱ་བ་གཉིས་གཡོག་ཏུ་བྱས་ནས་སྤྱུགས་སོ། དེ་གསུམ་པོས་ཤིན་ཏུ་མི་དགའ་ཡིན་ཕྱིན་པ་དང་། རྒྱལ་བུས་གྲོགས་པོ་གཉིས་ལ་སྨྲས་པ། རྒྱལ་པོའི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལ། །ཁོ་བོས་ཉེས་པ་ཤོར་བས་སླར་ལ་ལོག་ན་ནི། །རྒྱལ་ཁྲིམས་ཉམས་པར་འགྱུར་གྱི་སྐྱོང་བར་མི་འགྱུར་བས། །རྒྱལ་ཁྲིམས་བློན་པོས་སྐྱོང་གིས་ཁྱེད་གཉིས་སླར་ལ་ལོག །བྱས་པས། བྱིས་པ་གཉིས་ཀྱིས་སྨྲས་པ། རྒྱལ་ཁྲིམས་མེ་དང་འདྲ་སྟེ་རྒྱལ་ས་ཆུ་དང་འདྲ། །མེ་དང་ཆུ་གཉིས་མི་རྟག་མི་མཐུན་ཏེ། །རྟག་ཅིང་བརྟན་ལ་བདེ་བའི་འབྱུང་གནས་ཀྱི། །ཆོས་སྲིད་བསྐྱང་གི་རྗེ་འབངས་ཆོས་ལ་གཤེགས། །ཟེར། གུ་རུ་སངས་རྒྱས་གསང་བ་ཅན་དུ་ཕྱིན་ཏེ། རྒྱལ་བུས་སྨྲས་པ། ཀྱེ། ཐུགས་རྗེ་ཉི་ཤར་ཁྱད་པར་དྲོ་བ་བཞིན། །ཉམ་ཐག་སེམས་ཅན་ཀུན་ལ་སྐྱོབ་པར་མཛོད། །ཁོ་བོ་རྨོངས་པས་ཁྲིམས་ལ་ཉེས་པ་ཤོར། །སླར་ལ་ལོག་ཏུ་མ་མཆིས་རྗེས་སུ་གཟུང་བར་ཞུ། །ཞེས་ཞུས་པ་དང་། གསུམ་ག་རབ་ཏུ་བྱུང་སྟེ། རྒྱལ་བུ་ལ་ཤཱཀྱ་བཤེས་གཉེན་དུ་བཏགས། གཡོག་གཉིས་ལ་ཤཱཀྱ་མི་ཏྲ་དང་། ཤཱཀྱ་པྲ་བྷར་བཏགས། དམ་པའི་ཆོས་འདུལ་བ་ལ་མཁས་པར་བསླབ། ཡོ་ག་ཙཀྲ། བསམ་གཏན་ཕྱི་མའི་འགྲེལ་པ། ཁྲོ་བོ་དམ་པ་རྒྱན། ཞི་བ་རིན་ཆེན་དྲྭ་བ་རྣམས་བསླབས་སོ། །དེ་ནི་མངལ་སྐྱེས་སུ་འདོད་པ་རྣམས་དེ་སྐད་སྨྲའོ། །གཉིས་པ་འཛམ་བུ་གླིང་པ་ཕལ་ཆེ་བ་ནི། རྫུས་སྐྱེས་སུ་སྨྲ་སྟེ། དེ་ཡང་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དེ་ན། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་གཅིག་དང་། རྒྱལ་སྲིད་སྐྱོང་བའི་རྒྱལ་པོ་གཅིག་དང་གཉིས་ཡོད་པ་ལས། དང་པོ་ཆོས་ཁོ་ན་དོན་དུ་གཉེར་ལ། གཉིས་པ་དེ་སྲིད་ཁོ་ན་དོན་དུ་གཉེར་བ་ཡིན་ནོ། །ཡུལ་དེ་ན་མཚོ་གངྒཱ་དྲི་མེད་ཅེས་བྱ་བ་ཞིག་ཡོད་པ་ལས། མེ་ཏོག་པདྨ་ཤིང་རྟའི་འཕང་ལོ་ཙམ་མང་དུ་སྐྱེས་པ་ལས། དེའི་ནང་ན་ཁྱེའུ་མདངས་དང་ལྡན་པ་ཞིག་སྐྱེས་ནས་འདུག་སྟེ། ཆོས་སྐྱོང་བའི་རྒྱལ་པོ་དེ་ལ་སྲས་མེད་པ་ལས། ཁྱེའུ་དེ་ལོངས་ལ་ཤོག་ངའི་སྲས་བྱའོ། །པདྨ་དེ་ཁྱེར་ལ་ཤོག་ངའི་ཟས་བྱའོ། །གསུངས་ནས། དེའི་འཁོར་པས་གྲུ་བཏང་ནས་བླངས་སོ། །དེ་བླངས་པ་དང་ཡུལ་ཁམས་དེའི་ནད་དང་མུ་གེ་ཐམས་ཅད་ཞི་ཞིང་བཀྲ་ཤིས་པར་གྱུར་ཏོ། བུ་དེ་པདྨ་ལས་བྱུང་བས་ན་པདྨ་འབྱུང་གནས་བྱ་བར་མཚན་བཏགས་ཏེ་དང་པོའོ། །དེ་ནས་བུ་ཞུན་མར་གྱིས་གསོས་པས་སྐྱེད་ཤིན་ཏུ་ཆེ་སྟེ། གཞན་གྱི་ལོར་གསོས་པ་ལས་དེའི་ཟླ་བ་སྐྱེད་ཆེ། གཞན་གྱི་ཟླ་བ་ལས་དེའི་ཞག་སྐྱེད་ཆེ་བས་འདིས་རྒྱལ་པོའི་གདུང་འཚོབ་པར་འདུག་ཟེར་ཏེ། དེ་ལ་རྒྱལ་པོ་གདུང་འཚོབ་སྐྱེས་བུར་མཚན་བཏགས་ཏེ་མཚན་གཉིས་པའོ། །དེ་ནས་རྒྱལ་བུ་དེ་གྱད་དང་། མཆོངས་དང་། བང་དང་། འཕོངས་དང་། རྩལ་ལ་སྦྱངས་པས་ཤིན་ཏུ་འབྱོངས་ཏེ། མཁར་ཁྱིམ་ཐམས་ཅད་ལ་མཆོངས་པས། སྤྱིར་ཨོ་རྒྱན་དེ་ན་ཁང་ཐོག་ཏུ་བྱ་ཁྭ་ཏ་བབས་ན་ལྟས་ངན་དུ་བྱེད་པས་དེ་བསྲུང་བའི་ཕྱིར་ལྕགས་ཀྱི་ཁ་ཊྭཱཾ་ག་བཙུགས་ཡོད་པ་ལ་རྐང་པ་རེག་པས་འགྱེལ་ཏེ་བྲམ་ཟེའི་ཕྲུ་གུ་གཅིག་ལ་ཕོག་ནས་ཤིའོ། །དེར་རྒྱལ་སྲིད་སྐྱོང་བའི་རྒྱལ་པོ་དེས་ཆད་ལས་ཕབ་པར། རྒྱལ་པོ་ཡིན་པས་མཐའ་ལ་སྤྱུགས་པར་བྱའོ། །དེར་ཡབ་ལ་ཕྱི་ཕྱག་བྱས་པ། ཕ་མེད་མ་མེད་རྒྱ་མཚོའི་གླིང་ལས་སྐྱེས། །རྒྱལ་པོས་ཐུགས་ལ་དགོངས་ནས་སྲས་སུ་བྱས། །སྔོན་གྱི་ལས་ཀྱིས་གྲོགས་མཆོག་སུག་པར་ལྷུང་། །ཁྲིམས་དང་འགལ་བར་མི་བྱེད་ཅི་བདེར་མཆིས། །བྱས་པས། ཡབ་ཀྱིས་སྲས་ལ་ལན་དུ། རྒྱ་མཚོའི་གླིང་ལས་སྐྱེས་པའི་ཁྱད་པར་ཅན། །བུ་ཡིས་ཕོངས་པས་སྲས་ཀྱི་དམ་པར་བླངས། །དྲེགས་སྤྱོད་རྩེ་མོའི་དབང་གིས་བྲམ་ཟེ་བཀུམ། །ཁྲིམས་དང་འགལ་བར་མ་བྱེད་ཅི་བདེར་གཤེགས། །གསུངས་ནས། དེར་རི་བོའི་ངོགས་ལ་ཕྱིན་ཏེ་སྲིན་པོའི་སྤྱོད་པ་སྦྱོར་སྒྲོལ་ལ་ཞུགས་ཏེ། ཕོ་བྱུང་བ་བསད། མོ་བྱུང་བ་སྤྱད་པས། བདུད་དང་། སྲིན་པོ་དང་། གཅན་གཟན་ཐམས་ཅད་དབང་དུ་འདུས་སོ། །དེའི་དུས་སུ་སྲིན་པོ་ཤཱནྟ་རཀྵི་ཏ་བྱ་བར་གསང་མཚན་བཏགས་ཏེ་གསུམ་པའོ། །ཡང་རྒྱལ་སྲིད་སྐྱོང་བའི་རྒྱལ་པོ་དེ་ན་རེ། འདིས་ཡང་དང་ཡང་དུ་རྒྱལ་སྲིད་ཉམས་པར་བྱས་སོ་ཟེར་ཏེ། འཕྲང་གཅིག་ཏུ་ཁོ་རང་གི་སྲས་འཕོངས་རྩལ་ཅན་གཅིག་ལྕགས་མདའ་ལྕགས་གཞུ་བཀང་ནས་བཞག །མི་གཞན་གྱིས་རི་བཤུས་ཏེ། དེར་ཤཱནྟ་རཀྵི་ཏས་གཞུ་མ་བརྡུངས་པར་བྲོས་པ་དང་། སྔར་གྱི་རྒྱལ་པོ་ལྕགས་གཞུ་འགེངས་བའི་བར་ལ་རཀྵི་ཏས་གཞུ་བརྡུངས་པ་དང་འགེངས་ཟིན་ཏེ། རྒྱལ་བུ་དེ་མིག་ཏུ་བརྒྱུ་པས་བསད་དེ་ཤོར་རོ། །དེའི་དུས་སུ་བདུད་ཤོར་བ་གཞོན་ནུར་མཚན་བཏགས་ཏེ་གསང་མཚན་བཞི་པའོ། །དེ་ནས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བྱོན་ནས། རོ་རེ་རེ་ལ་ཆང་བན་རེ་དང་ཟན་དང་ཤ་ལྷུ་ལྔ་ལྔ་ཡོད་པ་དེ་ཟོས། རོ་རས་གྱོན་པ་དང་། མཇུག་ཏུ་རོ་བཤས་ཏེ་ཤ་ཁྲག་ཟོས་པ་དང་། ཡང་བདུད་ཤོར་བ་གཞོན་ནུ་འདུག་ཟེར་ནས་རི་བཤུས་ནས་བཏོན་ནོ། །དེར་སྐྱོ་བ་སྐྱེས་ནས་སློབ་དཔོན་ཆེན་པོས་སངས་རྒྱས་གསང་བ་ཅན་དུ་འོངས་ནས། རབ་ཏུ་བྱུང་བའི་མཚན་ཤཱཀྱ་བཤེས་གཉེན་དུ་བཏགས་ཏེ་གསང་མཚན་ལྔ་པའོ། །དེའི་དུས་སུ་བལ་པོ་ཤཱི་ལ་མཉྫུ་དང་། བི་མ་ལ་མི་ཏྲ་གཉིས་ཀྱང་རབ་ཏུ་བྱུང་སྟེ། ཤཱཀྱ་པྲ་བྷ་དང་། ཤཱཀྱ་མི་ཏྲར་བཏགས་སོ། །དེ་ནས་ཁོང་གསུམ་གྱིས་སློབ་དཔོན་པྲ་བྷ་ཧ་སྟི་རྩལ་ལ་ཕུར་པ་ཞུས་སོ། །རྟོགས་པ་མི་འདྲ་བ་གསུམ་བྱུང་སྟེ། གཞུང་གཅིག་ཏུ་བཀོད་པས་རྡོ་རྗེ་ཕུར་པ་རྣམ་གསུམ་སྐོར་ཞེས་གྲགས་སོ། །དེ་ནས་ཤཱཀྱ་བཤེས་གཉེན་དེས་ཀྱང་མ་ཚིམས་ཏེ། དུར་ཁྲོད་བསིལ་བའི་ཚལ་ན་མཁའ་འགྲོ་མ་བདེ་བའི་འཁོར་ལོ་ཞེས་བྱ་བ་དཔལ་རྡོ་རྗེ་གཞོན་ནུ་དངོས་ཀྱི་སློབ་མ་ཞིག་ཡོད་ཟེར་ནས། དེར་བྱོན་པས་མཁའ་འགྲོ་མའི་གཡོག་མོ་ཆུ་འཆུ་བ་དང་འཕྲད་པས། ཕྲིན་བསྐུར་བས་བྲོས་པ་ལ་ཆུ་བན་དང་ས་སྦྱར་རོ། །མོ་ན་རེ། ཁྱོད་རྫུ་འཕྲུལ་སྟོན་ན་ངས་སྟོན་ཟེར་ནས། བྲང་མཛུབ་མོས་ཁ་ཕྱེ་ནས། རྡོ་རྗེ་ཕུར་བུའི་དལ་གསུམ་འདུག་པ་བསྟན་ནོ། །མོས་ཀྱང་ཌཱ་ཀི་མ་ལ་ཕྲིན་བྱས་པས། པད་འབྱུང་ཡིན་གྱི་ཡར་ལ་ཁུགས་བྱས་པས། པད་འབྱུང་གིས་མཁའ་འགྲོ་མའི་དྲུང་དུ་ཕྱིན་པ་དང་། ཌཱ་ཀིས་པད་འབྱུང་ཧཱུཾ་ཞིག་ཏུ་བཞུས་ནས་ཤངས་ཁུང་དུ་རྔུབས་ཏེ། ཌཱ་ཀིས་སྤྱི་བོ་བདེ་ཆེན་དུ་ནུབ་གཅིག་བཞག །བུམ་པའི་དབང་བསྐུར། ལུས་ཀྱི་དྲི་མ་དག་པར་བྱས། སྐུའི་དངོས་གྲུབ་བྱིན། སྤྲུལ་སྐུ་ཐོབ་བོ། །ནུབ་གཉིས་པ་མགྲིན་པར་བཞག །གསང་དབང་བསྐུར། ངག་གི་དྲི་མ་དག །གསུང་གི་དངོས་གྲུབ་བྱིན། ལོངས་སྐུ་ཐོབ་བོ། །ནུབ་གསུམ་པ་སྙིང་ག་ཆོས་འཁོར་དུ་བཞག །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། སེམས་ཀྱི་དྲི་མ་དག་པར་བྱས། ཐུགས་ཀྱི་དངོས་གྲུབ་བྱིན། ཆོས་སྐུ་ཐོབ་བོ། །ནུབ་བཞི་པ་གསང་བར་བཞག །དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །བདེ་ཆེན་གྱི་སྐུ་ཐོབ་བོ། །ཌཱ་ཀི་ནཱིའི་གསང་བའི་པདྨ་ནས་བཏོན་པས་གསང་མཚན་པདྨ་སཾ་བྷ་ཝར་བཏགས་ཏེ་གསང་མཚན་དྲུག་པའོ། །དེ་ནས་ཌཱ་ཀི་མའི་གཡོག་མོ་ཕྱག་རྒྱར་སྣང་སྟེ། ཐོད་པའི་ཕྲེང་བ་དང་། རུས་པའི་རྒྱན་དྲུག་བཏགས་ནས་སྤྱོད་པ་བྱས་པས། གསང་མཚན་པདྨ་ཐོད་ཕྲེང་དུ་བཏགས་ཏེ་གསང་མཚན་བདུན་པའོ། །དེའི་དུས་སུ་དང་པོའི་ཨོ་རྒྱན་གྱི་ཡུལ་དུ་བྱོན་པས། སྔོན་གྱི་རྒན་མོ་གཅིག་གིས་ངོ་ཤེས་ཏེ། འདིས་སྔོན་ཉེས་པ་མང་པོ་བྱས་པ་ཡིན་ཟེར་ནས། མེ་ལ་ཏིལ་མར་བྱུགས་པ་དང་། ཙནྡན་གྱི་ཤིང་ལ་མེ་སྤར་ཏེ་བསྲེགས་པ་ལས། སྔོན་གྱི་མ་དེས་མཐོང་སྟེ། སྔོན་ཡང་སྤྱུགས་པའི་སྡུག་བསྔལ་སྤྱོད། ད་ལྟ་མེ་ལ་འཆི་དུས་མེད། །ཟེར་ཏེ་བལྟར་ཕྱིན་པས་མེ་མདག་གི་ར་བ་ལས་མ་ཐར་རོ། །དེ་ནས་ཞག་བདུན་དུ་མེ་མ་ཤི། དེ་ནས་མི་རྣམས་ཀྱིས་བལྟར་ཕྱིན་པ་དང་། མཚོ་ཆུང་ཞིག་གི་ནང་ན་པདྨའི་སྡོང་པོ་ཞིག་སྐྱེས། དེའི་སྟེང་ན་སྐུའི་ཟིལ་པ་ཕྲོམ་མེར་བཞུགས་པ་མཐོང་ནས། མས་སྨྲས་པ། རྒྱལ་བུ་རྡོ་རྗེ་བདུད་འདུལ་ནི། །ད་ལྟ་རྡོ་རྗེ་འཆང་དུ་བཞུགས། །ཞེས་ཟེར་རོ། །མི་རྣམས་ངོ་མཚར་སྐྱེས་ཏེ། ཀྱེ། མི་ལས་ལྷག་གྱུར་ངོ་མཚར་ཆེ། །སྤྱོད་པ་རྨད་བྱུང་ངོ་མཚར་ཆེ། །རྫུ་འཕུལ་མཆོག་ལྡན་ངོ་མཚར་ཆེ། །མཐུ་སྟོབས་དཔག་མེད་ངོ་མཚར་ཆེ། །ཟེར་ཏེ། པདྨ་དང་མཚོ་ལས་སྐྱེས་པས་མཚོ་སྐྱེས། མེས་མ་ཚིག་པས་རྡོ་རྗེ། སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེ་བྱ་བར་བཏགས་ཏེ་གསང་མཚན་བརྒྱད་པའོ། །དེ་རྣམས་ནི་གུ་རུའི་སྐྱེ་རྒྱུད་དོ། །གཉིས་པ་མཛད་པའི་ལས་ཐབས་ལ་གསུམ་སྟེ། དང་པོ་མཐུ་དང་དངོས་གྲུབ་ཇི་ལྟར་བརྙེས། བར་དུ་སྡེ་བརྒྱད་གདུག་པ་ཅན་གང་ལྟར་བཏུལ། ཐ་མ་བསམ་ཡས་ཀྱི་ས་འདུལ་དང་རབ་གནས་ཇི་ལྟར་མཛད་པ་དང་གསུམ་མོ། །དང་པོ་ནི། རུའི་སྔར་གྱི་གྲོགས་པོ་ཤཱཀྱ་མི་ཏྲ་དང་། ཤཱཀྱ་པྲ་བྷ་གཉིས་ཀྱང་བྱུང་སྟེ། ཁོང་གསུམ་གྱིས་བགྲོས་པས། ཨ་སུ་རའི་བྲག་ཕུག་རྫས་མོད་པ་སིདྡྷི་ཉེ་བ་འདིར་བསྒྲུབ་དགོས་བྱས་ཏེ། དེར་བསྒྲུབས་པ་ལས། གྲུབ་རྟགས་རབ་འབྲིང་ཐ་གསུམ་བྱུང་སྟེ། རབ་ཕུར་པ་གཅིག་ནམ་མཁའ་ལ་ལྡིང་བ་དེ། རུ་པདྨ་འབྱུང་གནས་ཀྱིས་བླངས་ཏེ། ཙནྡན་གྱི་ནགས་ལ་བརྒྱབས་པས་ཐུལ་གྱིས་ཚིག་ནས་སླར་ལ་ལོ་འདབ་འཁྲུངས་སོ། །དགོས་པ་ཅི་ཡོད་ན། དེའི་གསེབ་ན་མུ་སྟེགས་ཀྱི་གནས་ཁང་ཡོད་པ་དེ་བཅོམ་པའོ། །ཡང་རྟགས་འབྲིང་ཕུར་བ་གཅིག་མཎྜལ་སྟེང་ན་འགུལ་ཞིང་འཕར་བ་ཞིག་བྱུང་། དེ་བི་མ་ལས་བླངས་ཏེ་ཆུ་བོ་གངྒཱ་ལ་བཏབ་པས་ཆུ་བོ་ཆད་དོ། །དེ་ལ་དགོས་པ་ཅི་ཡོད་ན། ཀླུ་ནོར་རྒྱས་བྱ་བ་མུ་སྟེག་པ་ལ་འཚོ་བ་སྟེར་བ་ཞིག་ཡོད་པས་དེ་གཞོམ་པའོ། །ཡང་རྟགས་ཐ་མ་ཕུར་པ་ཞིག་འཛུམ་ཞིང་རྒོད་པ་ཞིག་བྱུང་བས། དེ་ཤཱི་ལ་མཉྫུས་བླངས་ཏེ། མཁར་གོང་གི་བྲག་ལ་བཏབ་པས་ཕྱེ་མར་ཕུང་གིས་སོང་། དེ་ལ་དགོས་པ་ཅི་ཡོད་ན། དེ་ལ་ཐེའུ་རང་གི་ཕོ་བྲང་ཡོད་དེ་མུ་སྟེགས་ལ་མངོན་ཤེས་སྟོན་པ་ཡོད་པས་དེ་རྣམས་བཏུལ་བ་ཡིན་ནོ། །ཡང་དེ་གསུམ་གྱི་གསང་མཚན་ནི། སློབ་དཔོན་བློ་ལྡན་མཆོག་སྲེད་རྩལ། དྷ་ན་སཾ་སྐྲྀ་ཏ། དཱ་ན་ཨུ་པ་ཡ་གསུམ་པོ་དེས་རྒྱ་མཚོའི་གླིང་ལ་བསྒྲུབས་པས་སྟེང་གཟའ་དང་རྒྱུ་སྐར་གྱི་ཐོག་སེར་ཕབ། འོག་ཀླུ་དང་ས་བདག་གིས་རྒྱ་མཚོ་ལུད་དུ་བཅུག །བར་སྣང་གི་ལྷས་དུས་མ་ཡིན་པའི་ཆར་དུ་རླུང་ནག་བཏང་བས། སློབ་དཔོན་པ་ཐུགས་ཁྲོས་ཏེ། ཕུར་པ་ཞིག་གནམ་ལ་བསྒྲིལ་བས། གནམ་གྱི་གཟའ་སྐར་ཐམས་ཅད་ཐང་ལ་ལྷུང་ངོ་། །ཕུར་པ་ཞིག་མཚོ་ལ་བཏབ་པས། མཚོ་སྐེམས་ཏེ་ཀླུ་ཕྲུག་ཚོ་ཆོ་ངེས་དིར་གྱིས་སོང་ངོ་། །ཕུར་པ་ཞིག་བར་སྣང་ལ་བཏབ་པས་བར་སྣང་ལྷ་དང་དྲི་ཟ་རྣམས་ས་ལ་ལྷུང་སོང་སྟེ། སྲོག་སྙིང་ཕུལ་གུས་པས་བཏུད་དོ། །དེ་ནས་ཡང་རུ་དེ་རྣམས་ཀྱི་བལ་ཡུལ་ཡང་ལེ་ཤོད་དུ་བྱོན་པ་དང་། སྲོད་ཐུན་ལ་གུ་རུའི་དབུགས་ཐུམས་རྔུབས་པ་ཞིག་བྱུང་། ཕྱག་གིས་བྱུགས་པས་ཅི་ཅིག་འདྲ་བ་ཞིག་ཟིན་པ་སྙམ་བྱེད་དེ། ཟ་མ་ཏོག་ཏུ་བཅུག་སྟེ་མུ་དྲས་རྒྱས་བཏབ་པ་ལས། ནངས་པར་བལྟས་པས་བུད་མེད་བཟང་མོ་བཞི་འདུག་སྟེ་སུ་ཡིན་དྲིས་པས། བསེའི་ལྷ་མོ་བྱ་བ་ཡིན་ཟེར། ཁྱོད་ཅི་འདོད་བྱེད་པས། ང་གླིང་བཞིའི་སྲོག་དབུགས་འདོད་ཟེར། དེར་ཕྱག་རྒྱས་བསྡམས་པ་དང་། སྲོག་སྙིང་ཕུལ། གསང་མཚན་རེ་རེ་བཏགས། རྟ་རེ་རེ་བསྐྱོན། ཡང་ཕུར་སྲུང་མར་དབང་བསྐུར་མཐུ་ཆེ་བར་འདུག་ནས་ཡུལ་སོ་སོར་བཀར་ནས་བཞག་གོ། །ཡང་ནམ་ཕྱེད་ཙམ་ན་བུད་མེད་ནག་མོ་རལ་པས་ས་གཞི་ཁེབས་པ་མང་པོ་ཁ་ནས་ནད་ཀྱི་ཁ་རླངས་འདོན་པ་ལག་ན་མཚོན་གྱི་གྲུ་གུ་ཐོགས་པ་བྱུང་བ་ལ་ཁྱོད་སུ་ཡིན་ཅི་འདོད་བྱས་པས། ང་བདག་ཉིད་ཆེན་མོ་བྱ་བ་ཡིན། ཁམས་གསུམ་གྱི་སྲོག་དབུགས་འདོད་ཟེར། དེར་ཕྱག་རྒྱ་བསྡམས་ཏེ་སྔགས་དང་ཕུར་བུས་གཟིར་བས། ཡང་སྲོག་སྙིང་ཕུལ། ཡང་ཕུར་སྲུང་མར་དབང་བསྐུར་རོ། །ཡང་ཐོ་རངས་ཁ་ཟངས་ཀྱི་ཝ་མོ་ལ་ཟངས་ཀྱི་བུད་མེད་ཆེན་པོ་ཞོན་པ་འཕར་སྤྱང་རོལ་དུ་ཁྲིད་པ་བྱུང་། སུ་ཡིན་དྲིས་པས་ང་ཤྭ་ན་མུ་ཁ་བྱ་བ་ཡིན། ཅི་འདོད་བྱས་པས། ང་སྟོང་གསུམ་གྱི་སྲོག་དབུགས་འདོད་ཟེར། ཡང་ཕྱག་རྒྱས་བསྡམས་ཏེ་གཟིར་བས། སྲོག་སྙིང་ཕུལ། ཡང་ཕུར་སྲུང་མར་དབང་བསྐུར་རོ། །དེ་ནས་ཡང་སྐྱེས་བུ་ཞུབ་དཀར་ཅན་མང་པོ་བྱུང་། སུ་ཡིན་ཅི་འདོད་བྱས་པས་སྐྱེས་བུ་གིང་ཡིན། གློ་བུར་ཡེ་འདྲོག་འདོད་ཟེར། ཕྱག་རྒྱས་བསྔམས་ཏེ་གཟིར་བས་སྲོག་སྙིང་ཕུལ། ཡང་ཕུར་སྲུང་མར་བཀོད་ནས་བཞག་གོ། །དེ་ཡང་ཤྭ་ན་མ་འདས་པའི་མ་མོ་བདག་ཉིད་མ་འདས་མ་འདས་མཚམས་ཀྱི་མ་མོ། བསེ་མོ་བཞི་འཇིག་རྟེན་པའི་མ་མོ་ཡིན་ཏེ། དེ་ལྟར་སློབ་དཔོན་གསུམ་པོས་གྲུབ་པ་དེ་ལྟར་བརྙེས་པའོ། །གཉིས་པ་བར་དུ་གདུག་པ་ཅན་ཇི་ལྟར་བཏུལ་ན། དེ་ལྟར་གསང་བའི་མཚན་བརྒྱད་དང་ལྡན་པ། ཚེ་ལ་དབང་བའི་རིག་འཛིན་ཐོབ་པ་དེས། ཨོ་རྒྱན་ན་བཞུགས་པ་ལས་དུས་དེ་ཙམ་ན་བོད་ཡུལ་དབུས་ནས། དབུས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་བཞེངས་ནས། ལྷ་འདྲེས་བརྩིག་ཏུ་མ་སྟེར་བ་དང་། དབས་མཉྫུ་པཎྜི་ཏ་ནུས་པ་ཅན་ཚོལ་དུ་བཏང་བས་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་མཚོ་མ་ཕམ་ལ་ཐིག་བཏབ། ཚོན་བཀྱེ་ནས་དཀྱིལ་འཁོར་ཆེན་པོ་བཞེངས་ཏེ། སྡེ་བརྒྱད་ལ་དབང་བསྐུར་གྱི་འདུག་ནས་ཞྭ་ཕུད་པས། ང་ལ་དེའི་ནུས་པ་མེད། ངའི་སློབ་མ་པད་འབྱུང་ཁུགས་ཟེར་ནས། རྒྱལ་པོ་ལ་སངས་རྒྱས་གསང་བས་ཆོས་ལྔ་སྐྱེས་སུ་བསྐུར་རོ། །དེ་ཡང་ཁྲི་སྲོང་ལྡེའུ་བཙན། བོ་དྷི་ས་ཏྭ། པད་འབྱུང་གསུམ། སྔོན་ཕག་ཕྲུག་གསུམ་དུ་སྐྱེས་ནས། དྲང་སྲོང་གྲུབ་ཐོབ་གཅིག་གི་མཆོད་རྟེན་ལ་ཤིག་ཕྲུགས་པས་སེར་ཁ་བསུབ་པས། དེའི་སྐྱེ་བ་ཕྱི་མ་ལ་ཕག་རྫི་གསུམ་དུ་སྐྱེས་ཏེ། མཆོད་རྟེན་གྱི་སེར་ཁ་ལ་གཅིག་གིས་འབོག་དུག་བརླན། གཅིག་གིས་མི་མཛེས་ཟེར་ཏེ་བསལ། གཅིག་གིས་འཇིམ་པ་བྱུགས་པས། དེའི་སྐྱེ་བ་ཕྱི་མ་ལ་བྲམ་ཟེ་སྤུན་གསུམ་དུ་སྐྱེས་ནས་འཇིམ་པའི་མཆོད་རྟེན་བཞེངས་ནས་སྨོན་ལམ་བཏབ་པས། གཅིག་གིས་གཙུག་ལག་ཁང་བཞེངས་པའི་ཡོན་བདག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ། གཅིག་གིས་དེའི་ས་འདུལ་བར་། གཅིག་གིས་དེའི་རབ་གནས་བྱེད་པར་སྨོན་ལམ་བཏབ་པས། སྨོན་ལམ་མཐའ་བཙན་པའོ། །དེར་རྒྱལ་པོ་ཁྲི་སྲོང་གིས། རུ་པད་འབྱུང་ཨོ་རྒྱན་ན་བཞུགས་པ་ལས། སྣ་ནམ་རྡོ་རྗེ་བདུད་འཇོམས། འཆིམས་ཤཱཀྱ་པྲ་བྷ། ཤུད་བུ་དཔལ་གྱི་སེང་གེ། གཉགས་ཛྙཱ་ན་ཀུ་མཱ་ར་བཞི་སྤྱན་འདྲེན་དུ་བཏང་བ་ལས། རུ་པད་འབྱུང་གི་ཐུགས་ལ་ཤར་ནས། སྔུན་བསུར་བྱོན་པ་ལས། གཙང་ཁ་ལ་ལ་ཐོག་ཏུ་མཇལ། ང་ཡིན་ནོ་གསུངས་ནས། སྤྱན་འདྲེན་མི་བཞི་པོ་དགའ་ནས་བསྙུན་སྨེད་པ། ཀྱེ། མི་ལས་ལྷར་གྱུར་རྡོ་རྗེ་འཆང་གི་སྐུ། །འགྲོ་བའི་དཔལ་གྱུར་ཁམས་གསུམ་ས་ལེར་མཁྱེན། །དངོས་གྲུབ་མཆོག་བརྙེས་ཁྱེད་སྐུ་མ་བསྙེལ་ཏམ། བྱས་པས། རུས་ལན་དུ། བསྒོམ་དུ་མེད་པའི་ཆོས་ཉིད་ཟབ་མོ་ལ། །བརྗོད་དུ་མེད་པའི་སྨྲ་བསམ་ཡུལ་ལས་འདས། །བཟུང་དུ་མེད་པའི་ཕྱག་རྒྱ་ལུས་ལ་རྫོགས། །སྐུ་གསུང་ཐུགས་ལྡན་བདེ་བ་ཆེན་པོའི་ངང་། །གསུངས་སོ། །དེའི་དུས་བརྟན་མ་བཅུ་གཉིས་ན་རེ། རུ་འདི་བོད་དུ་སོང་ན་བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ནས་བྲན་དུ་ཁོལ་དུ་ཡོང་པས། ད་ལྟ་ལུང་པ་ཁ་སྲུབས་ནས་བསད་ཟེར་ཐོག་ཟེར་ཕབ་པས། རུའི་དབུ་ཞྭའི་སྟེང་དུ་སོལ་དུམ་བཅུ་གཉིས་སུ་སོང་། རུས་མཁྱེན་ཏེ་རི་བོའི་ཟོམ་ལ་བྱོན་ནས། སྲིད་པའི་མ་མོ་མུ་ཙ་མ་བྲོས་པ་དེད་པས། གནམ་མཚོ་ཕྱུག་མོ་ལ་བྲོས་པས། རུས་སེམས་ཅན་གཞན་ལ་མི་གནོད། མོ་ལ་གནོད་པའི་སྔགས་ཕུར་པར་བཏབ་ནས་འཕང་བས། མཚོ་ལན་གསུམ་ཁོལ་ནས་རུས་པ་དཀར་ཟད་བྱུང་བས། གངས་དཀར་ཤ་མེད་རྡོ་རྗེ་གཡུ་སྒྲོན་དུ་མིང་བཏགས། སྲོག་སྙིང་ཕུལ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་སུ་བཀོད་དོ། །དེ་ནས་ཁ་ལ་རོང་སྒོར་སླེབ་ཙ་ན། བྲག་དམར་སྲིན་པོའི་ཕྱག་བརྙན་ལ་བདུད་དམག་དཔོན་སྒྲོལ་གིང་། འབར་ནག །ཤ་ཟ་ནག་པོ། གུ་ལང་ནག་པོ། ཁུ་ལེ་ལག་དགུ། འཛམ་གླིང་སྐྱེས་གཅིག་ལ་སོགས་པས་བསུས་ནས། ཆོ་འཕྲུལ་སྣ་ཚོགས་བསྟན་པ་དང་། རུས་ཕྱག་རྒྱས་བསྡམས་ཏེ་གཟིར་བས། ཐམས་ཅད་ཀྱིས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས་སོ། །དེ་ནས་ལ་སྟོད་བྱང་ནས་མར་བྱོན་པས། བྲག་ཟང་ཟིང་དང་མཚོ་མོ་འཁུན་འཁུན་བྱ་བའི་ཀླུས་མ་བཟོད་དེ། ཆོ་འཕྲུལ་སྣ་ཚོགས་བསྟན། རུའི་ཆིབས་བརྐུས་པས། རུས་སེར་བ་ཕབ་པས་སེར་བ་རྟའི་མགོ་ཙམ་བྱུང་ནས། སྲོག་སྙིང་ཕུལ་ལོ། །དེ་ནས་སྟོད་ལུང་དུ་བྱོན་པ་དང་། ཐང་ལྷས་ཆོ་འཕྲུལ་བསྟན་པས། རུས་རྡོ་རྗེ་བརྒྱབས་པས་སྐེད་པ་སྐྱོགས་སོང་བས་གངས་ཀྱང་སྐྱོག་པོར་ཡོད་དོ། །རུའི་གུར་དཀར་ལ་ཐང་ལྷས་ཐོག་ཕབ་པས། ཡར་ལ་ལོག་གིན་ཞུར་ཞུར་སོང་བས་ན་ཡར་ཞུར་ཞེས་བྱའོ། །ཡང་རུས་གངས་ལ་ཏིང་ངེ་འཛིན་གྱི་མེ་སྦར་བས། གཡའ་ནག་ལྷང་ལྷང་ཞུ་བས་ཀྱང་ཐང་ལྷས་ཡར་ཞུར་རོ། །དེའི་ནངས་པར་ཐང་ལྷ་ཁྱེའུ་ཆུང་རལ་པ་ཅན་ཞིག་ཏུ་བྱས་ནས། བདག་ནི་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས་ཀྱང་བགྱི། གཉན་ཆེན་ཐང་ལྷ་ཞེས་ཀྱང་བགྱི་བས་སྲོག་སྙིང་ཕུལ། གྲོ་དང་གསེར་ཕྱེ་བྲེ་གང་ཕུལ་ལོ། །དེ་ནས་སྟོད་ལུང་གཞོང་པར་མཐུ་ཆུ་བཏོན་གྱིན་བྲོ་བཏབ་བོ། །དེ་ནས་ཀླུ་མ་དྲོས་གཟི་ཆེན་གྱིས་བསྡོས་པས་མ་ཐུབ་སྟེ། གྲོ་དང་། གསེར་ཕྱེ་བྲེ་གང་ཕུལ། སྲོག་སྙིང་ཕུལ་ནས་འཇུས་སོ། །གཞན་ཡང་གནམ་མཚོ་ཕྱུག་མོའི་ཁར་བདུད་པོ་ཉི་ཁྲི་ཆིག་སྟོང་བཏུལ། དེ་རྣམས་ཀྱི་ནང་ནས་གཟའ་མིག་དམར་ལ་སོགས་པ་བཞི། བཙན་ཟླ་བ་གདོང་ལ་སོགས་པ་བཞི། ཀླུ་རྡོ་རྗེ་ཐོད་དཀར་ལ་སོགས་པ་བཞི། རེ་སྡེ་འགོང་ཡག་ལ་སོགས་པ་བཞི་རྒྱལ་པོ་འོད་ལྷ་དཀར་པོ་ལ་སོགས་པ་བཞི། རྡོ་རྗེ་ལེགས་པ་ལ་སོགས་པ་བཞི། དེ་རྣམས་རྡོ་རྗེ་ཕུར་པའི་སྲུང་མར་བཀོད་དོ། །ཐ་མ་ཇི་ལྟར་བསམ་ཡས་བཞེངས་པ་ནི། དེ་ནས་བསམ་ཡས་སུ་སླེབས་པ་དང་། རྒྱལ་པོ་དང་། རུ་གཉིས་ཕྱག་ལ་འཁངས་པས། རུས་རྒྱལ་པོའི་ཕྱག་འཁར་ལ་ཕྱག་གཅིག་མཛད་པས་དུམ་བུ་བརྒྱར་སོང་བས། དེར་རྒྱལ་པོས་ཕྱག་བྱས་སོ། །དེ་ནས་རྩིག་པའི་གསེབ་ཏུ་བཟླས་ཡུངས་གཏོར་བས་མེ་འབར་རོ། །དེ་ཡང་རྒྱལ་པོ་པེ་དཀར་འདི་ཀླུ་ཚ་གཟའ་མ་ཏི་བྱ་བ་ཡིན་པས། ས་གཞི་ཐམས་ཅད་ཞང་པོ་ཀླུས་དབང་བ་ལ། མིས་འཕྲོག་པ་ལ་མ་བཟོད་ནས་འཁོར་ཐེའུ་རང་སྟོང་སྡེ་བཤིག་ཏུ་བཏང་བས། དེར་ཕྱིན་པས་མེ་འབར་ནས་འགོང་པོ་སྤུན་དགུ་ལ་རྗེ་ཅིག་ལགས། གཞིག་པའི་བརླག་མི་གདའ། འདུ་འཕྲོ་མེ་ལྟར་འབར། ཚྭ་ཚྭ་སྐར་ལྟར་འཁྲུག་ཅིང་གདའ་ཟེར་རོ། །དེར་འགོང་པོ་སྤུན་དགུས་ཀྱང་བཤིག་ཏུ་ཕྱིན་པས། མེ་འབར་ཏེ་པེ་དཀར་ལ་སྔར་ལྟར་ཟེར་རོ། །དེར་པེ་དཀར་རང་གིས་ཕྱིན་པས་ཀྱང་མེ་འབར་ཏེ་མ་ཤིགས་པས། འདི་ཅི་ལས་གྱུར་སྙམ་པ་དང་། དེ་རིང་གི་མོན་བུ་ཨ་ཙརྻ་དེ་ཡིན་སྙམ་ནས་སྔགས་ཅི་ཟློས་སམ་སྙམ་སྟེ་ཉན་དུ་ཕྱིན་པས། རུས་མཁྱེན་ཏེ་ཉན་པའི་རྣ་བ་ལ་ཕུར་པ་ཞིག་བཏབ་པས་རྣ་བ་འོན། ལྟ་བའི་མིག་ལ་ཕུར་པ་ཞིག་བཏབ་པས་མིག་ལོང་། རྐང་པ་ལ་ཕུར་པ་ཞིག་བཏབ་པས་རྐང་པ་ཞ་ནས་དེར་འགོང་པོ་སྤུན་དགུས་ཀྱང་ཁྱོགས་ལ་བཏེགས་ནས་སོང་ངོ་། །དེར་ཁོས་ཞང་པོ་ཀླུ་ལ་ས་གཞི་ཐམས་ཅད་མོན་བུ་ཨ་ཙ་རས་ཕྲོགས། ངའང་འདི་ལྟར་བཏང་ནས། ད་ཁྱོད་སྡོད་དམ་བྱས་པས། ཀླུ་རྣམས་ལས་དབང་མ་དྲོས་པ་ཆེ་བས། ངེད་ཀྱིས་ཁ་ནིང་དུས་ས་གཞི་དང་སྲོག་སྙིང་ཕུལ་བ་ཡིན་ནོ། །ད་ཁྱོད་རང་ཡང་སྐྱབས་སུ་སོང་ཟེར་ཏེ། དེར་རྒྱལ་པོ་པེ་དཀར་གྱིས་ཀྱང་སྲོག་སྙིང་ཕུལ། གཡོག་ཏུ་ཁས་བླངས་སོ། །དེར་ལྷ་མ་སྲིན་ཐམས་ཅད་རུས་དམ་ལ་བཏགས་པས། ལྷ་འདྲེ་ཐམས་ཅད་ཀྱིས་བསམ་ཡས་ཀྱི་བརྩིགས་གྲོགས་བྱས་པ་ནི། ཉིན་མོ་མིས་བརྩིགས་པ་ལས། ནུབ་མོ་ལྷ་འདྲེས་བརྩིགས་པ་མཐོ་བར་བྱུང་ངོ་། །ཕུབ་ཀྱི་དུས་ཙ་ན་སེང་ལྡེང་གི་གདུང་མགོ་ལ་བཙུགས་ནས་སྐྱེལ་བ་མང་དུ་བྱུང་། ལྕགས་བཟོའི་དུས་ན་ལྕགས་ནག་ཚུགས་པ་རུ་ཁུར་ནས་སྐྱེལ་བ་བྱུང་སྤྲུལ་པའི་ལྷ་བཟོ་བ་མང་དུ་བྱུང་དེ་ལྟར་དཔལ་གྱི་བསམ་ཡས་ལྷུན་གྱིས་གྲུབ་པ་དང་རུ་བོ་དྷི་ས་ཏྭ་སྤྱན་དྲངས་ནས་པད་འབྱུང་དང་གཉིས་ཀྱིས་རབ་གནས་མཛད་པས། རུ་པས་བསྐོར་བ་མཛད་པའི་དུས་སུ། ལྷ་ཐམས་ཅད་རྒྱབ་ཡོལ་དང་གདན་ཁྲི་བཞག་ནས། རུའི་རྗེས་ནས་བསྐོར་བ་ལན་གསུམ་བྱས་ནས། རང་རང་གི་གདན་ཁྲི་ལ་འཁོད་དོ་སྐད། ཟངས་ཀྱི་ཁྱི་མོ་ལ་རྒྱ་ནག་ཏུ་ཐོས་པའི་སྐད་བྱུང་། དེ་ནས་རྒྱལ་པོ་ལ་སོགས་པ་རྣམས་ལ་གསང་སྔགས་མང་དུ་གནང་། ལྷ་སྲིན་གདུག་པ་ཅན་ཐམས་ཅད་ནི་བཏུལ། བོད་ཁམས་ཐམས་ཅད་བདེ་བ་ལ་བཀོད། འབྲུག་ལོ་དབྱར་ཟླ་ར་བའི་ངོ་ལ། བན་གཞིས་ནི་ཟླ་ཕྱེད་གཉིས་ཀྱི་སྔོན་དུ་བཏང་། ཚེས་བཅུའི་ཉིན་མོ་བཙན་པོ་རྗེ་འབངས་བརྒྱ་ལྷག་ཙམ་ཞིག་གིས་ཞལ་གྱི་ད་ཚལ་དུ་བསྐྱལ་ཏེ་མཁན་པོའི་གུར་ནང་དུ་རྗེས་འབངས་རིམ་པ་ཉི་ཤུས་ཞབས་སྤྱི་བོར་བླངས་ཏེ་ཕྱག་བྱས་པས་དགྱེས་ཏེ། བསྟན་བཅོས་དང་མཛངས་ཡིག་མང་དུ་གསུངས། མགུར་མང་པོ་བཞེངས། དེ་ནས་རྗེ་འབངས་རྣམས་མར་ལོག་གོ། །ལས་སྟབས་ཚར་རོ། །གསུམ་པ་མཐར་ཇི་ལྟར་བརྒྱུད་ལུགས་ལ་གཉིས་ཏེ། གྲུབ་ཐོབ་ཀྱི་བརྒྱུད་པ་དང་། གང་ཟག་ཕལ་པའི་བརྒྱུད་པའོ། །དང་པོ་ནི། ངམ་འབྲེ་གསལ་ལེ། ཅོག་རོ་བཟའ་དཔལ་གྱི་མཆོད་གནས་མ། མཁར་ཆེན་བཟའ་མཚོ་རྒྱལ་གསུམ་གུ་རུའི་ཕྱག་ཕྱི་བྱས་ནས་འབྲངས་སོ། །རུའི་ཞལ་ནས། ཁྱེད་རྣམས་མར་ལོག་གསུངས་པས། དངེད་ཅག་ཕྱག་ཕྱིར་འབྲང་བྱས་པས། རུའི་ཞལ་ནས། ང་གནམ་ལ་བྱ་ལྟར་འཕུར་ནས་འགྲོ་ན་ཁྱེད་རྣམས་ཀྱིས་འོང་ངམ། ས་ལ་བྱི་ལྟར་འཛུལ་ནས་འགྲོ་ན་ཁྱེད་ཀྱིས་འོང་ངམ། ཆུ་ལ་ཉ་ལྟར་འཕྱོ་ནས་འགྲོ་ན་ཁྱེད་ཀྱིས་འོང་ངམ། ང་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་འགྲོ་བ་ཡིན་གསུངས་སོ། །འོ་ན་བདག་ཅག་ལ་ཡང་དག་པའི་གདམས་ངག་ཞུ་བྱས་པས། དེ་ལ་དབང་བསྐུར་དགོས་གསུངས། འོ་ན་དབང་ཡང་བསྐུར་བར་ཞུ་བྱས་པས། དེ་མ་ཐག་ཏུ་ཧཱུྃ་ཧཱུྃ་ཧཱུྃ་གསུངས་པ་དང་། ཡེ་ཤེས་ཀྱི་དལ་གསུམ་དངོས་སུ་བྱུང་ངོ་། །དེར་གུ་རུའི་ཞལ་ནས་ཁྱེད་རྣམས་ཡེ་ཤེས་ལྷ་ལ་དབང་ཞུའམ། ང་ལ་དབང་ཞུ་གསུངས། དེར་ཅོག་རོ་བཟའ་ན་རེ། རུ་ལས་བཀའ་གཉན་ཅིང་དྲིན་ཆེ་བ་མ་མཆིས་ཀྱང་། ཡེ་ཤེས་ཀྱི་ལྷ་དངོས་སུ་བྱོན་པ་འདི་ལ་བདག་ནི་ཡེ་ཤེས་ཀྱི་ལྷ་ལ་དབང་ཞུ་ཟེར། མཁར་ཆེན་བཟའ་ན་རེ། ཡེ་ཤེས་ཀྱི་ལྷ་དངོས་སུ་བྱོན་ཡང་རུའི་ཆོ་འཕྲུལ་ལགས་པས། བདག་ནི་རུ་ལས་དབང་ཞུ་ཟེར། ངམ་འབྲེ་ན་རེ། རུའི་ཐགས་དགོངས་དང་སྦྱར་བ་ཞིག་ཞུ་ཟེར། དེར་རུས་སཾ་ཧ་ར་ཎ་ཧཱུཾ་བྱས་ཏེ་དལ་གསུམ་ཐུགས་ཀར་བསྡུས་པས། ཅོག་རོ་བཟའ་ལ་དབང་བསྐུར་མཁན་མ་བྱུང་སྟེ། ཕྱི་བོན་སྟབས་སུ་བཤད། གྱེར་ཤས་ཆེ། མཐུ་ནི་བྱུང་། བཀྲ་ཡང་ཤིས། ཕུར་པ་ལྕམ་ལུགས་བྱ་བར་གྲགས་སོ། །དེ་ནས་མཁར་ཆེན་བཟའ་དང་ངམ་འབྲེ་གཉིས་ཀ་ལ་གུ་རུའི་དབང་བཞི་རྫོགས་སུ་བསྐུར། དབང་ཆོས་ཞུ་བའི་སྐབས་སུ་མཁར་ཆེན་བཟས་ཞུས་དོན་བཞི་ཞུས་པ་ནི། དངོས་ཅག་བུད་མེད་ཀྱི་ལུས་འདི་བློ་དམན་པས་ཚིག་ཉུང་ལ་དོན་དུ་འདྲིལ་བ་ཞིག་ཞུ། དངོས་ཅག་བུད་མེད་ཀྱི་ལུས་འདི་ཉོན་མོངས་པ་ཆེ་བས་ཉོན་མོངས་པ་འདུལ་བ་ཞིག་ཞུ། དངོས་ཅག་བུད་མེད་ཀྱི་ལུས་འདི་བྱ་བ་ཆེ་བས། གྲུབ་ཐག་ཉེ་བའི་ཆོས་ཞིག་ཞུ། དངོས་ཅག་བུད་མེད་ཀྱི་ལུས་འདི་ཁས་ཉེན་པས་མཐུ་ཆེ་བའི་ཆོས་ཞིག་ཞུ། ཞེས་ཞུས་པས། རུ་དང་པོ་དབང་ཞུ་བ་ལ་མཉེས། དེ་ནས་གདམས་པ་ཞུ་བ་ལ་མཉེས་ཏེ། སྡེར་སྒྲུབ་སྡེ་ཆེན་པོ་བརྒྱད་ལ་ཐུགས་དགོངས་བཏང་བས། དེ་བཞི་ཀ་ཕུར་པ་རྩ་བ་འདི་ལ་ཚང་འདུག་སྟེ། རུའི་ཞལ་ནས་གསང་སྔགས་ཟབ་མོ་འདི་ཆིག་བརྒྱུད་ཡིན་པས་ངས་ཁྱོད་ལ་བཤད་དོ། །ཁྱོད་ཀྱིས་ངམ་འབྲེ་ལ་ཤོད་གསུངས་སོ། །ལུང་སྐོར་ཤཱཀྱ་པྲ་བྷ་ལ་གནང་། མདོ་སྐོར་ཤུད་བུ་དཔལ་གྱི་སེང་གེ་ལ། གསང་སྐོར་རྡོ་རྗེ་བདུད་འཇོམས་ལ། རྩ་སྐོར་ཇོ་མོ་ལ། འདི་ལྷོ་རྒྱུད་དང་བྱང་རྒྱུད་གཉིས། དེ་ལ་མི་ནུབ་རྒྱལ་བའི་སྙིང་པོ། ལོ་སྟོན་དཔལ་གྱི་བློ་གྲོས། འབྲེ་ཀླུ་ཡི་རྒྱལ་མཚན་སོགས་ཀྱི་བར། མཆན། དེ་ནས་རུ་པད་འབྱུང་དེས་སྤ་གྲོ་སྟག་ཚང་སེང་གེ་ཕུག་ནས་ཚེས་བཅོ་ལྔའི་ཉི་མ་ལ་ཁ་ན་ཙེ་རེ་རེ་བ་ལ་ཁད་ཀྱིས་གཤེགས་པ་ལ་སླད་ཀྱི་དྲིས་པས་མང་ཡུལ་དུའང་ཉི་མ་ལ་ཁ་ན་ཙེ་རེ་རེ་བ་ལ་བྱོན་ནས་གདའ་སྐད། བལ་མོ་ཤཱཀྱས་འབྲས་སྐྱེམས་དང་། བུ་རུམ་གྱི་ཞལ་ཟས་དྲངས། དར་མེན་གྱི་ན་བཟའ་ཕུལ་ནས་བཞུགས་པར་ཞུ་བ་ཕུལ་བས་མ་གནང་བར་རྔ་ཡབ་ཀྱི་གླིང་དུ་སྲིན་པོ་འདུལ་དུ་གཤེགས་སོ། །ལོ་བརྒྱ་བརྒྱ་ན་ཁྱེའུ་ལོ་བརྒྱད་པ་རེར་འགྱུར་གྱིན་བཞུགས། ཡང་རབ་ཏུ་བྱུང་། དགེ་ཚུལ་དང་དགེ་སློང་གི་སྡོམ་པ་རྫོགས་པ་དང་ལོ་བརྒྱ་བཞུགས། ཡང་ཁྱེའུ་ལོ་བརྒྱད་པར་གྱུར་གྱིན་ད་ལྟའང་དེ་ཁ་ལྟར་བཞུགས་སོ། །དེ་ལྟར་གྲུབ་ཐོབ་ཆེན་པོ་དེའི་སློབ་མ་ཐམས་ཅད་ཀྱང་གྲུབ་པ་ཐོབ་པ་སྟེ། མཁར་ཆེན་བཟས་མཆིམས་ཕུའི་ནགས་ལ་མེ་ཤོར་བ་ལ་ཕུར་པ་བཏབ་པས་མེ་ཤི་ནས་ནགས་ཚལ་སྐྱེས། མཁར་ཆེན་དཔལ་གྱི་དབང་ཕྱུག་གིས་སྤྱང་ཀི་སྔོན་པོ་ལ་བཟླས་ཉུང་རྒྱབ་པས་སྙིང་ཤུན་ཁུད་དུ་བྱུང་། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་འོན་འཇང་གདོང་གི་བྲག་ལ་ཕུར་པ་བཏབ་པས་འདམ་དུ་བྱིང་བཞིན་སོང་། གཉགས་ཀྱིས་ཡ་གཙང་གི་གཙང་པོ་ལ་ཕུར་པ་བཏབ་པས། ཆུ་ཆད་གྲམ་པ་སྐྱ་སྐྲོག་སོང་། ངམ་འབྲེ་གསལ་ལེས་ཚེ་ལོ་སྟོང་ཐུབ་སྟེ་གསང་སྤྱོད་ལ་བྱོན་པ་དང་། དཔལ་ཆུ་བོ་རིར་ལང་ལབ་བྱང་ཆུབ་རྡོ་རྗེ་ཕ་སྤུན་བཅོ་བརྒྱད་དགྲར་ལངས་པ་དང་མཇལ་བས་སྡུག་གཏམ་བཏང་བས། ངམ་འབྲེས་རྡོ་རྗེ་ཕུར་པ་ཇི་ལྟ་བ་བཤད་དོ། །ལང་ལབ་ཀྱིས་གསང་སྤྱོད་དུ་བསྒྲུབས་པས། ནུབ་གཅིག་ན་རྨི་ལམ་དུ་ཤིང་སྡོང་པོ་བཅོ་བརྒྱད་ལ་བཅུ་བདུན་སྟྭ་གྲིས་བཅད། གཅིག་ལ་སྟྭ་ཁམ་གཅིག་རྒྱབ་པ་དང་གཉིད་སད་པས་ཕ་སྤུན་རྣམས་ཀྱིས་ལང་ལབ་ཀྱིས་ངེད་ལ་མཐུ་གཏོང་བ་འདུག་པས་བསད་པ་དགའ་ཟེར་ནས། ཁྱིམ་ཞིག་ཏུ་ར་གཅིག་བསད། དེའི་དམར་ལ་བསྡུས་པ་ལས། སྤུན་གཞོན་པ་ཞིག་གིས་ཆུ་འཆུར་ཕྱིན་པ་དང་ཚུར་ལོག་པའི་རྐང་པ་ཡ་གཅིག་ཐེམ་པའི་ནང་དུ་ཆུད་པ་ལ། ཁྱིམ་རྡིབ་ནས་བཅུ་བདུན་ཤི། གཅིག་གི་རྐང་པ་ཆག་སྟེ་མཐུ་བོ་ཆེར་གྲགས་སོ། །གྲུབ་པ་ཐོབ་བོ། །དེ་ནས་ལང་ལབ་བྱང་ཆུབ་རྡོ་རྗེ་ལ་ཐུགས་ཀྱི་སྲས་བཞི་བྱ་བ་སློབ་མ་བཞི་བྱུང་སྟེ། དང་པོ་ཉང་བེར་སྔོན་ཅན་བྱ་བ་བྱུང་སྟེ། དེའང་གཙང་དུ་མུ་གེ་བྱུང་ནས། ལང་ལབ་ཀྱི་ཇོ་མོ་དང་བཅས་ཏེ་དབུས་སུ་ཕྱིན་པས། ཉང་གིས་ལང་ལབ་ལ་བཤོས་དྲངས། ཇོ་མོ་ལ་རྒྱགས་གཏད་དོ། །སྟོན་ཡུལ་དུ་བྱོན་པས་མི་མང་པོ་ཤི་འདུག་པས་ཉང་ལ་དྲིན་ལན་དུ་གདམས་པ་སྦྱིན་ནོ་བྱས་པས་ཉང་གིས་ཇོ་མོ་བྲིད་ནས་དཔེ་རྐུན་བྱས་འདུག་པས། དེར་ལང་ལབ་ཐུགས་ཁྲོས་ཏེ་ལང་ལབ་བྱང་ཆུབ་རྡོ་རྗེས་ཅིས་ཀྱང་མ་ལན། ལྟོག་པས་ལན་གསུངས་ནས། ཇོ་མོ་ཟླ་ལ་མ་བཙུད། དྲེའུ་ལ་དཔེ་ཆ་བཀལ་ནས་འོངས་པས། ཇོ་མོ་ཁྲག་སྐྱུགས་ནས་ཤི། ཉང་བྲེད་དེ་ནམ་ཀྱང་འཆི་སྙམ་ནས་ནོར་རྫས་ཐམས་ཅད་རུ་ལ་ཕུལ་ནས་ཁོ་མ་ཤི། ཞལ་འདྲེས་མ་གནང་བར་ཡིག་ཆུང་དུ་བྲིས་ཀྱིན་བྱིན་པས། ཕུར་པ་ཡིག་ཆུང་ཅན་བྱ་བ་བྱུང་སྟེ། གསེར་འགྲེལ། དངུལ་འགྲེལ། དགོངས་འགྲེལ། པིན་དྷར་ཐ། འཕྱང་དྲུག་ལ་ཧོམ་བུ་སྒྲིལ་བ་སྲེག་པའི་འཕྱང་། བྷནྡྷ་མུ་ཁ་མནན་པའི་འཕྱང་། སྐྱེར་མདའ་སེར་པོ་ཟོར་གྱི་འཕྱང་། ཨཱ་ཡུརྫྙཱ་ན་ཚེ་ཡི་འཕྱང་། སྲོག་ཐིག་དམར་པོ་སྔགས་ཀྱི་འཕྱང་། ཙ་ར་རོག་པོ་བཟློག་པའི་འཕྱང་། མི་བཟད་པའི་ཕུར་པ་དྲུག །གིང་བཞི། དམ་ཅན་མོ་གསུམ་རྣམས་གནང་ངོ་། །མཐུ་ནི་བྱུང་བཀྲ་ནི་མི་ཤིས་ཟེར་རོ། །དེ་ནས་དབང་གི་ཤེས་རབ། མཆན། སྐྱི་གྱང་འགྱེལ་བྱ་བ་ཕ་སྤུན་བཅོ་ལྔ་དགྲར་ལངས་པའི་སྡུག་གཏམ་བཏང་བས། སྐྱི་ལ་ངན་སྔགས་ཀྱི་ལུགས་སུ་བསླབས་ཏེ། སྟོད་ཀྱི་ལས་ལ་གདེང་གསུམ་གཅེས། །སྨད་ཀྱི་ལས་ལ་གཟེར་བརྒྱད་གཅེས། །ཞེས་བྱ་བ་སྙིང་གཟེར་ཆེ་འབྲིང་ཆུང་གསུམ། ཁོང་གཟེར་ཆེ་འབྲིང་ཆུང་གསུམ། དགེ་བསྙེན་ཉི་ཤུ་རྩ་གཅིག་གི་སྤྱི་སྒྲུབ་དང་སྒོས་སྒྲུབ་རྣམས་བྱིན་ཏེ། སྐྱིས་བསྒྲུབས་པས་རྟགས་ཀྱང་མ་བྱུང་སྟེ། ཡི་མུག་ནས་ཕུག་ནས་ཐོན་པ་དང་། སྔར་མེད་པའི་སོ་ཕུང་ཞིག་སྒོ་རྩ་ན་སྐྱེས་འདུག་པ་གཅིག་བཅད་དེ། ཕུར་པ་གཅིག་བཞོག་ཅིང་ཡུལ་དུ་ཕྱིན་པས། ཕ་སྤུན་བཅོ་ལྔ་པོ་གཅིག་ཀྱང་མ་ཡལ་བར་གྱང་ཕག་ན་ཕོ་ལེ་བྱེད་ཅིང་འདུག་པས། ཚིག་པ་ཟོས་ཏེ་གྱང་ལ་ཕུར་པ་བཏབ་པས་གྱང་འགྱེལ་ཏེ། ཐིབས་འོག་ཏུ་ཤི་བས་སྐྱི་གྱང་འགྱེལ་བྱ་བ་མཐུ་བོ་ཆེར་གྲགས་སོ། །ཡང་སྦྲང་ཕུར་མགོ་བྱ་བ་ཞབས་ཏོག་ཆེ་བ་ཤེས་རབ་ཆུང་བ་ཞིག་བྱུང་སྟེ། དེ་ལ་ཕུར་པ་ནོར་བུ་ལུགས་བྱ་བ། འདུས་པ་བཞི་སྐོར་ཡང་ཟེར། མཆན། སྟོད་ཀྱི་ལས་ཐོ་བཅུ་གསུམ་གྱིས་ནོར་བུ་ལུགས་སུ་འཆིང་བ། སྨད་ཀྱི་བསད་པའི་ཕུར་པ་དྲུག་གི་འདྲེན་པ། དམ་ཅན་མོ་གསུམ་གྱིས་སྒྲུབ་པ་རྣམས་གནང་བས། མཐུ་བྱུང་བཀྲ་ཡང་ཤིས། ཕུར་པ་སྤྲང་ལུགས་བྱ་བར་གྲགས་སོ། །ཡང་ལང་ལབ་བགྲེས་ཁར་སྣ་ནམ་ཤེས་རབ་ཚུལ་ཁྲིམས་བྱ་བ་ཞབས་ཏོག་དང་ཤེས་རབ་ཆེ་བ་ཞིག་བྱུང་། དེ་ལ་ཁྱད་པར་བསྙེན་པ་དང་། ཉེ་བར་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་བཞིར་དྲིལ་ནས། ལྷ་འཛབ་ལ་བརྟེན་ཏེ་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་དང་། དགྲ་འཛབ་ལ་བརྟེན་ཏེ་དགྲ་བགེགས་ཚར་བཅད་པ་དང་། སྟོད་ལས་དང་། སྨད་ལས་དང་། །དབང་དང་དངོས་གྲུབ་བླང་བ་ལ་བརྟེན་ཏེ་དབང་བསྐུར་གྱི་གདམས་པ་དང་ཚེ་ལུང་ཁྲུས་ལུང་ལ་བརྟེན་ཏེ་ཚེའི་ཆོ་ག་དང་། རྡོ་རྗེ་མེ་དབལ་སྙིང་སྲེག་ལ་བརྟེན་ནས་སྦྱིན་སྲེག་གི་གདམས་པ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ལ་བརྟེན་ནས་བམ་སྒྲུབ་ཀྱི་གདམས་ངག །རྟ་མཆོག་རོལ་པ་ལ་བརྟེན་ནས་རྟ་མགྲིན་ཀླུ་འདུལ་གྱི་གདམས་པ། ཕྲིན་ལས་བཞིའི་ཚ་ཚ་དང་། ཕུར་བུའི་རྒྱུད་བཞི་ལ་བརྟེན་ནས་གང་ཟག་རྣམ་པ་བཞི་མཐར་དབྱུང་བ་ལ་སོགས་ཉུང་ལ་ཁ་ཚར་ཚང་བ་གནང་ངོ་། །དེ་ཡན་ཆད་གྲུབ་ཐོབ་ཀྱི་བརྒྱུད་པ་བྱུང་ངོ་། །གང་ཟག་གི་བརྒྱུད་པ་ནི། སྣ་ནམ་ཤེས་རབ་ཚུལ་ཁྲིམས་ལ། སློབ་མ་མང་ཡང་ཐུགས་ཟིན་གྱི་སློབ་མ་བཞི་སྲས་གཉིས་ཏེ་དྲུག་བྱུང་ངོ་། །དེ་ཡང་གཙང་སྟོན་རིན་ཆེན་བློ་གྲོས་ལ་རྣམ་གསུམ་སྲོག་གི་འཁོར་ལོ་བཤད། བློ་གྲོས་ཀྱིས་ཕུར་པའི་ལྷ་ཁང་ཞིག་ཀྱང་བཞེངས། ཕུར་པ་གཙང་ལུགས་བྱ་བར་གྲགས་སོ། །གཡའ་ཐེང་ལ་དྷ་ཏི་བཤད། སོ་རིང་ལ་འདུས་པ་བཤད། ཟུར་ཆུང་ཤེས་རབ་གྲགས་ལ་བཏུ་ཡིག་བཤད། སྲས་གཉིས་པོ་ལ་ཐམས་ཅད་བཤད། ཡང་རྒྱ་སྟོན་སངས་རྒྱས་ལ་བཤད། དེས་གཙང་སྟོན་རིན་ཅེན་བློ་གྲོ་ལ་བཤད། དེས་གཙང་སྟོན་ཚུལ་ཁྲིམས་ལ་བཤད། བཀའི་ཁྱེའུ་ཆུང་མྱང་ནད་ལ་དྷ་ཏི་ཆེ་འབྲིང་དུ་གནང་། སློབ་བརྒྱུད་སྲས་བརྒྱུད་གཉིས། དང་པོ་ནི། ཁྱུང་པོ་ཤེས་རབ། ཁྱུང་པོ་གྲགས་སེང་། གུ་རུ་ཤེས་རབ་བསྟོན། གུ་རུ་ཡ་གམ། རྣལ་འབྱོར་འདུས་པ། ལྐོག་པའི་ཆོ་ལོ་སྟོན་པའི་བར་ཞལ་གཟིགས་བརྒྱུད་པའོ། །མཆན། དེས་གཙང་སྟོན་ཡེ་ཤེས་རིན་ཅེན་ལ་བཤད། དེས་གཙང་སྟོན་འོད་ཟེར་ལ་བཤད། དེས་འབའ་ར་རྒྱལ་མཚན་ལ་བཤད། དེས་གཙང་སྟོན་དབང་སོ་ལ་བཤད། དེས་འཇམ་དཔལ་ལ་བཤད། དེས་དགྲ་འདུལ་ལ་བཤད། དེས་སློབ་དཔོན་གྲགས་པ་ལ་བཤད། དེས་གཙང་སྟོན་ཤེས་རབ་སེང་གེ་ལ་བཤད། དེས་འབྲོ་སྟོན་ལ་གནང། གུ་རུའི་གླིང་གཞི་ཚར་རོ།། ༈ །།གཉིས་པ་སྟོན་པའི་གླིང་གཞི་ལ་གསུམ་སྟེ། གདུལ་བྱ་ཁྱད་པར་ཅན་དེ་ལ་འདུལ་བྱེད་ཁྱད་པར་ཅན་གང་གིས། འདུལ་ཐབས་ཁྱད་པར་ཅན་ཅི་ལྟར་བཏུལ་ཞེ་ན། དེ་ཡང་གདུལ་བྱ་ཇི་ལྟར་བྱུང་ཚུལ་ནི། ཕུར་པ་མྱང་འདས་ཀྱི་རྒྱུད་ལས། ཀརྨ་ཧེ་རུ་ཀས་ཁྲག་འཐུང་ཆེན་པོ་ལ་ཞུས་པ། སྲིན་པོ་རུ་དྲ་གདུག་པ་འདི། །རྒྱུ་དང་རྐྱེན་ནི་ཅི་ལས་བྱུང་། །འབྲས་བུ་གང་དུ་སྨིན་པར་འགྱུར། །ལས་སྐལ་སྤྱོད་པ་ཅི་ཞིག་བྱེད། །མ་བཏུལ་བ་ཡི་སྐྱོན་ནི་ཅི། །བཏུལ་ན་ཡོན་ཏན་ཅི་ཞིག་ཐོབ། །ཅེས་ཞུས་པ་དང་། ཁྲག་འཐུང་རྡོ་རྗེས་བཀའ་སྩལ་བ། ལོག་པའི་སེམས་ཅན་ཆེན་པོ་འདི། །དམ་ཚིག་ཉམས་པའི་རྒྱུ་ལས་བྱུང་། །རྐྱེན་ནི་བླ་མ་སྤངས་པའོ། །འབྲས་བུ་ཉོན་མོངས་ལྔ་རུ་སྨིན། །ལས་སྐལ་ཆགས་སྡང་སྤྱོད་པ་ཞེན། །མ་བཏུལ་ལྷ་མིའི་སྲིད་པ་བརླག །སངས་རྒྱས་ཞིང་ཡང་སྟོངས་པར་བྱེད། །བཏུལ་ན་ཡོན་ཏན་དཔག་མེད་དེ། །དུག་གསུམ་རྩད་གཅོད་འཁོར་དོང་སྤྲུག །ཅེས་བཤད་དོ། །རྩ་བ་རྡོ་རྗེ་ཁྲོས་པའི་རྒྱུད་ལས་ཀྱང་བཤད་དོ། །དེའི་དོན་མདོ་དགོངས་པ་འདུས་པ་ལས། སྔོན་འདས་པའི་དུས་བསྐལ་པ་ཀུན་ནས་བཀོད་པ་ཞེས་བྱ་བ་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་སྔོན་བྱུང་ཞེས་བྱ་བའི་བསྟན་པ་ལ། ཁྱིམ་བདག་ཀེའུ་ཀའི་བུ་ཐར་པ་ནག་པོ་ཞེས་བྱ་བ་ལ། གཡོག་དན་འབག་ཅེས་བྱ་བ་དང་གཉིས་བྱུང་ངོ་། །དེའི་དུས་སུ་དགེ་སློང་ཐུབ་དཀའ་གཞོན་ནུ་ཞེས་བྱ་བ། སྐུ་ཉན་ཐོས། གསུང་མདོ་སྡེ། ཐུགས་གསང་སྔགས་ལ་སྤྱོད་པ་ཞིག་བྱུང་ངོ་། །ཐར་པ་ནག་པོས། དགེ་སློང་གི་དྲུང་དུ་ཕྱིན་ཏེ་སྨྲས་པ། ཉོན་མོངས་པ་ལྔ་མ་སྤངས་པར་སྤྱད་པས་གྲོལ་བའི་ཆོས་ཞིག་ཡོད་དམ་མེད་བྱས་པས། དགེ་སློང་གིས་གསང་སྔགས་ལ་དགོངས་ཏེ་ཡོད་རུང་བྱས་པས། ཐར་ནག་ན་རེ། ཁོའང་ཁྱོད་ཀྱི་རྗེས་སུ་འབྲང་ཟེར་རོ། །དེ་ནས་གཡོག་དན་འབག་ཁྲིད་དེ་ཞུས་པས། དགེ་སློང་གིས་སྨྲས་པ། ཇི་ལྟར་དེ་ཉིད་མ་བཅོས་ན། །དངོས་པོ་བཞི་པ་སྤྱད་བྱས་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །ཞེས་བཤད་པ། དགོངས་པ་མ་ཤེས་ཏེ། ཐར་ནག་གིས་གསང་སྔགས་སྒྲ་ཇི་བཞིན་པར་སྤྱད་དོ། །གཡོག་དན་འབག་གིས་དགོངས་པ་ཅན་དུ་སྤྱད་པས་མ་ནོར་རོ། །དེར་དན་འབག་གིས་ཐར་ནག་གིས་ནོར་རོ་བྱས་པས། འོ་ན་རུ་ལ་ཐུག་ཟེར་ཏེ་ཐུག་པས། དགེ་སློང་ཐུབ་དཀས་དགོངས་པ་ཅན་ནོ་བྱས་པས་ཐར་ནག་ཁྲོས་ཏེ། དགེ་སློང་ཐུབ་དཀའ་ཡུལ་ཕྱུང་ངོ་། །གནོད་པ་བྱས་ཏེ་འཚོ་བ་ཕྲོགས་སོ། །ཁོ་རང་གིས་དངོས་པོ་བཞི་ལ་སྤྱད་དོ། །དེའི་སྐྱེ་བ་ཕྱི་མ་ལ་སྤྱང་ཀིར་ལན་ལྔ་བརྒྱ་སྐྱེས་སོ། །དེའི་ཕྱི་མ་ལ་འཕར་བ་ལག་སྡེབས་དང་། ཅེ་སྤྱང་སྔོན་པོ་དང་། གཅན་གཟན་རྣམས་སུ་ལན་ལྔ་བརྒྱ་ལྔ་བརྒྱར་སྐྱེས་སོ། །ཁོ་རང་ཡང་གཉེན་པོ་རེ་རེས་བསད་དོ། །དེ་ནས་འབུ་སྦུར་དང་། ཡི་དྭགས་དང་། དམྱལ་བ་རྣམས་སུ་སྐྱེས་ཤིང་རྒྱུད་སྦྱངས་སོ། །མཇུག་ཏུ་རི་མ་ལ་ཡའི་དྲུང་དུ་སྨད་འཚོང་མ་ཞིག་གི་བུར་སྐྱེས་ཏེ། ཁོ་ཡན་ལག་རག་པས་མ་དེ་བུ་གར་ཤིའོ། །མི་རྣམས་ཀྱིས་མའི་རོ་དང་བུ་གཉིས་ཀ་དུར་ཁྲོད་དུ་བསྐྱལ་ལོ། །བུས་རོའི་འོ་མ་འཐུང་། དེ་ནས་ཆུ་སེར་འཇིབས། དེ་ནས་ནུ་མ་ཟོས་པས་ཞག་བདུན་ཕྱིད་དོ། །དེ་ནས་བྲང་ཕུག་སྟེ་གློ་སྙིང་ཟོས་སོ། །དེ་ནས་ཕྱི་ཤ་ཟོས་སོ། །མའི་བུབ་ཟད་པ་དང་། གོག་ཤེས་པ་སོང་སྟེ། རོ་གཞན་ཚོ་ཟོས་པས། ལུས་ལ་སྤུ་ཁབ་འདྲ་བ་སྐྱེས། སྡེར་སེན་ལྕགས་ཀྱུ་འདྲ་བ་བྱུང་། རྒྱབ་ནས་གཤོག་པ་སྐྱེས་ཏེ་འཕུར་ཤེས་པས་སྟེང་འོག་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བསད་ཅིང་ཟོས། །རུ་དྲ་མ་ཏྲཾ་རུ་མ་ཏྲ་ཟེར་ཞིང་ང་ལས་དབང་ཆེ་སུ་ཡོད་ཟེར། ལྷའི་རྒྱལ་པོ་མ་ཏྲཾ་ཀ་རུ་ཡོད་ཟེར་ནས་དེར་ཕྱིན་ཏེ་ཁ་ནས་མེ་དབལ་བཏང་ནས་བསད་དོ། །དེའི་ཆུང་མའང་ཕྲོགས་སོ། །ལྷ་མ་སྲིན་སྡེ་བརྒྱད་དང་། སིང་ཧ་ཀ་རཱི་ཕྱོགས་སྐྱོང་བཅུ། དབང་ཕྱུག་མ་ཐམས་ཅད་དབང་དུ་བསྡུས་སོ། །དེའི་ཚེ་སེམས་ཅན་ཐམས་ཅད་ལོག་ལྟ་སྐྱེས་ཏེ། རྒྱུད་ལས། བདག་ཉིད་ཆེན་པོ་རྟག་པ་ཡིས། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་དུ་སྔོན་བྱུང་བའི། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །འོ་དོད་འབོད་ཅིང་ལྟུང་བར་འགྱུར། །ཞེས་བཤད་དོ། །དེ་ནི་གདུལ་བྱའོ། །གཉིས་པ་འདུལ་བྱེད་ཁྱད་པར་ཅན་ཇི་ལྟར་བྱུང་ན། དེའི་ཚེ་ཀརྨ་ཧེ་རུ་ཀས་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་བསྐུལ་ཏེ། འོག་མིན་ཏུ་བཀའ་བགྲོས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རུ་ཏྲ་འདུལ་བར་བྱས་པས། རུ་ཏྲ་དེ་བམ་རི་ཐོད་མཁར་གྱི་ནང་ན། བམ་ཆེན་གྱི་སྟེང་ན། སྲིན་མོ་ཀྲོ་དྷཱི་ཤྭ་རཱི་དང་འདོད་པ་ལ་རོལ་ཅིང་། བདུད་དང་སྲིན་པོ་ལྷ་མ་སྲིན་གྱིས་བསྐོར། ཕྱི་ན་རཀྟའི་རྒྱ་མཚོ་དང་། ཀེང་རུས་ཀྱི་རི་རབ་ཀྱིས་བསྐོར་ཡོད་པ་ལ། དུས་གསུམ་གྱི་བདེ་བར་གཤེགས་པས་ཡེ་ཤེས་ཀྱི་སྤྲིན་དམར་ནག་ཏུ་གཏིབས། ཐུགས་རྗེ་ཆེན་པོའི་འབྲུག་སྒྲ་བསྒྲགས། ཆོས་ཀྱི་རྒྱལ་མཚན་ཕྱར་ཏེ། ཕྲིན་ལས་བཞི་ལས་དང་པོ་ཞི་བས་འདུལ་བར་དགོངས་ཏེ། སྤྲུལ་སྐུ་དབུ་ཟླུམ་དང་། ཞབས་རྗེན། ལྷུང་བཟེད། གསེག་ཤང་ཅན་མང་དུ་སྤྲུལ་པས། ཐར་ནག་ན་རེ། གོའུ་ཏ་མ་ཁྱོད་རང་གི་དཀའ་ཐུབ་ནོས་ཤིག །ལྟོག་ན་ཟས་ཟོ། སྐོམ་ན་ཆུ་གྲང་འཐུང་ཟེར་རོ། །སེ་གོལ་གཏོགས་ནས་སོང་ངོ་། །འོད་སྲུང་གསེར་ཐུབ་རྣམས་ཀྱང་འགྲེའོ། །ཡང་བུདྡྷ་རྣམས་ཀྱིས་བཀའ་བགྲོས་པ་ལ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལ། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛོད། །ཁྲོ་བོའི་ཚུལ་ཅན་ཁྲོས་པ་དང་། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཞེས་བགྲོས་པས། བུདྡྷ་ཐམས་ཅད་ཐུགས་རྗེ་ཆེན་པོས་ཁྲོས་ཏེ། རྡོ་རྗེ་རྟའི་ཚོགས་ལ་བཀའ་བསྒོ་བ། སོང་སོང་ལོ་ཀ་ན་སྲིན་པོ་འཁོར་བཅས་སེམས་ཅན་གྱི་ལིང་བྱེད་པ་ཐུལ་ཅིག །ཅེས་བསྒོ་བས། རྟའི་དབྱངས་སྒྲོག་ཅིང་སོང་བས་འཁོར་རྣམས་བྲེད་དེ། རུ་ཏྲ་ན་རེ། མགྲིན་བུ་ལྟོགས་ན་རི་གསུམ་རྩ་ཟོ། སྐོམ་ན་ལུང་གསུམ་ཆུ་འཐུང་ཟེར་རོ། །རྡོ་རྗེ་རྟས་རྟ་བྲོ་བྱས་པས་རུ་ཏྲ་ཁྱུར་དུ་མིད་དོ། །རྟ་མགྲིན་གྱིས་ལུས་བརྒྱངས་པས་སྐད་ངན་ཐོན་ཏེ་རྟ་མགྲིན་སྤྱི་བོ་ནས་འཐོན་ནོ། །དེ་ནས་གཤིན་རྗེའི་གཤེད་བཏང་བས། རུ་ཏྲ་ན་རེ། གསུས་པོ་ཆེ་སེམས་ཁྲལ་སྐྱུངས་ཟེར་རོ། །དེ་ལྟར་ཁྲོ་བོ་རིམ་གྱིས་བཏང་བས་མ་ཐུལ་ལོ། །གསུམ་པ་འདུལ་ཐབས་ཁྱད་པར་ཅན་ནི། ཡང་དུས་གསུམ་གྱི་བུདྡྷ་ཐམས་ཅད་བཀའ་བགྲོས་ཏེ། སྦྱང་གཞི་དང་སྦྱོང་བྱེད་ལ་དགོངས་ཏེ་དེ་ཐབས་ཀྱིས་འདུལ་དགོངས་པས་བཀའ་སྩལ་པ་རྡོ་རྗེ་རྟའི་ཚོགས་ལ། རུ་ཏྲ་འཁོར་བཅས་ལིང་ལ་སོང་བའི་དུས། རི་མ་ལ་ཡར་སོ་ཚུགས་ཤིག་ཅེས་བསྒོས། ཡུམ་བཞི་དང་བཅས་ཏེ་སོ་བཙུགས་སོ། །རུ་དྲའི་ཕོ་བྲང་ཐོད་མཁར་གྱི་ནང་ན། བམ་ཆེན་གྱི་ཁྲི་སྟེང་ན་སྲིན་མོ་ཀྲོ་དྷཱི་ཤྭ་རཱི་ཡོད་པ་ལས། དུས་གསུམ་གྱི་བུདྡྷ་ཐམས་ཅད་ཀྱི་སྤྲུལ་པ་གཅིག་ཏུ་བསྡུས་ཏེ། རུ་ཏྲ་ཐར་པ་ནག་པོར་སྤྲུལ་ཏེ། སྲིན་མོ་ཀྲོ་དྷཱི་ཤྭ་རཱི་ཅན་དུ་ཕྱིན་པས། སྒེག་པོ་དཔའ་བོ་བྱོན་ནམ་ཟེར་ཏེ། འཁོར་བ་སྨིན་པའི་དུང་ཕོར་དུ། ཉོན་མོངས་པའི་གར་ཆང་གིས་བཀང་ནས་དྲངས་པས་དེ་གསོལ་ཏེ། གཞན་ཡང་རཀྟའི་རྒྱ་མཚོ་ཡང་འཐུང་། ཤ་ཆེན་གྱི་ལང་ལིང་ཟོས། རུས་ཆེན་གྱི་ཁྲལ་ཁྲོལ་འཆོས་སོ། །སྲིན་མོས་བལྟས་པས། རང་གི་ཁྱོ་བས་བཞིན་བཟང་བ་མཐོང་སྟེ་ཐེ་ཚོམ་སྐྱེས་པ་དང་། སྤྲུལ་པས་སྲིན་སྐད་བསྒྲགས་པ་དང་ཡིད་ཆེས་ཏེ། མ་ཆགས་ཐབས་ཀྱི་སྦྱོར་བ་མཛད། སྲིན་མོའི་ལྷུམས་སུ་ཟླ་དལ་ལ་བྱང་སེམས་ཧཱུཾ་དུ་ཕབ་སྟེ་བཞག་གོ། །སྤྲུལ་པ་གཞན་ཡང་བཀྱེས། དབང་ཕྱུག་མ་སྲིང་མོ་བྱི་མོ་ཐམས་ཅད་ལ་སྦྱོར་བ་བྱས་ཏེ་བཞག་གོ། །སྤྲུལ་པ་སྲིན་མོའི་འདོད་པའི་རྒྱ་མཚོ་ལས་མ་ཐར་རོ། །རྡོ་རྗེ་རྟས་རུ་ཏྲ་འོང་བའི་མཚན་མ་མཐོང་སྟེ། རྡོ་རྗེ་རྟའི་འདུར་གླུས་སྦྲན་ནོ། །དུས་གསུམ་བུདྡྷའི་སྤྲུལ་པ་དེ་དབྱིངས་ཀྱི་ངང་དུ་མི་དམིགས་པར་གྱུར་ཏོ། །དེ་ནས་སྲིན་པོ་རུ་ཏྲས་རང་གི་གནས་སུ་འོང་བས། ཉམས་མི་དགའ་སྐྱི་གཡའ་འཇིགས་ཏེ་སྨྲས་པ། ཨེ་མ་སུ་འོང་ཞེས་སྨྲས་པ། སྲིན་མོས་བསུས་ནས་སྒེག་པོ་དཔའ་བོ་དེ་ལྟ་བུའི་ཚིག་ངན་པ་མ་གསུང་། ཁྱོད་ཀྱི་དགོངས་པ་བདག་གིས་བསྒྲུབས་ཏེ། ལྷུམ་ནའང་གདུང་འཚོབ་པ་མཆིས་སོ། །ཞེས་བརྗོད་པས། ཁོ་ཡིད་ཆེས་ཏེ་ཆགས་པས་སྦྱོར་བ་བྱས་སོ། །དེ་ནས་ཟླ་བ་རིམ་གྱིས་ཚང་བ་དང་། འཁོར་གཏུམ་མོ་དང་། སྲིན་མོ་རྣམས་ལ་ལ་ཕག་གི་མགོ་ཅན་དང་། དོམ་གྱི་མགོ་ཅན་ལ་སོགས་པ་ལྟས་ངན་མང་པོ་སྐྱེས་སོ། །རུ་ཏྲས་སྲིན་མོ་ཀྲོ་དྷཱི་ཤྭ་རཱི་ལ་བུ་སྟོན་བྱས་པས། རྡོ་རྗེ་གཞོན་ནུ་དབུ་དགུ་ཕྱག་བཅོ་བརྒྱད་པ་རྡོ་རྗེའི་གཤོག་པས་བར་སྣང་ཁྱབ་པ་ཀཱི་ལ་ཡའི་སྒྲ་དང་བཅས་པ་སྐྱེས་པས་རུ་ཏྲ་འཁོར་དང་བཅས་པ་རྣམ་བརྒྱལ་ལོ། ཁ་ནས་ཁྲག་སྐྱུགས་སོ། །རྡོ་རྗེ་ཁྲོས་པའི་རྩ་རྒྱུད་ལས། ཁྲོ་ཚུལ་ཆེན་པོ་རབ་ཏུ་ཁྲོས་པ་མཐོང་བ་ཡིས། །སྐད་ཅིག་ཙམ་ལ་རུ་ཏྲ་དངངས་ཤིག་སྐྲག །ཕྱོགས་བཅུ་ཀུན་ཏུ་འབྲོས་པའི་ཚུལ་ཀྱང་བསྟན། །སྡུག་བསྔལ་ཆེན་པོ་དེ་ཡི་དུས་སུ་མྱང་། །ཞེས་སོ། །དེ་ནས་བརྒྱལ་བ་བསངས་པ་དང་། རུ་ཏྲ་ལངས་ཏེ་འཁོར་རྣམས་བོས་ནས། དབང་ཕྱུག་ང་ཡི་ཕྲུ་མ་ལ། །གང་ཕྱིར་གདུག་པ་ཆེན་པོ་སྐྱེས། །ཁྱེད་ཀྱིས་བརླག་པའི་དུས་ལ་བབ། །དམ་ཚིག་གང་ལ་བསྲུང་མི་བསྲུང་། །ཡོངས་སུ་རྟོག་པ་དེ་དག་མེད་ཀྱང་སླ། །དེ་འདྲའི་དམ་ཚིག་སྒྱུ་མ་ཡིན་པས་ན། །དེ་ལ་དམ་ཚིག་སུ་ཞེས་ཟེར། །ཞེས་མང་དུ་བརྗོད་པ་དང་། བདུད་ཀྱི་དམག་དཔུང་ནི་གཏིབས། བདུད་ཀྱི་རུ་མཚོན་ནི་ཕྱར། བསྭོ་དང་ཆའི་སྒྲ་སྒྲོགས་ཤིང་བྱུང་བས། རུ་ཏྲ་དབུ་གསུམ་ཕྱག་དྲུག་ཏུ་བྱས་ཏེ་རྩོལ་ལོ། །ཡང་རྡོ་རྗེ་གཞོན་ནུའི་བ་སྤུའི་བུ་ག་ནས་དེ་འདྲ་བ་དཔག་ཏུ་མེད་པ་སྤྲོས་ཏེ་ངག་ཕྲོགས་ཏེ་ལྕེ་བཅད་པས་ཁྲག་གི་བོལ་བ་ལྟར་གྱུར་ཏོ། །ཡང་རུ་ཏྲས་དབུ་དགུ་ཕྱག་བཅོ་བརྒྱད་པར་སྤྲུལ་པ་དང་། རྡོ་རྗེ་གཞོན་ནུ་དབུ་སྟོང་ཕྱག་སྟོང་དུ་སྤྲུལ་ཏེ། དབུ་དགུ་པ་བ་སྤུའི་བུ་ག་ནས་བཀྱེའོ། །ཁྲོ་བོ་བཅུར་སྤྲུལ་པས། ཕྱོགས་སྐྱོང་བཅུ་གདན་དུ་བཏིང་ངོ་། །རྡོ་རྗེ་གཞོན་ནུའི་སྤྱི་གཙུག་ནས་ཧ་ས་ཡ་ར་ཧྲི་ཏ་ན་ཡ་ཐོན། རུ་ཏྲའི་སྤྱི་གཙུག་ཏུ་ཞུགས་པ་དང་། རུ་ཏྲ་འགོ་བའི་ལྷ་དང་བྲལ། གབ་པའི་སྔགས་དྲུག་ཐིམ་པས་རུ་ཏྲའི་ལུས་གངས་རིའི་རྒྱུད་ཆད་པ་ལྟར་དུ་འགྱེལ་ལོ། །བདུད་ཀྱི་འཁོར་རྣམས་ཀྱང་བྱེར་རོ། །དུས་དེར་རྡོ་རྗེ་གཞོན་ནུ་ལ་དུས་གསུམ་གྱི་བུདྡྷ་རྣམས་ཀྱིས་རྡོ་རྗེ་སྲིན་པོའི་ངུར་དབྱངས་ཀྱིས་བསྟོད་དོ། །རྡོ་རྗེ་རྟའི་ཚོགས་ཀྱིས་རྟའི་རྔམ་དབྱངས་ཀྱིས་དཔའ་བཀོད་དོ། །དུས་དེར་རྡོ་རྗེ་གཞོན་ནུས་ཁོའི་ཁ་ཊྭཱཾ་ག་ཕྲོགས་ཏེ། ཁོ་རང་ལ་ཐུར་མར་བཙུགས་ཏེ། ཨ་ལ་ལ་ཧོ་གསུངས་ནས། ཞལ་དུ་གསོལ་ནས་ཁྱུར་མིད་མཛད་དེ་ཕྱལ་དུ་སྦྱང་ངོ་། །སྐྱེ་བ་གྲངས་མེད་པའི་ལུས་བླངས་པ་ནི་དྲན། ལས་དགེ་སྡིག་མི་བསླུ་བ་ནི་རིག །དུས་དེར་རུ་ཏྲས་སྨྲེ་བཤགས་བརྗོད་དོ། །དེ་ནས་རྡོ་རྗེ་གཞོན་ནུའི་འདོམས་ནས་བཏོན་ཏེ་སྡུན་དུ་བཞག་ནས། སྤྱོ་བ་བརྒྱད་ཀྱིས་སྤྱོས་སོ། །འཁོར་སྡེ་བརྒྱད་ཀྱིས་ཀྱང་བཤགས་པ་རེ་བྱས་ཀྱིན་རང་རང་གི་མགོ་བཅད་དེ་ཕུལ་ལོ། །རུ་ཏྲས་སྨྲས་པ། ཀྱེ། འདོམས་ནས་བཏོན་པ་ཐུགས་རྗེ་ཆུང་། །འབངས་སུ་འཆིའོ་གཙིགས་མ་ཆུང་། །བཀའ་ལས་འདས་ན་ཚིག་པར་འགྱུར། །མ་དང་སྲིན་མོ་བྲན་མོ་རྣམས། །འབངས་སུ་འབུལ་ལོ་བཀའ་ལ་ཐོག །དབུས་སུ་མཆིས་སྐལ་མི་ལྡན་གྱི། །འབར་བའི་དལ་གྱི་མཐའ་ལ་ཞོག །ཕུད་ལ་འཚལ་སྐལ་མི་ལྡན་གྱི། །ལྷག་མ་ཁ་ཕྲུའི་བྲན་ལ་སྩོལ། །ཅེས་སོ། །རྩ་རྒྱུད་ལས། རུ་ཏྲ་མ་རུངས་དེ་ཡི་དུས་སུ་བཏུལ། །ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཞོན་ནུ་ལ། །གཟུགས་ཀྱི་ཕུང་པོ་གདན་དུ་རབ་ཏུ་བཏིང་། །རྣ་བའི་དབང་པོས་ཞི་བའི་ཆོས་ཀྱང་ཉན། །ཡིད་ནི་འགྱོད་པས་སྨྲེ་བཤགས་མང་དུ་བྱས། །ཞེས་པས་རུ་ཏྲ་གཙོ་བོའི་གདན་དུ་བཏིང་། འཁོར་རྣམས་ཀྱིས་ཕྱོགས་སྐྱོང་བཅུ་ལ་སོགས་པ་ཕོ་ཁ་སྦུབས། མོ་གན་རྐྱལ་བྱིན་པ་འཁྲིལ་བར་གདན་དུ་བཏིང་། རྣ་བས་ཆོས་ཉན་ནོ། །དེ་ནས་རུ་ཏྲ་འདི་མ་ཧཱ་ཀ་ལར་བྱས་ཏེ་སངས་རྒྱས་སྟོང་གི་བསྟན་པ་བསྲུང་ནས། འོག་ཕྱོགས་ཀྱི་འཇིག་རྟེན་རྣམ་པ་རོལ་པའི་ཞིང་ཁམས་སུ་རྡོ་རྗེ་རྣམ་པར་རོལ་པའི་རྒྱལ་པོ་ཞེས་བྱ་བར་སངས་རྒྱ་བར་ལུང་བསྟན་ཏོ། །བྷྲཱུཾ་ཞེས་བརྗོད་པས་ཁོའི་ཐོད་མཁར་དེ་རྡོ་རྗེ་ཕུར་པའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་སོ། །དེ་ནས་ཕུར་པའི་ལྷ་ཚོགས་ཐམས་ཅད་དེ་ལྟར་དུ་བྱུང་སྟེ། སྦྱང་གཞི་དང་སྦྱོང་བྱེད་ལ་དགོངས་པར་བཤད་པའོ། །སྟོན་པའི་གླེང་གཞི་ཚར་རོ།། ༈ །།གསུམ་པ་རྒྱུད་ཀྱི་གླེང་གཞི་ལ་གསུམ་སྟེ། གསང་སྔགས་རྡོ་རྗེ་ཐེག་པ་འདི་དུས་ནམ་བྱུང་བ་དང་། ཆོས་ཐམས་ཅད་ཐེག་དགུར་ཇི་ལྟར་བསྡུ་བ་དང་། རྡོ་རྗེ་ཕུར་པའི་རྒྱུད་སྡེ་འདི་རྣམས་ཐེག་པ་གསུམ་གང་དུ་གཏོགས་པ་དང་རྣམ་པ་གསུམ་མོ། །དང་པོ་ལ་གཉིས་ཏེ། སྟོན་པས་ཇི་ལྟར་གསུངས་ཚུལ་དང་། མི་ཡུལ་དུ་དུས་ནམ་བྱུང་བའོ། །དང་པོ་ཕྱི་རྒྱུད་སྡེ་གཉིས་ལས། ཀྲི་ཡ་ནི། སྤྲུལ་སྐུ་ཤཱཀ་ཐུབ་ཀྱིས་གསུངས་པ། ཡོ་ག་ནི་རྣམ་པར་སྣང་མཛད་ཀྱིས་གསུངས། རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་ནི་སྟོན་པ་རྡོ་རྗེ་འཆང་གིས་ཆོས་འབྱུང་ཡངས་པའི་གནས་སུ་གསུངས་པའོ། །གཉིས་པ་ནི་མི་ཡུལ་དུ་དུས་ནི་ནམ་བྱུང་བ་ལ་གཉིས་ཏེ། ཁ་ཅིག་ན་རེ། བུདྡྷ་མྱ་ངན་ལས་འདས་ཁར་ལུང་བསྟན་པ། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་སུ། །དཔལ་ཞེས་བྱ་བའི་རི་ལས་འབྱུང་། །ལག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས། །ཞེས་བཤད་པ་ལས། ལོ་བརྒྱད་དང་བཅུ་གཉིས་ན་རྒྱལ་པོ་ཛཿའི་ཡུལ་དུ་བྱུང་སྟེ། རྒྱལ་པོའི་རྨི་ལམ་དུ་ཕྱོགས་ཐམས་ཅད་དུ་འོད་ཀྱིས་གང་བ་དང་། རིན་པོ་ཆེའི་གླེགས་བམ་རང་བབས་སུ་རྨིས་ནས་གཉིད་སད་པ་དང་བལྟས་པས་འདུག་སྟེ། མ་ཤེས་པས་ཌཱ་ཀི་ནཱི་ལ་གཏད། ཌཱ་ཀི་ནཱིའི་ཀེ་ཚང་ནས་ཀླུ་སྒྲུབ་ལ་སོགས་པས་རིམ་གྱིས་སྤྱན་དྲངས་ཟེར་རོ། །ཁ་ཅིག་ན་རེ། དཔལ་རིའི་ཕུག་ན་ཀུ་ཀུ་རི་པ་ཡོད་པས་དེས་ཤེས་སྙམ་ཞུས་པས། རུའི་བསམ་པ། རྒྱལ་པོ་གཏུམ་པས་གལ་ཏེ་མ་ཤེས་ན་ཆད་པས་གཅོད་སྲིད་པས། སྔོན་ལ་ལྟ་རྟོག་བྱ་ཡི་གསུངས་ནས་བྱས་པས། ཁ་ཅིག་མ་ཤེས་ཏེ། དེའི་ནང་ནས་རྡོ་རྗེ་སེམས་པའི་སྒྲུབ་ཐབས་ཤིག་བྱུང་ནས་བསྒྲུབས་པས་ཞལ་མཐོང་སྟེ། དེས་པོ་ཏི་རྣམས་བཤད་པས་དེ་ནས་བྱུང་ངོ་ཟེར་རོ། །རང་གཞུང་ནི་རྒྱུད་སྡེ་རྣམས་ནས། སྤྲུལ་སྐུ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ཁར། རིགས་ཅན་ལྔ་མ་གཏོགས་སློབ་མ་རྣམས་འདུས་པས། དེའི་ནང་ནས་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་རས་ཞུས་པས། རྒྱུ་མཚན་ཉིད་ཀྱི་ཐེག་པ་སྡེ་སྣོད་གསུམ་པོ་གསུངས་ཀྱང་། འབྲས་བུ་གསང་སྔགས་ཀྱི་ཐེག་པ་མ་གསུངས་པར་མྱ་ངན་ལས་འདའ་འམ། གདུང་གསོབ་པའི་སྐྱེས་བུ་སུ་འོང་ཞེས་པ་ལ་སོགས་པ་ཞུས་པས། བུདྡྷའི་ཞལ་ནས་ཐེ་ཚོམ་ཞུ་བ་ལེགས་སོ། །དེ་ཁོ་ན་ཉིད་ངེས་པའི་ཐེག་པ་གསང་སྔགས་ཆེན་པོ་སྟེ། གནས་སྐབས་གཉིས་དང་བཅུར་འབྱུང་སྟེ། གང་ཞེ་ན། རྨོངས་པ་གདུང་བ་སེལ་བ་ནའང་འབྱུང་། གང་སྒྲོན་མ་ཡོངས་སུ་བཀོད་པ་ནའང་འབྱུང་། གང་གི་ཉེས་པ་རྙེད་པ་ནའང་འབྱུང་། སྙིང་པོ་བྱང་ཆུབ་ཏུ་ངེས་པ་ནའང་འབྱུང་། དགོངས་པ་ངེས་པར་འགྲེལ་པ་ནའང་འབྱུང་། གདུལ་བྱ་ཐབས་ལ་བབ་པ་ནའང་འབྱུང་། བྱིན་རླབས་གནང་བ་ནའང་འབྱུང་། བརྒྱུད་པ་ཐམས་ཅད་གྲགས་པ་ནའང་འབྱུང་། གང་གིས་ཆེད་དུ་མཛད་པ་ནའང་འབྱུང་། ལུང་ཆེན་ངེས་པར་བསྟན་པ་ནའང་འབྱུང་། ལས་རྒྱུན་ཡོངས་སུ་གཅོད་པ་ནའང་འབྱུང་། །དགོངས་པ་རྣམ་པར་འགྲོ་བ་ནའང་འབྱུང་། ཐམས་ཅད་ནས་ཐམས་ཅད་དུ་འབྱུང་ངོ་། །ཀུན་ཏུ་སྣང་བར་འགྱུར་རོ་ཞེས་གསུངས་སོ། །གདུང་འཚོབ་སྐྱེས་བུ་ཕྱག་ན་རྡོ་རྗེ་འབྱུང་བར་འགྱུར་རོ། །ཞེས་གསུངས་ནས་མྱ་ངན་ལས་འདས་པར་གྱུར་ཏོ། །དེ་ནས་ལོ་བརྒྱད་དང་བཅུ་གཉིས་འདས་པ་དང་། དམ་པའི་རིགས་ཅན་ལྔ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། བུདྡྷ་འདས་པ་ལ་ངུས་ནས། རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར་འདུས་ཏེ། ཁ་གནམ་དུ་བལྟས་ནས་མགྲིན་གཅིག་ཏུ་སྨྲས་པ། ཨེ་མ་ཀྱི་ཧུད་ཨེ་མ་ཀློང་། ཡེ་ཤེས་ཀྱི་སྒྲོན་མེ་ནུབ་པས་མུན་པ་གང་གིས་སེལ། སྟོན་པ་འདས་ནས་བདུད་དང་མུ་སྟེགས་སུ་ཡིས་འདུལ། ངེས་དོན་གསང་སྔགས་དུས་ནམ་འབྱུང་། རིན་ཐང་མེད་པའི་རིན་པོ་ཆེ་དུག་དང་ནམ་བརྗེ། བུདྡྷཱའི་བསྟན་པ་ནམ་འབྱུང་། ཅི་ཙམ་གནས། ཐ་མ་གར་ནུབ་འགྲོ། མྱ་ངན་འདས་ནས་གར་གཤེགས། གང་དུ་བཞུགས། འཇིག་རྟེན་མགོན་མེད་རྣམས་ཀྱི་མགོན་སྐྱབས་སུས་བྱེད། གདུང་འཚོབ་སུས་བྱེད་ཅེས་པ་ལ་སོགས་པ་གདུང་བ་ཉི་ཤུ་རྩ་ལྔ་བཏོན་ཏོ། །གདུང་བ་དེ་རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་གསན་ནས། གསང་བདག་ཕྱག་རྡོར་ལ་གདུང་བ་སེལ་བར་བསྐུལ་བས། ཕྱག་རྡོར་གྱི་རི་མ་ལ་ཡའི་རྩེར་བྱོན་ནོ། །རིགས་ཅན་ལྔ་པོ་ངོ་མཚར་སྐྱེས་ཏེ། སུ་ཡི་ཕ་གང་མ་གང་ཡུལ་གང་ཡིན་དྲིས་པས། སྨྲས་པ། ང་ནི་མི་འཁྲུགས་རྡོ་རྗེ་ཡིན། །སྟོང་པ་ཆེན་པོ་ང་ཡི་ཡུལ། །རྡོ་རྗེ་རིགས་ཆེན་ང་ཡི་གདུང་། །ཕ་ནི་ཐབས་མཆོག་དཔག་ཏུ་མེད། །མ་ནི་ཤེས་རབ་བརྗོད་ལས་འདས། །ཐོག་མ་མེད་པའི་དུས་ཀྱི་ཚེ། །ང་ཡི་ཡིད་བཞིན་ནོར་བུ་སྟོར། །ནོར་བུ་རིན་ཆེན་བདུད་རྩི་དེ། །ཡོད་པ་མ་དྲན་སྟོར་བ་ཚོར། །ཐར་མེད་ནད་ཀྱིས་གཟིར་གྱུར་ཅིང་། །མུན་པ་མུན་ནག་སྨག་ཏུ་འཁྱམས། །བཤེས་གཉེན་དམ་པ་ཞིག་གིས་བསྟན། །ནོར་བུ་རིན་ཆེན་རྩད་བཅད་པས། །གཞན་ལས་མ་རྙེད་རང་ལས་རྙེད། །རྙེད་པ་ཉིད་ན་རྙེད་མེད་དེ། །སྟོར་བ་ཉིད་ལ་སྟོར་བྲལ་མེད། །ཤེས་པ་རྙེད་བཏགས་མ་ཤེས་ལ། །སྟོར་ཞེས་ཐ་སྙད་བཏགས་པར་ཟད། །འདིར་བགྲོས་གསལ་བར་བཤད་བྱས་པས། །ལྷ་དང་མི་ཡི་རིག་འཛིན་ལས། །རིམ་པར་བརྒྱུད་དེ་གྲགས་པར་འགྱུར། །ཞེས་གསུངས་པ་དང་། ཡང་ཞུས་པ། སྔར་གྱི་གདུང་བ་བསལ་དུ་གསོལ། །བྱས་པས། གསང་བདག་གིས་བཀའ་སྩལ་པ། ཡེ་ཤེས་སྒྲོན་མེ་ནུབ་ཀྱིས་གདུང་བ་ལ། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །མ་རིག་སྨིན་མཛད་འདུལ་བ་ན། །ལེ་ལོ་ཅན་ལ་ཕན་གདགས་ཕྱིར། །བྱུང་ནས་མྱ་ངན་འདའ་བར་སྟོན། །སེམས་ཉིད་འོད་གསལ་མུན་པ་སེལ། །ཞེས་སོ། །བདུད་དང་མུ་སྟེགས་སུས་འདུལ་ལ། གང་དག་གདུག་པ་མ་རུངས་པ། །བདག་མེད་སྟོང་པའི་སྟོབས་ཀྱིས་འདུལ། །ཞེས་སོ། །གསང་སྔགས་ནམ་འབྱུང་ལ། གསང་སྔགས་གདུལ་བྱའི་སྣོད་ལས་འབྱུང་། །བཙོང་ན་ཅི་ཉེས་ལ། དུག་དང་བདུད་རྩི་བརྗེ་བ་ནི། །གཉིས་ཀ་ཕུང་བྱེད་བརླག་པར་འགྱུར། །ཞེས་སོ། །བསྟན་པ་གར་འབྱུང་གར་ནུབ་ལ། དང་པོ་སྐྱེ་འགག་མེད་ལས་བྱུང་། །ཐ་མ་བརྗོད་བྲལ་མེད་པར་འགྱུར། །ཐོག་མ་ཐ་མ་མེད་པས་ན། །བྱུང་ཡང་སྔ་ཕྱི་ཡོད་མ་ཡིན། །ཞེས་སོ། །འདི་ནས་གར་གཤེགས་གར་བཞུད་ལ། འདི་ནས་དེ་བཞིན་ཉིད་འདིར་གཤེགས། །བརྡལ་ཁྱབ་ཆེན་པོའི་ཞིང་ན་བཞུགས། །སེམས་ཉིད་འོད་གསལ་བསྟན་པ་སྒྲོགས། །ཞེས་སོ། །མགོན་མེད་མགོན་སྐྱབས་སུས་བྱེད་ལ། སྐྱེ་མེད་དབྱིངས་ཀྱི་ཡེ་ཤེས་དེ། །སེམས་ཅན་མགོན་མེད་སྐྱབས་ཆེན་ཡིན། །ཅེས་སོ། །སངས་རྒྱས་ཀྱི་གདུང་འཚོབ་སུ་འབྱུང་ལ། དཔག་ཏུ་མེད་པའི་རྒྱལ་བ་རྣམས། །འཁོར་བའི་སེམས་ཅན་བརྒྱུད་ལས་འབྱུང་། །འཁོར་བའི་སེམས་ཅན་རྒྱུད་ཆད་ནས། །སངས་རྒྱས་གདུང་ཡང་རྒྱུན་ཆད་ཡིན། །སྤྲུལ་པ་རང་བྱུང་རང་ཞི་ལས། །དེ་ཉིད་དེ་ལ་ནུབ་པ་མེད། །འདས་དང་མ་འདས་གཅིག་ཉིད་དེ། །བྲལ་དང་མ་བྲལ་ག་ལ་ཡོད། །ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པས་བསལ་ལོ། །དེས་ན་རྨོངས་པ་གདུང་བ་སེལ་ཙ་ནའང་གསང་སྔགས་འབྱུང་ཞེས་པའི་དོན་ནོ། །གཉིས་པ་གདུལ་བྱ་ཐབས་ལ་བབས་ཙ་ནའང་གསང་སྔགས་འབྱུང་སྟེ། རུ་དྲ་བཏུལ་ཙ་ནའང་བྱུང་བར་ལུང་སྟོན་པའི་གླེང་གཞིར་བསྟན་ཟིན་ཏོ། །གསང་སྔགས་ཀྱི་བྱུང་ཚུལ་ཚར་རོ། །གཉིས་པ་ཆོས་ཐམས་ཅད་ཐེག་པ་རིམ་པ་དགུར་ཇི་ལྟར་བསྡུ་ན། དེ་ལ་གཉིས་ཏེ། སྐུ་གསུམ་ལས་བཤད་ཚུལ་དང་། ཐེག་པ་རིམ་པ་དགུར་བཤད་པའོ། །དང་པོ་ནི། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། ཕུན་སུམ་ཚོགས་པའི་གནས་འདི་རུ། །སྐྱེ་མེད་འཆི་བ་མེད་པའི་ངང་། །སྤྲོས་མེད་བསྡུ་བ་མེད་པའི་ངང་། །ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས། །ཆོས་སྐུའི་བྱིན་རླབས་ལོངས་སྐུ་ལས། །སྟོན་པའི་ཚུལ་དུ་ང་ཡིས་བསྟན། །རྡོ་རྗེའི་དོན་དང་མི་འགལ་བར། །རྒྱུད་རྣམས་ལེགས་པར་བཤད་པར་བྱ། །ཞེས་པས། དང་པོ་ཆོས་སྐུའི་སྟོན་པ་ལ་གསུམ་སྟེ། སྟོན་པ་ནི་སྤྲོས་མེད་ཡེ་ཤེས་སོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཞེས་སོ། གནས་ནི་ཆོས་ཀྱི་དབྱིངས་ཏེ། ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས། །ཞེས་སོ། །འཁོར་ནི་རང་སྣང་སྟེ། འབར་བའི་ཁྲོ་བོ་མི་བཟད་པ། །ཞེས་སོ། །ལོངས་སྐུ་ལ་གསུམ་སྟེ། སྟོན་པ་ནི་འོད་དང་རྒྱུན་འབར་བའོ། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ཞེས་སོ། །གནས་འོག་མིན་ཏེ། ནམ་མཁའི་དཀྱིལ་ནས་ཞེས་སོ། །འཁོར་ལོ་ཁྲོ་བོ་ཁྲོ་མོ་སྟེ། །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཞེ་སོ། །སྤྲུལ་སྐུ་ལ་གསུམ་སྟེ། སྟོན་པ་ནི་རྡོ་རྗེ་འཆང་ངོ་། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །ཅེས་སོ། །གནས་ནི་བྷ་ག་སྟེ། སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིང་། །ཞེས་སོ། །འཁོར་ནི་རིགས་དྲུག་ལྷར་བསྐྱེད་པ་སྟེ། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཞེས་སོ། །དེས་ན་ལོངས་སྤྲུལ་གཉིས་ཀྱི་རྒྱུད་སྡེ་གསུངས་པས་ན། དམ་ཚིག་ཆེན་པོའམ་སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཅེས་སོ། །གཉིས་པ་ནི། དེས་ན་རྡོ་རྗེ་ཁྲོས་པ་རྩ་རྒྱུད་ལས། གང་ཟག་རྟག་ཆད་བྱེ་བྲག་སྨྲ། །འཇིག་རྟེན་བྱིས་པ་སྐྱེ་བོ་དམན། །གཟུང་བྱ་འཛིན་པའི་ཉན་ཐོས་དང་། །རང་རྒྱལ་རང་སེམས་འཛིན་པ་དང་། རྒྱུ་འབྲས་འགལ་སྒྲུབ་བྱང་ཆུབ་སེམས། །ཡང་དག་རྗེ་ལྟར་ཀྲི་ཡ་དང་། །དོན་དམ་གྲོགས་ཚུལ་ཡོ་ག་དང་། །ལྟ་སྤྱོད་གཉིས་འཛིན་ཨུ་པ་ཡ། །ཆ་མཐུན་ཙམ་ལས་དོན་དམ་མིན། །མཆོག་གྱུར་རྡོ་རྗེ་ཕུར་པ་འདི། །སྣ་ཚོགས་སེམས་ཀྱི་རྣམ་འཕྲུལ་ཙམ། །མ་ཧཱ་ཡོ་གའི་རྒྱུད་ལས་བསྐྱེད། །སེམས་ཉིད་སྒྱུ་མའི་རང་བཞིན་ལ། །ཨ་ནུ་ཡོ་གའི་ལམ་ལྟར་བསྒོམ། །སྐྱེ་མེད་འགགས་མེད་སྤྲོས་བྲལ་བའི། །ཨ་ཏི་ཡོ་གའི་འབྲས་བུར་རྫོགས། །ཅི་ཕྱིར་ཐབས་དང་ཤེས་རབ་དབྱིངས། །རང་བྱུང་ཡེ་ཤེས་ཡིན་ཕྱིར་རོ། །ཞེས་གསུངས་པས་ཐེག་པ་དགུ་ནི་བློ་ཐ་མ་ལ་གསུམ། འབྲིང་ལ་གསུམ། རབ་ལ་གསུམ་སྟེ་དགུའོ། །དང་པོ་ནི། ཐ་མའི་ཐ་མ་ལ་ཉན་ཐོས་ཀྱི་ཐེག་པ། ཐ་མའི་འབྲིང་ལ་རང་རྒྱལ་གྱི་ཐེག་པ། ཐ་མའི་རབ་ལ་བྱང་ཆུབ་སེམས་དཔའི་ཐེག་པའོ། །ཡང་འབྲིང་གི་ཐ་མ་ལ་ཀྲི་ཡའི་ཐེག་པ། འབྲིང་གི་འབྲིང་ལ་ཨུ་པ་ཡ། འབྲིང་གི་རབ་ལ་ཡོ་གའི་ཐེག་པའོ། །ཡང་རབ་ཀྱི་ཐ་མ་ལ་རྒྱུད་མ་ཧཱ་ཡོ་ག །རབ་ཀྱི་འབྲིང་ལ་ལུང་ཨ་ནུ་ཡོ་ག །རབ་ཀྱི་རབ་ལ་མན་ངག་ཨ་ཏི་ཡོ་ག་སྟེ་དེ་ལྟར་དགུའོ། །དེས་ན་རྡོ་རྗེ་ཕུར་པ་འདི་སྤྱོད་པ་ནི་མ་ཧཱ་ཡོ་ག་དང་མཐུན། ལྟ་བ་ནི་ཨ་ཏི་ཡོ་ག་ལྟར་རྟོགས། སྒོམ་པ་ནི་ཨ་ནུ་ཡོ་ག་ལྟར་བསྒོམས་པས་གོལ་ས་མེད་པའོ། །དེ་ཡང་ལུང་ཨ་ནུ་ཡོ་ག་ལ་རྒྱུད་སྡེ་དཔག་ཏུ་མེད་ཀྱང་། བསྡུ་ན་ཐབས་ཀྱི་རྒྱུད། ཤེས་རབ་ཀྱི་རྒྱུད། ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད། གསང་བ་སྤྱི་རྒྱུད་ཆེན་པོའི་རྒྱུད་དང་བཞིར་ཡོད་པ་ལས། དེ་ཡང་ལྷ་མོ་མང་། མི་དམིགས་པ་ཤས་ཆེ་སྟེ། ཤེས་རབ་ཀྱི་རྒྱུད། ལྷ་ཕོ་མང་། མ་འགགས་པ་ཤས་ཆེ་སྟེ། དེ་ཐབས་ཀྱི་རྒྱུད། ལྷ་ཕོ་མོ་གཉིས་ཀ་སྟོན་པ་གཉིས་མེད་རྒྱུད། ལྟ་བ་སྐྱེ་མེད་སྤྲོས་བྲལ་སྟོན་པས་ཕུར་པ་ནི་ཐབས་ཤེས་རབ་གཉིས་མེད་རྒྱུད་དེ། གསང་བ་སྤྱི་རྒྱུད་ཆེན་པོ་བྱ་བ་ཡིན་ནོ། །ཐེག་པ་དགུར་བསྡུ་བ་ཚར་རོ། །གསུམ་པ་གར་གཏོགས་ངོས་བཟུང་བ་ལ་གཉིས་ཏེ། དྲང་དོན་དང་སྦྱར་བ་དང་། ངེས་དོན་དང་སྦྱར་བའོ། །དང་པོ་ནི། འོ་ན་རྡོ་རྗེ་ཕུར་པ་འདི་རྒྱུད་གང་ནས་བཏུས། །མདོ་གང་གིས་གཏན་ལ་འབེབས། །ལུང་གང་ནས་བཤད། བླ་མའི་གདམས་ངག་གང་སྟོན་ཞེ་ན། རྒྱུད་རིག་པ་མཆོག་གི་རྒྱུད་བིདྱོཏྟ་མ་ལ་འབུམ་སྡེའི་ནང་ནས་རྡོ་རྗེ་རིགས་ཀྱི་ལེའུ་ཕྱུང་བ་ཡིན་ནོ། །མདོ་ཁུ་བྱུག་རོལ་པས་གཏན་ལ་འབེབས། །ལུང་ནི་དཀར་པོ་གནས་ལུང་། དམར་པོ་སྲོག་ལུང་། ནག་པོ་སྔགས་ལུང་ལ་སོགས་ཀྱིས་བཤད་དོ། །གདམས་ངག་ནི་སློབ་དཔོན་པད་འབྱུང་གི་ཞལ་གདམས་ཡོད་པའོ། །བསྐྱེད་པའི་རིམ་པ་ཕུར་པ་གསང་རྒྱུད་ནས་སྟོན། རྫོགས་རིམ་ཐམས་ཅད་ཕུར་པ་མྱང་འདས་ནས་སྟོན། གབ་པའི་སྔགས་དྲུག་གབ་པ་འཁོར་ལོ་ནག་པོ་ནས་སྟོན། །ལས་ཀ་ཐམས་ཅད་ཕུར་པ་ངན་སྔགས་གཙུག་ལག་གི་རྒྱུད་ལས་སྟོན་ཏོ། །རྒྱུད་སྡེ་མང་པོའི་བཅུད་བསྡུས་པ་ཡིན་ནོ། །དེས་ན་ཐེག་པ་ཆེ་ཆུང་གཉིས་ལས་ཆེན་པོ། སྔགས་དང་མཚན་ཉིད་གཉིས་ལས་སྔགས། སྔགས་ལའང་ཕྱི་ནང་གཉིས་ལས་ནང་པ། ཐེག་པ་དགུ་ལས་ཐེག་པ་བརྒྱད་པ་ཡིན་ནོ། །དྲང་དོན་ཚར་རོ། །གཉིས་པ་ངེས་དོན་དང་སྦྱར་ན། ཆོས་ཐམས་ཅད་ལ་རྡོ་རྗེ་ཕུར་པས་མ་ཁྱབ་པ་མེད་དེ་ཐེག་པ་རིམ་པ་དགུ། མདོ་སྡེ་བཅུ་གཉིས། རྒྱུད་སྡེ་བཞི། སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ། བསླབ་པ་གསུམ། རྒྱུད་ལུང་མན་ངག་ཐམས་ཅད་ལ་ཁྱབ་པའོ། །དང་པོ་ནི། ཉན་ཐོས་ལ་ཕུར་པ་བསངས་རུ་ནག་པོ་བྱུང་། རང་སངས་རྒྱས་ལ་ཕུར་པ་གཟེ་མ་ནག་པོ་བྱུང་། བྱང་ཆུབ་སེམས་དཔའ་ལ་ཕུར་པ་གསང་བ་ནག་པོ་བྱུང་། ཀྲི་ཡ་ལ་ཕུར་པ་རྡོ་རྗེ་རྣམ་འཇོམས་བྱུང་། ཡོ་ག་ལ་ཕུར་པ་སྒྱུ་འཕྲུལ་དྲྭ་བ་བྱུང་། ཨུ་པ་ཡ་ལ་ཕུར་པ་གཙུག་ཏོར་དཀར་ནག་བྱུང་། རྒྱུད་མ་ཧཱ་ཡོ་ག་ལ་ཕུར་པ་ཁུ་བྱུག་རོལ་པ་བྱུང་། ལུང་ཨ་ནུ་ཡོ་ག་ལ་ཕུར་པ་བིདྷོཏྟ་མ་ལ་འབུམ་སྡེ་བྱུང་། མན་ངག་ཨ་ཏི་ཡོ་ག་ལ་ཕུར་པ་སྟག་སེང་ཁ་འཐབ་ཀྱི་རྒྱུད་བྱུང་ངོ་། །ཡང་རྡོ་རྗེ་ཕུར་པ་ལ། རྒྱུད་མདོ་སྡེ་དང་འབུམ་སྡེར་ལོངས་པ་ཡོད་པས་མདོའི་སྡེ། རྩ་བ་ཚིགས་བཅད་དུ་ཡོད་པས་ཚིགས་སུ་བཅད་པའི་སྡེ། ལྷུག་པ་དང་སྤེལ་མར་ཡོད་པས་དབྱངས་སུ་བསྙད་པའི་སྡེ། རུ་དྲ་བཏུལ་བ་ལྟ་བུ་ཡོད་པས་རྨད་དུ་བྱུང་བའི་སྡེ། རྒྱུད་ལུང་ཐམས་ཅད་ཀྱི་གླེང་གཞི་ཡོད་པས་གླེང་གཞིའི་སྡེའོ། །དེས་འགྲེའོ། །ཡང་ལུས་ངག་གི་བྱ་བ་སྟོན་པས་བྱ་བའི་རྒྱུད། སེམས་ཀྱི་བྱ་བ་སྟོན་པས་རྣལ་འབྱོར་གྱི་རྒྱུད། ལུས་ངག་གཉིས་ཀའི་ལས་སྟོན་པས་གཉིས་ཀའི་རྒྱུད། ཤ་ལྔ་བདུད་རྩི་ལྔ་ལ་རོལ་པས་བླ་ན་མེད་པའི་རྒྱུད་ཡིན་ནོ། །ཡང་རྡོ་རྗེ་ཕུར་པའི་ཆོས་ཀྱི་སེམས་མི་མངོན་པ་མངོན་པར་བྱེད་པས་མངོན་པའི་སྡེ་སྣོད། རྩ་བ་དང་ཡན་ལག་གི་དམ་ཚིག་སྟོན་པས་འདུལ་བའི་སྡེ་སྣོད། དྲང་དོན་ངེས་དོན་སྟོན་པས་ན་མདོ་སྡེའི་སྡེ་སྣོད་ཡིན་ནོ། །ཡང་བསྲུང་བྱ་དང་གདམས་བྱ་མང་པོ་སྟོན་པས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། སྟོང་ཉིད་སྟོན་པས་ཤེས་རབ་ཀྱི་བསླབ་པ། བསྐྱེད་རྫོགས་བསྒོམ་པ་མང་དུ་སྟོན་པས་ཏིང་ངེ་འཛིན་གྱི་བསླབ་པའོ། །ཡང་ཕུན་སུམ་ཚོགས་པ་ལྔ་བཤད་པས་རྒྱུད་ཀྱི་རྒྱལ་པོའང་ཡིན། །ལུང་དྲུག་ཅུ་རྩ་བཞི་བཤད་པས་ལུང་གི་བླ་མའང་ཡིན། གདམས་ངག་བརྒྱ་རྩ་བརྒྱད་ཀྱིས་བཤད་པས་མན་ངག་ངེས་དོན་ཡིན་ཏེ། དཀར་པོ་གནས་ལུང་ལས། ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན། །ཕུར་པ་ལུང་གི་བླ་མ་ཡིན། །ཕུར་པ་མན་ངག་ངེས་པའི་དོན། །ཞེས་པས་མངོན་ནོ། །རྒྱུད་ཀྱི་གླེང་གཞི་ཚར་རོ།། ༈ །།ད་ནི་རྒྱུད་ཀྱི་ཁོག་དོན་དྲུག་བཤད་དེ། གང་ཞེ་ན། དང་པོ་ཕུན་སུམ་ཚོགས་པ་རྣམ་པ་ལྔས་སྒྲུབ་པ་ལས་ཀྱི་གཞི་བཟུང་། དལ་རྣམ་པ་གསུམ་སྔོན་དུ་འགྲོ་བ་དང་བཅས་པས་དོན་གྱི་ཁོག་ཕུབ ། ཁམས་གསུམ་གིས་སྲོག་ལ་དབང་བསྐུར་ཞིང་སྲོག་གི་ཡེ་ཤེས་སེམས་དཔའི་སྲོག་ལ་དབང་བསྐུར། ཡེ་ཤེས་ཀྱི་དལ་སྤྱན་དྲངས་ཤིང་མཆོད་ཅིང་བསྙེན་པས་དངོས་གྲུབ་ཀྱི་བཅུད་བླང་། གབ་པའི་སྔགས་དྲུག་དང་ཚེ་ལུང་ཁྲུས་ལུང་གིས་ཁ་བསྐང་སྟེ་གདབ་པའི་ལས་བྱ། །མནན་སྲེག་འཕང་གསུམ་གྱིས་ལས་ཀྱི་མཇུག་བསྡུ་བ་དང་དྲུག་གོ། །དེ་ལ་དང་པོ་ཕུན་སུམ་ཚོགས་པ་རྣམ་པ་ལྔས་སྒྲུབ་པ་ལས་ཀྱི་གཞི་བཟུང་བ་ནི། ཀཱི་ལ་ཡ་མེ་ལྕེ་གསང་བའི་རྒྱུད་ལས། གནས་དང་བདག་ཉིད་འཁོར་རྫས་དུས། །ཕུན་སུམ་ཚོགས་པ་ལྔ་ལྡན་ན། །ལས་རྣམས་གང་འདོད་འགྲུབ་པར་འགྱུར། །ཞེས་པས་གང་ཞེ་ན། བདག་ཉིད་ཕུན་སུམ་ཚོགས་པ། གནས་ཕུན་སུམ་ཚོགས་པ། འཁོར་ཕུན་སུམ་ཚོགས་པ། དུས་ཕུན་སུམ་ཚོགས་པ། རྫས་ཕུན་སུམ་ཚོགས་པའོ། །དང་པོ་སྒྲུབ་པ་པོ་བདག་ཉིད་ཀྱང་། མུ་སྟེགས་ཅན་དང་། ལོག་ལྟ་ཅན་དང་། སྡིག་ཅན་དང་། དམ་ཉམས་ལྟ་བུས་སྒྲུབ་པས་ཆོག་གམ་ཞེ་ན། དེས་ཀྱང་མི་འགྲུབ་སྟེ། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། བློ་སྦྱངས་རྒྱུད་གོམས་ཏིང་འཛིན་གསལ། །ཐེག་དགུ་སྡེ་སྣོད་དོན་ལ་མཁས། །དད་ལྡན་ཐུགས་བརྩེ་བག་ཚ་མེད། །རིག་འཛིན་བླ་མར་དེ་བཤད་དོ། །ཞེས་པས་ཡོན་ཏན་བརྒྱད་དང་ལྡན་པ་དེ་རབ། སུམ་གཉིས་ཚང་བ་དེ་འབྲིང་། ཐ་མ་གསུམ་ཆ་ཚང་བ་ཞིག་དགོས། ཡང་ན་ཡོན་ཏན་གཉིས་ཏེ་སྦྱངས་པའི་ཡོན་ཏན་དང་། རང་བཞིན་གྱི་ཡོན་ཏན་དང་ལྡན་པའོ། །དང་པོ་ནི། རབ་རྒྱུད་སྡེ་དང་། སྡེ་སྣོད་མཐའ་དག་ཤེས་པ། འབྲིང་ཏནྟྲ་སྡེ་བཅོ་བརྒྱད་ཤེས་པ། ཐ་མ་རང་རང་གི་སྐོར་མ་ཉམས་པ་ཤེས་པ་ཞིག་དགོས། གཉིས་པ་ནི། རྒྱུད་བཟང་བ། ངང་རིང་བ། དད་པ་ཆེ་བ། སྙིང་རྗེ་ཆེ་བ། སྒྲུབ་པ་ལ་མོས་པའོ། །དེ་ཡང་ཕུར་པ་མྱང་འདས་ལས། ཕུན་སུམ་ཚོགས་པའི་སློབ་དཔོན་གྱིས། །བྱམས་དང་སྙིང་རྗེ་སྔོན་བཏང་ལ། །སྲིད་པའི་ཕུར་བུ་བསྒྲུབ་པར་བྱ། ཞེས་པས་མངོན་ནོ། །གཉིས་པ་གནས་ནི། བཤན་པའམ། སྡིག་ཅན་གྱི་ཁྱིམ་མམ། སྐྱེ་བོ་ཐ་མའི་ཁྱིམ་མམ། སྒོ་ཁང་ངམ། སྤང་ཁ་ལྟ་བུར་སྒྲུབ་པས་འགྲུབ་བམ་ཞེ་ན། དེས་ཀྱང་མི་འགྲུབ་སྟེ། གནས་ལ་གཉིས་ལས། བསྙེན་པའི་གནས་དང་། སྒྲུབ་པའི་གནས་སོ། །དང་པོ་ལ་བཞི་སྟེ། སངས་རྒྱས་ཀྱི་ཞབས་ཀྱིས་བཅགས་པ་བྱིན་ཆེ་བའི་གནས་དང་། གྲུབ་པ་ཐོབ་པ་བཀྲ་ཤིས་པའི་གནས་དང་། གཞུང་དང་མཐུན་པ་གྲུབ་ཐག་ཉེ་བའི་གནས་དང་། ཡིད་དང་མཐུན་པ་ཉམས་དགའ་བའི་གནས་སོ། །དེ་ལྟར་ཡང་མྱང་འདས་ལས། གནས་ཀྱི་དམ་པ་བསྟན་པ་ལས། །གཞུང་ལྡན་བཀྲ་ཤིས་བྱིན་ཅན་དང་། །ཉམས་དགའ་བ་ཡི་གནས་དང་བཞི། །ཞེས་པས་མངོན་ནོ། །དེ་ཡང་དང་པོ་ནི། སངས་རྒྱས་ཀྱི་ཞབས་ཀྱིས་བཅགས་པའི་རྒྱལ་པོའི་ཁབ་བམ། བྱ་རྒོད་ཕུང་པོའི་རི་ལྟ་བུའོ། །གཉིས་པ་གྲུབ་པ་ཐོབ་པ་བཀྲ་ཤིས་པའི་གནས་ནི་སྤ་གྲོ་སྟག་ཚང་སེང་གེ་ཕུག་ལྟ་བུའོ། །གསུམ་པ་གཞུང་དང་མཐུན་པ་ལ་གཉིས་ཏེ། སྤྱིའི་གཞུང་དང་མཐུན་པ་དང་། འདི་རང་གི་གཞུང་དང་མཐུན་པའོ། །དང་པོ་ནི། གནས་དེའི་ཤར་གདལ་བ་དང་འདྲ་བ། ལྷོ་བྲེས་པ་འདྲ་བ། ནུབ་སྐྱོབས་པ་འདྲ་བ། བྱང་སྐྱོར་བ་འདྲ་བ། ཡང་ན་ཤར་ན་རིའམ་བྲག་འབྲུའི་ཕུང་པོ་གདལ་བ་འདྲ་བ། ལྷོ་ན་རིའམ་བྲག་དར་དཀར་གྱི་ཡོལ་བ་འདྲ་བ། ནུབ་ན་རིའམ་བྲག་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བ། བྱང་ན་རིའམ་བྲག་བཙུན་མོ་གོ་ཟུ་གྱོན་པ་འདྲ་བ་ཡོད་ན་བཟང་ངོ་། །ཡང་ན་ཞིབ་ཏུ་བརྟགས་ཏེ། ཤར་ལྷོ་ན་མེ་ལྷའི་དུད་རིས་མེད་པ། ལྷོ་ནུབ་ན་སྲིན་པོའི་མདུང་རྩེ་མེད་པ། ནུབ་བྱང་ན་རླུང་ལྷའི་བ་དན་མེད་པ། བྱང་ཤར་ན་དབང་ལྡན་གྱི་རྦབ་ཁུང་མེད་པར་བཙལ་ལོ། །གཉིས་པ་འདི་རང་གི་གཞུང་དང་མཐུན་པ་ལ། རིའམ་བྲག་རྡོ་རྗེ་གཞོན་ནུའི་སྐུ་འགྱིང་བ་འདྲ་བ་ལ་འདུག་ན་གཙོ་བོ་ཉེ་བར་འོང་། །རིའམ་བྲག་ཁྲོ་བོའི་སྐུ་འགྱིང་བ་འདྲ་བ་ལ་འདུག་ན་ཁྲོ་བོ་བཅུ་ཉེ་བར་འོང་། རིའམ་བྲག་མགོ་བརྙན་གྱི་སྐུ་འགྱིང་བ་འདྲ་བ་ལ་འདུག་ན་མགོ་བརྙན་ཉེ་བར་འོང་། །ཤར་ལྷོ་མཚམས་ན་བྲག་གཅན་གཟན་ཐུར་ལ་རྒྱུག་པ་འདྲ་བ་འདུག་ན་ཤྭ་ན་མ་ཉེ་བར་འོང་། ལྷོ་ནུབ་མཚམས་ན་མཚོ་བཞི་བསྐྱིལ་བ་འདྲ་བ་འདུག་ན་བསེ་མོ་ཉེ་བར་འོང་། ནུབ་བྱང་མཚམས་ན་སྐྱེས་བུ་ཞུབ་དཀར་ལངས་པ་འདྲ་བ་འདུག་ན་སྐྱེས་བུ་གིང་ཉེ་བར་འོང་། བྱང་ཤར་མཚམས་ན་བུད་མེད་ནག་མོ་དར་འཕྱར་བ་འདྲ་བ་འདུག་ན་རེ་མ་ཏཱི་ཉེ་བར་འོང་ངོ་། །བཞི་པ་ཡིད་དང་མཐུན་པ་ཉམས་དགའ་བའི་གནས་ནི། ཕུ་ནས་དྲི་མ་མེད་པའི་ཆུ་འབབ་པ། མདའ་ན་རྩི་ཤིང་ནགས་ཚལ་ལོ་འདབ་རྒྱས་པ། བྱ་སྐད་རྣམ་པ་སྣ་ཚོགས་སྒྲོག་པ་སྟེ། གསང་རྒྱུད་ལས། མེ་ཏོག་མང་པོའི་གླིང་ཡོད་དང་། །རི་ནི་རིན་ཆེན་སྤུངས་པ་འདྲ། །སྐྱེད་མོས་ཚལ་དང་དཔག་བསམ་ཤིང་། །ངང་པ་བུང་བའི་སྒྲ་སྒྲོག་ཅིང་། །སྐད་སྙན་བྱ་ནི་སྣ་ཚོགས་སྒྲོགས། །གནམ་ནི་འཁོར་ལོ་རྩིབས་བརྒྱད་འདྲ། །ས་ནི་པདྨ་འདབ་བརྒྱད་འདྲ། །གནས་ནི་དབྱིབས་ལེགས་ཁ་ཤར་བལྟས། །ཞེས་སོ། །གཉིས་པ་སྒྲུབ་པའི་གནས་ནི། གནམ་ནི་གྲི་འདྲ་བ། ས་གྲུ་གསུམ། ལོགས་ལ་ཚེར་མ་ཅན་སྐྱེས་པ་སྟེ། མྱང་འདས་ལས། དྲག་པོ་གནས་ཀྱི་དམ་པ་ནི། །དུར་ཁྲོད་ཤིང་གཅིག་རྒྱ་གྲམ་ལམ། །གཅན་གཟན་མང་པོའི་རྒྱུ་སྲང་དང་། །གནམ་ནི་གྲི་འདྲ་ས་གྲུ་གསུམ། །ལོགས་ལ་ཚེར་མ་ཅན་གྱི་ཤིང་། །དེ་ནི་དྲག་པོའི་སྒྲུབ་གནས་སོ། །ཞེས་པས་མངོན་ནོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ནི། དམ་ཉམས་སམ། རང་བཞིན་ངན་པ་ཅན་ནམ། མཁོན་གྲིབ་ཅན་གྱིས་འོང་ངམ་ཞེ་ན། དེས་མི་འོང་སྟེ། མཚན་ཉིད་དང་དབྱེ་བའོ། །དང་པོ་ནི། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། དད་ལྡན་དམ་ཆེ་གུས་ལ་བརྩོན། །ཤེས་རབ་གསུམ་ལ་བློ་སྦྱངས་ཤིང་། །རྩ་བའི་སྔགས་ཟློས་གཙང་རྨེ་ཆུང་། །དལ་བྲི་མཁས་པ་འཁོར་གྱི་རྒྱུ། །ཞེས་པས་ཡོན་ཏན་ཀུན་ཚང་པ་རབ། འབྲིང་སུམ་གཉིས། ཐ་མ་སུམ་ཆ་ཚང་བ་དགོས་སོ། །ཡང་ན་བཀའ་བློ་བདེ་བ། གྱོང་ཁེངས་མེད་པ། བརྟུལ་ཤུགས་ཆེ་བ། སྒྲུབ་པ་པོ་ལ་དད་པའོ། །དབྱེ་ན་བཞི་སྟེ། ཕྱི་ནང་བརྡ་སྦྱོར་གྱི་འཁོར། རྡུལ་ཕྱགས་སྐྱེས་བུའི་འཁོར། ཐུགས་འཐད་པ་ཡུམ་གྱི་འཁོར། མཆོད་པ་སྟོབ་པའི་འཁོར་རོ། །དང་པོ་ནི། ཐལ་སྐྱེལ་མེ་ལེན་ཆུ་འཆུ་བ་དེའོ། །གཉིས་པ་ནི། གཡོས་སོགས་བྱ་བ་བྱེད་པའོ། །གསུམ་པ་ནི། གཟུངས་མ་མཚན་ལྡན་ནོ། །བཞི་པ་ནི། བསྙེན་སྒྲུབ་ཇི་ལྟ་བ་ཤེས་པ་དེས། རང་ཁམས་མ་བདེ་ན་ཐུན་མི་ཆག་པ་དགོས་སོ། །གཉིས་པ་དུས་ནི། ནམ་དགའ་དགའ་དང་ཅི་ཐོད་ཐོད་གཏམ་འཆལ་དུ་གཞུག་པས་འགྲུབ་བམ་ཞེ་ན། མི་འགྲུབ་སྟེ། ཟླ་བ་དང་། ཚེས་གྲངས་དང་། སྐར་མ་དང་། གཟའ་བཞི་རྩིས་ཏེ། གསང་རྒྱུད་ལས། ར་བ་བཞི་ལ་བསྙེན་པའི་དུས། །འབྲིང་པོ་བཞི་ལ་སྒྲུབ་པའི་དུས། །ཐ་ཆུང་བཞི་ལ་ལས་སྦྱོར་བྱ། །ཞེས་པ་དང་། ཡང་ཟླ་སྟོད་ཐམས་ཅད་བཟློག་པ་ཡིན། །ཟླ་སྨད་ཐམས་ཅད་ཐེབས་པ་ཡིན། །ཞེས་པ་དང་ཁྱད་པར་དུ། །ར་བ་བཞི་ལ་གདབ་ལས་ལྡོག །འབྲིང་པོ་བཞི་ལ་ཟོར་ལས་ལྡོག །ཐ་ཆུང་བཞི་ལ་ལས་དག་བྱ། །ཞེས་སོ། །གཉིས་པ་ཚེས་ནི། གསང་རྒྱུད་ལས། དཔྱིད་ཟླ་གསུམ་ལ་བརྡེག་པ་ནི། །ཉི་ཤུ་གཉིས་དང་ཐ། བཅུ་དྲུག་འབྲིང་། བཅུ་བཞིའོ། །རབ། ཤར་དང་དེ་བཞིན་ཤར་ལྷོར་བལྟའོ། །དབྱར་ཟླ་གསུམ་ལ་བརྡེག་པ་ནི། བརྒྱད་དང་རབ། བཅོ་ལྔ་འབྲིང་། དུས་དྲུག་ཏུ། །ཐ། ནུབ་བྱང་བྱང་ཤར་ཁ་བལྟའོ། །སྟོན་ཟླ་གསུམ་ལ་བརྡེག་པ་ནི། །ཉི་ཤུ་རབ། བཅོ་བརྒྱད་འབྲིང་། ཉེར་གསུམ་ཐ་མ། ལ། བྱང་ཤར་བྱང་དང་ནུབ་ཏུ་བལྟའོ། །དགུན་ཟླ་གསུམ་པ་བརྡེག་པ་ནི། །བཅུ་གསུམ་རབ། བཅུ་དྲུག་འབྲིང་། ཉི་ཤུ་ཐ། དགུ། །བྱང་དང་ལྷོ་རུ་ཁ་བལྟའོ། །དཔྱིད་ཟླ་གསུམ་ལ་ལྡོག་པའི་དུས། །བཅུ་བདུན་བཅུ་དགུ་རབ། ཚེས་གཅིག་འབྲིང་། ཉི་ཤུ་བརྒྱད། །ཐ། དབྱར་ཟླ་གསུམ་ལ་བཟློག་པ་ནི། །ཚེས་གཉིས་གཅིག་ཟེར་བའང་འདུག །མཆན། ལྔ་དང་བཅོ་ལྔ་དང་། །ཚེས་གསུམ་འབྲིང་། བཅུ་དྲུག་བཅུ་བཞིའོ། །ཐ་མའོ། སྟོན་ཟླ་གསུམ་ལ་ལྡོག་པ་ནི། །ཉི་ཤུ་རབ། ལྔ་དང་གསུམ་འབྲིང་། དང་གཉིས། །ཐ་མ། དགུན་ཟླ་གསུམ་ལ་ལྡོག་པ་ནི། །བཅོ་བརྒྱད་རབ། ཉི་ཤུ་འབྲིང་། ཉེར་བདུན་ཐ་མའོ། །ནོ། །ཞེས་སོ། །སྐར་མ་སྨེལ་པོ་དང་མགོ། གཟའ་ཕུར་བུ། ཉི་མ་བདུད་ཀྱི་ཉི་མ་དྲག་པོ་ལ་གཏད་དོ། །བསྙེན་པ་ལ་གཟའ་སྐར་གང་བཟང་ལ་བྱའོ། །ལྔ་པ་རྫས་དང་ཡོ་བྱད་རྟེན་དང་རྫས་མེད་ཀྱང་སྒྲུབ་ཏུ་རུང་ངམ་ཞེ་ན་མི་རུང་སྟེ། ཕུན་སུམ་ཚོགས་པ་ལ་ལྔ་སྟེ། འཚོ་བ་ཟས་ཀྱི་ཡོ་བྱད། རྐྱེན་བཟློག་སྨན་གྱི་ཡོ་བྱད། ལྷ་སྒྲུབ་པའི་ཡོ་བྱད། ཐུགས་དམ་བསྐང་བའི་ཡོ་བྱད། དགྲ་བགེགས་གསོད་པའི་ཡོ་བྱད་དོ། །དང་པོ་འཚོ་བ་ཟས་ཀྱི་ཡོ་བྱད་ནི། རྟེན་དང་རྫས་མི་གཙང་བས་སྒྲུབ་ཏུ་རུང་ངམ་ཞེས་ན་མི་རུང་སྟེ། བཟའ་བ། བཅའ་བ། བཏུང་བ་སྒྲུབ་དུས་དང་སྦྱར་ཏེ་ལྡོང་ཐབས་སུ་བསྐྱེད་དགོས་ཏེ། བརྒྱ་ལམ་གལ་ཏེ་མ་འགྲུབ་ན་སྤོགས་ཆོག་དགོས་པའོ། །གཉིས་པ་རྐྱེན་བཟློག་སྨན་གྱི་ཡོ་བྱད་ལ་གཉིས་ཏེ། ཕྱིའི་རྐྱེན་བཟློག་པ་དང་། ནང་གི་རྐྱེན་བཟློག་པའོ། །དང་པོ་ལ་གཉིས་ཏེ། དགྲ་བཟློག་པ་དང་། བགེགས་བཟློག་པའོ། །དང་པོ་ནི། སྔོན་དུ་སྒྲུབ་ཁང་བཙན་པོ་རྒྱན་དང་ལྡན་པ། རྦབ་ཁུང་དང་། མདའ་གཡབ་དང་། ཡང་ཁང་དང་། རྩེགས་ཁང་དང་། མཛོད་ཆུང་དང་ལྡན་པར་བྱའོ། །གནས་དེར་གོ་ཆ་དང་། ཕུར་ཆུང་དང་། མདའ་གཞུ་དང་། མདུང་ཐུང་དང་། འཁྲུལ་འཁོར་དང་། སྒྱོགས་ཐེ་རང་རྐང་དང་ལྡན་པར་བྱའོ། །གཉིས་པ་བགེགས་བཟློག་པ་ལ་སྲེག་རྫས་དང་། ཟོར་རྫས་དང་། ཐུན་རྫས་དང་། བཟླས་ཉུངས་དང་། ཐོད་ངན་དང་། དུག་ཁྲག་དང་། གུ་གུལ་དང་། ཚིལ་ཆེན་དང་། རོ་རས་དང་། ཤིང་ཤུན་དང་། ལིངྒ་དང་། འཁོར་ལོའི་རྫས་རྣམས་ཚུད་པར་བྱའོ། །གཉིས་པ་ནང་གི་རྐྱེན་བཟློག་པ་ལ་གཉིས་ཏེ། ནད་འདུས་པ་ལས་གྱུར་པ་བཟློག་པ་དང་། ཉོན་མོངས་པ་རང་དབང་མེད་པར་བཟློག་པའོ། །དང་པོ་ནི། རླུང་ལ་རླུང་སྨན་དང་། ཚད་པ་ལ་བསིལ་སྨན་དང་། གྲང་བ་ལ་དྲོད་སྨན་དང་། མཁྲིས་པ་ལ་ལྕ་སྒ་དང་བུ་རམ། ནད་འདུས་པ་ལ་སྨན་ཐམས་ཅད་ཚང་བར་བྱ། བཙག་ཆ་དང་། ཐུར་མ་དང་། སྤྲ་བ་ལ་སོགས་པ་གསོག་གོ། །གཉིས་པ་ཉོན་མོངས་པ་ལངས་ན། ཞེ་སྡང་ལ་བྱམས་པ། འདོད་ཆགས་ལ་མི་སྡུག་པ། གཏི་མུག་ལ་རྟེན་འབྲེལ་ལམ། ཡང་ན་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པར་བྱས་ལ། བླ་མའི་སྙན་བརྒྱུད་ཟབ་མོ་ཐོས་པ་ཙམ་གྱིས་གྲོལ་བ། བསྒོམ་པ་ཙམ་གྱིས་བྱིན་རླབས་འབྱུང་བ་སྟ་གོན་དུ་བྱའོ། །གསུམ་པ་ལྷ་སྒྲུབ་པའི་ཡོ་བྱད་ལ། བྲག་བཙན་པོའམ་ས་བཟང་པོ་ལ་སྒྲུབ་ཁང་བཙན་པོ་བྱས་ལ། དེའི་དབུས་སུ་དཀྱིལ་འཁོར་འདོམ་གང་གྲུ་བཞི་པ་བརྩིགས་ཏེ་དཔངས་ཁྲུ་གང་བ། དེར་ཡང་དུར་ཁྲོད་དུ་སྒྲུབ་པར་བྱ་བའི་ཕྱིར་ཐོད་ཚལ་ལ་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ་གཞུག །ལོངས་སྤྱོད་ཆེ་བར་བྱ་བའི་ཕྱིར་རཏྣ་ལྔ་དང་འབྲུ་སྣ་ལྔ་གཞུག །ནད་ཉུང་བར་བྱ་བའི་ཕྱིར་སྨན་ལྔ་གཞུག །གྲགས་པ་ཐོབ་པར་བྱ་བའི་ཕྱིར་དྲི་ལྔ་གཞུག །བུམ་གཏེར་བཅུག་ལ་མེ་ལོང་གི་ངོས་འདྲ་བར་བྱ། དེ་ཡང་ཤར་མཐོ་ན་ནོར་ལ་གཟན། ལྷོ་མཐོ་ན་ནད་འོང་། ནུབ་མཐོ་ན་སྲོག་ལ་གཟན། བྱང་མཐོ་ན་རིགས་རྒྱུད་ཆད། དབུས་མཐོ་ན་རང་ལ་ངན། བྱང་ཤར་དམའ་བར་བྱའོ། །དེའི་ཟུར་བཞི་སྲུང་མའི་སྟེགས་བུ་དཔངས་སོར་བཞི། རྒྱར་ཁྲུ་རེ་ཡོད་པ་བཞི་བརྩེག་པར་བྱའོ། །དེ་ནས་དལ་གྱི་དབུས་སུ་མིའི་ཀེང་རུས་བརླ་དང་རྗེ་ངར་དུ་བཅས་པ་རྐང་མཐིལ་གྱེན་ལ་བསྟན་པའི་ཁྲིའུ་ཆེན་པོ་གཅིག་བྱའོ། །དེའི་སྟེང་དུ་ལྕེ་སྤྱང་གི་ཁོག་པའམ། མིའི་རྩིབས་ཁོག་གཅིག་བཞག །དེའི་ནང་དུ་ཤ་སྣ་སྙིང་སྣ་འབྲུ་སྣ་ལས་བྱས་པའི་དཔལ་ཆེན་པོའི་དཀྱིལ་གཏོར་བྱ། དེའི་སྟེང་དུ་འབར་བའི་ལྷ་ཚོགས་བསྐྱེད་ལ་ཟས་ཕུད་བཏུང་ཕུད་ལོའམ་མི་རབས་སུ་འབུལ། ཐུན་མཚམས་ཀྱི་བཟླས་པ་ལ་གཞོལ། ཚིལ་ཆེན་གྱི་སྤྲིན་ཁེབས་བྱ། རྨ་བྱའི་གདུགས་ཕུབ་ལ་བཞག་གོ། །དེའི་གཡས་སུ་གཏའ་གཏོར་བཟང་དུ་བཤམ། སྲས་མཆོག་ལྔ་བསྐྱེད། ཟས་ཕུད་འབུལ། ཟླ་བ་རེ་ལ་ཁ་བྲན། གཡོན་ནམ་རྒྱབ་ཏུ་གཏོར་མ་གསུམ་བཅའ། ཕྱིའི་ལྷ་མོ་ལྔར་བསྐྱེད་པ་ཕྱིའི་གཏོར་མ། ནང་གི་ལྷ་མོ་ལྔར་བསྐྱེད་པ་ནང་གི་གཏོར་མ། འདོད་ཡོན་ལྷ་མོ་ལྔར་བསྐྱེད་པ་གསང་བའི་གཏོར་མའོ། །མདུན་དུ་གཙོ་བོའི་འགྱིང་ཕུར་གདན་དང་བཅས་པ་དར་མཐིང་གི་ཅོད་པན་བཏགས་པ་གཞུག །དེའི་སྔོན་དུ་ལྷ་ཕུར་ལྔ་བཅུ་རྩ་གཅིག་ཐོད་པ་ནས་ཀྱིས་བཀང་བར་གཞུག །གཞན་ཡང་གདབ་ཕུར་ཉི་ཤུ་རྩ་གཅིག །སྒྲུབ་ཕུར་བརྒྱ་རྩ་བརྒྱད། མགྱོགས་ཕུར། ཕུར་པ་སིལ་བུ་རྣམས་གསོག་གོ། །ཟུར་གྱི་སྲུང་མའི་སྟེགས་བུར་རང་རང་གི་དམ་རྫས་དང་། གཏོར་མ་བཤམས་ཏེ། དེའང་ལྷོར་ཤར་གྱི་སྟེགས་བུར་ཤྭ་ན་མའི་རྫས། རྒྱུད་ལས། དམ་རྫས་ཡོད་ན་ཤུགས་ཀྱིས་འདུ། རང་ཤུགས་སུ་ལས་བྱེད་དོ། །སྤྱང་ཁུ་འཕར་བ་ཝ་དང་ཁྱི། །ཤྭ་ན་མ་ཡི་རྫས་སུ་བཞག །མར་ཁུ་ཞག་དང་འོ་མ་ཁྲག །ལྷོ་ནུབ་ཏུ། བསེ་མོ་བཞི་ཡི་རྫས་སུ་བཞག །མདའ་དར་སྟག་རས་ནུབ་བྱང་དུ། གཟིག་རས་རྣམས། །སྐྱེས་བུ་གིང་གི་རྫས་སུ་བཞག །བྱ་ནག་བྱང་ཤར་གྱི། ལུག་ནག་རྟ་ནག་ནལ་བུའི་ཤ །རེ་མ་ཏཱི་ཡི་རྫས་སུ་བཞག །དཔལ་ཆེན་དབུས་སུ། རྟ་ཡི་བསྒྱིང་གཏོར་གཅིག །དབུས་སུ་ཁྲིའུའི་སྟེང་དུ་བཞག །ཛ་གད་རཀྟས་མཐའ་མ་བསྐོར། །ཞེས་པས་བསྲེག་རྫས་ཐམས་ཅད་ཤར་ལྷོ་མེ་ལྷར་བཤམ། མནན་རྫས་ཐམས་ཅད་ལྷོ་ནུབ་སྲིན་པོར། ཟོར་རྫས་ནུབ་བྱང་རླུང་ལྷར། ཐུན་རྫས་བྱང་ཤར་དབང་ལྡན་དུ། མཆོད་རྫས་ཐམས་ཅད་རང་གི་མདུན་དུ་བཤམ། སྲོག་ལ་འཁོར་ལོ་བསྐོར་བ་ལྷོ་ནུབ་ཏུ་བཤམ་མོ། །བཞི་པ་ཐུགས་དམ་བསྐང་བའི་ཡོ་བྱད་ནི། གནས་དེར་ཞིང་ཆེན་གྱི་བླ་བྲེ། ཞིང་ཆུང་གི་ཟ་ར་ཚགས། ཙིཏྟའི་ཕོ་ཏོག །བྷནྡྷ་སྐམ་རློན་གྱི་ཚ་ཚར། རྒྱུ་མ་བུས་པའི་བརླ་རྒྱན། ཤ་ཆེན་གྱི་ལང་ལིང་། རུས་ཆེན་གྱི་ཁྲལ་ཁྲོལ། ཁམས་གསུམ་གྱི་རཀྟ། དམར་གྱི་གཏོར་མ། དཔལ་གྱི་ཡང་ཕུད། ཞལ་ཟས་ཚོགས་ཀྱི་གཏོར་མ་མཆོད་པ་ཟེར་བའང་སྣང་། མཆན། རྣམས་བཤམ་མོ། །ལྔ་པ་དགྲ་བགེགས་བསད་པའི་རྫས་ནི། སྲོག་ལ་འཁོར་ལོ་བསྐོར་བ་དང་། སྲོག་ལ་ལིངྒ་བཅའ་བའོ། །དེའི་འབྲུབ་ཁུང་གྲུ་གསུམ་པ་བཅས་སྟེ། རྒྱུད་ལས། དཀྱིལ་འཁོར་དང་ནི་འབྲུབ་ཁུང་གཉིས། །སོ་སོ་ཡིན་ཏེ་མི་གཅིག་གོ། །ལིངྒ་དང་ནི་ཉ་བོ་གཉིས། །དམིགས་པ་གཅིག་སྟེ་རྒྱུ་མི་གཅིག །ལིངྒ་ཉ་བོའི་སྙིང་གར་གཞུག །ཅེས་པས། ཟན་ལ་ཉ་བོ་བཅའ་སྟེ། རྒྱུད་ལས། གྲོག་མཁར་ས་དང་རྐང་རྗེས་ས། །ཕྱི་ས་དྲི་ཆུ་གོས་དུམ་རྣམས། །ཉ་བོ་བྱ་བའི་རྫས་སུ་བཤད། །ཤུན་ཆེན་གྲོ་ག་ཤོག་ཤོག་རྣམས། །ལིངྒ་བྲི་བའི་རྫས་སུ་བཤད། །ཅེས་པའི་རྒྱུ་རྐྱེན་དྲུག་ལ། ཕར་རྐན་ཚུར་རྐན་རྐང་རྗེས་ས། ས། གཙུག་སྐྲ། མའི་ལོ་མ། གངས་སྣབས་ལུད། ཀྱི་དུམ་བུ། རྣམ་སྣང་། ཕྱི་ས། ཤ་ཤུལ། དྲི་ཆུ། ཞིང་རས་གོས་དུམ། དང་དྲུག་གོ། །ལྷ་ཁང་དང་མཆོད་རྟེན་རྙིང་པའི་ས། རབས་ཆད་ས། མི་ཕུང་ས་རྣམས་ལ་ཉ་བོ་རུས་ཤིང་དག་བཅས་པ་བྱ། ཁྲག་ནད་གཏོང་བའི་ཕྱིར་ཁྲག་སྣ་གཞུག །དུག་ནད་གཏོང་བའི་ཕྱིར་དུག་སྣ་གཞུག །ནད་ཚད་པ་གཏོང་བའི་ཕྱིར་དྲོད་སྨན་གཞུག །གྲིར་བསད་པའི་ཕྱིར་གྲི་གཞུག །འདྲེ་ལ་བྱེད་ན་རྟེན་གྱིས་གཞུག །ལྡེར་བཟོ་བྱས་ལ་མིང་རུས་ལིངྒའི་སྙིང་གར་གཞུག །གཉིས་པ་ལིངྒ་བྲི་བ་ལ། རྒྱུད་ལས། དུས་དང་བྲི་མཁན་སྣག་ཚ་གསུམ། །དུས་ནི་སྨིན་དྲུག་ས་འོག་དུས། །འབྲི་མཁན་རང་བཞིན་ཡོན་ཏན་ཅན། །སྣག་ཚ་དམེ་ཁྲག་གསུམ་གྱིས་བྱས། །རྒྱལ་པོ་ལ་ནི་རྐྱང་ཁྲུའོ། །བནྡེ་ལ་ནི་བཅག་ཁྲུའོ། །སྐྱེས་པ་ལ་ནི་མཐོ་གང་ངོ་། །བུད་མེད་ལ་ནི་མཛུབ་གང་ངོ་། །བྱིས་པ་ལ་ནི་སོར་བཞིའོ། །ཞེས་སོ། །དེ་ལ་ལིངྒ་ཙཀྲ་འབྲི་དུས་སུ་ཁ་རླངས་མི་བཏང་། ལག་པས་མི་འཇུ། སྣག་ཚ་གསར་དུ་སྦྱོར། སྤྱི་བོར་རུས་བྲི། སྙིང་གར་མིང་བྲི། བརླ་ལ་བླ་དགས་བྲི། འདོམས་སུ་ཚ་བྲིའོ། །སྔགས་པ་དཔྲལ་བར་ཧ་ས་བྲི། ལྟེ་བར་ཨ་ཝེ་ཤ་བྲི། ཡན་ལག་ལ་ཤྲི་ཀྲི་བྲི། ལྕེ་ལ་ཛྭ་ལ་པ་ཡ་བྲི། སྤྱི་བོར་ཏ་ཐ་ཡ་བྲི། འདོམས་སུ་བིད་ཡ་བྲི། ༀ་ལཾ་ཧཱུཾ་ལཾ་གྱིས་མཐའ་བསྐོར། རྩིབས་ཐམས་ཅད་དུ་འདུས་པ་བྲི། དེའི་མཐར་ཁྲོ་བཅུས་བསྐོར། དེའི་མཐར་སྲུང་མའི་སྔགས་ཀྱིས་བསྐོར་རོ། །གཏད་བྱེད་པའི་མཛེ་ཐོད་ལ་དཔྲལ་བ་ཤྲི་ཀྲི་བྲི། སྤྱི་བོར་ཏ་ཐ་ཡ་བྲི། རྣ་བར་བི་ད་ཡ་བྲི། ལྟག་པར་ཧ་ས་ཡ་ར་བྲི། མགྲིན་པར་ཨ་ཝེ་ཤ་ཡ་བྲི། རྐན་ལ་ཛྭ་ལ་པ་ཡ་བྲི། །གཞན་འདྲ། བགེགས་གནོན་པའི་ཁྱི་ཐོད་ལ། སྨིན་མཚམས་སུ་ཧ་ས་བྲི། འཚུལ་པར་ཨ་ཝེ་ཤ་བྲི། འགྲམ་པར་ཤྲི་ཀྲི་བྲི། རྐན་ལ་ཛྭ་ལ་ཡ་བྲི། སྤྱི་བོར་ཏ་ཐ་ཡ་བྲི། མ་མཁལ་ལ་བི་ད་ཡ་བྲི། དེ་ནས་སྔར་ལྟར་རོ། །རྐྱེན་དྲུག་ལ། རང་ལྷར་གསལ་བ། གཟས་པ་པོ་དངོས་སུ་གསལ་བ། འབྲུབ་ཁུང་དྲེགས་པའི་ཞལ་དུ་གསལ་བ། རྩང་ཕུར་པའི་སྲུང་མར་གསལ་བ། ཐུན་ཁྲག་མཚོན་ཆར་གསལ་བ། ཐུན་བརྒྱབས་པས་ཁོང་ཁྲག་ལུད་ནས་མྱགས་མྱགས་སོང་བར་བསམ་མོ། །ཉ་བོ་དེའི་ལུས་ཀྱི་གནས་བཅུར་ཁྲོ་བོ་བཅུའི་ཕུར་པ་བཅུ་བཏབ་ལ་བཞག །ལུས་ཀྱི་མཚོ་བཞི་ལ་སྒོ་མ་བཞིའི་ཕུར་པ་བཞི་བཏབ། གནམ་གྱི་འཇུ་ཐག་བཅད་པ་དང་། ས་ཡི་རྟེན་ཕུར་ཕྱུང་བ་རྣམས་སུ་ཕུར་པ་དྲུག་བཏབ་ལ་བཞག །དེ་ཡང་བསྙེན་དུས་སུ་གན་རྐྱལ་མགོ་ཕར་བསྟན་དུ་བྱ། སྒྲུབ་དུས་སུ་ཁ་སྦུབ་མགོ་ཚུར་བསྟན་ནོ། །དེ་རྣམས་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །སྒྲུབ་པ་ལས་ཀྱི་གཞི་བཟུང་བ་ཚར་རོ། །སྤྱི་དོན་གཉིས་པ་དཀྱིལ་འཁོར་རྣམ་པ་གསུམ་སྔོན་དུ་འགྲོ་བ་ཕྲིན་ལས་ཀྱི་རིམ་པ་དང་བཅས་ཏེ་དོན་གྱི་ཁོག་དབུབ་པ་ལ། གཉིས་ཏེ། སྔོན་དུ་འགྲོ་བ་དང་དལ་གསུམ་དངོས་སུ། །དང་པོ་ལ་བདུན་ཏེ། དང་པོ་མཚམས་བཅད་པ། བརྡ་སྒོ་དབྱེ་བ། བརྡ་ཕྱག་འཚལ་བ། རྟགས་གདབ་པ། བཤགས་པ་བྱ་བ། བྱིན་དབབ་པ། རྣམ་གསུམ་བྱིན་གྱིས་བརླབ་པའོ། །དེ་རྣམས་ནི་ཞི་ཁྲོ་ལ་སོགས་པ་ཕྲིན་ལས་སྤྱིའི་སྔོན་དུ་འགྲོ་བ་ཡིན་ནོ། །དེ་ལ་དང་པོ་འབར་བ་མཚམས་ཀྱི་དལ་གྱིས་མཚམས་བཅད་པ་ལ་མདོ་གསུམ། རྩ་བ་བརྒྱད། ཡན་ལག་དེ་རྣམས་མི་ཤེས་ན་མཚམས་གཅོད་ལ་མི་རེའོ། །སུམ་ཅུ་རྩ་གསུམ་མོ། །དེ་ལ་དང་པོ་མདོ་གསུམ་ནི། རེ་རེ་ལའང་གསུམ་གསུམ་མོ། །རྩ་བ་བརྒྱད་པོ་གང་ཞེ་ན། དང་པོ་མཚམས་གཅོད་མཁན་གྱི་རྟེན་གྱི་གང་ཟག་གསུམ་དགོས་པས་གང་གིས་བཅད། གང་བཅད་རྒྱུའི་མི་མཐུན་ཕྱོགས་ལས་གང་བཅད། མཚམས་བཅད་པའི་དོན་གྱི་ངོ་བོ་གསུམ་པོ་གང་ཡིན། དེ་ལ་མཚམས་ཀྱི་གཞུང་ཆེན་པོ་གསུམ་ཡོད་ན་གང་ཡིན། གཞུང་དེ་གསུམ་ལ་གང་ནས་བཤད་ཀྱི་ཁུངས་གསུམ་ཡོད་ན་གང་ཡིན། མཚམས་བཅད་པའི་གནས་སྐབས་སུ་འབྲས་བུ་གསུམ་ཇི་ལྟར་འབྱུང་། མཚམས་རེ་རེ་ལ་གསུམ་གསུམ་རེ་དབྱེ་བ་དགུ་ཡོད་ན་གང་ཡིན། མཚམས་བཅད་པ་ལ་འབྲས་བུ་རྣམ་པ་གསུམ་པོ་ཅི་ལྟར་འབྱུང་བ་ཡིན། ཞེས་པ་དང་བརྒྱད་དོ། །དེ་ལ་དང་པོ་གང་ཟག་གསུམ་ནི་རབ་ལྟ་བ་རྟོགས་པ། འབྲིང་བསྐྱེད་རིམ་བརྟན་པ། ཐ་མ་སློབ་པ་རེས་འཇོག་པའི་གང་ཟག་གོ། །དེ་ཡང་གང་ཟག་རབ་དེས་སྣང་བ་ཆོས་སྐུར་རྟོགས་པས་སྤང་བླང་མེད་པར་མཚམས་བཅད་ཟིན། འབྲིང་དེས་སྣང་བ་ལྷར་རྟོགས་པས་འདྲེ་མེད་དེ་བཅད་ཟིན། །ཐ་མ་དེ་ལ་མ་བཅད་ན་འདྲེ་འོང་། བཅད་ན་འདྲེ་མི་འོང་བས་བཅད་དགོས་སོ། །གཉིས་པ་བཅད་རྒྱུ་མི་མཐུན་པ་ནི་གསུམ་སྟེ། ཕྱིའི་གཡེང་བ་དང་འདུ་འཛི། ནང་རྐྱེན་དང་བར་ཆད། གསང་བ་རྣམ་རྟོགས་ཕྲ་རགས་སོ། །གསུམ་པ་མཚམས་བཅད་ཀྱི་ངོ་བོ་ནི། ལྟ་བའི་ངང་མཚམས། བསྐྱེད་རིམ་གྱི་རང་མཚམས། སྔགས་དང་ཕྱག་རྒྱས་སྲུང་མཚམས་སོ། །བཞི་པ་དེ་གསུམ་པོ་གཞུང་ཆེན་པོ་གསུམ་སྟེ། ལྟ་བ་ལ་མེ་ཁྲག་འཆོལ་བའི་མཚམས། བསྐྱེད་རིམ་ལ་ཁྲོ་བོ་འཆོལ་བའི་མཚམས། སྔགས་དང་ཕྱག་རྒྱ་ལ་མཚོན་ཆ་འཆོལ་བའི་མཚམས་སོ། །ལྔ་པ་གང་ནས་བཤད་ཀྱི་ཁུངས་གསུམ་ལ། མེ་ཁྲག་འཆོལ་བ་མ་གཤིན་གྱི་རྒྱུད་ནས་བཤད། ཁྲོ་བོ་འཆོལ་བ་ཞི་ཁྲོའི་རྒྱུད་ནས་བཤད། མཚོན་ཆ་འཆོལ་བ་ཡང་ཕུར་གྱི་རྒྱུད་ནས་བཤད་དོ། །དྲུག་པ་གནས་སྐབས་ཀྱི་དགོས་པ་ནི། ཕྱི་མཚམས་བཅད་པས་གཡེང་བ་ཞི། ནང་མཚམས་བཅད་པའི་བར་མི་ཆད། གསང་མཚམས་བཅད་པས་སེམས་ཆོས་སྐུར་གནས་པའོ། །བདུན་པ་དབྱེ་བ་ལ་གསུམ་སྟེ། སྣང་བ་མིའི་མཚམས་བཅད་པ། མི་སྣང་བ་བགེགས་ཀྱི་མཚམས་བཅད་པ། ཕྲ་བ་རྣམ་པར་རྟོག་པའི་མཚམས་བཅད་པའོ། །དང་པོ་ནི། ཡུལ་དཔོན་ལ་བཀའ་ཕོག་པ། ང་ཡི་རྟེན་སྒྲུབ་མ་ཐོན་པར་འཚེ་བ་མ་བཏང་ཞིག་ཅེས་བཀའ་བསྒོའོ། །གཉིས་པ་མི་སྣང་བ་ལ་གསུམ་སྟེ། ཕྱི་མཚམས། ནང་མཚམས། གསང་མཚམས་སོ། །དང་པོ་ལ་གསུམ། ཕྱིའི་ཕྱི་མཚམས་སུ་གསེར་སྐྱེམས་བཏང་ཞིང་བདེན་པ་བདར། ཕྱིའི་ནང་མཚམས་སུ་རྒྱལ་ཆེན་བཞིའི་ཐོ་བཞི་གཟུག །ཕྱིའི་གསང་མཚམས་སུ་ཁྲོ་བོ་བཅུའི་ཕུར་པ་གདབ་པའོ། །ནང་མཚམས་ལ་གསུམ་སྟེ། ནང་གི་ཕྱི་མཚམས་སུ་གཤིན་རྗེ་གཤེད་ཀྱི་སྒོ་བྱང་ཕྱི་སྒོ་ལ་གདགས། ནང་གི་ནང་མཚམས་སུ་བདུད་རྩི་འཁྱིལ་བའི་སྒོ་བྱང་ནང་སྒོ་ལ་གདགས། ནང་གི་གསང་མཚམས་སུ་དམ་སྲི་ཐེམ་འོག་ཏུ་མནན་པའོ། །གསང་མཚམས་ལ་གསུམ་སྟེ། གསང་མཚམས་ཀྱི་ཕྱི་མཚམས་སུ་གནས་སྲུང་ཁྲོ་བོ་བཅུར་བསྐྱེད། གསང་མཚམས་གྱི་ནང་མཚམས་སུ་བདག་སྲུང་རྡོ་རྗེ་གཞོན་ནུར་བསྐྱེད། གསང་མཚམས་ཀྱི་གསང་མཚམས་སུ་ལྷ་དང་བགེགས་ལ་བཀའ་བསྒོ་བའོ། །བརྒྱད་པ་འབྲས་བུ་ནི་སྐུ་གསུམ་ཐོབ་སྟེ། རྒྱུ་འབྲས་མ་འཆོལ་བའི་ཕྱིར་རོ། །དེ་ལྟར་སོ་སོ་ལ་གསུམ་གསུམ་སྟེ་ཡན་ལག་སུམ་ཅུ་རྩ་གསུམ་མ་ཤེས་པར་མཚམས་གཅོད་ལ་མི་ཐེང་ངོ་། །འབར་བ་མཚམས་ཀྱི་དལ་ཚར་རོ། །གཉིས་པ་བརྡ་སྒོ་དབྱེ་བ་ནི། དལ་གྱི་ཤར་ཕྱོགས་ཀྱི་སྒོ་ཕྱེ་སྟེ་བལྟས་པ་དང་། གཙོ་བོ་ནས་སྒོ་མའི་བར་དུ་བལྟས་པས་ཞལ་ཐལ་ལེར་མཐོང་བར་བསྒོམས་ལ། འདི་སྐད་བརྗོད་དོ། །ཧཱུྃ། བདག་དང་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་གཉིས། །ཡེའམ་གདོད་ནས་གཉིས་སུ་མེད་པ་ལས། །བདག་ཅག་མ་རིག་འཁྲུལ་པས་བསྒྲིབས་པ་ཡིས། །ལོག་རྟོག་མཚན་མའི་རྟོག་པའི་སྤྲིན་གྱིས་བསྒྲིབས། །དཀྱིལ་འཁོར་ལྷ་ཚོགས་ཞལ་ཡང་མ་མཐོང་བས། །བདག་འཇུག་དཀྱིལ་འཁོར་སྒོ་འདི་དབྱེ་རུ་གསོལ། །མ་རིག་མུན་པའི་ཚོགས་ཀྱི་བར་ཆོད་པས། །ཐུགས་རྗེ་ཉི་ཟླའི་འོད་ཀྱིས་བསལ་དུ་གསོལ། །ༀ་ཀུ་མཱ་ར་ཛྙཱ་ན་མ་ཧཱ་མཎྜ་ལ་སརྦ་དེ་ཝ་མ་ཧཱ་ཀ་རུ་ཎི་ཀ་ས་མ་ཡ་ཧོཿ པྲ་ཝེ་ཤ་ཕཊ། ཅེས་བརྗོད། དེ་ནས་གསུམ་པ་རྟོགས་པ་བརྡའི་ཕྱག་འཚལ་བ་ནི། ཧཱུཾ། ཆོས་སྐུ་བདག་ཉིད་རྩ་བའི་དཀྱིལ་འཁོར་དང་། །ལོངས་སྐུ་ཕྱོགས་བཅུ་ཁྲོ་རྒྱལ་དཀྱིལ་འཁོར་དང་། །སྤྲུལ་སྐུ་བཛྲ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །དཀྱིལ་འཁོར་རྣམ་གསུམ་འབར་བའི་སྲས་མཆོག་ལ། །རྗེས་སུ་ཡི་རང་ཤིན་ཏུ་ངོ་མཚར་ཆེ་བ་ཡིས། །ཕྱག་བརྒྱ་བརྡ་དང་གར་གྱི་སྒོ་ནས་ཕྱག་འཚལ་ལོ། །ༀ་ཤྲཱི་བཛྲ་ཀུ་མཱ་ར་ཛྙཱ་ན་མ་ཧཱ་མཎྜ་ལ་སརྦ་དེ་ཝ་ཨ་ཀཱ་རོ་མ་མི་ན་མོ་ཞེས་བརྗོད། དེ་ནས་བཞི་པ་རྟགས་གདབ་པ་ནི། མཆེད་ལྕམ་རྣམས་གྲལ་བྱས་ལ། ཡེ་ཤེས་ལྷའི་རྟགས་སུ་རཀྟའི་ཐིག་ལེ་སྣ་རྩེ་འཁུར་ཚོས་གཉིས་མཐོ་སར་གདབ། ཐལ་ཆེན་གི་ཚོམ་བུ་ནི་སྤྱི་གཙུག་མགྲིན་པ་སྙིང་གར་བྱས་པ་ལ་དཔྲལ་བར་ཁ་ཊྭཱཾ་ཀ་བྲི། ཞག་གི་ཟོ་རིས་ནི་སྙིང་གར་ཟླ་ཕྱེད་རྡོ་རྗེ་བྲི། དེ་ནས་རྡོ་རྗེའི་གྲལ་བྱས། གྲལ་ཕྱག་བྱའོ། དེ་ནས་ལྔ་པ་ཉམས་ཆག་སྒྲིབ་སྦྱངས་གི་དལ་ལ་བཤགས་པ་བྱ་བ་ནི། མདོ་བཞི། རྩ་བ་བརྒྱད། ཡན་ལག་སུམ་ཅུ་རྩ་གཉིས་སོ། །དང་པོ་མདོ་བཞི་ནི་རེ་རེ་ལ་བཞི་བཞིའོ། །རྩ་བ་བརྒྱད་ལ། དང་པོ་བཤགས་མཁན་གྱི་རྟེན་གྱི་གང་ཟག་བཞི་ཡོད་ན་གང་ཡིན། བཤགས་རྒྱུའི་སྡིག་པ་བཞི་གང་ཡིན། བཤགས་པའི་ཡུལ་བཞི་པོ་གང་ཡིན། བཤགས་པའི་རུ་ཆེན་བཞི་བྱ་བ་གང་ཡིན། །བཤགས་པའི་གཞུང་ཆེན་པོ་བཞི་བྱ་བ་ཡོད་ན་གང་ཡིན། དེ་ལ་མཛད་མཁན་གྱི་སློབ་དཔོན་བཞི་བྱ་བ་ཡོད་ན་གང་ཡིན། བཤགས་པའི་དགོས་ཆེད་བཞི་བྱ་བ་ཡོད་ན་གང་ཡིན། བཤགས་པའི་ཐབས་བཞི་བྱ་བ་ཡོད་ན་གང་ཡིན། དང་པོ་གང་ཟག་བཞི་ལས། དང་པོ་སྐྱབས་འགྲོའི་སྡོམ་པ་ཐོབ་པ་དང་གཅིག །དེ་ནས་སེམས་བསྐྱེད་ཐོབ་པ་དང་གཉིས། དེ་ནས་དབང་བསྐུར་ཐོབ་པ་དང་གསུམ། དེ་ནས་བསྐྱེད་རྫོགས་ཤེས་པ་དང་ལྡན་པས་བཤགས་དགོས་ཏེ། ཐ་མལ་པས་ནི་ཡེ་ཉམས་ཆེན་པོ་ཡིན་པས་བཤགས་ཆག་ཆད་པའོ། །གཉིས་པ་བཤགས་རྒྱུའི་སྡིག་པ་ལའང་བཞི་སྟེ། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་གཅིག །སོ་སོར་ཐར་བའི་སྡོམ་པ་ཤོར་བ་དང་གཉིས། བྱང་སེམས་ཀྱི་སེམས་བསྐྱེད་ཤོར་བ་དང་གསུམ། །གསང་སྔགས་ཀྱི་དམ་ཚིག་ཉམས་པ་དང་བཞི་པོ་བཤགས་དགོས་སོ། །གསུམ་པ་བཤགས་པའི་ཡུལ་བཞི་ནི། བྱིན་གྱིས་བརླབས་པའི་བླ་མ་དང་གཅིག །དངོས་གྲུབ་སྟེར་བའི་ཡི་དམ་ལྷ་དང་གཉིས། ཐུགས་རྗེས་སྐྱོབ་པའི་བདེ་བར་གཤེགས་པ་དང་གསུམ། ལེགས་ཉེས་སྟངས་འཛིན་གྱི་མ་མོ་མཁའ་འགྲོ་དང་བཞི་ལ་བཤགས་དགོས་སོ། །བཞི་པ་བཤགས་པའི་རུ་ཆེན་བཞི་ལ། རྟོགས་པ་ལྟ་བུའི་སྒོ་ནས་བཤགས་པ་དང་གཅིག །སྒོམ་པ་བསྐྱེད་རྫོགས་ཀྱི་སྒོ་ནས་བཤགས་པས་དང་གཉིས། བསྲུང་བྱ་དམ་ཚིག་གི་སྒོ་ནས་བཤགས་པ་དང་གསུམ། གདུང་བ་སྨྲེ་སྔགས་ཀྱི་སྒོ་ནས་བཤགས་པ་དང་བཞིའོ། །ལྔ་པ་དེ་ལ་གཞུང་ཆེན་པོ་བཞི་ཡོད་དེ། ལྟ་བ་ལ་མ་མོའི་ཀློང་བཤགས་དང་གཅིག །བསྐྱེད་རྫོགས་ལ་ཡེ་ཤེས་སྐུ་མཆོག་དང་གཉིས། བསྲུང་བྱ་ལ་དམ་ཚིག་ཉི་ཤུ་རྩ་བརྒྱད་པ་དང་གསུམ། སྨྲེ་སྔགས་ལ་ཡེ་ཤེས་མཁའ་འགྲོའི་བཤགས་པ་དང་བཞིའོ། །དྲུག་པ་མཛད་མཁན་བཞི་ནི། བྲམ་ཟེ་མིའི་ཐོད་པ་ཅན་གྱིས་ལྟ་བའི་ཀློང་བཤགས་མཛད། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་ཡེ་ཤེས་སྐུ་མཆོག་མཛད། རྗེ་ཏི་ཏྲ་མ་ཏིས་དམ་ཚིག་ཉི་ཤུ་རྩ་བརྒྱད་པ་མཛད། ཨ་ཙརྱ་གཉན་དཔལ་དབྱངས་ཀྱིས་ཡེ་ཤེས་མཁའ་འགྲོའི་བཤགས་པ་མཛད་དོ། །བདུན་པ་དགོས་ཆེད་བཞི་ནི། ཡང་དག་དོན་གྱི་གཅུགས་སྦྱང་བ་ལ་ལྟ་བའི་ཀློང་བཤགས། ལྷ་དང་མིའི་གཅུགས་སྦྱང་བ་ལ་ཡེ་ཤེས་སྐུ་མཆོག །རྩ་བ་དང་ཡན་ལག་གི་གཅུགས་སྦྱང་བ་ལ་དམ་ཚིག་ཉི་ཤུ་རྩ་བརྒྱད་པ། མ་མོ་དང་མཁའ་འགྲོའི་གཅུགས་སྦྱང་བ་ལ་ཡེ་ཤེས་མཁའ་འགྲོའི་བཤགས་པ་མཛད་དོ། །བརྒྱད་པ་བཤགས་ཐབས་བཞི་ལ། ལྟ་བ་སེང་གེའི་ང་རོས་རང་བཞིན་མེད་པར་བྱས་ཏེ་བཤགས། སྒོམ་པ་ཏིང་ངེ་འཛིན་གྱི་མེས་བསྲེགས་ཏེ་བཤགས། སྤྱོད་པ་གླང་པོ་ཆེའི་ཆུས་བཀྲུས་ཏེ་བཤགས། གདུང་བའི་སྨྲེ་སྔགས་དབྱངས་དང་བཅས་བཤགས་པ་དང་བཞིའོ། །སྒོས་བཤགས་ནི་རང་རང་གི་ཅི་རིགས་པར་ཐོང་ངོ་། །དེ་ནས་དྲུག་པ་བྱིན་དབབ་པ་ནི། ཛཿཧཱུྃ་བྃ་ཧོཿ ཞེས་སེ་གོལ་བསྣོལ་མར་གདབ་པས་རྩ་བའི་བླ་མ་དེ་ལ་བརྒྱུད་པའི་བླ་མ་དང་། དཔའ་བོ་དཔའ་མོ་འབུམ་གྱིས་བསྐོར་བར་ནམ་མཁར་ཐིབས་སེ་བྱོན་པར་བསམ། དེ་འོག་རིགས་ལྔ་གདན་ཚོ་ལྔ་ལ་དུས་གསུམ་གྱི་བུདྡྷས་བསྐོར་བ་རྣམས་བྱོན། དེའི་འོག་རིག་འཛིན་འབུམ་ཕྲག་དུ་མ་ལ་མ་མོ་མཁའ་འགྲོས་བསྐོར་བ་བྱོན་པར་བསམ་ལ། ས་མ་ཡ་ཧོཿ བྱས་པས་ཡུམ་རྣམས་ཀྱིས་བསྐུལ། ས་མ་ཡ་སྟྭཾ་བྱས་པས་ཡབ་རྣམས་ཀྱིས་གནང་སྟེ་སྦྱོར་བ་མཛད་པས། སྦྱོར་མཚམས་ནས་བྱང་སེམས་བདུད་རྩི་བབས་པ་བདག་གི་སྤྱི་གཙུག་ཏུ་ཐིམ། ལུས་ངག་གི་སྡིག་སྒྲིབ་དག་པར་བསམ། ཨ་ལ་ལ་ཧོཿ ཞེས་པས། དངོས་གྲུབ་སྩལ་བར་བསྒོམ། ཧཱུྃ། བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །སྒྲུབ་མཆོག་བདག་ལ་དབང་ཅིག་བསྐུར། །གནས་མཆོག་འདི་རུ་བྱིན་ཅིག་ཕོབ། །ཅེས་བརྗོད་ཅིང་རོལ་མོའི་སྒྲ་བཏང་། གསུར་ཆེན་གྱི་དུད་པ་བཏང་ངོ་། །བདུན་པ་བྱིན་རླབས་རྣམ་གསུམ་གྱི་དལ་ལ་མདོ་གསུམ། རྩ་བ་བརྒྱད། ཡན་ལག་སུམ་ཅུ་རྩ་བདུན་ནོ། །མདོ་གསུམ་རེ་རེ་ལའང་གསུམ་གསུམ་མོ། །རྩ་བ་བརྒྱད་ལ། གང་གིས་བྱིན་གྱིས་བརླབས་པ་གསུམ་བྱ་བ་ཡོད་ན་གང་ཡིན། གང་དུ་བཤམས་པའི་སྣོད་རྣམ་པ་གསུམ་བྱ་བ་ཡོད་ན་གང་ཡིན། གང་བཤགས་པའི་དངོས་པོ་གསུམ་བྱ་བ་ཡོད་ན་གང་ཡིན། གང་གིས་སྦྱངས་པའི་སྦྱོང་བྱེད་གསུམ་ནི་གང་ཡིན། གང་བཅའ་བའི་ཕྱག་རྒྱ་གསུམ་པོ་ནི་ཇི་ལྟར་བཅའ། གང་བསྐྱེད་པའི་ལྷ་གསུམ་པོ་ནི་གང་བསྐྱེད། བྱིན་གྱིས་བརླབ་པ་ལ་ཕྱི་ནང་གསུམ་ཡོད་ན་གང་ཡིན། སྔགས་གསུམ་པོ་འཛབ་ཀྱི་གྲངས་སུ་བགྲང་བ་དང་བརྒྱད་དོ། །དང་པོ་བྱིན་གྱིས་རློབ་བྱེད་གསུམ་ལ། གཡས་དཀར་གྱི་བདུད་རྩི་བྱིན་གྱིས་བརླབ་པས་གཡས་སུ་བཤམ། གཡོན་དམར་གྱི་རཀྟ་བྱིན་གྱིས་བརླབ་པས་གཡོན་དུ་བཤམ། དབུས་མཐིང་གི་གཏོར་མ་བྱིན་གྱིས་བརླབ་པས་དབུས་སུ་བཤམས་ཏེ་གོ་རིམ་ཡང་བསྟན་ཏོ། །གཉིས་པ་སྣོད་ལ་གསུམ། རྩ་རྒྱུད་ལས། ཕོ་ཐོད་མོ་ཐོད་མ་ནིང་ཐོད། །བ་ལིཾ་རཀྟ་བདུད་རྩི་སྦྱར། །ཞེས་པས་མ་ནིང་ཐོད་པར་བདུད་རྩི་བཤམ། ཕོ་ཐོད་དུ་གཏོར་མ་བཤམ། མོ་ཐོད་དུ་རཀྟ་བཤམ་པར་བཤད་དོ། །གསུམ་པ་བཤམས་པའི་དངོས་པོ་གསུམ་ནི། གཙང་ཕུད་ལ་ཨ་མྲྀ་ཏ་སྦྱར་བ་དང་། འབྲུ་སྣ་ལ་དཔལ་ཟན་རྒྱན་དང་བཅས་པ་དང་། ཁྲག་སྣ་ཚོགས་ཚད་ཤ་སྣ་དང་བཅས་པ་བཤམ་པའོ། །བཞི་པ་སྦྱང་བ་གསུམ་ལ། རྒྱུད་ལས། རྃ་ཡྃ་ཁྃ་གིས་བསྲེགས་སྦྱང་བཀྲུས། །ཞེས་པས། རྃ་ལས་མེ་འབར་ཉེས་སྐྱོན་བསྲེགས། །ཡྃ་ལས་རླུང་བྱུང་ཐལ་བ་གཏོར། །ཁྃ་ལས་ཆུ་བྱུང་སྦྱངས་པར་བསྒོམ་མོ། །ཡང་རྒྱུད་ལས། འབྲུ་གསུམ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཞེས་པས། ༀ་དཀར་པོས་བདུད་རྩི་བརླབ་། ཨཱཿདམར་པོས་རཀྟ་བརླབ། ཧཱུྃ་མཐིང་གས་གཏོར་མ་བརླབ་པར་ཡང་བཤད་དོ། །ལྔ་པ་ཕྱག་རྒྱ་གསུམ་ལ་བདུད་རྩི་ལ་དུང་ཕོར་འཁྱིལ་བའི་ཕྱག་རྒྱ་བཅའ། གཏོར་མ་ལ་གཞོང་པ་འཁྱིལ་བའི་ཕྱག་རྒྱ་བཅའ། རཀྟ་ལ་པདྨ་འཁྱིལ་བའི་ཕྱག་རྒྱ་བཅའོ། །དྲུག་པ་བསྐྱེད་པའི་ལྷ་གསུམ་ལ། བདུད་རྩིའི་ལྦུ་བ་ལས་བདུད་རྩི་འཁྱིལ་བ་བསྐྱེད། གཏོར་མའི་ལྦུ་བ་ལས་ཁམས་གསུམ་རྣམ་རྒྱལ་བསྐྱེད་རཀ་ཏའི་ལྦུ་བ་ལས་རྟ་མགྲིན་བསྐྱེད། བསྲུང་ཡང་སྲུང་ལ་བྱ་བའང་བྱེད་དོ། །བདུན་པ་བྱིན་གྱིས་བརླབ་པ་ལ་གཉིས་ཏེ། རྒྱས་པ་དང་བསྡུས་པའོ། །དང་པོ་ལ་གསུམ་སྟེ། བདུད་རྩི་བྱིན་གྱིས་བརླབ་པ་ལ་གསུམ། བདུད་རྩི་ཕྱི་ལྟར་བྱིན་གྱིས་བརླབ་པ་དང་། ནང་ལྟར་བྱིན་གྱིས་བརླབ་པ་དང་། གསང་བ་ལྟར་བྱིན་གྱིས་བརླབ་པའོ། །དང་པོ་ནི། བདུད་རྩིའི་སྣོད་མ་ནིང་གི་ཐོད་པ་དེ་མི་དམིགས་པ་ལས། བྷྲཱུྃ་ལས་ཐོད་པའི་གཞལ་ཡས་ཁང་རྡོ་རྗེའི་ར་བས་བསྐོར་བར་བསྒོམ། དེའི་ནང་བདུད་རྩིའི་སྟེང་དུ་ཟླ་བ། དེའི་སྟེང་དུ་ཨ་དཀར་པོ་བསྒོམ། དེ་ལས་འོད་འཕྲོས་པས་སྟོང་གསུམ་གྱི་ལྷའི་བདུད་རྩི་དང་། མིའི་བདུད་རྩི་དང་། ཤིང་གི་བདུད་རྩི་དང་། སྨན་དང་བཅུད་ཐམས་ཅད་བཀུག་སྟེ་ཨ་ལ་ཐིམ། འཛབ་བཟླས་པ་དང་ཨ་ཞུ་ནས་བདུད་རྩིས་ཁེངས་པར་བསྒོམ། དེ་ནས་རྫས་ལ་བསང་གཏོར་བྱ། བདུད་རྩིའི་མཚམས་བཅད། གཏོར་བས་བགེགས་བྲོས། ཁྲོ་བོའི་གུར་དུ་བསམ་པ་ནི་ཕྱི་ལྟར་བརླབ་པའོ། །གཉིས་པ་ནང་སྟར་བརླབ་པ་ནི། སྣོད་འདྲ་ནང་དུ་འཁོར་ལོ་རྩིབས་བཞི་བསྒོམ། ཤར་དུ་གླང་ཤ་དྲི་ཆེན། ལྷོར་རྟ་ཤ་དྲི་ཆུ། ནུབ་ཏུ་བྱ་ཤ་རཀྟ། བྱང་དུ་ཁྱི་ཤ་ཀླད་རྒྱས། དབུས་སུ་མི་ཤ་བྱང་སེམས། དེ་ལས་གདན་ལྔ་བསྐྱེད། ཤར་དུ་ༀ་ལྃ་དཀར། ལྷོར་སྭཱཾ་མྃ་སེར། ནུབ་ཏུ་ཨཱཾ་པྱྃ་དམར། བྱང་དུ་ཧཱཾ་ཏཱྃ་ལྗང་། དབུས་སུ་ཞིང་བཅུའི་སེམས་ཀྱི་དྭངས་མ་དང་། ཧཱུྃ་ལས་འོད་འཕྲོས་ཞིང་བཅུའི་ཤ་དང་། བདུད་རྩི་བཀུག་པ་སོགས་ཀུན་ལ་འགྲེའོ། །མཆན། ཧཱུྃ་མཱུྃ་མཐིང་། གསུང་གི་དཀྱིལ་འཁོར་རོ། །དེ་ཡོངས་སུ་གྱུར་པ་ལས། ཤར་དུ་ཙཀྲ་དྲིལ་བུ། ལྷོར་རཏྣ་དྲིལ་བུ། ནུབ་ཏུ་པདྨ་དྲིལ་བུ། བྱང་དུ་རྒྱ་གྲམ་དྲིལ་བུ། དབུས་སུ་རྡོ་རྗེ་དྲིལ་བུའོ། །དེ་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །དེ་ལ་ཧཱུྃ་བཛྲ་དྷྲིཀྲ །མུཾ་དྷ་ཏི་ཤྭ་རི། ༀ་ཛི་ན་ཛིཀྲ །ལཱཾ་དེ་ཥ་ར་ཏི། སྭཱ་རཏྣ་དྷྲིཀྲ །མཾ་མོ་ཧཱ་ར་ཏི། ཨཱཾ་ཨ་རོ་ལྀཀ །པྱཱཾ་རཱ་ག་ར་ཏི། ཧཱ་པྲཛྙཱ་དྷྲྀཀྲ །ཏཱཾ་བཛྲ་ར་ཏི། དེས་སྐུ་མདོག་ཕྱག་མཚན་རྒྱན་རྣམས་རྫོགས་པར་བསྐྱེད་པ་ནི་སྐུ་ཡི་དཀྱིལ་འཁོར་རོ། །ཡེ་ཤེས་པ་གཞུག །ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་དོན་གཉིས་བྱས། ཚུར་འདུས་སྐུ་ཡབ་ཡུམ་ལ་ཐིམ། དེ་ཞུ་བདུད་རྩི་ཆེན་པོའི་ངོ་བོར་བསམ་པ་ནི། ནང་ལྟར་བྱིན་གྱིས་བརླབ་པའོ། །བསང་གཏོར་སོགས་འདྲའོ། །གསུམ་པ་གསང་བ་ལྟར་བྱིན་གྱིས་བརླབ་པ་ནི། སྣོད་འདྲ། ཟླ་སྟེང་ཧྲཱིཿདམར་པོ་བསམ། འཕྲོ་འདུས་ཡོངས་སུ་གྱུར་པས་རྟ་མགྲིན་གསང་བའི་ཡུམ་བཞི་དང་བཅས་པ་བསྐྱེད་དེ། ཡུམ་བདེ་བ་རྒྱས་བྱེད་མས་མདུན་ནས་འཁྲིལ། ཡུམ་རྨོངས་བྱེད་མས་གཡོན་ནས་འཁྲིལ། ཡུམ་ཚེ་འཕེལ་མས་གཡས་ནས་འཁྲིལ། ཡུམ་ཟ་བྱེད་མས་རྒྱབ་ནས་འཁྲིལ། དེ་ལ་དམིགས་ཏེ་འཛབ་བཟླས་པས། དུས་གསུམ་བུདྡྷའི་ཐུགས་ཀྱི་བདུད་རྩི་རྟ་མགྲིན་ལ་ཐིམ། དེས་བསྐུལ་སྦྱོར་བ་བྱས་པས་བདེ་བ་མ་བཟོད་བདུད་རྩིར་ཞུ་བ་རྡོ་རྗེས་དཀྲུགས་པས་བདུད་རྩི་རྒྱས་པ་ནི་གསང་བ་ལྟར་བརླབས་པའོ། །གཉིས་པ་དེ་ཙམ་མ་ནུས་ན་བསྡུས་པ་ནི། ལུས་ཀྱི་ཕྱག་རྒྱ་བཅའ། ངག་ཏུ་སྔགས་བཟླ། །སེམས་ཀྱིས་བདུད་རྩིར་བསམ་མོ། །བདུད་རྩི་བརླབ་པ་ཚར་རོ། །གཉིས་པ་གཏོར་མ་བྱིན་གྱིས་བརླབ་པ་ལ་གཉིས་ཏེ། རྒྱས་པ་དང་བསྡུས་པའོ། །དང་པོ་ལ་གསུམ་སྟེ། བ་ལིཾ་ཕྱི་ལྟར་བྱིན་གྱིས་བརླབ་པ་དང་། བ་ལིཾ་ནང་ལྟར་བྱིན་གྱིས་བརླབ་པ་དང་། བ་ལིཾ་གསང་བ་ལྟར་བྱིན་གྱིས་བརླབ་པའོ། །དང་པོ་ནི། གཏོར་སྣོད་བྷྲཱུྃ་ལས་ཐོད་པའི་གཞལ་ཡས་ཁང་རྡོ་རྗེའི་ར་བས་བསྐོར་བར་བསམ། གཏོར་མའི་སྟེང་དུ་པདྨ་འདབ་མ་བཞི་པ་བསམ། སྟེང་དུ་ཧཱུྃ་ལས་ཧཱུྃ་དང་ནྲྀ་གཉིས་བསམ། འོད་འཕྲོས། ཁམས་གསུམ་གྱི་བླ་མའི་ཞིང་བཅུ་འདུལ་འདི་བཟླ། སྐུ་དགྲ་བསྒྲལ་བའི་ཕྱིར་ཞིང་བཅུའི་དམ་ཉམས་ནྲྀ་ལ་ཐིམ་སྟེ་ཞུ། བཀུག །རོའི་ཕུང་པོར་བསྒོམ། འཛབ་བཟླས་པ་དང་། དྷཱུ་པེ་དཀར་མོ་སྤོས་ཆེན་མོ། །པུཥྤེ་སྔོན་པོ་མེ་ཏོག་མ། །ཨཱ་ལོ་ཀེ་དམར་མོ་མར་མེ་མ། །གནྡྷེ་ལྗང་གུ་དྲི་ཆབ་མ། །རེ་རེ་ལའང་དཔག་ཏུ་མེད་པར་འཕྲོ་བ་ནི་ཕྱི་ལྟར་བྱིན་གྱིས་བརླབ་པའོ། །གཉིས་པ་ནང་ལྟར་བྱིན་གྱིས་བརླབ་པ་ནི། ཡང་ཧཱུྃ་ལས་འོད་འཕྲོས་ཞིང་བཅུའི་ལྷུ་དུམ་ཕུང་པོར་བསྒོམ། འཛབ་བཟླས་པ་དང་། ལཱ་སེ་དཀར་མོ་རྡོ་རྗེ་འགྱིང་། །མཱ་ལེ་སྔོན་མོ་རཏྣ་ཕྲེང་། །གཱིཪྟི་ལྗང་གུ་གར་མ་ལ། །ནཱིཪྟི་ལྗང་གུ་གར་མ་ལ། །རེ་རེ་ལ་ཡང་གྲངས་མེད་འཕྲོ་བ་ནི་ནང་ལྟར་བྱིན་གྱིས་བརླབ་པའོ། །གསུམ་པ་གསང་བ་ལྟར་བྱིན་གྱིས་བརླབ་པ་ནི། ཡང་ཧཱུྃ་ལས་འོད་འཕྲོས། ཞིང་བཅུའི་གློ་སྙིང་གི་ཕུང་པོར་བསྒོམ། འཛབ་བཟླས་པ་དང་། གཟུགས་ཀྱི་ལྷ་མོ་མེ་ལོང་དཀར། །སྒྲ་ཡི་ལྷ་མོ་པི་ཝཾ་སྔོ། །དྲི་ཡི་ལྷ་མོ་དུང་ཆོས་སེར། །རོ་ཡི་ལྷ་མོ་ཞལ་ཟས་ལྗང་། །རེག་གི་ལྷ་མོ་ན་བཟའ་སྨུག །རེ་རེ་ལའང་གྲངས་མེད་འཕྲོ་བ་ནི་གསང་བ་ལྟར་བྱིིན་གྱིས་བརླབ་པའོ། །གཉིས་པ་དེ་ཙམ་མ་ནུས་ན་བསྡུས་པ་ནི། ལུས་ཀྱི་གཞོང་པ་འཁྱིལ་བའི་ཕྱག་རྒྱ་བཅའ། ངག་ཏུ་སྔགས་བཟླ། སེམས་ཀྱིས་གཏོར་མ་གཞི་བདུད་རྩི་ཆེན་པོ་ལ་སྤྲིས་མ་ༀ་དུ་ཆགས་པར་བསྒོམ། གཏོར་མ་བརླབ་པ་ཚར་རོ། །གསུམ་པ་རཀྟ་བྱིན་གྱིས་བརླབ་པ་ལ་གཉིས་ཏེ། རྒྱས་པ་དང་བསྡུས་པའོ། །དང་པོ་ལ་གསུམ་སྟེ། རཀྟ་ཕྱི་ལྟར་བྱིན་གྱིས་བརླབ་པ་དང་། རཀྟ་ནང་ལྟར་བྱིན་གྱིས་བརླབ་པ་དང་། རཀྟ་གསང་བ་ལྟར་བྱིན་གྱིས་བརླབ་པའོ། །དང་པོ་སྣོད་ནི་བྷྲཱུྃ་ལས་ཐོད་པའི་གཞལ་ཡས་ཁང་རྡོ་རྗེའི་ར་བས་བསྐོར་བ་སྟོང་གསུམ་ཙམ་མོ། །རཀྟའི་སྟེང་དུ་པདྨ་དམར་པོ་འདབ་མ་བཞི་པ་བསམ། དེ་ལས་འོད་འཕྲོས། ཞིང་བཅུའི་ཁྲག་དྲངས་ཏེ་ཛཿལ་ཐིམ། སླར་འདུས་ཁྲག་ལ་ཐིམ། དེ་ཞུ་བས་རཀྟའི་རྒྱ་མཚོ་ཆེན་པོར་བསམ། རཀྟ་ཕྱར་པས་རོ་ཆེ་ཆུང་མང་པོ་རྣལ་མར་ཤད་ཤད་སོང་བར་བསམ་པ་ནི་ཕྱི་ལྟར་བྱིན་གྱིས་བརླབ་པའོ། །གཉིས་པ་ནང་ལྟར་བྱིན་གྱིས་བརླབ་པ་ནི། ཡང་ཛཿལས་འོད་འཕྲོས་ཞིང་བཅུའི་རྩ་ཁྲག་དྲངས་ཛཿལ་ཐིམ། དེ་ཞུ་བ་ལས་རྩ་ཁྲག་གི་རྒྱ་མཚོར་བསམ། ཕྱར་བས་རྩ་རྒྱས་ཐམས་ཅད་རྣལ་མར་ཤད་ཤད་སོང་བར་བསམ་པ་ནི་ནང་ལྟར་བྱིན་གྱིས་བརླབ་པའོ། །གསུམ་པ་གསང་བ་ལྟར་བྱིན་གྱིས་བརླབ་པ་ནི། དེ་ནས་ཡུམ་གྱི་པདྨ་ཡབ་ཀྱི་རྡོ་རྗེས་བསྐུལ་བས་ཛཿལས་འོད་འཕྲོས། ཞིང་བཅུའི་སྙིང་ཁྲག་དྲངས། ཛཿལ་ཐིམ། དེ་ཞུ་བས་སྙིང་ཁྲག་གི་རྒྱ་མཚོར་བསམ། ཕྱར་བས་གློ་མཆིན་དང་སྙིང་དང་རྩ་རྣམས་རྣལ་མར་ཤད་ཤད་སོང་བར་བསམ་པ་ནི་གསང་བ་ལྟར་བྱིན་གྱིས་བརླབ་པའོ། །གཉིས་པ་ནི། དེ་ཙམ་མི་ནུས་ན། བསྡུས་པ་ནི། ལུས་ཀྱིས་པདྨ་འཁྱིལ་བའི་ཕྱག་རྒྱ་བཅའ། ངག་ཏུ་སྔགས་བཟླ། སེམས་ཀྱིས་རཀྟའི་རྒྱ་མཚོ་ཆེན་པོ་མི་རོ་དང་རྟ་རོ་ཆོལ་ལེ་བ་བསྒོམ་པའོ། །རཀྟ་བརླབ་པ་ཚར་རོ། །བརྒྱད་པ་སྔགས་གསུམ་འཛབ་ཀྱི་ཆེད་དུ་བསྐྱལ་བ་ནི། བདུད་རྩི་ལ་བརྒྱ་རྩ་བརྒྱད་དམ་ཉེར་གཅིག །གཏོར་མ་ལ་བདུན། རཀྟ་ལ་བཅུ་བཞིའོ། །གཉིས་པ་དལ་རྣམ་པ་གསུམ་དངོས་བསྟན་པ་ལ་གསུམ་སྟེ། དང་པོ་གཞིའི་ཏིང་ངེ་འཛིན་གྱི་རྣམ་པ་གསུམ་འཕྲོ་འདུ་བསྐྱེད་པ་དང་། རྟེན་གཞལ་ཡས་ཁང་བསྐྱེད་པ་དང་། བརྟེན་པ་ལྷ་བསྐྱེད་བའོ། །དང་པོ་གཞིའི་ཏིང་ངེ་འཛིན་གྱི་རྣམ་པ་གསུམ་མདོ་གསུམ་རྩ་བ་བརྒྱད་ཡན་ལག་ལྔ་བཅུ་རྩ་བཞིའོ། །འཕྲོ་འདུ་བསྐྱེད་པ་ལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། རྒྱུའི་ཏིང་ངེ་འཛིན་བསྐྱེད་པའོ། །དེ་ཡང་རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །རྒྱུ་ཡི་ཏིང་འཛིན་བསྒོམ་བྱས་ལ། །ཞེས་པ་དང་། རྒྱུད་གཞན་ན་མང་སྟེ་མ་སྤྲོས་སོ། །དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་གསུམ་སྟེ། དོན་བསྐོར་གྱི་དབང་དུ་བྱས་ཏེ་བཤད་པ་དང་། འབྲུ་གཉེར་གྱི་དབང་དུ་བྱས་ཏེ་བཤད་པ་དང་། ཉམས་སུ་བླང་བ་བསྒོམ་པའི་དབང་དུ་བྱས་ནས་བཤད་པའོ། །དང་པོ་དོན་བསྐོར་ལ། མཚན་གཞི་དེ་བཞིན་ཉིད་དེ་ལ་མཚན་ཉིད་མཁས་པའི་སློབ་དཔོན་གྱི་བཞེད་པས་ཆོས་བཅོ་བརྒྱད་དང་ལྡན་ཏེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དུ་མཚོན་པའོ། །དེ་ལ་དང་པོ་སློབ་དཔོན་པད་འབྱུང་གི་བཞེད་པས། མཚན་ཉིད་བདུན་ཏེ། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ངོ་བོ་ངོས་བཟུང་བ་དང་གཅིག །ངེས་ཚིག་དང་གཉིས། དབྱེ་བ་དང་གསུམ། བྱེད་ལས་དང་བཞི། མིང་གི་རྣམ་གྲངས་དང་ལྔ། མ་བསྟན་པའི་སྐྱོན་དང་དྲུག །བསྟན་པའི་ཕན་ཡོན་དང་བདུན་ནོ། །དང་པོ་ནི། དཔེར་ན་འགྲོ་བ་རིགས་དྲུག་གི་ནང་ནས་མི་ངོས་འཛིན་ན་མགོ་ནག་རྐང་ལེབ་སྨྲ་བཞིན་ལྡན་པ་དེ་མི་ངོས་འཛིན། དཔེ་དེ་དང་འདྲ་བར་ཆོས་ཐམས་ཅད་ཀྱི་ནང་ནས་སྤྲོས་བྲལ་སྟོང་ཉིད་དེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དུ་ངོས་འཛིན་ནོ། །གཉིས་པ་ངེས་ཚིག་ནི། འོ་ན་སྟོང་ཉིད་ཀྱི་ཏིང་ངེ་འཛིན་བྱས་པས་ཆོག་མོད། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བྱ་བ་ཅི་དགོས་ཟེར་ན། དེ་ནི་ཡེ་གདོད་མ་ནས་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་དུ་ཡོད་པ་ལས། སྒྲུབ་པ་པོའི་བློ་དེ་བཞིནཉིད་དུ་རྟོགས་པས་ན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཟེར་བ་ཡིན་ནོ། །གསུམ་པ་དབྱེ་བ་ནི་གསུམ་སྟེ། སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ལ་རང་ཆས་སུ་གནས་པའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ལས་དང་པོ་པས་བསྒོམ་པའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་གསུམ་མོ། །དང་པོ་ནི། སངས་རྒྱས་སྒམ་སྟེ་མ་མཛད། སེམས་ཅན་སྒྲིན་ཏེ་མ་བཅོས་པའི་ཆོས་ཉིད་སྟོང་ཉིད་དེའོ། །གཉིས་པ་ནི། སྒོག་པའམ། གླ་རྩི་ལ་དྲི་རང་ཆས་སུ་ཡོད་པ་ལྟར། སེམས་ཅན་ཐམས་ཅད་ལ་སངས་རྒྱས་རང་ཆས་སུ་ཡོད་པའི་རྟགས་སུ་སྙིང་གའི་རྩ་མདུད་ལ་ཨ་རེ་ཡོད་དོ། །གསུམ་པ་ནི། བློ་སྤྱིའི་རྣམ་པས་སྟོང་པའི་དོན་སྤྱི་ལ། བློས་བསྒོམ་བྱ་སྒོམ་བྱེད་དུ་བྱས་ནས་སྟོང་པ་ལ་བློས་བསྒོམ་པའོ། །བཞི་པ་བྱེད་ལས་ནི། སྟོང་པ་དེས་མཚན་མའི་རྣམ་པར་རྟོག་པ་འཇོམས་པའི་ལས་ཅན་ནོ། །ལྔ་པ་མིང་གི་རྣམ་གྲངས་ནི་མང་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། སྟོང་པ་ཉིད་ཀྱི། མཚན་མ་མེད་པའི། སྨོན་པ་མེད་པའི། སྤྲོས་པ་མེད་པའི། སྐྱེ་མེད་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །དྲུག་པ་མ་བསྟན་པའི་སྐྱོན་ནི། ཆོས་ཐམས་ཅད་ལ་སྟོང་ཉིད་ཀྱི་རྩིས་མ་ཟིན་ན། སྐུ་མདོག་རང་རྒྱུད་པར་བསྒོམ་ན་འདོད་པའི་ཁམས་ཀྱི་ལྷར་སྐྱེ། ཕྱག་མཚན་རང་རྒྱུད་པར་བསྒོམ་ན་བདུད་དང་སྲིན་པོར་སྐྱེ། མགོ་བརྙན་རང་རྒྱུད་པར་བསྒོམ་ན་དུར་ཁྲོད་ཀྱི་ཝའམ་ནགས་ཀྱི་སྲིན་བུར་སྐྱེ། སྦྱོར་བ་རང་རྒྱུད་པར་བསྒོམ་ན་མངལ་གྱི་སྲིན་བུར་སྐྱེ། སྒྲོལ་བ་རང་རྒྱུད་པར་བསྒོམ་ན་སེམས་ཅན་དམྱལ་བར་སྐྱེའོ། །བདུན་པ་བསྟན་པའི་ཕན་ཡོད་ནི། དཔེར་ན་ཆན་ལ་ཕབ་ཐེབས་ན་ཀླུམ་དུ་འགྱུར་ལ། མ་ཐེབས་ན་མི་འགྱུར་བ་ལྟར། ཆོས་ཐམས་ཅད་ལ་སྟོང་ཉིད་ཀྱི་རྩིས་ཟིན་ན། གདབ་ལས་དང་། མནན་སྲེག་འཕང་གསུམ་བྱས་ཚད་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ལ། དེས་མ་ཟིན་ན་མི་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་སློབ་དཔོན་བི་མ་ལ་མི་ཏྲ་ན་རེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་བདུན་ཡོད་དེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་དམིགས་ཡུལ། སྒོམ་ཐབས། ལམ་དུ་གང་ཁྱེར། གོམས་རྟགས། ཉོན་མོངས་གང་སྦྱང་། ས་ལམ་འཆར་ཚུལ། འབྲས་བུ་གང་ཐོབ་པའོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྟོང་ཉིད་དུ་དམིགས་པའོ། །གཉིས་པ་ནི། ཅི་ལའང་མི་རྟོག །ཅི་ལའང་མི་འཛིན། ཅིར་ཡང་མི་དམིགས་པར་བཞག་གོ། །གསུམ་པ་ནི། ལམ་དུ་མི་དམིགས་པ་སྣང་བ་དང་སྟོང་པ་ཟུང་འཇུག་སྣང་སྟོང་དབྱེར་མེད་ལམ་དུ་ཁྱེར་རོ། །བཞི་པ་ནི། གང་ལ་ངོས་བཟུང་མེད་པར་རང་གྲོལ་བ་གོམས་རྟགས་སོ། །ལྔ་པ་ཉོན་མོངས་གང་སྦྱང་ན། ཉོན་མོངས་དངོས་འཛིན་སྦྱོང་བ་ཡིན་ནོ། །དྲུག་པ་ས་ལམ་ནི། ཀུན་ཏུ་བདེ་རྒྱས་དང་། མཐར་ཕྱིན་པའི་ལམ་མོ། །བདུན་པ་ནི། ཆོས་སྐུ་ཐོབ་པའོ་གསུངས་སོ། །གསུམ་པ་སློབ་དཔོན་བལ་པོ་ཤཱི་ལ་མཉྫུའི་ཞལ་ནས། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་བཞི་སྟེ། གཞི་ལམ་འབྲས་བུ་གསུམ་ལས་གང་གི་ཆོས་ཡིན་པ་དང་། སྐུ་གསུམ་པོ་ལས་གང་དུ་གཏོགས་པ་དང་། དཔེ་བསྟན་པ་དང་། རྟགས་བསྟན་པའོ། །དང་པོ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞིའི་ཆོས་ཡིན་ནོ། །གཉིས་པ་ནི་ཆོས་ཀྱི་སྐུ་ཡིན་ནོ། །གསུམ་པ་དེ་ནི་ནམ་མཁའ་དང་རྡོ་རྗེ་ཡིན་ནོ། །རྟགས་ནི་འཁོར་བ་རང་གྲོལ་བའོ་གསུངས། གཉིས་པ་འབྲུ་གཉེར་གྱི་དབང་དུ་བྱས་ན། སློབ་དཔོན་ཆེན་པོ་པད་འབྱུང་ནི། །རྡོ་རྗེ་ཁྲོས་པས་དེ་བཞིན་ཉིད་བསྟན་ཏེ། །རྡོ་རྗེ་ལ་གསུམ། སྐྱེ་མེད་དོན་གྱི་རྡོ་རྗེ། ཕ་ལམ་རྫས་ཀྱི་རྡོ་རྗེ། མཚན་མ་རྟགས་ཀྱི་རྡོ་རྗེ་གསུམ་ལས། འདི་སྐྱེ་མེད་དོན་གྱི་རྡོ་རྗེ་ཡིན་གསུངས། རུ་བི་མ་ལའི་ཞལ་ནས། རྡོ་རྗེ་ལ་ཆོས་གསུམ་ཡོད་དེ། མི་འགྱུར་བའི་ཕྱིར་ན་རྡོ་རྗེ། ཕར་འཇོམས་པའི་དོན་གྱིས་ན་རྡོ་རྗེ། ཚུར་ཅིས་ཀྱང་མི་ཚུགས་པའི་དོན་གྱིས་ན་རྡོ་རྗེ་ཞེས་པས། དེ་གསུམ་སྐྱེ་མེད་དོན་གྱི་རྡོ་རྗེ་ལ་ཚང་གསུངས་སོ། །རུ་བལ་པོའི་ཞལ་ནས། རྡོ་རྗེ་ཞེས་པ་ནི། སྟོང་ཉིད་སྤྲོས་བྲལ་ལ་འཇུག་སྟེ། དེ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་ཚང་གསུངས་སོ། །རུ་པད་འབྱུང་གི་ཞལ་ནས་ཁྲོས་པ་ལ་གསུམ་སྟེ་གང་ཁྲོས། གང་ལ་ཁྲོས། ཚུལ་ལམ་ཐབས་ཇི་ལྟར་ཁྲོས་གསུམ་ཡིན་གསུངས་སོ། །གང་ཁྲོས་ན་སྐྱེ་མེད་ཀྱི་དོན་སྟོང་པ་ཉིད་དེ་ཁྲོས། གང་ལ་ཁྲོས་ན། མཚན་མའི་རྟོག་པ་ལ་ཁྲོས། ཚུལ་ལམ་ཐབས་ཇི་ལྟར་ཁྲོས་ན་ངང་ངམ་ཤུགས་ཀྱིས་ཁྲོས་པ་སྟེ། དཔེར་ན་ཉི་མ་ཤར་བས་མུན་པ་དྭངས་པ་ལྟར། སྟོང་ཉིད་རྟོགས་པས་དངོས་འཛིན་ཞི་བའོ། །རུ་བི་མ་ལས། གནོད་བྱ་གནོད་བྱེད་དེ། ཉི་མ་ཤར་བས་བ་མོ་ངང་གིས་དྭངས་པ་ལྟར། སྟོང་ཉིད་རྟོགས་པས་དངོས་འཛིན་འཇིག་པའོ། །རུ་བལ་པོ་ན་རེ། གཤིས་ངན་པ་དགྲ་ལ་ཁྲོས་པ་ལྟ་བུ་མིན་ཏེ། དཔེར་ན་ཚ་རེག་དང་གྲང་རེག་ལྟ་བུ་མངོན་དུ་གྱུར་པ་ཡིན་ཏེ། སྟོང་ཉིད་བསྒོམ་པས་དངོས་འཛིན་འཇིག་པའོ། །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །གསུམ་པ་ཏིང་ངེ་འཛིན་ཉམས་སུ་བླང་བའི་དབང་དུ་བྱས་ན་ལས་དང་པོ་པ། ལས་གོམས་པ་བ། ལས་སྨིན་པ་བ་དང་གསུམ་གྱི་དབང་དུ་བྱས་ཏེ། སྟོང་ཉིད་ལ་སྒྲ་སྤྱི་ཙམ་དང་། དོན་སྤྱི་ཙམ་དང་། དོན་རང་གི་མཚན་ཉིད་གསུམ་དུ་ཉམས་སུ་བླང་ངོ་། །དེ་བཞིན་ཉིད་ཚར་རོ། །གཉིས་པ་ཏིང་ངེ་འཛིན་ཀུན་ཏུ་སྣང་བ་ནི་གསུམ་སྟེ། དོན་བསྐོར་གྱི་དབང་དུ་བྱས་པ་དང་། འབྲུ་གཉེར་གྱི་དབང་དུ་བྱས་པ་དང་། ཉམས་སུ་བླང་བའི་དབང་དུ་བྱས་པའོ། །དང་པོ་མཚན་གཞི་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དེ་ལ་མཚན་ཉིད་དུ་རུ་གསུམ་གྱིས་བཞེད་པའི་ཆོས་བཅོ་བརྒྱད་དང་ལྡན་པ་དེ། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དུ་མཚོན། དེ་ཡང་པད་འབྱུང་གི་བཞེད་པས། དང་པོ་ཀུན་ཏུ་སྣང་བའི་ཏིང་འཛིན་ངོས་བཟུང་བ་དང་གཅིག །ངེས་ཚིག་དང་གཉིས། དབྱེ་བ་དང་གསུམ། བྱེད་ལས་དང་བཞི། མིང་གི་རྣམ་གྲངས་དང་ལྔ། མ་བསྟན་པའི་སྐྱོན་དང་དྲུག །བསྟན་པའི་ཕན་ཡོན་དང་བདུན་ནོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་ནང་ནས་སྙིང་རྗེ་སྒྱུ་མ་ཙམ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་གྱི་ངོས་འཛིན་ནོ། །གཉིས་པ་ནི། འོ་ན་སྙིང་རྗེའི་ཏིང་ངེ་འཛིན་མི་ཟེར་བར། ཀུན་ཏུ་སྣང་ཞེས་པ་ཅི་ཟེར་ན། སྙིང་རྗེ་དེས་གོང་འོག་གཉིས་མཚམས་སྦྱར་བས་ན་ཀུན་ཏུ་སྣང་ཞེས་བྱའོ། །གསུམ་པ་དེ་ལ་དབྱེ་ན་གསུམ། བུདྡྷའི་ཀུན་སྣང་ནི་ཐུགས་རྗེ་ཆེན་པོའོ། །སེམས་ཅན་གྱི་ཀུན་སྣང་ནི་སྙིང་རྗེ་ཙམ་པོ་སྟེ། ཁྲ་སྤྱང་ལ་ཡང་ཕྱོགས་ཆ་ཅན་ཡོད་པའོ། །ལས་དང་པོ་པ་དོན་སྤྱི་ལ་བློ་སྤྱིས་བསྒོམ་པའོ། །བཞི་པ་ནི། བུདྡྷ་ཐོབ་པར་བྱེད་པའི་ལས་ཅན་ནོ། །ལྔ་པ་མིང་ནི། སྙིང་རྗེ་ཆེན་པོའི། བྱམས་པ་ཆེན་པོའི། ཐུགས་རྗེ་ཆེན་པོའི། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཟེར་རོ། །དྲུག་པ་ནི། མ་བསྟན་ན་སངས་རྒྱས་སེམས་ཅན་གཉིས་རིས་སུ་ཡང་ཆད་པས། འཁོར་བ་ལྟེ་ཆད་དུ་མར་ལ་ལྟུང་བས་མཚམས་མི་སྦྱོར་རོ། །བདུན་པ་ནི། སྙིང་རྗེས་གོང་འོག་གི་མཚམས་སྦྱར་ནས། སྟོང་པ་ཉིད་སྙིང་རྗེའི་རོས་གང་བར་འགྱུར་བའོ་གསུངས། གཉིས་པ་རུ་བི་མ་ལ་ནི་བདུན་ཏེ། ཀུན་ཏུ་སྣང་བའི་དམིགས་ཡུལ་གཅིག །སྒོམ་ཐབས་གཉིས། ལམ་དུ་གང་ཁྱེར་གསུམ། གོམས་རྟགས་བཞི། ཉོན་མོངས་གང་སྦྱོང་ལྔ། ས་ལམ་གང་བགྲོད་ཚུལ་དྲུག །འབྲས་བུ་གང་ཐོབ་བདུན་ནོ། །དང་པོ་དམིགས་ཡུལ་ནི། ཁམས་གསུམ་སེམས་ཅན་ལའོ། །གཉིས་པ་སྙིང་རྗེ་ཕྱོགས་མེད་དུ་བསྒོམ། གསུམ་པ་ལམ་དུ་བྱམས་པ་སྙིང་རྗེ་ཁྱེར་རོ། །བཞི་པ་སེམས་ཅན་ཐམས་ཅད་ཕ་མར་འཆར་རོ། །ལྔ་པ་ཉོན་མོངས་ཞེ་སྡང་སྦྱོང་ངོ། །དྲུག་པ་སྦྱོར་ལམ་ཙམ། བདུན་པ་འབྲས་བུ་ལོངས་སྐུ་ཐོབ་པའོ་གསུངས། གསུམ་པ་རུ་བལ་པོ་ནི་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་འདི་ལམ་གྱི་ཆོས་ཡིན་ལ། སྐུ་གསུམ་ལས་ལོངས་སྐུ་ཡིན་ལ། དཔེ་ནི་བུ་གཅིག་པའི་མའོ། །རྟགས་ནི་སེམས་ཅན་ལ་ལུས་སྲོག་གཏོང་བའོ་གསུངས། གཉིས་པ་འབྲུ་གཉེར་ནི་ཞེ་སྡང་གཅོད་ཅེས་པས་སོ། །རུ་པད་འབྱུང་ནི། དཔེར་ན་ཚ་རེག་གང་ན་ཡོད་པ་ན་གྲང་རེག་མེད། གྲང་རེག་གང་ན་ཡོད་པ་ན་ཚ་རེག་མེད། དཔེ་དེ་ལྟར་གང་ཟག་གཅིག་ནི་རྒྱུད་ལ་ཞེ་སྡང་སྐྱེས་ཙ་ན་སྙིང་རྗེ་མེད། སྙིང་རྗེ་སྐྱེས་ཙ་ན་ཞེ་སྡང་མེད་པས། ལྷན་ཅིག་མི་གནས་པའི་འགལ་བ་སྟེ། ཀུན་ཏུ་སྣང་བའི་སྙིང་རྗེས་ཞེ་སྡང་བཅད་པའོ་གསུངས། རུ་བི་མ་ལ། རྗེས་འགྲོ་དང་ལྡོག་པ་སྟེ། བྱམས་པ་བསྒོམ་པས་སྙིང་རྗེས་རྗེས་སུ་འགྲོ་ཞིང་། ཞེ་སྡང་ལྡོག་པའོ་གསུངས། རུ་བལ་པོ་སྒྲ་རྟག་འཛིན་སྒྲོ་འདོགས་དང་། སྒྲ་མིན་པའི་ངེས་ཤེས་ལྟར་སྐད་ཅིག་ལྷན་ཅིག་མི་གནས་འགལ་ཏེ། སྙིང་རྗེས་ཞེ་སྡང་གཅོད་གསུངས། གསུམ་པ་ཉམས་སུ་བླང་བ་ནི། གོང་གི་སྟོང་ཉིད་ཀྱི་ངང་ལས་སྙིང་རྗེ་རང་ཤུགས་སུ་སྐྱེ་བས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་བསྒོམས་ཏེ། ཀུན་སྣང་གི་ཏིང་ངེ་འཛིན་ཚར་རོ། །གསུམ་པ་རྒྱུའི་ཏིང་ངེ་འཛིན་ལ་གསུམ་སྟེ། དང་པོ་དོན་བསྐོར་གྱི་དབང་དུ་བྱས་ན་མཚན་གཞི་རྒྱུའི་ཏིང་ངེ་འཛིན་དེ་ལ་མཚན་ཉིད་བཅོ་བརྒྱད་དང་ལྡན་པས་དེ་རྒྱུའི་ཏིང་ངེ་འཛིན་མཚོན་པའོ། །དེ་ཡང་རུ་པདྨ་ནི། དང་པོ་ཆོས་ཐམས་ཅད་ཀྱི་ནང་ནས་ཧཱུྃ་སྔོན་པོ་ཡིག་འབྲུའི་རྣམ་པ་སྟེ་རྒྱུའི་ཏིང་ངེ་འཛིན་ཏོ། །གཉིས་པ་ནི། འོ་ན་ཡིག་འབྲུའི་ཏིང་ངེ་འཛིན་བྱ་མོད། རྒྱུ་ཞེས་ཅི་བྱ་ཟེར་ན། དེ་ནི་ཧཱུྃ་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་ཐམས་ཅད་དེ་ལས་བསྐྱེད་པའི་རྒྱུར་འདུག་པས་སོ། །གསུམ་པ་ནི་གསུམ་སྟེ། བུདྡྷའི་ཐུགས་ནི་ཧཱུྃ་དེ་ལ་ཡེ་ཤེས་ལྔ་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་ཀྱི་རྩ་མདུད་ལ་ཧཱུྃ་རང་ཆས་སུ་གནས་པ་དང་། ལས་དང་པོ་པ་ཧཱུྃ་བློས་བསྒོམ་པའོ། །བཞི་པ་ལས་ནི། རྟེན་དང་བརྟེན་པ་སྐྱེད་པར་བྱེད་པའི་ལས་ཅན་ནོ། །ལྔ་པ་མིང་ནི། རྒྱུའི་ས་བོན་གྱི་ཡིག་འབྲུ་སྐྱེད་བྱེད་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །དྲུག་པ་མ་བསྟན་ན་བསྐྱེད་པའི་རིམ་པ་ཆོ་ག་དང་མི་ལྡན་ཞིང་རྫོགས་པར་མི་འགྱུར་རོ། །བདུན་པ་བསྟན་པས་ཆོ་ག་རྫོགས་པར་འགྱུར་པའོ་གསུངས། རུ་བི་མ་ལ་ནི། དང་པོ་དམིགས་ཡུལ་ཡིག་འབྲུ་ལ་དམིགས། སྒོམ་ཐབས་འབུར་དུ་གཏོད་པ་ལྟར་བསྒོམ། ལམ་དུ་མཚན་བཅས་ཁྱེར། རྟགས་བསྐྱེད་རིམ་གསལ་བར་འོང་། ཉོན་མོངས་ཆད་ལྟ་སྦྱོང་། ས་ལམ་ཚོགས་ལམ་པའོ། །འབྲས་བུ་སྤྲུལ་སྐུ་ཐོབ་གསུངས་སོ། །རུ་བལ་པོ་ནི། གཞི་ལམ་འབྲས་བུ་གསུམ་ལས། གནས་སྐབས་འབྲས་བུ་ཡིན། སྐུ་གསུམ་ལས་སྤྲུལ་སྐུའོ། །དཔེ་ས་བོན་ནོ། །རྟགས་གསལ་སྣང་ངོ་གསུངས་སོ། །གཉིས་པ་འབྲུ་གནོན་ནི། མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །ཞེས་པ་ལས། རུ་པདྨ་ནི། མཚོན་ཆེན་ཞེས་པ་ནི་ཁ་དོག་ལའང་འགྲོ །རྩྭ་ཡི་ལོ་མ་ལ་ཡང་འགྲོ། གྲི་མདུང་ལའང་འགྲོ། ཕོ་མོའི་མཚན་མ་ལའང་འགྲོ་མོད་ཀྱི། འདིར་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་ཧཱུྃ་འདིས་མཚོན་པ་ལ་བྱ་གསུངས། མཚོན་ཆེན་ཡེ་ཤེས་ལྔ་དང་ལྡན་པའོ། །སྔོན་པོ་ནི་ཧཱུྃ་གི་ཁ་དོག་གོ། །འབར་བ་ནི་ཧཱུྃ་དེ་ལས་ཡིག་འབྲུ་མང་པོ་འཕྲོས་ཤིག་འདུས་པས་སོ། །རུ་བི་མ་ལ། བུདྡྷའི་དགོངས་པ་སེམས་ཀྱི་མཚོན་ཏེ། མི་འགྱུར་བས་སྔོན་པོ་མཚན་དང་དཔེ་བྱད་འབར་བས་སོ་གསུངས། །རུ་བལ་པོ་ནི། རྟེན་དང་བརྟེན་པར་བཅས་པའི་རྒྱུར་མཚོན་པའི་ཧཱུྃ་སྔོན་པོ་འོད་ཟེར་འབར་བའོ། །རུ་པདྨ། ནམ་མཁའ་ལ་སྣང་བ་ནམ་མཁའ། བུ་ག་ནམ་མཁའ། འདུས་མ་བྱས་ཀྱི་ནམ་མཁའ། ཆོས་ཉིད་ཀྱི་ནམ་མཁའ་བཞི་ལས་ཆོས་ཉིད་ཀྱིའོ། །དཀྱིལ་མཐའ་དབུས་མེད་པའོ། །ཐིགས་པ་ལ་གཉིས། དོན་འདྲིལ་བའི་ཕྱིར་ན་ཐིགས་པ་དང་། དོན་ཐོག་ཏུ་ཕེབས་པའི་ཕྱིར་ན་ཐིགས་པ་སྟེ། དང་པོ་ནི། ཧཱུྃ་དེ་ལ་ཡེ་ཤེས་ལྔ་ལྡན་པས་འདྲིལ་ལོ། །གཉིས་པ་ནི། རྟེན་དང་བརྟེན་པའི་ཐོག་ཏུ་ཕེབས་པའོ་གསུངས། རུ་བི་མ་ལ། ཆོས་ཀྱི་དབྱིངས་ནམ་མཁའི་དཀྱིལ་ལྟ་བུ་ལས་ཐུགས་རྗེ་ཐིགས་པ་ལྟར་ཤར་བའོ། །རུ་བལ་པོ་ནི། ནམ་མཁའ་ཆོས་སྐུ། མཚོན་ཆེན་སྔོན་པོ་ལོངས་སྐུ། ཐིགས་པ་སྤྲུལ་སྐུར་བཤད་དོ། །གསུམ་པ་ཉམས་སུ་ལེན་ན། ཧཱུྃ་གསེར་དངུལ་ལ་ལུགས་སུ་བླུགས་པ་འདྲ་བ་ཞིག་བསྒོམ་མོ། །རྒྱུའི་ཏིང་ངེ་འཛིན་ཚར་རོ། །གཉིས་པ་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། སྲོག་གི་སྒོ་རུ་ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །ཞེས་པས། རུ་པད་འབྱུང་གིས། སྲོག་ནི་རྒྱུའི་ཏིང་ངེ་འཛིན་ཧཱུྃ་ཡིན་ལ། སྒོར་ཤར་བ་ལ་གཉིས་ཏེ། འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྒོར་ཤར་བ་དང་། གཞལ་ཡས་ཁང་གདན་དང་བཅས་པའི་སྒོར་ཤར་བའོ་གསུངས། དེ་ལ་དང་པོ་འབྱུང་བ་རིམ་བརྩེགས་ལ་གསུམ་སྡེ། ཕྱིའི་འབྱུང་བ་རིམ་བརྩེགས། ནང་གི་འབྱུང་བ་རིམ་བརྩེགས། གསང་བའི་འབྱུང་བ་རིམ་བརྩེགས་སོ། །དང་པོ་ཕྱིའི་འབྱུང་བ་ལ་མདོ་ལྔ། རྩ་བ་དྲུག །ཡན་ལག་སུམ་ཅུ་ཐམ་པའོ། །དང་པོ་མདོ་ལྔ་འབྱུང་བ་ལྔའོ། །རྩ་བ་དྲུག་ནི་ཕྱི་འབྱུང་བ་དང་ཇི་ལྟར་སྦྱར། ནང་ཕུང་པོ་དང་གང་ལྟར་སྦྱར། གསང་བ་ཉོན་མོངས་པ་དང་ཇི་ལྟར་སྦྱར། གསལ་བ་ལྷ་དང་གང་ལྟར་སྦྱར། བདེ་བ་ཡེ་ཤེས་དང་ཇི་ལྟར་སྦྱར། སྟོང་པ་ཆོས་དང་གང་ལྟར་སྦྱར། ཞེས་པའོ། །དེ་ཡང་སྲོག་ནི་རྒྱུའི་ཏིང་ངེ་འཛིན་གྱི་ཧཱུྃ་དེ་ཉིད་དོ། །ཧཱུྃ་དེ་སྥ་ར་ཎ་ཕཊ། ཅེས་ཕར་འཕྲོས། སཾ་ཧ་ར་ཎ་ཧཱུྃ་བྱས་ཏེ་ཚུར་བསྡུས་པས་ཧཱུྃ་དེ་ནུས་པ་དང་ལྡན་པར་སོང་བ་ནི་སྒོ་རུ་ཤར་ཞེས་པའོ། །ཧཱུྃ་དེ་ལས་ཨེ་གཅིག་ཆད། ཨེ་སྥ་ར་ཎ་ཕཊ། ཅེས་ཕར་སྤྲོས། ཨེ་སཾ་ཧ་ར་ཎ་ཧཱུྃ། ཚུར་བསྡུས་པས་ཨེ་ལས་ནམ་མཁའ་གྲུ་གསུམ་ཚད་མེད་པ་ཞིག་བསྒོམ། ཕྱི་འབྱུང་བ་ནམ་མཁའི་དཀྱིལ་འཁོར་གྱི་སྒོར་ཤར་བའོ། །ནང་ལུས་ཀྱི་ཁོང་སེང་། བར་དུ་ཉོན་མོངས་པ་གཏི་མུག །ལྷ་རྣམ་སྣང་། ཡུམ་ཀུན་ཏུ་བཟང་། ཡེ་ཤེས་ཆོས་དབྱིངས། དེ་ཐམས་ཅད་ཆོས་ཉིད་སྟོང་པར་འདུས་པའོ། །དེ་ནས་ཧཱུྃ་ལས་ཡཾ་ཆད། སྥ་ར་ཎ་ཕཊ་དང་། སཾ་ཧ་ར་ཎ་ཧཱུྃ་ཀུན་ལ་འགྲེ། ཕར་སྤྲོ་ཚུར་འདུས་པ་ལས་རླུང་རྡོ་རྗེ་རྒྱ་གྲམ་སྔོ་སྐྱ་བསྒོམ། ཕྱི་འབྱུང་བ་རླུང་གི་དལ་སྒོར་ཤར་བའོ། །ནང་ལུས་ཀྱི་སྐྱོད་བྱེད་དོ། །ཉོན་མོངས་པ་ཕྲག་དོག །ལྷ་དོན་གྲུབ་དང་སྒྲོལ་མ། ཡེ་ཤེས་བྱ་གྲུབ། དེ་ཐམས་ཅད་ཆོས་དབྱིངས་སྟོང་པར་འདུས་སོ། །ཡང་ཧཱུྃ་ལས་ར་ཞིག་ཆད། ཕར་སྤྲོས། ཚུར་འདུས་པས་ར་ལས་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུག་པར་བསྒོམ། འབྱུང་བ་ཕྱི་ཆུ། ནང་ཁྲག །གསང་བ་འདོད་ཆགས། ལྷ་སྣང་མཐའ་དང་མཱ་མ་ཀཱི། ཡེ་ཤེས་སོར་རྟོག །དེ་ཐམས་ཅད་ཆོས་ཉིད་སྟོང་པར་འདུས་སོ། །ཡང་ཧཱུྃ་ལས་སུཾ་གཅིག་ཆད། ཕར་སྤྲོས་ཚུར་འདུས་པ་ལས་དབང་ཆེན་གསེར་གྱི་ས་གཞི་སྲ་ཞིང་འཐས་པའི་སྟེང་དུ། ཡང་ཧཱུྃ་ལས་ཀེཾ་གཅིག་ཆད། ཕར་སྤྲོས་ཚུར་འདུས་ཀེང་རུས་ཀྱི་རི་རབ་སྔོ་མཁྲེགས་སུ་འདུག་པ། དཔག་ཚད་བརྒྱད་ཁྲི་ཡར་ཐོན་པའོ། །དེ་ནི་འབྱུང་བ་སའི་སྒོར་ཤར་བའོ། །ནང་རུས་པ་ཉོན་མོངས་ཞེ་སྡང་། ལྷ་རྡོ་རྗེ་སེམས་དཔའ་དང་སངས་རྒྱས་སྤྱན་། ཡེ་ཤེས་མེ་ལོང་ཡེ་ཤེས། དེ་ཐམས་ཅད་ཆོས་ཉིད་སྟོང་པར་འདུས་སོ། །ཡང་ཧཱུྃ་ལས་རཾ་གཅིག་ཆད། ཕར་སྤྲོས་ཚུར་འདུས་པས། རི་རབ་སྟེང་དུ་མེ་གྲུ་གསུམ་དུ་འབར་བར་བསམ། འབྱུང་བ་མེའི་སྒོར་ཤར་བའོ། །ནང་དྲོད། ཉོན་མོངས་པ་ང་རྒྱལ། ལྷ་རིན་འབྱུང་དང་གོས་དཀར། ཡེ་ཤེས་མཉམ་པ་ཉིད། དེ་ཐམས་ཅད་ཆོས་ཉིད་སྟོང་པར་འདུས་སོ། །གཉིས་པ་གཞལ་ཡས་ཁང་གདན་དང་བཅས་པའི་སྒོར་ཤར་བ་ནི། ཧཱུྃ་ལས་བྷྲཱུྃ་གཅིག་ཆད། ཕར་སྤྲོས་ཚུར་འདུས་པ་ལས་བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ་ཞེས་པས་ཡེཤེས་ཀྱི་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ། ཕྱི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ། ནང་དུར་ཁྲོད་འབར་བའི་གཞལ་ཡས་ཁང་། དེ་ཡང་ཐོད་པ་སྐམ་པོའི་འགྲམ་ཤ་ར་རི་ཅན་གྱི་བར། རློན་པ་ལྕང་ལོ་ཅན་ཁ་བད་དུ་བཏང་བ། ཐོད་པ་དེ་རྣམས་ཀྱི་ཁ་ནས་མེ་འབར་བ། སྣ་ནས་དུ་བ་འཐུལ་བ། མིག་ནས་གདུང་བའི་མཆི་མ་ཁྲག་ཏུ་སྐྱུགས་པ། གནམ་ལྕགས་ཨུར་མོས་གཟེར་བཏབ་པ། རྒྱུ་མའི་ཟུང་གིས་སྦྲེལ་བས་བརྩེགས་པའོ། །འོག་གི་ས་གཞི་ནི། མཱཾ་སའི་ས་གཞི། རཀྟའི་རྒྱ་མཚོ། ཀེང་རུས་ཀྱི་རི་རབ་ཁྲག་དང་རྣག་གི་ཚོམ་བུར་འཁྱིལ་བ། དྲི་ཆེན་གྱི་ཞལ་ཟས་ཞལ་ཞལ་འདྲ་སྟེ་སྟེང་དྲི་ཆུའི་ཆག་ཆག་བཏབ་པའོ། །སྟེང་གི་ཕུབ་ནི་ལྷ་བརྒྱད་ཀྱི་ཀ་བ། ཀླུ་བརྒྱད་ཀྱི་གདུང་མ། གཟའ་བརྒྱད་ཀྱི་དྲལ་ཕྱམ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དྲལ་བུ། མིའི་གཡང་གཞིའི་ཐོག་ཕུབ། ཞིང་ཆུང་གི་ཟར་ཚགས། ཙིཏྟའི་ཕོ་ཐོག །ཟླ་བའི་ཀ་གདན། ཉི་མའི་ཀ་ཞུ། ཟླ་བའི་སྐར་ཁུང་། ཉི་མའི་མཐོང་ཁུང་ངོ་། །ཕྱིའི་རྒྱན་ནི། མིའུ་རིགས་བཞི་སྲིད་པ་སྤྱི་བླུགས་སུ་བཤུས་པའི་རྒྱལ་མཚན། ཉ་ཆེན་གྱི་འཕན། ཀེང་རུས་ཀྱི་གདུགས། དྲེགས་པ་ཆེན་པོ་བསྒྲལ་བའི་ཙིཏྟའི་ཏོག །དེའི་ཕྱི་ན་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ། དེའི་ཕྱི་ན་དུར་ཁྲོད་ཀྱི་ཆས་བཞི་ལ། ཤར་ན་བྱ་ཀངྐ་སྐད་སྒྲོག་པ། ལྷོ་ན་ཁྱི་ཀྱི་ལིང་དུ་ཟུག་པ། ནུབ་ན་འདྲེ་མེ་འབར་བ། བྱང་ན་དུ་བ་འཐུལ་བའོ། །དབུས་ཀྱི་ཕོ་བྲང་འཁོར་ལོ་རྩིབས་བརྒྱད་དམ། རྒྱ་མདུད་འདེགས་པ་གང་འོས་སུ་བསྒོམ་པའོ། །དེར་གདན་བཏིང་བ་ནི། གོང་གི་ཧཱུྃ་ལས་ཛཿཧཱུྃ་བྃ་ཧོཿ ལྷ་མོ་བཞི་འཕྲོས་པས། དབུས་ཀྱི་ཕོ་བྲང་འཁོར་ལོའི་མཐིལ་དུ་པཾ་ལས་པདྨ། ཨ་ལས་ཟླ་བ། མ་ལས་ཉི་མ། ཏི་ར་བྃ་ཞེས་བརྗོད་པས་རུ་དྲ་ཕོ་ཁ་སྦུབ། མོ་གན་རྐྱལ། བྱིན་པ་འཁྲིལ་བ་འགྱེལ་བ། དེའི་སྟེང་དུ་མོས་པའི་གདན་ལ་རང་གི་དགྲ་བགེགས་གདིང་ངོ་། །གཉིས་པ་འཁོར་གྱི་གདན་ནི། ཛཿཧཱུྃ་བྃ་ཧོཿ ཤར་དང་ཤར་ལྷོ་རྣམས་སུ་བརྒྱ་བྱིན་དང་མེ་ལྷ་ནས། འོག་ཕྱོགས་ས་བདག་གི་བར་བཀུག་ལ་ཕོ་ཁ་སྦུབ། མོ་གན་རྐྱལ་དུ་བྱིན་པ་འཁྲིལ་བ་འགྱེལ་བར་རིངས་སོ། །སྒོ་བཞི་ཤར་དྲི་ཟ། ལྷོ་གཤིན་རྗེ། ནུབ་ཀླུ། བྱང་གནོད་སྦྱིན་བཀུག་ལ་གདིང་ངོ་། །ལྷ་སྣམ་ལ་ཕུར་སྲུང་དགོད་དེ། གདན་མི་དགོས། དེས་ན་གསང་རྒྱུད་ལས། ཡྃ་ལས་རླུང་གི་ད་ལ་སྔོ། །རྃ་ལས་མེ་དཀྱིལ་གྲུ་གསུམ་དམར། །བྃ་ལས་ཆུ་དཀྱིལ་དཀར་པོ་ཟླུམ། །སུྃ་ལས་ས་གཞི་གྲུ་བཞི་སེར། །ཀེཾ་ལས་ཀེང་རུས་རི་རབ་འབར། །དེ་སྟེང་བྷྲཱུྃ་ལས་གྲུབ་པ་ཡིས། །མཛེས་པའི་གཞལ་ཡས་ཐོད་པའི་མཁར། །མཆོག་ཕྲན་དྲལ་ཕྱམ་ཉི་ཟླའི་མིག །རཀྟ་འབར་བའི་ཞམ་ཆུ་འབབ། །ཅེས་བཤད་པའི་དོན་ཡིན་ནོ། །དེ་རྣམས་ཕྱི་བསྐྱེད་པའི་རིམ་པའོ། །གཉིས་པ་ནང་བསྐྱེད་པའི་རིམ་པ་ནི། རང་གི་ལུས་ལ་ཚང་སྟེ། གསང་རྒྱུད་ལས། རྐང་པ་རླུང་གི་དཀྱིལ་འཁོར་ཏེ། །འདོམས་མོ་མེ་ཡི་དཀྱིལ་འཁོར་ཡིན། །བསུས་པ་ཆུ་ཡི་དཀྱིལ་འཁོར་ཡིན། །ཕོ་བ་ས་ཡི་དཀྱིལ་འཁོར་ཡིན། །བྲང་ནི་ཀེང་རུས་རི་རབ་ཡིན། །མགོ་བོ་ཀླད་པའི་གཞལ་ཡས་ཁང་། །རྩ་གནས་དབུས་ན་ལྷ་ཚོགས་བཞུགས། །ཞེས་པས་དཀྱིལ་འཁོར་ལུས་ལ་ཚང་སྟེ། ལུས་འདོམ་གང་གྲུ་བཞི་ནི་དཀྱིལ་འཁོར་གྲུ་བཞིའོ། །འཁོར་ལོ་ལྔ་པོ་དབུས་ཀྱི་ཕོ་བྲང་ངོ་། །རྐང་ལག་བཞི་སྒོ་བཞི། ཚིགས་བཞི་རྟ་བབས་བཞི། རྐང་བརྒྱད་ཀ་བ་བརྒྱད། མཐིལ་བཞི་ཆོས་འཁོར་གདུགས། སོ་དང་སེན་མོ་ཏོག་དང་། རྡོ་རྗེ་རིན་པོ་ཆེའི་རྒྱལ་མཚན། དབང་པོ་ལྔ་མཐོང་སྐར། ཡུལ་ལྔ་འདོད་ཡོན། རྩ་རྒྱུས་རིན་ཆེན་ཕ་གུ། རུས་པའི་ཚིགས་དྲྭ་བ་དང་དྲྭ་ཕྱེད། སོར་མོ་རྣམས་མདའ་ཡབ། པགས་པ་རྡོ་རྗེའི་གུར། སྐྲ་དང་བ་སྤུ་མེ་རིའོ། །ཁྲག་འཐུང་རྩ་བའི་དཀྱིལ་འཁོར་ལྟར་རྩ་གནས་ལ་ཕུར་བུའི་ལྷ་ཚོགས་ཚང་བ་འགོད་དོ། །ནང་བསྐྱེད་པ་ཚར་རོ། །གསུམ་པ་གསང་བ་བསྐྱེད་པའི་རིམ་པ་ནི། རང་གི་སེམས་ལ་ལྷ་དང་དཀྱིལ་འཁོར་ཐམས་ཅད་ཚང་སྟེ། འབྱུང་བ་རིམ་བརྩེགས་ནི། སེམས་ལ་མཐའ་དབུས་མེད་པས་ནམ་མཁའ་སྟོང་པ། སེམས་ཡང་ཞིང་གཡེང་བས་རླུང་གི་དཀྱིལ་འཁོར། སེམས་རླན་ཞིང་མཉེན་པས་ཆུའི་དཀྱིལ་འཁོར། སེམས་སྲ་ཞིང་མི་འགྱུར་བས་སའི་དཀྱིལ་འཁོར། སེམས་རྒྱ་ཆེ་དཔངས་མཐོ་སྟེ་རི་རབ། སེམས་གསལ་ཞིང་རྣོ་བས་མེའི་དཀྱིལ་འཁོར། སེམས་ལ་ཐམས་ཅད་འདུས་པས་གཞལ་ཡས་ཁང་། ཀུན་གཞིའི་རྣམ་ཤེས་ལྟེ་བ། ཉོན་ཡིད་ལྷ་སྣམ། སྒོ་ལྔའི་རྣམ་ཤེས་སྒོ་བཞི། ཡེ་ཤེས་རྟ་བབས། རང་སེམས་རྡོ་རྗེ་གཞོན་ནུ། སེམས་ལ་སྣ་ཚོགས་སྐྱེ་བས་འཁོར་གྱི་ལྷ་ཚོགས་ཡིན་ཏེ། ལྷ་དང་དཀྱིལ་འཁོར་ཚང་ངོ་། །གསང་བ་བསྐྱེད་པའི་རིམ་པ་ཚར་རོ། །གཞལ་ཡས་རྣམ་དག་ནི། གསང་རྒྱུད་ལས། གཞལ་ཡས་རྣམ་པར་དག་པ་ནི། །ཡང་དག་ཉིད་དུ་ངས་བཤད་བྱ། །རྡོ་རྗེའི་གུར་དུ་བྱུང་བ་ནི། །ཕྱི་ཡི་བགེགས་ཀྱིས་མི་ཚུགས་རྟགས། །བཀའ་ཡི་འཁོར་ལོས་བརྒྱན་པ་ནི། །ནང་གི་བདུད་ཀྱིས་མི་ཚུགས་རྟགས། །ཆོས་འབྱུང་ནང་དུ་གསལ་བ་ནི། །ཆོས་ཀྱི་དབྱིངས་ལས་བྱུང་བའི་རྟགས། །འབྱུང་བ་བཞི་ཡིས་བསྐྱེད་པ་ནི། །ཡུམ་བཞིའི་མཁའ་ལ་གནས་པའི་རྟགས། །གཞལ་ཡས་གྲུ་བཞི་འབྱུང་བ་ནི། །སངས་རྒྱས་སེམས་ཅན་མཉམ་པའི་རྟགས། །སྒོ་བཞི་པར་ཡང་བྱུང་བ་ནི། །དྲན་པ་ཉེ་བར་བཞི་ཡི་རྟགས། །སྒོ་བ་བཞི་ནི་སྟོབས་ལྔའོ། །རྟ་བབས་བཞི་རུ་བྱུང་བ་ནི། །ཡང་དག་སྤོང་བ་བཞི་ཡི་རྟགས། །ཆོས་ཀྱི་འཁོར་ལོ་བཞི་པོ་ནི། །རྫུ་འཕྲུལ་རྐང་པ་བཞི་ཡི་རྟགས། །འདོད་ཡོན་ལྔ་ཡི་ལྷ་མོ་ནི། །དབང་པོ་ལྔ་པོ་གསོས་འདེབས་རྟགས། །དྲྭ་བ་དྲྭ་བ་ཕྱེད་པ་ནི། །བྱང་ཆུབ་ཡན་ལག་བདུན་དུ་བཤད། །ཀ་བ་བརྒྱད་ཀྱིས་བརྒྱན་པ་ནི། །འཕགས་ལམ་ཡན་ལག་བརྒྱད་དུ་བཤད། །པཉྩ་རེ་ཁཱ་ཡེ་ཤེས་ལྔ། །གྲུ་གསུམ་རྣམ་ཐར་གསུམ་ཡིན་ཏེ། །རྒྱུ་དང་འབྲས་བུའི་ཆོས་རྣམས་རྫོགས། །ཞེས་སོ། །ཐོད་མཁར་གྱི་རྣམ་དག་ནི། ཐོད་པ་སྐམ་པོའི་འགྲམ་ཆོས་སྐུ། ཤ་ར་རི་ཅན་ལོངས་སྐུ། ལྕང་ལོ་ཅན་སྤྲུལ་སྐུ། ཁ་ནས་མེ་འབར་རྣམ་རྟོག་སྲེག །སྣ་ནས་དུ་བ་འཐུལ་བ་བྱིན་བརླབས། །མིག་ནས་མཆི་མ་ཐུགས་རྗེ་ཆེ་བ། གནམ་ལྕགས་ཨུར་མོའི་གཟེར་སྐྱེ་མེད་སྟོན་པ། རྒྱུ་མའི་ཟུང་ཐབས་ཤེས་རྒྱ་མ་ཆད་པའོ། །འོག་གཞི་ལ་མཱཾ་སའི་ས་གཞི་གཏི་མུག་དག །རཀྟ་འདོད་ཆགས་དག །ཀེང་རུས་ཞེ་སྡང་དག །རྣག་ཁྲག་ཚོམ་བུར་འཁྱིལ་སྤྲུལ་སྐུ། དྲི་ཆུ་ཆག་ཆག་ལོངས་སྐུ། དྲི་ཆེན་ཆོས་སྐུའོ། །སྟེང་གི་ཕུབ་ལ་ལྷ་བརྒྱད་ཀ་བ་སྟེང་ལྷའི་ལོ་ཀ་དབང་དུ་སྡུད་པ། ཀླུ་བརྒྱད་གདུང་མ་འོག་ཀླུ་བརྒྱད་དབང་དུ་སྡུད་པ། གཟའ་དང་རྒྱུ་སྐར་ས་བླ་དབང་དུ་སྡུད་པ། མིའི་གཡང་གཞིའི་བར་མིའི་ལོ་ཀ་དབང་དུ་སྡུད་པ། ཞིང་ཆུང་འདོད་ཡོན། ཙིཏྟ་ཞེན་མེད། ཉི་ཟླ་ཐབས་ཤེས་རྒྱས་ཐེབས་པ། ཕྱིའི་དུར་ཁྲོད་བརྒྱད་ཚོགས་བརྒྱད་དག །ཤར་ན་བྱ་སྐད་མི་རྟག་པ་སྟོན་པ། ལྷོ་ན་ཁྱི་ཟུག་པས་འཁོར་བ་འདུལ། ནུབ་ན་མེ་འབར་བ་བྱིན་རླབས་ཆེ། བྱང་དུ་དུ་བ་འཐུལ་བ་འཁོར་བ་མ་སྤངས་པར་སངས་རྒྱའོ། །རྟེན་གཞལ་ཡས་ཁང་བསྐྱེད་པ་ཚར་རོ། །སྤྱི་དོན་གསུམ་པ་ལྷར་བསྐྱེད་པ་ལ་གསུམ་སྟེ། ཆོས་ཀྱི་སྐུའི་ངོ་བོ་བདག་ཉིད་རྩ་བའི་དལ་བསྐྱེད་པ་དང་། ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཕྱོགས་བཅུའི་ཁྲོ་བོའི་དལ་བསྐྱེད་པ་དང་། སྤྲུལ་པའི་སྐུའི་ངོ་བོ་ཕུར་པ་རྫས་ཀྱི་དལ་བསྐྱེད་པའོ། །དང་པོ་ཆོས་ཀྱི་སྐུའི་ངོ་བོ་བདག་ཉིད་རྩ་བའི་དལ་བསྐྱེད་པ་ལ་གཉིས་ཏེ། བསྐྱེད་པ་དངོས་དང་གསལ་གདབ་པའོ། །དང་པོ་ལ་མདོ་བཅུ། རྩ་བ་བཞི་བཅུ། ཡན་ལག་བརྒྱད་ཅུའོ། །དང་པོ་ནི། བདག་ཉིད་རྩ་བའི་དལ་བསྐྱེད་པའི་རྒྱུ་སེམས་དཔའ་བཞི་ཡོད་ན་གང་ཡིན། བསྐྱེད་པའི་སྐུའི་ཆ་ལུགས་བཞི་བྱ་བ་ཡོད་ན་གང་ཡིན། བསྐྱེད་པའི་ཁྱད་པར་མཚན་ཉིད་བཞི་པོ་གང་ཡིན། བསྐྱེད་པའི་གནས་སྐབས་བཞི་ཡོད་ན་གང་ཡིན། བསྐྱེད་ཐབས་ཀྱི་ཆོ་ག་བཞི་ཡོད་ན་གང་ཡིན། བསྐྱེད་པའི་ལྷ་བཞི་ཡོད་ན་གང་ཡིན། བསྐྱེད་པའི་ལྷ་ཡི་སྦྱང་གཞི་བཞི་ཡོད་ན་གང་ཡིན། བསྐྱེད་པའི་ལྷ་ཡི་ངེས་ཚིག་བཞི་ཡོད་ན་གང་ཡིན། བསྐྱེད་པ་ལ་རྣམ་དབྱེ་བཞི་ཡོད་ན་གང་ཡིན། བསྐྱེད་པ་ལ་ལམ་ཁྱེར་བཞི་ཡོད་ན་གང་ཡིན། ཅེས་པ་དང་བཅུའོ། །དང་པོ་བསྐྱེད་པའི་རྒྱུའི་སེམས་དཔའ་བཞི་པོ་ནི། སྔོན་དུས་མཚམས་ལ་འཇུག་ཙ་ན། རང་ཡི་དམ་ལྷར་མོས་པ་བྱས་པ་དེ་དམ་ཚིག་གི་སེམས་དཔའ་ཡིན། དེ་ནས་ཏིང་ངེ་འཛིན་གསུམ་བསྒོམ་ནས་ཆོ་ག་གསུམ་གྱིས་བསྐྱེད་པ་ཏིང་ངེ་འཛིན་སེམས་དཔའ་ཡིན། དེ་ནས་རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་འདྲེན་པ་དེ་ལྷ་ཡེ་ཤེས་སེམས་དཔའ་ཡིན། དེ་གཉིས་སུ་མེད་པས་བསྲེས་པ་དེ་གཉིས་སུ་མེད་པའི་ཡེ་ཤེས་སེམས་དཔའ་ཡིན། བསྐྱེད རིམ་ཅིག་མི་བསྒོམ་ན་མི་བསྒོམ་ཞེས་བྱ། བསྒོམ་ཕན་ཆད། དེ་བཞི་མ་ཚང་བ་མི་སྲིད་པ་ཡིན་ནོ། །གཉིས་པ་བསྐྱེད་པའི་ཆ་ལུགས་བཞི་ལ་ཕྱོགས་གཅིག་ཏུ་ཨ་ཐང་ཆད་པ་མེད་དེ། རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཕུར་པ་གསང་རྒྱུད་ལེའུ་བཅུ་གཉིས་པ་ན། རྡོ་རྗེ་གཞོན་ནུ་དབུ་སྟོང་ཕྱག་སྟོང་སྤྱན་བྱེ་བ་སྟོང་མངའ་བར་བཤད། ཕུར་པ་མྱང་འདས་ལེའུ་བཞི་པར་རུ་དྲ་བཏུལ་ཙ་ན་རྡོ་རྗེ་གཞོན་ནུ་དབུ་དགུ་ཕྱག་བཅོ་བརྒྱད་པར་བཤད། རྩ་རྒྱུད་རྡོ་རྗེ་ཁྲོས་པ་སོགས་ན་རྡོ་རྗེ་གཞོན་ནུ་དབུ་གསུམ་ཕྱག་དྲུག་པར་གཤད། ཀཱི་ལ་ཡ་ཏནྟྲ་བཅུ་གཉིས་འབྱུང་བའི་རྒྱུན་ལ་སོགས་པ་ནས། །རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་པར་བཤད་པས། གང་ལྟར་བསྒོམ་ཀྱང་འདྲའོ། ། གཤིན་རྗེ་གཤེད་ལ་སོགས་ཐམས་ཅད་ན་དེ་ལྟར་སྣ་ཚོགས་སུ་བཤད་དོ། །གསུམ་པ་བསྐྱེད་པའི་ཁྱད་པར་མཚན་ཉིད་བཞི་ནི། ཁྲོ་བོ་བྱས་པས་བདུད་དང་སྲིན་པོ་ཁྲོས་པ་ལྟ་བུ་མིན་ཏེ། ཐུགས་རྗེ་ཆེན་པོས་གདུལ་བྱ་འདུལ་བའི་ཐབས་སུ་བསྟན་པ་ཡིན་པས། བློ་ཡང་རབ་བྱམས་པ་དང་སྙིང་རྗེས་ལྷ་བསྒོམ་པ་ཡིན་ནོ། །བློ་རབ་ཅིག་གིས་དག་པའི་ལྷ་བསྒོམ་པ་ཡིན། བློ་འབྲིང་གིས་རྣམ་པ་ཙམ་དུ་ལྷ་བསྒོམ་པ་ཡིན། བློ་ཐ་མས་ལྷ་ཡི་ང་རྒྱལ་ཙམ་དུ་ལྷ་བསྒོམ་པ་ཡིན། སྔགས་པ་ལྷ་ལམ་པ་བྱ་བ་ང་རྒྱལ་ཙམ་གྱིས་ཀྱང་འགྲུབ་པ་ཡིན་ནོ། །བཞི་པ་བསྐྱེད་པའི་གནས་སྐབས་བཞི་ལ་ལས་དང་པོ་པས་ཤེས་པ་ལྷར་བསྐྱེད་པ་ཡིན་ཏེ། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། ཞེས་པའོ། །ལས་གོམས་པ་པས་བདག་ཉིད་ལྷར་བསྒོམ་པ་ཡིན་ཏེ། སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །ཅེས་སོ། །ལས་སྨིན་པ་པས་ཕུང་པོ་ལྷར་བསྒོམ་པ་ཡིན་ཏེ། ཕུང་པོ་རྡོ་རྗེར་གཏམས་བྱས་ནས། ཞེས་སོ། །ལས་མཐར་ཕྱིན་པས་ཡུལ་ཐམས་ཅད་ལྷར་བསྒོམ་པ་ཡིན་ཏེ། སྲིད་པ་རྡོ་རྗེ་ཕུར་བུའི་ལྷ། །ཞེས་སོ། ལྔ་པ་བསྐྱེད་ཐབས་ཀྱི་ཆོ་ག་བཞི་ལ། བློ་ཡང་རབ་གཅིག་གིས་སྐད་ཅིག་དྲན་རྫོགས་སུ་བསྐྱེད་དོ། །རྣམ་རྟོག་གཞན་གྱིས་བར་མ་ཆོད་པས་བཟང་སྟེ། ཡེ་ཤེས་ཀྱི་ཚོགས་པ་ཡིན་ནོ། །བློ་རབ་ཅིག་སྟོང་པ་དང་སྙིང་རྗེའི་ངང་ནས་རྩ་སྔགས་བརྗོད་པས་ལྷར་ལངས་ཏེ། རྟོག་པ་ཉུང་བས་བསོད་ནམས་དང་ཡེ་ཤེས་གཉིས་ཀ་ཡོད་དོ། །བློ་འབྲིང་ཞིག་ཆོས་གསུམ་གྱི་ལྷར་ལྡང་སྟེ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཡོངས་སུ་རྫོགས་པ་སྟེ། གསུང་ཧཱུྃ། ཐུགས་རྡོ་རྗེ། །དེ་གྱུར་པས་རྡོ་རྗེ་གཞོན་ནུ་བསྐྱེད་པའོ། བློ་ཐ་མ་ཞིག་གིས་བསྐྱེད་རྒྱུའི་ཆོས་གསུམ་ལ། བསྐྱེད་ཐབས་ཀྱི་ཆོས་བཅུ་དྲུག་གིས་བསྐྱེད་དེ། དེ་ཡང་བསྐྱེད་རྒྱུ་ནི་གསུང་ཡིག་འབྲུ། །ཐུགས་ཕྱག་མཚན། རྒྱུ་རྡོ་རྗེ་འཆང་དཀར་པོ་གསུམ་མོ། །ཆོས་བཅུ་དྲུག་ནི། དང་པོ་རྒྱུའི་ཏིང་ངེ་འཛིན་ཧཱུྃ་མཐིང་ནག་དེ་གཙོ་བོའི་གདན་ཐོག་ཏུ་བབས་ཏེ་དེ་ལས་འོད་ཟེར་འཕྲོ་བ། མཛད་པ་བསྡུ་བ་བསྡུས་ཏེ་བརྟན་པར་འཁོད་པ་བཞི་བྱས་པས་རྡོ་རྗེ་རྩེ་དགུ་པར་སོང་། དེ་ལས་ཀྱང་འོད་ཟེར་སྤྲོ་བ། མཛད་པ། བསྡུ་བ། བསྡུས་ཏེ་བརྟན་པར་འཁོད་པ་བཞི། རྡོ་རྗེ་དེ་རྒྱུའི་རྡོ་རྗེ་འཆང་དཀར་པོར་སོང་། དེ་ལས་ཀྱང་འོད་ཟེར་སྤྲོ་བ། མཛད་པ། བསྡུ་བ། བསྡུས་ཏེ་བརྟན་པར་འཁོད་པ་ལས་རྩ་སྔགས་བརྗོད། རྡོ་རྗེ་གཞོན་ནུ་སྐུ་ཆེ་ལ་ཡན་ལག་རགས་པར་བསྐྱེད། དེ་ལས་ཀྱང་འོད་ཟེར་སྤྲོ་བ། མཛད་པ། བསྡུ་བ། བསྡུས་ཏེ་བརྟན་པར་འཁོད་པ་བཞི་སྟེ། བཅུ་དྲུག་གིས་བསྐྱེད་པའི་རིམ་པ་ཡན་ལག་དང་ལྡན་པ་རྫོགས་པ་ཡིན་ནོ། །དྲུག་པ་བསྐྱེད་པའི་ལྷ་བཞི་ནི། གཙོ་བོ་ཡབ་ཡུམ་རྫོགས་པ་དང་། ལྷ་བཞི་བསྐྱེད་དགོས་ཏེ། སྲོག་གི་ལྷ་དང་གཅིག །སྐུ་གསུང་ཐུགས་ཀྱི་ལྷ་དང་གཉིས། རྒྱན་གྱི་ལྷ་དང་གསུམ། གོ་ཆའི་ལྷ་དང་བཞིའོ། །དང་པོ་སྲོག་གི་ལྷ་ནི། བདག་ཉིད་ཀྱི་སྙིང་གའི་ནང་ཙིཏྟ་རིན་པོ་ཆེའི་ཕོ་བྲང་དུ་ཡེ་ཤེས་སེམས་དཔའ་རྫུས་སྐྱེས་རང་འདྲ་བ་ཚོན་གང་བ་བསམ། དེའི་སྙིང་གར་ཉི་མའི་དཀྱིལ་འཁོར་སྲན་མའི་གྭའུ་ཙམ། དེའི་སྟེང་དུ་རྡོ་རྗེ་ནས་ཙམ། དེའི་ལྟེ་བ་ལ་རྒྱུའི་ཏིང་ངེ་འཛིན་ཧཱུྃ་སྤུས་བྲིས་པ་ཙམ། དེའི་མཐའ་མ་ནི་ཀཱི་ལ་ཡ་འབྲུ་དགུས་བསྐོར་བར་བ སྒོམ། དེའི་སྒོ་སྲུང་དུ་རྟ་མགྲིན་གསང་བའི་ཡུམ་བཞི་དང་བཅས་པ་བསྒོམ་སྟེ་ལྷ་བདུན་ནོ། །གཉིས་པ་སྐུ་གསུང་ཐུགས་ཀྱི་ལྷ་ནི། ཐིག་ལེ་རེ་ལས། སྤྱི་བོར་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་དཀར་པོ་བསྒོམ། མགྲིན་པར་པདྨ་ཧེ་རུ་ཀ་ཡབ་ཡུམ་དམར་པོ་བསྒོམ། ཐུགས་ཀར་བཛྲ་ཧེ་རུ་ཀ་ཡབ་ཡུམ་མཐིང་ག །ལྟེ་བར་རཏྣ་ཧེ་རུ་ཀ་ཡབ་ཡུམ་སེར་པོ། གསང་བར་ཀརྨ་ཧེ་རུ་ཀ་ཡབ་ཡུམ་ལྗང་གུར་བསྒོམ་མོ། གསུམ་པ་རྒྱན་གྱི་ལྷ་ནི། དབང་བསྐུར་བའི་དུས་དབང་རྟགས་སུ་རིགས་ལྔ་ཆ་གཅིག་དབུ་ལ་བཞུགས་པར་བསྒོམ་མོ། །དེས་ན་སྐུ་གསུང་ཐུགས་ཀྱི་ཡབ་ཡུམ་བཅུ། དབུ་རྒྱན་ལ་བཅུ་སྟེ་ཉི་ཤུ། སྲོག་གི་ལྷ་བདུན་ཏེ་ཉེར་བདུན་ནོ། །བཞི་པ་གོ་ཆའི་ལྷ་ནི། བ་སྤུའི་བུ་ག་རེ་ནས་རྫུས་སྐྱེས་སུ་ཁྲོ་ཆུང་རེ་རེ་སྟེ་ཁྲབ་གྱོན་པ་ལྟར་རོ། །གྲངས་བྱེ་བ་ས་ཡའོ། །བདུན་པ་སྦྱང་གཞི་ནི། སྐུ་གསུང་ཀྱི་ལྷ་སྒོང་སྐྱེས། ཡེ་ཤེས་སེམས་དཔའ་རྫུས་སྐྱེས། བྱང་སེམས་ཞུ་བ་ལས་བྱུང་བ་དབུ་རྒྱན་ལྷ་མངལ་སྐྱེས། གོ་ཆའི་ལྷ་དྲོད་གཤེར་ལས་སྐྱེས་པའོ། །དལ་གྱི་ལྷ་ལ་སྦྱར་ན། བདག་རྩ་བ་རྫུས་སྐྱེས། ཕྱོགས་བཅུའི་ཁྲོ་བོ་མངལ་སྐྱེས། མགོ་བརྙན་ཉི་ཤུ་སྒོང་སྐྱེས། དམ་ཅན་སྲུང་མ་དྲོད་གཤེར་ལས་སྐྱེས་ཏེ། སྦྱང་གཞི་སེམས་ཅན་གྱི་སྐྱེ་གནས་བཞི་སྦྱོང་བའོ། །བརྒྱད་པ་བསྐྱེད་པའི་ངེས་ཚིག་བཞི་ནི། ཆོས་སྐུའི་ངེས་ཚིག །བདག་ཉིད་ཀྱི་ངེས་ཚིག །རྩ་བའི་ངེས་ཚིག །དཀྱིལ་འཁོར་གྱི་ངེས་ཚིག་གོ། །དང་པོ་ནི། སྤྲོས་པ་དང་བྲལ་བའོ། གཉིས་པ་ནི། རང་ཉིད་བསྒོམ་པའོ། །གསུམ་པ་ནི། འཁོར་གྱི་ལྷ་ཐམས་ཅད་འབྱུང་བས་རྩ་བའོ། །བཞི་པ་ནི། རྡོ་རྗེ་གཞོན་ནུ་ཡབ་ཡུམ་དལ་སྲོག་གི་ལྷ། སྐུ་གསུང་ཐུགས་ཀྱི་ལྷ། རྒྱན་གྱི་ལྷ། གོ་ཆའི་ལྷ་རྣམས་འཁོར་ཡིན་པས་བདག་ཉིད་རྩ་བའི་དལ་ཞེས་བྱའོ། །དགུ་པ་བསྐྱེད་པའི་རྣམ་དབྱེ་བཞི་ནི། བདག་ཉིད་རྩ་བའི་དལ་གྱི་བདག་ཉིད་རྩ་བའི་དལ་ཅིག་ཡོད་ན་གང་ཡིན། དེ་ནི་ཡེ་ཤེས་སེམས་དཔའ་ཡིན་ནོ། །བདག་རྩ་བའི་དལ་གྱི་ཕྱོགས་བཅུའི་ཁྲོ་བོའི་དལ་ཅིག་ཡོད་ན་གང་ཡིན། དེ་ནི་སྐུ་གསུང་ཐུགས་ཀྱི་ལྷའོ། །བདག་ཉིད་རྩ་བའི་དལ་གྱི་ཕུར་པ་རྫས་ཀྱི་དལ་ཅིག་ཡོད་ན་གང་ཡིན། དེ་ནི་ཕྱག་ཐ་མའི་ཕུར་པ་རྣམས་སོ། །བདག་ཉིད་རྩ་བའི་དལ་གྱི་ཕུར་སྲུང་བཅུ་གཉིས་ཡོད་ན་གང་ཡིན། དེ་ནི་བ་སྤུའི་ཁྲོ་ཆུང་རྣམས་སོ། །བཅུ་པ་བསྐྱེད་པའི་ལམ་ཁྱེར་བཞི་ནི། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། རང་སེམས་གཞི་ཡི་རྡོ་རྗེ་གཞོན་ནུ་ནི། །ས་བོན་ཀུན་ཁྱབ་ཏིལ་མར་འདྲ། །རྟོགས་ན་སངས་རྒྱས་ངོ་མཚར་ཆེ། །བགྲོད་པ་ལམ་གྱི་རྡོ་རྗེ་གཞོན་ནུ་ནི། །ཐབས་ཤེས་སྐུ་གསུམ་ཡེ་ཤེས་ལྔ། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་བྱ། །རྟོགས་པ་འབྲས་བུའི་རྡོ་རྗེ་གཞོན་ནུ་ནི། །སྐུ་ལྔ་ཡེ་ཤེས་དགུ་ལྡན་ཏེ། །མ་འཁྲུལ་རྟོགས་པ་མངོན་འགྱུར་བྱ། །གཞི་ལམ་འབྲས་བུ་རྟོགས་གྱུར་ན། །ཆོས་སྐུ་སྤྲོས་བྲལ་མངོན་དུ་འགྱུར། །ཞེས་པས་གཞི་ལམ་འབྲས་གསུམ་པོ་དེ་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན། དེ་ལ་བརྟེན་ནས་རྣམ་དག་བསྟན་པ་ནི། ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་བསྟན་པ་ནི་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའོ། །སྐུ་མདོག་མཐིང་ནག་ཆོས་ཉིད་མི་འགྱུར་བའོ། །དབུ་གསུམ་སྐུ་གསུམ་རྣམ་ཐར་གསུམ་མོ། །ཕྱག་དྲུག་ཕར་ཕྱིན་དྲུག་གོ། །ཞབས་བཞི་རྫུ་འཕྲུལ་རྐང་པ་བཞིའོ། །དང་པོ་རྡོ་རྗེ་རྩེ་དགུ་ཐེག་པ་དགུ། རྩེ་ལྔ་ཡེ་ཤེས་ལྔ། མེ་དཔུང་ཉོན་མོངས་བསྲེགས། ཁ་ཊྭཱྃ་རྩེ་གསུམ་དུག་གསུམ་གཅོད། རི་རབ་ཕུར་བུ་གདུག་པ་འདུལ་བའོ། །དུར་ཁྲོད་ཀྱི་ཆས་དགུ་ལ་བྱུག་པའི་རྫས་གསུམ། བགོ་བའི་གོས་གསུམ། གདགས་པའི་རྒྱན་གསུམ་མོ། །དང་པོ་ཐལ་ཆེན་གྱི་ཚོམ་བུ་ཆོས་སྐུ། རཀྟའི་ཐིག་ལེ་ལོངས་སྐུ། ཞག་གི་ཟོ་རིས་སྤྲུལ་སྐུའོ། །གཉིས་པ་གླང་ཆེན་ཀོ་རློན་ཐེག་ཆེན། ཞིང་ཆེན་མཐའ་གཉིས་སྤངས་པ། སྟག་ཤམ་ཕྲིན་ལས་རྫོགས་པའོ། །གསུམ་པ་སྦྲུལ་ཆུན་ཞེ་སྡང་འཇོམས། རུས་རྒྱན་ཕར་ཕྱིན་དྲུག །ཐོད་ཕྲེང་སྐུ་གསུམ་མོ། །གར་གྱི་ཉམས་དགུ་ལ། སྐུའི་གར་གསུམ། གསུང་གི་གར་གསུམ། ཐུགས་ཀྱི་གར་གསུམ་མོ། །དང་པོ་སྒེག་པ། དཔའ་བ། འཇིགས་སུ་རུང་བ་གསུམ་སྐུ་ཡི། རྒོད་པ། གཤེ་བ། འཇིགས་པ་གསུམ་གསུང་གི། སྙིང་རྗེ། རྔམས་པ། ཞི་བ་ཐུགས་ཀྱི་གར་གསུམ་མོ། །རྒྱུད་ལས། ཆད་པ་མ་ཡིན་རིག་ཅིང་གསལ། །རྟག་པ་མ་ཡིན་ངོས་བཟུང་མེད། །སྣང་སྟོང་དབྱེར་མེད་གཏན་ལ་དབབ། །མི་བསྐྱེད་རྫོགས་པའི་ཚུལ་དུ་བསྒོམ། །ཞེས་པས་ན། བསྐྱེད་རྫོགས་དབྱེར་མེད་དུ་བསྒོམ་མོ། །དེ་ལྟར་བསྐྱེད་པ་དང་རྫོགས་པ་གཉིས་ལ་སྦྱར་ན་ཡན་ལག་བརྒྱད་ཅུའོ། །གཉིས་པ་གསལ་གདབ་པ་ནི། ཤློ་ཀ་གཅིག་སྟེ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ཞེས་པས། དམ་ཚིག་ངོ་བོ་ངེས་ཚིག་དབྱེ་བ་སྦྱར་རོ། །འབྲུ་བཤད་ནི། རུ་པད་འབྱུང་ནི། སྙིང་རྗེས་དུག་གསུམ་བསྒྲལ་ལོ་གསུངས། རུ་བི་མ་ལ་ནི། སྙིང་རྗེས་ཞེས་ཁམས་གསུམ་སེམས་ཅན། བདག་རྡོ་རྗེ་གཞོན་ནུ་དང་གཉིས་སུ་མེད་ནས་བསྒྲལ་བ་ཡིན་ནོ་གསུངས། རྒྱུད་ལས། སྙིང་རྗེ་རྒྱུན་མི་ཆད་པའི་བྱང་ཆུབ་སེམས། །བསྒྲལ་མེད་ངང་དུ་རྟོགས་ན་དམ་ཚིག་ཡིན། །ཞེས་པས་མངོན་ནོ། །རུ་བལ་པོ། སྙིང་རྗེས་ཀུན་ནས་བསླངས་ཏེ་གདུག་ཅན་བསྒྲལ་བ་དམ་ཚིག་གསུངས། བསད་ཅིང་མནན་པ་མ་ཡིན་ཏེ། །ཞེས་པས་རུ་པདྨ་ནི། ཞེ་སྡང་གིས་བསད་ཅིང་ཕྲག་དོག་གིས་མནན་པ་མ་ཡིན་ཏེ། ཐུགས་རྗེས་སེམས་ཅན་འཁོར་བ་ལས་བསྒྲལ་བར་བྱ་གསུངས་སོ། །རུ་བི་མ་ལ་ནི། ཡེ་ཤེས་ཀྱིས་ཉོན་མོངས་ཟིལ་གྱིས་མནན་ཏེ། བྱང་སེམས་སྐྱེ་ཤི་མེད་པ་དེ་ལ་བྱ་གསུངས། རུ་བལ་པོ་ནི། སེམས་ཉིད་སྐྱེ་ཤི་མེད་པ་དེ་ལ་བསད་རྒྱུ་མེད་ལ། ཉོན་མོངས་པ་ལྔ་ཡེ་ཤེས་སུ་མནན། མི་འགྱུར་བ་ལ་མནན་རྒྱུ་མེད་གསུངས་སོ། །ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །ཞེས་པད་འབྱུང་གིས་གཟུགས་ཕུང་ལ་སོགས་ལྔ་རྡོ་རྗེ་ཕུང་པོའི་རིགས་ལྔར་གཏམས་པའོ། །ཞེས་གསུངས། རུ་བི་མ་ལ་ནི། ཕུང་པོ་རྣམ་པར་ཤེས་པའི་ཕུང་པོ་སྟེ། རྡོ་རྗེ་གཞོན་ནུར་བསྐྱེད་ལ། བ་སྤུའི་བུ་ག་ཁྲོ་ཆུང་གིས་གཏམས་པའོ་གསུངས། རུ་བལ་པོས། གཟས་པ་པོ་གནས་སྤོར་ཙ་ན། ལྷ་དང་གཉིས་སུ་མེད་པར་གཏམས་པའོ་གསུངས། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་པས། པད་འབྱུང་ཚོགས་བརྒྱད་སེམས་དཔའ་སེམས་མར་བསྒོམ། རྡོ་རྗེ་གཞོན་ནུ་ལས་ཁྲོ་བོ་ཁྲོ་མོར་འབྱུང་བས་སོ་གསུངས། རུ་བི་མ་ལས། རྣམ་པར་ཤེས་པས་ལྷ་ཡི་ང་རྒྱལ་ལ་བྱ་གསུངས། རུ་བལ་པོ་ཕུང་པོ་ལྷ་སྐུར་བསྒོམ་པ་བྱའོ་གསུངས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཅེས་པ་ལ་གསུམ་སྟེ། རུ་གསུམ་གྱི་དགོངས་པ་བསྡུ་བ་དང་། རྒྱུད་ཀྱི་དགོངས་པ་གསུམ་བཤད་པ་དང་། ཐམས་ཅད་འདུས་པའི་འདུས་ལུགས་སོ། །དང་པོ་ནི། རུ་པདྨའི་ཞལ་ནས། ༀ་སྐུ་ལྔ་ཡེ་ཤེས་ལྔ། བཛྲ་དུས་གསུམ་འདུས་མ་བྱས། ཀཱི་ལི་ལྷ་དང་ཀཱི་ལ་ཡ་ཕུར་པ་གསོ་བ། སརྦ་དགྲ་བགེགས་ཐམས་ཅད། བིགྷྣཱན་མནན་པ། བཾ་ཧཱུྃ་དབང་དུ་བསྡུ་བ། ཕཊ་སྒྲོལ་བའོ་གསུངས། རུ་བི་མ་ལ། ༀ་ཐུགས་ཡེ་ཤེས་ལྔ་ལྡན། བཛྲ་རྡོ་རྗེ་དབྱེར་མེད། ཀཱི་ལི་ཕུར་པ། ཀཱི་ལ་ཡ་སྐྱེ་མེད་འགག་མེད། སརྦ་ཉོན་མོངས་ཡེ་ཤེས་སུ་སྒྱུར་ཅིག བིགྷྣཱན་ཡེ་ཤེས་ཀྱིས་ཉོན་མོངས་ཐམས་ཅད་གཟིར་ཅིག །བཾ་དབང་དུ་བྱས་ལ། ཧཱུྃ་ཉོན་མོངས་ཆོམས་ཤིག །ཕཊ་ཉོན་མོངས་སྲེགས་ཤིག་པའོ། །རུ་བལ་པོ། ༀ་ཡེ་ཤེས་ལྔ། བཛྲ་ཀཱི་ལི་རྡོ་རྗེ་ཕུར་བུ། ཀཱི་ལ་ཡ་འདེབས་པ། སརྦ་ཐམས་ཅད། བིགྷྣཱན་ཕུར་པའི་རི་རབ་ཀྱིས་མནན་པ། བཾ་དབང་དུ་སྡུད་པ། ཧཱུྃ་གིས་སྐུ་བསྐྱེད་པ། ཕཊ་སྤྲོ་བའོ་གསུངས། གཉིས་པ་རྒྱུད་ཀྱི་དགོངས་པ་བཤད་པ་ལ་གསུམ་སྟེ། ལྷ་དང་སྦྱར་ཏེ་བཤད་པ། ཆོས་ཉིད་དང་སྦྱར་ཏེ་བཤད་པ། བྱང་སེམས་དགོངས་པ་དང་སྦྱར་བའོ། །དང་པོ་ནི། རྒྱུ་མ་ནོར་བ་རྩ་བའི་སྔགས་ཧཱུྃ་ངོ་། །བསྐྱེད་པ་རྐྱེན་གྱི་སྔགས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡའོ། །བསྐུལ་བ་ལས་ཀྱི་སྔགས་ནི། སརྦ་བིགྷྣཱན་ཞེས་པའོ། །བཟླས་པ་ལས་ཀྱི་སྔགས་ནི། བཾ་ཧཱུྃ་ཕཊ་ཅེས་པའོ། །གཉིས་པ་ཆོས་ཉིད་དང་སྦྱར་ན། འཛབ་དགོངས་དང་སྦྱར་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ། གསལ་ལ་ངོས་གཟུང་མེད་པ། སྒྲ་གྲགས་སྟོང་དུ་བཟླས་པའོ། །གསུམ་པ། ༀ་རྒྱལ་བ་ཐམས་ཅད་ཀྱི་སྐུ། བཛྲ་དབྱིངས་གཏིང་མཐའ་མེད་པ། ཀཱི་ལི་ཀཱི་ལ་ཡ། ཕུར་བུ་ལས་འོད་ཟེར་འཕྲོོས་པས་བསྒྲལ། སརྦ་ཡུམ་གྱི་མཁའ། བིགྷྣཱན་ཡབ་ཀྱི་མཁའ། བཾ་མཁའ་དབྱིངས་སྦྱོར་བ། ཧཱུྃ་བུདྡྷའི་ཐུགས་ཡེ་ཤེས་ལྔ། ཕཊ་ཁྲོ་བོ་ཁྲོ་མོ་འཕྲོ་བའོ། །གསུམ་པ་ཐམས་ཅད་འདུས་ལུགས་ནི། རྡོ་རྗེ་ཕུར་བ་ཁྲག་འཐུང་རྩ་བའི་རྒྱུད་ལས། ༀ་ནི་དཔལ་ཆེན་ཡབ་ཡིན་ཏེ། །བཛྲ་ཤེས་རབ་ཡུམ་ཡིན་ནོ། །ཀཱི་ནི་ཡེ་ཤེས་ཁྲོ་བོ་ལ། །ལི་ནི་དབྱིངས་ཀྱི་ཁྲོ་མོ་བཅུ། །ཀཱི་ནི་ཐབས་ཀྱི་མཆེ་བ་ཅན། །ལ་ནི་ཤེས་རབ་གཤོག་པ་ཅན། །ཡ་ནི་སྲས་མཆོག་ཕུར་པ་སྟེ། །ཧཱུྃ་ནི་ཕྱག་རྒྱ་སྒོ་མ་བཞི། །སརྦ་ཐམས་ཅད་འདུས་པ་སྟེ། །བིགྷ་ནི་དགྲ་དང་སྒྲིབ་པ་ཡིན། །ནཱན་ནི་དགྲ་དང་བགེགས་མནན་ནོ། །བཾ་ནི་དབང་དུ་སྡུད་པ་སྟེ། །ཧཱུྃ་ནི་བརླག་པར་བྱེད་པའོ། །ཕཊ་ཀྱིས་སྒྲོལ་བའི་ཕྲིན་ལས་རྫོགས། །ཞེས་གསུངས་སོ། །བདག་ཉིད་རྩ་བའི་དལ་ཚར་རོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཕྱོགས་བཅུའི་ཁྲོ་བོ་བསྐྱེད་པ་ལ་གཉིས་ཏེ། གསོལ་བ་གདབ་པ་དང་། བསྐྱེད་པ་དངོས་སོ། །དང་པོ་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་པས། ཤློ་ཀ་གཅིག་གོ། །གཉིས་པ་བསྐྱེད་པ་དངོས་ནི་གསུམ་སྟེ། མདོ་བཅུ། རྩ་བ་བརྒྱ་ཐམ་པ། ཡན་ལག་བཞི་བརྒྱ་དང་བཞི་བཅུ་རྩ་བཞིའོ། །དང་པོ་ནི། བྱང་སེམས་རྒྱུའི་ཁྲོ་བོ་བཅུ་བྱ་བ་ཡོད་ན་གང་ཡིན། བསྐྱེད་པ་ཡེ་ཤེས་ཀྱི་ཁྲོ་བོ་བཅུ་བྱ་བ་ཡོད་ན་གང་ཡིན། གདུལ་བྱ་སྤྲུལ་པའི་ཁྲོ་བོ་བཅུ་བྱ་བ་ཡོད་ན་གང་ལྟར་ཡིན། དྲག་པོ་འདུལ་བ་གསུང་གི་ཁྲོ་བོ་བཅུ་བྱ་བ་ཡོད་ན་གང་ཡིན། ཡེ་ཤེས་རྩེ་གཅིག་ཐུགས་ཀྱི་ཁྲོ་བོ་བཅུ་བྱ་བ་ཡོད་ན་ཇི་ལྟར་ཡིན། གྲངས་ངེས་པ་དང་མ་ངེས་པ་བཅུ་བྱ་བ་ཡོད་ན་གང་ཡིན། འཁོར་ངེས་པ་དང་མ་ངེས་པ་བཅུ་ཞེས་བྱ་བ་ཡོད་ན་གང་ལ་ཟེར། སྐུ་མདོག་ངེས་པ་དང་མ་ངེས་པ་བཅུ་པོ་གང་ལ་ཟེར། ཕྱག་མཚན་ངེས་པ་དང་མ་ངེས་པ་བཅུ་པོ་ཇི་ལྟར་ཡིན། རྣམ་དག་ངེས་པ་དང་མ་ངེས་པ་བཅུ་པོ་ཅི་ཡིན། ཞེས་པ་བཅུའོ། །དེ་ལས་དང་པོ་བྱང་སེམས་རྒྱུའི་ཁྲོ་བོ་བཅུ་ཟེར་ཀྱང་། དེ་རེ་རེ་ལ་བཞི་བཅུ་རྩ་བཞི་ཡོད་དོ། །གང་ཞེ་ན་ཁྲོ་བོ་བཅུ། ཁྲོ་མོ་བཅུ། མགོ་བརྙན་ཕ་བཅུ་མ་བཅུ་སྟེ་བཞི་བཅུ། སྒོ་མ་བཞི་སྟེ་ཞེ་བཞིའོ། །དེ་ལྟར་བཅུ་པོ་ལ་སོ་སོར་བརྩིས་པས་བཞི་བརྒྱ་དང་བཞི་བཅུ་རྩ་བཞི་ཡོད། དེ་ལས་དང་པོ་རྒྱུ་མ་ནོར་བ་རྩ་བའི་སྔགས། ས་བོན་བཞི་བཅུ་རྩ་བཞི་ལས་བསྐྱེད་དགོས་ཏེ། དེའི་སྔོན་དུ་གཙོ་བོ་ཡབ་ཡུམ་ལ་མཁའ་གསང་བྱིན་གྱིས་བརླབ་པ་ནི། ཡབ་ཀྱི་མཁའ་མི་དམིགས་པ་ལས། ཨ་ཙནྡྲ་མཎྜ་ལ་ཞེས་པས་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་དགུ་པ། སྐེད་པར་ཨཱཿ བུམ་པར་ༀ། བུ་ག་ཕཊ་ཀྱིས་བཀག་གོ། །ཡུམ་གྱི་མཁའ་མི་དམིགས་པ་ལས། ཨ་སཱུརྱ་མཎྜ་ལ་བཾ་ཞེས་པས་ཉི་མའི་སྟེང་དུ་པཾ་ལས་པདྨ་འདབ་མ་བཞི་པ་ཟེའུ་འབྲུ་ལ་ཨའོ། །དེ་ནས་སྙོམས་འཇུག་བྱས་ཏེ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ར་ཧོ་ཧཾ། རཱ་ག་ཡ་མི་ཞེས་པས། སྔར་གྱི་ཕྱོགས་སྐྱོང་བཅུ་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ། ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་ཧཱུྃ་སྦྲེལ་མ་བཅུ། ཐིག་ལེ་དཀར་དམར་བཅུ་སྟེ་བཞི་བཅུ། ཛཿཧཱུྃ་བཾ་ཧོཿབཞི་སྟེ་ཞེ་བཞི་དེ་རྣམས་རང་རང་གི་ཕྱོགས་མ་ནོར་བར་སྤྲོའོ། །ངག་ཏུའང་ཧཱུྃ་ཧཱུྃ་ཞེས་བརྗོད་དོ། །གཉིས་པ་བསྐྱེད་པ་ཡེ་ཤེས་ཀྱི་ཁྲོ་བོ་བཅུ་ནི། བསྐྱེད་པ་རྐྱེན་གྱི་སྔགས་བཅུ་བརྗོད་པས་ལྷ་ཀྲོང་ཀྲོང་བསྐྱེད་པའོ། །དེའང་ཚངས་པ་བསྣོལ་བའི་གདན་ལ་ཧཱུྃ་གཉིས་ཐིག་ལེ་གཉིས་བཞི་པོ་ལས། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་ཞེས་བརྗོད་པས། ཧཱུྃ་གཅིག་ལས་ཁྲོ་བོ་ཧཱུྃ་ཀ་ར་བསྐྱེད། ༀ་བཛྲ་ཀྲོ་དྷཱི་ཤྭ་རི་དཱི་པ་ཡ་ཏི་ཧཱུྃ་ཞེས་བརྗོོད་པས་ཧཱུྃ་གཅིག་ལས་ཡུམ་རྡོ་རྗེ་སྒྲ་འབྱིན་མ་བསྐྱེད། ༀ་ༀ་བཛྲ་སུ་ཀ་ར་མུ་ཁ་ཧཱུྃ། བཛྲ་ཨུ་ཀ་མུ་ཀ་ཡེ་ཧཱུྃ། ཞེས་བརྗོད་པས་ཐིག་ལེ་གཅིག་ལས་ཕག་གི་མགོ་ཅན་གཡས་སུ་བསྐྱེད། བཛྲ་ༀ་བཛྲ་ཨི་ཥུ་པ་མུ་ཁི་ཧཱུྃ། ཨུ་ག་སི་མུ་ཁི་ཧོ། ཞེས་བརྗོད་པས་རྨིག་པའི་མགོ་ཅན་གཡོན་དུ་བསྐྱེད་དོ། །གདན་ཐོག་རེ་རེར་ལྷ་བཞི་བཞི་བསྐྱེད་པ་ནི་ཚད་མེད་པ་བཞིའོ། །དེ་ནི་རྒྱུད་ཀྱི་རྗེས་སུ་འབྲངས་པའོ། །མན་ངག་གི་རྗེས་སུ་འབྲང་ན། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཞེས་བརྗོད་པས་ཁྲོ་བོ་ཧཱུྃ་ཀ་ར་བསྐྱེད། ཧཱུྃ་ཞེས་པས་ཡུམ་རྡོ་རྗེ་སྒྲ་འབྱིན་མ་བསྐྱེད། གརྫ་ཞེས་པས་ཕག་མགོ་ཅན་དང་གརྫ་ཧཱུྃ་ཞེས་པས་སྨིག་བུའི་མགོ་ཅན་བསྐྱེད། དེ་ལྟར་འོག་གི་སྟོབས་བོ་ཆེའི་བར་དུ་བསྐྱེད་དོ། །དེ་ནས་བི་ད་ཡ་བིང་བིང་ཧཱུྃ་ཕཊ། ཅེས་པ་ཤར་སྒོར་ལྕགས་ཀྱུ་མ་བསྐྱེད། དེ་ནས་དྲིལ་བུ་མའི་བར་དུ་འགྲེའོ། །གསུམ་པ་གདུལ་བྱ་སྤྲུལ་པ་སྐུའི་ཁྲོ་བོ་བཅུ་ནི། ཁྲོ་བོ་ཡབ་ཡུམ། མགོ་བརྙན་ཡབ་ཡུམ། དེ་ནས་ཁྲོ་བོ་རྣམས་ཞལ་གསུམ་ཕྱག་དྲུག །ཡུམ་ཡབ་ལ་འཁྲིལ་བ། མགོ་བརྙན་ཞལ་གཅིག་ཕྱག་གཉིས་པ། བསྙེན་དུས་སུ་སྐུ་མདོག་སྣ་ཚོགས་པའོ། །བཞི་པ་དྲག་པོ་འདུལ་བ་གསུང་གི་ཁྲོ་བོ་བཅུ་ནི། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཞེས་པ་ནས་མ་ཧཱ་བ་ལའི་བར་དང་། བཟླས་པ་སྔགས་ཧ་ན་ཧ་ནའི་བར་དང་། པ་ཙ་པ་ཙ་ཞེས་པའི་བར་ཐོག་འདྲིལ་བ་ལྟར་བཟླས་པའོ། །ལྔ་པ་ཡེ་ཤེས་རྩེ་གཅིག་ཐུགས་ཀྱི་ཁྲོ་བོ་བཅུ་ནི། ཁྲོ་བཅུའི་ཕུར་པ་སོར་བཅུ་གཉིས་པ། མགོ་བརྙན་གྱི་ཕུར་པ་སོར་བརྒྱད་པ། སྒོ་མའི་ཕུར་པ་སོར་བཞི་པ་སྟེ། ལྷ་ཕུར་ལྔ་བཅུ་རྩ་གཅིག་པའོ། །ལྷ་དགོད། ངར་བླུད། བྱུག་བདུག་བྱས་པའོ། །དྲུག་པ་གྲངས་ངེས་པ་ནི། འོ་ན་ཁྲོ་བཅུ་ཁོ་ནར་གྲངས་ངེས་པ་ཅི་ཡོད། ཡང་ན་བཅོ་ལྔ་ཉི་ཤུ། ཡང་ན་ལྔ་དྲུག་གིས་ཆོག་མོད་ཟེར་ན། དེའི་ལན་ནི་བཅུ་ཁོ་ནར་ངེས་ཏེ། གདུལ་བྱ་ཕྱོགས་སྐྱོང་བཅུ་འདུལ་བས་སོ། །མང་བ་དང་ཉུང་བ་དོན་མེད་དོ། །འོ་ན་སྟེང་གི་ཁྲོ་བོ་ཧཱུྃ་ཀ་ར་དང་། འོག་གི་སྟོབས་པོ་ཆེ་གཉིས་གོ་ས་སྤོས་ན་ཅི་ལྟོ་ཟེར་ན། དེ་མི་ཐུབ་སྟེ། ཧཱུྃ་ཀ་ར་ནི་ལྷ་དང་ཚངས་པའི་གཉེན་པོ་ཡིན་ལ། སྟོབས་པོ་ཆེ་ས་བདག་གི་གཉེན་པོ་ཡིན་པས་སྤོས་ན་གདུལ་བྱ་མི་ཐུལ་ལོ། །དེས་ཤར་ནུབ་ལ་སོགས་འགྲེའོ། །བདུན་པ་འཁོར་ངེས་མ་ངེས་ནི། སྟེང་གི་ཧཱུྃ་ཀ་རའི་འཁོར་ཕག་རྨིག་བུ་འདི་འོག་གི་སྟོབས་པོ་ཆེ་ལ་སྤོས། དྲེད་དང་བྱི་བ་ཧཱུྃ་ཀ་ར་ལ་སྤོས་ན་འགལ་ལམ་མི་འགལ་ཟེར་ན། འགལ་ཏེ། ཚངས་པའི་འཁོར་ན་ཟླ་བ་ཕག་མགོ་ཅན་དང་། ཉི་མ་རྨིག་བུའི་མགོ་ཅན་ཡོད་པས་དེ་འདུལ། འོག་ས་བདག་ཕོ་ཉ་དྲེད་དང་བྱི་བས་བའི་མགོ་ཅན་ཡོད། དེ་མི་ཐུལ་བའོ། །དེས་ཐམས་ཅད་ལ་འགྲེ། ཡབ་ཀྱི་མཆེ་བ་ཅན་རྣམས་ཡུམ་ལ་སྤོས་ལ། ཡུམ་གྱི་གཤོག་པ་ཅན་ཡབ་ལ་སྤོས་ན་མི་འགལ་ལམ་ཞེ་ན། དེ་ནི་འགལ་ཏེ། མཆེ་བ་ཅན་དང་ཡབ་རྣམས་ཆོས་མཐུན། གཤོག་པ་ཅན་དང་ཡུམ་རྣམས་ཆོས་མཐུན་པས་སོ། །དེ་ཇི་ལྟར་མཐུན་ན་ཕག་ལ་གཙང་རྨེ་མེད་པ་དང་། ཧཱུྃ་ཀ་ར་ལ་རྣམ་རྟོག་མེད་པས་ཆོས་མཐུན། རྨིག་བུ་སྐམ་ལ་གནས་པ་དང་། སྒྲ་འབྱིན་ཐར་པ་ལ་གནས་པ་ཆོས་མཐུན། ཡང་སྟག་རི་མོ་བཀྲ་བ་དང་། རྣམ་རྒྱལ་ཆོས་སྤྱན་བཀྲ་བ་མཐུན། བྱ་རྒོད་སྲོག་སྡོམ་པ་དང་ཡུམ་སྙེམས་མ་རྣམ་རྟོག་སྡོམ་པ་མཐུན། གཡག་ཁྲོ་ལ་འགྱིངས་པ་དང་། དབྱུག་སྔོན་ཁྲོ་ལ་འགྱིངས་པ་མཐུན། བྱ་རོག་ཆོ་གསུམ་རིག་པ་དང་། སྡེར་མོ་དུས་གསུམ་མཁྱེན་པ་མཐུན། ཤ་བ་རྫི་རྣོ་བ་དང་། གཤིན་རྗེ་ཤེས་རབ་རྣོ་བ་མཐུན། འུག་པས་མུན་པ་ལ་མཐོང་བ་དང་། དུར་ཁོད་ཀྱིས་གདུལ་བྱ་ལ་མཐོང་བ་མཐུན། གཟིག་ལ་ཐེག་ལེ་ཡོད་པ་དང་། མི་གཡོ་བ་ཆོས་ཐམས་ཅད་ཐིག་ལེ་གཅིག་ཏུ་སྡུད་པ་མཐུན། ཁྭ་ཏ་ལ་སྒྲིབ་ཤིང་ཡོད་པ་དང་། ཡུམ་གྱི་ཆོས་ཉིད་མི་མཐོང་བ་མཐུན། བྱི་ལའི་སྐད་ཀྱིས་བྱི་བ་བརྒྱལ་བ་དང་། རྟ་མགྲིན་གྱི་སྐད་ཀྱིས་ཀླུ་བརྒྱལ་བ་མཐུན། པུ་ཤུད་མིག་རྩི་ཡོད་པ་དང་། ཡུམ་ལ་ཐུགས་རྗེ་ཡོད་པ་མཐུན། སྤྱང་ཀི་གསོད་ལ་དགའ་བ་དང་། ཁྲོ་བོ་གདུག་པ་སྒྲོལ་བ་ལ་དགའ་བ་མཐུན། ཁྲས་བྱི་ཆུང་ཟ་བ་དང་། ཡུམ་དམ་ཉམས་ཟ་བ་མཐུན། སེང་གེས་རི་དྭགས་ཟིལ་གྱིས་གནོན་པ་དང་། བདུད་རྩི་འཁྱིལ་བས་དམ་ཉམས་ཟིལ་གྱིས་གནོན་པ་མཐུན། ཕ་ཝཾ་མཐའ་གཉིས་སྤོང་བ་དང་། ཡུམ་མཐའ་གཉིས་སྤོང་བ་མཐུན། དོམ་གཏུམ་པ་དང་། ཁྲོ་བོ་དམ་ཉམས་ལ་གཏུམ་པ་མཐུན། སྲེ་མོ་ཡང་རྩལ་ཆེ་བ་དང་། ཡུམ་རྟོགས་ཚད་ཆེ་བ་མཐུན། དྲེད་བུ་ལ་སྙིང་རྗེ་ཆེ་བ་དང་། ཁྲོ་བོ་སེམས་ཅན་ལ་སྙིང་རྗེ་ཆེ་བ་མཐུན། །བྱི་བ་སྒོ་མང་ཡང་ཕུག་གཅིག་ཏུ་སྡོད་པ་དང་། ཡུམ་ཆེན་ཆོས་ཅན་མང་ཡང་ཆོས་ཉིད་གཅིག་ཏུ་སྡོད་པ་མཐུན་པས་སྤོར་མི་བཏུབ་བོ་ཞེས་རྒྱུད་ལས་གསུངས་སོ། །བརྒྱད་པ་སྐུ་མདོག་ངེས་མ་ངེས་ནི། བསྙེན་དུས་སུ་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་ལྗང་། མཚམས་རྣམས་ཕྱོགས་གཉིས་ཀྱི་འོད་འདུས་པའོ། །སྟེང་ནམ་མཁའི་མདོག་འོག་མུན་པའི་མདོག །ཞལ་གཡས་གཡོན་ཀྱང་མཚམས་ལྟར་རོ། །ཞལ་ལྷར་དུ་མགོ་བརྙན་འགྱུར་བར་གསང་རྒྱུད་ནས་བཤད་དོ། །སྒྲུབ་དུས་སུ་ཐམས་ཅད་མཐིང་ནག་འབའ་ཞིག་སྟེ། ཁྲག་འཐུང་རྩ་བའི་རྒྱུད་ལས། ཞལ་རེ་ལ་ནི་ཕྱག་གཉིས་པ། །སྐུ་མདོག་མཐིང་ནག་འབར་བ་ལ། ། ཀུན་ཀྱང་རྡོ་རྗེ་ཕུར་པ་འདྲིལ། །ཞེས་བཤད་དོ། །སྐབས་ཁ་ཅིག་ཏུ་ཡུམ་རང་རྐྱང་བར་ཤེས་པར་བྱའོ། །དགུ་པ་ཕྱག་མཚན་ངེས་མ་ངེས་ནི། ཁྲོ་བོ་རྣམས་དང་པོ་གཉིས་རྡོ་རྗེས་བྷན་དམར་དཀྲུགས་པ། བར་པ་གཉིས་རང་རང་གི་གདན་ཕྱོགས་སྐྱོང་གི་ཕྱག་མཚན་འཕྲོགས་པ། ཐ་མ་རི་རབ་ཕུར་པ་འདྲིལ་བའོ། །མགོ་བརྙན་གཡས་ལྕགས་ཀྱུ། གཡོན་ཕུར་བུ་འདྲིལ་བའོ། །སྒྲུབ་དུས་སུ་ལྷ་ཐམས་ཅད་དེ་ལྟར་བཤད་དོ། །བཅུ་པ་རྣམ་དག་ནི། གསང་རྒྱུད་ལས། ངག་འཁྱལ་རྫུན་དང་སྲོག་གཅོད་ལོག་ལྟ་ཕྲ། །མ་བྱིན་ལེན་དང་ཚིག་རྩུབ་གནོད་སེམས་དང་། །བརྣབ་སེམས་འདོད་ལོག་དང་ནི་དེ་བཅུའི་ཡུལ་རྣམས་ནི། །རྣམ་པར་དག་པ་ཁྲོ་བོ་ཁྲོ་མོར་ཤར། །ཡུམ་རྣམས་ཡེ་ཤེས་ཤེས་རབ་ཚུལ་ཁྲིམས་བསམ་གཏན་ཐབས། །བརྩོན་འགྲུས་སྦྱིན་སྨོན་སྟོབས་དང་བཟོད་པའོ། །ཧཱུྃ་ཀ་ར་འདོད་པའི་སྐྱོན་སྤངས་ཤིང་སྐྱེ་བ་ལ་མངའ་མཛད་པའོ། །རྣམ་རྒྱལ་མ་བྱིན་ལེན་སྤངས་ཡོ་བྱད་ལ་མངའ་མཛད་པའོ། །དབྱུག་སྔོན་ཅན་ལོག་ལྟ་སྤངས་ནས་ཡེ་ཤེས་ལ་མངའ་མཛད་པའོ། །གཤིན་རྗེ་གཤེད་སྲོག་གཅོད་སྤངས་ནས་ཚེ་ལ་མངའ་མཛད་པའོ། །སྟོབས་པོ་ཆེའི་བར་དུ་ཤེས་པར་བྱའོ། །རྡོ་རྗེ་སྒྲ་འབྱིན་མ་ནི་ཡེ་ཤེས་ཕ་རོལ་ཕྱིན་མའོ། །རྡོ་རྗེ་སྙེམས་མ་ཤེས་རབ་ཕ་རོལ་ཕྱིན་མའོ། །རྡོ་རྗེ་སྡེར་མོ་ཚུལ་ཁྲིམས་ཕ་རོལ་ཕྱིན་མའོ། །དུར་ཁྲོད་བདག་མོ་བསམ་གཏན་ཕ་རོལ་ཕྱིན་མ་སྟེ། བསྐྱོད་བྱེད་མའི་བར་དུ་ཤེས་པར་བྱའོ། །ཕྲ་མེན་ཕག་མགོ་ཅན་གཉིད་དབྱིངས་སུ་དག་པའོ། །རྨིག་བུའི་མགོ་ཅན་གཉིད་ཀྱི་མཚན་ཉིད་དབྱིངས་སུ་དག་པའོ། །སྟག་མགོ་ཅན་སེམས་ཀྱི་དངོས་པོ་དག་པའོ། །བྱ་རྒོད་མགོ་ཅན་སེམས་ཀྱི་སེམས་ཡུལ་རྣམ་པར་དག་པའོ། །གཡག་མགོ་ཅན་མུན་པ་དག་པའོ། །བྱ་རོག་མགོ་ཅན་མུན་ཡུལ་དག་ཅེས་བྱ་བའི་བར་དུ་སྦྱར་རོ། །ཤར་སྒོར་པུ་ཤུད་མགོ་ཅན་བྱམས་པའོ། །ལྷོ་སྒོར་སྐྱ་གའི་མགོ་ཅན་སྙིང་རྗེའོ། །ནུབ་སྒོར་སྲིན་བྱའི་མགོ་ཅན་དགའ་བའོ། །བྱང་སྒོར་ཁྲ་ཡི་མགོ་ཅན་བཏང་སྙོམས་སོ། །རྒྱས་པར་གསང་རྒྱུད་དུ་བལྟའོ། །འབྲུ་བཤད་ནི། རུ་པདྨ་འབྱུང་གནས། ༀ་ཡེ་ཤེས་ལྔ། བཛྲ་ནི་རྡོ་རྗེ། ཀྲོ་དྷ་ནི་ཁྲོ་བོ། ཧཱུྃ་ཀ་ར་ནི་མཚན། ཧཱུྃ་འོག་མ་ཡུམ་རྡོ་རྗེ་སྒྲ་འབྱིན། གརྫ་ཕག་མགོ་ཅན། གརྫ་འོག་མ་རྨིག་བུའི་མགོ་ཅན། ཧཱུྃ་སྡུད་པ། ཕཊ་སྤྲོ་བའོ་གསུངས། རུ་བི་མ་ལ། རྒྱུའི་སྔགས་ཧཱུྃ། བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་བསྐྱེད་སྔགས། གརྫ་གརྫ་ཧཱུྃ་ཕཊ། བཟླས་པ་ལས་ཀྱི་སྔགས་ཡིན་གསུངས། རུ་བལ་པོ་ནི། ༀ་ཚངས་པའི་སྙིང་པོ། བཛྲ་ཀྲོ་དྷ་རྒྱུའི་སྔགས། ཧཱུྃ་ཀ་ར་བསྐྱེད་སྔགས། གརྫ་གརྫ་བསྐུལ་སྔགས། ༀ་ཕཊ་བཟླས་སྔགས། ཧཱུྃ་ཀ་ར་བསྐྱེད་ཀྱང་དེས་བསྐྱེད། བྱིན་གྱིས་བརླབས་ཀྱང་དེས་རློབ། བསྐུལ་ཡང་དེས་བསྐུལ་གསུངས། དེས་འགྲེའོ། །རུ་པད་འབྱུང་ཧཱུྃ་ཀ་ར་ལ་བཞི་སྟེ། རང་སྐལ་གྱི་ཕྲིན་ལས་གང་འདུལ་ན་སྤྱིར་ཕྱོགས་སྐྱོང་བཅུ། སྒོས་ཚངས་པ་འདུལ། གཉིས་པ་རྟོག་པ་གང་དག་ན། སྤྱིར་མི་དགེ་བ་བཅུ། སྒོས་བརྣབ་སེམས་དག །གསུམ་པ་རྣམ་དག་ལ་སྤྱིར་དབང་བཅུ། སྒོས་སྐྱེ་བ་ལ་དབང་ངོ་། །བཞི་པ་ངེས་ཚིག་ནི། གར་དགུ། ཚུལ་དགུ། ཆས་དགུ་དང་ལྡན་པས་ཁྲོ་བོ། བུདྡྷ་བསྐྱེད་པས་ཡུམ། ཐུགས་སྤྲུལ་པས་སྤྲུལ་པ། མགོ་ལུས་མི་གཅིག་པས་ཕྲ་མེན་ནོ་གསུངས། རུ་བི་མ་ལ། འབྱུང་ཁུངས་ལས་དང་ཡོན་ཏན་འབྲས་བཞིར་འདོད། ཧཱུྃ་ཀ་ར་རོལ་སྟོབས་ལས་བྱུང་། ལས་ཚང་བ་ཚར་གཅོད། ཡོན་ཏན་བརྣབ་སེམས་སྤང་། འབྲས་བུ་མོས་པ་ལ་དབང་ངོ་། །ཡུམ་ལའང་བཞི་ལས། འབྱུང་ཁུངས་པར་བཅུ་ལས་ཡེ་ཤེས་སོ། །ལས་ཚངས་པའི་ཆུང་མ་འདུལ། ཡོན་ཏན་མ་རིག་པ་སེལ། འབྲས་བུ་ཡེ་ཤེས་ཐོབ། སྤྲུལ་པའི་ཕྲ་མེན་ལ་གང་གིས་སྤྲུལ། གང་ལས་སྤྲུལ། སྤྲུལ་པ་རང་གི་ངོ་བོ། སྤྲུལ་ནས་ཅི་མཛད་དང་བཞིའོ། །དང་པོ་སྤྱིར་ཁྲོ་བཅུ་ཡབ་ཡུམ་ལས། ཁྱད་པར་ཧཱུྃ་ཀ་ར་ཡབ་ཡུམ་ལས། གཉིས་པ་སྨོན་ལམ་ཡེ་ཤེས་ལས་སོ། །ངོ་བོ་ཕག་རྨིག་བུའོ། །མཛད་པ་ཕྱོགས་སྐྱོང་བཅུའི་བུ་དང་བུ་མོ་འདུལ། ཕྲ་མེན་མ་ལ་གསུམ། དཔེའི་ཕྲ་མེན་གསེར་དངུལ་བསྲེས་པ་ཕྲ་མེན་ཡོལ་གོ་ཟེར། དོན་དབྱིངས་ཡེ་ཤེས་འདྲེས་པ་ལ་ཕྲ་མེན་ཟེར། རྟགས་མགོ་ལུས་མི་གཅིག་པས་སོ། །རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་པས་རུ་པདྨ་ནི། ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་གཞོན་ནུ་ལ་གཉིས། དོན་གྱི་གཞོན་ནུ་ལ་འཕོ་འགྱུར་མེད། རྟགས་ཀྱི་གཞོན་ནུ་མཚན་དཔེ་ཅན་ནོ་གསུངས། རུ་བི་མ་ལ། རྡོ་རྗེ་ཡང་དག་པའི་ཡེ་ཤེས་དེ་རྟོགས་ན་བགྲེས་ཀུད་མེད་པས་གཞོན་ནུ། རུ་བལ་པོ། རྡོ་རྗེ་སྟོང་པ་དེ་མི་འགྱུར་བས་གཞོན་ནུ། རྡོ་རྗེའི་རིགས་རྡོ་རྗེ་རིགས་ཀྱིས་འཛིན། རཏྣའི་རིགས་རཏྣས་འཛིན། པདྨའི་སོགས་འགྲེའོ། །སྤྱིར་རིག་རིགས་ལྔའི་ངོ་བོ་མཐོང་བ་ལ་རིག་པ་འཛིན་པ་ཟེར། མཆན། འཛིན་ལ་བཞི། རྣམ་པར་སྨིན་པའི་རིག་འཛིན། ཚེ་ལ་དབང་བའི་རིག་འཛིན། ཕྱག་རྒྱ་ཆེན་པོའི་རིག་འཛིན། ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །རྒྱུད་ལས། རྣམ་པར་སྨིན་དང་ཚེ་ལ་དབང་། །ཕྱག་རྒྱ་ཆེ་དང་ལྷུན་གྱིས་གྲུབ། །ཅེས་སོ། །དེ་རེ་རེ་ལ་བརྒྱད་དེ། དང་པོ་རྒྱུ། དུས། ཆ་ལུགས། དགོངས་པ། ས་ལམ། ཆོས་ཉན་ཚུལ། འགྲོ་དོན་ནོ། །དང་པོ་རྣམ་སྨིན་གྱི་རྒྱུ་ལྷའི་ཏིང་ངེ་འཛིན་གསལ་བའོ། །གཉིས་པ་དུས་ནི་བསྐྱེད་རྫོགས་ལ་བརྟན་པ་ཐོབ་དུས་སོ། །གསུམ་པ་གྲུབ་ཐོབ་ཀྱི་ཆ་ལུགས་སོ། །བཞི་པ་ལྷའི་དལ་ལ་དགོངས་པའོ། །ལྔ་པ་ཚོགས་ལམ་མོ། །དྲུག་པ་མོས་པས་སྤྱོད་པའོ། །བདུན་པ་ཆོས་རྨི་ལམ་དུ་ཉན་ནོ། །བརྒྱད་པ་འགྲོ་དོན་དངོས་སུ་བྱེད་དོ། །གཉིས་པ་ཚེ་ལ་དབང་བའི་རིག་འཛིན་གྱི་རྒྱུ་ནི་རྣམ་སྨིན་མན་ཆད་དོ། །གཉིས་པ་དུས་ནི་རྣམ་སྨིན་མཐར་ཕྱིན་ཙ་ནའོ། །གསུམ་པ་སྤྲུལ་པ་སྐུའི་ཆ་ལུགས་སོ། །བཞི་པ་སྟོང་གསུམ་དལ་དུ་དགོངས་པའོ། །ལྔ་པ་སྦྱོར་ལམ། དྲུག་པ་ལུས་མདོར་བ་ལ་སངས་རྒྱས་ས་ལ་འགྲོ། བདུན་པ་ཆོས་སྒྲ་ཉན་ཙམ་དུ་ཐོས། བརྒྱད་པ་འགྲོ་དོན་དགོངས་པས་བྱེད་དོ། །གསུམ་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་རྒྱུ་ནི་ཚེ་དབང་མན་ཆད་དོ། །གཉིས་པ་དུས་ཚེ་དབང་མཐར་ཕྱིན་ཙ་ནའོ། །གསུམ་པ་ཆ་ལུགས་ལོངས་སྐུའོ། །བཞི་པ་དགོངས་པ་ནམ་མཁའ་ཙམ། ལྔ་པ་མཐོང་ལམ། དྲུག་པ་ས་བརྒྱད་མན་ཆད། བདུན་པ་ཆོས་ལོངས་སྐུ་ཉན་ནོ། །བརྒྱད་པ་འགྲོ་དོན་དགོངས་པས་ཁྱབ་ཚད་དོ། །བཞི་པ་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་རྒྱུ་ནི་ཕྱག་རྒྱ་མན་ཆད་དོ། །གཉིས་པ་དུས་མཐར་ཕྱིན་ཙ་ནའོ། །གསུམ་པ་ཆ་ལུགས་བུདྡྷ་དངོས། བཞི་པ་ཆོས་དབྱིངས་ལ་དགོངས་པའོ། །ལྔ་པ་སྒོམ་ལམ། དྲུག་པ་ས་བཅུ་རྒྱུན་མཐའ་མན་ཆད། བདུན་པ་ཆོས་ཆོས་སྐུ་ལ་ཉན། བརྒྱད་པ་འགྲོ་དོན་ནམ་མཁའ་ཁྱབ་ཚད་ལའོ། །སྲིད་པ་རྡོ་རྗེ་སྒྲུབ་མཛོད་ཅིག །ཅེས་པས། རུ་པདྨ་ནི། སྲིད་པ་རིགས་དྲུག་ལ་བྱ། དེ་སྐུ་དེའི་ལྷར་འགྲུབ་པར་མཛོད་ཅིག་པར་རོ་གསུངས། རུ་བི་མ་ལ། སྲིད་པ་ཁམས་གསུམ་ལ་ཁྱབ། ཁམས་གསུམ་སྐུ་རེ་རེའི་སྐུ་གསུང་ཐུགས་སུ་འགྲུབ་པར་མཛོད་གསུངས། རུ་བལ་པོ། སྲིད་པ་ལྷ་མི་ཀླུའོ། །དེའང་མི་སྲིད་པའི་སྲིད་པ་ལྷ་ལ་མི་མི་སྲིད། ཅིའང་སྲིད་པའི་སྲིད་པ་མི་ལ་སྐྱིད་སྡུག་སྲིད། སྲིད་ལ་མི་སྲིད་པའི་སྲིད་པ་དམྱལ་བ་ལ་བདེ་བ་མི་སྲིད་པའོ། །ཡང་ན་སྲིད་པ་འགྲེང་བུ་འཕྲེད་ཉལ་ཁ་སྦུབས་སོ། །དེ་གསུམ་ཆོས་སྐུར་རྟོགས་པར་བྱ་གསུངས་སོ། །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཞེས་པས། རུ་པདྨ་ནི། སྲིད་པ་བྱང་ཆུབ་སེམས་ཡིན་ཏེ། །དེ་ཀ་རྡོ་རྗེ་དེ་ཀ་ཕུར་པའི་ལྷ། །ཞེས་གསུངས། རུ་བི་མ་ལ། སྲིད་པ་ནི་སྔར་དང་འདྲ། དེ་ཉིད་ཕུར་པའི་ལྷར་ཤེས་དགོས་གསུངས། །རུ་བལ་པོ་ནི། སྤྱིར་སྲིད་པ་གསུམ་ལྷ་ཡིན་ཕན་ཆད་སྐུ་རེའི་ལྷར་ཤེས་པར་བྱ་གསུངས། ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །ཅེས་པས་སྒྲུབ་པ་ཟུང་སྟེ། ཐུན་མོང་གི་སྒྲུབ་པ་དང་། ཁྱད་པར་གྱིའོ། །དང་པོ་ལ་གསུམ་ཕྱི་ལྟར་སྒྲུབ་པ། ནང་ལྟར་སྒྲུབ་པ། གསང་བ་ལྟར་སྒྲུབ་པའོ། །དང་པོ་ལ་སྟེང་སྒོའི་མན་ངག །འོག་སྒོའི་མན་ངག་གོ། །གཉིས་པ་ལ་བཞི་སྟེ། སྦྱོར་ཡབ་ཡུམ་ལྟར་དུ་སྒྲུབ་པ། སྒྲོལ་ཡབ་ཡུམ་ལྟར་དུ་སྒྲུབ་པ། ཚེ་ཡབ་ཡུམ་ལྟར་དུ་སྒྲུབ་པ། དངོས་གྲུབ་ཡབ་ཡུམ་ལྟར་དུ་སྒྲུབ་པའོ། །དེ་ལའང་རྩ་བ། མདོ་ལྟར་ཁྱད་པར་དུ། སྒྲུབ་ན། སྒྲུབ་པ། ཕྱི་རིག་སྔགས་གཙུག་ཏོར་ལྟར་དུ་སྒྲུབ་པ། ནང་ལྟར་གསང་སྔགས་གོས་སྔོན་ལྟར་དུ་སྒྲུབ་པ། གསང་བ་གཟུངས་སྔགས་རྣམ་འཇོམས་ལྟར་དུ་སྒྲུབ་པའོ། །རྩ་བ་མ་མོ་ལྟར་སྒྲུབ་ན། དབྱིངས་ཀྱི་མ་མོ་དང་། ལས་ཀྱི་མ་མོའོ། །དང་པོ་ལ། མ་བདུན། སྲིང་བཞི། འབར་མ་བརྒྱད་དབང་ཕྱུག་མའོ། །གཉིས་པ་མ་མོ་ལྟར་སྒྲུབ་པ་ལ། སྲིང་མོ་ལྟར་སྒྲུབ་པ། བདུད་མོ་ལྟར་སྒྲུབ་པའོ། །རྩ་བ་འཇིག་རྟེན་པར་སྒྲུབ་ན། རྡོ་རྗེ་ལེགས་པ། ཡམ་ཤུད་དམར་པོ། ཀླུ་རྗེ། རྒྱལ་པོ། བདུད་བཙན་དུ་སྒྲུབ་པའོ། །འབྲུ་ལ། རུ་པདྨ་ནི་ཡེ་ཤེས་ལ་གཉིས་ཏེ། རྟོགས་པའི་ཡེ་ཤེས་གནས་ལུགས། སྤྲོས་པའི་ཡེ་ཤེས་འགྲོ་དོན་ཏེ། རྡོ་རྗེ་གཞོན་ནུར་སྒྲུབ་པར་བྱ་གསུངས། རུ་བི་མ་ལ་ཡེ་ཤེས་འདྲ། ཁྲོ་བོ་ལ་བཅས་བཅོས་གཉིས་ཏེ། ཁྲོ་བོ་ཡེ་ཤེས་ཆེན་པོ་དང་བཅས་པ་དང་། སྙིང་རྗེ་ཆེན་པོ་སྔོན་དུ་སོང་ནས་ཁྲོ་བོར་བཅོས་པའོ། །དེ་ནི་སྐུ་ཞི་ཡང་འབར་བའི་ཆ་ལུགས་ཅན་ནོ། །རུ་བལ་པོ་ནི། ངང་གིས་ཁྲོ་བ་དང་། ཤུགས་ཀྱིས་ཁྲོ་བ་གཉིས་ཏེ། ཡེ་ཤེས་ཆོས་སྐུར་ཡོད་པ་དེ་ཆོས་སྐུར་སྒྲུབ་པའོ་ཞེས་གསུངས་སོ། །ལོངས་སྐུ་ཁྲོ་བཅུའི་དལ་ཚར་རོ། །གསུམ་པ་སྤྲུལ་སྐུའི་ངོ་བོ་ཕུར་པ་སྲས་ཀྱི་དལ་ལ་གཉིས་ཏེ། གསལ་གདབ་པ་དང་། བསྐྱེད་པ་དངོས་སོ། །དང་པོ་ལ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཞེས་པ་ཤློ་ཀ་གཅིག་གོ། །གཉིས་པ་ལ་མདོ་གསུམ། རྩ་བ་བཅུ། ཡན་ལག་དྲུག་ཅུའོ། །རྩ་བ་བཅུ་ལ། དང་པོ་ནི། སྐུ་གསུམ་གྱི་ཀློང་ནས་བསྐྱེད་པ་ལ་ཆོས་གསུམ་ཡོད་ན་གང་ཡིན། སྐུ་གསུང་ཐུགས་ཡེ་ཤེས་རྩེ་གཅིག་ཏུ་བྱིན་བརླབ་པ་ལ་ཡིག་འབྲུ་གསུམ་དགོས་ན་གང་ཡིན། ཆུ་སྲིན་རྣམ་གྲོལ་གྱི་ཕྱག་རྒྱས་བླངས་པ་ལ་དགོས་པ་གསུམ་ཡོད་ན་གང་ཡིན། རིགས་ལྔའི་དབང་བསྐུར་བ་ལ་རྫས་གསུམ་ཡོད་ན་གང་ཡིན། སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་ལ་སྔགས་གསུམ་དགོས་ན་གང་ཡིན། གུ་གུལ་གྱིས་བདུག་པ་ལ་ནུས་པ་གསུམ་ཡོད་ན་གང་ཡིན། ཡུངས་ཀར་གྱིས་བྲབ་པ་ལ་སྔགས་རྫས་ཏིང་ངེ་འཛིན་གསུམ་དགོས་ན་གང་ཡིན། རཀྟ་བྱུགས་པ་ལ་ངར་གསུམ་བསྐྱེད་ན་གང་ཡིན། སྲས་མཆོག་གི་རྣམ་དབྱེ་མུ་བཞི་ཡོད་ན་གང་ཡིན། ཕུར་པའི་རྣམ་དབྱེ་ལ་ཆོས་བདུན་ཡོད་ན་གང་ཡིན་ཞེས་པ་དང་བཅུའོ། །དང་པོ་སྲས་མཆོག་འདི་ཡང་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་མཆོག་དང་ཆོས་མཐུན་པར་སྦྱར་དགོས་ཏེ། དཔེར་ན་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་དེ། ཕའི་རྒྱུད་ཉིད་དག་པ། མའི་རྒྱུད་ཉིད་དག་པར་སྐྱེ་དགོས་པ་དང་འདྲ་བར་སྲས་མཆོག་འདི་ཡང་སྐུ་གསུམ་གྱི་ཀློང་ནས་བསྐྱེད་དེ། དེ་ཡང་དང་པོ་ཤཱུ་ནྱ་ཏཱ་ཛྙཱ་ནས་སྟོང་པར་བསྒོམ་པ་ནི་ཆོས་སྐུའོ། །དེའི་ངང་ནས་ཡབ་ཡུམ་མཁའ་གསང་ནས་ཧཱུྃ་གཅིག་ཆད། ཕར་སྤྲོས་ཚུར་འདུས། ༀ་བཛྲ་ཀཱི་ལི་བརྗོད་པས་སྐུ་སྟོད་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ། སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ་དམར་ལྷང་ངེ་བ་བསྐྱེད་པ་ནི་སྤྲུལ་སྐུའོ། །གསང་རྒྱུད་ལས། འདིར་ནི་དབུ་གསུམ་ཕྱག་དྲུག་དང་། །ཞལ་གཅིག་ཕྱག་ཀྱང་བཞི་པ་སྟེ། །དེ་ལས་མང་བ་ངས་མ་བཤད། །ཅེས་སོ། །འདི་ཉིད་ལས། ལྟེ་བ་མན་ཆད་སྐུ་སྨད་ནི། །སྔོ་སངས་མི་བཟད་འཇིགས་པའི་ཚུལ། །ཞེས་སོ། །གྲངས་ནི་སྲས་མཆོག་རབ་བརྒྱ་རྩ་བརྒྱད། འབྲིང་ཉི་ཤུ་རྩ་གཅིག །ཐ་མ་ལྔ། ཡང་ཐ་བཛྲ་འདུས་པ་གཅིག་ཏུ་འདུས་པའོ། །དེ་ལྟར་རྒྱལ་པོ་དེ་སྐྱེ་བ་བཟང་ཡང་འཁོར་དང་ལོངས་སྤྱོད་མེད་ན་རྒྱལ་པོར་མི་ཚུད་པ་དང་འདྲ་བར། འདིར་ཡང་ལོངས་སྤྱོད་རྫོགས་པའི་སྐུར་བྱིན་གྱིས་མ་བརླབས་ན་སྐུ་གསུམ་མི་ཚང་སྟེ། ཕུར་པའི་གཅུམ་གཞོགས་ཀྱི་དབུས་ལྡིར་བ་དེར་བྷྲཱུྃ་ལས་གཞལ་ཡས་ཁང་དུ་བསྐྱེད་ལ། དེར་གཙོ་བོ་ཡབ་ཡུམ་བསྒོམ། རྩ་སྔགས་བསྐྱེད་སྔགས་བརྗོད། གཅུམ་གཞོགས་བརྒྱད་ལ་ཕྱོགས་མཚམས་ཀྱི་ཁྲོ་བོ་ཡབ་ཡུམ་མགོ་བརྙན་དང་བཅས་པ་བསྐྱེད། རྒྱ་མདུད་གོང་མའི་ནང་དུ་ཧཱུྃ་ཀ་ར་ཡབ་ཡུམ་ཁྱུང་མགོ་ལྟར་རོང་ངེར་བསྐྱེད། རྒྱ་མདུད་འོག་མའི་ནང་དུ་སྟོབས་པོ་ཆེ་ཡབ་ཡུམ་གྱད་གདུང་འདེགས་ཚུལ་དུ་བསྐྱེད། ལོགས་བཞིར་སྒོ་མ་བཞི་བསྐྱེད། དབལ་གྱི་གཉར་ཕུར་སྲུང་བཅུ་གཉིས་བསྐྱེད། རྒྱ་མདུད་གོང་མའི་ལོགས་འདིར་རིགས་ལྔ་རྡོ་རྗེ་གཞོན་ནུའི་དབུ་རྒྱན་དུ་བསྐྱེད་དེ། གསང་རྒྱུད་ལས། སྐུ་བཞི་ངང་ལས་ད་ལ་ཐམས་ཅད་རྫོགས། །ལོགས་བརྒྱད་རང་བཞིན་ཁྲོ་བོ་བརྒྱད། །ཟུར་བརྒྱད་འབྱུང་བའི་ཁྲོ་མོ་བརྒྱད། །སྟེང་འོག་ལྷ་ཡི་རང་བཞིན་ནོ། །ཞེས་སོ། །གཉིས་པ་ཡེ་ཤེས་རྩེ་གཅིག་ཏུ་བརླབ་པ་ནི། དེ་ལྟར་རྒྱལ་པོ་འཁོར་ལོངས་སྤྱོད་ལྡན་ཡང་། རྒྱལ་པོ་སྐུ་གཟི་བརྗིད་ཆུང་ན་རྒྱལ་པོར་མི་ཚུད་པས། སྲས་མཆོག་འདི་ཡང་སྐུ་གསུང་ཐུགས་ཡེ་ཤེས་རྩེ་གཅིག་ཏུ་བྱིན་གྱིས་བརླབས་ཏེ། དབལ་གྱི་ཟུར་གསུམ་དུ་ཧཱུྃ་གསུམ། ལོགས་གསུམ་དུ་ཕཊ་གསུམ། རྩེ་མོ་ལ་ཨ་དཀར་པོ་ཞིག་བསམ་སྟེ། རྒྱུད་ལས། ལོགས་ལ་ཕཊ་གསུམ་བཞག་པ་ཡིན། །ཟུར་གསུམ་ཧཱུྃ་གསུམ་བཞག་པ་ཡིན། །ཞེས་སོ། །གསུམ་པ་ཕྱག་རྒྱ་ནི། ས་མ་ཡ་ཛཿ ཆུ་སྲིན་རྣམ་གྲོལ་གྱི་ཕྱག་རྒྱས་བླངས་པའི་དགོས་པ་ནི། ཆུ་སྲིན་གྱིས་འཛིན་ཤེས་གཏོང་མི་ཤེས་པ་ལྟར། སྲས་མཆོག་གིས་ཀྱང་གང་ལ་བཏབ་པ་མི་བཏང་བའོ། །ཕྱག་རྒྱ་ནི། རྒྱུད་ལས། དེ་དུས་སོར་མོ་རྒྱབ་ཏུ་བསྣོལ། །གུང་མོ་གཉིས་པོ་རབ་ཏུ་བསྒྲེང་། །དེ་ཡི་བར་དུ་ཕུར་བ་གཞུག །དེ་ནས་སོར་མོ་པད་འདྲར་བྱ། ཁ་མ་བྱེ་བའི་ཚུལ་དུ་ནི། །ལག་མཐིལ་བར་དུ་ཕུར་བ་འདྲིལ། །ཞེས་སོ། །བཞི་པ་དབང་བསྐུར་བ་ནི། དེ་ལྟར་རྒྱལ་པོ་གཟི་བརྗིད་དང་ལྡན་ཡང་། རྒྱལ་པོའི་སྤྱི་བོར་དབང་མ་བསྐུར་ན། རྒྱལ་པོར་མི་ཚུད་པས། འདིར་ཡང་རིགས་ལྔས་དབང་བསྐུར་ཏེ། གཡས་ཀྱི་སོར་མོ་ལྔ་ལ་མ་ལས་ཉི་མའི་སྟེང་དུ་རིགས་ལྔ། གཡོན་གྱི་སོར་མོ་ལྔ་ལ་ཨ་ལས་ཟླ་བའི་དལ་སྟེང་དུ་ཡུམ་ལྔ་ཡབ་ཡུམ་སྦྱོར་བ་མཛད། བྱང་སེམས་སྲས་མཆོག་ལ་ཐིམ་པས་དབང་བསྐུར་རོ། །གསང་རྒྱུད་ལས། ལག་གཡས་མཐིལ་དུ་ཉི་དཀྱིལ་ལ། །ཀུན་བཟང་འོད་དང་བཅས་པ་བསྐྱེད། །གཡོན་གྱི་ཨ་ལས་ཟླ་དཀྱིལ་དུ། །ཀུན་ཏུ་བཟང་མོ་ཨ་ལས་བསྐྱེད། །གུང་མོ་རྣམ་པར་སྣང་མཛད་དེ། །མཐེ་བོང་ལ་ནི་མི་བསྐྱོད་པ། །མཛུབ་མོ་རིན་ཆེན་འབྱུང་ལྡན་ནོ། །སྲིན་ལག་དོན་ཡོད་གྲུབ་པ་སྟེ། །མཐེའུ་ཆུང་སྣང་བ་མཐའ་ཡས་སོ། །གཡོན་པ་ལྔ་ལ་ཡུམ་ལྔའོ། །ཐབས་དང་ཤེས་རབ་སྙོམས་འཇུག་དུས། །སོར་མོ་ཅུང་ཟད་བསྣོལ་བར་བྱ། །ཕུར་པ་འདྲིལ་བར་བྱ་བ་ཡིན། །ཅེས་དབང་བསྐུར་རོ། །ལྔ་པ་སྐུ་གསུང་ཐུགས་བྱིན་གྱིས་ཡུམ་ལྔ། བརླབ་པ་ནི། དེ་ལྟར་རྒྱལ་པོ་ལ་དབང་བསྐུར་ཀྱང་བསོད་ནམས་ཚད་མེད་པ་དང་མི་ལྡན་ན་རྒྱལ་པོར་མི་ཚུད་པས་འདིར་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། སྲས་མཆོག་གི་སྤྱི་བོར་འཁོར་ལོ་ལ་ༀ་བསམ། དེ་ལས་ༀ་བུདྡྷ་ཀཱི་ལིའི་སྔགས་ཀྱིས་བསྐོར་བར་བསམ། དེ་བརྗོད་པས་བུདྡྷའི་སྐུའི་དངོས་གྲུབ་ཐམས་ཅད་འདུས་ཏེ། སྐུས་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་ནུས་པར་བྱིན་གྱིས་བརླབས་སོ། །མགྲིན་པར་པདྨ་འདབ་བརྒྱད་ལ་ཨཱཿབསམ། ཨཱཿཔདྨ་ཀཱི་ལི་ཀཱི་ལ་ཡས་བསྐོར། དེ་བརྗོད་པས་བུདྡྷའི་གསུང་འདུས། གསུང་གིས་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་ནུས་པར་བསམ། ཐུགས་ཀར་རྡོ་རྗེ་སྔོན་པོའི་ལྟེ་བ་ལ་ཧཱུྃ་བསམ། དེ་ལ་ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡས་བསྐོར་བ་ལ། དེ་བརྗོོད་པས་བུདྡྷའི་ཐུགས་ཀྱི་དངོས་གྲུབ་འདུས། ཐུགས་ཀྱིས་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་ནུས་པར་བྱིན་གྱི་བརླབས་སོ། །དྲུག་པ་ཡུངས་ཀར་གྱིས་བྲབ་པ་ལ། སྔགས་རྫས་ཏིང་ངེ་འཛིན་གསུམ་ལས། དཔེར་ན་རྒྱལ་པོ་དམག་ལ་འགྲོ་ན་གོ་ཆ་གྱོན་དགོས་པ་ལྟར། འདིར་ཡང་བེ་ཏ་ལའི་སྔགས་བརྗོད་ཅིང་། ཡུངས་ཀར་ནག་གིས་བྲབ་པས་ལུས་ཁྲབ་ཆུང་གིས་གོ་མཚམས་མེད་པར་སོང་བར་བསམ། རྒྱུད་ལས། ཁྲོས་པའི་རྒྱལ་པོ་བསྐུལ་བའི་ཕྱིར། །ཡུངས་ནག་བྱིན་རླབས་ཁྲོ་ཆུང་བསྐྱེད། །ཅེས་པའོ། །བདུན་པ་གུ་གུལ་གྱིས་བདུག་པ་ནི། སྔགས་རྫས་ཏིང་ངེ་འཛིན་ནི་གསུམ་ལས། རྒྱལ་པོ་དམག་ལ་འགྲོ་ན་གོ་གྱོན་ཀྱང་མི་ཕན་ཏེ། མཚོན་རྣོན་པོ་དགོས་པ་དང་འདྲ་བར། འདིར་ཡང་མ་གུ་ཏ་ལའི་སྔགས་བརྗོད་ཅིང་། གུ་གུལ་གྱིས་བདུག་པས་གདུག་པའི་དབལ་དང་ལྡན་པས། མི་བཟད་པའི་ངར་ཐོགས་རྡུགས་མེད་པའི་ནུས་པ་དང་ལྡན་པར་བསམ། རྒྱུད་ལས། ཕུར་པ་ངར་རྣམས་བསྐྱེད་པའི་ཕྱིར། །ལྕེ་ལོག་ནག་པོའི་དུད་པས་བདུག །ཅེས་སོ། །བརྒྱད་པ་རཀྟས་བྱུག་པ་ནི། སྔགས་རྫས་ཏིང་ངེ་འཛིན་གསུམ་ལས། རྒྱལ་པོ་དེས་མཚོན་རྣོན་པོ་དགྲ་ལ་ཐེབས་དགོས་པ་འདྲ་བར། ར་ཏྲི་ཏའི་སྔགས་བརྗོད་ཅིང་། རཀྟས་བྱུགས་པས་ཕུར་པ་དམར་ནག་དུད་ཁ་རེག་པར་འཇོམས་པ་ཞིག་ཏུ་བསམ། རྒྱུད་ལས། གདུག་པ་བརླག་པར་བྱ་བའི་ཕྱིར། །ར་ཁྱི་ཕག་པའི་ཁྲག་གིས་བྱུག །ཅེས་སོ། །དེ་ནས་རྒྱལ་པོ་ཕས་ཀྱི་གཡུལ་ལས་རྒྱལ་ཏེ། དགྲ་བོའི་ཡུལ་ཐོབ་དགོས་པ་དང་འདྲ་བར། ས་མ་ཡ་ཏིཥྛ་ལྷན་ཞེས་པས། དགྲ་བགེགས་ཀྱི་སྙིང་དཀར་ནག་མཚམས་སུ་བཞུགས་པར་བསམ་མོ། །རྒྱུད་ལས། གནད་ཆེན་ཐམས་ཅད་འདུས་པ་ཡི། །དཀར་ནག་མཚམས་སུ་གདབ་པར་བྱ། །ཞེས་བཤད་དོ། །དགུ་པ་སྲས་མཆོག་གི་རྣམ་དབྱེ་ནི་བཞི་སྟེ། སྲས་མ་ཡིན་ཀྱང་མཆོག་ཡིན་པའི་མུ་དང་། སྲས་ཀྱང་ཡིན་ལ་མཆོག་ཀྱང་ཡིན་པའི་མུ་དང་། སྲས་ཡིན་ལ་མཆོག་མ་ཡིན་པའི་མུ་དང་། སྲས་མ་ཡིན་ལ་མཆོག་མ་ཡིན་པའི་མུ་དང་བཞིའོ། །དེ་ལའང་དལ་བཞི་སྟེ། ཕུར་པ་རྫས་ཀྱི་དལ་གྱི་བདག་ཉིད་རྩ་བའི་དལ་ཅིག་ཡོད་ན་གང་ཡིན། ཕུར་པ་རྫས་ཀྱི་དལ་གྱི་ཕྱོགས་བཅུ་ཁྲོ་བོའི་དལ་ཅིག་ཡོད་ན་གང་ཡིན། ཕུར་པ་རྫས་ཀྱི་དལ་གྱི་ཕུར་པ་རྫས་ཀྱིི་དལ་ཅིག་ཡོད་ན་གང་ཡིན། ཕུར་པ་རྫས་ཀྱི་དལ་གྱི་སྲུང་མ་དམ་ཅན་རྣམ་གསུམ་ཡོད་ན་གང་ཡིན། དེའི་སྒྲ་དོན་ནི། ཕུར་པའི་རྒྱ་མདུད་གོང་འོག་གཅུམ་གཞོགས་དང་བཅས་པ་ནི། གཞལ་ཡས་ཁང་མཛོད་དང་འདྲ་བ་ཡིན་ལ། དེའི་ནང་དུ་ལྷ་ཚོགས་རྫས་དང་འདྲ་བར་བསྐྱེད་པའི་ཕྱིར་ན་ཕུར་པ་རྫས་ཞེས་བྱ་ལ། དལ་གྱི་ནི་ལྷ་ཚོགས་ཚང་མ་བསྐྱེད་པའི་ཕྱིར་རོ། །བཅུ་པ་ཕུར་པའི་རྣམ་དབྱེ་ནི་གཉིས་ཏེ། སྤྱིར་གང་ཟག་རྣམ་བཞི་མཐར་ཕྱིན་པའི་ཕུར་བུའི་རྒྱུད་བཞིའི་དབྱེ་བ་དང་། བྱེ་བྲག་ཏུ་མཚན་མ་རྫས་ཀྱི་ཕུར་པ་རྒྱས་པར་བསྟན་པའོ། །དང་པོ་ནི། ནམ་མཁའ་ལྟ་བུའི་གང་ཟག་གི་རིག་པ་ཡེ་ཤེས་ཀྱི་ཕུར་པ་ཡུལ་ཆོས་ཉིད་ཀྱི་དབྱིངས་ལ་གདབ་པ་དང་། རི་བོ་ལྟ་བུའི་གང་ཟག་གིས་ཐུགས་རྗེ་སྤྲུལ་པའི་ཕུར་པ་ཡུལ་ཁམས་གསུམ་སེམས་ཅན་ལ་གདབ་པ་དང་། བྱ་ཀ་ལནྟ་ཀ་ལྟ་བུའི་གང་ཟག་གིས་གསང་བ་བྱང་ཆུབ་སེམས་ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་གདབ་པ་དང་། ཙནྡན་ལྟ་བུའི་གང་ཟག་གིས་མཚན་མ་རྫས་ཀྱི་ཕུར་པ་ཡུལ་དགྲ་དང་བགེགས་ལ་གདབ་པའོ། །དེ་རེ་རེ་ལ་ལྔ་ལྔ་སྟེ། ཕུར་པའི་ངོ་བོ། གདབ་པའི་ཡུལ། ཐེབས་པའི་ཚད། མ་ཐེབས་པའི་སྐྱོན། འབྲས་བུའོ། །དེ་ཡང་རྩ་རྒྱུད་ལས། རིག་པ་ཡེ་ཤེས་ཕུར་པ་དེ། །གཟུང་འཛིན་མེད་པའི་ངང་དུ་གདབ། །ལྷང་གིས་རྟོགས་ན་ཐེབས་པའི་ཚད། འབྲས་བུ་ཆོས་སྐུ་སྐྱེ་མེད་ཐོབ། །མ་ཐེབས་མ་རྟོགས་འཁོར་བར་འཁྱམས། །ཚད་མེད་སྙིང་རྗེའི་ཕུར་པ་དེ། །འགྲོ་ལ་བྱམས་དང་སྙིང་རྗེས་གདབ། །བདག་གཞན་གཉིས་མེད་རྟོགས་ན་ཐེབས། །འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ། །མ་ཐེབས་རུ་དྲ་སྲིན་པོར་གོལ། །ལྷག་པ་བྱང་སེམས་ཕུར་པ་དེ། །ཡུམ་གྱི་མཁའ་ཀློང་དག་པར་གདབ། །བདེ་བ་དངོས་མེད་ཐེབས་པའི་ཚད། །འབྲས་བུ་སྐུ་གསུམ་དབྱེར་མེད་ཐོབ། །མ་ཐེབས་འཁོར་བའི་འགྲམ་རྡོ་བྱེད། །མཚན་མ་རྫས་ཀྱི་ཕུར་པ་དེ། །ཞི་དྲག་དབང་རྒྱས་ཕུར་པ་ཡིན། །ཞེས་གསུངས་སོ། །གཉིས་པ་མཚན་མ་རྫས་ཀྱི་ཕུར་པ་བྱེ་བྲག་ཏུ་བཤད་པ་ལ་དྲུག་སྟེ། ཕུར་པའི་རྒྱུ། ཕུར་པའི་ངེས་ཚིག །ཕུར་པའི་ཚད། ཕུར་པའི་དབྱེ་བ། ཕུར་པའི་རྣམ་དག །ཕུར་པའི་ལས་དང་དྲུག་གོ། །དང་པོ་རྒྱུ་ལ། གསང་རྒྱུད་ལས། དངུལ་ལམ་དཀར་པོའི་ཤིང་རྣམས་ནི། །ཞི་བ་ཆོས་ཀྱི་ཕུར་པའི་རྒྱུ། །གསེར་རམ་སེར་པོའི་ཤིང་རྣམས་ནི། །ཡོན་ཏན་རྒྱས་པའི་ཕུར་བུའི་རྒྱུ། །ཟངས་སམ་དམར་པོའི་ཤིང་རྣམས་ནི། །གསུང་མཆོག་དབང་གི་ཕུར་པའི་རྒྱུ། །ལྕགས་སམ་ནག་པོའི་ཤིང་རྣསམ་ནི། །དྲག་པོའི་ལས་ཀྱི་ཕུར་པའི་རྒྱུ། །ཞེས་སོ། །གཉིས་པ་ངེས་ཚིག་ནི། མྱང་འདས་ལས། ཕུར་ནི་སྐྱེ་བ་མེད་པའི་དབྱིངས། །པ་ནི་འགགས་པ་མེད་པའི་དོན། །ཕུར་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །པ་ནི་རིག་པའི་ཡེ་ཤེས་སོ། །གཉིས་སུ་མེད་པའི་མྱ་ངན་འདས། །སེམས་ཀྱི་སེམས་ཉིད་ཕུར་པ་ཡིན། །ཆོས་ཀྱི་ཆོས་ཉིད་ཕུར་པ་ཡིན། །ནམ་མཁའི་མཚན་ཉིད་ཕུར་པ་ཡིན། །གསལ་བར་བསྒོམ་ན་བསྐྱེད་པ་ཡིན། །གཉིས་སུ་མེད་ན་སྦྱོར་བ་ཡིན། །ལྷང་གིས་རྟོགས་ན་ཐེབས་པ་ཡིན། །ཉམས་འོག་ཆུད་ན་བསྒྲལ་བ་ཡིན། །ཅེས་སོ། །གསུམ་པ་ཚད་ནི། གསང་རྒྱུད་ལས། སོར་བཞི་འབྱུང་བ་བཞི་ཡི་ཚད། །སོར་བརྒྱད་རྣམ་ཤེས་བརྒྱད་ཀྱི་ཚད། །བཅུ་གཉིས་སྐྱེ་མཆེད་བཅུ་གཉིས་ཚད། །བཅོ་བརྒྱད་ཚད་དུ་བསྟན་པ་ནི། ཁམས་ནི་བཅོ་བརྒྱད་འཇོམས་པའི་ཚད། །ནས་གང་ཚང་དུ་བསྟན་པ་ནི། །བྱང་ཆུབ་སེམས་མཆོག་ཚད་དུ་བསྟན། །ཞེས་སོ། །བཞི་པ་དབྱེ་བ་ནི། དོན་དམ་པའི་ཕུར་པ་དང་། ཀུན་རྫོབ་ཀྱི་ཕུར་པའོ། །དང་པོ་ནི། རྒྱུད་ལས། ཕུར་པའི་དོན་ནི་རིག་པའི་ཡེ་ཤེས་ཏེ། །དེ་ཡི་ཡུལ་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། ལྕགས་སྣ་དང་ཤིང་སྣ་ལྔ་ཡི་ཕུར་པའོ། །མྱང་འདས་ལས། །ས་ལྕགས་གནམ་ལྕགས་ཁྲོ་ཆུ་དང་། །མི་རྟ་བསད་པའི་མཚོན་རྩེ་དང་། །ཕལ་པའི་ལྕགས་དང་ལྔ་ལ་བྱ། །ཞེས་སོ། །ལྔ་པ་རྣམ་དག་ནི། མྱང་འདས་ལས། རྒྱ་མདུད་གོང་མ་ཆོས་སྐུ་སྟེ། །གཉིས་པ་ལོངས་སྤྱོད་རྫོགས་པ་ཡིན། །རྩེ་མོ་སྤྲུལ་པའི་སྐུ་ཡིན་པས། །མགོ་དང་རྩ་བ་མ་ནོར་བར། །ཟུར་གསུམ་པ་རུ་རྣམ་པར་གཞོག །ཅེས་སོ། །དྲུག་པ་ལས་ནི། གསང་རྒྱུད་ལས། ཙནྡན་དཀར་པོའི་ཕུར་པ་ཡིས། །ནད་རྣམས་མ་ལུས་ཞི་བར་བྱེད། །སྐྱེར་པའི་ཕུར་པ་ཟུར་བཞི་ཡིས། །ཚེ་དང་ལོངས་སྤྱོད་རྒྱས་པར་བྱེད། །སེང་ལྡིང་ཕུར་པ་ཟླ་གམ་གྱིས། །ཐམས་ཅད་དབང་དུ་སྡུད་པར་བྱེད། །བསྭེ་ཤིང་ཕུར་པ་རིགས་རྒྱས་བྱེད། །སེང་ལྡེང་བྱང་ཆུབ་སེམས་རྒྱས་བྱེད། །ཙནྡན་དམར་པོའི་ཕུར་པ་ཡིས། །བུ་མོ་དབང་དུ་སྡུད་པར་བྱེད། །མཛོ་མོས་བློན་པོ་དབང་དུ་སྡུད། །བསྭེ་ཤིང་དམངས་རིགས་དབང་དུ་སྡུད། །ཟངས་ཀྱིས་རྒྱལ་པོ་དབང་དུ་སྡུད། །ཤིང་གིས་གདོན་རྣམས་དབང་དུ་སྡུད། །ཅེས་པས་མངོན་ནོ། །འབྲུ་བཤད་ནི། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཞེས་པས། རུ་པད་འབྱུང་ནི། མ་རིག་མུན་པའི་དྲྭ་བ་སངས། མཁྱེན་པའི་ཡེ་ཤེས་པདྨ་ལྟར་རྒྱས་པས་རྒྱས། ཀུན་ནི་འདས་མ་འོངས་ད་ལྟ་གསུམ། སྐུ་ནི་ཡེ་ཤེས་ཀྱི་སྐུའོ་གསུངས། རུ་བི་མ་ལ། སངས་རྒྱས་ཆོས་སྐུ་རྟེན་ཡིན་གསུངས། རུ་བལ་པོ། ཉོན་མོངས་པ་ལྔ་སངས། ཡེ་ཤེས་ལྔ་རྒྱས། ཀུན་ནི་འདས་མ་འོངས་ད་ལྟ་གསུམ། སྐུ་ནི་ཡེ་ཤེས་ཀྱི་སྐུའོ་གསུངས། རུ་བི་མ་ལ། སངས་རྒྱས་ཆོས་སྐུ་རྟེན་ཡིན་གསུངས། རུ་བལ་པོ། ཉོན་མོངས་པ་ལྔ་སངས། ཡེ་ཤེས་ལྔ་རྒྱས། ཡེ་ཤེས་ལ་གསུམ། རང་བྱུང་གི་ཡེ་ཤེས། གཞན་བྱུང་གི་ཡེ་ཤེས། གནས་འགྱུར་གྱི་ཡེ་ཤེས་སོ། །སྐུ་ཡོན་ཏན་གྱི་རྟེན་བྱེད་གསུངས་སོ། །ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས། ཞེས་པས་རུ་པདྨ་ནི། ཆོས་སྐུའི་ངོ་བོ་རྡོ་རྗེ་སྟོང་ཉིད་ཆོས་དབྱིངས་འདུས་མ་བྱས་པའོ་གསུངས། རུ་བི་མ་ལ། ངང་ཆོས་ཉིད་རྡོ་རྗེ། དེ་ཀ་ཆོས་ཉིད་ཡིན་གསུངས། རུ་བལ་པོ་སྐྱེ་མེད་ཀྱི་ངང་ཉིད། འགག་མེད་རྡོ་རྗེ་ཆོས་དབྱིངས་ཆོས་སྐུ་གསུངས་སོ། །འབར་བའི་ཁྲོ་བོ་མི་བཟད་པ། །ཞེས་པས། རུ་པདྨ་གདུག་པ་འདུལ་བར་འབར་བ་དེ་ཁྲོ་བོ་མི་བཟད་པའོ། །རུ་བི་མ་ལ་གར་གྱི་ཉམས་དགུ་ལ་ཟེར། རུ་བལ་པོ་མ་རིག་པ་སེལ་བས་འབར་བ། ཁྲོ་བོ་གཙོ་བོ། མི་བཟད་པ་འཁོར་ཡིན་གསུངས་སོ། །སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །ཅེས་པས། རུ་པདྨས་ལྷའི་སྐུ་བསྐྱེད་པ་བསྟན། རུ་བི་མ་ལས་རིམ་གྱིས་བསྐྱེད་པའོ་གསུངས། རུ་བལ་པོ་རྫོགས་ཚུལ་དུ་བསྐྱེད་པའོ་གསུངས། ཕུར་པ་རྫས་ཀྱི་དལ་ཚར་རོ། །སྤྱི་དོན་གསུམ་པ་ཁམས་གསུམ་གིས་སྲོག་ལ་དབང་བསྐུར་ཞིང་སྲོག་གིས་ཡེ་ཤེས་སེམས་དཔའི་སྲོག་ལ་དབང་བསྐུར་བ་ནི། གསོལ་བ་གདབ་པ་དང་། དབང་བསྐུར་བའོ། །དང་པོ་ནི། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །ཞེས་པ་ཤློ་ཀ་གཅིག་གོ། །གཉིས་པ་ནི། གསོལ་བ་གདབ་པ་དང་། རིགས་ལྔ་གདན་ཚོ་ལྔ་སྤྱི་བོའི་སྟེང་དུ་སྤྱན་དྲངས་བ་དང་། ཤར་ཕྱོགས་པ་རྣམས་ཀྱིས་ཆུ་དབང་བསྐུར། ལྷོ་ཕྱོགས་པས་དབུ་རྒྱན་གྱི་དབང་བསྐུར། ནུབ་ནས་རྡོ་རྗེའི་དབང་བསྐུར། བྱང་ནས་དྲིལ་བུའི་དབང་བསྐུར། དབུས་ནས་མིང་གི་དབང་བསྐུར་བར་བསམ་པ་ནི་བུམ་པའི་དབང་ངོ་། །དེ་ནས་རིགས་ལྔ་ཡབ་ཡུམ་རྣམས་སྦྱོར་བ་མཛད་པས་སྦྱོར་མཚམས་ནས་བྱང་སེམས་བྱུང་བས་བདག་གི་སྤྱི་བོ་ནས་མར་ཐིམ་པས་སྡིག་སྒྲིབ་དག་པ་ནི་གསང་དབང་ངོ་། །དེ་ནས་རིགས་ལྔ་དེ་རྣམས་རང་གི་སྤྱི་བོ་ནས་མར་ཐམས་ཅད་འདུས་ཏེ་ཐིམ་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དེའི་དུས་སུ་བདེ་སྟོང་གི་ཉམས་རྒྱུད་ལ་སྐྱེས་པ་ནི་དབང་བཞི་པའོ། །དེ་ནས་རིགས་ལྔ་ཆ་གཅིག་ཡར་ལོག་ནས་དབུ་རྒྱན་དུ་བསྒོམ་པ་ནི་དབང་རྟགས་སོ། །དེ་ནི་དུས་གསུམ་བུདྡྷས་བདག་ལ་དབང་བསྐུར་བའོ། །དབང་དེས་སྥ་ར་ཎ་ཕཊ་ཅེས་སྤྲོས་པས་ཁམས་གསུམ་སེམས་ཅན་ལ་ཕོག་གོ། །དེ་རྣམས་ཞུ་སྟེ་ལྷ་རྣམས་ཨ། མི་རྣམས་ནྲྀ། ལྷ་མ་ཡིན་སུ། དུད་འགྲོ་ཏྲི། ཡི་དྭགས་པྲེ། དམྱལ་བ་དུར་གྱུར། དེ་རྃ་ཡྃ་ཁྃ་གིས་བསྲེགས་སྦྱངས་པས་དལ་གྱི་ལྷར་གྱུར་པར་བསམ། དེ་ནས་འོད་ཟེར་དེ་ཚུར་འདུས་ཏེ་སཾ་ཧ་ར་ཎ་ཧཱུྃ་ཞེས་པས་སྙིང་གི་ནང་གི་རྟ་མགྲིན་ལ་འདུས། དབང་བསྐུར་བས་བཀྲག་དང་ལྡན་པ་ནི་དེས་སྲོག་ལ་དབང་བསྐུར་བའོ། །དེ་ནས་རྟ་མགྲིན་ཡབ་ཡུམ་སྦྱོར་བ་མཛད་པས་བྱང་སེམས་དེ་ཡེ་ཤེས་སེམས་དཔའ་ལ་ཐིམ། དབང་བསྐུར། བཀྲག་དང་ལྡན་པས་བཀྲག་ཐམས་ཅད་འདུས་ཏེ་རྡོ་རྗེ་ལྟེ་བའི་ཧཱུྃ་ལ་ཕོག །ཧཱུྃ་དེ་བཀྲག་གཟི་མདངས་དང་ལྡན་པ་ནི་ཡེ་ཤེས་སེམས་དཔའི་སྲོག་ལ་དབང་བསྐུར་བའོ། །དེ་ལས་ལྕགས་ཀྱི་སྲོག་རྩ་བྱུག་བར་བསྒོམ། དེ་ནས་དལ་གསུམ་གྱི་སྤྱི་བོ་ༀ་དཀར་པོ་རེ། མགྲིན་པར་ཨཱཿདམར་པོ་རེ། སྙིང་གར་ཧཱུྃ་སྔོན་པོ་རེ་བསམ། དེ་སྤྲོས་བསྡུས་པས་སྤྱི་བོ་རྣམ་སྣང་དཀར་པོ་རེ། མགྲིན་པར་སྣང་མཐའ་དམར་པོ་རེ། སྙིང་གར་མི་བསྐྱོད་བ་སྔོན་པོ་རེ་བསམ་པ་ནི་དབང་རྟགས་སོ། །དབང་བསྐུར་བ་ཚར་རོ། །འབྲུ་བཤད་ནི། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །ཞེས་པས། རུ་པད་འབྱུང་གིས་སེམས་ཅན་གྱི་དོན་དུ་ཐབས་བསམ་གྱིས་མི་ཁྱབ་པས་འདུལ་གསུངས། རུ་བི་མ་ལ། ཐབས་མཁས་པས་འགྲོ་དོན་བྱ་གསུངས། རུ་བལ་པོ། ཐབས་ཀྱི་སྤྱོད་པས་ཟིན་པར་གསུངས། བྱམས་དང་སྙིང་རྗེས་གང་འདུལ་བ། །ཞེས་པས། རུ་པདྨ་ནི། བསམ་པ་བྱམས་པ་ལག་ལེན་སྙིང་རྗེ་ཡིན་གསུངས། རུ་བི་མ་ལ། ཐེག་ཆེན་ལ་བྱམས་པ་དང་སྙིང་རྗེ་དགོས་གསུངས། རུ་བལ་པོ། ཁྱད་པར་དུ་གསང་སྔགས་ལ་བྱམས་སྙིང་རྗེ་དགོས་གསུངས། སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །ཞེས་པས། རུ་པདྨ་སངས་རྒྱས་ཕྲིན་ལས་ཀྱི་ངོ་བོ་བསྐྱེད་རྫོགས། ངེས་ཚིག་བུདྡྷའི་ཕྲིན་ལས་གང་ཟག་གིས་ལས་སུ་བྱེད་པ། དབྱེ་བ་ཕྲིན་ལས་བཞིའོ་གསུངས། རུ་བི་མ་ལ། མ་རིག་པ་སངས། ཡེ་ཤེས་རྒྱས་ན་ཕྲིན་ལས་རྫོགས་ཟེར། རུ་བལ་པོ། ཞི་རྒྱས་དབང་དྲག་གང་འདུལ་གྱིས་རྫོགས་པར་བྱ་གསུངས་སོ། །དབང་བསྐུར་ཐམས་ཅད་འདིར་སྩོལ་ཞིག །ཅེས་པས། རུ་པདྨ་ཕྱི་དབང་སྣང་བ་ལྷར་ཤེས་ན་བྱིན་རླབས་འབྱུང་གསུངས། རུ་བི་མ་ལ་ནང་དབང་སྣང་སྲིད་སེམས་སུ་ཤེས་པའོ་གསུངས། རུ་བལ་པོ་གསང་དབང་སྣང་སྲིད་སྟོང་པར་རྟོགས་ན་བྱིན་རླབས་འབྱུང་གསུངས་སོ། །འབྲུ་ཚར་རོ། །སྤྱི་དོན་བཞི་པ་ཡེ་ཤེས་ཀྱི་དལ་སྤྱན་དྲངས་ཤིང་མཆོད་ཅིང་བསྙེན་པས་དངོས་གྲུབ་ཀྱི་བཅུད་བླང་བ་ལ་བཞི་སྟེ། ཡེ་ཤེས་པ་སྤྱན་དྲངས་པ། དེ་ལ་མཆོད་པ་བརྒྱད་འབུལ་བ། བསྙེན་པ་བྱ་བ། མཆོད་ཅིང་དངོས་གྲུབ་བླང་བའོ། །དང་པོ་ལ་གཉིས་ཏེ། གསོལ་བ་གདབ་པ་ནི། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། ཞེས་པ་ཤློ་ཀ་ཕྱེད་དང་གཉིས་སོ། །གཉིས་པ་དངོས་ནི། བདག་གི་ཐུགས་ཀ་ནས་འོད་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་རང་དང་འདྲ་བའི་དལ་གསུམ་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་ལ་མཆོད་པ་འབུལ་བ་ལ་བརྒྱད་དེ། དང་པོ་ནམ་མཁའ་ལ་ཕྱག་གིས་མཆོད་པ། བསྟིམ་ནས་ལྷ་མོ་བཞི་བསྣོལ་གྱིས་མཆོད་པ། བ་ལིཾ་ཏ་གཏོར་མའི་མཆོད་པ། བདུད་རྩི་སྨན་གྱི་མཆོད་པ། རཀྟ་ཚར་གསུམ་གྱི་མཆོད་པ། སྦྱོར་སྒྲོལ་གྱི་མཆོད་པ། འདོད་དོན་གྱི་གསོལ་བ་གདབ་པ། ཚོགས་དང་བསྟོད་པའི་མཆོད་པའོ། །དང་པོ་ནམ་མཁའ་ལ་ཕྱག་གི་མཆོད་པ་ནི། ནམ་མཁའ་ན་བཞུགས་པ་ལ། ཨ་ཏི་པཱུ་ཧོཿ ཞེས་པས་ཡེ་ཤེས་པ་ལ་ཕྱག་བཙལ། ཡེ་ཤེས་པས་པྲ་ཏཱིཙྪ་ཧོཿ ལན་དངོས་གྲུབ་བྱིན་པར་བསམ། ཡེ་ཤེས་པའི་འཁོར་ཕུར་སྲུང་རྣམས་ཀྱིས། སརྦ་ཏ་ཐཱ་ག་ཏ་བ་ཏ་ནན་གྱིས་བདག་དམ་ཚིག་པ་ལ་ཕྱག་ལན་བཙལ་བར་བསམ་མོ། །གཉིས་པ་བསྟིམས་ནས་ལྷ་མོ་བཞི་བསྣོལ་གྱིས་མཆོད་པ་ལ། ཛཿས་ཡེ་ཤེས་པ་དགུག །ཧཱུྃ་གིས་གཞུག །བྃ་གྱིས་བཅིངས། ཧོཿས་མི་དགྱེས་པ་མེད་པར་དགྱེས་པར་བྱའོ། །དེ་ནས་བདག་གི་ཐུགས་ཀ་ནས་ཕྱི་ཡི་ལྷ་མོ་བཞི་སྤྲོས་ལ། ༀ་བཛྲ་དྷཱུ་པེ་དྷཱུ། ༀ་བཛྲ་པུཥྤེ་པུ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ༀ་བཛྲ་གནྡྷེ་གན། ཡང་ནང་གྱི་ལྷ་མོ་སྤྲོས་ལ། ༀ་བཛྲ་ལཱ་སྱེ་ཧཱུྃ། ༀ་བཛྲ་མཱ་ལྱེ་ཏྲཱཾ། ༀ་བཛྲ་གཱིརྟི་ཧྲཱིཿ ༀ་བཛྲ་ནཱིརྟི་ཨཱཿ ཡང་འདོད་ཡོན་གྱི་ལྷ་མོ་སྤྲོས་ལ། ༀ་བཛྲ་མོ་ཧཱ་ར་ཏི། རཱ་ག་ར་ཏི། ཀརྨཱ་ར་ཏི། བཛྲ་ར་ཏི། ཞེས་པས་ཕྱག་རྒྱ་དང་བཅས་པས་མཆོད་དོ། །འབྲུ་དོན་ནི། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །ཞེས་པས། རུ་པད་འབྱུང་ནི་སྲིད་པ་སྔར་དང་འདྲ། སྒྲུབ་པའི་གནས་ནི། ཁ་རལ་སྲིན་པོའི་གནས། ཤིང་གཅིག་དྲི་ཟའི་གནས། བྲག་ཕུག་གནོད་སྦྱིན་གྱི་གནས། ཆུ་མིག་ཀླུའི་གནས། དུར་ཁྲོད་མ་མོ་མཁའ་འགྲོའི་གནས་སོ། །གནས་དེར་ཡེ་ཤེས་པ་སྤྱན་དྲངས་བ་ནི། གང་གིས་དྲངས་ན་དམ་ཚིག་པས་དྲངས། གང་ནས་དྲངས་ན་འོག་མིན་ནས་དྲངས། གང་དུ་དྲངས་ན་ཏིང་ངེ་འཛིན་གྱི་དལ་དུ་དྲངས། གང་གི་ཕྱིར་དྲངས་ན་ཕུར་བུ་སྒྲུབ་པའི་ཕྱིར་དྲངས་སོ། །དྲངས་ནས་སྒྲུབ་པ་ལ་ཐུན་མོང་དང་ཁྱད་པར་རོ། །དང་པོ་ལ་གསུམ། ཡེ་ཤེས་ལྷའི་སྒྲུབ་པ། མ་མོ་མཁའ་འགྲོའི། །དཔའ་བོ་གིང་གིའོ། །དང་པོ་ལ་གསུམ། ཁྲག་འཐུང་ལྔ་བཅུ་རྩ་གཅིག་གི་སྒྲུབ་པ། ཁྲག་འཐུང་ལྔའི། །དཔའ་བོ་གཅིག་པའོ། །གཉིས་པ་ལ། ཕྱི་མ་ལྟར་དུ་སྒྲུབ་པ་དྷ་ཏི། ནང་སྲིང་མོ་ལྟར་སྒྲུབ་པ་འདུས་ལ། གསང་བ་བྲན་མོ་ལྟར་སྒྲུབ་པ་བསྡུ་ཡིག་གོ། །གསུམ་པ་གིང་ལ་གསུམ། གིང་གཉིས་གཅིག་གི་སྒྲུབ་པ། གིང་བཞིའི་སྒྲུབ་པ། མ་རུ་རྩེ་གཅིག་གི་སྒྲུབ་པའོ། །དེའང་སྔགས་རེ་རེ་ལ་མགོ་གནོན་དང་རང་རེའི་སྔགས། རང་རེའི་ཕོ་ཉ། རང་རེའི་གནས། རང་རེའི་དགོས་ཆེད། རང་རེའི་བྱ་ཐབས། རང་རེའི་ཏིང་ངེ་འཛིན་ཚང་དགོས་གསུངས་སོ། །རུ་བི་མ་ལ། སྲིད་པ་གསུམ་སྐུ་གསུང་ཐུགས་སུ་སྒྲུབ་གསུངས། རུ་བལ་པོས་སྲིད་གསུམ་ཆོས་སྐུར་སྒྲུབ་གསུངས། དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཞེས་པས། རུ་པདྨ་ནི། དབང་ལ་རྟོགས་པ་ཆོས་ཉིད་ཀྱི་དབང་། རིག་པ་རྩལ་གྱི་དབང་། ཁམས་གསུམ་སྒྲོལ་བའི་དབང་ངོ་། །དངོས་གྲུབ་ལ་གསུམ། རབ་བུདྡྷ། འབྲིང་རིག་འཛིན། ཐ་མ་མིག་སྨན་ནོ་གསུངས། རུ་བི་མ་ལ་དབང་འདྲ། དངོས་གྲུབ་སྐུ་གསུང་ཐུགས་ཀྱིའོ་གསུངས། རུ་བལ་པོ་དངོས་གྲུབ་འདས་པ་དང་ལོ་ཀའི་དངོས་གྲུབ་གསུངས་སོ། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཞེས་པས། རུ་པདྨ་ཡེ་ཤེས་ཇི་ལྟ་བ་དང་། ཇི་སྙེད་པའོ། །ཁྲོ་བོ་རྔམས་ཤིང་བརྗོད་པའོ་གསུངས། རུ་བི་མ་ལ་དབྱིངས་ཡེ་ཤེས་གདུག་པ་འདུལ་དུ་གཤེགས་གསུངས། རུ་བལ་པོ་ནི། ཡེ་ཤེས་ཡིན་ལ་ཁྲོ་བོ་མ་ཡིན་པ་ཞི་བའི་རིགས་ལྔ་ལྟ་བུ་དང་། ཡེ་ཤེས་མ་ཡིན་ལ་ཁོ་བོ་ཡིན་པ་བདུད་དང་སྲིན་པོ་ལྟ་བུ་དང་། ཡེ་ཤེས་ཀྱང་མ་ཡིན་ལ་ཁྲོ་བོ་ཡང་མ་ཡིན་པའི་རིགས་དྲུག་སེམས་ཅན་ལྟ་བུ་དང་། ཡེ་ཤེས་ཀྱང་ཡིན་ལ་ཁྲོ་བོ་ཡང་ཡིན་པ་ཕུར་བུའི་ལྷ་ཚོགས་ལྟ་བུ་སྟེ། འདིར་ཕྱི་མ་སྤྱན་འདྲེན་པའོ་གསུངས། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །ཞེས་པས། རུ་པདྨ་ནི་ཐུགས་རྗེ་ཆེན་པོས་གཤེགས་པར་ཞུ་ཟེར། རུ་བི་མ་ལ་གང་གང་གི་དོན་དུ་གཤེགས་གསུངས། རུ་བལ་པོ་བྱེད་པའི་ཚིག་བཞི་དང་སྦྱར་རོ། །རྟགས་དང་མཚན་མ་བསྟན་པ་དང་ཞེས་པས། རུ་པདྨ་རབ་ཞལ་སྟོན། འབྲིང་ཕུར་བུ་ལྡིང་། ཐ་མ་རྨི་ལྟས་སྟོན་པའོ། །རུ་བི་མ་ལ་རྟགས་ཕྱིར། མཚན་མ་ནང་དུ་འོང་གསུངས། རུ་བལ་པོ་རྟགས་ལུས་ཡངས། ངག་བཙུན། སེམས་བདེ་བ། མཚན་མ་མི་རྟོག་པའོ་གསུངས། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཞེས་པས། རུ་པདྨ་བུདྡྷ་ཐོབ་པའོ་གསུངས། རུ་བི་མ་ལ་ཁམས་གསུམ་སྒྲོལ་བའི་ཕྱིར་གསུངས། རུ་བལ་པོ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་གསུངས་སོ། །ཡེ་ཤེས་པ་སྤྱན་དྲངས་པ་ཚར་རོ། །གསུམ་པ་གཏོར་མའི་མཆོད་པ་ནི། དམ་ཚིག་ཆེན་པོས་གཙོ་བོ་ལ་དབུལ། སྤྲུལ་པ་ཆེན་པོས་ཕྱོགས་བཅུའི་ཁྲོ་བོ་ལ་དབུལ། ཕྱག་བརྙན་ཆེན་པོས་མགོ་བརྙན་ཉི་ཤུ་ལ་དབུལ། ཤྭ་ནས་ཤྭ་ན་བཞི་ལ་དབུལ། བདག་ཉིད་ཆེན་མོས་རེ་མ་ཏཱི་ལ་དབུལ་ས་བདག་གིས་བསྭེ་མོ་བཞི་ལ། ཁྱེད་ཀྱི་དམ་ཚིག་དུས་ལིངྒ་དབུལ་ལོ། །ལྷ་རྣམས་ཀྱི་ལྗགས་ཀྱི་སྦུ་གུས་གསོལ་བར་བསམ་མོ། །འབྲུ་བཤད་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པ་ལ། རུ་པདྨ་སྔོན་དུ་རུ་ཏྲ་སྒྲོལ་ཙ་ན། བུདྡྷ་ཐམས་ཅད་ཀྱི་སྲས་ཀྱི་དམ་ཚིག་ལྟར་དུས་ལ་བབ་པར་གྱིས་གསུངས། རུ་བི་མ་ལ། དུས་གསུམ་གྱི་བུདྡྷའི་ཐུགས་དམ་བསྐུལ་བའི་དམ་ཚིག་ཆེན་པོའི་དུས་ལ་བབ་གསུངས། རུ་བལ་པོ་སྔོན་བི་དྷི་ཙིཏྟའི་སེམས་བསྐྱེད་རྩ་བའི་དུས་ལ་བབ་ཟེར་རོ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། ཅེས་པས། རུ་པདྨ་རུ་དྲ་འདུལ་ཙ་ན་ཁྲོ་བོའི་སྤྲུལ་པ་བྱེ་བ་ས་ཡ་སྤྲུལ་པའི་དུས་ལ་བབ་གསུངས། རུ་བི་མ་ལ་ལྷ་ཡི་དབང་པོ་བརྒྱ་བྱིན་ཁྲོ་བཅུ་སྤྲུལ་ཏེ་བཀྱེ་བས། ལྷ་མ་ཡིན་ཕམ་པར་བྱའོ་ཟེར་རོ། །རུ་བལ་པོ་ད་ལྟའང་རྣལ་འབྱོར་པས་བསྐུལ་ཙ་ནའང་དེ་ལྟར་སྤྲུལ་པའོ་གསུངས་སོ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཅེས་པས། རུ་པདྨ་རུ་དྲ་འདུལ་ཙ་ན་བྱི་མོ་སླས་མོ་རྣམས་ལ་ཕྲ་མེན་མགོ་ལུས་མི་མཐུན་པ་མང་པོ་སྐྱེས་པས་བཏུལ་བའི་དུས་ལ་བབ་གསུངས་སོ། །རུ་བི་མ་ལ། སྔོན་ཕྱག་རྡོར་གྱི་གནོད་སྦྱིན་རྒོད་མ་ཁ་བཏུལ་བས། ཁོ་རི་མ་ལ་ཡ་ལ་བྲོས་པས། ཕྲ་མེན་བཀྱེ་སྟེ་བཀུག་པའི་དུས་ལ་བབ་གསུངས་སོ། །རུ་བལ་པོ་ཉི་ཤུ་པོ་ལས་ཡང་སྤྲུལ་སུམ་སྤྲུལ་གྱི་དུས་ལ་བབ་གསུངས་སོ། །ཤྭ་ན་མུ་ཁའི་དུས་ལ་བབ། །ཅེས་པས། རུ་པདྨ་སྔོན་དཔལ་ཆེན་ཡེ་ཤེས་ཀྱི་མ་མོ་རྣམས་འཕར་སྤྱང་ཝ་ཁྱིར་སྤྲུལ་པའི་དུས་ལ་བབ་གསུངས་སོ། །རུ་བི་མ་ལ། གཡའ་རི་གངས་ཀྱི་བྲག་ཕུག་ཏུ་བསེའི་ལྷ་མོ་དམ་ལ་བཏགས་པའི་ཕྱིར་གསུངས། རུ་བལ་པོ། སྔོན་གྱི་ཁས་བླངས་ཀྱི་དུས་ལ་བབ་གསུངས་སོ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཅེས་པས། རུ་པདྨ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་བུདྡྷའི་བསྟན་པའི་བདག་ཉིད་ཡིན་པས་དུས་ལ་བབ་གསུངས་སོ། །རུ་བི་མ་ལ། སྐྱེ་བ་ལྔ་བརྒྱ་ལ་སྤྲུལ་པ་ལྔ་བརྒྱ་འབྱུང་བས། དེ་ལ་སྒྲུབ་ཐབས་ལྔ་བརྒྱའི་བདག་ཉིད་ཡིན་གསུངས། རུ་བལ་པོ་སེམས་ཅན་གི་སྲོག་དབུགས་ཀྱི་བདག་མོ་ཡིན་པས་བདག་ཉིད་ཟེར་རོ། །ས་བདག་བསེ་མོའི་དུས་ལ་བབ། །ཅེས་པས། རུ་པདྨ་སྔོན་དུ་རུ་དྲའི་བྱི་མོ་སླས་མོ་ཡིན་པས་དཔལ་ཆེན་ལ་བྲན་དུ་ཕུལ་བ་གསུངས། རུ་བི་མ་ལ། ཆུ་མིག་བྱང་ཆུབ་རིས་སུ་བཏུལ་བས་གསུངས། རུ་བལ་པོ་ཡུལ་སོ་སོ་ནས་མཐུ་ཆེ་བས་སོ་གསུངས། ཁྱོད་ཀྱི་དམ་ཆིག་དུས་ལ་བབ། ཅེས་པས། རུ་པདྨ་གིང་དང་ཀ་རཱི་དབང་ཕྱུག་མ་བདུན་སྲིང་བཞི་ལ་གསུངས། རུ་བི་མ་ལ་སྐྱེས་བུ་གིང་འབུམ་ཕྲག་ལ་གསུངས། རུ་བལ་པོ་རིག་འཛིན་རྩལ་འཆང་ཡན་ཆད་ལ་གསུངས་སོ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་པས། རུ་པདྨ་སྔོན་དུ་རུ་དྲ་བཏུལ་ཙ་ན་མཐུ་རྩལ། དབྱུང་བར་མཛད་དོ་ཞེས་སོ། །རུ་བི་མ་ལ། སྤྲུལ་པ་ཡང་སྤྲུལ་གྱིས་གསུངས། རུ་བལ་པོ་ཁམས་གསུམ་དབང་དུ་བསྡུས་ལ་སྟོང་གསུམ་ཟིལ་གྱིས་གནོན་གསུངས་སོ། །གཏོར་མ་དབུལ་བ་ཚར་རོ། །བཞི་པ་སྨན་མཆོད་ལ་ལྔ་སྟེ། དང་པོ་སྨན་གྱི་ཆེ་བ་བརྗོད་པ། སྨན་མཆོད་དངོས། བཤགས་པ། དངོས་གྲུབ་བླང་བ། སྨོན་ལམ་མོ། །དང་པོ་ཆེ་བ་བརྗོད་པའི། དུས་སུ་ཁ་རཾ་རྣམ་གསུམ་གྱི་དགོངས་པ་ལ། ཁ་རཾ་དང་པོར་སྣང་སྲིད་མཆོད་པ་རྫས་སྔགས་བསམ། ཁ་རཾ་གཉིས་པས་དེ་ཡང་བདུད་རྩི་ཆེན་པོར་བསམ། ཁ་རཾ་གསུམ་པས་དལ་གསུམ་གྱིས་གསོལ་བར་བསམ། སྨན་མཆོད་དངོས་ཀྱི་དུས་སུ་སྨན་ཕོར་དུ་དཔའ་བོ་འབྲུ་གསུམ་བསམ། རྣམ་དག་ཟེར་ཙ་ན་ཧཱུྃ་གི་འོད་ཀྱིས་ཉེས་སྐྱོན་དག་པར་བསམ། བདུད་རྩི་ཟེར་ཙ་ན་ཨཱཿཞུ་ནས་བདུད་རྩིར་སོང་བར་བསམ། དམ་རྫས་ཟེར་ཙ་ན་ༀ་ཞུ་ནས་ཤ་ལྔ་བདུད་རྩི་ལྔར་སོང་བར་བསམ། མཉེས་མཆོད་འབུལ་ཟེར་ཙ་ན་མཉེས་པར་འབུལ། ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་སྩོལ། །ཞེས་པས་རྣལ་འབྱོར་པས་དེ་ཁ་ལེན་འདོད་པའོ། །དེ་ནས་བཤགས་ཤིང་དངོས་གྲུབ་བླང་བའི་སྐབས་སུ། སྨན་གྱི་ནང་དུ་བུདྡྷ་ཐམས་ཅད་ཀྱི་སྐུའི་ངོ་བོ་ༀ་དཀར་པོ་ཞིག་བསམ། རང་གི་ཡ་རྐན་ལའང་ༀ་དཀར་པོ་ཞིག་བསམ། ཚིག་དང་སྔགས་བརྗོད་དོ། །མཐེབ་སྲིན་གྱིས་སྨན་གྱི་ༀ་དེ་བླང་ལྕེ་ལ་བཞག་པ། ཡ་རྐན་གྱི་ༀ་དང་འགྲོགས་ཏེ་སོང་བས་སྤྱི་བོ་ཀླད་པ་དུང་ཁང་དུ་རྣམ་སྣང་དཀར་པོ་ཞིག་ཏུ་སོང་བར་བསམ་མོ། །དེ་ལྟར་བུདྡྷའི་གསུང་ཨཱཿདམར་པོ་སྨན་ཕོར་དང་མ་རྐན་གཉིས་ལ་བསྒོམ། སྔགས་ཚིག་མཐེབ་སྲིན་གྱིས་བླང་སྟེ་མིད་པས། མགྲིན་པར་སྣང་མཐའ་དམར་པོ་བསྒོམ། དེ་ལྟར་བུདྡྷའི་ཐུགས་ཧཱུྃ་མི་བསྐྱོད་པ་སྔོན་པོ་དང་གོང་གི་འདྲའོ། །དེ་ནས་སྨོན་ལམ་གདབ་པའོ། །ལྔ་པ་རཀྟ་ཚར་གསུམ་ནི། རཀྟ་དང་ཕུད་བསྲེས་ལ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །ཞེས་པས་དང་པོ་བཀའ་ཉན་པར་བྱེད་པའི་ཆེད་དུ་དབུལ། གཉིས་པ་བྲན་དང་བཀའ་ཉན་ཕོ་ཉའི་ཚོགས་ཀྱིས་དམ་ཅན་གནད་ལ་དབབ་པའི་ཕྱིར་དུ་དབུལ། གསུམ་པ། གདུག་ཅིང་སྡང་སེམས་ལྡན་པ་ཡིས། །ཞེས་པས། མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཆེད་དུ་དབུལ། དུག་ལྔ་དུག་གསུམ་གྱི་མཆོད་པའང་ཤུགས་ལ་ཤེས་པར་བྱའོ། །འབྲུ་བཤད་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །ཞེས་པས། རུ་པདྨ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་ཏུ་མ་སྟེར་བར་གསུངས། རུ་བི་མ་ལ་ཆོས་ཉིད་ཐོབ་ཏུ་མ་སྟེར་བར་གསུངས། རུ་བལ་པོ་སེམས་བཀོལ་དུ་མི་བཏུབ་བར་གསུངས་སོ། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཞེས་པས། རུ་པདྨས། གདུག་པ་བགེགས། སྡང་བ་དགྲ་གསུངས། རུ་བི་མ་ལ། གདུག་པ་རྣལ་འབྱོར་སེམས། སྡང་བ་ཞེ་སྡང་ཟེར། རུ་བལ་པོ། གདུག་པ་ཉོན་མོངས། སྡང་བ་རྣམ་སྨིན་ཟེར། ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །ཞེས་པ། རུ་པདྨ་ཐུགས་རྗེས་ཟུང་། ཉོན་མོངས་རྒྱོབ། ངན་འགྲོར་སྐྱེ་བ་ཆིངས་ཟེར། རུ་བི་མ་ལ། ལྕགས་ཀྱུས་ཟུང་། ཐོ་བས་རྒྱོབ། ཞགས་པས་ཆིངས་ཟེར། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཞེས་པས། རུ་པདྨ་ཆོས་ཉིད་རྟོགས་ནས་ཉོན་མོངས་པ་བྲལ་བར་གྱིས་ཟེར། རུ་བི་མ་ལ། རྒྱབ་རྟེན་བྱེད་པ་རྟོགས། རུ་བལ་པོ་ལྷའི་གྲོགས་དང་བྲལ་བར་གྱིས་ཟེར། རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཅེས་པས། རུ་པདྨ་འཁོར་བ་ནས་ཁུག་ཆོས་སྨྲར་ཆུག་ཟེར། རུ་བི་མ་ལ། བླ་ཁུག་སྨྱོ་བས་སྨྲར་ཆུག་ཟེར་རོ། །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཞེས་པས། རུ་པདྨ་ཡེ་ཤེས་ཕོབ་ཅིག་ཉོན་མོངས་གཟིར་ཟེར། རུ་བི་མ་ལ། ལིངྒ་ལ་ཕོབ། སྔགས་ཕྱག་རྒྱས་གཟིར་ཟེར། ང་ཡི་དབང་དུ་གྱུར་ནས་ཀྱང་། །ཞེས་པས། རུ་པདྨ་སེམས་དབང་དུ་གྱུར་ནས་ཟེར། རུ་བི་མ་ལ། སྔགས་ཀྱི་དབང་དུ་ཟེར། བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ཞེས་པས། རུ་པདྨ་རྟོགས་པའི་བཀའ་ཉོན་ཟེར། རུ་བི་མ་ལ། བྲན་ལྟར་ཉོན། སྔགས་ལ་བཤད་པ་བྱས་པས་བྱིན་རླབས་ཚར་རོ། །རཀྟའི་བར་པའི་འབྲུ་དོན་ནི། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཞེས་པས། རུ་པདྨ་སྔོན་རུ་དྲའི་བྲན་དང་བཀའ་ཉན་དཔལ་ཆེན་ལ་ཕུལ་བས་གསུངས། རུ་བི་མ་ལ། བར་དུ་པདྨ་འབྱུང་གནས་ཀྱིས་དམ་ལ་བཏགས་པས་ཟེར། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ཅེས་པས། རུ་པདྨ་སྔོན་དཔལ་ཆེན་གྱི་སྤྱན་སྔར་ཇི་ལྟར་དམ་བཅས་པ་བཞིན་ཟེར། རུ་བི་མ་ལ། པད་འབྱུང་སྤྱན་སྔར་དམ་བཅས་པ་བཞིན་ཟེར་རོ། །མངོན་སྤྱོད་ཕྲིན་ལས་རྫོགས་པར་མཛོད། །ཅེས་པས། རུ་པདྨ་མངོན་དུ་ཐོབ་པར་མཛོད་ཟེར། རུ་བི་མ་ལ། དྲག་པོ་སྒྲོལ་ཟེར། རཀྟ་ཐ་མའི་འབྲུ་དོན་ནི། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཞེས་པས། རུ་པད་འབྱུང་གདུག་པ་ཉོན་མོངས། སྡང་བ་རྣམ་སྨིན་ཟེར། རུ་བི་མ་ལ། གདུག་པ་བགེགས། སྡང་བ་དགྲ་ཟེར། ལྷའམ་གནོད་སྦྱིན་བདུད་ཀྱང་རུང་། །ཞེས་པས། རུ་པདྨ་ལྷ་དམ་ལ་འདའ་བ་བདུད་ཡིན་ཟེར། རུ་བི་མ་ལ། ལྷ་ཀླུ་བདུད་དང་དྲི་ཟའང་རུང་ཟེར། ང་ལ་བར་ཆད་བྱེད་པ་རྣམས། །ང་ལ་སྔགས་ཀྱི་བཀའ་བདེན་པས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །ཞེས་པས། རུ་པདྨས་མཐུ་སེམས་བསྒྱུར་བ་རྫུ་འཕྲུལ་ཡ་མ་ཟུང་སྟོན་པའི་ནུས་པ་མེད་པར་གྱིས་ཤིག་པའོ། །རཀྟ་ཚར་རོ། །དྲུག་པ་སྦྱོར་སྒྲོལ་གྱི་པཱུ་ཛ་ནི། སྦྱོར་བ་ནི་ཁྲོ་བོ་ཡབ་ཡུམ་སྦྱོར། སྒྲོལ་བ་ནི་དགྲ་དང་བགེགས་སྒྲོལ་བའོ། །དེ་ཡང་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཡབ་ལྔ། གཡོན་གྱི་སོར་མོ་ལྔ་ཡུམ་ལྔར་བསྐྱེད། ཡབ་ཀྱི་མཁའ་མི་དམིགས་པ་ལས་ཧཱུྃ་ལས་རྡོ་རྗེ་དབལ་དང་བཅས་པ་བསྐྱེད། ཡུམ་གྱི་མཁའ་མི་དམིགས་པ་ལས། ཨེ་ལས་ལྕགས་ཀྱི་གཏུན་ཁུང་གྲུ་གསུམ་པར་བསམ། དགྲ་བགེགས་བཀུགས་ལ་ནང་དུ་བཅུག །རྡུངས་ཤིག་རྡོ་རྗེ་འབར་བའི་དབྱིངས། །ཞེས་པས་བསྐུལ། ལག་པ་རྡོ་རྗེ་བསྡམས་པས་ཁ་ཐཾ་བརྗོད་ཅིང་དགྲ་བགེགས་ཕྱེ་མར་བརྡུངས་པས། རྒྱུ་གཏི་མུག་ལས་འབྲས་བུ་ཤར་སྨིན་པ་ཀ་པཱ་ལ་ཁེངས་པ་ལྔ་བྱུང་། གཙོ་བོ་བདག་རྩ་བའི་དལ་ལ་ཕུལ། ལྷག་མ་དལ་གཉིས་ཀྱིས་གསོལ་བར་བསམ། ཡང་ཁ་ཐཾ་བདུན་གྱིས་བརྡུངས་པས། རྒྱུ་འདོད་ཆགས་ལས་འབྲས་བུ་ཁྲག་ཏུ་སྨིན་པ་ཀ་པཱ་ལ་ལྔ་བྱུང་། གཙོ་བོར་ཁྲོ་བོ་ལ་ཕུལ། ལྷག་མ་དཀྱིལ་འཁོར་གཉིས་ཀྱིས་ལྷག་མེད་ཀྱིས་ཟོས་པར་བསྒོམ། ཡང་ཁ་ཐཾ་བདུན་གྱིས་བརྡུངས་པས། རྒྱུ་ཞེ་སྡང་ལས་འབྲས་བུ་རུས་པར་སྨིན་པ་ཀ་པཱ་ལ་ལྔ་བྱུང་། གཙོ་བོ་ཕུར་པ་རྫས་ལ་ཕུལ། ལྷག་མ་དལ་ཐམས་ཅད་ཀྱིས་གསོལ་བར་བསྒོམ། དེ་ནས་ལྷ་ཐམས་ཅད་དགྱེས་པས་ཧ་ཧ་ཞེས་གསུངས་སོ། །དེ་ནི་དུག་གསུམ་གྱི་མཆོད་པ་དངོས་ཡིན་ནོ། །འབྲུ་བཤད་ནི། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །ཞེས་པས། རུ་པད་འབྱུང་གིས་མཚན་མའི་ཐོ་གཏུན་གྱིས་འབྲུབ་ཁུང་དུ་བརྡུང་། དབྱིངས་ཀྱི་ཐོ་གཏུན་གྱིས་དངོས་པོ་བརྡུང་། ཐབས་ཤེས་ཀྱི་ཐོ་གཏུན་གྱིས་ཡུམ་གྱི་མཁར་བརྡུང་། རུ་བི་མ་ལས། ཕྱིའི་དུས་ན་རྡོ་རྗེ་ཐོ་བ། ནང་གི་དུས་ན་ཐུགས་ཡང་དག་པའི་ཡེ་ཤེས། གསང་བའི་དུས་ན་ཡབ་ཀྱི་རྡོ་རྗེའོ། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །ཞེས་པས། རུ་པདྨ་བསྟན་པ་ལ་གནོད་པ་ཟེར། རུ་བི་མ་ལ། རུའི་སྐུ་ལ་གནོད་པ་ཟེར། རུ་བལ་པོ། སྔགས་འཆང་གི་སྐུ་ལ་གནོད་པ་ཟེར། རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ཞེས་པས། རུ་པདྨ་གསང་བའི་རྡོ་རྗེ་ལ་བྱང་སེམས་ཀྱི་མེ་དབལ་ཅན་ནམ། ཕྱག་མཚན་གྱི་རྡོ་རྗེ་ལ་ཡེ་ཤེས་ཀྱི་མེ་དབལ་ཅན་གྱིས་གནོད་བྱེད་ཀྱི་སྙིང་བསྲེགས་པའོ། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཅེས་པས། རུ་པདྨ། ཞེ་སྡང་གི་ལུས། འདོད་ཆགས་ཀྱི་ངག་ཡེ་ཤེས་ཀྱི་མེས་རྡུལ་དུ་རློག་ཟེར། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །ཞེས་པས། རུ་པདྨས། ཁྲོ་མོ་ཀྲོ་དྷཱི་ཤྭ་རཱིའི་མཁའ་དབྱིངས་ལ་བྱ། རྡོ་རྗེ་ཐོ་བས་བརྡུང་བར་བྱ། །ཞེས་པ་གསང་བའི་རྡོ་རྗེ་སྟེ། ཐབས་ཡེ་ཤེས་ལ་བྱ། ལྷ་ཡང་རུང་སྟེ་བརླག་པར་བྱ། །ཞེས་པས། ལྷའི་བུའི་བདུད་དམ་ཚངས་པའམ་བིཥྞུའང་གནོད་ན་བརླག་པར་བྱའོ། །སྦྱོར་སྒྲོལ་ཚར་རོ། །བདུན་པ་འདོད་དོན་གསོལ་བ་གདབ་པ་ནི། རཀྟ་དང་ཕུད་བསྲེས་པ་དབུལ་ཞིང་། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པས་རྒྱས་པའམ། བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །ཞེས་པས་འབྲིང་ངམ། རྡོ་རྗེ་གསང་བའི་བཀའ་ལས་ནི། །ཞེས་པས་བསྡུས་པ་གང་རུང་བྱའོ། །དམ་ཚིག་ཆེན་པོ་དྲུག་ནི་བཤད་ཟིན། འབྲུ་ལ་བཤད་ན་བར་པ་ནི། བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །ཞེས་པ་ནི། ཕྱི་རབས་རྟེན་གྱི་གང་ཟག་གོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །ཞེས་པས། རུ་པདྨ་ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དོན་དམ་བྱང་ཆུབ་ཏུ་སེམས་བསྐྱེད་པའོ་གསུངས། རུ་བི་མ་ལ། བྱང་བ་སྒྲིབ་པ། ཆུབ་པ་པོ་དེར་གཉིས་མེད་དུ་སེམས་བསྐྱེད་གསུངས། དུས་གསུམ་རྒྱལ་བའི་གདུང་འཚོབ་པ། །ཞེས་པས། རུ་པད་འབྱུང་། དུས་གསུམ་མཉམ་ཉིད་དུ་རྟོགས་ན་རྒྱལ་བ་དེའི་གདུང་ལྟ་བ་རྟོགས་པས་ཟིན་པའོ། །རུ་བི་མ་ལ། དུས་གསུམ་རྒྱལ་བའི་གདུང་རྡོ་རྗེ་གཞོན་ནུས། དེའི་གདུང་ཁྲོ་བོ་བཅུས། དེའི་གདུང་ཕུར་སྲུང་ཡན་ཆད་ཀྱིས་གསུངས་སོ། རིག་འཛིན་བདག་ཅག་རྣམས་ལ་ནི། །ཞེས་པས། རུ་པད་འབྱུང་རིག་འཛིན་བཞིའི་རིགས་འོག་མ་རྣམས་ཀྱིས་བཟུང་། རུ་བི་མ་ལ་རིག་པ་རྣལ་འབྱོར་པས་བཟུང་ངོ་གསུངས། གནོད་ཅིང་གདུག་པའི་དགྲ་དང་བགེགས། །ཞེས་པས། རུ་པད་འབྱུང་བསྟན་པ་ལ་གནོད་པ་སྔགས་འཆང་ལ་གདུག་པ་དེ་དགྲ་དང་བགེགས་ཡིན་པས་གསུངས། བདུད་དང་བར་དུ་གཅོད་པ་དང་། །ཞེས་པས། རུ་པད་འབྱུང་མཱ་ར་ཞེས་པས་བདུད་དེས་དགེ་བའི་བར་དུ་གཅོད་པ་ཡིན་གསུངས། རུ་བི་མ་ལ། དེས་མཐོ་རིས་ཐར་པ་ལ་བར་དུ་གཅོད་ཟེར། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཞེས་པས། རུ་པདྨ་དངོས་གྲུབ་སྐུ་གསུང་ཐུགས་ཀྱི་འཕྲོག་པ་དེ་འཚེ་བའོ། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཞེས་པས། ཁྲོ་བོ་སྔར་དང་འདྲ། ཆེན་པོ་ཡེ་ཤེས་དང་ལྡན་པའོ། །བྱིན་རླབས་གང་འདོད་པའོ། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །ཞེས་པས། སྐད་ཅིག་ཐང་ཅིག་ཡུད་ཙམ་ལ། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། ཞེས་པས་ཆེ་མཐོང་ཆུང་མཐོང་སྒྲོལ་བའོ། །སྒྲོལ་ལུགས་ནི། ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཅེས་པས། ཉོན་མོངས་ཡེ་ཤེས་ལྔར་བསྒྲལ་ལོ། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་པས། བུདྡྷ་དང་སྔགས་འཆང་གི་བཀའ་ལས་འདས་པའི་ཆད་པས་ཁོང་ནས་མེ་འབར་བ་དང་། ཁ་ནས་ཁྲག་སྐྱུག་པ་འོང་བ་ཆོས་ཉིད་ཡིན་ནོ། །འདོད་དོན་ཐ་མ་ནི། རྡོ་རྗེ་གསང་བའི་བཀའ་ལས་ནི། །ཞེས་པས། རུ་པདྨ་རྡོ་རྗེ་ཐུགས་སྐྱེ་ཤི་མེད་པ། དེ་སྣོད་མིན་ལ་གསང་བའོ། །སྡིག་ཅན་གང་གི་འདའ་བྱེད་པ། །ཞེས་པས། རུ་པདྨ་རྡོ་རྗེ་འཆང་གི་བཀའ་ལས་འདའ་བའི་དམ་ཉམས་པ་དེའོ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཞེས་པས། རུ་པདྨ་ཡེ་ཤེས་ཀྱི་སྟོབས་ཀྱིས་བདུད་འཇོམས་པ་ཟེར། ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཞེས་པས། ཀླད་པ་བྱང་སེམས་ཀྱི་མཚོ་ཡིན་པ་དང་། ཡན་ལག་གི་དང་པོ་མགོ་བོ་ཡིན་པ་ཁོས་ཞེས་པ་དང་། རུ་པད་འབྱུང་དངོས་འཛིན་གྱི་མགོ་ཁོས་གསུངས། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཞེས་པས། རུ་པདྨ་ཆོས་ཉིད་བདེན་པའི་བཀའ་ལ་ཉོན། དམ་ཚིག་མ་འདའ། ཞེས་པས། དམ་ཚིག་སྲུངས་ཤིག་པའོ། །དེ་ནས་བསྟོད་པ་གཉིས་གཉིས་བྱའོ། །བསྙེན་པས་དངོས་གྲུབ་ཀྱི་བཅུད་བླང་བ་ནི། བསྙེན་འཛབ་ལ་གསུམ། དང་པོ་འཛབ་ཁང་དབྱེ་བ། བར་དུ་འཛབ་བཟླ་བ། ཐ་མ་འཛབ་བསྟོད་བྱ་བའོ། །དང་པོ་ནི། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ཞེས་པས་ཚིག་བཞིས་དབྱེ་བའོ། །བར་དུ་འཛབ་བཟླས་པ་ལ་གསུམ། ཕྱི་ལྟར་བཟླས་པ་དང་། ནང་ལྟར་གསང་བ་ལྟར་རོ། །དེ་རེ་རེ་ལ་སྐུའི་བཟླས་པ། གསུང་ལྟར། ཐུགས་ལྟར། ཡོན་ཏན་ལྟར། ཕྲིན་ལས་ལྟར་བཟླས་པའོ། །དང་པོ་ནི། དྲག་པོ་ཉི་ཟེར་གྱི་ཆར་དབབ་པ་ཡིན་ཏེ། བདག་གི་སྤྱི་བོ་ནས་བུདྡྷ་ཀཱི་ལ་ཡའི་ཐུགས་ཀ་ནས། འོད་སྨུག་ནག་དབྱིབས་ཕུར་པ་འདྲ་བ། ཆེ་བ་ཀ་གདུང་ཙམ། ཆུང་བ་ཡུངས་འབྲུ་ཙམ་འཕྲོས་པས་གང་ལ་ཕོག་པས་ཉལ་ཉལ་འགྲོ་བར་བསམ་ཞིང་། ༀ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་བཟླ། འོད་ཟེར་ཕྱིར་འཕྲོས་ཕྱི་ལྟར་བཟླས་པའོ། །སྤྱི་བོ་ནས་བཟླས་པས་ནང་སྐུ་ལྟར་བཟླས་པའོ། །དེས་འགྲེ་སྟེ། དེ་ལྟར་ལྐོག་མའི་པདྨ་ཀཱི་ལ་ཡས་ཨཱཿཔདྨ་ཀཱི་ལི་ཀཱི་ལ་ཡ་བཟླ། འོད་ཟེར་དམར་ནག་དབྱིབས་ཕུར་བ་འདྲ་བ་ཆེ་ཆུང་གོང་གི་འགྲེས། དེས་གསུང་གི་ཕྱི་ནང་འགྲེས། ཡང་ཐུགས་ཀྱི་བཛྲ་ཀཱི་ལ་ཡས་ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཟླ། འོད་ཟེར་མཐིང་ནག་ཕུར་པ་འདྲ་བ་སྤྲོས། ཐུགས་ཀྱི་བཟླས་པའོ། །ཡང་ལྟེ་བ་ནས་རཏྣ་ཀཱི་ལ་ཡས་སྭཱ་རཏྣ་ཀཱི་ལི་ཀཱི་ལ་ཡ་བཟླ། འོད་ཟེར་སེར་ནག་སྔར་དང་འདྲ། ཡོན་ཏན་གྱི་བཟླས་པའོ། །གསང་གནས་ནས་ཀརྨ་ཀཱི་ལ་ཡས་ཧཱ་ཀརྨཱ་ཀཱི་ལི་ཀཱི་ལ་ཡ་བཟླ། འོད་ཟེར་ལྗང་ནག་ཕྲིན་ལས་ཀྱི་བཟླས་པའོ། །དེ་ནས་ནང་གི་བཟླས་པ་འོད་ཟེར་ནང་དུ་འཕྲོས་པས་ནད་གདོན་བསྲེགས་པའོ། །གསང་བའི་བཟླས་པ་ནི། འོད་རྩ་སྦུབས་དང་སྙིང་དཀར་ནག་ཏུ་འཕྲོས་པའོ། །བསྙེན་པའོ། །དངོས་གྲུབ་བླང་བ་ནི། མན་ངག་ལྟར་བྱའོ། །བརྒྱད་པ་ཚོགས་མཆོད་ནི། དང་པོ་ག་ཎ་ཚོགས་ལ་བརྒྱད་དེ། དང་པོ་ཚོགས་ལ་གསུམ། དེ་ནས་གསོག་པ་གསུམ། དེ་ནས་བསང་བ་གསུམ། དེ་ནས་སྦྱང་བ་གསུམ། དེ་ནས་བརླབ་པ་གསུམ། དེ་ནས་བསྐྱེད་པ་གསུམ། དེ་ནས་ཡུལ་གསུམ། དེ་ནས་དམ་ཚིག་གསུམ་མོ། །དང་པོ་ཚོགས་པ་གསུམ་ནི། དགའ་ལྡན་ལྷའི་ཚོགས། དགྱེས་ལྡན་མིའི་ཚོགས། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་སོ། །དེ་ཡང་དང་པོ་ལྷ་རང་ཡང་ཕྱི་ནང་བསྲེར་མི་བཏུབ་སྟེ། ལྷ་མཐུན་པ་ཞིག་བསྒོམ་དགོས་སོ། །གཉིས་པ་མི་རང་ཡང་མི་མཐུན་པ་མི་རུང་སྟེ་དམ་ཚིག་གཙང་བ་ཞིག་དགོས་སོ། །གསུམ་པ་ལོངས་སྤྱོད་ཀྱང་ངན་ཆུང་བས་མི་ཐུབ་སྟེ། བཟང་པོ་གྱ་ནོམ་པ་རྨད་དུ་བྱུང་བ་དགོས་སོ། །གཉིས་པ་གསོག་པ་ལ་གསུམ་ནི། གནས་དུར་ཁྲོད་ལྟ་བུར་གྲུབ་པ་ཐོབ་པའི་བླ་མ་གསོག །ལྷ་གྲངས་དང་མཉམ་པའི་རྣལ་འབྱོར་ཕོ་མོ་གསོག །འདོད་ཡོན་ལྔའི་ལོངས་སྤྱོད་གསོག་པའོ། །གསུམ་པ་བསང་བ་གསུམ་ནི། དང་པོ་བདག་ཉིད་བསང་། གཉིས་པ་མཆེད་ལྕམ་བསང་། གསུམ་པ་ཚོགས་བསང་བའོ། །དང་པོ་ནི། རང་ལའང་ཏིང་ངེ་འཛིན་མི་གསལ་བ་དང་། ཆོ་ག་ལས་མ་ཚང་བ་ཡོད་པས། ཨ་མྲྀ་ཏ་རང་ལ་གཏོར་བས་དག་པས་བསམ། གཉིས་པ་མཆེད་ལྕམ་ལ་ཉམས་གྲིབ་ཡོད་པས་ཨ་མྲྀ་ཏ་གཏོར་བས་དག་པར་བསམ། གསུམ་པ་ཚོགས་ལའང་མ་དག་པ་ཉམས་པ་ཡོད་པས་ཨ་མྲྀ་ཏ་གཏོར་བས་དག་པར་བསམ་མོ། །བཞི་པ་སྦྱང་བ་གསུམ་ནི། སྣོད་ཐོད་པ་སྟོང་གསུམ་ཙམ་དུ་བསམ་ལ། ནང་གི་ཚོགས་ཀྱི་དངོས་པོའི་སྟེང་དུ། རྃ་ལས་མེ་འབར་བསྲེགས། ཡྃ་ལས་རླུང་བྱུང་གཏོར། ཁྃ་ལས་ཆུ་བྱུང་བཀྲུས་པར་བསམ་མོ། །ལྔ་པ་བརླབ་པ་ལ་གསུམ་ནི། ཚོགས་ཀྱི་སྟེང་དུ་ཧཱུྃ་བྱུང་བས་སྔོ་དིང་སོང་། ཨཱཿབྱུག་བས་དམར་མེར་སོང་། ༀ་བྱུང་བས་དཀར་པོ་ཤེལ་ལྟར་དྭངས་པར་བསྒོམ། དྲུག་པ་བསྐྱེད་པ་གསུམ་ནི། དང་པོ་མཆོད་པའི་དུས་སུ་འདོད་ཡོན་ལྔར་བསྐྱེད། བཤགས་པའི་དུས་སུ་ཡེ་ཤེས་ལྔར་བསྐྱེད། བསྟབ་པའི་དུས་སུ་དགྲ་བགེགས་ཀྱི་དོན་སྙིང་ལྔར་བསྐྱེད་པའོ། འདོད་ལྷ་ནི་བདུད་རྩི་འཁྱིལ་བས་བྱའོ། །དེ་ཡང་ཚོགས་ཀྱི་སྟེང་དུ་ཨ་ལས་ཟླ་བ་བསྒོམ། དེའི་སྟེང་དུ་ཡབ་ལྔའི་ས་བོན་ༀ་ཨཱཿཧཱུྃ་སྭཱ་ཧཱ་བསྐྱེད། ཉི་མའི་སྟེང་དུ་ཡུམ་ལྔའི་མཱུཾ་མཱུཾ་མཱཾ་པྱཱཾ་ཏཱཾ་བསྐྱེད། དེ་ལས་ཡབ་ཡུམ་བསྐྱེད་ལ། ༀ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿ ཞེས་བརྗོད་པས་ཡབ་ཡུམ་སྦྱོར་བ་མཛད་པས་ཐིག་ལེ་བྱང་སེམས་སུ་ཞུ་སྟེ། སྤྲིས་མ་ༀ་དུ་ཆགས་པ་ལ་འདོད་ཡོན་ལྔའི་ལྷ་མོ་འཕྲོ་བར་བསམ། བདུན་པ་ཡུལ་གསུམ་ནི། བླ་མ་རྡོ་རྗེ་འཆང་རྣམས་དང་། ཡི་དམ་དལ་ལྷ་རྣམས་དང་། མ་མོ་མཁའ་འགྲོ་དཔའ་བོ་དཔའ་མོ་རྣམས་ལ་འབུལ་ལོ། །བརྒྱད་པ་དམ་ཚིག་ལ་བཞི། མི་བྱ་བ་གསུམ། མི་སྨྲ་བ་གསུམ། མི་བསམ་པ་གསུམ། མི་འབྲལ་བ་གསུམ་མོ། །དང་པོ་ནི། སེམས་འཁྲུགས་པའི་རྩོད་པ་མི་བྱ། གཟུང་འཛིན་སྐྱེ་བའི་འཁྲུལ་གཏམ་མི་བྱ། ཐེག་པ་འོག་མའི་འབགས་བཙོག་མི་བསྲུང་ངོ་། །གཉིས་པ་ཚོགས་ལ་གཞན་གྱི་ཆེ་སྟེ་བདག་གི་ཆུང་མི་བྱ། ན་ནིང་བཟང་སྟེ་ད་ལོ་ངན་པ་མི་བྱ། ཁ་སང་མང་སྟེ་དེ་རི་ཉུང་བར་མི་བྱ། གསུམ་པ་ནི། ཚོགས་མཐོང་བའི་ཚེ་བཟའ་ཡི་སྙམ་དུ་མི་བསམ། བཏུང་གི་སྙམ་དུ་མི་བསམ། ཞིམ་གྱི་སྙམ་དུ་མི་བསམ་པའོ། །བཞི་པ་མི་འབྲལ་བ་གསུམ་ལ། ལུས་ལྷ་དང་མི་འབྲལ། ངག་སྔགས་དང་མི་འབྲལ། སེམས་རྫོགས་རིམ་དང་མི་འབྲལ་བའོ། །དེ་ནས་ལག་ལེན་ལ་རྩ་རྒྱུད་ལས། བགེགས་བསྐྲད་བྱིན་རླབས་སྤྱན་དྲངས་དང་། །མཆོད་དང་སྐོང་བ་ཟློག་པ་ནི། །སྟོད་ཀྱི་ལས་སུ་ཤེས་པར་བྱ། །བསྟོད་དང་འབུལ་དང་བཤགས་པ་དང་། །སྨོན་ལམ་རྒྱ་ཆེན་བཏབ་པ་ནི། །སྨད་ཀྱི་ལས་སུ་ཤེས་པར་བྱ། །ཞེས་བཤད་པས་ན། ལག་ལེན་ལས་བྱང་ལྟར་དུ་ཤེས་པར་བྱའོ། །ག་ཎ་ཚོགས་མཆོད་ཚར་རོ། །དེ་ཡན་ཆད་སྟོད་ལས་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་རྫོགས་སོ།། ༈ །།འདི་མན་ཆད་སྨད་ལས་དགྲ་བགེགས་ཚར་གཅོད་པ་ཡིན་ཏེ། རྡོ་རྗེ་འཆང་གིས་གསུངས་པ་ཡིན་ནོ། །སྤྱི་དོན་ལྔ་པ་གབ་པའི་སྔགས་དྲུག །ཚེ་ལུང་ཁྲུས་ལུང་གིས་ཁ་བསྐངས་ཏེ་གདབ་པའི་ལས་བྱ། ཞེས་པ་ལ་གསུམ་སྟེ། དང་པོ་གབ་པའི་སྔགས་དྲུག་བསྟན་པ་དང་། ཚེ་ལུང་ཁྲུས་ལུང་བསྟན་པ་དང་། གདབ་ལས་དངོས་བསྟན་པའོ། །དང་པོ་སྨད་ལས་འདི་རྣམས་དགྲ་བགེགས་རྩད་ནས་བཅད་པའི་ཕྱིར་རྡོ་རྗེ་འཆང་གིས་གསུངས་པ་ནི། དགྲ་བགེགས་ཐམས་ཅད་བསྒྲལ་བའི་ཞིང་བཅུ་ལ་འདུས་ཏེ། བླ་མའི་སྐུ་དགྲ། སྔགས་འཆང་གི་སྐུ་ལ་བསྡོ་བ། དཀོན་མཆོག་གི་དབུ་འཕང་སྨད་པ་སོགས་ཞིང་བཅུ་སྟེ། ཕུར་པ་ཁྲག་འཐུང་རྩ་བའི་རྒྱུད་ལས། དཀོན་མཆོག་དབུ་འཕང་སྨོད་པ་དང་། །སངས་རྒྱས་བསྟན་པ་བཤིག་པ་དང་། །དགེ་འདུན་འདུ་བའི་སྒོ་འཕྲོག་དང་། །ཐེག་ཆེན་ཆོས་ལ་དམོད་པ་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །རྡོ་རྗེའི་ནང་དུ་དབྱེན་སྤྱོད་དང་། །སྒྲུབ་ལ་བར་ཆད་བྱེད་པ་དང་། །གང་ཞིག་དམ་ལས་ལོག་པ་དང་། །སྙིང་རྗེ་མེད་པའི་སྲིན་པོ་དང་། །མུ་སྟེགས་ལོག་ལྟར་གཏོང་བ་དང་། །སྒྲུབ་པ་པོ་ལ་དོ་བསྡོ་བ ། འདི་རྣམས་བསྒྲལ་བའི་ཞིང་བཅུའོ། །ཞེས་པས་དགྲ་བགེགས་དེ་རྣམས་ཀྱི་རྒྱས་བཤད་ཕུར་པ་གསང་རྒྱུད་ནས་བཤད་པས་དེར་ལྟོས་ཤིག །དེ་ཡང་རྒྱུད་ཀྱི་དགོངས་པ་གབ་པའི་སྔགས་དྲུག་འདི་ལ་བཞི་སྟེ། མངོན་སྤྱོད་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པས་ཀུན་གྱི་སྣ་འདྲེན་དུ་བཏང་བ་དང་། སྒྲུབ་པ་ཐམས་ཅད་ཀྱི་ངོ་བོ་ཡིན་པས་དཀྱུས་ཀྱི་ཁོང་ཁྲར་བཏང་བ་དང་། ལས་ཐམས་ཅད་ཀྱི་མཇུག་སྡུད་ཡིན་པས་སྨོན་ལམ་གྱི་ཚུལ་དུ་གདབ་པ་དང་། དྲག་སྔགས་ཡིན་པས་ངན་སྔགས་སུ་བྱས་ཏེ་སྲོག་ལ་འཁོར་ལོ་བསྐོར་བའོ། །དེ་ཡང་རྒྱུད་ལས། ལྷ་དཔྲལ་གནས་ནས་དགུག་པ་དང་། །རྣམ་ཤེས་གཟུགས་བསྟིམ་བྱད་དུ་གཞུག །སྨྱོར་གཞུག་རྡུལ་དུ་རླག་པ་དང་། །ཤ་ཁྲག་ཞལ་དུ་བསྟབ་ན་དགྱེས། །འདི་དྲུག་ཤེས་ན་ལས་རྣམས་འགྲུབ། །ཅེས་གསུངས་སོ། །འདི་ལ་རྒྱུད་སྡེ་མ་མཐོང་བ་ཁ་ཅིག་ལྔ་ལྔ་བདུན་བདུན་བྱེད་པ་འདུག་ཀྱང་། རྩ་རྒྱུད་ཀྱི་དགོངས་པ་བཅུ་བཅུ་སྟེ་དྲུག་ཅུ་ཐམ་པར་བཤད་དོ། །གང་ཞེ་ན། དང་པོ་གཉེན་པོ་སྟོབས་ཀྱི་ལྷ་དྲུག །གདབ་པ་གནད་ཀྱི་ཕུར་པ་དྲུག །གདབ་པའི་གནས་དྲུག །བསྐུལ་བར་བྱ་བའི་ཕོ་ཉ་དྲུག །གདགས་པར་བྱ་བའི་འཕྱང་དྲུག །བསག་པར་བྱ་བའི་རྫས་དྲུག །བཟླ་བར་བྱ་བའི་སྔགས་དྲུག །བཅའ་བར་བྱ་བའི་ཕྱག་རྒྱ་དྲུག །ཏིང་ངེ་འཛིན་དྲུག །གདབ་པའི་སྨོན་ལམ་དྲུག་སྟེ་བཅུའོ། །དེ་ལས་དང་པོ་ལྷ་དང་ཕྲལ་བ་ལ་བཅུ་སྟེ། གཉེན་པོ་སྟོབས་ཀྱི་ལྷ་ནི་བདུད་རྩི་འཁྱིལ་བ་སྟེ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། ཅེས་སོ། །འཇིག་རྟེན་ལས་ཀྱི་ལྷ་ནི་རྡོ་རྗེ་ལེགས་པའོ། །གཉིས་པ་གདབ་པ་གནད་ཀྱི་ཕུར་པ། སེང་ལྡེང་དམར་པོའོ། །གསུམ་པ་གདབ་པའི་གནས་ནི་སྤྱི་གཙུག་ཏུ་གདབ་སྟེ། གནམ་གྱི་འཇུ་ཐག་བཅད་པའི་ཕྱིར་རོ། །བཞི་པ་བསྐུལ་བའི་ཕོ་ཉ་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པའོ། །ལྔ་པ་གདགས་པའི་འཕྱང་ནི། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཞེས་པའོ། །དྲུག་ལ་བསགས་པའི་རྫས་ནི། གུ་གུལ། ཁྱི་ལུད། ཚིལ་ཆེན། ལྷྭམ་འབོག །རྟ་བོང་གི་ལུད་དོ། །བདུན་པ་སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿཆེ་གེ་མོ་མཱ་ར་ཡ་ཧ་ས་ཡ་ར་ཧྲཱི་ད་ཡ་ན་སརྦ་བིགྷྣཱན་བནྡྷ་ཧཱུྃ་ཕཊ། ཅེས་པའོ། །བརྒྱད་པ་བཅའ་བའི་ཕྱག་རྒྱ་ནི། དུད་པས་བདུག་པའི་ཚུལ་ཏེ། དངོས་སུའང་བདུག་གོ། །དགུ་པ་ཏིང་ངེ་འཛིན་ནི། བདག་གི་ཐུགས་ཀ་ནས་སྤྲུལ་པ་ཡང་སྤྲུལ་མང་པོ་གུ་གུལ་གྱི་དུད་པ་ཐོགས་པ་མང་པོ་བྱུང་སྟེ་བདུག་པས་དགྲ་བོ་ལྷ་དང་ཕྲལ་ཏེ་མི་མེད་པའི་གྲོང་སྟོང་པའམ། བྱི་ཁྱུར་རྡོ་འཕངས་པས་གཞན་འཕུར་ཏེ་ཕོག་པ་དེ་ཁོ་ན་གཅིག་པུར་ལུས་པ་ལྟར་བསམ་མོ། །བཅུ་པ་སྨོན་ལམ་ནི། གཙོ་བོ་རྡོ་རྗེ་གཞོན་ནུ་ནས་ཕུར་སྲུང་ཡུལ་ཕྱོགས་ལྷ་ཀླུ་རྣམས་བརྗོད་ལ་དགྲ་བོ་དམ་ཉམས་ཆེ་གེ་མོ་འདི་ཕོ་ལྷ་དང་ཕྲོལ་ཞིག །མོ་ལྷ་དང་ཕྲོལ་ཞིག །དགྲ་ལྷ་དང་ཕྲོལ་ཞིག །ཞང་ལྷ་དང་ཕྲོལ་ཞིག །ཚེ་ལྷ་དང་ཕྲོལ་ཞིག །ཡུལ་ལྷ་དང་ཕྲོལ་ཞིག །གཉིས་པ་གཟུགས་ལ་དབབ་པ་ལ་བཅུ་སྟེ། དང་པོ་གཉེན་པོ་སྟོབས་ཀྱི་ལྷ་མི་གཡོ་མགོན་པོ་སྟེ། བནྡྷ་བནྡྷ་ཧཱུྃ་ཕཊ། ཅེས་སོ། །འཇིག་རྟེན་ལས་ཀྱི་ལྷ་ནི་ཡམ་ཤུད་དམར་པོའོ། །གཉིས་པ་གདབ་ཕུར་ནི། བྱ་རྒོད་ཀྱི་ཕུར་པའོ། །གསུམ་པ་གདབ་གནས་ནི་རྐང་པའི་མཐིལ་དུ་གདབ་སྟེ་སའི་རྟེན་ཕུར་ཕྱུང་བའོ། །བཞི་པ་ཕོ་ཉ་ནི། སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཅེས་པའོ། །ལྔ་པ་འཕྱང་ནི། ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཞེས་པའོ། །དྲུག་པ་རྫས་ནི། མཚེ་ནག་ཡུངས་ནག་ཡུངས་ཀར་རྒྱལ་པོ་ཡུག་ས་མོའི་ཞབས་མའོ། །བདུན་པ་སྔགས་ནི། ཨ་ཝེ་ཤ་ཡ་ཨ་ཝེ་ཤ་ཡ་ཧཱུྃ་ཕཊ། བརྒྱད་པ་ཕྱག་རྒྱ་ནི། འབེབས་ཚུལ་ལོ། །དགུ་པ་ཏིང་ངེ་འཛིན་ནི། ཐུགས་ཀའི་འོད་ཀྱིས་གཟས་པོ་བཀུག་ལ་ལིངྒ་ལ་བསྟིམ། བཅུ་པ་སྨོན་ལམ་ནི། ལྷ་རྣམས་བརྗོད་ལ་དགྲ་བོ་ཆེ་གེ་མོ་ཁུག་ཅིག་ཕོབ་ཅིག་བསྟིམ་ཞིག་ཅེས་པའོ། །གསུམ་པ་བྱད་དུ་གཞུགས་པ་ལ་བཅུ་སྟེ། དང་པོ་གཉེན་པོ་སྟོབས་ཀྱི་ལྷ་ཁམས་གསུམ་རྣམ་རྒྱལ་ཏེ། བིནྡྷ་བིནྡྷ་ཧཱུྃ་ཕཊ། ཅེས་པའོ། །འཇིག་རྟེན་ལས་ཀྱི་ལྷ་ནི་ཀླུའི་རྒྱལ་པོའོ། །གཉིས་པ་ནི་མཆོག་ཕུར་རོ། །གསུམ་པ་ནི་གསང་གནས་སུ་གདབ་སྟེ་སྐྱེ་བ་དགུ་བརྒྱུད་བཅད་པའི་ཕྱིར་རོ། །བཞི་པ་བསྐུལ་བའི་ཕོ་ཉ་ནི། ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཅེས་སོ། །ལྔ་པ་འཕྱང་ནི། ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །ཞེས་པའོ། །དྲུག་པ་རྫས་ནི། བལ་ཚོན་སྣ་ལྔ་སྐུད་པ་དཀར་ནག་གསུམ་རྣམས་སོ། །བདུན་པ་སྔགས་ནི། ཤྲི་གྷྲཾ་ཨཱ་ན་ཡའོ། །བརྒྱད་པ་ཕྱག་རྒྱ་ནི། འཆིང་ཚུལ་ལོ། །དགུ་པ་ཏིང་ངེ་འཛིན་ནི། རང་གི་ཐུགས་ཀ་ནས་ཞགས་པ་ཐོགས་པ་མང་པོ་བྱུང་སྟེ་གྲུ་གུ་ཐུལ་དུ་བཅིངས་པར་བསམ། བཅུ་པ་སྨོན་ལམ་ནི། ལྷ་ཚོགས་ཀྱི་རྗེས་ལ་ལྷའི་བྱད་དུ་ཆུག་ཅིག་ཀླུའི་བྱད་དུ་ཆུག་གཅིག །གནོད་སྦྱིན་གྱི་བྱད་དུ་ཆུག་ཅིག །མ་མོའི་བྱད་དུ་ཆུག་ཅིག །ཅེས་སོ། །བཞི་པ་སྨྱོར་གཞུག་པ་ལ་བཅུ་སྟེ། དང་པོ་གཉེན་པོ་སྟོབས་ཀྱི་ལྷ་རྟ་མགྲིན་ཏེ། གྲྀཧྞ་གྲྀཧྞ་ཧཱུྃ་ཕཊ། ཅེས་སོ། །འཇིག་རྟེན་ལས་ཀྱི་ལྷ་ནི་རྒྱལ་པོ་བེ་དཀར་རོ། །གཉིས་པ་ནི་ཕུར་པ་ཙནྡན་ནོ། །གསུམ་པ་གནས་ནི་ལྕེའི་དཀྱིལ་དུ་གདབ་སྟེ་ངག་འཇོམས་པའོ། །བཞི་པ་བསྐུལ་བའི་ཕོ་ཉ་ནི། ཤྭ་ན་མུ་ཁའི་དུས་ལ་བབ། །ལྔ་པ་འཕྱང་ནི། རིངས་པར་ཁུག་ལ་སྨྱོར་ཆུག་ཅིག །ཅེས་པའོ། །དྲུག་པ་རྫས་ནི། དྷ་དུ་ར་ཐང་ལོ། །དུག་ཆུའོ། །བདུན་པ་སྔགས་ནི། ཛྭ་ལ་པ་ཡ་ཛྭ་ལ་པ་ཡའོ། །བརྒྱད་པ་ཕྱག་རྒྱ་ནི། བཅིང་ཚུལ་ལོ། །དགུ་པ་ཏིང་ངེ་འཛིན་ནི། སྙིང་གནས་འོད་ཚྭ་ཚྭ་ལྟ་བུ་འཕྲོས། མྱོས་ཤིང་བརྒྱལ། སྨྱོ་ཞིང་འབོག །ཁོང་ནས་མེ་འབར། །བུ་ག་དགུ་ནས་ཁྲག་འཛག་པར་བསྒོམ། བཅུ་པ་སྨོན་ལམ་ནི། དགྲ་བོ་ཆེ་གེ་མོ་སྨྱོར་ཆུག །འབོག་ཏུ་ཆུག །མྱོས་སུ་ཆུག །ཅེས་པའོ། །ལྔ་པ་རྡུལ་དུ་བརླག་པ་ལ་བཅུ་སྟེ། དང་པོ་གཉེན་པོ་སྟོབས་ཀྱི་ལྷ་དབྱུག་སྔོན་ཅན་ཏེ། ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་སོ། །ལས་ཀྱི་ལྷ་བདུད་ཀྱིས་གདུང་བའོ། །གཉིས་པ་ལྕགས་ཕུར་རོ། །གསུམ་པ་སྙིང་དཀར་ནག་མཚམས་སུ་གདབ་སྟེ་སེམས་ཀྱི་དབྱིངས་ཕྱུང་བའོ། །བཞི་པ་ཕོ་ཉ། ས་བདག་ཆེན་མོའི་དུས་ལ་བབ། །ལྔ་པ་འཕྱང་ནི། ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཅེས་སོ། དྲུག་པ་རྫས་ནི། མིའི་རྗེ་ངར་དང་། རྡོ་རྗེའི་ཐོ་བ་སོགས་སོ། །བདུན་པ་སྔགས་ནི། ཏ་ཐཱ་ཡ་ཏ་ཐཱ་ཡའོ། །བརྒྱད་པ་ཕྱག་རྒྱ་ནི། བརྡུང་ཚུལ་ལོ། །དགུ་པ་ཏིང་ངེ་འཛིན་ནོ། །སྙིང་ག་ནས་ཐོ་བ་ཐོགས་པ་མང་པོས་བརྡུང་བར་བསམ། བཅུ་པ་སྨོན་ལམ་ནི། དགྲ་བོ་ཆེ་གེ་མོ་རྡུལ་དུ་རློག །ཕྱེ་མར་གྱིས། ཐལ་བར་རློག །ཅེས་པའོ། །དྲུག་པ་ཞལ་དུ་བསྟབ་པ་ལ་བཅུ། དང་པོ་གཉེན་པོ་སྟོབས་ཀྱི་ལྷ་སྟོབས་པོ་ཆེ་སྟེ། པ་ར་བིདྱན་ཧཱུྃ་ཕཊ། ཅེས་པའོ། །ལས་ཀྱི་ལྷ་བཙན་གྱིས་བཏབ་པའོ། །གཉིས་པ་སྐྱེར་ཕུར། གསུམ་པ་གནས་ནི་ལྟེ་བ་སྟེ་བསྐྱེད་པའི་ས་བོན་གཞོམ་པའོ། །བཞི་པ་ཕོ་ཉ། བདག་ཉིད་ཆེན་མོའི་དུས་ལ་བབ། ལྔ་པ་འཕྱང་། བསྒོ་བའི་བཀའ་རྣམས་ཉན་པར་གྱིས། ཞེས་སོ། །དྲུག་པ་རྫས་ཨེ་གྲུ་གསུམ་དུ་ལིངྒ་བསྐྱུར་བའམ། ཡང་ན་ཞལ་དུ་བསྟབ་བམ་ཐོད་ངན་དུ་གཞུག་གོ། །བདུན་པ་སྔགས་ནི། བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ། ཅེས་པའོ། །བརྒྱད་པ་ཕྱག་རྒྱ་ནི། སྟོབ་པའི་ཚུལ་ལོ། །དགུ་པ་ཏིང་ངེ་འཛིན་ནི། ཧཱུྃ་གསུམ་གྱིས་གཙོ་བོ་ཞལ་དུ་གསོལ། ཕཊ་གསུམ་གྱིས་ཁྲོ་བོའི་ཞལ་དུ་གསོལ། ཧ་ཧ་ཧས་དལ་གསུམ་དགྱེས་པར་བསམ། བཅུ་པ་དགྲ་བོ་ཆེ་གེ་མོ་ཁྲོ་བོ་ཁྲོ་མོའི་ཞལ་དུ་སྟོབ་ཅེས་ལྷ་ཐམས་ཅད་ལ་སྦྱར་རོ། །དེ་ནས་ལིངྒ་དེའི་མགོ་བོ་ལ་མནན་པ་བྱ། རོ་སྟོད་ལ་སྦྱིན་སྲེག་བྱ། ཡན་ལག་གཏུན་དུ་བརྡུང་། ནང་ཁྲོལ་ལྷའི་ཞལ་དུ་སྟོབ་བོ། །དཀྱུས་ཁོང་ཁྲར་བཏང་ན། བཞི་མགོ་ལ་བཏང་། གསུམ་དཀྱུས་སུ་བཏང་། གཅིག་མཇུག་ཏུ་བཏང་ངོ་། །སྔགས་དྲུག་ཚར་རོ། །གཉིས་པ་ཚེ་ལུང་ཁྲུས་ལུང་གི་དགོངས་པས་མཐར་དབྱུང་བ་ལ་བཞི་སྟེ། གཟས་པ་པོའི་ཁྲུས་ལུང་དང་རྣལ་འབྱོར་པ་བདག་གི་ཚེ་ལུང་ངོ་། །དང་པོ་ཁོའི་ཁྲུས་ལུང་ལ་གསུམ་སྟེ། གསལ་བ་རྣམ་པ་གསུམ། ལོག་རྡུགས་འབྱམས་གསུམ། དགོངས་པ་རྣམ་པ་གསུམ་མོ། །དང་པོ་གསལ་བ་གསུམ་ནི། དང་པོ་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡས་བདག་རྡོ་རྗེ་གཞོན་ནུར་གསལ། སརྦ་བིགྷྣཱན་བནྡྷ་ཧཱུྃ་ཕཊ་ཀྱིས་ཕུར་པ་སྲས་མཆོག་ཏུ་གསལ། ཡང་བཛྲ་ཀཱི་ལི་ཀཱི་ལ་ཡ་ཚར་གཅིག་གིས་གཟས་པ་པོ་དངོས་སུ་གསལ་བར་བྱས་ཏེ། ཀཱི་ལ་ཡར་ཛཿཧཱུྃ་བྃ་ཧོཿབཏགས་པ་བརྗོད་པས། སྲས་མཆོག་གི་ཕྱག་ཐ་མ་ན་ལས་ཐམས་ཅད་པའི་སྲས་མཆོག་སྐུ་སྟོད་སོལ་དུམ་བཅག་པ་འདྲ་བ། སྐུ་སྨད་ཕུར་པ་དམར་ལྷང་ངེ་བ་གཡས་ལྕགས་ཀྱུ། གཡོན་ཕུར་པ་བསྣམས་པ་སྡེ། དཔག་ཆེན་གྱིས་མདའ་བཞིན་སོང་སྟེ། གཟས་པ་པོའི་གནས་སུ་སྐར་མདའ་ལྟུང་བ་ལྟར་བབ་སྟེ། དེའི་སྙིང་ག་ནས་ལྕགས་ཀྱུས་བཟུང་། གཡོན་གྱི་ཕུར་བུས་མི་ཞན་མི་དྲག་པར་ཕུར་བུས་འདེབས་ཀྱིན། སྡོང་གོག་དྲུད་པ་བཞིན་དུ་དུ་རུ་རུ་ཡོང་བ་ལིངྒ་ལ་བསྟིམ་མོ། །ཉ་བོ་ལ་བསྟིམ་པ་གལ་ཆེའོ། །དེ་ལྟར་གསུམ་བོ་མི་གསལ་ན་ཅི་ཉེས་ཤེ་ན། ལོག་རྡུགས་འབྱམས་གསུམ་འོང་སྟེ། བདག་རྡོ་རྗེ་གཞོན་ནུར་མི་གསལ་ན་ལྡོག །ཕུར་པ་སྲས་མཆོག་ཏུ་མི་གསལ་ན་རྡུགས་གཟས་པ་པོ་དངོས་སུ་མི་གསལ་ན་འབྱམ་འགྲོ་བའོ། །དེ་ནས་དགོངས་པ་གསུམ་ལ། ཨ་དཀར་བྱ་དཀར་གྱི་དགོངས་པ། ཐུགས་རྗེ་འབྲེལ་ཐག་གི་དགོངས་པ། གདུང་བ་ལུ་གུ་རྒྱུད་ཀྱི་དགོངས་པའོ། །དང་པོ་ནི། ༀ་ལཾ་ཧཱུྃ་ལཾ་གི་སྔགས་ལན་གཅིག་བརྗོད་པས་དལ་གསུམ་པོའི་སྤྱི་བོར་ཧཱུྃ་ཀ་ར་དཀར་པོ་རེ་བསམ། དེའི་སྤྱི་བོར་ཨ་དཀར་པོ་རེ་བསམ། ཕུར་བུའི་རྩེ་མོར་ཡང་ཨ་དཀར་པོ་རེ་བསམ། གཟས་པ་པོའི་སྙིང་གར་ཡང་ཨ་དཀར་པོ་རེ་བསམ་པ་ནི། ཨ་དཀར་བྱ་དཀར་གྱི་དགོངས་པའོ། །དེ་ནས་ༀ་ལཾ་གྱི་སྔགས་ལན་གཅིག་བརྗོད་པས་ཧཱུྃ་ཀ་ར་ཡབ་ཡུམ་དང་། ཨ་ཞུ་བས་དལ་གསུམ་བདག་གི་ལུས་རྐྱལ་གྲོད་ཞོས་བཀང་བ་ལྟར་སོང་བས་སྡིག་སྒྲིབ་དག་པར་བསམ། དེ་ནས་ཕུར་པ་ནས་གང་གིས་མ་རེག་པ་ཙམ་དུ་བསྒྲིལ་ལ། སྙིང་གར་བསྒྲིལ་བས་ཕུར་རྩེའི་ཨ་ལས་འོད་འཕྲོས། ཨ་ཕྲ་མོ་ཡུངས་ཀར་ཙམ་འཕྲོས། ཁོའི་སྙིང་གའི་ཨ་ལས་ཀྱང་འོད་འཕྲོས་ཏེ། འོད་ཕར་འཕྲོས་ཚུར་འཕྲོས་པས། གཟས་པ་པོའི་སྡིག་པ་ཐམས་ཅད་དག་པར་བསྒོམ་པ་ནི། ཁོའི་ཁྲུས་ལུང་ཡིན་ཏེ། སྔགས་བཟླས་ཤིང་ཡུན་བསྲིང་ངོ་། །དེ་བདག་དང་གཟས་པ་པོ་ཕུར་པ་གསུམ་དགོངས་པ་གཅིག་གིས་འབྲེལ། དམ་ཚིག་གཅིག་གིས་འབྲེལ། ཆོས་ཉིད་གཅིག་གིས་འབྲེལ་བས་ན་ཐུགས་རྗེའི་འབྲེལ་ཐག་གི་དགོངས་པ་ཞེས་བྱའོ། །དེ་ཡང་སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ཞེས་པ། སྤྱིར་སེམས་ཅན་ཐམས་ཅད་སྙིང་རྗེས་མི་གཏོང་། བྱེ་བྲག་ཏུ་གཟས་པ་པོ་སྙིང་རྗེས་མི་གཏོང་། ཁོ་འཁོར་བར་མི་གཏོང་བས་ན་གདུང་བ་ལུ་གུ་རྒྱུད་ཀྱི་འབྲེལ་བའི་དགོངས་པ་ཞེས་བྱའོ། །ཁྲུས་ལུང་ཚར་རོ། །ཚེ་ལུང་ལ་གསུམ་སྟེ། དང་པོ་བྱུང་ཚོར་གྱི་སྒོ་བཀག་པ། གཉིས་པ་སེམས་ཀྱི་དབྱིངས་ཕྱུང་བ། གསུམ་པ་ཀུན་གཞི་རྩད་ནས་བཅད་པའོ། །དང་པོ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་སརྦ་བིགྷྣཱན་བནྡྷ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་ཕུར་པ་ནས་གང་མ་རེག་ཙམ་དུ་མིག་ལ་བསྒྲིལ་བས་མིག་གཟུགས་ཀྱི་བྱུང་ཚོར་བཀག་རྣ་བ་ལ་བསྒྲིལ་བས་རྣ་བ་སྒྲ་ཡི་བྱུག་ཚོར་བཀག །དེ་བཞིན་དུ། སྣ་དྲི། ལྕེ་རོ། ལུས་རེག་བྱུང་ཚོར་བཀག་ནས་སྒོ་ལྔའི་རྣམ་ཤེས་དེ་སྦྲ་དཀར་ཆོན་ཐག་གཏུབ་པ་བཞིན་དུ་ཀུན་གཞི་ལ་འུབ་འདུས་པ་བཞིན་བསམ་པའོ། །གཉིས་པ་སེམས་ཀྱི་དབྱིངས་ཕྱུང་བ་ལ་གསུམ་སྟེ། དང་པོ་ཕཊ་དྲལ་བ། གཉིས་པ་གནད་སླེབ་པ། གསུམ་པ་ཏོག་བླང་བའོ། །དང་པོ་ནི། སྔགས་བཟླས་ཤིང་ཕུར་པ་རི་རབ་ཀྱིས་བསྔིགས་པས་ཁོའི་ཤ་ཁྲག་དང་སྙིང་དཀར་ནག་འབྲལ་བ་ནི་དང་པོ་ཕཊ་དྲལ་བའོ། །དེ་ནས་ཕུར་བུའི་འོད་ཀྱིས་སྙིང་དཀར་ནག་གི་མཚམས་ན་ཁྲག་གི་སྦལ་པ་མཐེ་བོང་ཙམ་ཞིག་ཡོད་པ་བསྲེག །དེའི་ནང་ན་དྭངས་མ་རྣམ་པ་གསུམ་ཡོད་དེ། ཁྲག་གི་དྭངས་མ་མཚལ་ལྕོག་ལ་དང་འདྲ་བ། རྩའི་དྭངས་མ་རྒྱུས་པ་ཀླད་པ་འདྲ་བ། དབུགས་ཀྱི་དྭངས་མ་གསེར་ས་འོག་ཏུ་སྦས་པའི་རླངས་པ་ཙམ་གསུམ་ཡོད་དེ། དེ་གསུམ་གྱི་དབུས་ན་ཀུན་གཞིའི་ཤེས་པ་ཡི་གེ་ཨ་ཐུང་གི་ཚུལ་དུ་སེམས་ཅན་ཐམས་ཅད་ལ་ཡོད་པས། ཡང་སྔགས་བཟླས་ཤིང་ཕུར་པ་བཅིངས་པས། སེམས་དེ་རྣམས་ཀྱི་དབུས་སུ་ཕུར་པ་སླེབ་པ་ནི་གནད་སླེབ་པའོ། །དེ་ནས་སྔགས་བརྗོད་ཅིང་ཕུར་པ་བཅིངས་པས་ཁོའི་རྣམ་ཤེས་ཨ་ཐུང་དུ་ཡོད་པ་དེ། རྡོ་ཁབ་ལེན་ལ་ལྕགས་འདུ་བའམ། བྱེ་ཚན་ལ་མར་འདུ་བ་ལྟ་བུ་ཕུར་པའི་རྩེ་མོ་ལ་འདུས་པ་ནི་གསུམ་པ་ཏོག་བླངས་བ་ཞེས་བྱའོ། །དེ་ནས་དེའི་ཤུལ་དུ་ཕུར་པ་གཞན་ཞིག་ཡོད་ན་བཏབ་ལ་བཞག་སྟེ། ཁོའི་རྣམ་ཤེས་ལ་ལྡོག་པ་མེད་པར་བྱས་པ་ནི་གསུམ་པ་ཀུན་གཞི་རྩད་ནས་བཅད་པ་ཞེས་བྱའོ། །དེ་ནས་ཕུར་པའི་རྩེ་མོ་ལ་ཁོའི་རྣམ་ཤེས་ཨ་བཀྲག་དང་ལྡན་པ་རིག་པ་ཚེ་དང་བསོད་ནམས་དང་བཅས་ཏེ་ཚུར་བདག་ལ་བསྟིམ་སྟེ། ༀ་ལཾ་ཧཱུྃ་ལཾ་ལན་གསུམ་བརྗོད་དེ་བདག་གི་གནས་གསུམ་དུ་རེག་པ་ཁོའི་ཚེ་དང་བསོད་ནམས་ཐམས་ཅད་བདག་ལ་ཐིམ་པས། བདག་བཀྲག་དང་གཟི་མདངས་དང་ལྡན་པར་བསམ་པ་ནི་བདག་གི་ཚེ་ལུང་ངོ་། །དཔེར་ན་མེ་འབར་བ་ལ་ཤིང་བསྣན་པ་དང་འདྲའོ། །བདག་ཉིད་ཚེ་དང་བསོད་ནམས་དང་ལྡན་པར་འགྱུར་བའོ། །དེས་ནི་ཁོའི་ཚེ་དང་བསོད་ནམས་ཐོབ་པས་བདག་ཀྱང་མི་ཕམ་ལ། ཁོའང་སྒྲིབ་པ་དག་པས་མི་ཕམ་སྟེ་གཉིས་ཀ་འཚེངས་ནུས་པའི་མུ་ཡིན་ནོ། །དེ་ནས་ཕུར་པའི་རྩེ་མོ་གྱེན་ལ་བསྟན་ལ་གནས་སྤར་བའི་ཆོ་ག་བྱ་སྡེ། ལག་མཐིལ་ཡ་གཅིག་གིས་ཕུར་པའི་མགོ་ནས་གྱེན་ལ་གདབ་པ་དང་། བདག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རླུང་ཧར་ཏེ་བྱུང་བས་བཏེགས། ཨ་ཨ་ཞེས་སྔགས་བཟླས་པ་གསུམ་གྱིས་ཁོའི་རྣམ་ཤེས་ཨ་ཐུང་དེ་མེ་སྟག་ཡར་བ་ལྟར་སོང་སྟེ། རིགས་ལྔ་ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་སུ་སོང་སྟེ། རིགས་ལྔའི་སྲས་སུ་སྐྱེ་བར་ཡང་བསམ། སྐྱེའང་སྐྱེ་བས་ན་རྟེན་འབྲེལ་གྱི་ཤུགས་ཡིན་ནོ། །ཆོས་ཉིད་ཀྱི་བདེན་པ་ཡིན་ནོ། །དེ་ནི་གནས་སྤར་བའི་ཆོ་ག་བྱ་བ་གསང་སྔགས་ཀྱི་ཁྱད་ཆོས་ཡིན་ནོ། །ཕུར་པ་དེ་བཏབ་ནས་གཞན་འདེབས་པ་ནི། གཡག་རོ་ལ་མདའ་ཚབ་བྱེད་པ་འདྲའོ། །དེས་ན་ཚེ་ལུང་ཁྲུས་ལུང་གི་དགོངས་པ་མ་ཤེས་ན་ངན་སྔགས་དང་ཁྱད་མེད། གནས་སྤར་བའི་ཆོ་ག་མ་ཤེས་ན་བཤན་པ་དག་ཁྱད་མེད་ཅེས་སློབ་དཔོན་པདྨས་གསུངས་པའི་དོན་ནོ། །ཚེ་ལུང་ཁྲུས་ལུང་ཚར་རོ། །གསུམ་པ་གདབ་པའི་ལས་བསྟན་པ་ནི། རྒྱུད་ལས། གཙོ་བོ་ཕུར་པ་བླངས་ནས་ནི། །ཡི་གེ་གསུམ་གྱིས་བྱིན་བརླབས་ནས། །བདག་ཉིད་བསྲུང་བའི་ཚེ་ཕུར་བྱ། །ཞེས་གསུངས་པས། གཙོ་བོའི་ཕུར་པ་བདག་ཉིད་ཀྱི་སྲོག་ལྟ་བུ་ཡིན་པས་བྱིན་བརླབས་བྱས། མཆོད་བསྟོད་བྱས་ཀྱིན་བཞུགས་སུ་གསོལ། རྒྱུད་ལས། དེ་ལྟར་བདག་ལུས་ཚགས་ཚུད་ནས། །གཞན་གྱི་ལུས་སེམས་དབྲལ་བའི་ཕྱིར། །ཁྲོ་བོ་བཅུ་ཡི་ཕུར་པ་ཡིས། །ལུས་ཀྱི་གནས་བཅུ་དག་ཏུ་གདབ། །སྒོ་མ་བཞི་ཡི་ཕུར་པ་ཡིས། །ལུས་ཀྱི་མཚོ་བཞི་དག་ཏུ་གདབ། །མི་བཟད་ཕུར་པ་དྲུག་པོ་ཡིས། །གནས་དྲུག་པོ་ལ་གདབ་པར་བྱ། །ཞེས་གསུངས་པས་ན། སྤྱིར་སྒྲུབ་ཕུར་བརྒྱ་རྩ་བརྒྱད། ལྷ་ཕུར་ལྔ་བཅུ་རྩ་གཅིག །གདབ་ཕུར་ཉི་ཤུ་རྩ་གཅིག །མགྱོགས་ཕུར་བརྒྱད་ཅུ་ཐམ་པ། ཕུར་པ་སིལ་བུ་ལ་གྲངས་མེད། ཟློག་ཕུར་བཅུ་གཉིས། དེ་རྣམས་བསག་པར་བྱ་བ་ཡིན་ནོ། །འདིར་གདབ་ཕུར་ཉི་ཤུ་རྩ་གཅིག་ལ། ཁྲོ་བོ་བཅུའི་ཕུར་པ་བཅུ། སྒོ་མ་བཞིའི་ཕུར་པ་བཞི་སྟེ་བཅུ་བཞི། མི་བཟད་པའི་དྲུག་སྟེ་ཉི་ཤུ་ཐམ་པ། སྲས་མཆོག་བཛྲ་འདུས་པའི་ཕུར་པ་དང་ཉི་ཤུ་རྩ་གཅིག་གོ། །དང་པོ་བསྐུལ་བའི་ཕོ་ཉ་ནི། དམ་ཚིག་ཅེན་པོའི་དུས་ལ་བབ། །ཅེས་པ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་པའི་བར་དུ་བསྐུལ་ལ། གསལ་བ་གསུམ་དང་ལྡན་པས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མཱཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ནན། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཆྒཻ་མོ་མཱ་ར་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་ལ། རྣམ་པར་རྒྱལ་བའི་ཕུར་པ་སྟེ། མ་བྱིན་པར་ལེན་པའི་གནས་ཡིན་པས་མིག་གཉིས་ལ་གདབ་བོ། །སྤྱིར་རྡོ་རྗེ་ཕུར་པ་ལ་དབུ་གནོན་གསུམ་སྟེ། དེ་བཞིན་ཉིད་དོན་གྱི་དབུ་གནོན། ཀཱི་ལ་ཡ་སྔགས་ཀྱི་དབུ་གནོན། དུས་ལ་བབ་པ་ཚིག་གི་དབུ་གནོན་ཡིན་པས་ཀཱི་ལ་ཡ་ཀུན་ལ་འགྲེའོ། །ད་ཧ་ད་ཧ་ཧཱུྃ་ཕཊ། དབྱུག་སྔོན་ཅན་གྱི་ཕུར་པ་སྟེ། ལོག་པར་ལྟ་བའི་གནས་ཡིན་པས་སྣ་གཉིས་ལ་ཐོབ་ཅིག །པ་ཙ་པ་ཙ་ཧཱུྃ་ཕཊ། གཤིན་རྗེ་གཤེད་ཀྱི་ཕུར་པ་སྟེ། སྲོག་གཅོད་པའི་གནས་ཡིན་པས་རྣ་བ་གཉིས་ལ་ཐོབ་ཅིག །མ་ཐ་མ་ཐ་ཧཱུྃ་ཕཊ། མི་གཡོ་མགོན་པོའི་ཕུར་པ་སྟེ། རྫུན་ཏུ་སྨྲ་བའི་གནས་ཡིན་པས་ལྕེ་ལ་ཐོབ་ཅིག །ཛྭ་ལ་ཛྭ་ལ་བཛྲ། རྟ་མགྲིན་གྱི་ཕུར་པ་སྟེ། ངག་འཁྱལ་བའི་གནས་ཡིན་པས་དེ་ཡང་ལྕེ་ལ་ཐོབ་ཅིག །སུ་རུ་སུ་རུ་བཛྲ། གཞན་གྱི་མི་ཐུབ་པའི་ཕུར་པ་སྟེ། ཕྲ་མའི་གནས་ཡིན་པས་གསང་བར་ཐོབ་ཅིག །མུ་རུ་མུ་རུ་བཛྲ། བདུད་རྩི་འཁྱིལ་བའི་ཕུར་པ་སྟེ། ཚིག་རྩུབ་ཀྱི་གནས་ཡིན་པས་དཔུང་པ་གཡོན་པ་ཐོབ་ཅིག །ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་བཛྲ། ཁམས་གསུམ་རྣམ་རྒྱལ་གྱི་ཕུར་པ་སྟེ། གནོད་སེམས་ཀྱི་གནས་ཡིན་པས་དཔྱི་གཡས་གཡོན་ལ་ཐོབ་ཅིག །ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བཛྲ། ཧཱུྃ་ཀ་རའི་ཕུར་པ་སྟེ། ལོག་པར་ལྟ་བའི་གནས་ཡིན་པར་སྤྱི་གཙུག་ཏུ་ཐོབ་ཅིག །མ་ར་ཡ་སྱ་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ། སྟོབས་པོ་ཆེའི་ཕུར་པ་སྟེ། བརྣབ་སེམས་སྤོང་བའི་གནས་ཡིན་པར་རྐང་པའི་མཐིལ་དུ་ཐོབ་ཅིག །དེ་རྣམས་ཀྱིས་ནི་མི་དགེ་བ་བཅུ་རྩད་ནས་གཅོད་པའི་ཕྱིར་ཁྲོ་བོ་བཅུའི་ཕུར་པ་ལུས་ཀྱི་གནས་བཅུར་གདབ་པའོ། །དེ་ནས་ཚད་མེད་པ་བཞི་དང་ལྡན་པར་བྱ་བའི་ཕྱིར། །སྒོ་མ་བཞིའི་ཕུར་པ་ལུས་ཀྱི་མཚོ་བཞི་ལ་གདབ་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀུན་ལ་འགྲེ། བི་ཏ་ཡ་བིང་བིང་ཧཱུྃ་ཕཊ། ལྕགས་ཀྱུ་མ་ཡི་ཕུར་པ་དེ་གློ་སྙིང་དབུགས་ཀྱི་མཚོ་ལ་ཐོབ་ཅིག །ན་མཿས་མནྟ་ཧྲིང་ཧྲིང་ཧཱུྃ་ཕཊ། ཞགས་པ་མ་ཡི་ཕརུ་པ་དེ་མཆིན་པ་ཁྲག་གི་མཚོ་ལ་ཐོབ་ཅིག །སུ་རུ་སུ་རུ་པྲ་སུ་རུ་ཧཱུྃ་ཕཊ། ལྕགས་སྒྲོག་མ་ཡི་ཕུར་པ་དེ་ཨན་སྟོང་དུ་རུས་པའི་མཚོ་ལ་ཐོབ་ཅིག །མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ། དྲིལ་བུ་མའི་ཕུར་པ་དེ་ཀླད་པ་བྱང་ཆུབ་སེམས་ཀྱི་མཚོ་ལ་ཐོབ་ཅིག །དེ་ལ་ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པར་བྱ་བའི་ཕྱིར། མི་བཟད་པའི་ཕུར་པ་དྲུག་གདབ་པ་ནི། ཧ་ས་ཡ་ར་ཧྲཱྀ་ད་ན་ཡ་ཧཱུྃ་ཕཊ། ཁྲག་གི་གནད་གཅོད་པ་སེང་ལྡེང་གི་ཕུར་པ་སྤྱི་གཙུག་ཏུ་གདབ་པའོ། །ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ། དབུགས་ཀྱི་གནད་གཅོད་པ་བྱ་རྒོད་ཀྱི་ཕུར་པ་རྐང་མཐིལ་དུ་ཐོབ་ཅིག །ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ། འབྱུང་བཞིའི་གནད་གཅོད་པ་མཆོག་གི་ཕུར་པ་གསང་བའི་གནས་སུ་ཐོབ་ཅིག །ཛྭ་ལ་པཱ་ཡ་ཛྭ་ལ་པཱ་ཡ་ཧཱུྃ་ཕཊ། རྩ་བཞིའི་གནད་གཅོད་པ་ཙནྡན་གྱི་ཕུར་པ་ལྕེའི་དཀྱིལ་དུ་ཐོབ་ཅིག །ཏ་ཐཱ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ། ཚེའི་གནད་གཅོད་པ་ལྕགས་ཀྱི་ཕུར་པ་སྙིང་གི་དཀྱིལ་དུ་ཐོབ་ཅིག །བི་ད་ཡ་བི་ད་ཡ་ཧཱུྃ་ཕཊ། ཕྱི་འོད་ཀྱི་གནད་གཅོད་པ་སྐྱེར་པའི་ཕུར་པ་ལྟེ་བར་ཐོབ་ཅིག །དེ་ལྟར་ཡང་རྩ་རྒྱུད་ལས། སྤྱི་བོའི་གཙུག་ཏུ་གདབ་པ་ནི། །གནམ་གྱི་འཇུ་ཐག་བཅད་པ་ཡིན། །རྐང་པའི་མཐིལ་དུ་གདབ་པ་ནི། །ས་ཡི་རྟེན་ཕུར་ཕྱུང་བ་ཡིན། །ལྕེ་ཡི་དཀྱིལ་དུ་གདབ་པ་ནི། །སྨྲ་བའི་ངག་རྣམས་གཞོམ་པ་ཡིན། །གསང་བའི་གནས་སུ་གདབ་པ་ནི། །སྐྱེ་བ་དགུ་བརྒྱུད་བཅས་པ་ཡིན། །ལྟེ་བའི་གནས་ལ་གདབ་པ་ནི། །བསྐྱེད་པའི་ས་བོན་གཞོམ་པ་ཡིན། །དཀར་ནག་སྙིང་ལ་གདབ་པ་ནི། །ཀུན་གཞིའི་རྣམ་ཤེས་གཞོམ་པ་ཡིན། །ཅེས་སོ། །དེ་ལྟར་ཕུར་པ་ཉི་ཤུ་ཐམ་པའོ། །དེ་ནས་ཐམས་ཅད་ཀྱི་མཇུག་ཏུ་སྲས་མཆོག་བཛྲ་འདུས་པའི་ཕུར་པ་སྙིང་དཀར་ནག་གི་མཚམས་སུ་གདབ་པ་ནི། ཕུར་པ་ལ་བྱུག་བདུག་བྱས་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བནྡྷ་ཧཱུྃ་ཕཊ་ཀྱིས་གདབ་པ་ནི། རྣམ་པར་ཤེས་པ་དེ་ལེན་པར་བྱེད་པ་ཡིན་ཏེ། ཚེ་ལུང་ཁྲུས་ལུང་ལྟར་རོ། །དེས་གདབ་ཕུར་ཉི་ཤུ་རྩ་གཅིག་གོ། །དེ་རྣམས་ནི་རྒྱུད་ཀྱི་དགོངས་པ་ཡིན་ཏེ། ཡང་རྒྱུད་སྡེ་ཁ་ཅིག་ནས། སྐུ་ལྟར་གདབ་པ། གསུང་ལྟར་གདབ་པ་ཐུགས་ལྟར་གདབ་པར་བྱ་བ་བཤད་པ་ཡིན། གཞི་སྨུག་ནག་ལ་ཡོད་པའི་ཕུར་པ་རྣམས་སྐུ་ལྟར་གདབ་པར་འགྲོ། གཞི་དམར་ནག་ལ་ཡོད་པ་རྣམས་གསུང་། གཞི་མཐིང་ནག་ལ་ཡོད་པ་རྣམས་ཐུགས་སོ། །ཡང་རྒྱུད་ཁ་ཅིག་ནས། རྡོ་རྗེ་གདབ་ལས། རིན་ཆེན་གདབ་ལས། པདྨའི་གདབ་ལས། ལས་ཀྱི་གདབ་ལས་བཤད་པ་ནི་དལ་གྱི་ཕྱོགས་ནས་བཤད་པ་ཡིན་ནོ། །ཡང་རྒྱུད་སྡེ་ཁ་ཅིག་ལས། ཞི་བའི་གདབ་ལས། རྒྱས་པའི། དབང་གི། དྲག་པོའི་གདབ་ལས་ཞེས་བཤད་པའང་ཕུར་པ་ལ་ཕྱེ་བ་ཡིན་ནོ། །ཡང་རྒྱུད་སྡེ་ཁ་ཅིག་ལ། དང་པོ་ཕུར་པ་གཅིག་གིས་སེམས་ཀྱི་དབྱིངས་ཕྱུང་། གཉིས་པས་ཀུན་གཞི་རྩད་ནས་བཅད། བཅུ་བདུན་གྱིས་བྱུང་ཚོར་གྱི་སྒོ་བཀག །ཉི་ཤུ་པས་གནམ་གྱི་འཇུ་ཐག་བཅད། རྩ་གཅིག་པས་ས་ཡི་རྟེན་ཕུར་ཕྱུང་བར་བཤད་པའང་གོང་མ་ལ་བརྩིས་པས་ཚང་ངོ་། །དེ་ཡང་སྤྱི་གདབ་ལས་བྱས་པས་སྲོག་ཆགས་སེམས་ཅན་ལྟ་བུ་ལ་སྙིང་རྗེ་མེད་པས་མཚོན་འདེབས་པ་ལྟ་བུ་མ་ཡིན་ཏེ། འོ་ན་ཅི་ལྟ་བུ་ཡིན་ཞེ་ན། ཕུར་པ་ནི་ལྷར་བསྐྱེད་པས་ཐུགས་རྗེ་ཡེ་ཤེས་ཀྱི་ངོ་བོ་ཡིན་ལ། གདབ་ཡུལ་སེམས་ཅན་དེའི་ཉོན་མོངས་པ་དང་། མ་རིག་པ་ལ་བཏབ་པས་ལས་ཀྱི་སྒྲིབ་པ་དང་གནོད་སེམས་དག་ནས་འཁོར་བའི་སྡུག་བསྔལ་སྒྲོལ་བར་བྱེད་པས་ན། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ཞེས་པ་དང་། །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །ཞེས་པ་ནི། གཞན་དོན་གྱི་ངོ་བོ་ཡིན་ཏེ། གསང་སྔགས་ཀྱི་ཆེ་བ་ཡིན་ནོ། །གདབ་ལས་ཚར་རོ། །ཁོག་དོན་དྲུག་པ་མནན་སྲེག་འཕང་གསུམ་གྱིས་ལས་ཀྱི་མཇུག་བསྡུ་བ་ལ་གསུམ་སྟེ། མནན་གཏད་དང་། སྦྱིན་སྲེག་དང་། ཟོར་ཐུན་ནོ། །དང་པོ་མནན་གཏད་ལ་གསང་སྔགས་ཀྱི་གཞུང་རེ་རེའི་རྗེས་སུ་འབྲངས་ནས་རང་རང་གི་ལུགས་མང་ཡང་། ཟས་སྐལ་དུ་གཏད་པ་དང་། དགྲ་སྐལ་དུ་གཏད་པ་དང་། གྲོགས་སྐལ་དུ་གཏད་པ་གསུམ་མོ། །དེ་རེ་རེ་ལ་གསུམ་གསུམ་སྟེ། བརྐུས་ཏེ་གཏད་པ། བྲིས་ཏེ་གཏད་པ། གཟིར་ཏེ་གཏད་པ་གསུམ་གསུམ་མོ། །དེ་རེ་རེ་ལའང་གསུམ་གསུམ་སྟེ། འཇམ་གཏད་དང་། རྩུབ་གཏད་དང་། ནོར་བུ་ལུགས་སུ་གཏད་ལ་གསུམ་གསུམ་མོ། །སྤྱིར་གཏད་ལ་མི་བཏང་པ་གསུམ་ཡོད་དོ། །གྲིབ་མ་མི་བཏང་། དྲི་མ་མི་བཏང་། ཁ་རླངས་མི་བཏང་། གཏད་ལ་ཕུང་པ་རྣམ་པ་གསུམ་ཡོད་དེ། མན་ངག་དང་ལྡན་ན་དགྲ་ཕུང་། སྲུང་བ་མེད་ན་རང་ཕུང་། དུས་ཚོད་མ་ཤེས་ན་རྫས་ཕུང་བའོ། །གདམས་པ་ལ་གསུམ། གཏད་ལམ་བསྟན་པ། གཏད་དམག་དྲང་བ། གཏད་ལམ་གཏོད་པ་གསུམ་མོ། །གེགས་གསུམ་ལ། སྒྲིབ་ཤིང་སྒྲོའི་གེགས། བྱུགས་པ་རྫས་ཀྱི་གེགས། བཟླས་པའི་གེགས་གསུམ་མོ། །གཏད་ལ་གཞུགས་པ་རྣམ་པ་གསུམ་སྟེ། མཚོ་དང་ཆུ་མིག་སྐམས་གསུམ་མོ། །མཚོ་ལ་གསུམ་སྟེ། མཚོ་གཏིང་རིང་བ། ལྐུག་པ་ཁ་མེད་གནམ་གྱི་མཚོ། ལ་གཏད། ལོང་བ་མིག་མེད་མཚོ་དེ་ཅན་ལ་གཏད། ས་ཡི་མཚོ། །སྨྱོན་པ་རྭ་མེད་ཤིང་གི་མཚོ་གསུམ་ཁ་ཤིང་རྩིས་བསྐོར་བ། ལ་གཏད། ཆུ་མིག་ལ་གསུམ། ནག་པོ་རལ་གཅིག་ནགས་ཀྱི་ཆུ། ལ་གཏད། དམར་པོ་རྟིང་ཁྲོལ་བྲག་གི་ཆུ། ལ་གཏད། འབྲོང་བུ་རྭ་སྔོན་དར་གྱི་ཆུ། མགོ་གཉིས་ལ་རྐང་གཅིག་ཏུ་སོང་བ། སྐམ་ས་ལ་གསུམ། རྒྱལ་མཚན་གྱི་རྩེ་ལ་གཏད་པ། འབྲོང་གི་རྭ་དབྲག་ཏུ་གཏད་པ། སྟག་གི་འཛུམ་ལ་གཏད་པའོ། །རྒྱལ་མཚན་རྩེ་ལ་གསུམ་སྟེ། མཆོད་རྟེན་ལ་གཏད་པ། ལྷ་ཁང་ལ་གཏད་པ། མགོན་ལྕམ་ལ་གཏད་པའོ། །དེ་ཡང་གསང་རྒྱུད་ལས། མཆོད་རྟེན་དག་ལ་གཏད་པ་དང་། །གཙུག་ལག་ཁང་ལ་བཏད་པ་དང་། །མགོན་པོ་ལྕམ་དྲལ་དག་ལ་ཡང་། །དམ་ལས་འདས་པ་གཏད་པར་བྱ། །ཞེས་སོ། །དེ་རྣམས་གང་ལ་གཏད་ཀྱང་གཅེས་པ་གསུམ་སྟེ། དང་པོ་སྤྱན་དྲངས་པ་གཅེས། བར་དུ་ཤགས་གདབ་པར་གཅེས། ཐ་མ་མནའ་བསྒག་པ་གཅེས་སོ། །དེ་ཡང་དང་པོ་ལིངྒ་ཚད་ལྡན་བྲི། མིང་དང་རུས་རྣམས་རྫོགས་པར་བྲི། དེ་ཡི་མཐའ་མར་དྲག་སྔགས་བྲིའོ། །དེ་ལ་དགུག་གཞུག་ཡང་ཡང་བྱའོ། །ལས་སྔགས་དྲུག་ཚར་བ་དང་དྲིལ་ལ། ཡང་ན་སྣོད་གསུམ་ལ། ཐོད་ངན། ཡང་ན་གླང་རུ། ཡང་ན་རྫའི་སྦ་པར་གཞུག །རེ་བས་དྲིལ། ཤི་སྐྲའི་སྐུད་པ་ཁམ་ནག་གིས་དཀྲིས་པའོ། །མཆོད་རྟེན་ལྷ་ཁང་ལ་གཏོད་ན། གསང་རྒྱུད་ལས། སྤོས་གཏམས་རཏྣ་སྤྱན་དྲངས་ལ། །མཆོད་པ་ཕུལ་ལ་ཕྲིན་ལས་བཅོལ། །དམ་ལས་འདས་པ་འདི་གཏོད་ཀྱིས། །བསྐལ་པའི་མཐར་ཡང་མ་བཏང་ཞིག །དེ་སྐད་བརྗོད་ལ་མཆོད་རྟེན་སྦ། །ཞེས་སོ། །ཡང་གོང་ལྟར་བྱ་སྟེ། སྲེ་མོའི་ཐོད་པར་བཅུག་ལ་ལྷའི་གདན་འོག་ཏུ་སྦའོ། །སྤོས་གཏམས་པ་ལ་སོགས་པ་འགྲེའོ། །ཡང་སྒྱེའུའི་ནང་དུ་བཅུག་སྟེ་མགོན་ལྕམ་འོག་ཏུ་མནན་ནོ། །ཡང་ན་སྔགས་པ་རང་གི་མལ་འོག་ཏུ་བཅུག་སྟེ། ཡི་དམ་བཟླས་བསྒོམ་བྱས་ན་བརླག་པར་གྱུར་ཏེ། རྒྱུད་ལས། རྣལ་འབྱོར་གནས་པའི་འོག་བཅུག་ན། །སངས་རྒྱས་ཉིད་ཀྱང་བརླག་འགྱུར་ན། ཁམས་གསུམ་སེམས་ཅན་སྨོས་ཅི་དགོས། །ཞེས་བཤད་དོ། །གཉིས་པ་འབྲོང་གི་རྭ་བར་དུ་གཏད་པ་ནི། མ་མོ་དང་གཤིན་རྗེ་ལ་གཏད་པ་ཡིན་ཏེ། རོ་རས་སམ་ཤུན་ཆེན་ལ་ལིངྒ་བྲིས་ལ་དེ་མོན་པའི་ཐོད་པར་བཅུག་སྟེ། ས་ཕུག་གམ་ཁང་སྟོང་དུ་མནན་ནོ། །རྒྱུད་ལས། མ་མོ་གཏད་པའི་རིམ་པ་ནི། །དུར་ཁྲོད་གནས་སམ་བྲག་ཕུག་གམ། །གྲོག་པོ་མགོ་ཟླུམ་དག་ཏུ་མནན། །ཞེས་སོ། །གཤིན་རྗེ་ལ་གཏད་པ་ནི། རོ་རས་ལ་ལིངྒ་བྲི། དུར་ཁྲོད་དུ་གཞུག །སྟེང་དུ་མེ་བཏང་། རྒྱུད་ལས། དེ་ནི་འཆོར་བར་ཡང་མི་འགྱུར། །གཤིན་རྗེར་གཏད་པའི་རིམ་པའོ། །ཞེས་སོ། །བདུད་ལ་གཏད་པ་ནི། ཤིང་ཤུན་ལ་ལིངྒ་བྲི། གླེན་པའི་ཐོད་པར་བཅུག་ལ་ཤྭ་འུད་ཀྱི་མདོར་མནན། བཙན་ལ་གཏད་པ་ནི། ལིངྒ་མིང་དང་བཅས་པ་ཚོས་ཀྱི་བྲི། སྤྲེའུའི་ཐོད་པར་བཅུག་ལ་གྲོང་གསུམ་དུ་མནན། གནོད་སྦྱིན་ལ་གཏད་པ་ནི། ལིངྒ་མིང་རུས་དང་བཅས་པ་དེ། ཁོ་རང་གི་ཕ་མྱེས་ཀྱི་ཐོད་པར་བཅུག །དམེ་ཁྲག་གསུམ་གྱིས་བྱུགས་ལ། ས་ཕྱོགས་དྲེད་མོ་རལ་པ་བསིགས་པ་འདྲ་བའམ། ནལ་མ་བུ་རོ་སྦེད་པ་འདྲ་བའམ། ཝ་སྐྱ་ཐུར་ལ་རྒྱུགས་པ་འདྲ་བར་མནན་ནོ། །རྒྱུད་ལས། ནལ་མ་བུ་རོ་སྦེད་འདྲ་དང་། །སྲིན་མོའི་འདོམ་འདྲར་མནན་པར་བྱ། །འདི་ཡང་གནོད་སྦྱིན་གཏད་པའོ། །ཞེས་སོ། །ཀླུ་ལ་གཏད་པ་ནི། ཆུ་མིག་ལ་ལུས་ཚད་གཞལ་ལ་ཆུ་མིག་བརྟག་པ་ལ། ཙག་ཙག་ཙིག་ཙིག་མིག་གི་ཆུ། །དྲག་པོའི་སྐད་འདོན་ཁ་ཡི་ཆུ། །ལྐུག་པ་སྒྲ་མེད་རྣ་བའི་ཆུ། །གསལ་ལ་དྭངས་པ་སྙིང་གི་ཆུ། །རེས་འོང་རེས་མི་འོང་བ་གསང་བའི་ཆུ། །ལུས་ཚད་ལ་རྒྱལ་རིགས་འདོམ་བདུན། བྲན་ཟེ་ཁྲུ་བདུན། རྗེའུ་བསྐུམ་ཁྲུ་བདུན། དམངས་མདའ་བདུན། གདོལ་བ་མཐོ་བདུན། ལུས་དྲང་དྲོད་ཡོད། ཕྱོགས་བརྟག་པ། ཤར་བལྟས་རྒྱལ་རིགས། ལྷོ་བལྟས་བྲམ་ཟེ། ནུབ་བལྟས་རྗེའུ། དམངས་བྱང་། མཚམས་གདོལ་བ། ཁ་དོག་བརྟག་པ། ས་དཀར་རྒྱལ་རིགས། ས་སེར་བྲམ་ཟེ། ས་དམར་རྗེའུ། ས་ནག་དམངས། ས་ཁྲ་གདོལ་པའོ། །ལོ་ཟླའི་སྒོ་ནས་གཏད་པ། སྟོན་ཟླ་གསུམ་ལ་རྒྱལ་རིགས་ལ་གཏད། དགུན་ཟླ་གསུམ་ལ་རྗེའུ། །དབྱར་ཟླ་གསུམ་བྲམ་ཟེ། དཔྱིད་ཟླ་གསུམ་དམངས། ཐ་ཆུང་བཞི་གདོལ་པ་ལ་གཏད་དོ། །དུས་ས་སྲོས་ལ་རྒྱལ་རིགས། སྲོད་ལ་རྗེའུ། ནམ་ཕྱེད་བྲམ་ཟེ། ཐོ་རངས་དམངས། ཉིན་མོ་ལ་རྒྱལ་རིགས། ཉི་དྲོས་རྗེའུ། ཉིན་ཕྱེད་བྲམ་ཟེ། དགོང་ཁ་དམངས། ས་ཚབ་ཚུབ་ལ་གདོལ་པ་ལ་གཏད། ཁམས་ལ་སྐེག་ཤིང་ཁམས་རྒྱལ་རིགས། འུ་ཆུ་བྲམ་ཟེ། ཤང་ལྕགས་རྗེའུ། ཇི་མེ་དམངས། ཀུང་ས་གདོལ་པ་ལ་གཏད། ལོའི་གཏད་ལ། སྟག་ཡོས་རྒྱལ་རིགས་ལ་གཏད། རྟ་སྤྲུལ་བྲམ་ཟེ་ལ། བྲ་སྤེལ་རྗེའུ་ལ། ཁྱི་ཕག་གདོལ་པ་ལ། གླང་ལུག་ཁྱི་འབྲུག་དམངས་ལ་གཏད། སྤྱིར་ཀླུའི་ཕྱོགས་ཕོ་བྲང་ཟེར་བའང་འདུག །མཆན། ཐམས་ཅད་རྒྱ་མཚོ་ཡིན། ཆུ་མིག་ཀླུ་ཡི་སྲང་སྒོ་ཡིན། །ཕོ་བྲང་སྲང་སྒོ་བྱ་རའི་ས། །ལྐུགས་པ་དང་ནི་འདུན་པ་ལས། །གང་དུ་གཏད་ཀྱང་འགལ་བ་མེད། །མེ་ལོང་དབྱར་ས་དགུན་སའོ། །ལུས་ཚད་གཞལ་ལ། ཟ་བའི་ཁལ་གཏད། རྡུང་བའི་རྭ་ལ་གཏད། བསྙབ་པའི་ལག་པ་ལ་གཏད། གཞན་གསང་བར་མི་གཏད། གཏད་ན་དགྲ་སྲིད་འཕེལ་ལོ། །མཁལ་ཁུང་དུ་མི་གཏད། གཏད་ན་དགྲ་བོ་ནོར་འཕེལ་ལོ། །དེ་ཡང་རྒྱུད་ལས། ཤ་རུས་བཀོལ་ལ་ཀླུ་སྨན་གཏོར། །འོ་མས་བྲིད་ལ་བདེན་པ་བདར། །ཀླུ་ལ་གཏད་པའི་རིམ་པ་སྟེ། །ཞེས་བསད་པས་ཕྱི་མིག་མི་བལྟ། སྟོང་ཉིད་བསྒོམ། ཚ་ཚ་ལྔའམ་བདུན་བཞག །བསྐོར་བ་ཕྱིན་ཅི་ལོག་བྱའོ། །དེ་ཡང་རྒྱལ་རིགས་སྤྱང་ཀའི་ཐོད་པར་མནན། མནན་པ་ཆུ་བོའི་ཟམ་སྔས་ཡིན། བཙུན་པ་རྗེའུ་རིགས་གླ་བའི་ཐོད་པར་མནན། མནན་པ་ལམ་རྒྱ་གྲམ་ཡིན། སྔགས་པ་རབས་ཆད་ཐོད་པར་མནན། མནན་ས་དམ་སྲི་ཡོད་པའི་དབེན་ས་རྙིང་པར་མནན། བུ་ཆུང་དང་བྱིས་པ་ཟེར་མོའི་ཐོད་པར་མནན། མནན་ས་ཤིང་རྐང་གཅིག་པའི་དྲུང་དུ་མནན། དོང་གྲུ་གསུམ་པ་ལས་རྒྱ་མཚོ་བསམ། དེར་ཆུ་སྲིན་གྱིས་ཁ་གདངས་པར་བསམ། ལིངྒ་བཙུད་པས་ཆུ་སྲིན་གྱིས་མིད་པར་བསམ། དུས་ཚོད་ནི། རྒྱལ་པོ་དང་གཙོ་བོ་ནམ་སྨད་ལ་མནན། བྲམ་ཟེ་བཙུན་པ་རྗེའུ་རྣམས་ནམ་ཕྱེད་ལ་མནན། སྔགས་ནག་ཉི་མ་དམར་ཐག་ཆོད་ཁར་མནན། བྱིས་པ་བུད་མེད་བུ་ཆུང་ཉི་མའི་དགུང་ལ་མནན། ཡང་ན་བཙད་པོ་སེང་གེའི་དཀྱིལ་འཁོར་གྱི་འོག་ཏུ། ཁོག་པར་མནན། སློབ་མ་དམ་ཉམས་སྟག་གི་འཛུམ་ཆུ་མིག་ལ་མནན། དམ་ཚིག་གཅིག་པའི་མཆེད་གྲོགས་གཟིག་གི་ཐིག་ལེར་མནན་ལུ་མ་བྲག་ཆུ་ཤོར་རོ། །སྔགས་ནག་མུན་པའི་གླིང་ལ་མནན། རོ་ཤུད་ལ། བོན་པོ་མུ་སྟེགས་སྲིན་མོའི་སྒྲོམ་བྲག་ཆུན་ར་རེས། དུ་མནན། སྐྱེས་དར་མ་འབྲོང་གི་རྭ་བར་རི་རབ། དུ་མནན། ༀ་ལཾ་ཧཱུྃ་ལཾ་མང་དུ་བཟླ། སྐུ་གསུང་ཐུགས་ཀྱི་རི་རབ་དགུ་ཡིས་མནན། རོ་གཡམ་ནག་པོ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་མནན། དེའི་སྟེང་དུ་བྲོས་སྦྱང་ངོ་། །མནན་པ་ཚར་རོ། །གཉིས་པ་རྡོ་རྗེ་ཕུར་པའི་སྦྱིན་སྲེག་ལ་བཞི་སྟེ། ཞི་བའི་སྦྱིན་སྲེག །རྒྱས་པའི། དབང་གི། དྲག་པོའི་སྦྱིན་སྲེག་གོ། །དེ་ལྟར་ཡང་གསང་རྒྱུད་ལས། འཇིག་རྟེན་ཁམས་ནི་ཐམས་ཅད་ན། །རྨུགས་པའི་སེམས་ཅན་འགྲོ་གང་ལ། །ཞི་བའི་ལས་ལ་སྦྱར་བར་བྱ། །ཞེས་གསུངས་པས། དཀྱིལ་འཁོར་འདོམ་གང་གྲུ་བཞི་བྱང་དབུས་སུ། ཞི་བའི་ཐབ་ཁུང་དེ་ཉིད་ལ། །ཁྲུ་གང་ཟླུམ་པོ་བདུད་རྩིས་བྱུག །དེ་ལ་རྡོ་རྗེའི་ཕྲེང་བས་བསྐོར། །ཞེས་སོ། །རིགས་ལྔའི་ཕྱག་མཚན་དགོད་པ་སྤྱི་དང་མཐུན། ཤིང་དང་ཧོམ་གྱི་ཚད་ནི། དེ་ཉིད་ལས། བུད་ཤིང་དཀར་བའི་རིམ་པ་ལ། སྦོམས་སུ་ཕྱག་གང་ཟེར་ཀྱང་དེ་བས་ཆེ་བ་བྱ། ཚད་ཡིན་ཏེ། །མཛུབ་གང་ཆུ་རུ་ཡོད་པའོ། །ཞེས་སོ། །ཡང་རྒྱས་པའི་ཧོམ་ནི། གསང་རྒྱུད་ལས། འཇིག་རྟེན་ཁམས་ནི་རབ་འབྱམས་ན། །འཕོངས་པར་གྱུར་པའི་འགྲོ་གང་ལ། །དཀྱིལ་འཁོར་རྒྱ་རུ་ཁྲུ་གང་ལ། །སོ་སོའི་རྫས་ཀྱི་བྱུག་པར་བྱ། །བུད་ཤིང་སེར་པོ་གང་དང་གང་། །སྦོམས་སུ་ཕྱག་གང་ཆུར་ཁྲུ་གང་། །ཞེས་པས་དེ་ལྟར་བྱའོ། །དབང་གི་ཧོམ་ནི། རྒྱུད་དེ་ཉིད་ལས། འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཆགས་པར་གྱུར་བའི་འགྲོ་གང་ན། །དབང་གི་ལས་ལ་སྦྱར་བར་བྱ། །ཟླ་གམ་དམར་པོའི་དལ་བྲི་ལ། །རྒྱ་ལ་སོར་ནི་ཉི་ཤུ་ལ། ཁ་ལ་སོར་བཅུ་བྲི་བར་བྱ། །ཕྱི་རོལ་ལྕགས་ཀྱུ་ཞགས་པས་བརྒྱན། །སྦོམས་སུ་ཕྱག་གང་ཆུ་སོར་ལྔ། །ཞེས་པས། དེ་ལྟར་བྱའོ། །ཡང་དྲག་པོའི་ཧོམ་ནི། གསང་རྒྱུད་ལས། འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ལོག་པར་ལྟ་བའི་གདུག་པ་ཅན། །མངོན་སྤྱོད་ཧོམ་ནི་སྤར་བར་བྱ། །ནག་པོའི་དཀྱིལ་འཁོར་གྲུ་གསུམ་པ། །ངོས་རེ་སོར་ནི་ཉི་ཤུ་བྱ། །སྦོམས་སུ་ཕྱག་ཚད་སོར་བཞི་ཆུ། །མི་རུས་དུར་ཁྲོད་སོལ་བར་བྱུགས། །བུད་ཤིང་ཚེར་མ་ཅན་གྱིས་བྱ། །ཞེས་པས་དེ་ལྟར་བྱའོ། །དུས་ནི་ཞི་བ་ལ་ནི་སྔ་དྲོ། རྒྱས་པ་ཉིན་ཕྱེད། དབང་ལ་ཕྱི་དྲོ། དྲག་པོ་ལ་དགོང་ཁའོ། །ཡང་ཞི་བ་ནམ་ལངས། དབང་སྲོད། དྲག་པོ་ནམ་ཕྱེད། རྒྱས་པ་ཐོ་རེངས་སོ། །ཡང་ཞི་བ་དབྱར། རྒྱས་སྟོན། དབང་དཔྱིད། དྲག་པོ་དགུན་ནོ། །ཁ་བལྟ་ཕྱོགས་ཞི་བ་ཤར། རྒྱས་ལྷོ། དབང་ནུབ། དྲག་པོ་བྱང་ངོ་། །ཡང་ན་གླིང་གཞན་དུ་བལྟའོ། །ཤིང་ནི། ཞི་བ་ལ། འོ་མ་ཅན་གྱི་ཤིང་། རྒྱས་པ་ལ་དྲི་བཟང་པོ། །དབང་ལ་མར་ཁུ་ཅན། །དྲག་པོ་ལ་ཚེར་མ་ཅན་ནོ། །མེའི་རིམ་པ་ནི། ཞི་བ་ལ་བྲམ་ཟེའི་མེ་བླང་། རྒྱས་པ་རྗེའུའི། དབང་ལ་སྨད་འཚོང་མའི། དྲག་པོ་ལ་ཡུགས་ས་མོའི་བླང་ངོ་། །ཡང་ཞི་བ་ལ་མེ་ཤེལ་གྱི་མེས། རྒྱས་པ་རྩུབ་པ་ལས། དབང་ཤིང་དྲུད་པ་ལས། དྲག་པོ་ལྕགས་མགར་ལས་སོ། །ཡང་ཞི་བ་ལ་ཤར་ནས་གཞུག །རྒྱས་ལྷོ་ནས། དབང་ནུབ་ནས། དྲག་པོ་བྱང་ནས་སོ། །བསྲེག་རྫས་ལ། ཞི་བ་ལ་ཏིལ། རྒྱས་པ་ལ་ཞོ། དབང་ལ་ཨུཏྤལ། དྲག་པོ་ལ་དུག་སྣ། གཞན་ཚོགས་ཚད་དོ། །འདུག་སྟངས་ལ། ཞི་བ་ལ་སྐྱིལ་ཀྲུང་། དབང་ལ་པདྨའི་རྒྱས་པ་ལ་གཡས་བརྐྱང་། དྲག་པོ་ལ་གཡོན་བརྐྱང་ངོ་། །བསྲེག་རྫས་ཀྱི་དང་པོ་མར་གྱི་དགང་བླུགས་གསུམ་དབུལ། དེ་ནས་མེ་པྲ་བརྟག་པ་ནི། མེ་རྡོ་རྗེའམ། དུང་ངམ། བཀྲ་ཤིས་པའི་རྟགས་འདྲ་ན་བཟང་། མེ་ཆད་འགྲོ་ན་ངན། མདོག་ནི་གསེར་རམ་ཉི་མ་འདྲ་ན་བཟང་། ལྗང་སྔོ་ནག་ངན། སྒྲ་ལ་འབྲུག་དང་པི་ཝཾ་འདྲ་ན་བཟང་། སིམ་སིམ་ཙེག་ཙེག་ངན། དུ་བ་རྩ་བ་ཕྲ་ལ་མགོ་བོ་ཆེ་ན་བཟང་། དུ་བ་ཆེ་ཆུང་བྱེད་ན་བགེགས་ཡོད། དུ་བ་མེད་ན་ངན། མེ་དྲི་ཞིམ་ན་བཟང་། ཤིང་ཤར་དུ་འགྱེལ་ན་བཟང་། ལྷོར་འགྱེལ་ན་ངན། ནུབ་ངན། བྱང་བཟང་། མཚམས་འབྲིང་། ཐལ་བ་ནག་ན་མི་གཙང་བ་ཡོད། དམར་ན་ནད་རིམས་འོང་། སྨུག་ན་ནོར་ཕྱུག །ཉུང་ལ་དཀར་ན་བཟང་། དེ་ལྟར་བཟང་བ་དང་། རཾ་ལས་ལྷ་སྤྱི་ལྟར་བསྐྱེད། དེ་ལ་བསྲེག་རྫས་དབུལ། བསྟོད་པ་བྱས་ལ། དེའི་ཐུགས་ཀར་དལ་གསུམ་བསྐྱེད། ཡང་བསྲེག་རྫས་དབུལ། བསྟོད་པ་བྱ། རང་ཉིད་ཆས་ཇི་ལྟར་བྱ་ན། གསང་རྒྱུད་ལས། ལུས་ནག་ཁྲོས་པས་ལྷོ་ཕྱོགས་བལྟ། །སྐྲ་ཡང་སྤྱི་བོར་བཅིངས་ནས་སུ། །ལུས་ལ་ཐལ་བ་ཆེན་པོར་བྱུགས། །ཁྲོས་པའི་སེམས་ཀྱིས་ལིངྒ་བསྲེག །སངས་རྒྱས་ཉིད་ཀྱང་འཆི་བར་འགྱུར། །ཞེས་བཤད་པས། དེ་ཉིད་ལས། ལིངྒ་གང་ལ་བྲི་བ་ནི། །སྡོང་པོ་མེ་རེག་ཤིང་ཤུན་ལ། །གཟུགས་བརྙན་བྱས་ལ་དགུག་གཞུག་བྱ། །ཐ་མ་དུག་གི་མེ་ལ་བསྲེག །ཚངས་པའི་ཚེ་དང་ལྡན་པ་ཡང་། །སྐད་ཅིག་གིས་ནི་འཆི་བར་འགྱུར། །ཞེས་སོ། དེ་ཉིད་ལས། ནག་པོའི་ཤིང་གི་ཤུན་པ་ལ། །མཚན་མ་མིང་དག་བཅས་པ་བྲི། །མེ་དེ་ལ་ནི་བསྲེག་པར་བྱ། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། །ཞེས་པ་མདོར་ན་དགྲ་བགེགས་ཀྱི་ལིངྒ་ལ་ལས་དྲུག་ཚང་བར་བྱས་ལ་བྱང་བུ་དང་། བསྲེག་རྫས་རྣམས་དུས་གཅིག་ཏུ་བསྲེག་པར་བྱ་བ་གདམས་པ་ཡིན་ཏེ། རྒྱུད་ལྟར་དུ་བཤད་པའོ། །དྲག་པོའི་བསད་ཐབས་དགུ་སྟེ། ཡང་ཤིང་ཤུན་ལ་ལིངྒ་བྲི། བསྭེ་ཤིང་ལ་མེ་སྦར་ཏེ་བསྲེག་ན་དགྲ་བོ་དེ་ལོ་དུས་ལ་འཆིའོ། །ཡང་ཞིང་གི་པགས་པ་ལ་དུག་ཁྲག་གིས་ལིངྒ་བྲིས་ཏེ་བསྲེག་ན་ཐང་ཅིག་གིས་བརླག་པར་བཤད་དོ། །ཡང་ཤིང་ལོ་གྲོག་མའི་ས་བོང་བུའི་ཆུས་སྦྲུས་ཏེ་ལིངྒ་བྱས་ནས་བསྲེག་ན་སངས་རྒྱས་ཀྱང་འཆིའོ། །ཞེས་བཤད་དོ། །གང་བྱེད་ཀྱང་བཟླས་ཚད་ནི། རྒྱུད་ལས། ཕོ་ལ་བརྒྱ་རྩ་བརྒྱད་དུ་བཤད། །མོ་ལ་ཉི་ཤུ་རྩ་གཅིག་བྱ། །ནམ་གྱི་གུང་དང་ཉིན་གུང་ལ། །དུས་ཚོད་མ་ནོར་བསྲེག་པར་བྱ། །ཞེས་པས། ཡང་རྟ་ཁྲག་དང་དུག་བསྲེས་པས་ཤིང་ཤུན་ལ་ལིངྒ་བྲིས་ཏེ་སྤྲུ་ཤིང་ལ་མེ་སྦར་ཏེ་བསྲེག་ན་ལྷའང་འགས་ཏེ་འཆི་བར་འགྱུར་རོ། །ཡང་དུར་ཁྲོད་རས་ལ་ཁྲག་གིས་ལིངྒ་བྲིས་ཏེ། སེང་ལྡེང་གི་མེ་ལ་བསྲེག་ན་སྐད་ཅིག་གིས་འཆི་བར་འགྱུར་རོ། །ཡང་དགྲའི་དྲི་མ་དྲུག་ལ་ལིངྒ་བྱ། དུར་ཁྲོད་རས་ལ་མིང་རུས་བྲི། །སྙིང་གར་བཅས་པའི་སྦྱིན་སྲེག་བྱ། །འདི་ནི་སངས་རྒྱས་གདན་ལ་འདྲེན། །ཞེས་སོ། །ཡང་ཤིན་ཤུན་ནག་པོ་ལ་ལིངྒ་བྲིས་ཏེ། དུར་ཁྲོད་ཤིང་བུ་ལ་མེ་སྦར་ཏེ་སྔགས་བཟླས་ན། ཐང་ཅིག་ཡུད་ཅིག་གིས་འཆི་བར་འགྱུར་རོ། །ཡང་གསང་རྒྱུད་ལས། མཚན་མ་དུམ་བུ་དུམ་བུར་གཏུབ། །དེ་ཡི་དུམ་བུ་རེ་རེ་དང་། །གོ་རོ་ཙ་ན་ཙིཏྟར་བཅས། །མི་དབང་གྲིས་བསད་ཤ་ཁྲག་དང་། །དེ་སྟེང་རོ་ཤིང་མེ་བཏང་ནས། །དུག་གི་ཤིང་བུ་ཡམ་ཤིང་དང་། །བདུད་རྩི་སྦྱར་ལ་སྲེག་གྱུར་ན། །ལྷ་ཡང་བརླག་འགྱུར་ཐེ་ཚོམ་མེད། །ཅེས་བཤད་པས། རྒྱུད་ནས་གསུངས་པ་ལ། པདྨ་རྒྱལ་པོས་གདམས་པ་བསྟན་པ་ཡིན་ནོ། །སྦྱིན་སྲེག་ཚར་རོ། །རྡོ་རྗེ་ཕུར་པའི་ཟོར་ཐུན་འདི་ལ་བདུན་ཏེ། གསང་རྒྱུད་ལས། ཕུར་ཐུན་མདའ་ཐུན་དུག་ཐུན་དང་། །ཁྲག་ཐུན་ཡུངས་ཐུན་མཚེ་ཐུན་དང་། །རྡོ་ཐུན་རྣམ་པ་བདུན་ཞེས་བྱ། །བསད་པའི་ལས་རྣམས་ཀུན་ལ་ཤིས། །ཞེས་གསུངས་པས། དེ་ཡང་དལ་ཁྲུ་གང་གྲུ་བཞི་ལ། དཀྱིལ་དུ་གྲུ་གསུམ་ནག་པོ་སོར་ཉི་ཤུ། དཔངས་དང་ཞེང་ལ་སོར་གསུམ་བྱ། ཟུར་ལ་རྡོ་རྗེ་རྒྱ་གྲམ་བྲི། རོ་སོལ་དང་བདུད་རྩིས་བྱུགས་ལ། ཁ་ཁྱེར་ལ་ལྕགས་ཀྱུ་བྲི། ཕྱིར་ཙཀྲ་རྩིབས་བརྒྱད་འོད་དང་བཅས་པ་བྲི། །དེ་ལ་རྫས་དགོད་པ་ནི། ལྷོ་རྩིབས་ལ་མདའ་འུག་པ་མ་ལ་དུག་ཁྲག་བྱུགས་ལ། གཤིན་རྗེ་དེ་ལ་བསྐྱེད་ལ་གཟུག །ཤར་རྩིབས་ལ་ཁྲའི་མདའ་ལ་གུ་གུལ་བྱུགས་ལ། རྣམ་པར་རྒྱལ་བ་བསྐྱེད་ལ་གཟུག །བྱང་རྩིབས་ལ་སྲིན་བྱའི་སྒྲོ་ཅན་ཚིལ་ཆེན་བྱུགས་ལ། བདུད་རྩི་འཁྱིལ་བ་བསྐྱེད་ལ་གཟུག །ནུབ་རྩིབས་ལ་བྱ་རོག་སྒྲོ་ཅན་ཚིལ་ཆེན་བྱུགས། །རྟ་མགྲིན་དུ་བསྐྱེད་ལ་གཟུག །དེ་རྣམས་ལ་མདེའུ་དུག་ཤིང་ལ་བྱའོ། །དེ་རྣམས་ལ་དབང་བྱིན་བརླབ་བྱའོ། །ཕུར་ཐུན་དང་སྦྲགས་ན་མདེའུ་རྣམས་ཕུར་པ་མཚོན་དངོས་ལེགས་པར་དོད་པ་བྱེད་ལ། སྲས་མཆོག་ཏུ་བསྐྱེད་ལ་དབང་བྱིན་བརླབ་བྱ། ངར་བླུད་དོ། །ཐོད་ངན་ནང་དུ་ཐུན་རྫས་བདུན་པོ་ཐམས་ཅད་བསག །སྤྲུལ་པའི་ཚོགས་སུ་བསྒོམ། ཕུར་པ་རྣལ་འབྱོར་པའི་མདུན་དུ་བྱའོ། །ཚོགས་དང་གཏོར་མ་བཤམ་ལ་བསྒྲུབ་པར་བྱའོ། །རྟགས་བྱུང་བ་དང་ཟོར་ཐུན་རྡེག་པ་ནི། གསང་རྒྱུད་ལས། གསེར་སྐྱེམས་ལེགས་པར་བཏང་བར་བྱ། །མ་ཉེས་དཔང་གཟུག་ལས་རྣམས་བསྒོམ། །རྡོ་རྗེའི་གླུ་ནི་དྲག་ཏུ་བླང་། །ལྷོ་ཕྱོགས་ཁ་བལྟས་ཧ་ཧས་གདབ། །རྐང་པ་གཡས་པ་བག་ཙམ་བསྐུམ། །གཡོན་པ་རབ་ཏུ་བགྲད་ལ་འཕང་། །ཞེས་སོ། །དེ་ཡང་ཐག་ཉེ་ན་མཁར་ཁྱིམ་མམ་དུར་ལ་འཕང་། ཐག་རིང་ན་བྱང་རིའམ་མཐོན་པོའི་བྲག་ཁར་འཛེགས་ལ་ཟོར་ལམ་བསལ་ལ་འཕང་ངོ་། །ཐུན་དང་ཡུངས་ཀར་ཐམས་ཅད་མདའ་ཡི་སྟེང་དུ་བླུགས་ལ་འཕངས། །ཁྲག་གི་མདའ་ཐུན་བྱེད་ན། ཁྲག་སྣ་མདའི་ནང་དུ་བླུགས་ལ། སྤྲ་ཚིལ་གྱིས་ཁ་བཅད་ལ་ཁྲག་གི་བུད་མེད་དུ་བསམ་ལ་འཕང་ངོ་། །ཡང་དུག་གི་མདའ་ཐུན་ནི། དུག་ཤིང་ལ་ཞིང་ལྤགས་ཀྱི་སྒྲོར་བསྐྱོན་པའམ་དུག་སྣ་ཐམས་ཅད་མདའ་ལ་ཐང་ཆུས་བཀུས་ལ། སྔགས་དྲུག་བཟླས་ལ་རྟགས་བྱུང་བ་དང་འཕངས་ཏེ་ཐམས་ཅད་འཇོམས་པར་བྱེད་དོ། །ཡང་སྔགས་ཀྱི་དུག་མདའི་ཐུན་བྱེད་ན། རང་རང་གི་སྔགས་མང་དུ་བཟླ། ཡུངས་ཀར་ལ་བསྔགས་ལ་མདེའུའི་ནང་དུ་བླུགས་ལ་འཕང་ངོ་། །གོང་ལྟར་བདེན་པ་བདར་བ་ཀུན་ལ་གཅེས་སོ། །དགྲ་བརླག་པར་ཐེ་ཚོམ་མེད་དོ། །ཡང་དུག་ཐུན་ནི་རྒྱུད་ལས། ཐོད་པ་གླིང་དྲུག་ནག་པོའི་ཕྱོགས། །གདོང་ཅིག་ཐོད་ཅིག་དེ་ལ་བྱུག །བོང་ང་ལྕགས་ཚེར་རེ་ལྕགས་པ། །སྤྱང་དུག་ཐར་ནུ་སྐེ་ཚེ་དང་། །གླང་ཆེན་རི་བོང་། སྙིང་དང་ཆུ་སྲིན་སྲམ། སྙིང་། །གདུག་པའི་ཚོགས་རྣམས་བཀུག་ལ་བསྟིམ། །ཧ་ལའི་དུག་ཆེན་འབར་བར་བསམ། །ཞེས་པ་དེ་ལ་བཟླས་པ་མང་པོ་རྫོགས་པ་དང་། ཟོར་དུ་བརྡེག་སྟེ། རྒྱུད་ལས། གྲོང་དང་གྲོང་ཁྱེར་ཆེན་པོའམ། །ཡུལ་ཕྱོགས་དུར་དང་ལྷ་རྟེན་ལ། །དེ་ལ་འཕངས་བར་བྱ་བ་ཡིན། །དེ་ཡིས་བརླག་པར་ཐེ་ཚོམ་མེད། །ཅེས་སོ། །ཡང་རབས་ཆད་ནག་པོའི་ཐོད་པར་དམེ་ཁྲག་གི་གཞི་བླངས་ལ། ཁྲག་སྣ་བརྒྱ་རྩ་བརྒྱད་ཀྱིས་བཀང་བ་དལ་གྱི་དབུས་སུ་བཞག །བསྙེན་སྒྲུབ་ཚང་བ་དང་། སེང་ལྡེང་གི་འཁར་བ་ཐོགས་ལ། རས་ཆེན་གྱིས་གཡབ་ཅིང་། མ་མོ་རྦད་པའི་སྙིང་པོ་བཟླས་ལ་ཟོར་དུ་བརྡེག་སྟེ་བརླག་པར་ཐེ་ཚོམ་མེད་དོ། །ཡང་གཏོར་ཟོར་བྱེད་ན། ཁྲག་གི་གཏོར་མ་བྱས་ལ། སྔགས་མང་དུ་བཟླས་ཏེ་ཁྲག་ཐུན་གྱི་ལས་ལྟར་བྱས་ན། རྒྱུད་ལས། གྲོང་ལ་གཏོར་ན་མི་ནད་དང་། །ཕྱུགས་ནད་སྣ་ཚོགས་འབྱུང་བར་འགྱུར། །དུར་ལ་གཏོར་ན་ནད་འཁྲུགས་དང་། །ཐ་མ་རབས་སུ་ཆད་པར་འགྱུར། །ཞེས་སོ། །ཡང་ཡུངས་ཐུན་ལ། དང་པོ་ཡུངས་ཀར་ཡུངས་ནག་བྱིན་གྱིིས་བརླབས་ལ། ཐོད་པའི་ནང་དུ་དུར་ཁྲོད་ཀྱི་ས་བླུགས་སྡོང་པོ་རྐང་གཅིག་པ་བཏོན་པའི་ཤུལ་དུ་བཅུག །བདུད་རྩི་ལྔས་བྲན་རྔ་མོའི་བྲུན། ཕག་བྲུན། ཁྱི་སྤྱང་གི་བྲུན་ལས་བསྐྱེད། དེ་སྨིན་པ་དང་ཐོད་པར་བླུག །བདུད་རྩི་ལྔ་དང་དུག་ཁྲག་གིས་བྲན། དེ་ནས་བསྔགས་ལ་འཕངས་ཏེ། གསང་རྒྱུད་ལས། གང་ལ་དམིགས་པ་དེ་བརླག་འགྱུར། །དུར་ལ་བརྒྱབ་ན་ཁྲག་འཁྲུགས་འབྱུང་། །ཀླུ་ལ་བརྒྱབ་ན་མཛེ་ནད་འབྱུང་། །མཁར་ལ་བརྒྱབ་ན་གྲོང་བརྡལ་འཇིག །མི་ནད་རྟ་ནད་གླང་ཆེན་འཆི། །ཡངས་ཐུན་ཞེས་ནི་དེ་ལ་བྱ། །ཞེས་སོ། །དེ་ཡང་མཚེ་ཟོར་དང་རྡོ་ཟོར་ནི་ལས་ཐམས་ཅད་ལ་འཇུག་པ་ཡིན་པས། རྒྱུད་ལས། མཚེ་དང་རྡོ་ཐུན་གདུག་པ་ལ། །རབ་ཏུ་བསྔགས་པ་དེ་ཉིད་བརྡེག །དེ་ཡིས་ཐལ་བར་བརླག་པར་འགྱུར། །དེ་ལྟར་གཅིག་ལ་ཀུན་ཚང་དང་། །སོ་སོར་བྱས་ཀྱང་འདྲ་བར་ཏེ། །དེ་ལྟར་ཐུན་ནི་བདུན་པོ་ཀུན། །གཅིག་ལ་གཅིག་བརྟེན་རབ་གསལ་བས། །མཁས་པ་རྣམས་ཀྱི་ཤེས་པར་གྱིས། །ཞེས་སོ། །ཡང་བདག་ཉིད་ཆེན་མོའི་བདུན་ནི། ཐོད་ཟོར་ནི་རབས་ཆད་ནག་པོའི་ཐོད་པ་བླ་འོག་མ་བྲལ་བར། མི་ཁྱི་རའི་ཁྲག །ཐར་ནུ་སྤྱང་དུག་བཙན་དུག་བསྔགས་ལ་འཕངས། ཁྲག་ཟོར་ནི། ཐོད་ངན་ནམ། དགོ་རུ་གཡས་པའམ། ཡང་ན་སྣ་མ་ཕུག་པ་གཉའ་མ་སྐྱེས་པའི་རུ་གཡས་པར་ཁྲག་གསུམ་བསྔགས་ལ་འཕང་ངོ་། །མདའ་ཟོར་ནི། སྨྱུག་ཚིགས་བདུན་ལ་ལྟས་ངན་སྒྲོ་བསྐྱོན་ལ་འཕང་། མཚེ་ཟོར་ནི། བྲག་ནག་ལས་སྐྱེས་པའི་མཚེ་ལ་ཡུངས་ཀར་གྱི་རྐང་བཤད་བལ་ཚོན་གྱིས་དཀྲིས་ལ་འཕང་ངོ་། །རྡོ་ཟོར་ནི། རྡོ་ནག་པོ་དགུ་བླངས་ལ་བསྔགས་ལ་འཕང་། ཡུངས་ཀར་རྐང་བཤད་བལ་ཚོན་གྱིས་དཀྲིས་ཏེ་འཕང་བ་ནི་ཡུངས་ཟོར། སྦང་ཟོར་ནི། སྦང་མ་ལ་བལ་ཚོན་གྱིས་བཀབ་ལ་འཕང་ངོ་། །སྤྱིར་ཟོར་གང་བྱེད་ཀྱང་བཤན་པ་ནི། ཕྱོགས་བཞི་མཚམས་བརྒྱད་དུ་གཟས་པ་པོ་ལག་ཉ་དང་བསེ་ཁྲག་གིས་བྱ། །རུའམ་ཐོད་པའི་ཁྲག་ལ་བསྔགས་ལ་ཕངས་ཏེ་ཐོད་པའམ་རུའི་ཁ་རྩེ་གཉིས་གཡས་སུ་ཁྲག་དར་ཕྱར་བ་འདྲ་བའི་རླངས་པ་འདྲ་བ་བྱུང་ན་དགྲ་མ་ལུས་འཆི་བས་དུས་གདབ་པའོ། །རུ་རྩེ་གཡོན་དུ་དགྲ་སར་སོང་ཁྲག་ཚུར་བྱུང་ན་དགྲའི་ཕོ་རབ་གསུམ་ལ་འོང་། རུ་རྩེ་ཁྲག་གསུམ་གཡས་སུ་ཡོ་ན་མཐུ་བཟློག་པ་ལ་འབྱུང་ངོ་། །རུ་རྩེ་ཁྲག་གསུམ་གཡས་སུ་ཡོ་ན་མཐུ་བཟློག་པ་ལ་འབྱུང་ངོ་། །རུ་རྩེ་གཉིས་གཡས་སུ་སོང་ནས་ཁྲག་འཐུང་ན་དགྲ་བོའི་ནོར་ལ་གོད་འོང་ངོ་། །རུ་གཡོན་དུ་ཁ་རྩེ་ཁྲག་གསུམ་དགྲ་སར་སོང་ན་མོ་རབ་གཅིག་ལ་འོང་ངོ་། །རུ་གཡོན་དུ་ཁ་རྩེ་སོང་ནས་ཁྲག་འཐུང་ན་དགྲའི་འོག་རྟ་དང་བྲན་ལ་འོང་ངོ་། །བཟློག་པ་བརྩི་བ་ནི་རུ་ཁ་རྩེ་ཁྲག་གསུམ་རང་སར་ཚུར་ལོག་ན་སྒྲུབ་པ་བསྐྱར་དགོས། ཚེ་ཆོག་བྱ། རུ་ཁ་རྩེ་རང་སར་བྱུང་ཁྲག་ཕར་སོང་ན་གསུམ་བསྐྱར་ན་ཐུབ་འོང་། །རུ་ཁ་རྩེ་རང་སར་གཡོན་དུ་ལོག །ཁྲག་འཐུང་ན་ནོར་གོད་ཡོང་། རུ་ཁ་རྩེ་ཁྲག་གསུམ་གཡོན་དུ་ལོག་ན་སྤུན་ནམ་ཉེ་དྲུང་ལ་འོང་། རུ་གཡོན་དུ་ཁ་རྩེ་ཁྲག་གསུམ་རང་སར་བྱུང་ན་རང་གི་མོ་རབ་གསུམ་མམ་གཅིག་ལ་འོང་ངོ་། །འཕང་བ་ཟོར་གྱི་གནད་ཚར་རོ། །མནན་བསྲེག་འཕང་གསུམ་གྱིས་ལས་ཀྱི་མཇུག་བསྡུ་བ་སྟེ། ཁོག་དོན་དྲུག་པ་ཚར་རོ། །ཨེ་མ་ཧོ། བླ་མེད་རྒྱུད་ཀྱི་མན་ངག་རྩ་ཐུར་འདི། །མི་འགྱུར་རྟོགས་པའི་རྒྱལ་པོའི་རྒྱ་ཡིས་བཏབ། །མགོ་མཇུག་མེད་པར་མན་ངག་གསུམ་གྱིས་ཁྱབ། །སྐབས་ཀྱི་འགྲེལ་པ་དོན་གྱི་ཁོག་ཏུ་བསྒྲིལ། །མན་ངག་གཟེར་གྱིས་སྟོད་སྨད་གཉིས་སུ་ཕྱེ། །དོན་གྱི་ཁོངས་ནས་བཀྲལ་ནས་གདགས་པ་བསྡེབས། །རྩ་བ་གཅིག་ཏུ་དྲིལ་ནས་གནད་ཀྱི་གཟེར་གེགས་བཀྲོལ། །ལྔ་བཅུ་རྩ་གཅིག་སྤྲོ་བསྡུའི་ཡི་གེ་ཧཱུྃ། །ཐེག་དགུ་རྣམ་དག་ཡི་གེ་ཨ་ཡིག་དགུ། །སྤྲོས་དང་བརླག་པར་བྱེད་པའི་སུམ་ཅུ་རྩ་བཞི་ཕཊ། །ཡེ་ཤེས་ལྔ་ལྡན་ཡིག་འབྲུ་བཅུ་གཉིས་ༀ། །སྟོད་ལས་སྨད་ལས་ཕྲིན་ལས་སོ་སོར་གདམས། །དཀྱུས་ཀྱིས་གཅོད་པ་དཀྱུས་དྲུག་བཀྲོལ་བ་ཡིན། །ཁོག་དོན་དྲུག་བ་རྫོགས་སོ།། ༈ །།ཤྲཱི་བཛྲ་ཀུ་མཱ་ར་ན་མོ། རྒྱུད་ཀྱི་ཐེམ་སྦྱོར་བཅུ་ལས། གླེང་གཞི་རྣམ་པ་གསུམ་ནི་གོང་དུ་བཤད་ཟིན་ཏོ། །མཚན་ཉིད་རྣམ་པ་གསུམ་གྱིས་དོན་གྱི་ཤན་དབྱེ། ཞེས་པ་ལས། ཁ་ཅིག་ལས་མཚན་ཉིད་རྣམ་པ་བཞི་ཞེས་བཤད་ཀྱང་། མཚན་ཉིད་གསུམ་ལས་མེད་དོ། །ཕུར་པའི་མཚན་ཉིད་ནི་ཕུར་པའི་རྒྱུ་བཞི་དང་བཟློས་པའི་ཕྱིར། ཡང་ཡང་བཤད་པ་མི་རིགས་པའི་ཕྱིར། དེའང་གསུམ་པོ་གང་ཞེ་ན། དལ་གྱི་མཚན་ཉིད་སྔགས་ཀྱི་མཚན་ཉིད། རྫས་ཀྱི་མཚན་ཉིད་དོ། །དང་པོ་ལ་ལྔ་སྟེ། ཆོས་ཉིད་སྤྱིའི་དལ། ཆོས་ཅན་རང་གི་དལ། བསྒོམ་པ་ཏིང་ངེ་འཛིན་གྱི་དལ། སྦས་པ་གསང་བའི་དལ། བྲི་བ་གཟུགས་བརྙན་གྱི་དལ་ལོ། །དང་པོ་ཆོས་ཉིད་སྤྱིའི་དལ་ནི། ཆོས་ཀྱི་སྐུའི་དལ་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུའི་བུདྡྷས་བསྐོར་བ་དང་། ལོངས་སྤྱོད་རྫོགས་སྐུའི་དལ་རྣམ་སྣང་ལ་འཁོར་ས་བཅུའི་བོ་དྷི་ས་ཏྭས་བསྐོར་བ་དང་། སྤྲུལ་པའི་དལ་ཤཱཀ་ཐུབ་ལ། འཁོར་རིགས་དྲུག་གིས་བསྐོར་བ་གསུམ་མོ། །གཉིས་པ་ཆོས་ཅན་རང་གི་དལ་ནི། ཆོས་ཉིད་སྟོང་ཉིད་དཀྱིལ། རིག་ལ་ཡེ་ཤེས་ཀྱི་འཁོར། དེར་རིག་པ་ཡེ་ཤེས་ཀྱི་ཕུར་པ་བསྒྲུབ། གསུམ་པ་སྒོམ་པ་ཏིང་ངེ་འཛིན་གྱི་དལ་ནི། རང་གི་རིག་པ་ལྷར་གསལ་བ་དཀྱིལ། ཁྲོ་བོ་ཁྲོ་མོར་སྣང་བ་འཁོར། དེར་ཐུགས་རྗེ་སྤྲུལ་པའི་ཕུར་པ་བསྒྲུབ། བཞི་པ་སྦས་པ་གསང་བའི་དལ་ནི། ཡབ་ཡུམ་གྱི་རྡོ་རྗེ་པདྨ་ནི་དཀྱིལ། བདེ་ཆེན་དགའ་བཞིའི་འཁོར། དེར་གསང་བ་བྱང་ཆུབ་སེམས་ཀྱི་ཕུར་པ་བསྒྲུབ། ལྔ་པ་གཟུགས་བརྙན་གྱི་དལ་ལ་གཉིས་ཏེ། རིགས་བསྡུས་ཀྱི་དལ་དང་། རིགས་བྱེ་བྲག་པའི་དལ་ལོ། །དང་པོ་ལ་ལྔ་སྟེ། བསྙེན་པའི་དལ་དང་། སྒྲུབ་པའི་དལ་དང་། མཱ་ར་ཡ་བསད་པའི་དལ་དང་། དབང་གི་དལ་དང་། སྲུང་བའི་དལ་ལོ། །དང་པོ་བསྙེན་པའི་དལ་རྩིབས་བརྒྱད་པ་སྟེ། རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། མི་འགྱུར་གྲུ་གསུམ་ཨེ་ཡི་གནས། །ཟླ་གམ་དམར་པོ་དབང་གི་ཚུལ། །སྟོང་ཉིད་རྡོ་རྗེའི་བྲག་གིས་གཏམས། །ཕྱི་རོལ་འཁོར་ལོ་སེར་པོ་ནི། །རྩིབས་བརྒྱད་མུ་ཁྱུད་ཐོད་པར་བསྟན། །དེ་ནི་བསྙེན་པའི་ད་ལ་ཡིན། །ཞེས་སོ། །གཉིས་པ་སྒྲུབ་པའི་དལ་ནི། རྒྱ་མདུད་འདེགས་པ་སྟེ། རྒྱུད་ལས། རྒྱ་མདུད་ལྟ་བུའི་ནག་པོ་ལ། །མཐིང་ནག་གྲུ་གསུམ་འབར་བ་དགུ། །ངེས་པར་སྒྲུབ་པའི་ད་ལའོ། །ཞེས་སོ། །གསུམ་པ་བསད་པའི་ད་ལ་ནི། རྒྱུད་ལས། གྲུ་གསུམ་ཉི་ཤུ་རྩ་གཅིག་པ། །དྲག་པོ་བསད་པའི་དལ་ཡིན་ནོ། །ཞེས་སོ། །བཞི་པ་དབང་གི་དལ་ནི། རྒྱུད་ལས། རྩིབས་བརྒྱད་ཟླ་གམ་ལྟ་བུ་ཡིན། །དབང་གི་ད་ལ་ཡིན་པར་བཤད། །ཅེས་སོ། །ལྔ་པ་སྲུང་བའི་དལ་ནི། རྒྱུད་ལས། མེ་རླུང་འཚུབས་པ་འཇིགས་ཚུལ་ཅན། །དམ་ཅན་ལས་ཀྱི་ད་ལ་ཡིན། །ཅེས་སོ། །གཉིས་པ་རིགས་བྱེ་བྲག་གི་དལ་ནི་གསུམ། ཁྲོ་བོ་སོ་སོའི་དཀྱིལ་འཁོར་ནི། ཁྲོ་བོ་བཅུ་ལ་དལ་བཅུ་གསང་རྒྱུད་ནས་བཤད། མགོ་བརྙན་སོ་སོའི་དལ་ནི། མགོ་ཅན་ཉི་ཤུ་ལ་དལ་ཉི་ཤུའོ། །མ་མོ་སོ་སོའི་དལ་ནི། ཕུར་སྲུང་བཅུ་ཉིས་ལ་དལ་བཅུ་གཉིས། སིང་ཧ་བརྒྱད་ལ་དལ་བརྒྱད། གོའུ་རཱི་བརྒྱད་ལ་དལ་བརྒྱད། དབང་ཕྱུག་མ་ཉེར་བརྒྱད་ལ་དལ་ཉེར་བརྒྱད། དེ་རྣམས་གསང་རྒྱུད་ནས་བཤད་དོ། །སྤྱིར་དལ་ཐམས་ཅད་གཙོ་བོ་འཕོས་པར་འགྱུར་བ་ཡིན། རིགས་བསྡུས་དཀྱིལ་འཁོར་ལ་ལྷ་གྲངས་ལྔ་བཅུ་རྩ་གཅིག་ཡོད་པས་དལ་ལྔ་བཅུ་རྩ་གཅིག་ཏུ་འགྲོའོ། །དལ་ལྔ་བཅུ་རྩ་གཅིག་པོ་ལ་ལྷ་ཉིས་སྟོང་ཕྱེད་དྲུག་བརྒྱ་དང་གཅིག་ཡོད་དོ། །གཙོ་བོ་འཕོས་པས། དལ་ཀྱང་ཉིས་སྟོང་ཕྱེད་དྲུག་བརྒྱ་དང་གཅིག་ཡོད་དོ། །དལ་དང་དབང་བསྐུར་དུ་འབྲེལ་བ་ཡིན་པས་དབང་བཞི་ཡོད་པ་དེ་ཙམ་བཞི་འགྱུར་དུ་བརྩིའོ། །དབང་དང་རབ་གནས་སུ་འབྲེལ་བས་དེ་ལ་སྐུའི་རབ་གནས། གསུང་གི། ཐུགས་ཀྱི་རབ་གནས་ཏེ་དེ་ཙམ་སུམ་འགྱུར་རོ། །རབ་གནས་དང་སྦྱིན་སྲེག་ཏུ་འབྲེལ་བས། སྦྱིན་སྲེག་ལ་ཞི་རྒྱས་དབང་དྲག་བཞི་ཡོད་པས་དེ་ཙམ་བཞི་འགྱུར་རོ། །སྦྱིན་སྲེག་ལས་ཚོགས་དང་འབྲེལ་བས་ལས་བཞི་ལ་དེ་ཙམ་བཞི་འགྱུར་རོ། །ལས་ཚོགས་དངོས་གྲུབ་དང་འབྲེལ་བ་ཡིན་ལ། དངོས་གྲུབ་ལ་གྲུབ་ཆེན་བརྒྱད་ཡོད་པས་དེ་ཙམ་བརྒྱད་འགྱུར་རོ། །དེ་ནི་རྡོ་རྗེ་ཕུར་པའི་བརྗོད་བྱ་ནམ་མཁའ་དང་མཉམ་པ་ལས། དེའི་ནང་ནས་ཐིགས་པ་ཙམ་ཞིག་ཡིན་ཏེ། ནམ་མཁའི་ཐིགས་པ་ཤར་ཅེས་སོ། །ས་ཆོག་སྟ་གོན་ལས་རྒྱལ་མཆོག་བསམ་གྱིས་མི་ཁྱབ་བོ། །དེ་རྣམས་རྒྱུད་ལས་བཤད་དེ་དལ་གྱི་མཚན་ཉིད་ཚར་རོ། །གཉིས་པ་སྔགས་ཀྱི་མཚན་ཉིད་ལ་བཞི་སྟེ། ངོ་བོ། ངེས་ཚིག །དབྱེ་བ། བསྡུ་བའོ། །དང་པོ་ངོ་བོ་ནི། བདེ་བར་གཤེགས་པའི་ཐུགས་ཡིག་འབྲུར་གནས་པས་ཡི་གེ་ནུས་པ་མཐུ་རྩལ་ཅན་ནོ། །ངེས་ཚིག་ནི། བྱིན་རླབས་མངོན་དུ་འབྱིན་པས་ན་སྔགས་ཞེས་བྱའོ། །དབྱེ་ན་གསུམ་སྟེ་གསང་སྔགས། རིག་སྔགས། གཟུགས་སྔགས་སོ། །དེ་ཡང་ལྷ་ཕོ་ལ་གསང་སྔགས། མོ་ལ་རིག་སྔགས། ལྷ་ཕོ་མོ་སྤེལ་མའི་གཟུངས་སྔགས་སོ། །འདིར་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་གསུམ་ལ་ངོས་བཟུང་ངོ་། །བཞི་པ་བཏུ་བ་ལ་གསུམ་སྟེ། དང་པོ་སྔགས་དག་པར་བྱ་བའི་དོན་དུ་བཏུ། བསྟུས་པའི་སྔགས་ཀྱི་རྣམ་པར་དབྱེ་བ། ནུས་པ་མཐར་དབྱུང་བར་བྱ་བའི་ཕྱིར་བཟླ་ཐབས་སོ། །དེ་ཡང་སྔགས་བཏུ་བའི་གཞི་ནི་ཨཱ་ལི་ཀཱ་ལིའོ། །བཏུ་ཐབས་ནི། ཀཱ་ལི་ལས་ལུས་བཏུ་བ། ཨཱ་ལི་ལས་ཡན་ལག་བཏུ་བ། དེའང་ཚིགས་བཅད་ལས་བཏུ་བ། སྤེལ་མ་ལས་བཏུ་བ། རེ་མིག་ལས་བཏུ་བ། འཁོར་ལོ་ལས་བཏུ་བ། གྲངས་ལས་བཏུ་བ། དབྱིབས་ལས་བཏུ་བ་སྟེ། དེ་རྣམས་ལས་མི་འདའོ། །གཉིས་པ་རྣམ་པར་དབྱེ་བ་ལ་བདུན་ཏེ། སྦྲུལ་ༀ་དང་སྭཱཧཱ་ཡོད་པ། མགོ་མེད་ༀ་མེད་པ། མཇུག་མེད། སྭཱཧཱ་མེད་པ། བཏུས་པ་གཉིས་ཀ་མེད་པ། སྐུ་ༀ་གསུང་ཨཱཿ ཐུགས་ཀྱི་ཧཱུྃ། སྔགས་སོ། །གསུམ་པ་ནུས་པ་དབྱུང་བར་བྱ་བའི་ཕྱིར་བཟླ་ཐབས་ལ་གསུམ་སྟེ། རྒྱུད་ལས། རྗེས་སུ་དྲན་བུདྡྷའི་དྲུང་དུ་ཁས་བླངས་པ། པའི་སྙིང་པོ་དང་། །རང་དབང་མེད་པའི་སྙིང་པོ་དང་། །དཀྲུགས་པ་དང་། ཙིཏྟ་སྲེག་བྱེད་སྙིང་པོ་སྟེ། །ཟློག་པ། དེ་གསུམ་བཟླ་པར་གྱུར་པ་ན། །རྡོ་རྗེའི་སྐུ་ཡང་འཇིག་པར་འགྱུར། །ཞེས་བཤད་པས། དང་པོ་རྗེས་སུ་དྲན་པ་ནི་རྣལ་མ་སྟེ་བསྙེན་པར་བཟླས་པའོ། །རང་དབང་མེད་པ་ནི་དཀྲུགས་པ་སྟེ་བསྒྲུབ་པའོ། །ཙིཏྟ་སྲོག་བྱེད་ནི་བཟློ་ནས་བཟླས་པ་སྟེ་བསད་པའོ། །སོ་སོར་བཟླས་པ་ནི་ཟངས་མོའོ། །ཟང་ལ་ཟེར། བསྡོམས་ནས་བཟླས་པ་ནི་དྲིལ་བའོ། །རྒྱུད་ལས། བསྙེན་པའི་དྲིལ་གཏོར་མན་ངག་དང་། །སྒྲུབ་པའི་དྲིལ་གཏོར་མན་ངག་དང་། །སྦྱོར་བ་དྲིལ་གཏོར་མན་ངག་དང་། །སོ་སོར་ཉིད་དུ་ཤེས་པར་བྱ། །ཞེས་པས། སྔོན་དུ་དྲིལ་ལ་བཟླས། དེ་ནས་རྟགས་གང་ཉེ་བ་རེ་ལ་རྐང་ཐོན་དུ་བྱེད་པ་ཡིན་ཏེ། །དེས་དྲིལ་སྒྲུབ་པ་དང་རྐྱང་སྒྲུབ་རྟགས་དང་སྦྱར་བས་ཤུགས་ལ་འོང་བ་ཡིན། དེ་ཡང་བཟླས་པ་དང་པོ་ནི། རྒྱུད་ལས། སྡོང་པོ་ལྟ་བུའི་སྔགས་ཀྱི་སྦྱོར་བ་དང་། །སྤྲུ་གྲི་ལྟ་བུའི་སྔགས་དབུ་མེད་དུ་བཟླས་པ། ཀྱི་སྦྱོར་བ་དང་། །མདུད་ཐུང་མགོ་ཅན། ལྟ་བུའི་སྔགས་ཀྱི་སྦྱོར་བ་དང་། མེ་དཔུང་ལྟ་བུའི་སྔགས་མཐའ་ཅན། ཀྱི་སྦྱོར་བ་དང་། །རལ་གྲི་ལྟ་བུའི་སྔགས་མཱ་ར་ཡ་རྦད། ཀྱི་སྦྱོར་བ་དང་། །སྦྲུལ་ནག་དུག་ཁྲག་སྔགས། ལྟ་བུའི་སྔགས་ཀྱི་སྦྱོར་བ་དང་། །ཉེ་ཟེར་འོད་འཕྲོོ། ལྟ་བུའི་སྔགས་ཀྱི་སྦྱོར་བ་དང་། །ཆུ་བོ་རྒྱུན་ཆད་མེད་པ། ལྟ་བུའི་སྔགས་ཀྱི་སྦྱོར་བ་བཟླ། །ཞེས་པས། བཟླ་ཐབས་བརྒྱད་གསུངས་པའོ། །གང་བཟླ་ན། རྒྱུད་ལས། རྒྱབ་རི་དམག་མི་ལྟ་བུའི་ཡིག་འབྲུ་དྲུག །ཨི་ཨི་ཨི་ཀ །ཨུ་ཨུ་ཨུ་རྐྱང་། འཁྲུལ་མེད་ལྷག་མེད་ཡིག་འབྲུ་དྲུག །དབང་སྡུད་ཨི་ནི་ཨུ་ནེ། འགུགས་པའི་ཡིག་འབྲུ་དྲུག །རབ་ཏུ་སྟྭཾ་བྷ་ཡ། འཆིང་བའི་ཡིག་འབྲུ་དྲུག །བརྡུང་ཞིང་བཛྲ་ཡཀྵཱ། རྡེག་པའི་ཡིག་འབྲུ་དྲུག །བཟློག་ཅིང་རཀྵ་རཀྵ། གཤེད་དབབ་ཡིག་འབྲུ་དྲུག །འཇོམས་ཤིང་མཱ་ར་ཡ། འབྲལ་བྱེད་ཡིག་འབྲུ་དྲུག །དེ་རྣམས་ནི་དྷཱ་ཏི་ལྟར་སྒྲུབ་པའོ། །ཡང་རྒྱུད་ལས། ཡིག་འབྲུ་དྲུག་པ་བསྲུང་རཀྵ་རཀྵ། བ་ཡིན། །ཡིག་འབྲུ་དགུ་པ་ཀཱ་ཡ་ཝཱ་ཀ་ཙིཏྟ། མནན་པ་ཡིན། །སྙིང་ཁྲག་འཕྲོག་པ་འབྲུ་དགུ་པ། །མཱ་ར་ཡ་རྦད། བསད་བཛྲ་ཀྲོ་དྷ། པའི་དྲག་སྔགས་འབྲུ་ལྔ་པ། །གཏུབ་པའི་ཡིག་འབྲུ་བཅུ་གཅིག་ནཱ་ཤ་ཡ། པ། །རླག་པར་བྱེད་པ་བཅུ་གཉིས་ཨ་ཀཪྵ་ཡ། པ། །ཞེས་འདུས་པ་ལྟར་དུ་སྒྲུབ་པ་ཡིན་ནོ། །ཡང་རྒྱུད་ལས། བཀའ་ཡི་འཁོར་ལོས་བསད་པ་དང་། །ལུས་སྲོག་ཐལ་བར་བསད་པ་དང་། །སྔགས་རྐང་བརྒྱད་ཀྱིས་བསད་པ་དང་། །སྔགས་རྐང་དྲུག་གིས་བསད་པ་དང་། །སྔགས་རྐང་གསུམ་གྱིས་བསད་པ་དང་། །དྲེགས་པ་རང་གིས་བསད་པའོ། །ཞེས་པ་ནི་བསྡུ་ཡིག་ལྟར་སྒྲུབ་པའོ། །སྔགས་ཀྱི་མཚན་ཉིད་ཚར་རོ། །གསུམ་པ་རྫས་ཀྱི་མཚན་ཉིད་ལ། གསང་རྒྱུད་ལས། ཆོས་ཉིད་རིག་པའི་ཕུར་པ་ལ། །ཙནྡན་དཀར་པོས་གཞི་བླངས་ལ། །ཨ་རུ་ར་དང་དུ་རུ་ཀ །ཛཱ་ཏི་ཕ་ལ་བྱུག་པར་བྱ། །མ་ཆགས་པདྨའི་ཕུར་པ་ལ། །རང་བྱུང་མེ་ཏོག་དམར་པོ་དང་། །ཨ་ཤོ་ལ་སོགས་བྱུག་པར་བྱ། །ཞེས་པ་ལ་སོགས་པ་རྒྱ་ཆེར་བཤད་པས། དེ་ཡང་རིག་པ་ཡེ་ཤེས་ཀྱི་ཕུར་པའི་རྫས་ནི། ནོར་བུ་ཆུ་དྭངས་ལྟ་བུ་ཡིན། །དེས་ན་དྭངས་སྙིགས་འབྱེད་པ་ལྟར། རིག་པ་ཡེ་ཤེས་ཀྱིས་ཆོས་ཉིད་ཀྱི་གནས་ལུགས་དང་། གློ་བུར་གྱི་དྲི་མའི་རྟོག་པ་གཉིས་སོ་སོར་འབྱེད་པའོ། །དེ་ཡང་རིག་པ་དྭངས་སྙིགས་ཕྱེ་ན་སྒོམ་ཤུགས་ལ་འོང་ངོ་། །གཉིས་པ་ཐུགས་རྗེ་སྤྲུལ་པའི་ཕུར་པའི་རྫས་ནི། མེ་ལོང་གཡའ་ཡོངས་སུ་དག་པ་ཡིན་ཏེ། མེ་ལོང་ནང་དུ་ཡི་དམ་གྱི་བྲིས་སྐུ་འཆར་དུ་བཅུག་ལ། དེ་ལ་བལྟས་པས་འཇའ་ཚོན་ལྟ་བུའི་ཉམས་སྐྱེ། དེ་ལ་ཡང་ཡང་བསླབ་ན་ལྷ་སྣང་སྟོང་དབྱེར་མེད་དུ་འཆར་རོ། །བསྐྱེད་རིམ་བརྟན་པའི་ཚད་ནི། རང་གིས་མེ་ལོང་ལ་བལྟས་པས་མེ་ལོང་ནང་དུ་ལྷར་འཆར་བ་འོང་བའོ། །དེ་ཙམ་ན་ཕྱི་ནང་སྣོད་བཅུད་ལྷའི་དལ་དུ་འཆར་བ་ཡིན་ནོ། །གསུམ་པ་གསང་བ་བྱང་ཆུབ་ཀྱི་སེམས་ཀྱི་ཕུར་པའི་རྫས་ལ་བཞི་སྟེ། ཕྱག་རྒྱ་མ་འགུགས་པའི་རྫས། དབང་དུ་བསྡུ་བའི་རྫས། རྩ་ཞན་ན་བཙལ་བའི་རྫས། ཕྱག་རྒྱ་མ་སྦ་བའི་རྫས་སོ། །དང་པོ་ནི། སིནྡྷུ་ར་དང་དྷ་རུ་ར་བུད་མེད་ཀྱི་རཀྟ་ལུས་ལ་བཅང་བར་བྱའོ། །གཉིས་པ་དབང་དུ་བྱ་བ་ནི། རང་གིས་དབང་དུ་སྡུད་བྱེད་ཀྱི་རྫས་དང་། སྲིན་ལག་གི་དྲི་མ་མངར་གསུམ་ལ་སྦྱར་ལ་ལྟོ་སྟོང་ལ་བཏང་ངོ་། །གསུམ་པ་སྨན་ལྔ་པོ་བྱ་ཕོའི་སྒོ་ང་སེར་པོ་དང་སྦྱར་ལ་གསང་བའི་པདྨར་བཅུག་པས་རྩ་རྙེད་འོང་ངོ་། །བཞི་པ་སྦ་བ་ནི། སོ་བྱ་རོག་པོའི་སྒྲོ་དང་། ཁྭ་ཏའི་ཚང་གི་ཤིང་བུ། སྦ་བྱ་ལྐོག་དཀར་ཚང་གི་རྡེའུ་རྙེད་ན་སུས་ཀྱང་མི་མཐོང་ངོ་། །བཞི་པ་འདུས་བྱས་རྫས་ཀྱི་ཕུར་པའི་རྫས་ལ་ལྔ་སྟེ། བསྙེན་པའི་རྫས། སྒྲུབ་པའི་རྫས། སྒྲུབ་པ་ཆེན་པོའི་རྫས། དགྲ་བགེགས་བསད་པའི་རྫས། བཀྲ་ཤིས་པའི་རྫས་སོ། །དང་པོ་ལ་འཚོ་བའི་ཟས། རྐྱེན་བཟློག་སྨན། མཆོད་པའི་རྫས་བསག་གོ། །གཉིས་པ་བསྒྲུབ་པ་ལ་ལྷ་ཕུར། སྒྲུབ་ཕུར། བནྡྷ། རྡོར་དྲིལ་སོགས་བསག་གོ། །གསུམ་པ་ལ་ཉ་བོ་ལིངྒ་ཐོད་ནང་བསག་གོ། །བཞི་པ་ལ་སྔགས་དྲུག་རྫས་དང་། མནན་བསྲེག་འཕང་གསུམ་རྫས་བསོག །གཞན་གྱི་རྐྱལ་པ་དང་། ཤ་སྣ། སྙིང་སྣ། ཁྲག་སྣ་བསོག །ལྔ་པ་བཀྲ་ཤིས་པའི་རྫས་ལ། བུམ་པ་གསར་པ་སོ་ལེགས་པར་བཏང་བ་གཉིས་བྱས་ལ། རིན་པོ་ཆེ་སྣ་ལྔ། དུང་དང་མུ་ཏིག །ཕྱུག་པོའི་ལུད་མག །འབྲུ་སྣ། དཀར་གསུམ། མངར་གསུམ། དར་སྣ་ལྔ་གཞུག །ཤོག་བུ་ལ་རྒྱལ་པོའི་ཁབ་ཡིན་བྱ་བ་བྲིས་ལ་གཞུག །རམ་པས་ཁ་བཅད། ཕྱུག་པོའི་ཁྱིམ་ས་ཞིང་མུ་མའི་ས་ཞབས་སུ་བཏིང་། རྟེན་འབྲེལ་སྙིང་པོས་རབ་གནས་བྱ། གཅིག་རྩིག་པ་ལ་གཞུག །གཅིག་མཛོད་དུ་གཞུག་གོ། །རྫས་འཕེལ་བར་འདོད་ན། ཕྲུ་བ་གསར་པར། རུས་པ་ཚོན་པོ་མང་དུ་གཞུག །འབྲུ་ལྔ་རཏྣ་ལྔ་གཞུག །ཁ་རམ་པས་བཅད་ལ་ཐེམ་འོག་ཏུ་སྦ། ཟས་ནོར་ཐམས་ཅད་འཕེལ་བར་འགྱུར་རོ། །རྫས་ཀྱི་མཚན་ཉིད་ཚར་རོ། །གསུམ་པ་ཕུར་བུའི་རྒྱུ་བཞིས་གང་ཟག་རྣམ་པ་བཞི་མཐར་དབྱུང་ཞེས་པས། ཕུར་བུ་ངན་སྔགས་གཙུག་ལག་གི་རྒྱུད་ལས། ཕུར་བུ་རྣམ་བཞིའི་དགོངས་པ་ཡིས། །གང་ཟག་རྣམ་བཞི་མཐར་དབྱུང་ངོ་། །རིག་པ་ཡེ་ཤེས་ཕུར་བུ་ནི། །ཆོས་ཀྱི་དབྱིངས་ཀྱི་ཀློང་དུ་གདབ། །ཐུགས་རྗེ་སྤྲུལ་པའི་ཕུར་པ་ནི། ཁམས་གསུམ་སེམས་ཅན་ལ་གདབ་བོ། །གསང་བ་བྱང་སེམས་ཕུར་པ་ནི། །ཡུམ་གྱི་མཁའ་ཀློང་ཡངས་པར་གདབ། །མཚན་མ་རྫས་ཀྱི་ཕུར་པ་ནི། །དགྲ་དང་བགེགས་ལ་གདབ་པའོ། །ཞེས་བཤད་པས་དེ་ཡང་ནམ་མཁའ་ལྟ་བུའི་གང་ཟག་གིས་རིག་པ་ཡེ་ཤེས་ཀྱི་ཕུར་པ་ཡུལ་ཆོས་ཀྱི་དབྱིངས་སུ་གདབ་པ་དང་། རི་བོ་ལྟ་བུའི་གང་ཟག་གིས་ཐུགས་རྗེ་སྤྲུལ་པའི་ཕུར་པ་ཡུལ་ཁམས་གསུམ་གྱི་སེམས་ཅན་ལ་གདབ་པ་དང་། བྱ་ཀ་ལནྟ་ཀ་ལྟ་བུའི་གང་ཟག་གིས་གསང་བ་བྱང་ཆུབ་སེམས་ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་གདབ་པ་དང་། ཙནྡན་གྱི་སྡོང་པོ་ལྟ་བུའི་གང་ཟག་གིས་མཚན་མ་རྫས་ཀྱི་ཕུར་པ་དགྲ་བགེགས་གཉིས་ལ་གདབ་པ་དང་། དེ་རེ་རེ་ལ་བཅུ་བཅུ་སྟེ། དང་པོ་རྟེན་གྱི་གང་ཟག །ཕུར་པ་རང་གི་ངོ་བོ། ཡུལ་གང་ལ་གདབ་པ། གདབ་པའི་ཐབས། དེས་ཇི་ལྟར་གདབ་པ། ཐེབས་པའི་ཚད། མ་ཐེབས་པའི་སྐྱོན། བཏབ་པའི་དགོས་པ། ཕུར་པ་ལ་བརྒལ་བ། ཉམས་སུ་བླང་ཐབས་དང་བཅུའོ། །དང་པོ་ནམ་མཁའ་ལྟ་བུའི་གང་ཟག་ནི། བློ་དཔངས་མཐོ་བ། རྒྱ་ཆེ་བ་ཡང་རབ་བོ། །གཉིས་པ་ཕུར་པ་རང་གི་ངོ་བོ་ནི། རང་གི་ངོ་བོ་དྲི་མ་མེད་པ། སྔ་སོ་ལ་མ་ཤོར། ཕྱི་སོ་ལ་མ་ཤོར་བ། ད་ལྟར་གྱི་སྐད་ཅིག་མ་སལ་ལེ་ཧྲིག་གེ་བ་ཉིད་དོ། །གསུམ་པ་བཏབ་པའི་ཡུལ་ནི། ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ། ཅི་ཡང་མ་གྲུབ་པའི་སྟོང་པ་དེ་ལ་གདབ་པའོ། །བཞི་པ་གདབ་པའི་ཐབས་ནི། ཤེས་པ་རང་སར་ལྷོད་ཀྱིས་གློད་ལ། རྩིས་གདབ་དང་བྲལ་བའི་མོད་དེ་ཁར་བཞག་གོ། །ལྔ་པ་བཏབ་པའི་དཔེ་ནི། ཆུ་དང་འོ་མ་འདྲེན་པ་ལྟ་བུ་སྟེ། གཞི་གནས་ལུགས་ཆེན་པོའི་སྟོང་ཉིད་དང་རིག་པ་སེམས་ཉིད་གཉིས་ཐ་དད་མེད་པ་སྟེ། དབྱིངས་ལ་ཡེ་ཤེས་ཐིམ་པ་ཞེས་བྱའོ། །དྲུག་པ་མ་ཐེབས་པའི་སྐྱོན་ནི། རྣམ་རྟོག་གི་རྗེས་སུ་འབྲངས་པས་འཁོར་བར་འཁྱམས་པའོ། །བདུན་པ་ཐེབས་པའི་ཚད་ནི། དབྱིངས་དང་ཡེ་ཤེ་དབྱེར་མེད་དུ་ལྷང་གིས་རྟོགས་པའོ། །བརྒྱད་པ་བཏབ་པའི་དགོས་པ་ནི། འབྲས་བུ་ཆོས་སྐུ་ཐོབ་པའོ། །དགུ་པ་བརྒལ་བ་ནི། སྤྱིར་ཕུར་པ་ལ་ཞི་རྒྱས་དབང་དྲག་ཚང་དགོས་ལ། དབྱིངས་དང་ཡེ་ཤེས་དབྱེར་མེད་དེ་ལ་ཞི་རྒྱས་དབང་དྲག་ཚང་ངམ་ཟེར་ན་ཚང་སྟེ། དེ་ཉོན་མོངས་ཞི་བས་ཞི་བའི་ཕུར་པ། སངས་རྒྱས་ཀྱི་ཡེ་ཤེས་རྒྱས་པར་བྱེད་པས་རྒྱས་པའི་ཕུར་པ། རང་སེམས་དབང་དུ་འདུས་པས་དབང་གི་ཕུར་པ། འཁོར་བ་ལས་སྒྲོལ་བར་བྱེད་པར་དྲག་པོའི་ཕུར་པའོ། །བཅུ་པ་ཉམས་སུ་ལེན་པར་བྱེད་པ་ལ་བཞི་བཞི་ཡོད་དེ། །སྒྲུབ་བྱེད་ཀྱི་གང་ཟག །བསྒྲུབ་པའི་དགོས་པ། སྒྲུབ་པའི་ཐབས། བསྒྲུབ་པའི་འབྲས་བུ་སྟེ། བླ་མའི་ཞལ་ལ་དྲིས། ཁྲིད་དུ་སྐྱོངས། ལྐོག་ཆོས་སུ་ཁྲོལ་ཞིག །དེ་ཡང་རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། རིག་པ་ཡེ་ཤེས་ཕུར་པ་དེ། །ལྷང་གིས་རྟོགས་ན་ཐེབས་པ་ཡིན། །འབྲས་བུ་ཆོས་སྐུ་སྐྱེ་མེད་ཐོབ། །མ་ཐེབས་མ་བཏབ་འཁོར་བར་འཁྱམས། །ཞེས་པས་མངོན་ནོ། །གཉིས་པ་ཐུགས་རྗེས་སྤྲུལ་པའི་ཕུར་པ་ལ་བཅུ་སྟེ། རྟེན་གྱི་གང་ཟག །ཕུར་པ་རང་གི་ངོ་བོ། ཡུལ་གང་ལ་གདབ་པ། གདབ་པའི་ཐབས། དེས་ཇི་ལྟར་གདབ་པ། ཐེབས་པའི་ཚད། མ་ཐེབས་པའི་སྐྱོན། བཏབ་པའི་དགོས་པ། བརྒལ་བ། ཉམས་སུ་བླང་ཐབས་སོ། །དང་པོ་རི་བོ་ལྟ་བུའི་གང་ཟག་ནི། བློ་བརྟན་པ་མི་འགྱུར་བ་ལ་བྱ། གཉིས་པ་ཐུགས་རྗེ་སྤྲུལ་པའི་ཕུར་པའི་ངོ་བོ་ནི། རྣལ་འབྱོར་པས་བསྐྱེད་རིམ་བསྒོམ་པའི་ཚེ་ལྷའི་སྐུར་གསལ་བ་དེ་ཉིད་ལ་བྱའོ། །མི་གསལ་བ་ནི་མིན་ནོ། །གསུམ་པ་ཡུལ་གང་ལ་གདབ་པ་ནི། ཕྱི་ནང་སྣོད་བཅུད་ཐ་མལ་པ་རང་རྒྱུད་པར་རྟོག་པ་དེ་ལ་བཏབ་པའོ། །བཞི་པ་གདབ་པའི་ཐབས་ནི། ཕྱི་སྣོད་དུ་དངོས་པོར་ཞེན་པ་ལྷའི་གཞལ་ཡས་ཁང་དུ་བསྒོམ་ཞིང་། ནང་བཅུད་ཀྱི་སེམས་ཅན་དགྲ་གཉེན་དུ་ཞེན་པ་དེ་ལྷ་དང་ལྷ་མོར་བསྒོམ་པའོ། །ལྔ་པ་དཔེ་ནི་མེ་ལོང་གི་གཟུགས་བརྙན་ནམ། བར་སྣང་གི་འཇའ་ཚོན་ལྟར་སྣང་ལ་རང་བཞིན་མེད་པར་ཤེས་པར་བྱའོ། །དྲུག་པ་ཐེབས་པའི་ཚད་ནི། ཐ་མལ་པའི་བག་ཆགས་མེད་པར་ལྷའི་དག་སྣང་ཤར་བའོ། །བདུན་པ་མ་བཏབ་པའི་སྐྱོན་ནི། ལྷ་རང་རྒྱུད་པར་བསྒོམ་ན་རུ་དྲ་སྲིན་པོར་སྐྱེ་བའོ། །བརྒྱད་པ་བཏབ་པའི་དགོས་པ་སྤྲུལ་སྐུ་ཐོབ་པའོ། །དགུ་པ་བརྒལ་བ་ནི། བསྐྱེད་རིམ་ལ་ཕུར་པར་མིང་འདོགས་པར་མི་རིགས་ཏེ། །ལས་བཞི་ཚང་ངམ་ཟེར་ན་ཚང་ངོ་། །དེ་ཡང་ལྷའི་སྐུར་གསལ་བས་ཕྱི་ནང་བར་ཆད་ཞི་བས་ན་ཞི་བའི་ཕུར་པ། དངོས་གྲུབ་རྒྱས་པར་རྒྱས་པའི་ཕུར་པ། སྣང་བ་དབང་དུ་འདུས་པས་དབང་གི་ཕུར་པ། དགྲ་བགེགས་སྒྲོལ་བས་ན་དྲག་པོའི་ཕུར་པའོ། །བཅུ་པ་ཉམས་སུ་ལེན་པ་ལ་བཞི་སྟེ། སྒྲུབ་བྱེད་ཀྱི་གང་ཟག །སྒྲུབ་པའི་དགོས་ཆེད་སྒྲུབ་ཐབས། བསྒྲུབ་པའི་འབྲས་བུ་སྟེ། ཞལ་ལ་དྲིས། ཁྲིད་དུ་སྐྱོངས་ཤིག །དེ་ཡང་རྩ་རྒྱུད་ལས། ཚད་མེད་སྙིང་རྗེའི་ཕུར་པ་དེ། །བྱམས་པ་སྙིང་རྗེ་ཆེན་པོས་གདབ། །འབྲས་བུ་སྤྲུལ་པའི་སྐུ་ཡང་ཐོབ། །མ་ཐེབས་རུ་དྲ་སྲིན་པོར་གོལ། །ཞེས་སོ། །གསུམ་པ་གསང་བ་བྱང་ཆུབ་སེམས་ཀྱི་ཕུར་པ་ལ་བཅུ་སྟེ། རྟེན་གྱི་གང་ཟག །ཕུར་པ་རང་གི་ངོ་བོ། ཡུལ་གང་ལ་གདབ། གདབ་ཐབས། དེས་ཇི་ལྟར་གདབ། ཐེབས་ཚད། མ་བཏབ་པའི་སྐྱོན། དགོས་པ། བརྒལ་བ། ཉམས་སུ་བླང་བའོ། །དང་པོ་བྱ་ཀ་ལནྟ་ཀ་ལྟ་བུའི་གང་ཟག་ཆགས་ཅན་ནོ། །གཉིས་པ་གསང་བ་བྱང་ཆུབ་སེམས་ཀྱི་ཕུར་པའི་ངོ་བོ་ནི། ཡབ་ཀྱི་གསང་བ་རྡོ་རྗེ་དགའ་བ་བཅུ་དྲུག་གི་བདེ་བའི་ཐིག་ལེ། བུམ་པའི་དབང་བསྐུར་རྫོགས་པ། ཧཱུྃ་ལས་བསྐྱེད་ཅིང་། ༀ་ལས་བུམ་པ་ཕཊ་ཀྱིས་བུ་ག་བཀག་པ་དེ་ཉིད་དེ། བྱིན་གྱིས་མ་བརླབས་པ་ནི་མ་ཡིན་ནོ། །གསུམ་པ་ཡུལ་གང་ལ་གདབ་པ། ཡུམ་གྱི་ཆོས་འབྱུང་གྲུ་གསུམ་ལ། ཨ་ལས་སྐྱེས་པའི་པདྨ་འདབ་མ་བཞི་པ་ཟེའུ་འབྲུ་ལ་ཨ་དང་བཅས་པ་དེ་ལ་གདབ་བོ། །བཞི་པ་གདབ་པའི་ཐབས་ནི། སྔོན་དུ་རྩ་རླུང་སྦྱངས་པས་ཐ་མལ་པའི་ཆགས་པ་སྤང་བ། ཡུམ་ལྷར་བསྐྱེད། འདུ་ཤེས་གསུམ་ལྡན་དེས་ལྷན་སྐྱེས་ཡེ་ཤེས་ཐོབ་པར་འདོད་པ་དེས་གདབ་བོ། །ལྔ་པ་ཐེབས་པའི་དཔེ་ནི། ཆུ་སྲིན་གྱི་གྲེ་བར་རིན་པོ་ཆེ་ཆུད་པ་ལྟར་དུ་ཡབ་ཀྱི་ཐིག་ལེ་ལུས་ཀྱི་འཁྲུལ་འཁོར་དང་རླུང་གི་གནད་ཀྱིས་མི་འཆོར་བའོ། །དྲུག་པ་ཐེབས་པའི་ཚད་ནི། འཁོར་ལོ་བཞིར་དགའ་པ་བཞི་བཞི་དང་། ཕྱག་རྒྱ་བཞི་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་ཟིན་པའོ། །བདུན་པ་མ་བཏབ་པའི་སྐྱོན་ནི། ཆགས་པ་རང་རྒྱུད་པར་ཤོར་ན་མངལ་གྱི་སྲིན་བུར་སྐྱེ་བའོ། །བརྒྱད་པ་དགོས་པ་ནི། ཁ་སྦྱོར་གྱི་བདེ་བ་ཉམས་སུ་བླངས་པས་ལོངས་སྐུ་ཐོབ་པའོ། །དགུ་པ་བརྒལ་བ་ནི། ལྷན་སྐྱེས་ཀྱི་བདེ་བ་དེ་ཕུར་པར་འགྲོ་འམ་ཟེར་ན་འགྲོ་སྟེ། ཆགས་པ་རང་རྒྱུད་པ་ཞི་བས་ཞི་བའི་ཕུར་པ། བདེ་བ་རྒྱས་པས་རྒྱས་པའི་ཕུར་པ། རྩ་རླུང་དབང་དུ་འདུས་པས་དབང་གི་ཕུར་པ། འཁོར་བ་ལས་སྒྲོལ་བས་དྲག་པོའི་ཕུར་པའོ། །བཅུ་པ་ཉམས་ལེན་ལ་བཞི་སྟེ། རྟེན་གྱི་གང་ཟག །དགོས་ཆེད། སྒྲུབ་ཐབས། འབྲས་བུ་རྣམས་བླ་མའི་ཞལ་ལས་དྲིས་ལ་ཁྲིད་དུ་སྐྱོངས་ཤིག །རྩ་རྒྱུད་ལས། ལྷག་པ་བྱང་སེམས་ཕུར་པ་དེ། །ཡུམ་གྱི་མཁའ་ཀློང་དག་པར་གདབ། །བདེ་བ་དངོས་མེད་ཐེབས་པའི་ཚད། །འབྲས་བུ་ལོངས་སྐུ་བདེ་ཆེན་ཐོབ། །མ་ཐེབས་འཁོར་བའི་འགྲམ་རྡོ་བྱེད། །ཅེས་སོ། །བཞི་པ་མཚན་མ་རྫས་ཀྱི་ཕུར་པ་ལ་བཅུ་སྟེ། རྟེན་གྱི་གང་ཟག །ཕུར་པའི་ངོ་བོ། ཡུལ་གང་ལ་གདབ། གདབ་ཐབས། དཔེ། ཐེབས་ཚད། མ་བཏབ་སྐྱོན། དགོས་པ། བརྒལ་བ། ཉམས་ལེན་ནོ། །དང་པོ་ཙནྡན་སྡོང་པོ་ལྟ་བུའི་གང་ཟག་ནི། རྒྱུད་བཟང་ལ་གཏུམ་པའོ། །གཉིས་པ་འདུས་བྱས་རྫས་ཀྱི་ཕུར་པའི་ངོ་བོ་ནི། ཧཱུྃ་ལས་བསྐྱེད་པའི་སྲས་མཆོག་རྡོ་རྗེ་ཕུར་པའི་ལྷ་རྫོགས་པར་བཀོད་པ་བྱུག་བདུག་ཚར་བ། བྱིན་རླབས་དང་ལྡན་པ། རི་རབ་ལས་བརྗིད་ཆེ་བ་དེ་ཉིད་དོ། །གསུམ་པ་ཡུལ་གང་ལ་གདབ་ན། བསྒྲལ་བའི་ཞིང་བཅུ་བླ་མའི་སྐུ་དགྲ་དེ་ལ་གདབ་པའོ། །བཞི་པ་གདབ་པའི་ཐབས་ནི། ཉ་བོ་ལིངྒར་བཅས་པ་དེ་ལ་སྔགས་དྲུག་དང་ཚེ་ལུང་ཁྲུས་ལུང་རྫོགས་པ་དང་གདབ་ལས་བྱའོ། །ལྔ་པ་དཔེ་ནི། ནོར་བུ་མིག་ཡངས་ན་རྟ་རྔ་དྲངས་པ་ལྟར་ཐོགས་རྡུགས་མེད་པར་དགྲ་བགེགས་སྒྲོལ་བའོ། །དྲུག་པ་ཐེབས་ཚད་ནི། དགེགས་བསྒྲལ་བའོ། །བདུན་པ་མ་བཏབ་པའི་སྐྱོན་ནི། བུདྡྷའི་བསྟན་པ་མི་སྐྱོང་བའོ། །བརྒྱད་པ་དགོས་པ་ནི། བསྟན་པ་བསྲུང་བའོ། །དགུ་པ་བརྒལ་བ་ནི། ཕུར་པ་དེ་ལ་དབྱེ་བ་མེད་དམ་ཞེ་ན་བཞི་སྟེ། རྒྱལ་ཐབས་སྤྱི་བླུགས་ཀྱི་ཕུར་པ། བསྙེན་ཕུར། བཀོད་པ་རྫས་ཀྱི་ཕུར་པ། ཕྲིན་ལས་མི་བཟད་པའི་ཕུར་པའོ། །དང་པོ་ནི། དངོས་གྲུབ་ཀྱི་རྟགས་ཐོན་པའི་ཕུར་པ། དེ་ལ་དར་དཀར་དམར་མཐིང་གསུམ་གྱིས་དྲིལ་ལ་དངོས་གྲུབ་བླང་ངོ་། །གཉིས་པ་བསྙེན་ཕུར་ལྷ་གྲངས་དང་མཉམ་པ་རྣམས་ལ་བསྙེན་པར་བྱ། གསུམ་པ་བཀོད་པ་ནི། གཙོ་བོའི་བསྙེན་ཕུར་སོར་བཅོ་བརྒྱད་པ། ཁྲོ་ཞལ་ཆུ་སྲིན་དང་བཅས་པའོ། །ཁྲོ་བོའི་ཕུར་པ་སེང་ལྡེང་གི་ཕུར་པ་སོར་བཅུ་གཉིས་པའོ། །ཁྲོ་མོའི་སོར་བཅུ་པ། མགོ་བརྙན་གྱི་སོར་བརྒྱད་པ། ཕུར་སྲུང་གི་སོར་བཞི་པ་བྱའོ། །བཞི་པ་ཕྲིན་ལས་མི་བཟད་པའི་ཕུར་པ་ལ་ལྔ་སྟེ། གནས་སྲུང་གི་ཕུར་པ། སྒོ་བྱང་གི་ཕུར་པ། སྲུང་ཕུར། ཟོར་ཕུར། མགྱོགས་ཕུར་རོ། །དང་པོ་ནི། རྣལ་འབྱོར་པ་སྐུ་འཆག་ཙ་ན་སྔས་སུ་བཅུག་ལ་བཟླས་པ་གཞོལ། སྒོ་བྱང་གི་ཕུར་པ་ཁྲོ་བོར་བསྐྱེད་ལ་ཡ་ཐེམ་ལ་གཟུག །སྲུང་ཕུར་ཁྲོ་བཅུར་བསྐྱེད་ལ་སྒྲུབ་ཁང་གི་ཕྱོགས་བཅུར་གདབ། ཟོར་ཕུར་སོར་བཞི་པ་བྱས་ལ་མདའ་ལ་གཞུག །མགྱོགས་ཕུར་གང་དགོས་ངེས་པ་མེད་པས་མང་དུ་བྱའོ། །ཕུར་པའི་སྤྱི་དོན་འདི་ལྟར་གོ་བར་བྱ་སྟེ། ཕུར་པའི་རྒྱུ། ཚད། ངེས་ཚིག །ལས་སམ་འབྲས་བུའོ། །དང་པོ་རྒྱུ་ལ་གཉིས། དོན་དམ་དང་། ཀུན་རྫོབ་བོ། །དང་པོ་དོན་དམ་གྱི་ཕུར་པའི་རྒྱུ་ནི་སེམས་ཉིད་དེ། མྱང་འདས་ལས། སེམས་ཀྱི་སེམས་ཉིད་ཕུར་པ་ཡིན། །ཆོས་ཀྱི་དབྱིངས་ཉིད་ཕུར་པ་ཡིན། །ནམ་མཁའི་མཚན་ཉིད་ཕུར་པ་ཡིན། །ཅེས་སོ། །གཉིས་པ་ཀུན་རྫོབ་ཀྱི་ཕུར་པའི་རྒྱུ་ནི། རྒྱུད་ལས། དངུལ་ལམ་དཀར་པོའི་ཤིང་རྣམས་ནི། །ཞི་བ་ཆོས་ཀྱི་ཕུར་པའི་རྒྱུ། །གསེར་རམ་སེར་པོའི་ཤིང་རྣམས་ནི། །ཡོན་ཏན་རྒྱས་པའི་ཕུར་པའི་རྒྱུ། །ཟངས་སམ་དམར་པོའི་ཤིང་རྣམས་ནི། །གསུང་མཆོག་དབང་གི་ཕུར་པའི་རྒྱུ། །ལྕགས་སམ་ནག་པོའི་ཤིང་རྣམས་ནི། །དྲག་པོའི་ལས་ཀྱི་ཕུར་པའི་རྒྱུ། །ཞེས་སོ། །གཉིས་པ་ཚད་ལ་གཉིས་ཏེ། དོན་དམ་དང་། ཀུན་རྫོབ་བོ། །དང་པོ་ནི། དོན་དམ་ཕུར་པའི་ཚད་ནི་ནས་གང་སྟེ། གསང་རྒྱུད་ལས། ནས་གང་ཚད་དུ་བསྟན་པ་ནི། །བྱང་ཆུབ་སེམས་མཆོག་ཚད་དུ་བསྟན། །ཅེས་སོ། །གཉིས་པ་ཀུན་རྫོབ་ཀྱི་ཚད་ལ། གསང་རྒྱུད་ལས། སོར་བཞི་འབྱུང་བ་བཞི་ཡི་ཚད། །སོར་བརྒྱད་རྣམ་ཤེས་བརྒྱད་ཀྱི་ཚད། །བཅུ་གཉིས་སྐྱེ་མཆེད་བཅུ་གཉིས་ཚད། །བཅོ་བརྒྱད་ཁམས་ཆེན་བཅོ་བརྒྱད་འཇོམས། །ཞེས་སོ། །གསུམ་པ་ངེས་ཚིག་ལ་གཉིས། དོན་དམ་དང་། ཀུན་རྫོབ་བོ། །དང་པོ་དོན་དམ་ངེས་ཚིག་ནི། མྱང་འདས་ལས། ཕུར་ནི་ཆོས་ཀྱི་དབྱིངས་ཞེས་ན། །པ་ནི་རིག་པའི་ཡེ་ཤེས་སོ། །ཕུར་ནི་སྐྱེ་བ་མེད་པའི་དབྱིངས། །པ་ནི་འགགས་པ་མེད་པའི་དོན། །ཞེས་སོ། །གཉིས་པ་ཀུན་རྫོབ་ངེས་ཚིག་ནི། འདེབས་པའི་ཕྱིར་ན་ཕུར་པ་སྟེ། །གང་གིས་གང་ལ་འདེབས་པ་ནི། །གོང་ལྟར་བཤད་པ་དེ་ལྟར་རོ། །ཞེས་སོ། །བཞི་པ་འབྲས་བུ་ལ་གཉིས། དོན་དམ་དང་ཀུན་རྫོབ་བོ། །དང་པོ་དོན་དམ་གྱིས་ཆོས་སྐུ་ཐོབ་སྟེ། རྒྱུད་ལས། གསང་བར་བསྒོམ་ན་བསྐྱེད་པ་ཡིན། །ཉམས་འོག་ཆུད་ན་བསྒྲལ་བ་ཡིན། །གཉིས་སུ་མེད་ན་སྦྱོར་བ་ཡིན། །ལྷང་གིས་རྟོགས་ན་ཐེབས་པ་ཡིན། །ཞེས་སོ། །གཉིས་པ་ཀུན་རྫོབ་ཀྱི་འབྲས་བུ་ནི། གསང་རྒྱུད་ལས། ཙནྡན་དཀར་པོའི་ཕུར་པ་ཡིས། །ནད་རྣམས་མ་ལུས་ཞི་བར་བྱེད། །སྐྱེར་པའི་ཕུར་པ་ཟུར་བཞི་ཡིས། །ཚེ་དང་བསོད་ནམས་རྒྱས་པར་བྱེད། །སེང་ལྡེང་ཕུར་པ་ཟླ་གམ་གྱིས། །ཐམས་ཅད་མ་ལུས་སྡུད་པར་བྱེད། །ལྕགས་ཀྱི་ཕུར་པ་ཟུར་གསུམ་གྱིས། །དགྲ་བགེགས་མ་ལུས་སྒྲོལ་བར་བྱེད། །ཅེས་སོ། །བཅུ་པ་གང་ཟག །དགོས་པ། སྒྲུབ་ཐབས། འབྲས་བུ་བླ་མའི་ཞལ་ལ་ཞུས། ལག་ལེན་ལྟོས་ཤིག །རྒྱུ་བཞི་མཐར་དབྱུང་ཚར་རོ། །བཞི་པ་སྒྲུབ་ལུགས་ཆེན་པོ་གསུམ་གྱིས་ཕྲིན་ལས་ཀྱི་གཞུང་བསྲང་ཞེས་པ་ནི་གསུམ་སྟེ། ཡེ་ཤེས་ལྷའི་སྒྲུབ་པ། མ་མོ་མཁའ་འགྲོའི་སྒྲུབ་པ། སྐྱེས་བུ་གིང་གི་སྒྲུབ་པའོ། །དང་པོ་ལ་གསུམ་སྟེ། བསྡུས་པ་དཔའ་བོ་གཅིག་པའི་སྒྲུབ་ཐབས། །འབྲིང་པོ་སྲས་མཆོག་ལྔའི་སྒྲུབ་ཐབས། །རྒྱས་པ་ཁྲག་འཐུང་ལྔ་བཅུ་རྩ་གཅིག་གི་སྒྲུབ་ཐབས་སོ། །གཉིས་པ་མ་མོ་མཁའ་འགྲོའི་སྒྲུབ་པ་ལ་གསུམ་སྟེ། ཕྱི་སྒྲུབ་དྷ་ཏི། ནང་སྒྲུབ་འདུས་པ། གསང་སྒྲུབ་འདུས་པ། གསང་སྒྲུབ་བསྡུ་ཡིག་གོ། །སྐྱེས་བུ་གིང་གི་སྒྲུབ་པ་ལ་གསུམ། མ་རུ་རྩེ་རུ་སྒྲུབ་པ། བསྭེའི་འཁོར་ལོ་འབར་བ་ལྔ་བསྒྲུབ་པ། དགེ་བསྙེན་ཉི་ཤུ་རྩ་གཅིག་ཏུ་སྒྲུབ་པའོ། །དང་པོ་ཡེ་ཤེས་ལྷ་ཁྲག་འཐུང་ལྔ་བཅུ་རྩ་གཅིག་གི་སྒྲུབ་པ་ལ་གསུམ་སྟེ། བསྙེན་པ་ངན་སྔགས་སུ་སྐྱེལ་པ། སྒྲུབ་པ་ངན་སྔགས་སུ་སྐྱེལ་བ། གདབ་པ་ངན་སྔགས་སུ་སྐྱེལ་བའོ། །དང་པོ་ལ་གསུམ་སྟེ། སྔོན་འགྲོ། གཞུང་། མཇུག་གོ། །དང་པོ་ལ་ཐུན་མོང་གི་ལས་བདུན་ནམ་དགུ་བྱ། གཞུང་ལ་གསུམ། གཞི་ཏིང་ངེ་འཛིན་རྣམ་པ་གསུམ་གྱི་འཕྲོ་འདུ་བསྐྱེད་པ་དང་། རྟེན་གཞལ་ཡས་ཁང་བསྐྱེད་པ། བརྟེན་པ་ལྷ་བསྐྱེད་པའོ། །དེ་ལ་གསུམ། བདག་ཉིད་རྩ་བའི་དལ་བསྐྱེད་པ། ཕྱོགས་བཅུའི་ཁྲོ་བོའི་དལ་བསྐྱེད་པ། ཕུར་པ་རྫས་ཀྱི་དལ་བསྐྱེད་པའོ། །མཇུག་ལ་གསུམ། ཡེ་ཤེས་པ་སྤྱན་དྲངས་པ། །མཆོད་བསྟོད་བྱ་བ། ཕུར་བསྐོར་བྱ་ཞིང་འཛབ་བསྟོད་བྱ་བའོ། །གཉིས་པ་སྒྲུབ་པ་ལ་གསུམ་སྟེ། ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་བཟུང་། ས་ཆོག་དང་སྟ་གོན་གྱིས་དལ་བཞེངས་པ། ཕུར་བསྐོར་དང་འཛབ་དགོངས་གདབ་ལས་ཀྱིས་ཁ་བསྐངས་ཏེ་སྒྲུབ་པའི་སྒོམ་ཁོག་ཏུ་ཤེས་པར་བྱའོ། །གསུམ་པ་གདབ་ལས་ངན་སྔགས་སུ་སྐྱེལ་པ་ནི། རང་ཉིད་ཟངས་ནག་གི་ཆས་གོས་བགོ། །ཡུམ་ཁྲོ་གཉེར་མ་གཡོན་དུ་བཞག །ལྷ་རྣམས་ཞལ་གཅིག་ཕྱག་གཉིས་པ་མཐིང་ནག་གཅེར་བུར་བསྒོམ། དཔང་གཟུག་ཕོ་ཉ་བཏང་། དེ་ནས་གདབ་ལས་བྱའོ། །སྒྲུབ་པའི་ལས་བྱང་དུ་བལྟའོ། །ལྔ་པ་ཐམས་ཅད་འདུས་པའི་སྔགས་ཀྱིས་ཡེ་ཤེས་ཀྱི་ལྷ་གནད་ལ་དབབ་ཅེས་པ་ནི། ཐམས་ཅད་འདུས་པའི་ལུགས་ནི། རྡོ་རྗེ་སྲིན་པོ་ཁྲག་འཐུང་རྩ་རྒྱུད་ལས། ༀ་ནི་དཔལ་ཆེན་ཡབ་ཡིན་ཏེ། །བཛྲ་ཤེས་རབ་ཡུམ་ཡིན་ཏེ། །ཀཱི་ནི་ཡེ་ཤེས་ཁྲོ་བོ་ལ། །ལི་ནི་དབྱིངས་ཀྱི་ཁྲོ་མོ་བཅུ། །ཀཱི་ནི་ཐབས་ཀྱི་མཆེ་བ་ཅན། །ལ་ནི་ཤེས་རབ་གཤོག་པ་ཅན། །ཡ་ནི་སྲས་མཆོག་ཕུར་པ་སྟེ། །ཧཱུྃ་ནི་ཕྱག་བརྙན་སྒོ་མ་བཞི། །སརྦ་ཐམས་ཅད་འདུས་པ་སྟེ། །བིགྷ་ནི་དགྲ་དང་སྒྲིབ་པ་ཡིན། །ནཱན་ནི་དགྲ་དང་བགེགས་མནན་ནོ། །བཾ་ནི་དབང་དུ་སྡུད་པ་སྟེ། །ཧཱུཾ་ནི་རླག་པར་བྱེད་པའོ། །ཕཊ་ཀྱིས་ཕྲིན་ལས་རྫོགས་པའོ། །ཞེས་གསུངས་སོ། །ཡང་རྒྱུད་གཞན་ལས་ཀྱང་། ༀ་ནི་བདེ་ཆེན་ཡབ་ཡིན་ཏེ། །རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐུལ། །བཛྲ་ཤེས་རབ་ཡུམ་ཡིན་ཏེ། །འཁོར་ལོ་རྒྱས་འདེབས་ཐུགས་དམ་བསྐུལ། །ཀཱི་ལི་གོང་མ་ཁྲོ་བཅུ་སྟེ། །ཁྲོ་བོ་ཁྲོ་མོའི་ཐུགས་དམ་བསྐུལ། །ཀཱི་ལ་འོག་མ་མགོ་བརྙན་ཏེ། །ཁྲ་ཐབས་ཉི་ཤུའི་ཐུགས་དམ་བསྐུལ། །ཡ་ནི་འཆི་བདག་བདུད་ཡིན་ཏེ། །སརྦ་སྒྲོལ་བའི་གིང་གི་སྔགས། །བིགྷྣཱན་མ་མོ་འགུགས་པའོ། །བཾ་ནི་འབུམ་ཕྲག་ལས་ཀྱི་སྔགས། །ཧཱུྃ་ནི་དབང་དུ་སྡུད་པའི་སྔགས། །ཕཊ་ནི་ཐམས་ཅད་སྒྲོལ་བའི་སྔགས། །ཞེས་བཤད་པས་ཐམས་ཅད་འདུས་པ་ཡིན་ལ། དེ་ལ་བསྙེན་པ་བསྐྱལ། དེ་ནས་དམ་ཅན་གྱི་ཉེ་བསྙེན་བསྐྱལ། དེ་ནས་སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་བྱའོ། །དྲུག་པ་ངན་སྔགས་ཀྱི་བསྡུ་ཡིག་དྲུག་གསུམ་བཅོ་བརྒྱད་ཀྱིས་མ་མོ་མཁའ་འགྲོ་དངོས་སུ་བཀོལ་བ་ནི་གསུམ་སྟེ། ཕྱི་དྷ་ཏི། ནང་འདུས་པ། གསང་སྒྲུབ་བསྡུ་ཡིག་གོ། །དེ་ནས་ཕྱི་སྒྲུབ་དྷ་ཏི་དམ་ཅན་རྣམས་ལ། ཀཱ་ཡ་བཛྲས་དྲངས་པ་སྐུ་ཡི་སྔགས། ཝཀ྄་བཛྲ་ནན་གྱིས་དྲངས་པ་གསུང་གི་སྔགས། ཙིཏྟ་བཛྲ་གྱི་དྲངས་པ་ཐུགས་ཀྱི་སྔགས། ས་མནྟ་བི་ཤྭ་དྷས་དྲངས་པ་ཡོན་ཏན་གྱི་སྔགས། མཱ་ར་ཡ་ཞེས་པས་དྲངས་པའི་ཕྲིན་ལས་ཀྱི་སྔགས། ཀ་ཏཾ་ཀ་ཡེས་དྲངས་པའི་སྤྱི་དྲིལ་ཏེ་དྲུག་གོ། །ནང་སྒྲུབ་འདུས་པའི་དྲུག་ནི། དམ་ཅན་རེ་ལ་མ་ཧཱ་གྷ་ཡ་ཞེས་པའི་མགོ་གནོན་གྱི་སྔགས་རེ་རེ། བསྐྱེད་སྔགས་ཀྱི་གནད་ཤྭ་ན་མུ་ཁ་ཧཱུྃ་ཞེས་པ་ལ་སོགས་པ་རེ་རེ། སྲོག་སྙིང་གི་གཟེར་བུར་སུ་དྲི་པ་ཡ་ཞེས་སོགས་རེ་རེ། ལས་ལ་རྦད་པའི་ཐེམ་བཛྲ་མུ་ཁ་ཞེས་སོགས་རེ་རེ། ལས་མཁན་བཞིའི་བསད་སྔགས་ཨ་ནྲྀ་ཏྲི་མཱ་ར་ཡ་ཞེས་སོགས་རེ་རེ། མཇུག་སྡུད་ཤཱི་གྷྲཾ་ཀ་ར་ཞེས་པ་རེ་རེ་སྟེ་དྲུག་གོ། །གསང་སྒྲུབ་བསྡུ་ཡིག་དྲུག་ནི། དང་པོ་ལས་ལ་གཟུད་པའི་སྔགས། མ་ནུ་རཀྴ་སི་བྷྱོ། ཞེས་པ་རེ་རེ། གཉིས་པ་ལས་ལ་གཏད་པའི་སྔགས་སྟྭཾ་བྷ་ཡ་ནན་ཞེས་པ་རེ་རེ། གསུམ་པ་ལས་འགྱངས་ན་མྱུར་དུ་འགྲུབ་པར་བྱེད་པའི་སྔགས་ཛྭ་ལ་ཨགྣེ་ཞེས་པ་རེ་རེ། བཞི་པ་ལས་མི་བྱེད་ན་ཨར་ལ་གཏད་པའི་སྔགས་དཀྲུགས་པ་རེ་རེ། ལྔ་པ་འཁུ་ལྡོག་བྱེད་ན་བསད་པའི་སྔགས་བཟློག་རེ་རེ། དྲུག་པ་གཞི་སྙིང་གཅིག་ཏུ་དྲིལ་བ། ཛཿཧཱུྃ་བྃ་ཧོཿ ཀ་ཏཾ་ཀ་ཡེ་ཞེས་པ་དང་དྲུག་གོ། །དེ་རྣམས་བླ་མའི་ཞལ་ལས་དྲིས། བདུན་པ་སྲོག་གི་དོན་པོ་གསུམ་གྱིས་དམིགས་པའི་གནད་བཀྲོལ་ཞེས་པ་ལ་གསུམ་སྟེ། ཡེ་ཤེས་ལྷ་ཡི་སྲོག །མ་མོ་མཁའ་འགྲོའི་སྲོག །གཟས་པ་པོའི་སྲོག་གསུམ་མོ། །དེ་རེ་རེ་ལ་ཡང་སྲོག་གསུམ་གསུམ་སྟེ། ཡེ་ཤེས་ལྷ་ཡི་སྲོག་གི་གནས་ལུགས་ནི། ཐུགས་ཀ་ན་འོད་ཀྱི་ཚུལ་དུ་གནས། དྲངས་ཐབས་འཛབ་གྱི་འཕྲོ་འདུས་དྲངས། འདྲོངས་པའི་ཚད་ལྷ་རྟགས་འབྱུང་བའོ། །མ་མོ་མཁའ་འགྲོའི་སྲོག་ནི། སྙིང་ག་ན་ཡིག་འབྲུར་གནས། དྲངས་ཐབས་ནི་བཟླས་པས་འཁོར་ཞིང་འཁྲུགས་པའོ། །ཙིཏྟ་ཟུར་གསུམ་འཕྲོག་བྱེད་གསུམ་གནས། མཱ་ར་ཡ་ལ་སོགས་གསུམ་ལ་གནས། རྦད་སྲོག་གི་སྟེང་ན་གནས། མུ་ཁྱུད་ལ་དུག་ལྔའི་ས་བོན་གནས། ཨེ་༼ནམ་མཁའ།༽ ང་རྒྱལ། ཡྃ་༼རླུང་།༽ ཕྲག་དོག །རྃ་༼མེ༽ ། ཞེ་སྡང་། བྃ་༼ཆུ།༽ འདོད་ཆགས། ཀེཾ་༼ས།༽ གཏི་མུག །དེ་ཡང་མེ་རུས་པའི་དྭངས་མ་ལ་གནས། རྃ་དྲོད་ལ་༼ཞེ་སྡང་།༽ གནས། བྃ་ཁྲག་གི་༼འདོད་ཆགས།༽ དྭངས་མ་ལ་གནས། ཤ་༼གཏི་མུག༽ །ས་ལ། དབུགས་སྲོག་པ་རྩ་ལ། དྲངས་ནས་ང་རྒྱལ་སྟོབས་ཆེ། ཕྲག་དོག་ཡི་གེ་མྱུར། ཞེ་སྡང་རྣོ། འདོད་ཆགས་མི་འཁུ། གཏི་མུག་བརྟན། དྲངས་བའི་དགོས་པ་ནི་ཆོ་ག་ཆད་ན་བཟློག །རྒྱུ་ལས་སྐྱེས་པས་ན་རྐྱེན་གྱི་འཇིག་གོ། །འདྲོངས་ཚད་རབ་དངོས་སུ་འོང་། འབྲིང་ཉམས་སུ་འོང་། ཐ་མ་རྨི་ལམ་དུ་འབྱུང་། གཟས་པ་པོའི་སྲོག་དབུགས་ལ་ཡི་གེ་ནྲྀའམ་ཏྲི་ལ་སོགས་པར་གནས། དྲངས་ཐབས་བླ་འགུགས་པའི་ཚུལ་དུ་དྲངས། འདྲོངས་རྟགས་བླ་ཚད་དུས་དྲུག་ཏུ་འོང་། སྲོག་གི་དོན་པོ་དེ་ཉིད་དོ། །བརྒྱད་པ་བསྒྲལ་ལུགས་ཆེན་པོ་བཅོ་བརྒྱད་ཀྱིས་བརྣག་པའི་ལས་ལ་བྱ་བ་ནི་གསུམ་སྟེ། ཕུར་བུས་བསྒྲལ་བ་དྲུག །འཇིག་རྟེན་པས་བསྒྲལ་བ་དྲུག །གདབ་པས་བསྒྲལ་བ་དྲུག་གོ། །དང་པོ་ལ་ཕུར་པ་གཅིག་བཏབ་སྟེ་བསྒྲལ་བ་ནི་བསྙེན་ཕུར་བཏབ་པའོ། །ཕུར་པ་བདུན་གྱིས་བསྒྲལ་བ་ནི། མི་བཟད་པའི་ཕུར་པ་དྲུག་དང་བདུན་ནོ། །ཕུར་པ་བཅུ་གཅིག་ནི་ཁྲོ་བོ་བཅུ། གཙོ་བོ་དང་བཅུ་གཅིག་གོ། །བཅོ་ལྔ་ནི་དེ་ཡི་སྟེང་དུ་ལས་བཞི་བསྣན་པའོ། །ཕུར་པ་ཉེར་གཅིག་ནི་ཁྲོ་བོ་བཅུ་ཡབ་ཡུམ་ཉི་ཤུ། གཙོ་བོ་དང་ཉེར་གཅིག་གོ། །ཕུར་པ་བརྒྱ་རྩ་བརྒྱད་ནི། རེ་རེ་ལ་བཅུ་བཅུ། མི་བཟད་པའི་ཕུར་པ་དྲུག །གཙོ་བོ་ཡབ་ཡུམ་ལ་གཉིས་ཏེ་བརྒྱ་རྩ་བརྒྱད་དོ། །གཉིས་པ་འཇིག་རྟེན་པས་བསྒྲལ་བ་དྲུག་ནི། ཧ་ས་ཡ་ར་དགེ་བསྙེན་གྱིས་བསྒྲལ་བ། ཨ་བེ་ཤ་ཡ་ཡམ་ཤུད་ཀྱིས་བསྒྲལ་བ། ཤཱི་གྷྲཾ་ཨཱ་ན་ཡ་ཀླུས་བསྒྲལ་བ། ཛྭ་ལ་པ་ཡ་རྒྱལ་པོས་བསྒྲལ་བ། ཏ་ཐཱ་ཡ་བདུད་ཀྱིས་བསྒྲལ་བ། བི་ད་ཡ་བཙན་གྱིས་བསྒྲལ་བ་སྟེ་དྲེགས་པ་ཕོ་དྲུག་གོ། །གསུམ་པ་གདབ་པས་བསྒྲལ་བ་ལ་དྲུག་སྟེ། ཀུན་གཞི་རྩད་བཅད། སེམས་ཀྱི་དབྱིངས་ཕྱུང་། བྱུང་ཚོར་གྱི་སྒོ་དགག་སྟེ་བསྒྲལ་བ་ནི། དམ་ཚིག་ཆེན་པོ་དང་ༀ་ལཾ་གྱིས་བསྟན། ཉོན་མོངས་པའི་སྐྱེ་སྒོ་དག་པར་བྱེད་པར་བྱེད་དེ་བསྒྲལ་བ་ནི། དངོས་གྲུབ་དང་པ་ར་བིདྱཾ་གྱིས་བསྟན། ཚོགས་བརྒྱད་དག་པར་བྱས་ཏེ་བསྒྲལ་བ་ནི། བྲན་དང་ཧ་སས་བསྟན། དགེ་སྡིག་ཆ་མཉམ་སྟེ་བསྒྲལ་བ་ནི། གདུག་ཅིང་དང་སརྦ་ཨཱ་ནའི་སྔགས་ཀྱིས་བསྟན། མ་བདུན་དམོད་སྔགས་ཀྱིས་བསྒྲལ་བ་ནི། རྡོ་རྗེ་གསང་བའི་དང་མ་མ་ཝ་ཤཾ་གིས་བསྟན། ཁྲོ་བཅུའི་ཕུར་པས་བསྒྲལ་བ་ནི། །རྡུངས་ཤིག་དང་གརྫའི་སྔགས་ཀྱིས་བསྟན་ཏོ། །ལག་ལེན་ལྟོས་ཤིག །དགུ་པ་མཐར་ཕྱིན་བརྒྱད་ཀྱིས་ལས་ཀྱི་ཁ་བསྐང་ཞེས་པ་ནི་བརྒྱད་དེ། དང་པོ་བསྡུ་བ་མཐར་ཕྱིན་པ་ཆིངས་ཆེན་མཐའ་ནས་དྲིལ་པ་འདྲ་བ་དང་གཅིག །སྤྲོ་བ་མཐར་ཕྱིན་པ་ལྷོ་སྲིན་རླུང་གིས་གཏོར་བ་འདྲ་བ་དང་གཉིས། བསྟབ་པ་མཐར་པྱིན་པ་འཕར་སྤྱང་ཟས་ལ་གཏོད་པ་འདྲ་བ་དང་གསུམ། དགྱེས་པ་མཐར་ཕྱིན་པ་སྲིན་ཕྲུག་གི་སྲིན་མོ་མཐོང་བ་ལྟ་བུ་དང་བཞི། གནས་པ་མཐར་ཕྱིན་པ་ཆུ་སྲིན་གྱི་གྲེར་བ་རིན་པོ་ཆེ་ཆུད་པ་འདྲ་བ་དང་ལྔ། བདེན་པ་མཐར་ཕྱིན་པ་དྲང་སྲོང་གི་དམོད་པ་ལྟ་བུ་དང་དྲུག །གསོ་བ་མཐར་ཕྱིན་པ་ནམ་མཁའ་ལ་གཟའ་སྐར་བཀྲམ་པ་ལྟ་བུ་དང་བདུན། བསད་པ་མཐར་ཕྱིན་པ་གཡག་རོ་ལ་མདའ་ཚབས་བྱེད་པ་ལྟ་བུ་དང་བརྒྱད་དོ། །དེ་ལ་དང་པོ་བསྡུ་བ་མཐར་ཕྱིན་པ་ནི། བསྒྲལ་བྱའི་ཤེས་པ་ཧཱུྃ་གསུམ་དུ་གྱུར་ཏེ། ཀུན་གཞི་ཧཱུྃ་མཐིང་ག །ཡིད་ཤེས་ཧཱུྃ་དཀར་པོ། ཉོན་ཡིད་ཧཱུྃ་དམར་པོ། གཉིས་པ་མཐར་ཕྱིན་པ་ཕཊ་གསུམ་གྱིས་སྔར་གྱི་ཧཱུྃ་གསུམ་པོ་དེ་ནམ་མཁའ་ལ་སྤྲོས་པས་དལ་གསུམ་གྱི་ལྷར་གྱུར་པར་བསམ་མོ། །གསུམ་པ་བསྟབ་པ་མཐར་ཕྱིན་པ་བཛྲ་ཡཀྵ་ཀྲོ་དྷ་བི་ཛ་ཡ་ཁཱ་ཧི། ཞེས་པས་བསྒྲལ་བྱའི་ཤ་ཁྲག་རུས་པ་དུག་གསུམ་སྤྲུལ་པ་ཡང་སྤྲུལ་རྣམས་ཀྱིས་གཏོར་ཞིང་རོལ་པར་བསམ་མོ། །བཞི་པ་དགྱེས་པ་མཐར་ཕྱིན་པ་ནི། ཧ་གསུམ་གྱིས་རང་སྣང་དག་པར་རང་གིས་རང་མཐོང་བས་དགྱེས་པའོ། །ལྔ་པ་གནས་པ་མཐར་ཕྱིན་པ་ནི་ཧཱུྃ་གསུམ་གྱིས་ཤེས་པས་དལ་གསུམ་དུ་གྱུར་ཏེ། ཕཊ་གསུམ་གྱིས་སྐུ་དང་ཡེ་ཤེས་གྲངས་མེད་དུ་གྱུར་ཏེ་ཕྱིར་མི་ལྡོག་པར་བསམ་མོ། །དྲུག་པ་བདེན་པ་མཐར་ཕྱིན་པ་ནི། ཆོས་ཉིད་ཀྱི་བདེན་པའོ། །ཞེས་སོགས་ཀྱིས་དོན་དེ་ཉིད་བདེན་པ་མི་འགྱུར་བར་ཤེས་པར་བྱའོ། །བདུན་པ་གསོ་བ་མཐར་ཕྱིན་པ་ནི། ཕུར་བུ་ཀླད་ལ་བསྐོར་ཞིང་ཀཱི་ལ་ཡ་ཉི་ཤུ་རྩ་གཅིག་བརྗོད་པས་སྣང་སྲིད་ཕུར་པའི་ལྷར་གྱུར་པ་སྣང་སྲིད་གསོ་བ་དང་། གཟས་པ་པོ་གསོ་བ་དང་། བདག་གསོ་བར་བྱ་བའོ། །བརྒྱད་པ་བསད་པ་མཐར་ཕྱིན་པ་ནི། ཕུར་བུ་དྲོད་ཕྱིན་པ་གཉིས་གདབ་ཅིང་། ཀཱི་ལ་ཡ་བཅོ་བརྒྱད་བརྗོད་པས། གཟས་པ་པོ་ཀུན་གཞིའི་རྣམ་ཤེས་དར་དཀར་དང་འདྲ་བ་ལ། དགེ་སྡིག་བག་ཆགས་ཚོན་རིས་དང་འདྲ་བར་བཏབ་པས་ལས་དང་ཉོན་མོངས་པ་ཐམས་ཅད་བྱང་བར་བསམ་མོ། །བཅུ་པ་མཐའ་སྡུད་གསུམ་གྱིས་ལྟོ་བ་གདབ་པ་ནི་གསུམ་སྟེ། མནན་བསྲེག་འཕང་གསུམ་གུང་དུ་བསྟན་ཏོ། །ཐེམ་སྦྱོར་བཅུ་རྫོགས་སོ།། ༈ །།ཤྲཱི་བཛྲ་ཀུ་མཱ་ར་ལ་ན་མོ། རྒྱུད་ཀྱི་གནད་ཐོ་བཅུ་གཉིས་ལས་དཀྱུས་ཀྱི་ཚིག་དྲུག་མ་ཤེས་ན་ཕྲིན་ལས་གོང་འོག་གི་ཤན་མི་ཕྱེད་ཅེས་པ་དཀྱུས་ཀྱི་ཚིག་དྲུག །སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །ཞེས་སོགས་ཚིག་དྲུག་གོ། །ཕྲིན་ལས་གོང་འོག་ནི། སྟོད་ལས་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་དང་སྨད་ལས་དགྲ་བགེགས་ཚར་གཅོད་པ་གཉིས་ཀྱིས་ཤན་འབྱེད་པའོ། །སྤྱིར་ཕྲིན་ལས་ལ་གསུམ་སྟེ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། ལམ་བསྐྱེད་རྫོགས་གཉིས་སོ། །གཉིས་པ་ངེས་ཚིག་ནི། དུས་གསུམ་གྱིས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས། གང་ཟག་ལམ་པའི་ལས་སུ་བྱེད་པའི་ཕྱིར་ན་ཕྲིན་ལས་སོ། །གསུམ་པ་དབྱེ་བ་ནི་བཞི་སྟེ། ཞི་བའི་ཕྲིན་ལས། རྒྱས་པའི་ཕྲིན་ལས། དབང་གི་ཕྲིན་ལས། དྲག་པོའི་ཕྲིན་ལས་སོ། །དེ་ཡང་སྟོད་ལས་ནི། ཞི་རྒྱས་གཉིས་ཤས་ཆེ། སྨད་ལས་ནི་དབང་དྲག་གཉིས་ཤས་ཆེའོ། །དེ་རེ་རེའང་ཕྲིན་ལས་བཞི་བཞིར་ཤེས་པར་བྱའོ།། ༈ །།གཉིས་པ་གབ་པའི་སྔགས་དྲུག་མ་ཤེས་ནས་སྔགས་ཟེར་དྲག་པོ་དགྲ་ལ་མི་ཕོག་ཅེས་པ་ལ་གཉིས་ཏེ། སྔོན་བྱུང་དང་། རྗེས་འཇུག་གོ། །དེ་ཡང་སྔོན་བྱུང་གི་རུ་དྲ་འདུལ་བའི་དུས་སུ། རྡོ་ཇེ་གཞོན་ནུའི་སྐུ་ལས་གབ་པའི་སྔགས་དྲུག་འཕྲོས་པས་རུ་དྲ་དབང་དུ་བསྡུས་པའོ། །རྗེས་འཇུག་རྣལ་འབྱོར་པ་རྣམས་ཀྱིས་དགྲ་བགེགས་འདུལ་བའི་དུས་སུ་གབ་པའི་སྔགས་དྲུག་མ་ཤེས་ན་མི་ཐུལ་བའོ། །དེ་ཡང་རུ་དྲའི་ཆུང་མ་ཀྲོ་དྷཱི་ཤྭ་རཱི་ལ་རྡོ་རྗེ་གཞོན་ནུ་སྐྱེས་པ་དང་རུ་དྲ་འཁོར་བཅས་བརྒྱལ། བརྒྱལ་བ་སངས་པ་དང་རུ་ཏྲ་འཁོར་བཅས་སྦྲན་ནས་རྩོད་དུ་བྱུང་། ཁོ་ཞལ་གསུམ་ཕྱག་དྲུག་པར་བྱུང་བ་དང་། རྡོ་རྗེ་གཞོན་ནུས་དབུ་དགུ་ཕྱག་བཅོ་བརྒྱད་པར་མཛད། ཁོས་ཀྱང་དབུ་དགུ་ཕྱག་བཅོ་བརྒྱད་པར་བྱུང་བ་དང་། རྡོ་རྗེ་གཞོན་ནུས་དབུ་སྟོང་ཕྱག་སྟོང་སྤྱན་བྱེ་བ་སྟོང་མངའ་བར་སྤྲུལ། བ་སྤུའི་བུ་ག་ནས་ཀྱང་ཁྲོ་བོ་གྲངས་མེད་པ་སྤྲོས། སྤྱི་གཙུག་ནས་ཧ་ས་ཡ་ར་སྒྲ་དང་འོད་དུ་བཅས་ཏེ། རུ་དྲ་ཁོའི་སྤྱི་བོར་ཐིམ་པས་འགོ་བའི་ལྷ་དང་ཕྲལ་ཏེ། དེར་ཁོ་གཅིག་པུར་གྱུར་ཏོ། །གཉིས་པ་རྡོ་རྗེ་གཞོན་ནུའི་ལྟེ་བ་ནས་ཨ་བེ་ཤ་ཡ་ཆད། ཁོའི་ལྟེ་བར་ཐིམ། ཁོ་གངས་རི་རྒྱུད་ཆད་པ་ལྟར་དུ་འགྱེལ་ལོ། །གསུམ་པ་རྡོ་རྗེ་གཞོན་ནུའི་ཕྱག་ཞབས་ཡན་ལག་ནས། ཤཱི་གྷྲཾ་ཨཱ་ན་ཡ་ཆད། ཁོའི་ཡན་ལག་ལ་ཐིམ། གྲུ་གུ་ཐུལ་དུ་བཅིངས། བཞི་པ་རྡོ་རྗེ་གཞོན་ནུའི་ལྗགས་ལས་ཛྭ་ལ་པ་ཡ་ཆད། ཁོའི་ལྕེ་ལ་ཐིམ། ལྕེ་ཆད། ཁྲག་གིས་བོར། ལྔ་པ་རྡོ་རྗེ་གཞོན་ནུའི་ཞབས་ལས། ཏ་ཐཱ་ཡ་ཆད། ཁོའི་ཡན་ལག་བརྡུངས། དྲུག་པ་རྡོ་རྗེ་གཞོན་ནུའི་ཞལ་ཧོམ་ཁུང་གི་ཁ་གདངས་པ་འདྲ་བ་ནས། བི་ད་ཡ་ཆད། ཁོ་རང་གི་ལག་ཆ་ཁ་ཊྭཱཾ་རྩེ་གསུམ་པ་འཕྲོག་སྟེ་ཁོ་རང་ལ་ཐུར་མར་བཙུགས། ཨ་ལ་ལ་ཧོ་བརྗོད་ནས་ཞལ་དུ་ཁྱུར་མིད་བྱས་ནས་ཕྱལ་དུ་སྦྱངས་པ་ཡིན་ནོ།། ༈ །།གསུམ་པ་སྦས་པའི་འཕྱང་དྲུག་མ་ཤེས་ན་གབ་སྦས་ཀྱི་ཐག་མི་ཆོད་ཅེས་པ་ནི། དེའི་དུས་སུ་རུ་ཏྲའི་འཁོར་ཐམས་ཅད་ནི་བྱེར་བྲོས་སོ། །རྡོ་རྗེ་གཞོན་ནུའི་འཁོར་ཁྲི་ཚོགས་ནི་སྤྲིན་གཏིབས་པ་ལྟར་འཁྲིགས་སོ། །དང་པོ་ལྷ་དང་ཕྲལ་བའི་དུས་སུ། ཁྲོ་བོ་བདུད་རྩི་འཁྱིལ་བས། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཞེས་པས་འཕྱང་དུ་བཏགས་ཏེ། སེང་ལྡེང་གི་ཕུར་པ་སྤྱི་བོར་བཏབ་བོ། །རྡོ་རྗེ་ལེགས་པས་གུ་གུལ་གྱི་བདུག་གོ། །གཉིས་པ་གཟུགས་ལ་དབབ་དུས་སུ། ཁྲོ་བོ་མི་གཡོ་མགོན་པོས། ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཞེས་བརྗོད་ནས། བྱ་ཕུར་ཁོའི་སྙིང་གར་བཏབ་བོ། །ཡམ་ཤུད་ཀྱིས་ལྕགས་ཕྱེ་ཟངས་ཕྱེའི་ཐུན་ཕབ་བོ། །གསུམ་པ་བྱད་དུ་བཅུག་པའི་དུས་སུ། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱིས། ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །ཞེས་བརྗོད་ནས་མཆོག་ཕུར་ཁོའི་ཡན་ལག་ལ་བཏབ་བོ། །ཀླུས་བྱད་དུ་བཅུག་གོ། །བཞི་པ་སྨྱོ་རུ་གཞུག་དུས་སུ། རྡོ་རྗེ་རྟ་མགྲིན་གྱིས། རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཅེས་བརྗོད་ནས་ཙནྡན་གྱི་ཕུར་པ་ལྕེ་ལ་བཏབ་བོ། །རྒྱལ་པོས་དུག་ཆུ་བླུགས་སོ། །ལྔ་པ་བརྡུངས་དུས་སུ། ཁྲོ་བོ་སྟོབས་པོ་ཆེས། ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཅེས་བརྗོད་དེ་ལྕགས་ཕུར་སྙིང་ལ་བཏབ་བོ། །བདུད་ཀྱིས་ཐོ་བས་བརྡུངས་སོ། །དྲུག་པ་ཞལ་དུ་བསྟབ་པའི་དུས་སུ་ཁྲོ་བོ་དབྱུག་སྔོན་ཅན་གྱིས། བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ཞེས་འཕྱང་དུ་བཏགས་ཏེ་སྐྱེར་ཕུར་རྐང་མཐིལ་དུ་བཏབ་བོ། །བཙན་གྱིས་རུ་ཏྲ་རྡོ་རྗེ་གཞོན་ནུའི་ཞལ་དུ་བསྟབ་བོ། །འཁོར་སྤྲུལ་པ་ཡང་སྤྲུལ་རྣམས་ཀྱིས་སྐབས་སྐབས་ཀྱི་སྨོན་ལམ་རྒྱས་པར་བཏབ་བོ།། ༈ །།བཞི་པ་མན་ངག་སྲོག་གི་ཆན་པ་མ་ཤེས་ན་དགྲ་བགེགས་ཀྱི་སྲོག་རྩ་མི་ཆོད། ཅེས་པ་ནི། ཕུར་བུ་ངན་སྔགས་གཙུག་ལག་གི་རྒྱུད་ལས། ཆོས་སྐུའི་སྔགས་དང་རྩ་བའི་ཨུ་ཨུ་ཨུ་བཛྲ་ཀཱི་ལི་ཀཱི་ལ། སྔགས། །འདྲེན་པའི་ཐག་པ་གསུམ་ཨུ་ནི་ཨུ་ནེ་ཨུ་ནེ། དུ་སྦྲེལ། །སྤེལ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར། བརྒྱན་དང་ཆོས་སྐུའི་ཨུ་ཨུ་ཨུ། སྔགས། །བསྐྱོན་པའི་བཛྲ་ཀཱི་ལི་ཀཱི་ལ་ཡ། རྟ་དང་གོ་བསྒོའི་རཱ་ཛ་དེ་ཝི་ནི། མིང་། །འགྱུར་བ་མཚོན་ཆའི་ཏྲིག་ནན། བར་དུ་ལྟེམ། །མཐའ་ཙ། གཅོད་སྤུ་གྲིས་གཟིར་ཞིང་རང་སྲོག་མཱ་ར་ཡ་རྦད། གཅོད། །ཅེས་གསུངས་པས། དང་པོ་ཧཱུྃ་ཀ་རས་ལྷ་དང་ཚངས་པ་འདུལ་བ་ནི། ཨུ་ཨུ་ཨུ། ཆོས་སྐུ། བཛྲ་ཀཱི་ལི་རྩ་སྔགས། ཀཱི་ལ་ཡ། ཨུ་ནེ་ཨུ་ནེ་ཨུ་ནེ། འདྲེན་པ། བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ། སྤེལ་བ། ཨུ་ཨུ་ཨུ། ཆོས་སྐུ། བཛྲ་ཀཱི་ལི་བསྐྱོན་པའི། ཀཱི་ལ་ཡ། རཱ་ཛ་དེ་ཝ་གོ་བསྒོའི། གརྫ་དབུ་གསུམ། གརྫ་ཧཱུྃ་ཕཊ། རཱ་ཛ་དེ་ཝ་ཏྲིག་འགྱུར་བ་མེད། ནན་ཙ་མཐའ་གཅོད། མཱ་ར་ཡ་རྦད། སྤུ་གྲི། ཅེས་པས། ལྷ་བདུད་རྒྱལ་པོའི་སྲོག་གི་ཆན་པའོ། །རྣམ་པར་རྒྱལ་བས་ཐེའུ་རང་དང་། བཙན་གཟིར་བ་ནི། ཆོས་སྐུའི་སྔགས། ཨུ་ཨུ་ཨུ། རྩ་བའི་སྔགས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། འདྲེན་པའི་ཐག་པ་ཨུ་ནེ་ཨུ་ནེ་ཨུ་ནེ། སྤེལ་བ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། བསྐྱོན་པའི་རྟ་བཛྲ་ཀཱི་ལི་ཀཱི་ལ་ཡ། གོ་བསྒོའི་མིང་བཛྲ་སཱ་དྷུ་ཡྃ་ཀྲི། འགྱུར་པའི་མཚོན་ཆ་བཛྲ་ས་དུ་ཏྲིག་ནན། སྤུ་གྲི་མཱ་ར་ཡ་རྦད། དེ་ནི་ཐེའུ་རང་སྲོག་གི་ཆན་པའོ། །དབྱུགས་སྔོན་གྱིས་མུ་སྟེགས་གཟིར་བ། སྤེལ་བ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ། གོ་བསྒོའི་མིང་ཏིར་ཏི་ཀ་ད་ཧ་ད་ཧ་ཧཱུྃ་ཕཊ། བསད་པ་ཏིར་ཏ་ཀ་ཏྲིག་ནན་མཱ་ར་ཡ་རྦད། མུ་སྟེགས་ཀྱི་སྲོག་གི་ཆན་པའོ། །གཤིན་རྗེ་གཤེད་ཀྱི་མ་གཤིན་གཟིར་བ་ནི། སྤེལ་བ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། གོ་བསྒོའི་མིང་ཡ་མ་རུ་ལུ། དེ་ཡང་གོང་ལྟར་འགྲེ་བ་ནི་མི་གཡོ་མགོན་པོས་སྲིན་པོ་གཟིར་བ། བསྒོ་མིང་རཀྨོའོ། །རྟ་མགྲིན་གྱིས་ཀླུ་དང་རྨུ་གཟིར་བ། ནཱ་ག་མུན་མུན་ནོ། །གཞན་གྱིས་མི་ཐུབ་པས་བདུད་གཟིར་བ། རུ་དྲ་དུན་ཏིང་ངོ་། །བདུད་རྩི་འཁྱིལ་བས་གནོད་སྦྱིན་གཟིར་བ། ཡཀྴ་རཀྨོའོ། །ཁམས་གསུམ་རྣམ་རྒྱལ་གྱིས་རུ་དྲ་དམ་སྲི་གཟིར་བ། རུ་དྲ་རུ་ཏྲིའོ། །སྟོབས་པོ་ཆེས་ས་བདག་བསད་པ། ས་ནཱ་ག་ཞེས་པའོ། །ལྷ་འདྲེ་གཞན་གྱི་སྲོག་སྙིང་ཡང་མཁས་པས་སྦྱར་བར་བྱའོ། །སྲོག་གི་ཆན་པ་ཨཐྎ།། ༈ །།ལྔ་པ་གཤོག་པ་རླབས་ཆེན་གྱི་ཆོ་ག་མ་ཤེས་ན་དགྲ་བགེགས་ཀྱི་བླ་མི་ཁུག་ཅེས་པ་ནི། བདག་གིས་རྡོ་རྗེའི་གཤོག་པ་གདེངས་ལ། རྡོ་རྗེ་ཁྱུང་གཤོག་གི་ཕྱག་རྒྱ་བཅས་ལ་མ་ཏྲཾ་མནན་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཏྲཾ་ཀ་རུ་ཎི་ཨངྐུ་ཤ་ཛཿ ཞེས་པས་མ་ཏྲཾ་དགུག་དངོས་གྲུབ་བར་ཆད་བྱེད་པའི་བགེགས། །ཞེས་པའི་ཚིག་བཞིས་བསྐུལ། མ་ཏྲཾ་ཀ་རུ་ཎི་ཀཱི་ལི་ཀཱི་ལ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས། དགྲ་བགེགས་མ་ཏྲཾ་བསྒྱེལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །ཞེས་པ་ཚིག་དགུས་བསྐུལ། མ་ཏྲཾ་ཀ་རུ་ཎ་པྲ་ཝེ་ཤ་ཡ་ཕཊ། ཅེས་པས་ཁོག་པ་ཁ་ཕྱེ། ཤྲཱི་ཧཱུྃ་ཧཱུྃ་ཧཱུྃ་བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བནྡྷ་ཛྙཱ་ན་ཀ་པཱ་ལ་བྷྲཱུཾ། ཞེས་པས་ཁོག་པའི་ནང་དུ་གཞལ་ཡས་ཁང་བསྐྱེད། དེའི་ནང་དུ་དགྲ་བགེགས་གང་ཡིན་པ་བཀུག་ལ་གདན་དུ་བཏིང་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧ་ཧ་ཧཾ་ཞེས་པས་སྒོ་བཅད་དོ། །དེས་ནི་དགྲ་བགེགས་ཐམས་ཅད་ཀྱི་བླ་ཁུག་པར་འགྱུར་བ་ཡིན་ནོ།། ༈ །།དྲུག་པ་གསང་ཕུར་སེང་གེ་ཁ་འཐབ་ཀྱི་ཆོ་ག་མ་ཤེས་ན། རྣལ་འབྱོར་པ་ནང་འཐབ་ན་བསྒྲལ་པ་ལ་ཐབས་མེད། ཅེས་པས་ཕུར་པ་ངན་སྔགས་གཙུག་ལག་གི་རྒྱུད་ལས། ལྔ་བརྒྱ་ཐ་མའི་དུས་དག་ཏུ། །སྔགས་པ་ནང་རྒྱས་བྱུང་བའི་ཚེ། །བདེན་པ་བརྗོད་ཀྱང་མི་ཉན་ན། །རང་གཤེད་རང་ལ་དབབ་པར་བྱ། །གཤིན་རྗེ་མཁན་དང་འགྲས་སྲིད་ན། །ཡ་དང་རྦད་ཀྱི་བར་དུ་བསད། ཡ་མ་དུ། ཡ་མ་རྦད། ཡ་མ་ནན། ཡ་མ་ཆྒཻ་མོ་ཨཾ་ཀུ་ཤ་ཛཿ ཛཿ ཡ་མ་ཆྒཻ་མོ་མཱ་ར་ཡ་རྦད། དེས་འགྲེ། མ་མོ་མཁན་དང་འགྲས་སྲིད་ན། མ་དང་རྦད་ཀྱི་བར་དུ་བསད། མ་མ་རུ་ལུ་རུ་ལུ་དུ། མ་མ་རུ་ལུ་རྦད། མ་མ་རུ་ལུ་ནན། མ་མ་རུ་ལུ་རུ། ཨཾ་ཀུ་ཤ་ཛ་ཛཿ ཆྒཻ་མོ་མཱ་ར་ཡ་རྦད། དེས་འགྲེ། མུ་སྟེགས་མཁན་དང་འགྲས་སྲིད་ན། །ཏིར་དང་རྦད་ཀྱི་བར་དུ་བསད། །ཏིར་ཀ་དུ། ཏིར་ཏི་ཀ་རྦད། དེ་མན་ཆད་འགྲེ། གཟའ་གདོང་མཁན་དང་འགྲས་སྲིད་ན། །རཀྨོ་རྦད་ཀྱི་བར་དུ་བསད། རཀྨོ་དུ། རཀྨོ་རྦད། བདུད་པོ་མཁན་དང་འགྲས་སྲིད་ན། །རུ་དང་རྦད་ཀྱི་བར་དུ་བསད། རུ་དྲ་དུ། རུ་དྲ་རྦད། བདུད་མོ་ལ་དུན་ཏིང་། སྲིད་པའི་ལྷ་དགུ་མཁན་དང་འགྲས་སྲིད་ན། །དེ་ཝ་རྦད་ཀྱི་བར་དུ་བསད། དེ་ཝ་དུ། དེ་ཝ་རྦད། གནོད་སྦྱིན་མཁན་དང་འགྲས་སྲིད་ན། །ཡཀྵ་རྦད་ཀྱི་བར་དུ་བསད། ཡཀྵ་དུ། ཡཀྵ་རྦད། རྒྱལ་པོ་མཁན་དང་འགྲས་སྲིད་ན། །ར་དང་རྦད་ཀྱི་བར་དུ་བསད། རཱ་ཛ་དུ། རཱ་ཛ་རྦད། ལྷ་བཙན་མཁན་དང་འགྲས་སྲིད་ན། །ཙ་དང་རྦད་ཀྱི་བར་དུ་བསད། ཙ་ར་དུ། ཙ་ར་རྦད། ཐེའུ་རང་མཁན་དང་འགྲས་སྲིད་ན། །བཛྲ་རྦད་ཀྱི་བར་དུ་བསད། བཛྲ་སཱ་དྷུ་དུ། བཛྲ་སཱ་དྷུ་རྦད། རིག་འཛིན་མཁན་དང་འགྲས་སྲིད་ན། །རུ་དང་རྦད་ཀྱི་བར་དུ་བསད། རུ་དྲ་དུ། རུ་དྲ་རྦད། ཕུར་གདབ་མཁན་དང་འགྲས་སྲིད་ན། །རུ་དང་རྦད་ཀྱི་བར་དུ་བསད། རུ་ཏྲི་དུ། རུ་ཏྲི་རྦད། ལིངྒའི་བཅའ་ལུགས་དང་། སྔགས་དྲུག་དང་། ཚེ་ལུང་ཁྲུས་ལུང་བྱ། སྔགས་བཟླས་པ་དང་། རྟགས་བྱུང་བ་དང་མནན་བསྲེག་འཕང་གསུམ་གྱིས་མཇུག་བསྡུས་ལ་བྱ། བདག་དང་འགྲས་པ་དེ་མ་ཏྲཾ་བསྒྱེལ་བ་ལྟར་འགྲོའོ། །རྡོ་རྗེ་དམེ་ཐབས་ཨཐྎ།། ༈ །།བདུན་པ་གནད་གཅོད་ཀྱི་ཐབས་མ་ཤེས་ན་ལས་ལ་སྦྱོར་ན་ཚུར་ལྡོག །ཅེས་པ་ལ་གསུམ་ལས། རྫས་ཀྱི་གནད་གཅོད། རྟེན་གྱི་གནད་གཅོད། སྔགས་ཀྱི་གནད་གཅོད་དོ། །དང་པོ་ལ། རང་ལ་གདགས་པའི་རྫས་དང་། རྟེན་ལ་བྱུགས་པའི་རྫས་སོ། །དང་པོ་ནི། ཅུ་གང་གངས་སུ་མཐོང་ཡོང་། མུ་ཟི་མཚོར་མཐོང་ཡོང་། གླ་བ་འཚུབས་མར་མཐོང་ཡོང་། ཤུ་དག་རལ་གྲིར་མཐོང་ཡོང་། བཙན་དུག་དགྲ་སྟྭར་མཐོང་ཡོང་། གླ་བའི་མཆེ་བ་སྤུ་གྲིར་མཐོང་བས་ལུས་ལ་གདགས་སོ། །གཉིས་པ་རྟེན་ལ་གུ་གུལ། རྒྱ་ཚིལ། མུ་ཟི། རྟ་ཁྲག །མངལ་ཁྲག །མཛེ་ཁྲག་བྱུག་གོ། །གཉིས་པ་ནི། རང་ལྷར་གསལ་བ་གལ་ཆེ་སྟེ། རྡོ་རྗེའི་མཁར་དུ་བཤད་པའོ། །གསུམ་པ་སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྱད་སྟེམ་ཕོ་མོའི་སྙིང་ལ་རཾ། རྩ་ལ་རྦད། སྲོག་ལ་བྲེང་། ཤ་ལ་མྱོགས། ཁྲག་ལ་ཐུཾ་བྷྱོ། ཞེས་པ་དེ་མང་དུ་བཟླའོ། །དེ་རྣམས་ནི་སྲུང་བའི་མཆོག་ཡོན་ནོ།། ༈ །།བརྒྱད་པ་འཁོར་ལོའི་བསྐོར་ཐབས་མ་ཤེས་ན་ལས་མི་འགྲུབ་ཅེས་པས། རྡོ་རྗེ་ཕུར་པ་ལ་འཁོར་ལོ་བཅུ་གཉིས་ཏེ། དེ་ཉིད་མི་གནས་པའི་ཆོས་སྐུ། འཁོར་ལོ་བྱ་བ་ཡོད་དོ། །སྒྲུབ་པ་དངོས་གྲུབ་ཀྱི་འཁོར་ལོ་བྱ་བ་ཡོད་དོ། །གཡོན་བསྐོར། བསད་པ་དྲག་པོའི་འཁོར་ལོ་བྱ་བ་ཡོད་དོ། །གཡས་བསྐོར། ཕྲིན་ལས་སྣ་ཚོགས་ཀྱི་འཁོར་ལོ་བྱ་བ་ཡོད་དོ། །མནན་བསྲེག །མང་དུ་འདུས་པའི་འཁོར་ལོ་བྱ་བ་ཡོད་དོ། །སྔགས་ཚང་མ། འཁོར་བའི་འཁོར་ལོ་བྱ་བ་རྩ་སྔགས། ཡོད་དོ། །མི་འཁོར་བའི་འཁོར་ལོ་བྱ་བ་ཡོད་དོ། །མ་ཚང་བ། འཁོར་ལོ་བཟློག་པ་ཞེས་བྱ་བ་ཡོད་དོ། །དྲི་མ་ཡོད་པ། འཁོར་ལོ་འཁྱམས་པ་ཞེས་བྱ་བ་ཡོད་དོ། །མ་ཚང་བ། འཁོར་ལོ་འཁོར་བ་ཞེས་བྱ་བ་ཡོད་དོ། །གདམས་པ་ཆེ། འཁོར་ལོ་རྩ་སྔགས་ཅན། ལྟོ་བྲལ་བྱ་བ་ཡོད་དོ། །ཅེས་ཟུར་མ་དོད་པ། འཁོར་ལོ་གཅོད་པ་ཞེས་བྱ་བ་ཡོད་དོ། །རྫོགས་པ། འདིར་སྲོག་ལ་འཁོར་ལོ་བསྐོར་བ་དང་། སྲོག་ལ་ལིངྒ་བཅའ་བ་གཉིས་ལ་ལག་ལེན་བྱའོ།། ༈ །།དགུ་པ་ལིངྒའི་བཅའ་ཐབས་མ་ཤེས་ན་དམིགས་པའི་གནད་བརླག་ཅེས་པ་ལ། ཤུན་ཆེན་ནམ། གྲོ་ག་ཤོག་ཤོག་ལ་མུ་ཁྱུད་བཞི་པ་དབུས་ཀྱི་ཆ་ལོངས་པ་བྲི། དེ་ལིངྒ་བརྒྱད་པ་དོད་པ་བྲི། ཐམས་ཅད་འདུས་སྔགས་སྤྱི་བོར་བྲི། ཧ་ས་ཡ་ར་དཔྲལ་བར་བྲི། ཛྭ་ལ་པ་ཡ་ལྕེ་ལ་བྲི། ཤཱིགྷྲཾ་ཨཱ་ན་ཡ་ལག་པ་ལ་བྲི། ཨ་ཝེ་ཤ་ཡ་ལྟེ་བར་བྲི། བི་ད་ཡ་འདོམས་སུ་བྲི། ཏ་ཐཱ་ཡ་བརླ་ལ་བྲི། ཀ་ཏཾ་ཀ་ཡེ་སྙིང་གར་བྲི། མ་ར་སེ་ན་པྲ་མརྡྷ་ན་ཡ་རྐང་པའི་བར་དུ་བྲི། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མཁལ་མ་གཡས་གཡོན་དུ་བྲི། ཡན་ལག་ཉིང་ལག་ཐམས་ཅད་ལ་ཛྭ་ལ་བྲི། མུ་ཁྱུད་ནང་མ་ལ་འབྲུ་དགུ་བྲི། དེའི་ཕྱི་མ་ལ་ཁྲོ་བོ་བཅུའི་སྔགས་བྲི། དེའི་ཕྱི་མ་ལ་མ་མཱ་པ་ཤྱཾ་གིས་བསྐོར། དེའི་ཕྱི་མ་ལ་ༀ་ལཾ་ཧཱུྃ་ལཾ་གྱིས་བསྐོར། ཡང་ན་འཁོར་ལོ་རྩིབས་དྲུག་པ་ལ། ལག་གཉིས་མགོ་བོ་རྩིབས་གསུམ་ལ་གཟུད། རྐང་གཉིས་གསང་བ་རྩིབས་གསུམ་ལ་གཟུད། ཕྱི་ལ་མུ་ཁྱུད་བཞི་པ་དང་སྔགས་འགོད་པ་གོང་དང་འདྲའོ། །དེ་ཉ་བོ་ལ་གཞུག་པ་སྐབས་དང་སྦྱར་རོ།། ༈ །།བཅུ་པ་ཀུན་གཞིའི་གནས་ལུགས་མ་ཤེས་ན་བཏབ་པ་ལ་དོན་མེད་ཅེས་པ་ནི། སྤྱིར་སེམས་ཅན་ཐམས་ཅད་ཀྱི་སྙིང་དཀར་ནག་གི་མཚམས་སུ་ཁྲག་གི་སྦལ་པ་མཐེ་བོང་ཙམ་ཞིག་ཡོད། དེའི་ནང་ན་དྭངས་མ་རྣམ་པ་གསུམ་ཡོད་དེ། ཁྲག་གི་དྭགས་མ་མཚལ་ལྕོག་ལ་འདྲ་བ། རྩའི་དྭངས་མ་རྒྱུས་པ་ཀླད་པ་འདྲ་བ། དབུགས་ཀྱི་དྭགས་མ་གསེར་ས་འོག་ཏུ་སྦས་པའི་རླངས་པ་ཙམ་ཞིག་ཡོད། དེ་གསུམགྱི་དབུས་ན་རྣམ་པར་ཤེས་པ་དེ་མི་ལ་ནྲྀ་ཡོད། རྒྱལ་པོ་ལ་ཏྲི། མ་མོ་ལ་མ། ཀླུལ་ཕུ་ཡོད་པས་དེས་འགྲེའོ།། ༈ །།བཅུ་གཅིག་པ་ཚེ་ལུང་ཁྲུས་ལུང་གི་དགོངས་པ་མ་ཤེས་ན་ངག་སྔགས་དང་ཁྱད་མེད་ཅེས་པ་ནི། གཟས་པ་པོའི་སྒྲིབ་པ་དེ་ཕུར་པ་ལྷར་གསལ་བའི་འོད་ཟེར་གྱིས་སྦྱངས་པས་ཁོ་ཡི་ཁྲུས་ལུང་། ཁོའི་ཚེ་དང་བསོད་ནམས་ཕུར་པས་བླངས་ཏེ་བདག་གི་གནས་གསུམ་དུ་གཏུགས་པས་བདག་ལ་ཚེ་སྲོག་བསྣན་པས་བདག་གི་ཚེ་ལུང་སྟེ། ངན་སྔགས་པ་ལ་དེ་མེད་ཐབས་མེད་པས་རྡོ་རྗེ་ཕུར་པའི་ཁྱད་ཆོས་ཡིན་ནོ།། ༈ །།བཅུ་གཉིས་པ་གནས་སྤོར་བའི་ཆོ་ག་མ་ཤེས་ན་ནན་པ་དང་ཁྱད་མེད་ཅེས་པ་ནི། ཕུར་བུའི་རྩེ་མོར་གཟས་པ་པོའི་རྣམ་པར་ཤེས་པ་ནྲྀའམ་ཨར་ཡོད་པ་དེ་གྱེན་ལ་བསྟན་ལ། རླུང་དང་ཏིང་ངེ་འཛིན་གྱིས་རིགས་ལྔ་ཡབ་ཡུམ་གྱིས་སྦྱོར་མཚམས་སུ་འཕངས་ཏེ། རིགས་ལྔ་ཡབ་ཡུམ་གྱི་སྲས་སུ་སྐྱེས་པར་བསམ་མོ། །སེམས་བསྐྱེད་དང་། སྔགས་དང་། རྟེན་འབྲེལ་གྱི་ཆེ་བས་སྐྱེའང་སྐྱེ་ལ། སྐྱེས་པར་ཡང་བསམ་མོ། །དེ་ནི་ཤན་པ་མུ་སྟེགས་པ་རྣམས་ལ་མེད་པར་རྡོ་རྗེ་ཕུར་པའི་ཁྱད་ཆོས་ཡིན་ནོ། །གནད་ཐོ་བཅུ་གཉིས་ཀྱི་གདམས་པ་རྫོགས་སོ།། ༈ །།དང་པོ་ནམ་མཁའ་ལྟ་བུའི་གང་ཟག་གིས་རིག་པ་ཡེ་ཤེས་ཀྱི་ཕུར་པ་ཡུལ་ཆོས་ཀྱི་དབྱིངས་སུ་གདབ་པ་ལ་བཞི་སྟེ། སྒྲུབ་བྱེད་ཀྱི་གང་ཟག །སྒྲུབ་པའི་དགོས་པ། སྒྲུབ་པའི་ཐབས། བསྒྲུབས་པའི་འབྲས་བུའོ། །དང་པོ་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་པས། ཆོས་ཉིད་ཀྱི་རིག་པ་ངེས་པར་འཛིན་པ་ནམ་མཁའ་ལྟ་བུའི་གང་ཟག་གོ། །གཉིས་པ་སྒྲུབ་པའི་དགོས་ཆེད་ནི། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཞེས་པས། སྲིད་པའི་ཕུར་བུ་བསྒྲུབ་པའི་ཕྱིར་དང་། དབང་བསྐུར་བའི་ཕྱིར་དང་། དངོས་གྲུབ་བླང་བའི་ཕྱིར་དགོས་པ་གསུམ་མོ། །དེ་ལ་ཕུར་བུ་ནི་སེམས་ཉིད་དོ། །དབང་ནི་རིག་པ་སྩལ་གྱི་དབང་ངོ་། །དངོས་གྲུབ་ནི་རང་ངོ་རང་གིས་ཤེས་པའོ། །གསུམ་པ་ལ་གསུམ་སྟེ། ལྟ་བས་ཐག་བཅད་པ། སྒོམ་པ་ཉམས་སུ་བླང་བ། སྤྱོད་པས་གྲོགས་བྱ་བའོ། །དང་པོ་ལ་གསུམ་སྟེ། དོན་མ་ནོར་བའི་ལྟ་བ། རིག་པ་མ་བཅོས་པའི་ལྟ་བ། དབྱིངས་དྲངས་པའི་ལྟ་བའོ། །དང་པོ་ལ་གཉིས། ལྟ་བར་མཚོན་པའི་སྒོ་དང་། རང་གི་ངོ་བོའོ། །དང་པོ་ནི། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །ཅེས་པས། རྡོ་རྗེ་སྟོང་པ་ཁྲོས་པས་དུག་ལྔ་ཚར་གཅོད་པའོ། །རང་གི་ངོ་བོ་ནི། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ཞེས་པས། བྱམས་སྙིང་རྗེས་སེམས་ཅན་ཐམས་ཅད་ཆོས་སྐུར་བསྒྲལ་ཏེ་དམ་ཚིག་གོ། །གཉིས་པ་ནི། རིག་པ་མ་བཅོས་པའི་ལྟ་བ་ནི། མཚོན་སྒོ་དང་། རང་གི་ངོ་བོའོ། །དང་པོ་ནི། མཚོན་ཆེན་སྔོན་པོ་འབར་བ་ཡིས། །ཞེས་པས། རང་གི་སེམས་ཆོས་སྐུར་མཚོན་པས་བདེ་བ་འབར་བའོ། །རང་གི་ངོ་བོ། བསད་ཅིང་མནན་པ་མ་ཡིན་ཏེ། །ཞེས་པས་འཁོར་བ་ཁྱད་དུ་མི་བསད། རྟོག་པ་ནན་གྱིས་མི་མནན་ཏེ། འཁོར་འདས་ཆོས་སྐུར་ཤར་བའོ། །གསུམ་པ་དབྱིངས་དྲངས་པའི་ལྟ་བ་མཇལ་ཚུལ་དང་། རང་གི་ངོ་བོ། དང་པོ། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །ཞེས་པས། ནམ་མཁའ་ལས་ཆོ་འཕྲུལ་འབྱུང་བ་ལྟར། ཆོས་ཉིད་ལས་རོལ་པ་འབྱུང་། ཆོ་འཕྲུལ་ནམ་མཁའ་འདུས་པ་ལྟར། རོལ་པ་ཆོས་ཉིད་དུ་ཐིམ། ནམ་མཁས་ཀུན་ལ་ཁྱབ་ལ་ལྟར། ཆོས་ཉིད་ཀྱིས་ཀུན་ལ་ཁྱབ་བོ། །རང་གི་ངོ་བོ་ནི། ཕུར་པོ་རྡོ་རྗེར་གཏམས་བྱས་ནས། །ཞེས་བཤད་པས། འཁོར་འདས་ཐམས་ཅད་སྟོང་ཉིད་རྡོ་རྗེས་གཏམས་པ་སྟེ། སྟོང་ཉིད་དུ་རྟོགས་པའོ། །གཉིས་པ་སྒོམ་པས་ཉམས་སུ་བླང་བ་ལ་གསུམ་སྟེ། རིག་པ་ཐལ་བྱུང་གི་སྒོམ་པ། སེམས་ཀྱི་དབྱིངས་ཕྱུང་གི་སྒོམ་པ། ཀུན་གཞི་རྩད་བཅད་ཀྱི་སྒོམ་པའོ། །དང་པོ། སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །ཅེས་པས་ཆོས་སྐུའི་དབྱིངས་སུ་བཅས་བཅོས་མེད་པར་འཇོག་པའོ། །གཉིས་པ་དབྱིངས་ཕྱུང་བ་ནི། སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །ཞེས་པས་དྲན་རྟོག་ནི་སྙིང་ལས་བྱུང་བའི་དཀྱིལ་སྟོང་ཉིད་དུ་བསྒོམ་པར་བྱའོ། །གསུམ་པ་ཀུན་གཞི་རྩད་བཅད་ནི། རྣམ་པར་ཤེས་པ་རྡོ་རྗེ་བསྒོམ། །ཞེས་པས། བག་ཆགས་ཀྱི་རྣམ་པར་ཤེས་པ་རྡོ་རྗེ་སྟོང་ཉིད་རྡོ་རྗེར་བསྒོམ་པའོ། །གསུམ་པ་སྤྱོད་པ་ལ་གསུམ་སྟེ། ཐབས་ཀྱི་སྤྱོད་པ། ཕྲིན་ལས་ཀྱི་སྤྱོད་པ། ཞར་ལ་རིག་པ་རྩལ་གྱི་དབང་བསྐུར་བའོ། །དང་པོ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །ཞེས་པས། ཐབས་ཀྱི་སྤྱོད་པས་སེམས་ཅན་གྱི་དོན་བྱེད་པའོ། །གཉིས་པ། སངས་རྒྱས་ཕྲིན་ལས་རྫོགས་བྱས་ནས། །ཞེས་པས། ཕྲིན་ལས་བཞིས་སེམས་ཅན་གྱི་དོན་བྱེད་པའོ། །གསུམ་པ་དབང་ནི། དབང་དང་བྱིན་རླབས་འདིར་སྩོལ་ཞིག །ཅེས་པས་སེམས་ལ་དབང་ཐོབ་པས་ཆོས་སྐུར་བྱིན་གྱིས་བརླབས་པའོ། །བཞི་པ་འབྲས་བུ་ལ་གཉིས་ཏེ། ཐུན་མོང་དང་ཁྱད་པར་རོ། །དང་པོ་ནི། རྟགས་དང་མཚན་མ་བསྟན་པ་དང་། །ཞེས་པས་དྲོད་གསུམ། རྟགས་གསུམ། མཚན་མ་གཉིས་སོ། །དང་པོ་ལ། ཕྱིའི་དྲོད་ལུས་ཡང་བ། ནད་མེད་པ། ནང་དྲོད་དབུགས་ལ་དབང་ཐོབ་པ། གསང་དྲོད་ཉོན་མོངས་པ་ཆུང་བའོ། །རྟགས་གསུམ་ཡང་དེ་ཉིད་དོ། །འོ་ན་ཁྱད་མེད་དོ་སྙམ་ན། རང་ལ་ཉམས་སུ་མྱོང་བ་དྲོད། གཞན་གྱིས་རྟོགས་པ་རྟགས་སོ། །མཚན་མ་ནི་རྨི་ལམ་དང་མངོན་སུམ་གཉིས་སོ། །གཉིས་པ་ཁྱད་པར་ལ་འབྲས་བུ་སྐུ་གསུམ་མོ། །ཆོས་སྐུ་ལ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཞེས་པས་དབྱིངས་ཡེ་ཤེས་དབྱེར་མེད་དོ། །ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས། །ཞེས་པས་ཆོས་སྐུའི་ངང་ལས་ལོངས་སྐུ་སྒྲུབ་པའོ། །ཡེ་ཤེས་ཁྲོ་བོ་འགྲུབ་པར་མཛོད། །ཅེས་པས་སྤྲུལ་སྐུ་གདུལ་བྱའི་ངོ་བོ་ལ་སྣང་བའོ། །རིག་པ་ཡེ་ཤེས་ཀྱི་ཕུར་པ་ལ་ངོ་སྤྲོད་དུ་མཛད་པ་ཁྲིད་དུ་སྐྱོངས་ཤིག །གྲུབ་ཐོབ་རྒྱུན་མ་ཆད་པའོ། །རི་བོ་ལྟ་བུའི་གང་ཟག་གིས་ཁྱབ་པ་ཐུགས་རྗེའི་དཔྱང་ཐག་གི་ཕུར་པ་ཁམས་གསུམ་སེམས་ཅན་ལ་གདབ་པ་ལ་བཞི་སྟེ། སྒྲུབ་པའི་གང་ཟག །སྒྲུབ་པའི་དགོས་ཆེད། སྒྲུབ་པའི་ཐབས། བསྒྲུབས་པའི་འབྲས་བུའོ། །དང་པོ་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་པས། སྐུ་གསུང་ཐུགས་ཀྱི་རིག་འཛིན་རི་བོ་ལྟ་བུའི་གང་ཟག་གོ། །གཉིས་པ་དགོས་ཆེད་ནི། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཞེས་པའོ། །གསུམ་པ་སྒྲུབ་ཐབས་ལ་ལྔ་སྟེ། གཉེན་པོ་སྐུའི་མཚན་ཉིད། ཁྱད་པར་ལས་ཀྱི་མཚན་ཉིད། ལྷ་བསྒོམ་ཐབས། སྒྲུབ་ཐབས། སྤྱོད་པའོ། །དང་པོ་ནི། རྡོ་རྗེ་གཞོན་ནུ་དབུ་སྟོང་ཕྱག་སྟོང་པ་དང་དབུ་དགུ་ཕྱག་བཅོ་བརྒྱད་པ་དང་། ཞལ་གསུམ་ཕྱག་དྲུག་པ་དང་། ཞལ་གཅིག་ཕྱག་གཉིས་པ་དང་ཐ་དད་དུ་བཤད་དོ། །དེ་ལ་སྲོག་གི་ལྷ། སྐུ་གསུང་ཐུགས་ཀྱི་ལྷ། དབུ་རྒྱན་གྱི་ལྷ། གོ་ཆའི་ལྷ། ཡུམ་དང་ཞལ་སྦྱོར་རོ། །གཉིས་པ་ཁྱད་པར་ལས་ཀྱི་ལྷ་ནི་བདུད་དང་སྲིན་པོ་ལྟ་བུ་མ་ཡིན་ཏེ། བྱམས་དང་སྙིང་རྗེས་གང་འདུལ་བ། །ཞེས་པས་ཐུགས་རྗེའི་རྩལ་རང་ཤར་བའི་ལྷའོ། །གསུམ་པ་བསྒོམ་ཐབས་ནི། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་པས་ཀུན་གཞིའི་རྣམ་ཤེས་ཀྱང་ལྷར་བསྒོམ། སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །ཅེས་པས་བདག་གི་ལུས་ཡི་དམ་ལྷར་བསྒོམ། ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །ཞེས་པས་བ་སྤུའི་བུ་ག་ཁྲོ་ཆུང་གིས་གོ་མཚམས་སུ་བསྒོམས་པའོ། །དེ་ལྟར་ལྷ་བརྟན་པ་དང་། ཕྱི་ནང་སྣོད་བཅུད་ཐམས་ཅད་ལྷར་སྤེལ་ལ་བསྒོམ་པའོ། །སྲིད་པ་རྡོ་རྗེར་འགྲུབ་མཛོད་ཅིག །ཅེས་སོ། །བཞི་པ་སྒྲུབ་ཐབས་ནི། རྟེན་དགྲམ་ཞིང་བཟླས་པའི་འཁོར་ལོ་བསྒོམ། དབང་བསྐུར་ཞིང་བྱིན་གྱིས་བརླབས། སྤྱན་དྲངས་ཤིང་པཱུ་ཛ་འབུལ་བ། བཟླས་པ་བྱ་ཞིང་བསྟོད་པ་བྱ་བའོ། །དང་པོ་ནི། གནས་དབེན་པར་མཎྜལ་དང་པཱུ་ཛ་བཤམ། རྟེན་དགྲམ་ཞིང་ཡི་དམ་ལ་ཡང་དང་ཡང་དུ་བལྟས་པས་ལྷ་གསལ་བར་འོང་། བདག་ཀུ་མཱ་རའི་ཐུགས་ཀ་རཏྣ་ཟུར་བརྒྱད་པ། ནང་དུ་རྟ་མགྲིན། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེ། དེའི་ལྟེ་བ་ལ་ཧཱུྃ། མཐའ་མར་ཀཱི་ལ་ཡ་འབྲུ་དགུས་བསྐོར་བར་བསྒོམ། དེ་ནས་ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་བྱིན་གྱིས་བརླབས། སྲོག་ཡེ་ཤེས་སུ་དབང་བསྐུར། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ་གྱིས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་ཡེ་ཤེས་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟས་བརྟན་པར་བཞུགས་སུ་གསོལ། དེ་ནས་པཱུ་ཛ་གཏོར་མ་ལ་དབུལ། དེ་ནས་བཟླས་པ་བྱ། འཛབ་བསྟོད་བྱའོ། །ལྔ་པ་སྤྱོད་པ་ལ་གཉིས། བདག་གཞན་གྱི་སྤྱོད་པ་དང་། ཕྲིན་ལས་ཀྱི་སྤྱོད་པའོ། །དང་པོ་ནི། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །ཞེས་པ་དང་། གཉིས་པ་ནི། སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །ཞེས་པའོ། །བཞི་པ་འབྲས་བུ་ལ་ཐུན་མོང་དང་ཁྱད་པར་རོ། །དང་པོ་ལ་དྲོད་གསུམ། རྟགས་གསུམ། མཚན་མ་གཉིས་སྔར་དང་འདྲ། གཉིས་པ་ནི། ཆོས་སྐུ་དག་པ་གཉིས་ལྡན། ལོངས་སྐུ་དལ་གྱི་ལྷ་ཚོགས། སྤྲུལ་སྐུ་གང་ལ་གང་འདུལ་ལོ། །པདྨ་རྒྱལ་པོའི་ཕྱག་བཞེས་སོ། །གསུམ་པ་བྱ་ཀ་ལནྟ་ཀ་ལྟ་བུའི་གང་ཟག་གིས་གསང་བ་བྱང་ཆུབ་སེམས་ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་གདབ་པ་ནི་བཞི་སྟེ། རྟེན་གྱི་གང་ཟག །དགོས་ཆེད། སྒྲུབ་ཐབས། འབྲས་བུའོ། །དང་པོ་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་པས་ཆགས་ཅན་ནོ། །དགོས་པ་ནི། ཕུར་བུ་སྒྲུབ་པ་དང་། དབང་བསྐུར་བ་དང་། དངོས་གྲུབ་བླང་བ་གསུམ་མོ། །སྒྲུབ་ཐབས་ལ་གཉིས། སྟེང་སྒོའི་འཁོར་ལོ་ལ་བརྟེན་ཏེ་བདེ་བ་རིམ་གྱིས་བསྐྱེད་པ་དང་། འོག་སྒོ་ཁམས་གསུམ་རོལ་པ་ལ་བརྟེན་ཏེ་བདེ་བ་གཅིག་ཅར་དུ་བསྐྱེད་པའོ། །དང་པོ་སྟེང་སྒོ་ལ་གསུམ་སྟེ། འཁོར་ལོའི་གནས་ཚུལ། །གཏུམ་མོ་སྤར་བར་ཡེ་ཤེས་སྐྱེ་ཚུལ། དེ་ལ་གོམས་པར་བསླབ་པའོ། །དང་པོ་ལ་ལྔ་སྟེ། ཀླད་པ་སྐུའི་ཙཀྲ །མགྲིན་པ་གསུང་གི་ཙཀྲ །ཐུགས་ཀ་ཆོས་ཀྱི་ཙཀྲ །ལྟེ་བ་ཡོན་ཏན་གྱི་ཙཀྲ །མེ་རླུང་ཕྲིན་ལས་ཀྱི་ཙ་ཀྲའོ། །དང་པོ་ནི། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཞེས་པས། སྤྱི་བོ་ན། རྩ་འདབ་མ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་ན་འཁོར་ལོ་རྩིབས་བརྒྱད། དེའི་ལྟེ་བ་ན་ཡི་གེ་ཧཾ་མགོ་བོ་མཐུར་དུ་བསྟན་པ་གནས། རྩིབ་བརྒྱད་ལ་ཀཱི་ལི་འབྲུ་བརྒྱད། རྩ་འདབ་སུམ་ཅུ་རྩ་གཉིས་ལ་སྒྲ་ཡིག་སུམ་ཅུ་རྩ་གཉིས་གདུགས་ཕུབ་པའི་ཚུལ་དུ་གནས་སོ། །མགྲིན་པ་ན། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །ཞེས་པས། རྩ་འདབ་བཅུ་དྲུག་དཀྱིལ་ན་པདྨ་འདབ་བརྒྱད། ལྟེ་བ་ཨཱྃ་དམར་པོ་མགོ་བོ་གྱེན་ལ་བསྟན་པ། རྩ་འདབ་བརྒྱད་ལ་ཀཱི་ལི་འབྲུ་བརྒྱད། རྩ་འདབ་ལ་དབྱངས་ཡིག་བཅུ་དྲུག་གོ། །སྙིང་ག་ན། སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །ཅེས་འདབ་བརྒྱད་ཀྱི་དཀྱིལ་ན་རིན་པོ་ཆེ་ཟུར་བརྒྱད་པ། ལྟེ་བ་ལ་ཧཱུྃ་མཐིང་ག་མགོ་ཐུར་ལ་བསྟན་པ། རཏྣ་ཟུར་བརྒྱད་ལ་ཀཱི་ལི་འབྲུ་བརྒྱད། རྩ་འདབ་ལ་སྡེ་ཚན་དང་པོ། ཨ་ཀ་ཙ་ཏྲ་ཏ་པ་ཡ་ཤ་བརྒྱད་དོ། །ཙཀྲ་ཐམས་ཅད་ཀྱི་སྲོག་ཤིང་ཀུན་འདར་མ་ནས་བྱང་སེམས་དབབ་པའོ། །གཡས་རོ་མ་ནས་དྲི་ཆུ། གཡོན་རྐྱང་མ་ནས་ཁྲག་འབབ་སྟེ། རྩ་དེ་གསུམ་ལྟེ་བ་ན་འདུས་པའོ། །ལྟེ་བའི་འཁོར་ལོ་དེ། འབར་བའི་འཁོར་ལོ་མི་བཟད་པ། །ཞེས་པས་རྩ་འདབ་དྲུག་ཅུ་རྩ་བཞིའི་དཀྱིལ་ན་གྲུ་གསུམ་བརྒྱད། ལྟེ་བ་ལ་ༀ་སེར་པོ་མགོ་གྱེན་བསྟན། གྲུ་གསུམ་ལ་ཀཱི་ལ་ཡ་འབྲུ་བརྒྱད། རྩ་འདབ་ལ་སྒྲ་ཡིག་སུམ་ཅུ་རྩ་གཉིས་ཕྲག་གཉིས། མེ་རླུང་ཕྲིན་ལས་ཙཀྲ །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ཞེས་པ་འོག་སྒོ་ལྟོ་བ་ན། རླུང་གི་ཙཀྲ་ཁ་དོག་སྔོ་སྐྱ་དབྱིབས་ཟླ་གམ་ཆགས་པ་ལ་ཡཾ་སྔོ་སྐྱའོ། །རྟགས་འོག་གྲང་བའོ། །དེའི་སྟེང་ན་མེའི་འཁོར་ལོ་ལྟེ་བའི་འོག་ན་ཁ་དོག་དམར་པོ། དབྱིབས་གྲུ་གསུམ་རཾ་དང་བཅས་པ་ལ་འབར་བའི་ཚུལ། དེ་ནི་རྟགས་དྲོད་ཆེ་བའོ། །གཉིས་པ་གཏུམ་མོ་སྤར་བ་ནི། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །ཞེས་པས་སྤྱི་བོར་ཧཾ་ཞུ་བས་ཐིག་ལེ་འབབ་པའོ། །དེ་ཡང་འོག་སྒོ་བསྐུལ་བས། ཡཾ་ལས་རླུང་ལངས། རཾ་ལས་ཡེ་ཤེས་ཀྱི་མེ་སྤར། དེས་ལྟེ་བའི་ཙཀྲ་ཞུ། ཁམས་བདེ་བ་སྐྱེས། དེས་སྙིང་གའི་ཙཀྲ་ལ་ཕོག །དྭངས་མ་ལྔ་ཞུ། དེའི་འོད་ཀྱིས་མགྲིན་པར་ཞུ། དེ་ཀླད་པ་ལ་ཕོག་སྟེ་ཞུ། བྱང་སེམས་ཨ་ཝ་དྷུ་ཏི་ནས་བབ། ལྟེ་བའི་ཙཀྲ་གསོས། བདེ་བ་སྐྱེས། དེ་ལ་གོམས་པ་བསླབ་པོ། །དེའི་སྔོན་དུ་རླུང་ལ་བསླབ་པ་ནི། རླུང་བཟུང་བ། སྦྱངས་བ། བཅིངས་པ། གཡས་སུ་སྤོ་བ། གཡོན་དུ་སྤོ་བ། དྷུ་ཏིར་བཞུགས་པ་རྣམས་བླ་མའི་ཞལ་ལ་དྲིས། གཉིས་པ་འོག་སྒོ་ལ་བཞི་སྟེ། བསྙེན་པ། ཉེ་བསྙེན། སྒྲུབ་པ། སྒྲུབ་པ་ཆེན་པོའོ། །དང་པོ་བསྙེན་པའི་ཡུམ་ནི། ཞི་བ་ལ་དཀར་མོ་བོང་ཆུ་ཟླ་བའི་མདོག །རྒྱས་པ་ལ་བ་ལང་སེར་མོ་གྲུ་བཞི་མ། དབང་ལ་སྨུག་པོ། ཟླ་གམ་ལ་མཛེས་པའི་ཞལ། དྲག་པོ་ལ་དྲག་མོ་གྲུ་གསུམ་ཧ་རི་མིག་བཙལ། དེ་ཡང་སྟོད་སྨད་ཕྱེད་པ། སྨད་རྒྱས་པ། བྷ་ག་རུབ་པ། ཆགས་པའི་མདངས་ཆེ་བ་དེ། རྒྱན་བཏགས་ལ་ཁྲུས་བྱས། ཆས་སུ་གཞུག་གོ། །གཉིས་པ་ཉེ་བསྙེན་ལ། ཡབ་ཀྱིས་རྡོ་རྗེ་གཞོན་ནུར་བསྐྱེད། རིག་མ་ཡུམ་འཁོར་ལོ་རྒྱས་འདེབས་སུ་བསྐྱེད། དེ་ནས་མཁའ་བྱིན་གྱིས་བརླབས། ཡབ་ཀྱི་མཁའ་མི་དམིགས་པ་ལས། ཨ་ལས་ཟླ་བའི་དལ་བསྒོམ། ཧཱུྃ་ལས་རྡོ་རྗེ་རྩེ་དགུ་པར་བསྐྱེད། ༀ་ལས་བུམ་པ་བསྐྱེད། ཕཊ་ཀྱིས་བུ་ག་བཀག་པའོ། །ཡང་ཡུམ་གྱི་མཁའ་མི་དམིགས་པ་ལས་མ་ལས་ཉི་མའི་དལ། ཨ་ལས་པདྨ་དམར་པོ་འདབ་མ་བཞི་པ། ཟེའུ་འབྲུ་ལ་ཨ་དམར་པོ་བསྒོམ། དེ་ནས་ནུ་མ་གཉེད་པ་དང་། མཆུ་འཇིབ་པ་བྱས་པས་རྡོ་རྗེ་པདྨ་སད་པ་དང་། རིག་མས་ས་མ་ཡ་ཧོཿ ཞེས་བསྐུལ་ཡབ་ཀྱིས་ས་མ་ཡ་སྟྭཾ་ཞེས་གནང་སྟེ་ར་ཧོ་ཧཾ་རཱ་ག་ཡ་མི་ཞེས་པ་དང་། རྡོ་རྗེས་པདྨར་དལ་གྱིས་བསྲུབ། ལྷའི་ང་རྒྱལ་དང་ལྡན་པས་སྔགས་ཟློས་ཀྱིན་བསྲུབ། སྔགས་རྫུབ་རྫབ་བྱུང་བ་དང་། འཁོར་ལོ་བཞིར་རིམ་གྱིས་བཟློག་གོ། །གསུམ་སྒྲུབ་པ་ནི། བཟུང་བར་བྱ་བ་ཡིན་ཏེ། འདོད་པ་ཆེས་ན་མི་ཐུབ་པས། །ཕྲལ་གྱིན་བྱ། ཡང་བསྲུབ། བདེ་བ་རྒྱས་པ་དང་། མིག་གྱེན་ལ་ལྡོག །རྐང་ལག་གི་མཐེ་བོང་བསྐུམ། ངག་ཏུ་ཧིག་བརྗོད་ཅིང་། རླུང་གསང་གནས་ནས་ལྟེ་བའམ། སྙིང་གར་འཐེན། བྱང་སེམས་སྤྱི་བོའི་ཧཾ་ལ་གཏད་དོ། །དེས་བདེ་བ་ཟག་པ་མེད་པ་རྒྱུད་ལ་བསྐྱེད། དེ་ནས་དགྲམ་པ་ནི། ལུས་སྦྱངས་འཐེམ་པར་བྱའོ། །བཞི་པ་སྒྲུབ་པ་ཆེན་པོ་ལ་གསུམ་སྟེ། དྲོད་ནི་འདར་བ་དང་། དཀྲུགས་པ་དང་། ཀུ་ཅོའི་སྒྲ་འབྱིན་པའོ། །རྟགས་ཀྱི་རིམ་པ། མཚན་མ་ནི་བདེ་བ་ཉམས་སུ་བསྟར་བའོ། །འབྲས་བུའི་ས་བཅད། ཐིག་ལེ་མ་ཤོར་ན་ལུས་ལ་རྒས་རྒུད་མེད་པའོ། །ནད་ཀྱིས་མི་ཚུགས་ཁ་དོག་བཟང་། འོད་འབར། ཚེ་རིང་། མཆོག་གི་འབྲས་བུ་སྐུ་གསུམ་ཐོབ་པའོ། །གསང་བ་བྱང་སེམས་ཀྱི་ཕུར་པ་ཚར་རོ། །བཞི་པ་ཙནྡན་གྱི་སྡོང་པོ་ལྟ་བུའི་གང་ཟག་གིས་མཚན་མ་རྫས་ཀྱི་ཕུར་པ་དགྲ་བགེགས་ལ་འདེབས་པ་ལ་བཞི་སྟེ། རྟེན་གྱི་གང་ཟག །དགོས་ཆེད། སྒྲུབ་ཐབས། འབྲས་བུའོ། །དང་པོ་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་པས། དྲག་པོའི་རིག་འཛིན། ཙནྡན་ལྟ་བུའི་གང་ཟག་གོ། །གཉིས་པ་དགོས་ཆེད་ནི། ཕུར་བུ་སྒྲུབ་པ་དང་། དབང་བསྐུར་བ་དང་། དངོས་གྲུབ་བླང་བ་གསུམ་མོ། །སྒྲུབ་ཐབས་ལ་བསྙེན་པ་དང་། ཉེ་བར་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་བཞིའོ། །དང་པོ་བསྙེན་པ་ལ་གསུམ་མོ། །དུས་ཀྱི་བསྙེན་པ་དང་། གྲངས་ཀྱི་བསྙེན་པ་དང་། རྟགས་ཀྱི་བསྙེན་པའོ། །དེའང་རྒྱུད་ལས། གྲངས་ནི་བྱེ་བར་བསྐྱལ་བར་བྱ། །དུས་ནི་ཐ་མ་ལོ་གཅིག་གོ། །རྟགས་ནི་ཞལ་མཐོང་ལུང་བསྟན་འབྱུང་། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་པ་ལ་བསྐྱལ་ལོ། །དེ་ནས་དལ་ཞལ་ཕྱེ་ལ། སརྦ་བིགྷྣཱན་བཾ་ཧཱུྃ་བཏགས་པ་ཅུང་ཟད་ཅིག་བཟླ། དེ་ནས་ཁྲོ་བཅུའི་སྔགས་བཏགས་ལ་ཅུང་ཟད་བཟླ། དེ་ནས་སྔགས་དྲུག་ལ་བཟླའོ། །དེ་ཡང་ཉིན་མོ་སྟོད་སྔགས་ལ་ཡ་བཏགས་པ་བཟླས་ཏེ། སུ་རུ་སུ་རུ་ཡ། མུ་རུ་མུ་རུ་ཡ། ཀ་ཏཾ་ཀ་ཡེ། ཀཱི་ལི་ཀཱི་ལ་ཡ། དགྲ་བོའི་ཙིཏྟ་ལ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླའོ། །ནུབ་མོ་སྨད་སྔགས་ལ་བྷྱོཿབཏགས་པ་བཟླ་སྟེ། ཀ་ཏཾ་ཀ་ར་བྷྱོ། མ་མ་དྷཱ་ཏི་བྷྱོ། མ་མ་ཤཱི་གྷྲཾ་ཀ་ར་ཡེ་བྷྱོ། ཀཱི་ལི་ཀཱི་ལ་ཡ་དགྲ་བོའི་ཙིཏྟ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླའོ། །གཞུག་ན་མར་དགྲ་བོའི་མིང་འགའ་རེ་འགའ་རེ་ཙམ་གཞུག་གོ། །དེ་ཡང་གོང་མས་རྟེན་ཉམས་པར་བྱེད། འོག་མས་རྟེན་དང་འབྲལ་བར་བྱེད་པ་ཡིན་ནོ། །དེ་ལྟར་བཟླས་པ་དང་། རྟགས་ཤིང་བཅད་པ་དང་། རྡོ་བཅག་པ་དང་། མེ་སྤར་པ་དང་། སྲོག་ཆགས་བསད་པ་རྣམས་འོང་ངོ་། །དེ་བྱུང་བ་དང་། མ་མ་བསྣན་ཏེ། མ་མ་སུ་རུ་སུ་རུ་བྷྱོ། མ་མ་མུ་རུ་མུ་རུ་བྷྱོ། ཀ་ཏཾ་ཀ་ཡེ། དགྲ་བོའི་ཙིཏྟ་ལ་ཐུན་བྷྱོ། ཐུན་ལ་དེའོ། །དགྲ་བོའི་ཙིཏྟ་ལ་ཁྲག་ཟོར་བྷྱོ། ཟོར་ལ་དེ་བཏགས་སོ། །དགྲ་བོའི་ཙིཏྟ་ལ་སྟྭཾ་བྷ་ཡ་ནན། མནན་པ་ལ་དེའོ། །དེ་ནས་སྟོད་སྔགས་རྨད་སྔགས་གཉིས་སྦྲེལ་ལ་བཟླས་ཏེ། མ་ཏཾ་ཉ་ཀ་ར། མ་མ་ཧ་ཏི། མ་མ་ཤཱི་གྷྲཾ་ཀ་ར་ཡེ་དགྲ་བོའི་ཙིཏྟ་ལ་ཐུན་བྷྱོ། ཞེས་ཐོག་འདྲིལ་བ་ལྟར་བཟླས་སོ། །དེ་རྣམས་སྒྲུབ་པའོ། །དེ་ནས་སྒྲུབ་པ་ཆེན་པོའི་ལས་ལ་སྦྱར་བ་ནི། མ་མ་སུ་རུ་སུ་རུ་ཐུན་བྷྱོ། མ་མ་མུ་རུ་མུ་རུ་ཐུན་བྷྱོ། མ་མ་སུ་རུ་མུ་རུ་ཐུན་བྷྱོ། མ་མ་ཀ་ཏཾ་ཀ་ཡེ་དགྲ་བོའི་ཙིཏྟ་ལ་ཐུན་བྷྱོ། མ་ཏཾ་ཉ་ཀ་ར། མ་མ་དྷཱ་ཏི། མ་མ་ཤཱི་གྷྲཾ་ཀ་ར་ཡེ་དགྲ་བོའི་ཙིཏྟ་ལ་ཐུན་བྷྱོ། ཞེས་པ་སྤུ་གྲི་གོང་ལྟར་སྤེལ་ལོ། །རྨི་ལམ་ཤིང་གཅོད་རྩི་ཐོག་བརྔ་བ་དམག་མཚོན་ཆས་བསད་པ་བྱུང་བ་དང་། ཡ་ཚོགས་བཅུ་པ་བཏགས་སོ། །ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། ཧ་ས་ཡ་ར་ཧྲི་ད་ཡ་ན་ཧཱུྃ་ཕཊ། ཤཱི་གྷྲཾ་ཨཱ་ན་ཡེ་ཧཱུྃ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། བི་ད་ཡ་བི་ད་ཡ་ཧཱུྃ་ཕཊ། ཅེས་བཟླས་པ་དང་། ལས་ཀ་ལྔ་སྟེ། གདབ་ལས་ཀྱིས་བསད་པ་དང་། ཐུན་གྱིས་བསད་པ་དང་། ཟོར་གྱིས་བསད་པ་དང་། མནན་པས་བསད་པ་དང་། སྦྱིན་སྲེག་གིས་བསད་པའོ། །དང་པོ་གདབ་པ་ཕུར་པས་བསད་པ་ནི། རྒྱུད་ལས། བསྙེན་པའི་དུས་སུ་གཟིར་བ་ཙམ། སྒྲུབ་པའི་དུས་སུ་རྩེ་བསྟན་ཙམ། །སྒྲུབ་ཆེན་དུས་སུ་ཧོར་བ་འདྲ། །ཞེས་པས། མངལ་ཁྲག །གུ་གུལ་ནག་པོ། ཡུངས་ནག །དུག་སྣ་ཚོགས་ཀྱིས་ཕུར་པ་བྱུག་བདུག་བྱས་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མཿ་ས་མནྟ་ཀཱ་ཡ་ཝ་ཀ་ཙིཏྟ་བཛྲ་ནན། ཆྒཻ་མོ་མཱ་ར་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་པ། རྣམ་པར་རྒྱལ་བའི་ཕུར་པ་མིག་གཉིས་ལ་ཐོབ་ཅིག །དེ་ནི་དགྲ་བོ་དེ་མིག་ན་ཞིང་འཆིའོ། །ཀཱི་ལ་ཡ་ཀུན་ལ་འགྲེའོ། །ད་ཧ་ད་ཧ་ཧཱུྃ་ཕཊ། ཁྲོ་བོ་དབྱུག་སྔོན་ཅན་གྱི་ཕུར་པ་སྣ་ལ་ཐོབ་ཅིག །དེ་ནི་དགྲ་བོ་དེ་སྣ་མཚུལ་རུལ་ནས་འཆི་ངེས་སོ། །པ་ཙ་པ་ཙ་ཧཱུྃ་ཕཊ། གཤིན་རྗེ་གཤེད་ཀྱི་ཕུར་པ་རྣ་བ་གཉིས་ལ་ཐོབ་ཅིག །དེས་ཀླད་པ་འཛག་ནས་འཆི་ངེས་སོ། །མ་ཐ་མ་ཐ་ཧཱུྃ་ཕཊ། མི་གཡོ་མགོན་གྱི་ཕུར་པ་ལྟེ་བ་ལ་ཐོབ་ཅིག །དེས་རྒྱུ་མ་རུལ་ནས་འཆི་ངེས་སོ། །ཛྭ་ལ་ཛྭ་ལ་བཛྲ། རྟ་མགྲིན་གྱི་ཕུར་པ་ལྕེ་ལ་ཐོབ་ཅིག །ལྕེ་སྐྲངས་ནས་འཆི་ངེས་སོ། །སུ་རུ་སུ་རུ་བཛྲ། གཞན་གྱིས་མི་ཐུབ་པའི་ཕུར་པ་གསང་བར་ཐོབ་ཅིག །གསང་བ་སྐྲངས་ནས་འཆི་ངེས་སོ། །མུ་རུ་མུ་རུ་བཛྲ། བདུད་རྩི་འཁྱིལ་བའི་ཕུར་པ་དཔུང་པ་ལ་ཐོབ་ཅིག །དེས་ལག་ངར་ཞ་ནས་འཆི་ངེས་སོ། །ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་བཛྲ། ཁམས་གསུམ་རྣམ་རྒྱལ་གྱི་ཕུར་པ་སྤྱི་བོ་ལ་ཐོབ་ཅིག །དེས་སྤྱི་བོ་གཟེར་ནས་འཆི་ངེས་སོ། །ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བཛྲ། ཧཱུྃ་ཀ་རའི་ཕུར་པ་སྤྱི་གཙུག་ཏུ་ཐོབ་ཅིག །དེས་མགོ་ན་ནས་འཆི་ངེས་སོ། །མ་ར་སེ་ན་པྲ་མརྔྷ་ན་ཡེ་ཧཱུྃ་ཕཊ། སྟོབས་པོ་ཆེའི་ཕུར་པ་རྐང་མཐིལ་དུ་ཐོབ་ཅིག །དེས་སྒྱིད་པ་འཁུམས་ནས་འཆི་ངེས་སོ། །དེ་ནས་སྒོ་མ་བཞིའི་ཕུར་པ་ལུས་ཀྱི་མཚོ་བཞི་ལ་བཏབ་ནས་བསད་པ་དང་། མི་བཟད་པའི་ཕུར་པ་དྲུག་ཀྱང་བཏབ་བོ། །དེ་ནས་ཐུན་གྱིས་བསད་པ་ལ། ཐར་ནུ་བའི་འབྲས་བུ། ཡུངས་ནག །ཤངས་ཚེ། ལྕགས་ཕྱེ། གུ་གུལ། ལྷོག་པས་ཤི་བའི་ཁྲག་སྐམ་ལ་སྔགས་གོང་མ་བཟླས་ཏེ་བྲབ་ན་ལྷོག་པར་འཆི་ངེས་སོ། །ཡང་ཐར་ནུའི་རྩ་བ། ཐོག་ལྕགས། སྦལ་པའི་སྙིང་། མཛེ་ཕོའི་རུས་པ། ཐོག་གྲིར་ཤི་བའི་ཐོད་པར་བླུགས་ཏེ་བསྔགས་ཏེ་བྲབ་ན་མཛེ་གྲིར་འཆི་ངེས་སོ། །ཡང་ཕོ་ལྷོག་གིས་ཤི་བའི་ཁྲག་སྐམ། ཡུངས་ནག །མུ་ཟི། ལྕགས་ཕྱེ། ཟངས་ཕྱེ། རབས་ཆད་དུག་གྲིར་ཤི་བའི་ཐོད་པར་བླུགས་ཏེ་བྲབ་ན་ཕོ་ལྷོག་གི་ནད་ཀྱིས་འཆི་ངེས་སོ། །ཡང་ལྐུག་པའི་ཁྲག །ཡུངས་ནག །ཏིལ་ནག །གུ་གུལ་ནག་པོ། ཟངས་ཕྱེ། ལྕགས་ཕྱེ། རྡོ་ཕྱེ། མཛེ་ཐོད་དུ་བླུགས་ཏེ་བྲབ་ན་ལྐུག་ནས་འཆི་ངེས་སོ། །དེ་ནས་ཟོར་གྱིས་བསད་ན། བོང་ང་ནག་པོ། ར་དུག་ཕ། སྲུབ་ཀ །ཐར་ནུ། དུག་གྲིར་ཤི་བའི་ཁྲག །རྫ་གསར་གྲུ་གསུམ་དུ་བླུགས་ནས་སྔགས་བཏབ་སྟེ་རླུང་གི་ཕྱོགས་དང་བསྟུན་ཏེ་འཕངས་ན་སྐྲང་ནད་དམ་དུག་གྲིར་འཆི་ངེས་སོ། །ཡང་མཛོ་རྡོལ་དྲེའུའི་ཁྲག །བུད་མེད་བུ་གྲིར་ཤི་བའི་ཁྲག། ཡུགས་ས་མོ་རིམས་ཀྱིས་ཤི་བའི་ཁྲག་ལ་བསྔགས་ཏེ་འཕངས་ན་རིམས་ཀྱིས་འཆི་ངེས་སོ། ། ཡང་སྐྱེས་པ་མཁྲིས་པས་ཤི་བའི་ཁྲག །རྟ་ནག་གི་ཁྲག །ར་རོག་གི་ཁྲག །བ་མེན་རྭར་བླུགས་ཏེ་འཕངས་ན་མཁྲིས་པས་འཆི་ངེས་སོ། །ཡང་ཟོར་ཀོང་། ལྕགས་ཕྱེ། ཟངས་ཕྱེ། ཡུངས་ནག་ལ་བྱས། སྐྱེས་པ་གྲིར་ཤི་བའི་ཁྲག །བུད་མེད་བུ་གྲིར་ཤི་བའི་ཁྲག །བན་བོན་རིམས་གྱིས་ཤི་བའི་ཁྲག་བསེ་ཕོར་དུ་བླུགས་ཏེ་འཕངས་ན་གྲིར་འཆི་ངེས་སོ། །མནན་པས་བསད་པ་ལ་ལས་དྲུག་ཚང་བའི་ལིངྒ་དེ་མཛོ་ཐོད་དུ་བཅུག །སྨྱོན་པའི་དོར་རྟས་དྲིལ། ལྷ་ཁང་ཐེམ་འོག་ཏུ་མནན། གྲིར་ཤི་བའི་དཔུང་པ་གཡས་པས་བརྡུངས་ན་སྨྱོ་ནས་འཆི་ངེས་སོ། །ཡང་ལིངྒ་དེ་གླ་བ་ཕོའི་ཐོད་པར་བཅུག །རྟ་གྲིར་ཤི་བའི་དོར་རྟས་དྲིལ། །གང་པའི་འོག་ཏུ་མནན་ན་རྡིབ་གྲིར་འཆི་ངེས་སོ། །ཡང་ལིངྒ་རབས་ཆད་ཐོད་པར་བཅུག །ཡུགས་ས་མོའི་དོར་རྟས་དྲིལ། ལམ་རྒྱ་གྲམ་དུ་མནན་ན་གཅན་གཟན་གྱིས་ཟ་ངེས་སོ། །ཡང་ལིངྒ་དེ་ལྐུག་པ་ཆུ་གྲིར་ཤི་བའི་ཐོད་པར་བཅུག་སྨྱོན་པའི་དོར་རྟས་དྲིལ། གྲོག་པོ་ཕུག་རྡུགས་སུ་མནན་ན་དམེ་གྲིར་འཆི་ངེས་སོ། །ཡང་ལིངྒ་དེ་རུས་སྦལ་ཁོག་པར་བཅུག །སྦྲུལ་ནག་པགས་པས་དྲིལ། ལུང་གསུམ་མདོར་མནན་ན་མཛེ་གྲིར་འཆི་ངེས་སོ། །དེ་ཡང་རྒྱལ་རིགས་སྤྱང་ཀིའི་ཐོད་པར་མནན། མནན་ས་ཆུ་བོའི་ཟམ་སྔས་ཡིན། བཙུན་པ་རྗེའུ་གླ་བའི་ཐོད་པར་མནན། མནན་ས་ལམ་རྒྱ་གྲམ་ཡིན། སྔགས་ནག་རབ་ཆད་ཐོད་པར་མནན། མནན་ས་དམ་སྲི་ཡོད་པའི་དབེན་པ་རྙིང་པ་ཡིན། བུད་མེད་བུ་ཆུང་བྱིས་པ་ཟེར་མོའི་ཐོད་པར་མནན། མནན་ས་ཤིང་རྐང་གཅིག་དྲུང་ཡིན། དེ་རྣམས་གང་གིས་གསོད་ཀྱང་། ཟླ་དུས་ནི། རྒྱལ་རིགས་དཔྱིད་ཟླ་ཐ་ཆུང་ཟླ་ཟད་ལ་བསད། བཙུན་པ་རྗེའུ་རིགས་དབྱར་ཟླ་ཐ་ཆུང་ཟླ་ཟད་ལ་བསད། རོ་ལན་སྔགས་པ་ནག་པོ་སྟོན་ཟླ་ཐ་ཆུང་ཟླ་ཟད་ལ་བསད། བུད་མེད་བུ་ཆུང་བྱིས་པ་དགུན་ཟླ་ཐ་ཆུང་ཟླ་ཟད་ལ་བསད་དོ། །ཉིན་ཞག་གི་དུས་ནི། རྒྱལ་པོ་གཙོ་བོ་ནམ་སྨད་ལ་བསད། བྲམ་ཟེ་བཙུན་པ་རྗེའུ་ནམ་ཕྱེད་ལ་བསད། སྔགས་ནག་ཉི་མ་དམར་ཐག་ཆོད་པ་ལ་བསད། བྱིས་པ་བུད་མེད་བུ་ཆུང་ཉི་མའི་གུང་ལ་བསད་དོ། །དེ་ལྟར་འདུས་བྱས་རྫས་ཀྱི་ཕུར་པ་དག་དགྲ་བགེགས་བསྒྲལ་བའི་འབྲས་བུ་ནི། སྐུ་གསུམ་ཐོབ་པར་རྒྱུད་ལས་བཤད་དོ། །པདྨ་རྒྱལ་པོའི་ཐུགས་ཀྱི་བརྣག་པ། གཟུངས་མ་མཁར་ཆེན་བཟའ་ལ་གནང་བ། ཕུར་བུའི་རྒྱུད་བཞི་རྫོགས་སོ། །མངྒ་ལཾ།། ༈ །།ངན་སྔགས་བསྡུ་ཡིག་དྲུག་གསུམ་བཅོ་བརྒྱད་ཀྱིས་མཁའ་འགྲོ་མ་དངོས་སུ་བཀོལ་ཅེས་པ་ལ། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། སྤྱི་དཔལ་ཆེན་པོའི་སྙིང་པོ་ནི། །བསྙེན་པ་ཡིན་པར་ང་ཡིས་བསྟན། །དེ་ལ་ཁྲོ་བོ་འདུས་པ་ནི། །སྒྲུབ་པ་ཡིན་པར་ང་ཡིས་བསྟན། །གབ་པའི་སྔགས་དྲུག་གདབ་ལས་ནི། །ལས་སྦྱོར་ཡིན་པར་ང་ཡིས་བསྟན། །དྷཱ་ཏི་འདུས་པ་བསྡུ་ཡིག་གསུངས། །ངན་སྔགས་ཡིན་པར་ང་ཡིས་བསྟན། །ཅེས་བཤད་དོ། །དེ་ལས་འདིར་ཕྱི་དྷཱ་ཏིའི་སྒྲུབ་པ་ལྟར་ན་དྲུག་སྟེ། དམ་ཅན་རེ་ལ་སྐུའི་སྔགས་རེ། གསུང་གི་སྔགས་རེ། ཐུགས་ཀྱི་སྔགས་རེ། ཡོན་ཏན་གྱི་སྔགས་རེ། ཕྲིན་ལས་ཀྱི་སྔགས་རེ། སྤྱིར་དྲིལ་བ་རེ་དང་དྲུག་གོ། །དང་པོ་སྐུའི་སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་བཛྲ་ནན། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། སུ་ཏ་སུ་ཏ། སརྦ་ན་ས་པ་ན་ཡེ། མུ་རུ་མུ་རུ་བཛྲ། སུ་རུ་སུ་རུ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། མ་ཐ་མ་ཐ་བཛྲ་ཧཱུྃ་ཕཊ། ཤྭ་ན་མ་བཞིའི་སྐུའི་སྔགས་སོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་བཛྲ་ནན། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། སུ་ཏ་སུ་ཏ། སརྦ་ན་ས་པ་ན་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ། ཀ་ཏཾ་ཀ་ཡེ་སྭཱ་ཧཱ། བསེ་མོ་བཞིའི་སྐུའི་སྔགས་སོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་བཛྲ་ནན། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། སུ་ཏ་སུ་ཏ། སརྦ་ན་ས་པ་ན་ཡེ། དྷཱ་ཏི་མ་མ་ཀརྨ་ཨི་དཾ། མ་ཏཾ་ཉ་ཀ་ར་མ་མ་ཝཱ་ཤཾ་ཀུ་རུ་ཧཱུྃ་ཕཊ། བདག་ཉིད་མ་བཞིའི་སྐུའི་སྔགས་སོ། །གསུང་གི་སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཝཱ་ཀ་བཛྲ་ནན། སརྦ་དུཥྚཱན་ཧྲི་ཤྭ་དྷ་ན་ཡ། སུ་རུ་སུ་རུ། མུ་རུ་མུ་རུ། ཛྭ་ལ་ཛྭ་ལ། མ་ཐ་མ་ཐ་ཧཱུྃ་ཕཊ། ཤྭ་ན་མ་བཞིའི་གསུང་གི་སྔགས་སོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཝཱ་ཀ་བཛྲ་ནན། སརྦ་དུཥྚཱཾ་ཧྲི་ཤྭ་དྷ་ན་ཡེ། ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་ཀ་ཏཾ་ཀ་ཡེ་ཧཱུྃ་ཕཊ། བསེ་མོ་བཞིའི་གསུང་གི་སྔགས་སོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཝཱ་ཀ་བཛྲ་ནན། སརྦ་དུཥྚཱཾ། ཧྲཱི་ཤྭ་དྷ་ན་ཡ། དྷཱ་ཏི་མ་མ་ཀརྨ་ཨི་དཾ་མ་ཏཾ་ཉ་ཀ་ར། མ་མ་ཝཱ་ཤཾ་ཀུ་རུ་ཧཱུྃ་ཕཊ། བདག་ཉིད་མ་བཞིའི་གསུང་གི་སྔགས་སོ། །ཐུགས་ཀྱི་སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཙིཏྟ་བཛྲ་ནན། ཙྪིནྡྷ་ཙྪིནྡྷ། སུ་རུ་སུ་རུ། མུ་རུ་མུ་རུ། ཛྭ་ལ་ཛྭ་ལ། མ་ཐ་མ་ཐ་ཧཱུྃ་ཕཊ། ཤྭ་ན་བཞིའི་ཐུགས་ཀྱི་སྔགས་སོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཙིཏྟ་བཛྲ་ནན། ཙྪིནྡྷ་ཙྪིནྡྷ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། ཀ་ཏཾ་ཀ་ཡེ་ཧཱུྃ་ཕཊ། བསེ་མོ་བཞི་ཡི་ཐུགས་ཀྱི་སྔགས་སོ། །ༀ་བཛྲ་ཀཱི་ལི་ཀཱི་ཡ་ལ། ཙིཏྟ་བཛྲ་ནན། ཙྪིནྡྷ་ཙྪིནྡྷ། དྷཱ་ཏི་མ་མ་ཀརྨ་ཨི་དཾ་མ་ཏཾ་ཉ་ཀ་ར། མ་མ་ཝཱ་ཤཾ་ཀུ་རུ་ཧཱུྃ་ཕཊ། བདག་ཉིད་མ་བཞིའི་ཐུགས་ཀྱི་སྔགས་སོ། །ཡོན་ཏན་གྱི་སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ས་མནྟ་བི་ཤྭ་དྷ་ཡ། བེ་ཏ་བེ་ཏ། སུ་རུ་སུ་རུ། མུ་རུ་མུ་རུ། ཛྭ་ལ་ཛྭ་ལ། མ་ཐ་མ་ཐ་ཧཱུྃ་ཕཊ། ཤཱ་ན་མ་བཞིའི་ཡོན་ཏན་གྱི་སྔགས་སོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ས་མནྟ་བི་ཤྭ་དྷ་ཡ། བེ་ཏ་བེ་ཏ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། ཀ་ཏཾ་ཀ་ཡེ་ཧཱུྃ་ཕཊ། བསེ་མོ་བཞིའི་ཡོན་ཏན་གྱི་སྔགས་སོ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མནྟ་བི་ཤྭ་དྷ་ཡ། བེ་ཏ་བེ་ཏ། དྷཱ་ཏེ་མ་མ་ཀརྨ་ཨི་དཾ་མ་ཏཾ་ཉ་ཀ་ར། མ་མ་ཝཱ་ཤཾ་ཀུ་རུ་ཧཱུྃ་ཕཊ། བདག་ཉིད་མ་བཞིའི་ཡོན་ཏན་གྱི་སྔགས་སོ། །ཕྲིན་ལས་ཀྱི་སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། མཱ་ར་ཡ་མཱ་ར་ཡ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། མ་ཐ་མ་ཐ་བཛྲ་ཧཱུྃ་ཕཊ། ཤྭ་ན་མ་བཞིའི་ཕྲིན་ལས་ཀྱི་སྔགས་སོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། མཱ་ར་ཡ་མཱ་ར་ཡ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པཱ་ར་ཛི་ཏེ། ཀ་ཏཾ་ཀ་ཡེ་ཧཱུྃ་ཕཊ། བསེ་མོ་བཞི་ཡི་ཕྲིན་ལས་ཀྱི་སྔགས་སོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། མཱ་ར་ཡ་མཱ་ར་ཡ། དྷཱ་ཏི་མ་མ། ཀརྨ་ཨི་དཾ་ཉ་ཀ་ར་མ་མ་ཝཱ་ཤཾ་ཀུ་རུ་ཧཱུྃ་ཕཊ། བདག་ཉིད་མ་བཞིའི་ཕྲིན་ལས་ཀྱི་སྔགས་སོ། །སྤྱིར་དྲིལ་བ་ན། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བྃ་ཧོཿ ཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མ་ར་སེ་ན་པྲ་མརྔྷ་ན་ཡེ། སརྦ་བིགྷྣཱན་བཾ་ཧཱུྃ་ཕ྄ཊ། ཕྱི་སྒྲུབ་རྫོགས་སོ།། ༈ །།ནང་སྒྲུབ་འདུས་པ་ལྟར་སྒྲུབ་པ་ལ་དྲུག་སྟེ། སྔགས་ཀྱི་མགོ་གནོན། བསྐྱེད་སྔགས་ཀྱི་གནད། སྲོག་སྙིང་གི་གཟེར་བུ། ལས་ལ་རྦད་པའི་ཐེམ། ལས་མཁན་གྱི་བསད་སྔགས། མཇུག་སྡུད་དོ། །དང་པོ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷ་ཏ་ཡ། ཞེས་པ་ཀུན་ལ་གདགས་སོ། །གཉིས་པ་བསྐྱེད་སྔགས་ནི། ཧེ་བཞི་ལ་ཤྭ་ན་མ་བཞི་བསྐྱེད་པ་ལ། ཤྭ་ན་མུ་ཁི་ཧཱུྃ། ཤྭ་ན་མུ་ཁི་ཧཱུྃ། སྲི་ཀ་ལ་མུ་ཁི་ཧཱུྃ། ཤཱི་ལ་མུ་ཁི་ཧཱུྃ། ཞེས་པས་བསྐྱེད་དོ། །བྷྱོ་བཞི་ལས་བདག་ཉིད་མ་བཞིར་བསྐྱེད་པ། ༀ་རེ་མ་ཏི་ཛ་ཛ་ཧཱུྃ། རེ་མ་ཛུ་ཛ་ཛ་ཧཱུྃ། རེ་མ་དུ་ཛ་ཛ་ཧཱུྃ། རེ་མ་ཛ་ཛ་ཛ་ཧཱུྃ། ཞེས་སོ། །ཧ་བཞི་ལས་བསེ་མོ་བཞིར་བསྐྱེད་པ། །ༀ་ཀུ་མ་དྷ་རི་ཧཱུྃ། ཙ་མུན་དྷ་རི་ཧཱུྃ། ཀ་ཀ་དྷ་རི་ཧཱུྃ། ཁད་ཀ་དྷ་རི་ཧཱུྃ། ཞེས་པས་བསྐྱེད་དོ། །གསུམ་པ་སྲོག་སྙིང་ནི། ༀ་ཤྭ་ན་མུ་ཁ། ཤ་ན་མུ་ཁ། སྲི་ལ་མུ་ཁ། ཤཱི་ཀ་ལ་མུ་ཁ། ༀ་སུ་ཏྲི་པ་ཡ། བ་ར་ཙིཏྟ། ཡོ་གི་ཤྭ་ར། ཡ་མ་ཙིཏྟ་ཧཱུྃ་ཧཱུྃ་ཕཊ། རྦད་རྦད། ཤྭ་ན་མ་བཞིའི་སྲོག་སྙིང་ངོ་། །ༀ་རེ་མ་ཏི་ཛཿ རེ་མ་དུ་ཐ་ཛཿ རེ་མ་ཛི་ཛཿ རེ་མ་ཛུ་ཛཿ ༀ་སུ་ཏྲི་པ་ཡ། བ་ར་ཙིཏྟ། ཡོ་གི་ཤྭ་ར། ཡ་མ་ཙིཏྟ་ཧཱུྃ་ཧཱུྃ་ཕཊ། རྦད་རྦད། བདག་ཉིད་མ་བཞིའ་ིསྲོག་སྙིང་ངོ་། །ༀ་ཀུ་མ་དྷ་རི། ཙ་མུན་དྷ་རི། ཀཾ་ཀ་ད་རི། ཁད་ཀ་དྷ་རི། ༀ་སུ་ཏྲི་པ་ཡ། བ་ར་ཙིཏྟ། ཡོ་གི་ཤྭ་ར། ཡ་མ་ཙིཏྟ་ཧཱུྃ་ཧཱུྃ་ཕཊ། རྦད་རྦད། བསེ་མོ་བཞིའི་སྲོག་སྙིང་ངོ་། །བཞི་པ་ལས་ལ་རྦད་པའི་སྔགས་ནི། ༀ་ཤྭ་ན་མུ་ཁ། ཤ་ན་མུ་ཁ། སྲི་ཀ་ལ་མུ་ཁ། ཤི་ལ་མུ་ཁ། ༀ་བཛྲ་མུ་ཁ། མུ་ཏིཥྛྀ་གྲཱྀ་ན་ཀ་བི་ར་ཕ྄ཊ། ཨ་བེ་ཤ་ཡ་ཕཊ། མེ་རེ་ཀུནྡྷ་ལི་བཾ་ཐུཾ་རྦད། ཁྲག་ཏི་མཱ་ར་རྦད་རྦད། ཤྭ་ན་བཞིའི་ལས་ལ་རྦད་པའོ། །ༀ་རེ་མ་ཏི་ཛཿ རེ་མ་དུ་ཛཿ རེ་མ་ཛ་ཛཿ རེ་མ་ཛུ་ཛཿ ༀ་བཛྲ་མུ་ཁ། མུ་ཏིཥྛ་གྲཱི་ཎ་ཀ་བི་ར་ཕཊ། ཨ་བེ་ཤ་ཡ་ཕཊ྄། མེ་རི་ཀུནྡྷ་ལི་བཾ་ཐུཾ་རྦད། ཁྲག་ཏི་མཱ་ར་ཡ་རྦད་རྦད། རེ་ཏི་བཞི་ལས་ལ་རྦད་པའོ། །ༀ་ཀུ་ལེནྡྷ་རི། ཙ་མུནྡྷ་རི། ཀཾ་ཀ་དྷ་རི། ཁཏྒ་དྷ་རི། ༀ་བཛྲ་མུ་ཁ། མུ་ཏིཥྛ་གྲཱི་ཎ་ཀ་བི་ར་ཕཊ྄། ཨ་བེ་ཤ་ཡ་ཕཊ། མེ་རི་ཀུནྡྷ་ལི་བཾ་ཐུཾ་རྦད། ཁྲག་ཏི་མཱ་ར་ཡ་རྦད་རྦད། བསེ་མོ་བཞིའི་ལས་ལ་རྦད་པའོ། །ལྔ་པ་བསད་སྔགས་ལ། ༀ་ཤྭ་ན་མུ་ཁ། ཤ་ན་མུ་ཁ། སྲི་ཀ་ལ་མུ་ཁ། ཤཱི་ལ་མུ་ཁ། ཨ་ནྲྀ་ཏྲི་མཱ་ར་ཡ། ཨངྐུ་ཤ་ཛ་ཛཿ ༀ་ནཱ་ག་རཱ་ཛ་ཙ་པ་ལ། ཨ་ནྲྀ་ཏྲི་མཱ་ར་ཡ། ཨངྐུ་ཤ་ཛ་ཛཿ ཤ་ཤུ་རཀྵ་ཤུག་ཤུག་རཀྵ། ཞེས་ཀྱང་སྣང་། ཚལ་པ། ཨ་ནྲྀ་ཏྲི་མཱ་ར་ཡ། ཨཾ་ཀུ་ཤ་ཛ་ཛཿ ཨ་བེ་ཤ་ཡ་ཨ་ནྲྀ་ཏྲི་མཱ་ར་ཡ། ཨཾ་ཀུ་ཤ་ཛ་ཛཿ སྙིང་ཟ་བ་ཙིཏྟ་མི་ཤི་བའི་རོ་ལ་ཁྲག་འཐུང་། ཀཾ་ཀ་ཤ་ཟན་ཡ་ར་ཏ། པ་ར་པ་ཏོ་ཤ་ལ་ཏྲི་ཁྲིམ་ཧཱུྃ་ཕཊ྄། ཤྭ་ན་མ་བཞིའི་བསད་སྔགས་སོ། །རེ་མ་ཏཱི་ཛཿ རེ་མ་དུ་ཛཿ རེ་མ་ཛ་ཛཿ རེ་མ་ཛུ་ཛཿ ཨ་ནྲྀ་ཏྲི་མཱ་ར་ཡ། ཨཾ་ཀུ་ཤ་ཛ་ཛཿ ནཱ་ག་རཱ་ཛ་ཙ་པ་ལ་ཨ་ནྲྀ་ཏྲི་མཱ་ར་ཡ། ཨཾ་ཀུ་ཤ་ཛ་ཛཿཤུག་ཤུག་རཀྴ་ཚལ་པ། ཨ་ནྲྀ་ཏྲི་མཱ་ར་ཡ། ཨཾ་ཀུ་ཤ་ཛ་ཛཿ ཨ་བེ་ཤ་ཡ་ཨ་ནྲྀ་ཏྲི་མཱ་ར་ཡ། ཨཾ་ཀུ་ཤ་ཛ་ཛཿ སྙིང་ཟ་བ་ཙིཏྟ་མི་ཤི་བའི་རོ་ལ་ཁྲག་འཐུང་། ཀཾ་ཀ་ཤ་ཟན་ཡ་ར་ཏ་པ་ར་པ་ཏོ་ཤ་ལ་ཏྲི་ཁྲིམ་ཧཱུྃ་ཕཊ྄། བདག་ཉིད་མ་བཞིའི་བསད་སྔགས་སོ། །ༀ་ཀུ་མ་དྷ་རི། ཙ་མུན་དྷ་རི། ཀཾ་ཀ་ད་རི། ཁ་ད་ཁ་ད་རི། ཨ་ནྲྀ་ཏྲི་མཱ་ར་ཡ། ཨཾ་ཀུ་ཤ་ཛ་ཛཿ ནཱ་ག་རཱ་ཛ་ཙ་པ་ལ་ཨ་ནྲྀ་ཏྲི་མཱ་ར་ཡ། ཨཾ་ཀུ་ཤ་ཛ་ཛ། ཤུག་ཤུག་རགྴ་ཚལ་པ། ཨ་ནྲྀ་ཏྲི་མཱ་ར་ཡ། ཨཾ་ཀུ་ཤ་ཛ་ཛཿ ཨ་བེ་ཤ་ཡ་ཨ་ནྲྀ་ཏྲི་མཱ་ར་ཡ། ཨཾ་ཀུ་ཤ་ཛ་ཛཿ སྙིང་ཟ་བ་ཙིཏྟ་མི་ཤི་བའི་རོ་ལ་ཁྲག་འཐུང་། ཀཾ་ཁ་ཤ་ཟན་ཡ་ར་ཏ་པ་ར་པ་ཏོ་ཤ་ལ་ཏྲི་ཁྲིམ་ཧཱུྃ་ཕཊ། བསེ་མོ་བཞིའི་བསད་སྔགས་སོ། །དྲུག་པ་མཇུག་སྡུད་ནི། ཤཱི་གྷྲཾ་ཀ་ར་ཡེ། མཱ་ར་སེ་ན་པྲ་མརྔྷ་ན་ཡེ། སརྦ་བིགྷྣཱན་བཾ་ཧཱུྃ། ཞེས་པ་དེ་ཐམས་ཅད་ཀྱི་མཇུག་ཏུ་གདགས་སོ། །འདུས་པ་རྫོགས་སོ།། ༈ །།གསང་སྒྲུབ་བསྡུ་ཡིག་སྒྲུབ་ལུགས་ལ་དྲུག་སྟེ། ལས་ལ་གཟུད་པའི་སྔགས། ལས་ལ་གཏད་པའི་སྔགས། རྟགས་མྱུར་དུ་འདོན་པའི་སྔགས། ཨར་ལ་གཏད་པའི་སྔགས། ཁ་བཅིངས་ལ་བསད་པའི་སྔགས། གཞི་སྙིང་གཅིག་ཏུ་དྲིལ་བའི་སྔགས་སོ། །དང་པོ་ལས་ལ་གཟུད་པ་ནི་ཟོར་ཡིན་ཏེ། རེ་མ་ཏཱི་དུག་སྣ་བཞི་ལ་བསྒྲུབས་ལ་ཟོར་དུ་འཕང་ངོ་། །ཧཱུྃ་མ་མ་རེ་མ་ཏཱི། ཝཱ་ཤཾ་ཀུ་རུ། བཙན་དུག །མ་ཏཾ་ཉ་ཀ་ར་རེ་མ་ཏཱི། ཨི་དཾ་ར་དུག །དྷཱ་ཏི་མ་མ་རེ་མ་ཛ། ཀརྨ་བོང་དུག །ཤཱི་གྷྲཾ་རེ་མ་ཛུ། ཀ་ར་ཡེ། སྤྱང་། །མ་ནུ་རཀྴ་སཱི་བྷྱོཿ དབང་ཕྱུག་མ། ཟོར་བྷྱོཿ སྤུ་གྲིའོ། །ཤྭ་ན་མ་རྡོ་བཞི་ལ་བསྒྲུབ་ལ་འཕང་ངོ་། །ༀ་མ་མ་ལྕགས་སྤྱང་མ་ཐ་མ་ཐ་བཛྲ། ལྕགས་རྡོ། མ་མ་ཛྭ་ལ་ཛྭ་ལ་ཝ་མོ། བཛྲ། ཟངས་རྡོ། མ་མ་གསེར་འཕར། སུ་རུ་གསེར་རྡོ། སུ་རུ་བཛྲ། མ་མ་མུ་རུ་ཁྱི་མོ། མུ་རུ་རྡོ་ཐུན། བཛྲ། མ་ནུ་རཀྴ་སཱི་བྷྱོཿ ཟོར་བྷྱོཿ བསེ་མོ་ཁྲག་བཞི་ལ་བསྒྲུབ་ལ་འཕང་ངོ་། །མ་མ་རཀྴ་བདུད་མོ་ཡ་བྱིན་གྲི་ཁྲག །ཀ་ཏཾ་ཀ་ཡེ། མ་ནུ་རཀྵ་སཱི་བྷྱོཿ གཟའ་དེ་བྱིན་ཁྱི་ཁྲག བི་ཛ་ཡེ། ཙ་ཏྲི་ཡ་བཙན་བསེ་བྱིན། མ་ཙི་ཏྲི། རྟ་ཁྲག །ནཱ་ག་རཀྴ་ཨ་ཀླུ་ཕག་བྱིན། པ་ར་ཙི་ཏེ། མཛོ་ཁྲག །མཱ་ར་གིང་སེ་ན་པྲ་མརྔྷ་ཡེ་ཧཱུྃ་ཕཊ། ཟོར་བྷྱོཿ ལས་གང་ཡིན་ཀྱང་ཟོར་གྱི་སྣ་དྲངས་དགོས་སོ། །གཉིས་པ་ལས་ལ་གཏད་པ་ནི་མནན་པ་ཡིན་ཏེ། རེ་མ་ཏཱི་དུག་ལ་གཏད་པ། ཧཱུྃ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་དན་དྷཱ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡ་སྟྭཾ་བྷ་ཡ་ནན། ཤྭ་ན་མུ་ཁ་རྡོ་བཞི་ལ་མནན། ༀ་མ་མ་མ་ཐ་མ་ཐ་བཛྲ། མ་མ་ཛྭ་ལ་ཛྭ་ལ་བཛྲ། མ་མ་སུ་རུ་སུ་རུ་བཛྲ། མ་མ་མུ་རུ་མུ་རུ་བཛྲ། སྟྭཾ་བྷ་ཡ་ནན། བསེ་མོ་ཁྲག་ལ་གཏད་པ། ༀ་མ་མ་རཀྴ་ཀ་ཏཾ་ཀ་ཡེ་ཏྲི་ཤུ་ཙ་ཡ་བི་ཛ་ཡ། ཙ་ཏྲི་ཡ་མ་ཙ་ཏྲི་ནཱ་ག་རཀྴ་ཨ་པ་ར་ཙི་ཏ་མ་ར་སེ་ན་པྲ་མརྔྷ་ན་ཡེ། སྟྭཾ་བྷ་ཡ་ནན། གསུམ་པ་ལས་འགྱང་ན་རྟགས་མྱུར་དུ་འདོན་པ་ནི། སྦྱིན་སྲེག་ཡིན་པས། རེ་མ་ཏཱི་དུག་སྣ་ལ་བསྒྲུབས་ཏེ་བསྲེགས་པ། ཧཱུྃ་མ་མ་ཝཱ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་དཾ་དྷཱ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ། ཛྭ་ལ་ཨགྣེ་ཡེ། ཤྭ་ན་མུ་ཁ་རྡོ་ལ་བསྒྲུབས་ཏེ་བསྲེག་པ། ༀ་མ་མ་མ་ཐ་མ་ཐ་བཛྲ། མ་མ་ཛྭ་ལ་ཛྭ་ལ་བཛྲ། མ་མ་སུ་རུ་སུ་རུ་བཛྲ། མ་མ་མུ་རུ་མུ་རུ་བཛྲ། མ་ནུ་རཀྴ་སཱི་བྷྱོཿ ཛྭ་ལ་ཨགྣེ་ཡེ། བསེ་མོ་བཞི་ཁྲག་བཞི་ལ་བསྒྲུབས་ཏེ་བསྲེག་པ། མ་མ་རཀྴ་ཀ་ཏཾ་ཀ་ཡེ། ཏྲི་ཤུ་ཙ་ཡ་བི་ཛ་ཡེ། ཙ་ཏྲི་ཡ་མ་ཙི་ཏེ། ནཱ་ག་རཀྴ་ཨ་པ་ར་ཙིཏྟ་མ་ར་སེ་ན་པྲ་མརྔྷ་ན་ཡེ་ཧཱུྃ་ཕཊ། ཛྭ་ལ་ཨགྣེ་ཡེ། བཞི་པ་ལས་མི་བྱེད་ན་ཨར་ལ་གཏད་པ་ནི། རྒྱུད་ལས། རང་བཞིན་དག་ཏུ་བསད་པ་དང་། །དྲག་པོ་དག་ཏུ་བསད་པ་དང་། །བཙན་ཐབས་དག་ཏུ་བསད་པའོ། །ཞེས་པས་རང་བཞིན་དུ་བསད་པ་ནི་རྣལ་མའོ། །དྲག་པོར་བསད་པ་ནི་དཀྲུགས་པའོ། །བཙན་ཐབས་སུ་བསད་པ་ནི་བཟློག་པའོ། །རྩ་རྒྱུད་ལས། ཉམས་སྟོབས་བཟློག་པའི་རྟགས་བྱུང་ན། །རང་རང་རྩ་བའི་སྙིང་པོ་བཟློག །འབྲུ་བཟློག་ཁྲི་ཕྲག་གཅིག་བཟླས་ན། །ཨར་ལ་གཏད་པའི་མཆོག་ཡིན་ཏེ། །རྡོ་རྗེ་འཆང་ཡང་འཆི་བར་འགྱུར། །ཞེས་སོ། །འདིར་དཀྲུགས་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཀུ་རུ། མ་མ་ཤཾ་ཝ། ཨི་དཾ་མ་ཏཾ་ཉ་ཀ་ར། མ་མ་ཀརྨ་དྷཱ་ཏི་ཀ་ར་ཤྲཱི་གྷྲཾ་ཡཾ། རཀྴ་སཱི་བྷྱོཿམ་ནུ། བདག་ཉིད་མ་ཨར་ལ་གཏད་པའོ། །ༀ་བཛྲ་མ་ཐ་མ་ཐ་མ་མ། བཛྲ་མ་མ་ཛྭ་ལ་ཛྭ་ལ། བཛྲ་མ་མ་སུ་རུ་སུ་རུ། བཛྲ་མ་མ་མུ་རུ་མུ་རུ། སཱི་བྷྱོཿམ་ནུ་རཀྴ། ཤྭ་ན་མ་ཨར་ལ་གཏད་པའོ། །ཀ་ཏཾ་ཀ་ཡེ་རཀྴ་མ་མ་བི་ཛ་ཡེ་ཏྲི་ཤུ་ཛ་ཡ། མ་ཏྲི་ཙི་ཙ་ཏྲ་ཡ། ཨ་པ་ར་ཙིཏྟ་རཀྴ་ནཱ་ག །བསེ་མོ་བཞི་ཨར་ལ་གཏད་པའོ། །ལྔ་པ་ཁུ་ལྡོག་བྱེད་ན་ཁ་བཅིངས་ལ་བསད་པ་ནི། ཟློག་པ་སྟེ། ཀུ་རུ་ཝཱ་ཤཾ་མ་མ་ཧཱུྃ། དཾ་ཨི་ར་ཀ་ཉ་ཏཾ་མ་ཀརྨ་མ་མ་ཏི་དྷ། ཡ་ར་ཀ་གྷྲཾ་ཤྲཱི་བྷྱོ་སཱི་ཤ་རག་ནུ་མ། རེ་མ་ཏཱི་བཞི་བསད་པའོ། །བཛྲ་ཐ་མ་ཐ་མ་མ་མ་ༀ། བཛྲ་ལ་ཛྲ་ལ་ཛྲ་མ་མ། བཛྲ་རུ་སུ་རུ་སུ་མ་མ། བཛྲ་རུ་མུ་རུ་མུ་མ་མ། བྷྱོ་སཱི་ཤ་རག་ནུ་མ། ཤྭ་ན་མ་བཞི་བསད་པའོ། །ཡེ་ཀ་ཏཾ་ཀ་ཤ་ར ག་མ་མ། ཡ་ཛ་བི་ཡ་ཙ་ཤུ་ཏྲི། ཏྲི་ཙ་མ་ཡ་ཏྲི་ཙ་ཏ་ཙི་ར་པ་ཨ་ཤ་རཀ་ནཱ་ག །ཧཱུྃ་ཕཊ་ཡ་ན་ད་མ་ར་པྲ་ན་སེ་ར་མ། བསེ་མོ་བཞི་བསད་པའོ། །དྲུག་པ་གཞི་སྙིང་གཅིག་ཏུ་དྲིལ་བ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿ་ཧཱུྃ་བྃ་ཧོཿ ཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏི་ཨ་པ་ར་ཛི་ཏེ། མ་ར་སེ་ན་པྲ་མརྡྷ་ན་ཡེ། སརྦ་བིགྷྣཱན་བཾ་ཧཱུྃ་ཕ྄ཊ། ཅེས་པའོ། །བསྡུ་ཡིག་སྒྲུབ་པ་པདྨ་རྒྱལ་པོའི་ཐུགས་ཀྱིས་བརྣག་པ་གཟུངས་མ་མཁར་ཆེན་བཟའ་ལ་གནང་བའོ།། ༈ །།བསྒྲལ་ལུགས་ཆེན་པོ་བཅོ་བརྒྱད་ཀྱིས་གདབ་པས་བསྒྲལ་བ་ལ་དྲུག་སྟེ། ཀུན་གཞི་རྩད་ནས་བཅད་དེ་བསྒྲལ། ཉོན་མོངས་སྐྱེ་སྒོ་དག་པར་བྱས་ཏེ་བསྒྲལ། ཚོགས་བརྒྱད་དག་པར་བྱས་ཏེ་བསྒྲལ། དགེ་སྡིག་ཆ་མཉམ་སྟེ་བསྒྲལ། མ་བདུན་དམོད་སྔགས་ཀྱིས་བསྒྲལ། ཁྲོ་བཅུའི་ཕུར་པས་བསྒྲལ་བའོ། །དེ་རེ་རེ་ལ་ཕུར་པ་བྱིན་གྱིས་བརླབ་པ་རེ། ཕུར་བསྐོར་གྱི་ལུང་སྟེ་བསྐུལ། འཛབ་རེ། མཇུག་གཏང་རག་རེ་དང་བཞིའོ། །དང་པོ་ཀུན་གཞི་རྩད་བཅད་ཀྱི་ཕུར་བསྐོར། གཙོ་བོའི་ཕུར་པ་ཀླད་ལ་བསྐོར་ཞིང་ༀ་ལཾ་བཟླ། དམ་ཚིག་ཆེན་པོས་བསྐུལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མ་ས་མནྟ་བི་ཤྭ་དྷ་ཡ་བེ་ར་བེ་ར་ཡ་ཧཱུྃ་ཕཊ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བི་ད་ཡ་བིང་བིང་ཧཱུྃ་ཕ྄ཊ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དུ་རུ་དུ་རུ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕ྄ཊ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཱཾ་ཧཱུྃ་ཕ྄ཊ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕ྄ཊ། དྲུག་པོ་འགྲེའོ། །གཉིས་པ་ཉོན་མོངས་སྐྱེ་སྒོ་དག་པར་བྱ་བ་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །ཞེས་བསྐུལ་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་བིདྱཾ་ཚིནྡྷ་ཚིནྡྷ་ཧཱུྃ་ཕ྄ཊ། ཆྒཻ་མོ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཀ་ཏཾ་ཀ་ཡེ། ཨི་དཾ་དྷཱ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མ་ར་སེ་ན་པྲ་མརྔྷ་ན་ཡེ་ཧཱུྃ་ཕཊ། ནྲྀ་ཏྲི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་བིདྱ་ཚིནྡྷ་ཚིནྡྷ་ཧཱུྃ་ཕ྄ཊ། ཆྒཻ་མོ་བིནྡྷ་བིནྡྷ་ཧཱུྃ་ཕ྄ཊ། ཀ་ཏཾ་ཀ་ཡེ་ཨི་དཾ་དྷཱ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕ྄ཊ། ནྲྀཏྲི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་བིདྱཾ་ཚིནྡྷ་ཚིནྡྷ་ཧཱུྃ་ཕ྄ཊ། ཆྒཻ་མོ་གྲྀཧྞ་གྲྀཧྞ་ཧཱུྃ་ཕ྄ཊ། ཀ་ཏཾ་ཀ་ཡེ་ཨི་དཾ་དྷཱ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕ྄ཊ། ནྲྀ་ཏྲི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་བིདྱཾ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཆྒཻ་མོ་ཧ་ན་ཧ་ན་ཧཱུྃ་ཕ྄ཊ། ཀ་ཏཾ་ཀ་ཡེ། ཨི་དཾ་ཀ་ཏཾ་ཀ་ཡེ། ཨི་དཾ་དྷཱ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕ྄ཊ། ནྲྀ་ཏྲི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་བིདྱཾ་ཚིནྡྷ་ཚིནྡྷ་ཧཱུྃ་ཕ྄ཊ། ཆྒཻ་མོ་བྷིནྡྷ་བྷིནྡྷ་ཧཱུྃ་ཕ྄ཊ། ཀ་ཏཾ་ཀ་ཡེ། ཨི་དཾ་དྷཱ་ཏི་མ་མ་ཀརྨ་ཤྲཱི་གྷྲཾ་ཀ་ར་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མཱ་ར་སེ་ན་པྲ་མརྔྷ་ན་ཡེ་ཧཱུྃ་ཕ྄ཊ། ནྲྀ་ཏྲི། གསུམ་པ་ཚོགས་བརྒྱད་དག་པར་བྱ་བ། བྲན་དང་བཀའ་ཉན་གྱི་བསྐུལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་བི་དཾ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཆྒཻ་མོ་ད་ཧ་ད་ཧ་ཧཱུྃ་ཕ྄ཊ། ཀ་ཏཾ་ཀ་ཡེ་ཨི་དཾ་དྷཱ་ཏི་མ་མ་ཀརྨ་ཤྲཱི་གྷྲཾ་ཀ་ར་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་རི་ཛ་ཏེ། མཱ་ར་སེ་ན་པྲ་མརྔྷ་ན་ཡེ་ཧཱུྃ་ཕ྄ཊ། ནྲྀ་ཏྲི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་བི་དྱཾ་ཚིནྡྷ་ཚིནྡྷ་ཧཱུྃ་ཕ྄ཊ། ཆྒཻ་མོ་པ་ཙ་པ་ཙ་བཛྲ། ཀ་ཏཾ་ཀ་ཡེ་ཨི་དཾ་དྷཱ་ཏི་མ་མ་ཀརྨ་ཤྲཱི་གྷྲཾ་ཀ་ར་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མཱ་ར་སེ་ན་པྲ་མརྔྷན་ཡེ་ཧཱུྃ་ཕ྄ཊ། ནྲྀ་ཏྲི། བཞི་པ་དགེ་སྡིག་ཆ་མཉམ་པ་ནི། གདུག་ཅིང་སྡང་སེམས་ལྡན་པས་བསྐུལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་བི་དྱཾ་ཚིནྡྷ་ཚིནྡྷ་ཧཱུྃ་ཕ྄ཊ། ཆྒཻ་མོ་སརྦ་ཨཱ་ན་ཡ་ཧཱུྃ་ཕ྄ཊ། ཀ་ཏཾ་ཀ་ཡེ་ཨི་དཾ་དྷཱ་ཏི་མ་མ་ཤྲཱི་གྷྲཾ་ཀ་ར་ཡེ། ཛ་ཡེ་བི་ཛ་ཡི། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མཱ་ར་སེ་ན་པྲ་མརྔྷ་ན་ཡེ་ཧཱུྃ་ཕཊ། ནྲྀ་ཏྲི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་བི་དྱཾ་ཚིནྡྷ་ཚིནྡྷ་ཧཱུྃ། ཆྒཻ་མོ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕ྄ཊ། ཀ་ཏཾ་ཀ་ཡེ་ཨི་དཾ་དྷཱ་ཏི་མ་མ་ཀརྨ་ཤྲཱི་གྷྲཾ་ཀ་ར་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མཱ་ར་སེ་ན་པྲ་མརྔྷ་ན་ཨེ་ཧཱུྃ་ཕ྄ཊ། ནྲྀ་ཏྲི་ཧཱུྃ་ཕཊ ལྔ་པ་མ་བདུན་དམོད་མོ་ནི། རྡོ་རྗེ་གསང་བའི་བཀའ་ལས་བསྐུལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བ་ར་བིདྱཾ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཆྒཻ་མོ་མ་མ་ཝཱ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར། ཀ་ཏཾ་ཀ་ཡེ། ཨི་དཾ་དྷཱ་ཏི་མ་མ་ཀརྨ་ཤྲཱི་གྷྲཾ་ཉ་ཀ་ར་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏ་མཱ་ར་སེ་ན་པྲ་མརྔྷ་ན་ཡ་ཧཱུྃ་ཕ྄ཊ། ནྲྀ་ཏྲི། དྲུག་པ་ཁྲོ་བོ་བཅུ་ནི། རྡུངས་ཤིག་རྡོ་རྗེ་འབར་བས་བསྐུལ། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕ྄ཊ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆྒཻ་མོ་གརྫ་གརྫ་ཧཱུྃ་ཕ྄ཊ། ཅེས་སོགས་རྫོགས་པར་བཏབ། པདྨ་རྒྱལ་པོའི་ཐུགས་ཀྱིས་བརྣག་པའི་གཟུངས་མ་མཁར་ཆེན་བཟའ་ལ་གནང་བ་རྫོགས་སོ།། ༈ །།ཤྲཱི་བཛྲ་ཀུ་མཱ་ར་ན་མོ། རྒྱུད་དཀར་པོ་གནས་ལུང་ལས། ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན། །ཕུར་པ་ལུང་གི་བླ་མ་ཡིན། །ཕུར་པ་མན་ངག་ངེས་པའི་དོན། །ཞེས་པས་ན། ཕུར་པ་ལ་ཏནྟྲ་སྡེ་བཅོ་བརྒྱད་དང་བསྟུན་ནས་ཀློང་ཆེན་པོ་བཅོ་བརྒྱད་ནས་བཤད་པ་དང་། ཕུར་པ་ལ་ལུང་མང་པོ་ཡོད་པས། ལུང་དྲུག་ཅུ་རྩ་གཅིག་ནས་བཤད་པ་དང་། ཕུར་པ་ལ་མན་ངག་གི་གནད་ཡོད་པས་མན་ངག་བརྒྱ་རྩ་བརྒྱད་ནས་བཤད་པའོ། །དང་པོ་ཕུར་པ་རྒྱུད་ལྟར་འཆད་ན་ཀློང་ཆེན་པོ་བཅོ་བརྒྱད་ནས་བཤད་དེ། །དེ་ཡང་སྟོང་གི་ཀློང་དྲུག་སྐུ་གསུམ་དང་མཚན་ཉིད་དང་རོལ་པར་བཤད། བར་གྱི་ཀློང་དྲུག་སྲོག་འཆི་མེད་དུ་དབང་བསྐུར་བའི་དགོངས་པར་བཤད། སྨད་ཀྱི་ཀློང་དྲུག་མཆོད་བསྟོད་གསོ་བྱེད་བཞིས་བཤད་པའོ། །གཉིས་པ་ཕུར་པ་ལུང་ལྟར་བཤད་པ་ནི། དགོས་པ་གཞན་ནས་ཁ་བསྐང་བ་ལྟ་བུ་མ་ཡིན་ཏེ། རྡོ་རྗེ་ཁྲོས་པ་རྩ་ཐུང་ལས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཞེས་པས་སེམས་བསྐྱེད་ཟིན། དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་པས་དབང་བསྐུར་ཟིན། སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །ཅེས་པས། སྐུ་བསྐྱེད་པ་ཕྱག་རྒྱའི་ལུང་ཟིན། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་པས་བསྒོམ་པ་ཏིང་ངེ་འཛིན་གྱི་ལུང་ཟིན། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །ཞེས་བས་སྒྲུབ་པ་དངོས་གྲུབ་ཀྱི་ལུང་ཟིན། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། ཞེས་པས་རྟོགས་པ་ལྟ་བའི་ལུང་ཟིན། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པས་མི་འདའ་བ་དམ་ཚིག་གི་ལུང་ཟིན། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །ཞེས་པས་མཐའ་སྤྱོད་པའི་ལུང་ཟིན། ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །ཞེས་པས་གདབ་པ་ཕྲིན་ལས་ཀྱི་ལུང་ཟིན། རྡོ་རྗེའི་ཐོ་བས་བསྒྲལ་བར་བྱ། །ཞེས་པས་སྦྱོར་བ་ཐབས་ཀྱི་ལུང་ཟིན། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ཞེས་པས་བདུན་ཚིགས་ཟིན། རྡོ་རྗེ་མེ་དབལ་སྙིང་བསྲེག་ཅིང་། །ཞེས་པས་ནང་སྦྱིན་སྲེག་ཟིན། ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །ཅེས་པས་རབ་གནས་ཟིན། དེ་ལ་སོགས་ལུང་དྲུག་ཅུ་རྩ་གཅིག་དངོས་པོར་ཚང་ཡོད། ཚང་ལུགས་བླ་མས་ངོ་སྤྲོད་དོ། །གདམས་པ་བརྒྱ་རྩ་བརྒྱད་པའོ། །སློབ་དཔོན་པདྨ་འབྱུང་གནས་ནས་ད་ལྟའི་བླ་མ་ཡན་ཆད་ཀྱི་དམིགས་སུ་མྱོང་བ་བརྒྱ་རྩ་བརྒྱད་ངོ་སྤྲད་པར་བྱའོ། །དང་པོ་སེམས་བསྐྱེད་པའི་ལུང་ནི་སྤྱིར་ཐེག་པ་ཆེན་པོ་ལ་སེམས་བསྐྱེད་དགོས། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་ལ་སེམས་བསྐྱེད་དགོས་པས། སེམས་བསྐྱེད་བྱེད་པ་པོ་ནི་རྣམ་པར་སྨིན་པའམ་ངེས་པའི་རིག་འཛིན་ཡིན་ཏེ། དུས་གསུམ་བུདྡྷའི་གདུང་བཟུང་སྙམ་པའོ། །བླང་བའི་ཡུལ་ནི་ཚེ་ལ་དབང་བའི་རིག་འཛིན་བསྐྱེད་རྫོགས་ལ་བརྟན་པ་ཐོབ་པའོ། །སེམས་བསྐྱེད་ཀྱི་ངོ་བོ་ནི། སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་འགོད་སྙམ་པའོ། །འབྲས་བུ་ནི་བདག་གཞན་གཉིས་ཀ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་པ་སྟེ། རྡོ་རྗེ་འཛིན་པའི་ས་བཅུ་གསུམ་པ་ཐོབ་པའོ། །ལག་ལེན་ནི། སློབ་མས། རྣལ་འབྱོར་བདག་ཅག་སྒྲུབ་པ་པོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་ལགས། །ཞེས་ཞུས། རུས་ལན་དུ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །སེམས་བསྐྱེད་དམ་ཚིག་ཐུབ་པར་སྲུངས། །ཞེས་དང་། དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ཀྱི་བར་དུ་དཔལ་རྡོ་རྗེ་གཞོན་ནུའི་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །ཐབས་ཡིན་ནོ། །ལེགས་སོ་ལན་གསུམ་བྱའོ། །དམ་ཚིག་ནི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོར་ཤེས་པར་བྱས་ལ། དངོས་སུ་ཕན་པར་བྱ། ཉམས་ན་འགྱོད་པ་དྲག་པོས་གསོ། ཡང་ན་བསྐྱར་ལ་བླང་ངོ། །སེམས་བསྐྱེད་པའི་ལུང་རྫོགས་སོ།། ༈ །།ཤྲཱི་ཀུ་མཱ་ར་ན་མོ། དབང་དང་བྱིན་རླབས་འདིར་སྩོལ་ཅིག །དབང་བསྐུར་བ་བཤད་དེ། དེ་ལ་གདམས་པ་དང་། ལག་ལེན་གཉིས་སོ། །དང་པོ་ལ། སྤྱིར་དབང་ལ་མུ་བཞི་སྟེ། དབང་མ་བསྐུར་ཀྱང་ཐོབ་པའི་དབང་ནི། རབ་ལྟ་བ་རྟོགས་པས་སེམས་ལ་དབང་ཐོབ་པའོ། །བསྐུར་ཏེ་མ་ཐོབ་པ་ནི། རུ་གདམས་པ་དང་མི་ལྡན་ལ་སློབ་མ་དམ་ཚིག་དང་མི་ལྡན་པའོ། །དབང་བསྐུར་ཀྱང་བསྐུར་ཐོབ་ཀྱང་ཐོབ་པ་ནི། རུ་གདམས་པ་དང་ལྡན། བུ་དམ་ཚིག་དང་ལྡན་པའོ། །བསྐུར་ཀྱང་མ་བསྐུར་ཐོབ་ཀྱང་མ་ཐོབ་པ་ནི་མི་ནག་ཕལ་པ་ལྟ་བུའོ། །དེ་ཡང་རྡོ་རྗེ་ཕུར་པའི་དབང་བཀའ་འདི་ལ་ནུབ་དང་པོ་ལ་ས་ཆོག །གཉིས་པ་ལ་སྟ་གོན། གསུམ་པ་ལ་དབང་བསྐུར་བ་ཐོབ་པའོ། །ས་ཆོག་ནི་རྒྱུད་སྡེ་སྤྱི་ལྟར་རོ། །སྟ་གོན་གྱི་སྐབས་སུ་གཞན་འདྲ་བ་ལས། ཁྱད་པར་ཐིག་གི་སྐབས་སུ། ཧཱུྃ། ས་གཞི་ཡེ་ནས་ལྷུན་གྲུབ་དབང་ཆེན་དཀྱིལ་འཁོར་ལ། །རྡོ་རྗེའི་སྐུད་པ་སྲ་ཞིང་མཉེན་པ་བ་སུ་ཏས། །དཀྱིལ་འཁོར་ཐིག་ནི་གསལ་ལ་དོད་པར་བཏབ། །ཐམས་ཅད་རྡོ་རྗེ་འཆང་ཆེན་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་བརྗོད། དེ་ནས་བུམ་པའི་སྟ་གོན་གྱི་སྐབས་སུ་གསུངས་པ། དབུས་སུ་བཛྲ་འདུས་པ་རྡོ་རྗེ་གཞོན་ནུའི་བུམ་པ་སྔོན་པོ་བཅའ་། ཤར་དུ་བུདྡྷ་འདུས་པའི་སྲས་མཆོག་བུམ་པ་དཀར་པོ་བཅའ། ལྷོ་རུ་རཏྣ་འདུས་པའི་བུམ་པ་སེར་པོ་བཅའ། ནུབ་ཏུ་པདྨ་འདུས་པའི་བུམ་པ་དམར་པོ་བཅའ། བྱང་དུ་ཀརྨ་འདུས་པའི་བུམ་པ་ལྗང་གུ་བཅའ། བུམ་རྫས་མགུལ་ཆིངས་ཁ་རྒྱན་ཚང་བར་བྱའོ། །དེ་ནས་ཚོན་གྱི་སྐབས་སུ། ཧཱུྃ། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡེ་ཤེས་ཆེ། །ཡེ་ཤེས་ལྷུན་གྲུབ་རང་བཞིན་དཀྱིལ་འཁོར་ནི། །སྤྲོས་མེད་བསྡུ་མེད་ཁྱབ་གདལ་ཆེན་པོའི་ངང་། །དབང་ཆེན་དཀྱིལ་འཁོར་བདག་གིས་བྲི་བར་བྱ། །ཞེས་བརྗོད་ལ། དབུས་སུ་གྲུ་གསུམ་མཐིང་ནག་ཟླ་གམ་དམར་པོ་གསུམ། འཁོར་ལོ་ཟླ་གམ་དམར་པོ་བརྒྱད། མུ་ཁྱུད་ཐོད་པ་དཀར་པོ། གྲུ་ཆད་ལྗང་། ལྷ་སྣམ་ཕྱོགས་དང་མཐུན། ཕུར་པ་རྣམས་འགོད། བྱང་ཤར་དུ་གཏོར་མ། ལྷོ་ཤར་དུ་སྨན། ལྷོ་ནུབ་ཏུ་ཚོགས། ནུབ་བྱང་དུ་ཚེ་མཆོག །ཤར་དུ་བུམ་དབང་གི་རྫས། ལྷོར་གསང་དབང་གི་རྫས། ནུབ་ཏུ་ཤེས་རབ་ཡེ་ཤེས་ཀྱི་རིག་མ། བྱང་དུ་དབང་བཞི་པའི་རྫས་དགོད། དེ་ནས་ནུབ་གསུམ་པ་ལ་དབང་བསྐུར་བ་ལ་བཅུ་སྟེ། སྲས་མཆོག་ལྔས་བུམ་པའི་དབང་བསྐུར། དལ་བསྒོམ་པར། དལ་བྲི་བར། རྒྱུད་ཉན་པར། རྒྱུད་བཤད་པར། སྔགས་བཟླས་པར་དབང་བསྐུར་ཏེ་བཅུའོ། །ལྷོར་གསང་དབང་ལ་བཅུ་སྟེ། བླ་མ་ཡབ་ཡུམ་གྱི་ཐིག་ལེ་ལྕེ་ལ་བཞག །དབུ་རྒྱན་དོ་ཤལ་གཉིས། རྡོ་རྗེ་དྲིལ་བུ་གཉིས། ཐོད་རྔ་གླིང་བུ། མི་བཟད་པའི་ཕུར་པ་དྲུག །ཤ་ལྔ་བདུད་རྩི་ལྔ་ལ་རོལ་པའོ། །ནུབ་ཏུ་ཤར་དབང་ལ་གསུམ་སྟེ། མཚན་ལྡན་རིག་མ་དང་། ཤེས་རབ་ཆོས་དབྱིངས་དང་། རང་རིག་ཡེ་ཤེས་ལ་བརྟེན་པའོ། །བྱང་དུ་ཚིག་དབང་ལ་གསུམ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེས་དབང་བསྐུར་བ། རྡོ་རྗེ་གཞོན་ནུའི་དགོངས་པས་བསྐུར་བ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་བསྐུར་བའོ། །གཉིས་པ་ལག་ལེན་ལ། སློབ་མ་སྟ་གོན་གྱི་སྐབས་སུ། སྐྱབས་འགྲོ་སེམས་བསྐྱེད་ཕོག །ཁྲུས་བྱ། གདོང་གཡོགས། །མེ་ཏོག་ཐོགས། ཕྲིན་ལས་ཚོགས་ཡན་ཆད་ཟིན་པ་དང་། སློབ་མས་འདི་སྐད་ཞུ། ཧཱུྃ། བླ་མ་སངས་རྒྱས་རྡོ་རྗེ་འཛིན། །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །རྡོ་རྗེ་གཞོན་ནུའི་རིག་འཛིན་བདག །དབང་བཞི་རྫོགས་པར་མ་ཐོབ་པས། །རྒྱུད་དྲུག་འཁོར་བའི་འདམ་དུ་ཟིན། །མ་རིག་མུན་པའི་ཀློང་དུ་འཁྱམས། །འཁོར་བའི་སྡུག་བསྔལ་ཆེ་མཐོང་བས། །བླ་མ་སངས་རྒྱས་རྡོ་རྗེ་འཛིན། །གཙོ་བོ་མགོན་ལ་སྐྱབས་སུ་མཆི། །ཤེས་རབ་སྒྲོན་མའི་འོད་ཟེར་གྱིས། །མ་རིག་མུན་པ་བསལ་བར་ཞུ། །ཐུགས་རྗེ་ཐབས་ཀྱི་ཞགས་པ་ཡིས། །འཁོར་བའི་འདམ་ལས་དྲང་བར་ཞུ། །ཞེས་གསོལ་བ་གདབ་བོ། །རུ་ཡིས་ལན་འདི་སྦྱིན་ནོ། །ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་ཁྱོད། །གསང་སྔགས་ཐབས་ཆེན་སྒྲུབ་པ་ལ། །ཟབ་མོའི་དབང་བཞི་རྫོགས་པ་དགོས། །ལྷག་པའི་དབང་ལ་དམ་ཚིག་གཅེས། །དབང་ཐོབ་དམ་ཚིག་མ་ལྡན་ན། །རང་སྲོག་རང་གི་གཅོད་པ་ཡིན། །བསྐལ་པ་འབུམ་དུ་མནར་མེད་ལྟར། །དེ་ཕྱིར་དམ་ཚིག་བསྲུང་ནུས་སམ། །ཞེས་དྲི། ཡང་བུས་ཁས་འདི་བླང་ངོ་། །ཧཱུྃ། བླ་མ་སངས་རྒྱས་རྡོ་རྗེ་འཛིན། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །བདག་ནི་དམ་ཚིག་ངེས་པར་བསྲུང་། །ཞེས་བྱའོ། །དེ་ནས་རུས ། ཧཱུྃ། ཉོན་ཅིག་ཤེས་ལྡན་རིགས་ཀྱི་བུ། །གསང་བའི་དཀྱིལ་འཁོར་ཁྱོད་ལ་བསྟན། །དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །མོས་དང་གུས་པ་བསྐྱེད་པར་གྱིས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་གདོང་གཡོགས་བཀྲོལ་ལོ། །དེ་ནས་དཀྱིལ་འཁོར་བལྟའོ། །དེ་ནས་བུས། ཐར་པ་ཆེན་པོའི་གྲོང་མཆོག་འདིར། །མགོན་པོས་བདག་ནི་གཞུག་པར་འཚལ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་ཞུས་པ་དང་། རུས་བུདྡྷ་འདུས་པའི་བུམ་པ་སྤྱི་བོར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་མ་དྷ་ཡ་ཨ་བྷི་ཛྙཱ་ན་ཨ་བྷི་ཙརྻ་ཧཱུྃ། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ། མ་ཧཱ་མ་དྷ་ལ་ཨ་བྷི་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཚང་བར་བྱའོ། །དེ་ནས་བུམ་པ་གཞན་ཡང་སྤྱི་བོར་བཞག་པར་བྱའོ། །རུས་འདི་སྐད་བརྗོད། ཧཱུྃ། དཀྱིལ་འཁོར་ཆེན་པོ་ཁྱོད་སྒོམས་ཤིག །དཀྱིལ་འཁོར་ཆེན་པོ་ཁྱོད་བྲིས་ཤིག །ཟས་དང་ནོར་གྱི་ཕྱིར་མ་བྱེད། །བྱང་ཆུབ་རྩི་ཡིས་ཟིན་པར་བྱོས། །བརྗོད་པ་དང་། བུམ་པའི་ལྷ་ཐམས་ཅད་འོད་དུ་ཞུ། །ཆུ་དང་གཉིས་སུ་མེད་པ་དེ་སློབ་མ་ལ་བླུད་དོ། །དེ་ནས་རྒྱུད་ཉན་བཤད་བྱེད་པའི་དབང་བསྐུར་བ། ཧཱུྃ། ལེགས་སོ་ཤེས་ལྡན་རིགས་ཀྱི་བུ། །བཀའ་བརྒྱད་དྲི་མ་མེད་པ་ལ། །ཐོས་པ་བསམ་པ་སྒོམ་པ་གསུམ། །ཚུལ་ཆེན་བུ་ཡིས་ཡང་དག་གྱིས། །ཞེས་དང་། རྡོ་རྗེ་ཕུར་པའི་རྒྱུད་ཀློག །སྔགས་ཟློས་པ་ནི། ཧཱུྃ། ལྷ་ཉིད་སྔགས་ལ་སྔགས་ཉིད་ལྷ། །སྔགས་དང་ལྷ་རུ་གཉིས་སུ་མེད། །ཡེ་ཤེས་ལྷ་ཡི་ཐུགས་དཀྱིལ་ན། །རང་རང་ཐུགས་ཀྱི་སྙིང་པོ་གནས། །དེ་ཕྱིར་ཁྱོད་ཀྱང་དེ་ཉིད་ཟློས། །ཞེས་པ་དང་། སྔགས་ཐམས་ཅད་དཔོག་གོ། །དེ་ནས་དམ་ཚིག་ཁས་བླང་བར་བྱའོ། །བུམ་དབང་རྫོགས་སོ། །དེ་ནས་གསང་དབང་བསྐུར་བ་ནི། དལ་གྱི་ལྷོར་ཕྱར་བའི་ཡོལ་བར་བླ་མ་ཡབ་ཡུམ་ལུས་ལ་ལྷ་བཀོད་དེ། སྦྱོར་བ་མཛད་པ་ལ་ཞུ་བ། ཧཱུྃ། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །སྐུ་གསུམ་དབྱེར་མེད་སྒྲུབ་པ་ཡི། །དེ་ཕྱིར་གསང་བའི་དབང་བསྐུར་འདི། །ཡོངས་སུ་རྫོགས་པ་བསྐུར་བར་ཞུ། །ཞེས་ཞུས་པས་རུའི་ལུས་ཀྱི་ལྷ་འདོད་ཆགས་ཆེན་པོའི་མེས་འོད་དུ་ཞུ་བའི་ཐིག་ལེ་བུའི་ལྕེ་ཐོག་ཏུ་བཞག་གོ། །དེ་མི་ནུས་ན་ལྷ་ཡབ་ཡུམ་གྱི་ཐིག་ལེ་ལྕེ་ལ་བཞག་གོ། །དེ་ནས་རུས་པའི་དབུ་རྒྱན་དང་དོ་ཤལ་སྦྱིན། རྡོ་རྗེ་དང་དྲིལ་བུ། ཐོད་རྔ་གླིང་བུ། མི་བཟད་པའི་ཕུར་པ་དྲུག །ཤ་ལྔ་བདུད་རྩི་ལྔ་བྱིན་ལ་འདི་སྐད་དོ། །ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །དབུ་རྒྱན་དོ་ཤལ་རིགས་ལྔ་སྟེ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་འདི། །སློབ་དཔོན་རྟག་ཏུ་བཟུང་བར་བྱ། །ཐོད་པའི་རྔ་བརྡུང་མི་རྐང་གླིང་། །མི་བཟད་དྲུག་གི་ཕུར་བུས་གདབ། །རྟོག་མེད་ཆེན་པོའི་རང་བཞིན་གྱི། །ཤ་ལྔ་བདུད་རྩི་ལྔ་ལ་རོལ། །ཨ་ལ་ལ་ཧོ་དགྱེས་ཆེན་པོ། །རང་བཞིན་རྣམ་དག་ངེས་པར་རོལ། །རྡོ་རྗེ་གཞོན་ནུའི་རིག་འཛིན་ཁྱོད། །ལྷ་ཡི་བུམ་པ་བདུད་རྩིའི་ཆུ། །ཉོན་མོངས་ཐམས་ཅད་སེལ་བའི་ཆུ། །ཁྱོད་ལ་དབང་བཞི་རྫོགས་བསྐུར་གྱི། །གསང་སྤྱོད་ཚུལ་དང་ལྡན་པར་གྱིས། །ཞེས་བརྗོད་ལ་ཕུར་པ་དྲུག་པོའི་སྔགས་བརྗོད་དེ་གསང་དབང་ངོ་། །དཀྱིལ་འཁོར་ནུབ་ཏུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། རིག་མ་མཚན་ལྡན་སྔགས་ཀྱིས་བཀུག་ལ། དྲི་ཞིམ་པོའི་ཁྲུས་བྱ། འཁོར་ལོ་རྒྱས་འདེབས་སུ་བྱས་ལ་མཁའ་གསང་བྱིན་གྱིས་བརླབ། ཡབ་ཀྱིའང་བརླབས་ཏེ། དེ་ནས་ཞུ་བ་ནི། ཧཱུྃ། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །སྐུ་གསུམ་དབྱེར་མེད་སྒྲུབ་པ་ཡི། །དེ་ཕྱིར་ཤེས་རབ་ཡེ་ཤེས་ཀྱི། །དབང་འདི་རྫོགས་པར་བསྐུར་དུ་གསོལ། །ཞེས་བརྗོད་པ་དང་། རིག་མས་ས་མ་ཡ་ཧོཿ ཞེས་བརྗོད་ལ་གསང་མཆོད་འབུལ། ཡབ་ཀྱིས་ས་མ་ཡ་སྟྭཾ་གྱིས་གསང་མཆོད་བཞེས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྡ་ཙཀྲ་ར་ཧོ་ཧཾ། རཱ་ག་ཡ་མི། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་པ་དང་རིག་མས་པདྨ་བསྐྱོད་པའི་ཚུལ་བྱ། ཡབ་ཀྱིས་རྡོ་རྗེ་བསྣུན་པའི་ཚུལ་བྱ། དེས་རྡོ་རྗེ་སེམས་དཔའ་དབབ་པའི་དུས་སུ། བདེ་བ་ཉམས་སུ་མྱོང་བ། རྟོག་པ་མེད་པའི་བདེ་བ་ལ་སྨྲར་མེད་པ། གསལ་ལ་མི་རྟོག་པ། རིག་མས་བུ་རམ་གྱི་རོ་མྱོང་བ་ལྟ་བུ། སངས་རྒྱས་ཀྱི་དགོངས་པ་ཉོན་མོངས་པ་རང་སར་གྲོལ་བ་ཞིག་འབྱུང་བ་དེ་ངོས་བཟུང་ལ་ཉམས་སུ་བླང་ངོ་། །དེ་ནས་ཐིག་ལེ་རླུང་དང་འཁྲུལ་འཁོར་གྱིས་ཡར་དྲངས་ལ། ལུས་ལ་དགྲམ་པ་ནི་སྔགས་སྤྱི་དང་འདྲའོ། །ཐིག་ལེ་ལུས་ལ་རྒྱས་ན་ཡོན་ཏན་བརྗོད་ཀྱིས་མི་ལང་ངོ་། །འོད་ཀྱི་རིག་མ་ལ་བརྟེན་པའི་དབང་ཡང་ཤེས་པར་བྱའོ། །དལ་གྱི་བྱང་དུ་དབང་བཞི་པ་བསྐུར་བ་ནི། ཧཱུྃ། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཐམས་ཅད་སེམས་སུ་འདུས་པ་ལ། །སེམས་ལ་རང་དབང་མ་ཐོབ་ན། །འབྲས་བུ་སྨིན་པར་ག་ལ་འགྱུར། །ཆོས་སྐུར་ངོ་སྤྲོད་དབང་བསྐུར་ཞུ། །ཞེས་ཞུས་པ་དང་། རུས། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སེམས་ལ་རང་བཞིན་འདི་ལྟ་སྟེ། །རྡོ་རྗེ་སེམས་དཔའ་ནམ་མཁའ་བཞིན། །ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམས། །ཞེས་བརྗོད་ལ་མེ་ལོང་གཡའ་དག་པའི་ངོས་ལ་གཟུགས་བརྙན་བསྟན་ལ། གསལ་ལ་ངོས་བཟུང་མེད་པ་ལ་ངོ་སྤྲོད། དཔལ་རྡོ་རྗེ་གཞོན་ནུའི་དགོངས་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྟོང་ཞིང་བདག་མེད་པ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཚིག་གིས་མཚོན་དུ་མེད་པ་བརྡས་མཚོན་ལ་བསྟན་ཏོ། །དེ་ནི་ཚིག་དབང་རིན་པོ་ཆེ་བཞི་པ་ཞེས་བྱ་བ་ཡིན་ཏེ། དབང་བཞི་མ་ནོར་མ་བཅོས་པ་ཡིན་ནོ། །རྡོ་རྗེ་ཕུར་པའི་དབང་བཞི་རྫོགས་དབང་བཀའ་དང་བཅས་པ་འདི་པདྨ་རྒྱལ་པོའི་ལག་ལེན་རྫོགས་སོ།། ༈ །།གུ་རུ་ཤྲཱི་ཀུ་མཱ་ར་ན་མོ། སྐུ་བསྐྱེད་པ་སྔགས་དང་ཕྱག་རྒྱའི་ལུང་ནི། འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །ཅེས་པས་སྐུ་སྟེ་དེ་ལ་གསུམ། བདག་ཐོག་མར་དམ་ཚིག་གི་སེམས་དཔར་བསྐྱེད། དེ་ནས་ཏིང་ངེ་འཛིན་སེམས་དཔར་བསྐྱེད། དེ་ལ་ཡེ་ཤེས་སེམས་དཔའ་བཅུག་སྟེ་གཉིས་སུ་མེད་པའི་སེམས་དཔར་བསྐྱེད་པའོ། །དེ་ཡང་དང་པོ་བྱམས་དང་སྙིང་རྗེས་ཀུན་ལ་བསླངས་ཏེ། སྐད་ཅིག་ལ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པའི་ངང་ལས། རྡོ་རྗེ་གཞོན་ནུར་སྐད་ཅིག་དྲན་རྫོགས་སུ་བསྐྱེད། དེ་ནས་འཁོར་རྣམས་ཀྱང་བསྐྱེད་ནས་སྲུང་བའི་འཁོར་ལོ་བསྐྱེད། མཚམས་དང་བཤགས་པ་དང་ཚོགས་བསག་པ་བྱེད་པའོ། །དེ་དམ་ཚིག་སེམས་དཔའ་ཡིན་ནོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་སྟོང་ཉིད་བསྒོམ་པ་ནི། ཏིང་ངེ་འཛིན་རྣམ་གསུམ་བསྒོམ། དལ་རྣམ་གསུམ་གྱི་སེམས་དཔའ་བསྐྱེད་པ་ལ་གསུམ། གང་ཟག་དབང་པོ་རབ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་དང་། དབང་པོ་འབྲིང་ཆོ་ག་གསུམ་ནས་བསྐྱེད་པ་དང་། དབང་པོ་ཐ་མ་སྐྱེ་གནས་བཞི་ནས་བསྐྱེད་པའོ། །དང་པོ་ནི། བྱམས་དང་སྙིང་རྗེའི་ངང་ནས་དལ་གསུམ་རྫུས་སྐྱེས་སུ་བཀྲ་ལམ་གྱིས་བསྐྱེད་པ་དང་། དེ་ལ་རྣམ་པར་རྟོག་པ་གང་གིས་ཀྱང་བར་མ་ཆོད་པས་ན་ཡེ་ཤེས་ཀྱི་ཚོགས་འབའ་ཞིག་ཡིན་པས་བཟང་ངོ་། །གཉིས་པ་ཆོ་ག་གསུམ་གྱིས་བསྐྱེད་པ་ནི། དང་པོ་གསུང་ཡིག་འབྲུའི་ཆོ་ག །ཐུགས་ཕྱག་མཚན་གྱི་ཆོ་ག །སྐུ་ཡོངས་སུ་རྫོགས་པའི་ཆོ་ག་དང་གསུམ། དང་པོ་རང་རང་གི་གདན་ཐོག་ཏུ་ཡི་གེ་ཧཱུྃ་ལྟ་བུ་རེ་གསལ་བར་བསྒོམ། དེ་ནས་འོད་ཟེར་འཕྲོས། འཕགས་པ་མཆོད། །སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡིག་འབྲུ་ལ་ཐིམ་པས་ཐུགས་ཕྱག་མཚན་རྡོ་རྗེ་རྩེ་དགུ་པར་སོང་། །དེ་ལས་འོད་ཟེར་འཕྲོས། །དོན་གཉིས་བྱས། ཚུར་འདུས་པས་སྐུ་ཡོངས་སུ་རྫོགས་པ་རྡོ་རྗེ་གཞོན་ནུར་གྱུར་པ་དེ། སྐུ་མདོག་ཕྱག་མཚན་གསལ་བར་བསྒོམ་པའོ། །དེ་ཁྲོ་བཅུ་ནས་སྒོ་མའི་བར་འགྲེའོ། །བསྐྱེད་རིམ་ཐམས་ཅད་ལ་དེས་ཆོག་རྫོགས་པ་ཡིན་ནོ། །གསུམ་པ་ནི་སེམས་ཅན་ཐམས་ཅད་སྦྱང་གཞི་སྐྱེ་གནས་བཞི་ལས་སྐྱེ་བས་དེའི་སྦྱོང་བྱེད་དལ་གྱི་ལྷའང་སྐྱེ་གནས་བཞི་ནས་བསྐྱེད་དེ། དེའང་བདག་ཉིད་རྩ་བ་རྫུས་སྐྱེས་ཀྱི་ཚུལ་དུ་བསྐྱེད་ཡབ་ཡུམ་མཁའ་གསང་བྱིན་གྱིས་བརླབ། རྗེས་ཆགས་བྱས་པའི་མཁའ་ནས་ཧཱུྃ་སྦྲེལ་མ་བཅུ་སྤྲོས། དེ་ལས་ཁྲོ་བཅུར་གྱུར་པ་ནི་མངལ་སྐྱེས་ཡིན་ནོ། །ཐིག་ལེ་དཀར་དམར་ཉི་ཤུ་ལས་མགོ་བརྙན་ཉི་ཤུ་བྱུང་བ་ནི་སྒོང་སྐྱེས་ཡིན་ནོ། །ཕུར་སྲུང་བཅུ་གཉིས་པོ་འདི་ལས་བསྐྱེད་བྱ་བ་མེད་དོ། །ལུས་གྲུབ་ན་གྲིབ་མ་གྲུབ་པའི་ཚུལ་དུ་འབྱུང་བ་དྲོད་གཤེར་ལས་བསྐྱེད་པ་ཡིན་ནོ། །དེ་ལྟར་བསྐྱེད་པའི་ལྷ་ཚོགས་དེ་རྣམས་རང་རྒྱུད་པར་མི་བསྒོམ་མོ། །འོ་ན་ཇི་ལྟར་བསྒོམ་ན། སྣང་ལ་རང་བཞིན་མེད་པ་བར་སྣང་གི་འཇའ་ཚོན་ལྟ་བུར་བསྒོམ་མོ། །གསལ་ལ་རྟོག་པ་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་བསྒོམ་མོ། །སྐུ་བསྐྱེད་པ་ཕྱག་རྒྱའི་ལུང་རྫོགས་སོ།། ༈ །།གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ན་མོ། ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་པས་བསྒོམ་པའི་ཏིང་ངེ་འཛིན་གྱི་ལུང་ཟིན་ཏེ། དེ་ལ་གསུམ། ཐབས་བསྐྱེད་རིམ་བསྒོམ་པ་དང་། ཤེས་རབ་རྫོགས་རིམ་སྒོམ་པ་དང་། གཉིས་མེད་ཟུང་འཇུག་བསྒོམ་པའོ། །དང་པོ་བསྐྱེད་རིམ་རྐྱང་པར་སོང་ན་གོལ་ས་ཆེ་སྟེ། རུ་དྲའམ་འདོད་ལྷར་སྐྱེ་བས་ན། དེ་ལ་རྫོགས་རིམ་གྱི་ཐེབ་པ་གལ་ཆེ། དེ་ལ་བཞི་སྟེ། སྤྲོས་ཏེ་ཐིམ་པ། བསྡུས་ཏེ་ཞུ་བ། དེ་ཁོ་ན་ཉིད་དུ་བློ་བཞག་པ། དུབ་པར་བལྟ་བའོ། །དང་པོ་ནི། སྲོག་གམ་ཡེ་ཤེས་སེམས་དཔའི་ཧཱུྃ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས་ཏེ། རྡོ་རྗེར་གསལ། དེ་ལས་ཕྱིར་འཕྲོས་ཡེ་ཤེས་སེམས་དཔར་གསལ། །དེ་ལས་འཕྲོས་བདག་ཉིད་རྩ་བའི་དལ་གསལ། དེ་ལས་ཕྱིར་འཕྲོས། ཕྱོགས་བཅུ་ཁྲོ་བོའི་དལ་གསལ། དེ་ལས་ཕྱིར་འཕྲོས། གཞལ་ཡས་ཁང་གསལ། དེ་ལས་ཕྱིར་འཕྲོས་ཁམས་གསུམ་སེམས་ཅན་གསལ། སྒྲིབ་པ་སྦྱངས། བུདྡྷ་ལ་པཱུ་ཛ་ཕུལ། གདུག་པ་ཅན་ཚར་བཅད་པ་དེ་ནི་སྤྲོས་ཏེ་ཐིམ་པའོ། །དེ་ནས་འོད་ཟེར་ཀཱི་ལ་ཡའི་སྒྲ་དང་བཅས་ཏེ། ཚུར་འདུས་པས་གཞལ་ཡས་ཁང་ལ་ཕོག །འོད་དུ་ཞུ། དེ་ཁྲོོ་བོ་བཅུ་ལ་ཕོག །འོད་དུ་ཞུ། དེ་བདག་རྩ་བ་དང་། ཡེ་ཤེས་སེམས་དཔའ་དང་། ཐུགས་ཀའི་རྡོ་རྗེ་དང་། ཧཱུྃ་གི་ཞབས་ཀྱུ་ལ་འདུས་ཏེ། ཐིག་ལེ་ལ་འདུས་པ་ནི་བསྡུས་ཏེ་ཞུ་བའོ། །དེ་ནས་ཐིག་ལེ་དེ་ཡང་ཇེ་ཕྲ་ལ་སྟོང་པར་ཐིམ་པ་ནི་དེ་ཁོ་ན་ཉིད་ལ་བློ་གནས་པའོ། །དེ་ནས་སྐད་ཅིག་མ་ལ་དལ་གསུམ་གཞལ་ཡས་ཁང་དང་བཅས་པར་ལྡང་བ་ནི་དུབ་པར་བལྟ་བའོ། །དེ་ནས་རང་ཉིད་རྡོ་རྗེ་གཞོན་ནུའི་ང་རྒྱལ་གྱིས་སྤྱོད་ལམ་རྣམ་བཞི་བྱའོ། །གསུམ་པ་དབྱེར་མེད་ཟུང་འཇུག་ཏུ་བསྒོམ་པ་ནི། དབྱེར་མེད་གསུམ་གྱི་རྒྱས་བཏབ་སྟེ། གང་ཞེ་ན། སྐུ་གསལ་སྟོང་དབྱེར་མེད་འོད་ཀྱི་སྐུ་སྣང་ལ་རང་བཞིན་མེད་པ་ནི་སྤྲུལ་སྐུའི་རྒྱས་གདབ་བོ། །གསུང་གྲགས་སྟོང་དབྱེར་མེད་ཞི་བ་ཆོས་ཀྱི་སྒྲ་ནི་ལོངས་སྐུའི་རྒྱས་གདབ་བོ། །ཐུགས་རིག་སྟོང་དབྱེར་མེད་བདེ་བ་ཆེན་པོ་ནི་ཆོས་སྐུའི་རྒྱས་གདབ་པའོ། །དེ་ལ་དང་པོ་རབ་ལྷར་དག་པ་བསྒོམ། འབྲིང་རྣམ་པ་བསྒོམ། དབང་པོ་ཐ་མ་ང་རྒྱལ་བསྒོམ་པ་ཡིན་ཏེ། སྔགས་པ་ལྷ་ལམ་པ་ཞེས་བྱའོ། །སྒོམ་པ་ཏིང་ངེ་འཛིན་གྱི་ལུང་རྫོགས་སོ།། ༈ །།ཤྲཱི་བཛྲ་ཀུ་མཱ་ར་ན་མོ། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །ཞེས་པས། སྒྲུབ་པ་དངོས་གྲུབ་ཀྱི་ལུང་ཡིན་ཏེ། དེ་ལ་ཕུན་སུམ་ཚོགས་པ་བརྒྱད། གང་ཟག་ཕུན་སུམ་ཚོགས་པ། གྲོགས་ཕུན་སུམ་ཚོགས་པ། གནས་ཕུན་སུམ་ཚོགས་པ། དུས་ཕུན་སུམ་ཚོགས་པ། རྫས་ཕུན་སུམ་ཚོགས་པ། ཡོ་བྱད་ཕུན་སུམ་ཚོགས་པ། སྒྲུབ་པའི་ཆོ་ག་ཕུན་སུམ་ཚོགས་པ། བྱིན་རླབས་དང་དངོས་གྲུབ་ཕུན་སུམ་ཚོགས་པའོ། །དང་པོ་རྟེན་གྱི་གང་ཟག་ནི། རྣམ་པར་ངེས་པའི་རིག་འཛིན་བླ་མ་དང་ཡི་དམ་ངེས་པར་བཟུང་བ་དེས་སྒྲུབ་པའོ། །གཉིས་པ་གྲོགས་ནི། ཕྱི་ནང་བརྡ་སྦྱོར་དང་། རྡུལ་ཕྱགས་སྐྱེས་བུ་དང་། མཆོད་པ་སྟོབ་པ་དང་། གཟུངས་མ་མཚན་ལྡན་དང་བཞིའོ། །གསུམ་པ་གནས་ནི། དུར་ཁྲོད་དམ། ཤིང་གཅིག་གམ། གནམ་གྲི་འདྲ་བ། ས་གྲུ་གསུམ་སོགས་ཚེར་མ་སྐྱེས་པའོ། །བཞི་པ་དུས་ནི། ར་བ་བཞི་བསྙེན་པའི་དུས། འབྲིང་པོ་བཞི་སྒྲུབ་པའི་དུས་ཡིན་པས་འབྲིང་པོ་བཞི་ལ་བྱའོ། །ལྔ་པ་དང་དྲུག་པ་རྫས་དང་ཡོ་བྱད་ནི་ལྔ་སྟེ། འཚོ་བ་ཟས་ཀྱི། རྐྱེན་བཟློག་སྨན་གྱི། ཐུགས་དམ་བསྐང་བའི། སྒྲུབ་པ་རྫས་ཀྱི། དགྲ་བགེགས་བསད་པའི་རྫས་ཡོ་བྱད་རྣམས་གཞུང་དུ་བཤད་པ་ལྟར་རོ། །བདུན་པ་བསྒྲུབ་བྱའི་ཆོས་ལ་ལྔ་སྟེ། དང་པོ་ཕྱི་བཤགས་ཕྱི་སྐོང་སྔོན་དུ་འགྲོ་བའི་སྒོ་ནས་ཕྱི་མཚམས་བཅད་པ་དང་། དམ་སྲི་མནན་ཅིང་སྒོ་བྱང་གདགས་པ་དང་། སྟེགས་བུ་བརྩིགས་ཤིང་ས་བཞི་བཟུང་བ་དང་། དཀྱིལ་འཁོར་འབྲི་ཞིང་རྫས་དང་ཡོ་བྱད་དགྲམ་པ་དང་། སྒྲུབ་པ་བྱ་ཞིང་དངོས་གྲུབ་བླང་བའོ། །དང་པོ་ལ་མདོ་བཞི་སྒྲོགས་ཏེ། ཤར་དུ་ཚོགས་བསག་པའི་ཕྱིར་ཤེས་རབ་སྡུད་པ། ལྷོར་བདུད་འདུལ་བའི་ཕྱིར་ཏོག །ནུབ་ཏུ་སྲིན་པོ་འདུལ་བའི་ཕྱིར་ལངྐར་གཤེགས་པ། བྱང་དུ་སྒྲིབ་པ་སྦྱང་བའི་ཕྱིར་དཔང་སྐོང་བསྒྲག་གོ། །ཕྱི་སྐོང་དེའི་ནུབ་མོ་ཞི་བའི་ཕྲིན་ལས་གཞུང་བསྲང་ཐུན་མོང་གི་ལས་བདུན་ནམ་དགུ་བྱའོ། །བསྐོས་གདབ་བོ། །ཕྱི་མཚམས་ལ་གཉིས། སྣང་བ་མིའི། མི་སྣང་བ་བགེགས་ཀྱི་མཚམས་བཅད་པའོ། །དང་པོ་ནི། ཡུལ་དཔོན་ལ། ང་ཡི་སྒྲུབ་པ་མ་ཐོན་པར་འཚེ་བ་མི་བཏང་བར་གཉེར་མཛོད་ཅེས་བྱའོ། །བགེགས་ཀྱི་མཚམས་ལ་གཉིས། རྒྱལ་ཆེན་བཞི་བྱ་རའི་ཚུལ་དུ་གཏད་པ། ཁྲོ་བོ་བཅུ་ཇག་པའི་ཚུལ་དུ་གཏད་པའོ། །དང་པོ་ནི། སྒྲུབ་ཁང་གི་ཕྱི་ཕྱོགས་བཞིར་ཐོ་བཞི་བརྩིག །ཤིང་རིགས་བཞི་ལ་རྒྱལ་ཆེན་བཞིའི་གཟུགས་བཞི་བཏགས་ལ་དམ་ཚིགས་པ་བསྐྱེད། ཡེ་ཤེས་པ་བསྟིམ། གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་ལ། ཕྲིན་ལས་བཅོལ་ལ་བཞག་གོ། །གཉིས་པ་ཁྲོ་བཅུ་ནི། སྒྲུབ་ཁང་གི་ཕྱོགས་བཅུར་དོང་བཅུ་བྲུས་ལ། དེར་ཕྱོགས་སྐྱོང་བཅུ་བཀུག་ལ། ཕུར་པ་བཅུ་ཁྲོ་བཅུར་བསྐྱེད། ཡེ་ཤེས་པ་བཅུག །མཆོད་བསྟོད་བྱས་ལ་ཕྲིན་ལས་བཅོལ་བ་གདབ་བོ། །སྟེང་དུ་ཐོ་རེ་བརྩིག་གོ། །དེ་ནས་དམ་སྲིའི་ལིངྒ་བྲིས། དགུག་གཞུག་བྱ། ཁྱི་ཐོད་དུ་བཅུག །རེ་བས་དྲིལ། ཐེམ་པའི་འོག་ཏུ་མནན་ལ་རྒྱས་འདེབས་ཆེན་པོའི་བྲོས་སྦྱང་ངོ་། །དེ་ནས་ཤིང་གི་བྱང་བུ་ལ་གཤིན་རྗེ་གཤེད་བྲིས་ལ་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་བཅུག་ལ་མཆོད་ཅིང་བསྟོད་པ་ཕྱི་སྒོ་ལ་བཏགས་ཏེ་ཕྲིན་ལས་བཅོལ་ལོ། །དེ་ནས་ཡང་ཤིང་གི་བྱང་བུ་ལ་བདུད་རྩི་འཁྱིལ་བ་བྲི། ཡེ་ཤེས་པ་བཅུག །མཆོད་ཅིང་བསྟོད་ལ་ནང་སྒོ་ལ་གདགས་སོ། །དེ་ནས་སྟེགས་བུ་བརྩིག་པ་ནི། ས་ཆོག་ལྟར་ས་བརྟགས་ལ་སྟེགས་བུ་བྱ། མེ་ལོང་གི་ངོས་ལྟར་བཅགས་ལ་ནུབ་མོ་མེ་ཏོག་བཀོད་པར་ལྷ་སྟ་གོན་བྱ། ནང་པར་སྔ་དྲོ་བ་སུ་ཏས་ཐིག་གདབ། །གྲོགས་འཁོར་ལོ་རྒྱས་འདེབས་སུ་བསམ། །ཉི་མ་ཕྱེད་ནས་ཚོན་བྲི། མི་རུས་ལ་དཀར་པོ། དུར་ཁྲོད་སོ་ཕག་ལ་དམར་པོ། རོ་སོལ་ལ་ནག་པོ། །རོ་ཁུང་དུ་སྔོ་སྐྱེས་པ་ལ་ལྗང་གུའོ། །དེའི་སྟེང་དུ་རྫས་དང་ལྷ་ཕུར་བཀོད། རྒྱན་དང་བླ་བྲེ་དགྲམ། ཕྲིན་ལས་གཞུང་བསྲང་། དལ་སྒྲུབ། འཛབ་དང་ཕུར་བསྐོར་བྱ། སྣང་ཚད་དཔལ་གྱི་སྐུར་བསམ། གྲགས་ཚད་ཀཱི་ལ་ཡའི་སྒྲ། དྲན་རིགས་ཐམས་ཅད་ཐུགས་ཆོས་ཉིད་དུ་ལྷན་ནེ་ལྷང་ངེར་གསལ་བའི་སྒོ་ནས་ལོ་ཟླའི་བར་དུ་སྒྲུབ་བོ། །གབ་པའི་སྔགས་དྲུག་དཀྱུས་ཁོང་ཁྲར་བཏང་། བརྒྱད་པ་ནི། དེ་ལྟར་བསྒྲུབས་པས་རྟགས་དང་མཚན་མ་བཟང་པོ་བྱུང་བ་དང་། དངོས་གྲུབ་བླང་བར་བྱ་སྟེ། དངོས་གྲུབ་ཀྱི་རྫས་རྣམས་ཉེ་བར་བཞག་པ་ལ། སྔགས་དང་དབྱངས་དང་བཅས་པས་དངོས་གྲུབ་བླང་ངོ་། །དེ་ནས་ཚེ་ཆོག་རྒྱས་པར་བྱ། ལྷག་ཅད་ཁ་བསྐང་། བཀྲ་ཤིས་བདུད་རྩི་སོགས། གནོད་སྦྱིན༴ ལས་ལ་དབང་བའི་དངོས་གྲུབ་སྩོལ། །ཧཱུྃ། ཤར་ལྷོར༴ དབྱུག་སྔོན་སོགས། མེ་ལྷའི༴ ཡེ་ཤེས་དབང་བའི༴ ཧཱུྃ། ལྷོ་ནུབ༴ མི་གཡོ་སོགས། བདེན་བྲལ༴ སྐྱེ་ལ་དབང་བའི༴ ཧཱུྃ་ནུབ་བྱང་༴ གཞན་གྱིས་སོགས། རླུང་ལྷའི༴ ཡོ་བྱད་དབང་བའ༴ ཧཱུྃ། བྱང་ཤར༴ ཁམས་གསུམ་རྣམ་རྒྱལ་སོགས། དབང་ལྡན༴ སྨོན་ལམ༴ ཧཱུྃ། སྟེང་ཕྱོགས༴ ཧཱུྃ་ཀར་སོགས། ཚངས་པའི༴ མོས་ལ་དབང་བའི༴ ཧཱུྃ། འོག་ཕྱོགས༴ སྟོབས་ཆེན་སོགས། ས་བདག༴ རྫུ་འཕྲུལ་དབང་བའི༴ ཧཱུྃ། གསེར་གྱི་ཕུར་པ་ཟུར་བཞི་ཡི། །ལོགས་ལ་རྒྱས་པའི་ལྷ་བཀོད་དེ། །བསྒོམ་ཞིང་བསྒྲུབ་པའི་དོན་ལགས་ཀྱི། །ཁྲོ་རྒྱལ་སྐུ་ཡི་དངོས་གྲུབ་སྩོལ། །དེས་འགྲེ། ཧཱུྃ། ཟངས་ཀྱི་ཕུར་པ་ཟླ་གམ་གྱི། །ངོས་ལ་དབང་གི༴ བསྒོམ་ཞིང་༴ ཁྲོ་རྒྱལ་གསུང་གི༴ ཧཱུྃ། དངུལ་གྱི་ཕུར་པ་ཟླུམ་པོ་ལ། །ངོས་ལ་ཞི་བའི་ལྷ༴ བསྒོམ་ཞིང་༴ ཁྲོ་རྒྱལ་ཐུགས་ཀྱི༴ ཧཱུྃ། ལྕགས་ཀྱི་ཕུར་པ་ཟུར་གསུམ་གྱི། །ངོས་ལ་དྲག་པོའི་ལྷ༴ བསྒོམ་ཞིང་༴ ཁྲོ་རྒྱལ་ཕྲིན་ལས་དངོས་གྲུབ་སྩོལ། །ཅེས་པ་དང་། ཧཱུྃ། ཁྲོ་བས་ཁྲོ་བ་ཞི་མཛད་པ། །ཞེས་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཞུའོ། །དེ་ཡང་དང་པོ་བླ་མ་ལ་མཆོད། དེ་ནས་རིམ་གྱིས་ཟའོ། །དངོས་གྲུབ་བླང་བའི་ལུང་རྫོགས་སོ།། ༈ །།ཤྲཱི་བཛྲ་ཀུ་མཱ་ར་ན་མོ། རྟགས་དང་མཚན་མ་བསྟན་པ་དང་། །ཞེས་པ་ཕྲ་ཐིག་དོན་གྱི་རྣལ་འབྱོར་བསྒོམ་ན་རྟག་དང་མཚན་མ་མྱུར་དུ་འབྱུང་བ་ཡིན་ནོ། །རྒྱུད་ལས། དབང་ཆེན་འབྱུང་བའི་རིམ་བརྩེགས་ནི། །རྣལ་འབྱོར་པ་ཡི་ལུས་ལ་རྫོགས། །ཕུང་པོ་ལྔ་ནི་སྲས་ལྔའི་དངོས། །སྐུ་ལྔ་ཡེ་ཤེས་དགུ་དང་ལྡན། །རང་སེམས་ནོར་བུ་རིན་པོ་ཆེ། །ཞེས་གསུངས་པས། འདི་ལ་གསུམ་སྟེ། ཕྱི་ནང་གསང་བའི་བསྐྱེད་རིམ་མོ། །དང་པོ་ནི། གོང་དུ་རྒྱས་པར་བསྟན་ནོ། །ནང་ནི་ཕྲ་མོའི་རྩ་ལ་བསྒོམ་པ་ཡིན་ཏེ། དེ་ཡང་འབྱུང་བ་རིམ་བརྩེགས་ནི་རྣལ་འབྱོར་པ་ཡི་ལུས་ལ་རྫོགས་པར་གསང་རྒྱུད་ནས་བཤད་པ། སྤྱི་གཙུག་བདེ་ཆེན་གྱི་དལ་ན་རྩ་འདབ་སུམ་ཅུ་རྩ་གཉིས་འདུས་པའི་དབུས་ན། བུདྡྷ་འདུས་པའི་སྲས་མཆོག་དཀར་པོ་གཡས་འཁོར་ལོ། གཡོན་དུང་ཆེན་བྷན་དམར་ཁྲོ་བོའི་ཆས་ཀྱིས་གསོལ་ལོ། །སྒྲུབ་པའི་ལུང་རྫོགས་སོ།། ༈ །།ཤྲཱི་ཀུ་མཱ་ར་ན་མོ། །དེ་ཡང་གྲུབ་རྟགས་ནི་ཡ་ང་བ་དང་། སྐྱི་ཟིང་བ་དང་། བྱིན་ཆུང་བ་དང་སྐྱོ་བ་བྱུང་ན་བདུད་ཀྱི་རྟགས་ཡིན་པས་ཚར་བཅད་པར་བྱའོ། །ཡེ་ཤེས་ལྷ་ཡི་རྟགས་ནི། ཉམས་དགའ་བ་དང་། བྱིན་ཆེ་བ། ཞེ་དྲོ་ཞིང་ཏིང་ངེ་འཛིན་སྐྱེ་བ་འབྱུང་བས་དེའི་དུས་སུ་ཀ་པཱ་ལར་བཅུད་རྣམ་པ་སྣ་ཚོགས་བསགས་ལ། དལ་གྱི་དབུས་སུ་བཞག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་ཧཱ་སིདྡྷི་ས་མ་ཡ་སྟྭཾ། ཞེས་པ་བརྒྱ་རྩ་བརྒྱད་ཀྱི་སྤྲོ་བསྡུས་བསྟིམ་ལ་འདི་སྐད་དོ། །ཧཱུྃ། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །ཞེས་པ་ནས། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཞེས་བརྗོད་ལ། ༀ་ནི་བསྙེན་པའི་དབུ་བཙུགས་ནས། །དོ་ནུབ་ཕན་ཆད་ཞག་གྲངས་ཐེམས། །དང་པོའི་ཞག་གྲངས་དུས་ཀྱང་དོ་ནུབ་ལགས། །རྡོ་རྗེ་བསྙེན་པའི་གྲངས་ཀྱང་དོ་ནུབ་ཚང་། །རྡོ་རྗེ་སྒྲུབ་པའི་ནམ་ཡང་དོ་ནུབ་ལངས། །བཟླས་བརྗོད་བསྒོམས་པའི་གྲངས་ཀྱང་ཚང་ལགས་པས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་པས་དངོས་གྲུབ་བསྟིམ་མོ། །ཧཱུྃ། དཔལ་ཆེན་ཁྲག་འཐུང་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །བཟླས་བརྗོད་སྒྲུབ་པའི་གྲངས་ཀྱང་ཚང་ལགས་པས། །དངོས་གྲུབ་ཆེན་པོ་སྩོལ་བའི་དུས་ལ་བབ། །ཧཱུྃ། དབུས་ཀྱི་གྲུ་གསུམ་མཐིང་ནག་འབར་བའི་ད་ལ་ནས། །རྡོ་རྗེ་གཞོན་ནུ་འཁོར་ལོ་རྒྱས་འདེབས་མ། །ཡབ་ཡུམ་གཉིས་སུ་མེད་པའི་བྷ་ག་ནས། གསང་བ་བྱང་ཆུབ་སེམས་ཀྱི་དངོས་གྲུབ་སྩོལ། །ཧཱུྃ། ཤར་ཕྱོགས་བརྒྱ་བྱིན་བསྣོལ་བའི་གདན་སྟེང་ནས། །རྣམ་པར་རྒྱལ་བ་རྡོ་རྗེ་སྙེམས་མ་དང་། །སྤྲུལ་པའི་ཕྲ་མེན་སྟག་དང་བྱ་རྒོད་བཅས། །ཤར་གྱི་ཕྱོགས་ལ་མངའ་མཛད་པས། །བརྒྱ་བྱིན་འཁོར་བཅས་འདུལ་བ་དང་། །སེམས་ལ་དབང་བའི་དངོས་གྲུབ་སྩོལ། །དེ་ཐམས་ཅད་ལ་འགྲེས་སུ་ཤེས་པར་བྱ། ཧཱུྃ། །ལྷོ་ཕྱོགས་གཤིན་རྗེ་བསྣོལ་བའི་གདན་སྟེང་ནས། །གཤིན་རྗེ་སོགས་ཚིགས་གསུམ་འགྲེ། གཤིན་རྗེའི་འཁོར་བཅས་འདུལ་བ་དང་། །ཚེ་ལ་དབང་བའི་དངོས་གྲུབ་སྩོལ། །ཧཱུྃ། ནུབ་ཕྱོགས་ཆུ་ལྷ་བསྣོལ་བའི་གདན་སྟེང་ནས། །རྟ་མགྲིན་རྒྱལ་པོ་སོགས། ཀླུ་ཡི་འཁོར་རྣམས་འདུས་པ་དང་། །ཆོས་ལ་དབང་བའི་དངོས་གྲུབ་སྩོལ། །ཧཱུྃ། བྱང་ཕྱོགས༴ བརྒྱན་པ་བརྐྱང་བསྐུམ་དུ་བཞུགས་པ། ཁྲོ་བཅུའི་འཁོར་དཀར་པོ་ཅན། མ་བསྐྱེད་རྫོགས་པའི་ཚུལ་དུ་བསྐྱེད་དོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་བཅུ་དྲུག་ལ་པདྨ་འདུས་པའི་སྲས་མཆོག་དམར་པོ། པདྨ་ཟེའུ་རྒྱས་པའི་མྱུ་གུ་བསྣམས་པ། གཡོན་དུང་ཆེན་དམར་གྱིས་བཀང་བ། གཡོན་བརྐྱང་ཁྲོ་བཅུ་དམར་པོས་བསྐོར་བ། མ་བསྐྱེད་རྫོགས་པའི་ཚུལ་དུ་བསྒོམ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་དབུས་ན། བཛྲ་འདུས་པའི་སྲས་མཆོག་མཐིང་ག །རྡོ་རྗེ་དུང་ཆེན་བསྣམས་པ། ཐུགས་ཀྱི་ཁྲོ་བཅུས་བསྐོར་བ། མ་བསྐྱེད་རྫོགས་པའི་ཚུལ་དུ་བསྒོམ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན་རཏྣ་འདུས་པའི་སྲས་མཆོག་སེར་པོ། རཏྣ་ཟུར་བརྒྱད་པ་བསྣམས་པ། གཡོན་དུང་ཁྲག་ཁྲོ་བཅུ་སེར་པོས་བསྐོར་བ། མ་བསྐྱེད་རྫོགས་པའི་ཚུལ་དུ་བསྒོམ། གསང་བ་བདེ་སྐྱོང་ཙཀྲ་རྩ་འདབ་བརྒྱ་ཉི་ཤུའི་དབུས་ན། ཀརྨ་འདུས་པའི་སྲས་མཆོག་ལྗང་གུ། རྡོ་རྗེ་སྣ་ཚོགས་པ་དང་དུང་ཁྲག །ཁྲོ་བཅུ་ལྗང་གུས་བསྐོར་བ། མ་བསྐྱེད་རྫོགས་པའི་ཚུལ་དུ་བསྒོམ། དེ་ཡང་རྒྱུད་ལས། ཆད་པ་མ་ཡིན་རིག་ཅིང་གསལ། །རྟག་པ་མ་ཡིན་ངོས་གཟུང་བྲལ། །སྣང་སྟོང་དབྱེར་མེད་གཏན་ལ་དབབ། །མཚོན་བྱ་མཚོན་བྱེད་རང་ལ་རྫོགས། །མ་བཙལ་མི་འབྲལ་ཚུལ་དུ་གནས། །ཞེས་བཤད་དོ། །ཕྲ་མོའི་རྣལ་འབྱོར་རྫོགས་སོ།། ༈ །།གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ན་མོ། གསང་བའི་བསྐྱེད་རིམ་ནི་ཐིག་ལེའི་རྣལ་འབྱོར་ཏེ། །རིམ་བརྩེགས་གཞལ་ཡས་ཁང་། ལྷ་ཐམས་ཅད་རང་གི་སེམས་ལ་ཚང་བར་གསང་རྒྱུད་ལས། གསང་བའི་གཞལ་ཡས་བསྟན་པ་ནི། །ཡེ་ནས་རང་བྱུང་དམ་པ་སྟེ། །སངས་རྒྱས་རོལ་མོ་དུ་མས་འཁྲིགས། །རྒྱན་དང་བླ་བྱེ་རང་བཞིན་གྲུབ། །སངས་རྒྱས་གཞལ་ཡས་དམ་པ་ཡིན། །དེ་ཡི་དབུས་ན་བཞུགས་པའི་ལྷ། །ཕྲ་ལ་དོད་པ་བརྟག་པར་བྱ། །དེ་ལ་ཡང་དང་ཡང་དུ་ནི། །ཕྲ་བའི་སེམས་ཀྱིས་བཟུང་གྱུར་ན། །མཇུག་ཏུ་དམིགས་པ་མེད་པར་འགྱུར། །ཞེས་བཤད་པས་ན། ཀུན་གཞིའི་རྣམ་ཤེས་དབུས་ཀྱི་ཕོ་བྲང་། སྒོ་བཞིའི་རྣམ་ཤེས་སྒོ་བཞི། གཙོ་བོ་ཡིད་ཤེས་དབུས་ཀྱི་གཙོ་བོ། །སེམས་བྱུང་ལྔ་བཅུ་རྩ་གཅིག་འཁོར། ཡེ་ཤེས་ལྔ་རྩིག་པ། འདོད་ཡོན་ལྔ་འདོད་སྣམ། མོས་གུས་རིན་ཆེན་ཕ་གུ། སྣང་བ་སྣ་ཚོགས་དྲྭ་བ་དྲྭ་ཕྱེད། ཚད་མེད་བཞི་རྟ་བབས་བཞི། ཏིང་ངེ་འཛིན་མུ་མེད་པ་མུ་ཁྱུད་མུ་མེད་པ་དེ་ལྟར་ཤེས་པའི་ངང་ལ་མ་བཅོས་པར་བཞག་པ་ནི། རྡོ་རྗེ་གཞོན་ནུའི་དགོངས་པའོ། །ཐིག་ལེའི་རྣལ་འབྱོར་རྫོགས་སོ།། ༈ །།ཤྲཱི་བཛྲ་ཀུ་མཱ་ར་ན་མོ། རྟོགས་པ་ལྟ་བའི་ལུང་རྒྱུད་ལས། ལྟ་བ་རྟོག་བྲལ་མ་འཁྲུལ་པ། །རྡོ་རྗེ་གཞོན་ནུའི་དགོངས་པ་ཡིན། ཞེས་པས། དཔལ་རྡོ་རྗེ་གཞོན་ནུའི་རྒྱུད་ལས། སྐུ་ལྔ་ཡེ་ཤེས་དགུ་དང་ལྡན། །ཅེས་བཤད་པས་རྡོ་རྗེ་གཞོན་ནུ་ལ་གསུམ་སྟེ། དང་པོ་གནས་པ་གཞིའི་རྡོ་རྗེ་གཞོན་ནུ་ནི། རང་གི་སེམས་ཡིན་ཏེ། སེམས་དེ་རྒྱུས་མ་བསྐྱེད་པ། རྐྱེན་གྱིས་མི་འཇིག་པ། སངས་རྒྱས་སྒམ་སྟེ་མ་མཛད། སེམས་ཅན་སྒྲིན་ཏེ་མ་བཅོས། རང་བྱུང་གི་ཡེ་ཤེས་ཆེན་པོ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །བགྲོད་པ་ལམ་གྱི་རྡོ་རྗེ་གཞོན་ནུ་ནི། གོང་ལྟར་མ་གོ་བའི་སེམས་ཅན་སྙིང་རེ་རྗེ་སྙམ་དུ་སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། ཐབས་ཤེས་གཉིས་མེད་ལམ་དུ་ཁྱེར་བ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནོ། །གྲུབ་པ་འབྲས་བུའི་རྡོ་རྗེ་གཞོན་ནུ་ནི། །གོང་ལྟར་རྟོགས་པས་གློ་བུར་གྱི་དྲི་མ་དང་བྲལ་བ། སྤྲོས་བྲལ་དག་པ་གཉིས་ལྡན་ཆོས་སྐུ་དེ་ཉིད་དོ། །དེ་ལ་སྐུ་ལྔ་ལྷུན་གྱིས་གྲུབ་སྟེ། སེམས་ཉིད་སྤྲོས་བྲལ་དེ་ཆོས་སྐུ་ཡིན་ལ། །དེའི་རྒྱན་ནམ་རོལ་པ་དེ་ལོངས་སྐུ་དང་། །སྤྲུལ་སྐུ་གཞན་སྣང་དུ་འབྱུང་བའོ། །དེ་ལ་སྡུག་བསྔལ་མེད་པ་དེ་བདེ་བ་ཆེན་པོའི་སྐུ། དེ་རྣམས་དབྱེར་མ་རྙེད་པ་དེ་ངོ་བོ་ཉིད་སྐུའོ། །དེ་ལྟར་སྐུ་ལྔ་ལ་ཡེ་ཤེས་དགུ་ལྡན་ཏེ། སེམས་གསལ་ལ་རྟོག་པ་མེད་པས་མེ་ལོང་ལྟ་བུའོ་ཡེ་ཤེས། སེམས་སོ་སོར་གསལ་བས་སོ་སོར་རྟོག་པའི་ཡེ་ཤེས། སེམས་མཉམ་པར་ཤེས་པས་མཉམ་པ་ཉིད། དེའི་དོན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཡང་ལྷུན་གྲུབ་ཏུ་འདུས་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལྟར་སྣང་ཚད་ཡེ་ཤེས་སུ་འདུག་པས་གདལ་བ་རང་བྱུང་གི་ཡེ་ཤེས། རང་གིས་རིག་ཅིང་རྟོགས་པས་རང་བྱུང་གི་ཡེ་ཤེས། ཅིར་སྣང་ཡེ་ཤེས་སུ་རྒྱས་ཐེབས་པས་སྣ་ཚོགས་གཉིས་མེད་རྒྱས་འདེབས་ཀྱི་ཡེ་ཤེས། དེ་ཐམས་ཅད་དོན་ལ་ཐ་སྙད་དང་བྲལ་བས་སྤྲོས་བྲལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཞེས་བྱ་སྟེ། དེ་ལྟར་སྐུ་ལྔ་ཡེ་ཤེས་དགུ་པོ་རང་ལ་ཚང་བས་གྲུབ་པ་འབྲས་བུའི་རྡོ་རྗེ་གཞོན་ནུ་ཞེས་བྱའོ། །དེས་ན་རྡོ་རྗེ་ཕུར་བུའི་ལྟ་བ་སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན་བྱ་བ་ཡིན་ནོ། །རྩ་རྒྱུད་ལས། འདས་པའི་སངས་རྒྱས་ཐམས་ཅད་ཀྱང་། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ད་ལྟའི་སངས་རྒྱས་ཐམས་ཅད་ཀྱང་། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །མ་འོངས་བུདྡྷའང་དེ་འདྲའོ། །རྟོགས་པ་ལྟ་བའི་ལུང་རྫོགས་སོ།། ༈ །།ཤྲཱི་བཛྲ་ཀུ་མཱ་ར་ན་མོ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །ཞེས་པས་དོན་མཐའ་སྤྱོད་པའི་ལུང་སྟེ། སྤྱོད་པ་ལ་གསུམ་སྟེ། རྒྱ་ཆུང་བ་སྨན་པའི་སྤྱོད་པ། རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པའི་སྤྱོད་པ། ཁྱད་འཕགས་རྨད་དུ་བྱུང་བའི་སྤྱོད་པའོ། །དང་པོ་ནི། ཉན་ཐོས་ཀྱིའོ། །གཉིས་པ་ནི། བོ་དྷི་ས་ཏྭའི་སྤྱོད་པའོ། །གསུམ་པ་ནི་གསང་སྔགས་ཀྱི་སྤྱོད་པ་སྟེ། དེ་ལ་གསུམ། གཉིས་མེད་ལྟ་བའི། །རླབས་ཆེན་ཐབས་ཀྱི། གདུག་པ་འདུལ་བའི་སྤྱོད་པའོ། །དང་པོ་ནི། མྱང་འདས་ལས། གཉིས་མེད་ལྟ་བ་གདིང་དུ་གྱུར། །སྤྱོད་པ་རླབས་ཆེན་ཐབས་སུ་སྤྱོད། །ཕྲིན་ལས་ཐོགས་མེད་སྙིང་རྗེས་སྤྱོད། །དམ་ཚིག་ཉོན་མོངས་དུག་ལྔ་སྒྲོལ། །སྒྲུབ་པ་གཉིས་མེད་རྒྱལ་པོ་སྒྲུབ། །ཤེས་རབ་རྣམ་གསུམ་རྗེས་སུ་བསྒྲུབ། །ཕྱི་ནང་བཀའ་བརྒྱུད་དོན་ལ་མཁས། །ཐེག་པ་རིམ་པ་དགུ་ལ་བྱང་། །གཡེང་བ་མེད་པའི་སྒོམ་པ་ལ། །དམ་ཚིག་འཇིག་པའི་མཁར་བཞིན་བསྲུང་། །རྫས་དང་སྔགས་རྒྱ་རྟག་ཏུ་འཆང་། །ཕུང་པོ་ལྔ་ཡི་དཀྱིལ་འཁོར་དུ། །སྒྱུ་མ་འདྲ་བའི་ཚུལ་དུ་བསྒོམ། །སེམས་ནི་ཆོས་ཉིད་ངང་ལ་གནས། །འཛབ་དང་ཕྱག་རྒྱ་རྒྱུན་མི་གཅོད། །ཕྲིན་ལས་བྱེ་བ་རྣམ་པར་འབྱེད། །གང་ལ་དམིགས་པ་སྒྲུབ་ཅེས་བཤད། །ཡིད་ལ་བསམ་པ་ཅི་ཡང་འགྲུབ། །ཅེས་པ་དེ་རྣམས་གཉིས་མེད་ལྟ་བའི་སྤྱོད་པ་ཡིན་ནོ། །གཉིས་པ་ནི། དུག་ལྔ་པོ་དེ་རྡོ་རྗེ་གཞོན་ནུའི་སྤྱོད་པ་ཡིན་ཏེ། ཐབས་རིག་པ་ཡེ་ཤེས་ཀྱིས་འདོད་ཆགས་ལ་འདོད་ཆགས་ལམ་དུ་ཁྱེར་བའི་ཡབ་ཡུམ་ཞལ་སྦྱོར་དུ་བསྟན་པ་ནི་ལྷན་སྐྱེས་ཡེ་ཤེས་སུ་མཚོན་པའོ། །ཞེ་སྡང་ཅན་ལ་ཞེ་སྡང་ལམ་ཁྱེར་གྱི་སྤྱོད་པ། ཁྲོ་གཏུམ་འཇིགས་པའི་སྐུ་དང་ལྡན་པར་སྟོན་པ་ནི་གསལ་ཆ་བསྟན་པའོ། །གཏི་མུག་ཅན་ལ་གཏི་མུག་ལམ་ཁྱེར་གླང་པོ་ཆེའི་ཀོ་བས་བརྒྱན་པ་ནི་མི་རྟོག་མཚོན་པའོ། །ང་རྒྱལ་ཅན་ལ་ང་རྒྱལ་ལམ་དུ་ཁྱེར་གྱི་སྤྱོད་པ། སྟག་གི་ཤམ་ཐབས་བསྟན་པས་རྟོག་བྲལ་ཆེན་པོར་སྟོན་པའོ། །ཕྲག་དོག་ཅན་ལ་ཕྲག་དོག་ལམ་ཁྱེར་གྱི་སྤྱོད་པ། མིའི་གཡང་གཞི་ཡ་བསྐོར་གྱོན་པ་ནི་མཉམ་པ་ཉིད་དུ་གནས་པའོ། །གསུམ་པ་གདུག་པ་འདུལ་བ་ནི། དཔའ་གཏུམ་འཇིགས་པར་སྟོན་པའོ། །དོན་མཐའ་སྤྱོད་པའི་ལུང་རྫོགས་སོ།། ༈ །།ཤཱི་བཛྲ་ཀུ་མཱ་ར་ན་མོ། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པས་མི་འདའ་བ་དམ་ཚིག་གི་ལུང་ཟིན་ཏེ། དེ་ལ་ངོ་བོ། ངེས་ཚིག །དབྱེ་བ། བསྲུང་ཐབས། ཉམས་ན་གསོ་བའོ། །དང་པོ་ནི། ངོ་བོ་སེམས་རང་གི་དབང་པོ་རང་གིས་ཐུབ་པའོ། །གསང་རྒྱུད་ལས། སྟོང་པ་ཆེན་པོའི་སེམས་གསལ་བ། །འདི་ནི་དམ་ཚིག་གི་ངོ་བོ། །ཞེས་སོ། །གཉིས་པ་ངེས་ཚིག་ནི། གསང་རྒྱུད་ལས། ངེས་པར་བསྲུང་བ་དམ་པ་ལ། །འདས་ན་ཚིག་པས་དམ་ཚིག་གོ། །ཞེས་སོ། །དབྱེ་བ་བཞི་སྟེ། ཐུན་མོང་སྤྱིའི། སྒྲུབ་པ་ཁྱད་པར་གྱི། སྤྱོད་པ་རྒྱུན་གྱི། ལྟ་བ་གལ་མདོའི་དམ་ཚིག་གོ། །དང་པོ་ལ། རྩ་བ་གསུམ་དང་། ཡན་ལག་ཉི་ཤུ་རྩ་ལྔའོ། །དང་པོ་སྐུའི་དམ་ཚིག་བླ་མ་ཡི་དམ་ལ་འབྱོར་ཚད་འབུལ། གསུང་གི་དམ་ཚིག་ཏུ་དེས་ཕོག་པའི་གསང་སྔགས་བཟླ། ཐུགས་ཀྱི་དམ་ཚིག་གསང་བ་གཞན་དུ་མི་སྤེལ། གསང་བའི་དམ་རྫས་གཟེར་སྦའོ། །ཡན་ལག་ཉི་ཤུ་རྩ་ལྔ་སྤྱི་དང་མཐུན། མྱང་འདས་ལས། ས་གཞི་ཆེན་པོ་འདྲ་སྟེ་ཀུན་གྱི་བརྟེན། །ཡིད་བཞིན་ནོར་བུ་འདྲ་སྟེ་འདོད་པ་བསྐང་། །གཅན་གཟན་སེང་གེ་འདྲ་སྟེ་ཟིལ་གནོན་པས། །སྤྱི་ཡི་དམ་ཚིག་དེ་དག་བསྲུང་བར་བྱ། །ཞེས་སོ། །གཉིས་པ་ཁྱད་པར་གྱི་དམ་ཚིག་ཉི་ཤུ་ལ། གཅན་གཟན་རུའི་བཀའ་ཟུར་ཙམ་ཡང་མི་བཅག་ཅིང་གདན་ས་མི་རློམ། རྒྱལ་པོ་སེངྒེ་བསད་མི་བྱ། །ཟ་མ་ཏོག་ཏུ་ངན་པའི་བསམ་ངན་སྤང་། དུག་མི་སྤྱོད། །རིན་པོ་ཆེ་ཡི་སེམས་བསྐྱེད་པ་མི་སྤང་། ལྕུག་མ་བཅད་མི་བྱ། །གངས་ཀྱི་ཞུན་ཆུ་ཁོལ་གསང་དབང་གི་ཡུམ་མི་སྤྱད། མ་ཡོངས་མི་བཏུང་། །པདྨ་རྒྱལ་པོའི་ཟེའུ་ཁ་མི་མཆེད་མོ་མི་སྤྱད། འབྱེད། །བུག་རྡོལ་མ་སྨིན་པའི། ཅན་གྱི་སྣོད་དུ་བཅུད་མི་ཕྱག་རྒྱ་མི་བྱ། བླུག །མ་བརྟགས་པ་ཡི་བྱིན་གྱིས་མ་བརླབས་པར་མི་ཟ། ཟས་དང་ནོར་མི་བསྲེལ། །ཤེལ་སྒོང་དཀར་དམ་ཚིག་བསྲུང་། པོ་རྫབ་ཏུ་བསྣུབ་མི་བྱ། །སྣོད་ངན་སྣོད་མིན་ལ་གདམས་པ་མི་སྦྱིན། དག་ཏུ་སེང་གེའི་ཞོ་མི་བཞོ། །ཡིད་བཞིན་སྣོད་ལྡན་ལ་སྦྱིན། ནོར་བུ་ཐབ་ཏུ་ཡོངས་མི་སྲེག །བྱ་ཡི་རྒྱལ་པོ་ཁྱུང་གི་གཤོག །ཐབས་ཤེས་འབྲལ་དུ་མི་བཅུག །མི་བཅག །གནམ་ལྕགས་ཨུར་མོ་ས་ལ་གར་ཐོད་ཐོད་དུ་འཐབ་མི་རུང་། གདབ་མི་བྱ། །སྟག་གཟིག་རོལ་པའི་ཟས་ཚོགས་ཀྱི་ཕུད་མ་ཉམས་པར་བྱ། ཀྱི་ལྷག་མི་ཟ། །རྡོ་རྗེས་གཏམས་དམ་བཅའ་མི་བཏང་། པའི་བྲག་རྣམས་ཡོང་མི་བཤིག །རྡོ་རྗེ་ར་བས་མཚམས་དམ་དུ་བྱ། བསྐོར་བའི་ཐོ་མི་དབྲལ། །མུན་པ་གསལ་བའི་ཏིང་ངེ་འཛིན་མི་ཉམས་པར་བྱ། སྒྲོན་མེ་ཡོངས་མི་བསད། །རྡོ་རྗེ་ཆུ་ཡི་སྙིང་པོ་མི་བཅད། འོལ་ཀ་བཅད་མི་བྱ། །རྒྱལ་པོའི་སྣོད་མིན་ལ་དབང་མི་བསྐུར། རྟགས་ཀྱི་ཕྱག་རྒྱ་ཡོངས་མི་སྦྱིན། །རྡོ་རྗེ་མཁར་དམ་ཚིག་གཙོ་བོར་བསྲུང་། རྫོང་གཏམས་པ་རྨང་མི་རློག །རྒྱལ་མཚན་རྩེ་ཡི་རུ་སྤྱི་བོར་བསྒོམ། ནོར་བུ་མི་འགོག་གོ། །ཞེས་མྱང་འདས་ལས་བཤད་དོ། །སྤྱོད་པ་རྒྱུན་གྱི་དམ་ཚིག་ལ་བཞི་སྟེ། གཉིད་ཀྱི་དགྲ་གཞོམ། མྱོས་འགྱུར་ཆང་བསྡོམ། ལེ་ལོའི་དགྲ་སྤང་། གསང་བའི་བརྡ་བསྲུང་བའོ། །གལ་མདོ་ལ་གསུམ། མ་ཁྲེལ་བ་ལ་བཞི། སྒྲུབ་པ་ལྷས་མ་ཁྲེས་བ། སྲི་ཞུ་བླ་མས་མ་ཁྲེལ་བ། གདུང་སེམས་མཆེད་ཀྱིས་མ་ཁྲེལ་བ། གཡོ་སྒྱུ་རང་གི་སེམས་ཀྱིས་མ་ཁྲེལ་བའོ། །ཉམས་པ་བཞི་ནི། རྩ་བ་ཉམས་ན་ས་བོན་རུལ་བ་དང་འདྲ། ཡན་ལག་ཉམས་ན་ལྗོན་ཤིང་མེས་ཚིག་པ་དང་འདྲ། དངོས་སུ་ཉམས་ན་སྒོ་ང་རུལ་བ་འདྲ། །ཟུར་གྱིས་ཉམས་ན་འབྲས་བུ་མི་འབྱུང་ངོ་། །མཐར་ཕྱིན་པའི་རྟགས་བཞི་ལ། དམ་ཅན་འདུ་ཞིང་མཐུ་རྩལ་ཆེ་བ་དང་། །གཟི་བརྗིད་ཆེ་ལ་ཏིང་འཛིན་བརྟན་པ་དང་། །ཡིད་དུ་འོང་ཞིང་འདོད་པ་འགྲུབ་པ་དང་། །མང་པོས་བཀུར་ཞིང་གྲགས་པ་ཐོབ་པ་འབྱུང་། །ཞེས་རྒྱུད་ལས་བཤད་དོ། །ཉམས་པའི་རྒྱུ་བཞི་ལ། གདུག་པ་དུས་སུ་མི་སྒྲོལ་བ། །འདི་ཡང་དམ་ཚིག་ཉམས་པ་ཡིན། །མ་མོ་མཁའ་འགྲོར་གཏོར་མ་གཅོག །འདི་ཡང་དམ་ཚིག་ཉམས་པ་ཡིན། །བཤད་པའི་དམ་རྫས་མི་ཚང་བ། །འདི་ཡང་དམ་ཚིག་ཉམས་པ་ཡིན། །སེམས་ཅན་དོན་རྣམས་མི་བྱེད་པ། །འདི་ཡང་དམ་ཚིག་ཉམས་པ་ཡིན། །ཅེས་གསང་རྒྱུད་ལས་བཤད་དོ། །ཉམས་པ་གང་གིས་བསྐང་ན་དེ་ཉིད་ལས། སྐུ་གསུང་ཐུགས་ཀྱི་དམ་ཉམས་ན། །རང་ལྷ་བླ་མ་དམ་པ་ལ། །དབང་རྣམས་ཚང་བར་ནོད་བྱས་ཏེ། །འབྱོར་པ་ཅི་དང་ཅི་ཡོད་པ། །བླ་མ་ལ་ཕུལ་བསྐང་བར་འགྱུར། །ཞེས་དང་། ཕྱིས་མི་བྱེད་པར་དམ་བཅའོ། །དམ་ཚིག་གི་ལུང་རྫོགས་སོ།། ༈ །།ཤྲཱི་བཛྲ་ཀུ་མཱ་ར་ན་མོ། སངས་རྒྱས་ཕྲིན་ལས་རྫོགས་མཛད་པ། །ཞེས་པས་གདབ་པ་ཕྲིན་ལས་ཀྱི་ལུང་བསྟན་ཏོ། །གདབ་ལས་བྱས་པའི་སེམས་ཅན་གྱི་ལུས་ལ་སྙིང་རྗེ་མེད་པས་མཚོན་འདེབས་པ་ལྟ་བུ་མ་ཡིན་ཏེ། འོ་ན་ཅི་ལྟ་བུ་ཞེ་ན། ཕུར་པ་ནི་ལྷ་དང་ཡེ་ཤེས་སུ་བྱིན་གྱིས་རློབས་པ་ཡིན་པས། དེ་བཏབ་པས་ལས་དང་ཉོན་མོངས་པ་ཟད་ནས་ངན་སོང་དུ་མི་སྐྱེ་ལ། བྱང་ཆུབ་ཐོབ་པར་བྱེད་པ་ཡིན་ནོ། །དེས་ན་སྔགས་ཐབས་ཆེ་བ་ཡིན་ནོ། །འོ་ན་གང་གིས་གང་ལ་འདེབས་ན། རིག་པ་ཡེ་ཤེས་ཀྱི་ཕུར་པ་དེ་མ་རིག་པ་ལ་འདེབས། མ་རིག་པ་ཡེཤེས་སུ་སོང་ཙ་ན་ཐེབས་པའི་ཚད། ཐུགས་རྗེ་སྤྲུལ་པའི་ཕུར་པ་ཁམས་གསུམ་སེམས་ཅན་ལ་འདེབས། སེམས་ཅན་ཐམས་ཅད་སངས་རྒྱས་ན་ཐེབས་པའི་ཚད། གསང་བ་བྱང་ཆུབ་སེམས་ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་འདེབས། ཐབས་ཤེས་གཉིས་མེད་དུ་སོང་ཙ་ན་ཐེབས་པའི་ཚད། མཚན་མ་རྫས་ཀྱི་ཕུར་པ་དགྲ་བགེགས་ལ་འདེབས། དགྲ་བགེགས་རང་སར་ཞི་ཙ་ན་ཐེབས་པའི་ཚད། དེ་ཡང་མྱང་འདས་ལས། བྱང་ཆུབ་སེམས་ཀྱི་ཕུར་པ་དེ། །རྣམ་རྟོག་གཟུང་འཛིན་ངོས་ལ་གདབ། །དངོས་པོ་ཀུན་བྲལ་ཕུར་པ་དེ། །གདབ་དང་མི་གདབ་གཉིས་ལས་འདས། །སྐྱེ་མེད་གདལ་བའི་ཕུར་པ་དེ། །དབྱིངས་ལ་གདབ་ན་རིག་པ་ཤར། །ཡེ་ཤེས་ལ་གདབ་ན་དོན་དམ་རྟོགས། །ཁྱབ་གདལ་རང་བཞིན་ཕུར་པ་དེ། །སྣང་སྲིད་ཀུན་ལ་ཁྱབ་པར་གདབ། །དེ་ལྟར་རྟོགས་ན་ཐེབས་པ་ཡིན། །མངོན་དུ་གྱུར་ན་རྟོགས་པ་ཡིན། །ཚིག་ལས་འདས་ན་སངས་རྒྱས་ཡིན། །གྲངས་ལས་འདས་ན་བརྗོད་དུ་མེད། །ཅེས་གསུངས་སོ། །དེ་ལྟར་རྟོགས་པས་ཉོན་མོངས་ཞི་བས་ཞི་བའི་ཕུར་པའོ། །བུདྡྷའི་ཡོན་ཏན་རྒྱས་པར་བྱེད་པས་རྒྱས་པའི་ཕུར་པ། །རང་སེམས་དབང་དུ་འདུས་པས་དབང་གི་ཕུར་པ། དེ་འཁོར་བ་ལས་སྒྲོལ་བར་བྱེད་པས་དྲག་པོའི་ཕུར་པ་ཡང་དེ་ཉིད་དོ། །དེས་ན་མྱང་འདས་ལས། ཆོས་ཀྱི་ཆོས་ཉིད་ཕུར་པ་ཡིན། །སེམས་ཀྱི་སེམས་ཉིད་ཕུར་པ་ཡིན། །ནམ་མཁའི་མཚན་ཉིད་ཕུར་པ་ཡིན། །ཞེས་པས་མངོན་ནོ། །གདབ་པ་ཕྲིན་ལས་ཀྱི་ལུང་རྫོགས་སོ།། ༈ །།ཤྲཱི་བཛྲ་ཀུ་མཱ་ར་ལ་ན་མོ། །སྙིང་རྗེ་བསྒྲལ་བ འི་དམ་ཚིག་ནི། །ཞེས་པས། འདི་ནས་ཕ་རོལ་ཏུ་བསྒྲལ་བ་དང་། ཕ་རོལ་བར་དོ་ནས་བདེ་བ་ཆེན་པོར་བསྒྲལ་བའོ། །དེ་ནས་རྟོགས་པས་བདག་སྒྲོལ། ཐུགས་རྗེས་གཞན་སྒྲོལ་བའོ། །དེེས་ན་རྡོ་རྗེ་ཕུར་པའི་བདུན་ཚིགས་ཀྱི་ལུང་དུ་འབྲེལ་བ་ལ་གསུམ་སྟེ། ཤི་བ་པོ་དེ་གར་སྐྱེ་ངེས་པ་མེད་པས་སྙིང་རྗེ་གནས་སུ་འབྲེལ་བ་དང་། བར་དུ་སློབ་མ་ཡིན་པས་དམ་ཚིག་འབྲེལ་བ་དང་། དེ་རང་ཡང་ཡི་དམ་ལྷ་དང་འབྲེལ་བ་ཞིག་དགོས་སོ། །དེ་ལ་ཆོས་བརྒྱད་དེ། །དང་པོ་རྟེན་བཅའ་བ་དང་། དེ་ནས་བགེགས་དང་དབྲལ་བ། དེ་ནས་ངན་སོང་ནས་དྲང་བ། སྐྱབས་འགྲོ་སེམས་བསྐྱེད་དབོག་པ། ཡེ་ཤེས་ཀྱི་ཁྲུས་བྱ་བ། ཆོས་བཤད་དབང་རིམ་བྱ་བ། ལམ་བསྟན་ལྷ་དང་སྤྲད། ལས་སྦྱོར་ལྷ་ལ་བསྟིམ་པའོ། །དང་པོ་རྟེན་ནི་མཚན་བྱང་དྲི་མ་གཞན་དང་འདྲ་བ་ལས། སྤྱི་བོར་ཨ་བྲི། མགྲིན་པར་ཏྲི། སྙིང་གར་ནྲྀ། ལྟེ་བར་སུ། གསང་བར་པྲེ། རྐང་མཐིལ་དུ་དུཿ རེ་རེ་བྲིའོ། །གཉིས་པ་བགེགས་དང་དབྲལ་བ་ནི། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཞེས་པ་ནས། ཀླད་པ་ཁོས་བརྗོད་ལ་སྔགས་བརྗོད། གསུམ་པ་ངན་སོང་ནས་དྲང་བ་ནི། ཕྲིན་ལས་གཞུང་བསྲང་ལ། གཤིན་པོ་དང་པཱུ་ཛའི་ལྷ་མོ་རྣམས་མགྲིན་གཅིག་ཏུ་མཆོད་པ་འབུལ་བ་ནི། ཧཱུྃ། མེ་ཏོག་གསལ་བཀྲ་མ་ཡི་མཆོད་བཀྲམ་ཞིང་། །རྣལ་འབྱོར་རབ་ཏུ་གསང་བ་མ་ཡི་གླུ་བླངས་ནས། །མེ་ཏོག་གསལ་བཀྲ་མ་ཡི་མཆོད་བཤམས་པ། །རྣལ་འབྱོར་རབ་ཏུ་གསལ་བའི་མཆོད་པ་བཞེས་སུ་གསོལ། །ༀ་བཛྲ་པུཥྤེ་ཧཱུྃ། ཚིག་དེ་ཐམས་ཅད་འགྲེས་སུ་ཤེས་པར་བྱའོ། ཧཱུྃ། སྤོས་ཀྱི་སྤྲིན་ལྡིང་མ་ཡི་མཆོད་བཤམས་ཤིང་། །དེ་མན་ཆད་འགྲེ། ཧཱུྃ། གསལ་བའི་སྒྲོན་མེ་མ་ཡི་མཆོད་བཤམས་ཤིང་། །འགྲེ། ཧཱུྃ། བདུད་རྩི་བཤོས་མཆོད་མ་ཡི་མཆོད་བཤམས་ཤིང་། །འགྲེ། ནང་གི་ལྷ་མོ་ལ། རྡོ་རྗེ་འགྱིང་ཆེན་མ་ཡི་མཆོད་བཤམས་ཤིང་། །ༀ་བཛྲ་ལ་སྱཱ་ཧཱུྃ། འགྲེ། ཧཱུྃ། རིན་ཆེན་དཔལ་ཕྲེང་མ་ཡི་མཆོད་བཤམས་ཤིང་། །འགྲེ། ཧཱུྃ། པདྨ་དབྱངས་མཁན་མ་ཡི་མཆོད་བཤམས་ཤིང་། །འགྲེ། ཧཱུྃ། ལས་ཀྱི་གར་མཁན་མ་ཡི་མཆོད་བཤམས་ཤིང་། །འགྲེ། དེ་ནས་གསང་མཚན་ནས་འབོད་ཅིང་དུག་སྦྱང་བ། ཧཱུྃ། ཉོན་ཅིག་ཚེ་འདས་སྔགས་འཆང་ཁྱོད། །ང་ནི་སྙིང་རྗེ་ཀུན་གྱི་མགོན། །ང་ཡི་བྱམས་པ་ཀུན་གྱི་སྐྱབས། །ཁྱོད་ཀྱི་སློབ་དཔོན་ང་ཡིན་གྱི། །དང་པོ་སྐྱེས་པ་ལས་ལས་སྐྱེས། །བར་དུ་རྟེན་ཡང་ལས་ལ་བརྟེན། །ཐ་མ་འཆི་ཡང་ལས་ཀྱིས་འཆི། །ཁྱོད་ལ་མགོན་སྐྱབས་སུ་ཡང་མེད། །ཁྱོད་ཀྱི་སློབ་དཔོན་ང་ཡིན་གྱི། །བདེན་པའི་ཚིག་ལ་ཚེ་འདས་ཉོན། །ཞེ་སྡང་རབ་ཏུ་འབར་བ་ཡིས། །དམྱལ་བའི་གནས་སུ་ཁྲིད་པའི་ཚེ། །ཐུགས་རྗེས་འགྲོ་བ་སྐྱོབ་མཛད་པ། །ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །ཚེ་འདས་དེ་ལ་སྐྱབས་སུ་སོང་། །ཆོས་ཉིད་བདེན་པའི་བྱིན་རླབས་དང་། །རྡོ་རྗེ་གཞོན་ནུའི་གསང་སྔགས་དང་། །སྟོབས་ཆེན་རྒྱལ་པོའི་ཐུགས་རྗེ་ཡིས། །ཚེ་འདས་དམྱལ་བའི་གནས་ནས་ཐར་བར་ཤོག །ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཨ་ཨ། ཆྒཻ་མོའི་དུག་སརྦ་པཱ་པཾ་ཤཱི ནྟཾ་ཀུ་རུ་སྭཱ་ཧཱ། དུག་ཆུ་ལ་སོང་ཞིག །དུག་ས་ལ་སོང་ཞིག །དུག་མེ་ལ་སོང་ཞིག །དུག་རླུང་ལ་སོང་ཞིག །དུག་ནམ་མཁའ་ལ་སོང་ཞིག །དེས་འགྲེའོ། །སེར་སྣ་རབ་ཏུ་ཆགས་པ་ཡིས། །ཡི་དྭགས་གནས་སུ་ཁྲིད་པའི་ཚེ། །ཐུགས་རྗེས་འགྲོ་བ་སྐྱོབ་མཛད་པ། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དཔལ། །ཚེ་འདས་དེ་ལ་སྐྱབས་སུ་སོང་། །དེ་མན་ཆད་འགྲེ། བྱོལ་སོང་ལ་རྣམ་རྒྱལ། མི་ལ་གཤིན་རྗེ། ལྷ་མ་ཡིན་ལ་བདུད་རྩི་འཁྱིལ་བ། ལྷ་ལ་ཧཱུྃ་ཀཱ་ར་སྟེ། གཉེན་པོའི་ལྷ་ལ་ཞུའོ། །དེ་ནས་རིགས་དྲུག་གི་གཏོར་མ་བཏང་། དེ་ནས་ཚེ་འདས་ལ་སྐྱབས་འགྲོ་དབོག །དེ་ནས་སེམས་བསྐྱེད་དབོག །དེ་ནས་ཁྲུས་གདོན། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །ཞེས་པ་གསུམ་ཀ་ལ་བྱ། ཧཱུྃ། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས། །ཡེ་ཤེས་བདུད་རྩིའི་ཆར་ཕོབ་ལ། །དུག་ལྔའི་མེ་ཆེན་ཞི་བར་མཛོད། །མ་རིག་བག་ཆགས་འཁྲུད་པར་ཤོག །སྔགས་བཟླ་ཞིང་བཀྲུའོ། །ཧཱུྃ། ཁྲུས་མཆོག་འདི་ཉིད་དཔལ་དང་ལྡན། །ཉོན་མོངས་དུག་ལྔ་རྣམ་སྦྱོང་བའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །སྔགས་འགྲེ། དེ་ནས་ཆོས་བཤད་པ་ནི་གཤིན་དང་གཤེད་གཉིས་ཀ་ལ་རྒྱུ་འབྲས་ཀྱི་ཆོས་བཤད་དོ། །དེ་ནས་དབང་བསྐུར་བ་ནི་བུམ་པ་སྤྱི་བོར་བཞག་ལ། ཧཱུྃ། བླ་མ་ཡི་དམ་བུམ་པ་འདི། །བདེན་པའི་སྟོབས་ལས་བྱུང་བ་ཡིན། །རིག་པ་རྩལ་གྱི་དབང་བསྐུར་རོ། །སེམས་ལ་དབང་བསྐུར་ཐོབ་པར་ཤོག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་ལམ་བསྟན་པ་ནི། ཧཱུྃ། སྔགས་འཆང་ཚེ་འདས་སྐྱེས་བུ་ཁྱོད། །ཁྱོད་ནི་རྣམ་པར་ངེས་པའི་རིག་འཛིན་ཡིན། །སྐུ་གསུམ་རྣམ་པར་ངེས་པར་བཟུང་། །ཁྱོད་ནི་ཚེ་ལ་དབང་བའི་རིག་འཛིན་ཡིན། །ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཀྱིས། །ཡེ་ཤེས་བླ་མར་ལྷུན་གྱིས་གྲུབ་པར་མཛོད། །དེ་ཉིད་ལམ་མཆོག་བསྟན་པ་ནི། །ཧཱུྃ། གཏི་མུག་རྟོགས་ན་ཐར་པའི་རྒྱུ། །འབྲས་བུ་ཆོས་དབྱིངས་ཡེ་ཤེས་ཐོབ། །རིག་འཛིན་གཟུགས་ཀྱི་ཕུང་པོ་འདི། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །ཧཱུྃ། འདོད་ཆགས་རྟོགས་ན་ཐར་པའི་རྒྱུ། །འབྲས་བུ་སོར་རྟོག་ཡེ་ཤེས་ཏེ། །རིག་འཛིན་འདུ་ཤེས་ཕུང་པོ་འདི། །འབར་བའི་ཁྲོ་བོ་མི་བཟད་པ། །གསུང་གི་དབྱིག་ཏུ་བདག་བསྐྱེད་ཅིག །ཧཱུྃ། ཞེ་སྡང་རྟོགས་ན་ཐར་པའི་རྒྱུ། །འབྲས་བུ་མེ་ལོང་ཡེ་ཤེས་ཏེ། །རིག་འཛིན་རྣམ་ཤེས་ཕུང་པོ་འདི། །འབར་བའི་ཁྲོ་བོ་མི་བཟད་པ། །ཐུགས་ཀྱི་དབྱིག་ཏུ་བདག་བསྐྱེད་ཅིག །ཧཱུྃ། ང་རྒྱལ་རྟོགས་ན་ཐར་པའི་རྒྱུ། །འབྲས་བུ་མཉམ་ཉིད་ཡེ་ཤེས་ཏེ། །རིག་འཛིན་ཚོར་བའི་ཕུང་པོ་འདི། །འབར་བའི་ཁྲོ་བོ་མི་བཟད་པ། །ཡོན་ཏན་དབྱིག་ཏུ་བདག་བསྐྱེད་ཅིག །ཧཱུྃ། ཕྲག་དོག་རྟོགས་ན་ཐར་པའི་རྒྱུ། །འབྲས་བུ་བྱ་གྲུབ་ཡེ་ཤེས་ཏེ། །རིག་འཛིན་འདུ་བྱེད་ཕུང་པོ་འདི། །འབར་བའི་ཁྲོ་བོ་མི་བཟད་པ། །ཕྲིན་ལས་དབྱིག་ཏུ་བདག་བསྐྱེད་ཅིག །དེ་ནས་བདེན་པའི་སྟོབས་ཀྱི་སྨོན་ལམ་གདབ་པོ། །དེ་ནས་དལ་བྲིས་ལ་གཤེད་དང་ཕྲལ་བ་ནས་དབང་གི་བར་དུ་བྱས་ལ། ཉེ་དྲུང་འབྲེལ་བའི་ཟས་གཏད། །ཆོས་དང་ལོངས་སྤྱོད་གཏད་པར་བྱའོ། །ཧཱུྃ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །གསང་སྔགས་མཐུ་ལས་བྱུང་བ་ཡི། །ཡུལ་ཞིང་བུད་མེད་ལ་སོགས་པ། །ཟས་དང་གོས་དང་ནོར་དབྱིག་དང་། །འཕགས་པའི་ནོར་དང་གཏེར་ཆེན་འདིས། །དབུལ་བའི་ཉོན་མོངས་སེལ་བར་ཤོག །ཅེས་དེ་ལྟར་ཀུན་གྱིས་སྨོན་ལམ་གདབ་བོ། །དེ་ནས་བྱང་བུ་བཅགས་ལ་སྦྱིན་སྲེག་བྱ། །ས་དང་ཆུ་ལ་སཱཙྪ་གདབ། །བདུན་ཚིགས་ཀྱི་ལུང་རྫོགས་སོ།། ༈ །།ཤྲཱི་བཛྲ་ཀུ་མཱ་ར་ན་མོ། །རྡོ་རྗེ་མེ་དབལ་སྙིང་བསྲེག་ཅིང་། །ཞེས་པ་རོ་སྲེག་གི་ལུང་ཟིན་ཏེ། དང་པོ་ཐབ་ཁུང་གི་གྲུ་བཞི་ཟླུམ་པོ་ཟླ་གམ་གསུམ་དུ་བྱས་ལ་མཆོད་རྫས་དང་བསྲེག་རྫས་ནི། དཀར་གསུམ་མངར་གསུམ་ཏིལ་རྩི་མར་གྱི་དགང་བླུགས། ཏིལ་ནག་དང་ཡུངས་ནག་གི་དགང་བླུགས། ཧོམ་གཟར་དང་དགང་གཟར་སོགས། །རོ་ཁྲུས་ནས་བཏོན་ལ། ཧཱུྃ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་དག་མཛད་ཅིང་། །སྦྱིན་པ་ཡོངས་སུ་རྫོགས་མཛད་པའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་བསྟོད། །ཕར་ཕྱིན་དྲུག་པོ་འགྲེ། དེ་ནས་རོ་ལ་དྲིས་བྱུག་ལ་བསྲུང་བ་བྱའོ། །དེ་ནས་མེ་ལྷའི་ཆོ་ག་བྱ་སྟེ། ཐབ་བསང་ལ་རཾ་ལས་མེ་ལྷ་ཇི་ལྟ་བ་བསྐྱེད། དེ་ལ་ཡེ་ཤེས་པ་སྤྱན་དྲངས་པ་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་ཆེ། །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །ལྷག་པའི་ཕྲིན་ལས་མཛད་པའི་ཕྱིར། །འབར་བའི་གདན་ལ་བཞུགས་སུ་གསོལ། །ༀ་དེ་ཝ་ཤྲཱི་ཨགྣེ་ཡེ་ས་མཱ་ཛཿ དེ་ལ་ཕྱི་མཆོད་དབུལ་ལོ། །བསྲེག་རྫས་རྣམས་དབུལ། ཧོམ་གཟར་དགང་གཟར་གྱིས་དགང་གྱིན་དཀར་གསུམ་མངར་གསུམ་མར་བརྒྱ་རྩ་བརྒྱད་དབུལ། དེ་ནས་སརྦ་བི་ཤྭ་དྷ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། དེས་དབུལ་ལོ། །དེ་ནས་བསྟོད་པ་བྱ་སྟེ། ཧཱུྃ། དམ་ཚིག་དབང་གིས་སྐུར་སྤྲུལ་པ། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབས་སླད་དུ། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པའི། །དྲང་སྲོང་རིག་འཛིན་གྲུབ་པའི་ཚུལ། །ཉོན་མོངས་སྲེག་མཛད་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕུལ་སྟོབས་དང་ལྡན། །ཐབས་ཀྱི་ཐེག་པའི་ར་ལ་ཆིབས། །མེ་དཔུང་བགྲང་ཕྲེང་རིག་སྔགས་ཟློས། །བདུད་རྩིའི་བཅུད་ལྡན་གྷུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་སིམ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །ཞི་བར་སྙེམས་པ་ཐུགས་རྗེ་ཆེ། །ཚངས་སྲས་མགོན་ལ་ཕྱག་འཚལ་བསྟོད། །ༀ་དེ་ཝ་ཤྲཱི་ཨགྣེ་ཡེ་ས་མ་ཡེ་ཛྭ་ལ་རཾ་ཧཱུྃ་རཾ་ཕཊ་རཾ་ལན་བདུན་བརྗོད་ལ་དུག་ལྔ་བསྲེགས་པའི་མེ་འབར་ཞིང་འཁྲུགས་པར་བསམ་མོ། །དེ་ནས་ལྷག་པའི་ལྷ་ཡི་བསྲེག་ལས་ནི། མེའི་ནང་དུ་དལ་གསུམ་གྱི་ལྷ་རྫོགས་པར་བསྐྱེད་པ་ལ་ཡེ་ཤེས་པ་བཅུག །ཚེ་འདས་ཀྱི་སྡིག་སྒྲིབ་ཀཾ་ནག་པོར་གྱུར། །དེ་བསྲེག་རྫས་ལ་ཐིམ་པའི་མར་ནག་དང་ཏིལ་ནག་ཧོམ་གཟར་དང་དགང་གཟར་གྱིས་བླུག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྡིག་སྒྲིབ་བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི། ཨགྣེ་ཡེ་རཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། བརྒྱ་རྩ་བརྒྱད་འབུལ་ལོ། །དེ་ནས་བསྟོད་པ་བྱའོ། །དེ་ནས་ཚེ་འདས་ཀྱི་ཕུང་པོ་ལྔ་སྲས་མཆོག་ལྔ་ལ་དབུལ་ཏེ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །བཛྲ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །ཞེ་སྡང་འཇོམས་པའི་རྡོ་རྗེ་མེ་དབལ་ན། །ཚེ་འདས་རྣམ་ཤེས་ཕུང་པོ་འདི་བསྲེག་པས། །ཞེ་སྡང་ཉོན་མོངས་དག་གྱུར་ནས། །མེ་ལོང་ཡེ་ཤེས་རྟོགས་པར་ཤོག ཅེས་པ་ཀུན་ལ་སྦྱར། དེ་ནས་ཚེ་འདས་ཀྱི་འབྱུང་བ་ཡུམ་ལྔ་ལ་དབུལ་ཏེ། ཧཱུྃ། སེམས་ནི་ནམ་མཁའི་རང་བཞིན་ཏེ། །རྡོ་རྗེ་དབྱིངས་ཕྱུག་མ་དང་གཉིས་སུ་མེད། །ཡུམ་གྱི་ཐུགས་དང་གཉིས་སུ་མེད། །བདེན་པའི་སྟོབས་ཀྱིས་འགྲུབ་པར་ཤོག །ཧཱུྃ། ལུས་འདི་ས་ཡི་རང་བཞིན་ཏེ། །སངས་རྒྱས་སྤྱན་དང་གཉིས་སུ་མེད། །ཡུམ་གྱི་སྐུ་དང་གཉིས་སུ་མེད། །འགྲེ། དྲོད་ཁྲག་དབུགས་ལ་སྦྱར། དེ་ནས་ཚེ་འདས་ཀྱི་རྣམ་ཤེས་ཚོགས་བརྒྱད་དལ་ལ་དབུལ་བ། ཧཱུྃ། ཚེ་འདས་མིག་གི་རྣམ་ཤེས་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཆོས་ཉིད་བདེན་པའི་དོན་རྟོགས་ཤོག །དེས་འགྲེ། མིག་རྣ་བ་འགྲེའོ། །རྣ་བའི་མཆོད་པ། ཆོས་ཉིད་སྒྲ་ཆེན་ཐོས་པར་ཤོག །དེས་འགྲེ། ཚེ་འདས་ལུས་ངག་ཡིད་གསུམ་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་དབུལ། །སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག །སྨོན་ལམ་གཞན་ཡང་གདབ་པར་བྱའོ། །ཚེ་འདས་ཀྱང་དལ་གསུམ་གྱི་ལྷར་ཁྲོང་གིས་སོང་བར་བསྒོམ་མོ། །དེ་ནས་རྟོགས་པའི་རྒྱས་གདབ་བོ། །རོ་སྲེག་གི་ལུང་རྫོགས་སོ།། ༈ །།ཤྲཱི་བཛྲ་ཀུ་མཱ་ར་ན་མོ། །རྡོ་རྗེ་ཕུར་པའི་སཱཙྪའི་ལུང་། དང་པོ་ས་ཡི་ཆོ་ག་བྱ། །ཕུར་བུས་གདབ། དེ་ནས་ས་དེ་ལ་ཀཱི་ལ་ཡ་བཟླས་པའི་འོད་ཀྱི་གོང་བུར་བསམ། །འབི་འབི་ཐབས་རྡོ་རྗེར་བསྒོམ། བརྐོས་ཕོར་ཤེས་རབ་བྷ་གར་བསྒོམ། །འབི་འབི་བརྐོས་ཕོར་བཅུག་པ་ཡབ་ཡུམ་སྦྱོར་བར་བསྒོམ། ༀ་དཱིཔྟ་ཙཀྲ་མཱུཾ་ཨེ་ལཱཾ་མཱཾ་པྱཱཾ་ཏཱཾ་ཨེ་ཧེ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་འགྲོ་བའི་དོན་དུ་ལོངས་སྐུར་བྱོན་པར་བསྒོམ། ཀཱི་ལ་ཡ་བཟླས་པས་ཁྲོ་བོ་ཁྲོ་མོར་བསྒོམ། མཆོད་རྟེན་ཡིན་ན་གཞལ་ཡས་ཁང་དུ་བསམ། ནང་ལ་དལ་གསུམ་ཚང་བར་བསྒོམ། །དེ་ཡང་རྒྱས་པའི་སཱཙྪ་འདེབས་ན། ཀཱི་ལ་ཡ་ཀུན་ལ་འགྲེ། ན་མཿས་མནྟ་ཧྲཱིཾ་ཧྲཱིཾ་ཕཊ྄་བཟླ། ཚེ་དང་བསོད་ནམས་རྒྱས་པར་གྱུར། དབང་གིས་འདེབས་ན་སུ་རུ་སུ་རུ་པྲ་སུ་རུ་བཟླ། ཞི་བ་བྱེད་ན་བི་ཏ་ཡ་བིང་བིང་བཟླ། དྲག་པོར་འདེབས་ན་མཱ་ར་ཡ་མཱ་ར་ཡ་བཟླ། གཤིན་པོའི་དོན་དུ་འདེབས་ན། རུས་པ་ལ་དུག་སྦྱངས་ལ། དེ་ནས་བརྡུང་ལ། འཇིམ་པ་དང་བསྲེས་ལ་གདབ། གཤིན་བསྔོ་བྱའོ། །སཱཙྪའི་ལུང་ཨཐྎ།། ༈ །།ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ཡ། རྡོ་རྗེ་ཕུར་པའི་རབ་གནས་ལ། བསྙེན་པ། སྒྲུབ་པ། ལས་སྦྱོར་དང་། ས་ཆོག་སྔོན་དུ་འགྲོ་བས་སྟེགས་བུ་གྲུ་བཞི་བྱའོ། །བསྙེན་པའི་རྫས་བསགས་ལ་བསྙེན་པ་བྱའོ། །བགེགས་བསྐྲད་པ་ལ་ནན་ཏན་ཆེར་བྱའོ། །མ་དག་སྦྱང་བའི་ཤཱུ་ནྱ་ཏཱ་ཛྙཱ་ནས་སྟོང་པར་བསྒོམ། མཆོད་རྟེན་ཡིན་ན་རཏྣ་པཉྩ་ཨེ་གྲུ་གསུམ་གྱི་གཞལ་མེད་ཁང་དུ་བསྒོམ། །ནང་དུ་དལ་གསུམ་བསྐྱེད་པར་བྱའོ། །སྐུ་གཟུགས་དེ་ཉིད་གསུང་ཡིན་ན་ཨཱ་ལི་ཀཱ་ལིར་བསྐྱེད། དེ་ལ་ཡེ་ཤེས་པ་སྤྱན་དྲངས་ལ་གཞུག །བསྙེན་དུས་ཀྱི་སྔགས་ལ་ཡེ་དྷརྨཱ་བཏགས་ལ་འབྲུ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་གཏོར། ༀ་དྷརྨ་དྷཱ་ཏུ་ཛྭ་ལ་གརྦྷེ་ཧྲྀ་ད་ཡ་སརྦ་ཏ་ཐཱ་ག་ཏོ་ས་མ་ཡ་ཏིཥྛ་སྟྭཾ། ཡེ་ཤེས་པ་དངོས་སུ་བསམ། སྐུ་གཟུགས་ཡིན་ན་སྤྱན་དབྱེ་ཞལ་བསྲོ། མཆོད་རྟེན་ཡིན་ན་གདུགས་རྒྱལ་མཚན་དབུལ། གསུང་ལ་ཞལ་བསྲོ། ངོ་བསྲོ། །མངའ་དབུལ་ལོ། །སྤྱན་དབྱེ་བ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་ཐུགས་རྗེའི་སྤྱན་མདངས་ཀྱིས། །འགྲོ་བའི་སེམས་ཅན་གཟིགས་སླད་དུ། །ཡེ་ཤེས་སྤྱན་འདིར་དབྱེ་བར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄་པ་ཏ་ཧཱུྃ། གསེར་ཐུར་གྱིས་བྱའོ། །ཧཱུྃ། ཉོན་མོངས་རྩད་ནས་བཅད་པའི་ཕྱིར། །ཡེ་ཤེས་སྤུ་གྲི་ཐབས་མཆོག་དང་། །ཤེས་རབ་རལ་གྲི་སོ་མང་གིས། །དུག་ལྔའི་ལོ་མ་འབྲེག་པར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་འགྲེ། ཙྪིནྡྷ་ཀེ་ཤ་ཕཊ྄། ཧཱུྃ། རྒྱན་དང་མཛེས་པའི་ན་བཟའ་འདི། །གུ་ལིང་པཉྩ་ལི་ཀ་དང་། །ཚུལ་ཁྲིམས་གཙང་མའི་ན་བཟའ་འདི། །དུས་གསུམ་རྒྱལ་བ་རྣམས་ལ་འབུལ། །ༀ་སརྦ་འགྲེ། པྲ་ཏཱི་སརྦ་མུ་ཁ་ཧཱུྃ། དེ་ནས་རིན་ཅེན་སྣ་བདུན་དབུལ་ལོ། །མཆོད་རྟེན་ལ་གདུགས་དབུལ་བ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་སླད་དུ། །གསེར་གྱི་གདུགས་མཛེས་ཡུ་བར་ལྡན། །ཆོས་ཀྱི་སིལ་མ་ཐོབ་ཕྱིར་དབུལ། །ༀ་སརྦ་ཙྪ་ཏྲཾ་ཤྲཱི་ཀ་པ་མུ་ཏྲ་ཧཱུྃ། རྒྱལ་མཚན་དབུལ་བ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བར་ཆད་བདུད་ལས་རྒྱལ་བའི་ཕྱིར། །ཆུ་སྲིན་རྒྱལ་མཚན་ཉི་ཟླར་བཅས། །བསྟན་པ་མི་ནུབ་བྱ་ཕྱིར་དབུལ། །ༀ་སརྦ་ཧ་ཙ་ར་ཙ་ཏྲི་ཀ་ཧཱུྃ། བ་དན་དབུལ་བ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ལ། །མཛེས་པའི་བ་དན་འབར་བ་ནི། །འཕུར་ཞིང་རློབས་ལ་བསྐྱོད་པ་འདི། །བསྐུལ་མ་གདབ་ཕྱིར་དབུལ་བར་བགྱི། །ༀ་སརྦ་ཏ་ཐཱ་ག་ཏ་ཨཱ་ལཾ་ཏྲི་ཤ་ཀ་ས་མུ་དྲ་ཧཱུྃ། དེ་ནས་རིན་ཆེན་སྣ་བདུན་དབུལ། །དེ་ནས་བཀྲ་ཤིས་མངའ་གསོལ། མཆོད་པ་བྱ། གཏོར་མ་བྱས་ལ་ཆོས་སྐྱོང་དཔལ་མགོན་ལྕམ་སྲིང་ལ་གཏད་དོ། །བསྐལ་པ་དུ་མར་སེམས་ཅན་གྱི་དོན་དུ་བཞུགས་སུ་གསོལ། རབ་གནས་ཀྱི་ལུང་རྫོགས་སོ།། ༈ །།ཤྲཱི་བཛྲ་ཀུ་མཱ་ར་ན་མོ། བསྙེན་པ་བསྐྱལ་བའི་གདམས་པའི་ལུང་ལ་གཉིས་ཏེ། ཐུན་མོང་གི་བཟླས་པ་དང་། ཁྱད་པར་གྱི་བཟླས་པའོ། །དང་པོ་ལ་བཞི་སྟེ། བསྙེན་པ། ཉེ་བར་བསྙེན་པ། སྒྲུབ་པ། སྒྲུབ་པ་ཆེན་པོའོ། །ཡེ་ཤེས་ལྷ་ཉེ་བར་བསྙེན་པ་ནི། རྒྱུད་ལས། སྦམ་ཕུར་དག་ལ་བསྙེན་ཏེ་བསྒྲུབ། །འབྲུ་དགུ་དག་གི་དོན་ཤེས་བྱ། །ལྟ་བ་དེ་ཉིད་དམིགས་དང་བྲལ། །ཞེས་པས་འབྲུ་དགུ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། ཞེས་པ་སྟེ། དེ་ཡང་མཚམས་དམ་དུ་བཅད། ཐོད་པར་ནས་ནག་པོ་བླུག །ཕུར་པ་ལྷ་གྲངས་དང་མཉམ་པ་རྣམས་ལ་དར་གྱི་ཅོད་པན་རེ་བཏགས། ཚོན་སྐུད་ཀྱིས་བཅིངས། །གཟུངས་ཐག་ནས་བཟུང་ལ་བཟླས་ཏེ། ཚོགས་དུས་གཉིས་སུ་བྱའོ། །ཕྲིན་ལས་ཀྱི་གཞུང་ལ་འཛབ་ཁང་དབྱེ་བའི་བར་དུ་བྱ། དེ་ནས་ཨེ་རཾ་གྱི་གཞལ་ཡས་ཁང་གཉིས་སུ་བྱ། ཛྭ་ལ་རཾ་གྱི་ཐོད་པ་གཉིས་སུ་བྱ། དཀྱིལ་འཁོར་གཅིག་མདུན་དུ་བསམ། དེ་ནས་སྔགས་བཟླ་བ་ནི། དེ་ནས་བདག་གི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་རྡོ་རྗེའི་ལྟེ་བ་ལ་ཧཱུྃ། ཧཱུྃ་ལ་ཀཱི་ལ་ཡས་བསྐོར་བ་ལ་སེམས་གཏད་ནས་བཟླ། དེ་ཡང་སྔགས་དེ་རྡོ་རྗེའི་རྩེ་མོ་ནས་ཡར་ཐོན། །ཡེ་ཤེས་སེམས་དཔའི་མགྲིན་པ་ནས་ཞུགས། ཡར་ཞལ་དུ་ཐོན། བདག་གི་མགྲིན་པ་ནས་ཡར་བརྒྱུད། སྣ་བུག་གཡས་ནས་ཐོན། ཡེ་ཤེས་ཀྱི་རྡོ་རྗེ་གཞོན་ནུའི་སྣ་བུག་གཡོན་དུ་ཞུགས། ཐུགས་ཀར་ཐིམ། སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། ཅི་འདོད་ཀྱི་དངོས་གྲུབ་བླང་བར་བསྒོམ། ཡང་ཁོང་གི་ཤངས་བུག་གཡས་ནས་ཐོན། བདག་གི་སྣ་བུག་གཡོན་ནས་ཞུགས། །སྙིང་གར་ཐིམ་པར་བསམ། དེ་ནི་གསེར་གྱི་བ་ཐག་གཟིངས་པའི་ཚུལ་དུ་བཟླ་བའོ། །ཐུན་མཚམས་བཟླས་པ་སྲས་མཆོག་ལ་བཅོལ། དེ་ནས་ཡང་ཐུན་གཉིས་པ་ལ་ཡང་དེས་འགྲེའོ། །དེ་ལྟར་དུས་དང་གྲངས་དང་མཚན་མའི་བར་དུ་སྟེ། རྒྱུད་ལས། དུས་ནི་ཐ་མ་ལོ་གཅིག་སྟེ། །གྲངས་ནི་བྱེ་བ་བསྐྱལ་བར་བྱ། །རྟགས་ནི་ཞལ་མཐོང་ལུང་བསྟན་པའོ། །ཞེས་པའོ། །མཇུག་ཏུ་སརྦ་བིགྷྣཱན་བཏགས་པའང་ཤས་ཅིག་བཟླའོ། །གཉིས་པ་དམ་ཅན་ཉེ་བར་བསྙེན་པ་ནི། དཀྱིལ་འཁོར་གྱི་ཟུར་བཞིར་སྲུང་མའི་སྟེགས་བུ་དམའ་བ་དེ་དག་ལ། དབུས་མཐིང་ནག །ཟླ་གམ་དམར་པོ། གྲུ་ཆད་ལྗང་གུ། སྣམ་བུ་སྒོ་ཕྱོགས་དང་བསྟུན་པ་བྱ། རང་གི་དམ་རྫས་གཞུང་ལྟར་དགོད་པ་ལ། ཚོགས་དུས་བཞིར་བྱས་ཏེ། གཞུང་བསྲང་ལ་འཛབ་ཁང་དབྱེ་བའི་བར་དུ་བྱ། དང་པོ་ཀཱི་ལ་ཡས་སྣ་དྲངས་ལ་གཞི་སྙིང་གཅིག་ཏུ་དྲིལ་བ་ཀ་ཏཾ་ཀ་ཡེ་བཟླ། ཉིན་མཚན་དྲིལ་ལ་བཟླ། རྟགས་བྱུང་ན་གང་ཉེ་བ་ལ་མཐིལ་གཏད། སྤྱི་རྟགས་སྲོག་ཆགས་བསད་པ་དང་། གླང་ཁྲིད་པ་འོང་། སྒོས་རྟགས་གཅན་གཟན་རྨིས་ན་ཤྭ་ན་མ་ཉེ། བུད་མེད་ཉ་སྦྲུལ་བྱུང་ན་བསེ་མོ་ཉེ། བུད་མེད་ནག་མོ་བྱ་ནག་བྱུང་ན་བདག་ཉིད་ཆེན་མོ་ཉེ། མི་རེང་དཀར་དམར་རྟ་པ་བྱུང་ན་གིང་ཉེ། དེ་ལ་མཐིལ་གཏད། གཞན་བག་རེ་བཟླའོ། །དེ་ནི་དམ་ཅན་སྙིང་ཉེ་བྱ་བ་ཡིན་ནོ། །གསུམ་པ་ངན་སྔགས་ཉེ་བར་བསྙེན་པ་ནི། ཞག་དྲུག་བྱ་སྟེ། ཚོགས་དུས་དྲུག་ཏུ་བཏང་ངོ་། །ངན་སྔགས་རྒྱལ་པོ་དྲུག་ནི། རེ་རེ་ལ་ཁྲི་ཚོ་རེ་བཟླ། ཁ་བསྒྱུར་ལ་འཁོར་ལོ་རྩིབས་བརྒྱད་པ་བྱ། གཞུང་བསྲང་ལ་འཛབ་ཀྱི་སྐབས་སུ་འཛབ་ཁང་དབྱེ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཧ་ས་ཡ་ར་ད་ཧ་ན་ཧཱུྃ་ཕཊ། འདི་ཉིད་རྐྱང་དུ་བཟླ། ནུབ་གཉིས་པ་ལ་ཨ་བེ་ཤ་བཟླ། ནུབ་གསུམ་པ་ལ། ཤཱི་གྷྲཾ་ཨཱ་ན་ཡ་བཟླ། བཞི་པ་ལ་ཛ་ཡེ་བི་ཛ་ཡེ་བཟླ། ལྔ་པ་ལ་ཏ་ཐཱ་ཡ་བཟླ། དྲུག་པ་ལ་བི་ད་ཡ་བཟླ། འཛབ་བསྟོད་བྱ། ནུབ་བདུན་པ་ལ། ངན་སྔགས་རྒྱལ་པོ་དྲུག་པོ་སྔོན་དུ་འགྲོ་བས་དམའ་དབབ་པར་བྱ་སྟེ། ལྷ་དང་ཕྲལ་བའི་བསྐུལ་དང་འཕྱང་དང་། རྫས་དང་། ཏིང་ངེ་འཛིན་སྨོན་ལམ་ལ་སོགས་ལག་ལེན་རྫོགས་པར་བྱའོ། །གཉིས་པ་ལ་གཟུགས་ལ་དབབ་པར་བྱ། གསུམ་པ་བྱད་དུ་གཞུག །བཞི་པ་སྨྱོར་གཞུག །ལྔ་པ་རྡུལ་དུ་བརླག །དྲུག་པ་ཞལ་དུ་བསྟབ་པར་བྱའོ། །དེ་ནས་ཚེ་ལུང་ཁྲུས་ལུང་བྱའོ། །གསལ་བ་གསུམ་དང་ལྡན་པས་ཨ་ཨ་ཁོའི་ཚེ་བདག་ལ་བསྟིམ། དེ་ནས་དང་པོ་ཕཊ྄་དྲལ། གཉིས་པ་གནད་སླེབ། གསུམ་པ་ཏོག་བླང་། དེ་ནས་གནས་སྤར་བར་བྱའོ། །དེ་ནས་སྒོ་མ་བཞིའི་ཕུར་པ་ལུས་ཀྱི་མཚོ་བཞི་ལ་གདབ་སྟེ། དེ་ནས་གཏུན་དུ་བརྡུང་། རྡུངས་ཤིག་རྡོ་རྗེ་འབར་བ་ནས། ཁ་ཐཾ་ཡན་ཆད་བརྗོད་དོ། །དེ་ནས་མཚོན་གྱིས་གཏུབ། དེ་ནས་ཞལ་དུ་བསྟབ་པར་བྱའོ། །དེ་ནས་ནུབ་ཐ་མ་ལ། སུར་ཕུག་ཏུ་གདབ་ལས་ཡན་ཆད་རྒྱས་པར་བྱའོ། །ངན་སྔགས་ཉེ་བསྙེན་ནོ། །དེ་རྣམས་ཀྱིས་ཐུན་མོང་གི་བཟླས་པ་ཚར་རོ། །གཉིས་པ་ཁྱད་པར་གྱི་བཟླས་པ་ལ་གཉིས་ཏེ། ལྷ་འཛབ་ལ་བརྟེན་ཏེ་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་དང་། དགྲ་འཛབ་ལ་བརྟེན་ཏེ་དགྲ་བགེགས་ཚར་བཅད་པའོ། །དང་པོ་ལ་གཉིས། ཀཱི་ལི་ཆོས་ཉིད་དང་སྦྱར་ཏེ་བཟླས་པ་དང་། ཀཱི་ལ་ཡ་ལྷ་དང་སྦྱར་ཏེ་བཟླས་པའོ། དང་པོ་འཛབ་ཁང་དབྱེ། བར་དུ་འཛབ་བཟླ། ཐ་མ་འཛབ་བསྟོད་བྱའོ། །དང་པོ་ཟིན་པ་དང་། བར་དུ་འཛབ་ལ་ཨེ་རཾ་གྱིས་གཞལ་ཡས་ཁང་ཕྱེ་ཛྭ་ལ་རཾ་གྱིས་ལྷ་གཉིས་སུ་ཕྱེ། དེ་ནས་བདག་གི་ཐུགས་ཀའི་སེམས་དཔའ་སུམ་བརྩེགས་ཁྲོ་ཆུང་དང་བཅས་པ་བཟླས་པས། ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་ཡང་བཟླ། རྡོ་རྗེ་གཞོན་ནུ་འབུམ་ཕྲག་དང་བཅས་པ་བསམ་གྱིས་མི་ཁྱབ་པས་དི་རི་རི་བཟླས་པར་བསམ་པ་ནི། བུང་བ་ཚང་ཞིག་པའི་ཚུལ་དུ་ཟློས་པའོ། །ཀུན་རྫོབ་དེ་ལྟར་ཟློས་ཀྱང་དོན་དམ་པར་ཆོས་ཉིད་ཀྱི་རང་བཞིན་སྒྲ་སྐྱེ་མེད་དུ་ལྟེང་ལྟེང་བསམ་མོ། །དེ་ནི་ཤིན་ཏུ་ཟབ་ཅིང་སྒྲུབ་ཐག་ཉེ་བ་ཡིན་ཅེས་པདྨ་རྒྱལ་པོས་གསུངས་སོ། །གཉིས་པ་ལྷ་དང་སྦྱར་ཏེ་བཟླས་པ་ནི། འཛབ་ཁང་དབྱེ་བ་སོགས་སྔར་དང་འདྲ། བདག་གིས་བཟླས་པས་རྡོ་རྗེའི་རྭ་ཕྲག་ནས་མར་བྱུང་། ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན། རྟ་མགྲིན་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཡར་དྲངས། ལྕེ་སྟེང་གི་སྣང་བ་མཐའ་ཡས་ལ་བསྐོར་ཕྱིར་ཐོན། སྣ་བུག་གཡས་ནས་དྲངས། སྤྱི་བོའི་རྣམ་སྣང་ལ་བསྐོར། སླར་ལོག །ལྕེ་སྟེང་ནས་ཕར་འཕྲོས། མདུན་གྱི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཐིམ། མཆོད་པས་མཉེས་པར་བསྒོམ། ཚུར་ལོག་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། དངོས་གྲུབ་བྱིན་པར་བསམ། དེ་ནས་སྔགས་ལས་འོད་ཟེར་འཕྲོས། ཁམས་གསུམ་གྱི་སེམས་ཅན་དཀྱིལ་འཁོར་གསུམ་དུ་གྱུར། ཕྲིན་ལས་བཞི་ཡིས་འགྲོ་དོན་བྱེད་པར་བསམ་མོ། །གཉིས་པ་དགྲ་འཛབ་ནི། དགྲ་བོ་གློ་བུར་དུ་བྱུང་ན་བྱ་སྟེ། སྦམ་ཕུར་ལ་བརྟེན་ནས་ཐུན་མོང་གི་བཟླས་པ་སྐྱེལ་མ་ཁོམས་ན། དང་པོ་བསྙེན་པ་རང་ནས་བྲུབ་ཁུང་བཅའ། སྲུང་མའི་དཀྱིལ་འཁོར་བྱས་ལ། དེ་ནས་གཞུང་བསྲང་། འཛབ་ཁང་དབྱེ་བ་ཡན་ཆད་བྱས་ལ་འཛབ་བཟླས་པ་ལ་དམ་ཅན་བཞིའི་སྙིང་པོ་ཉིན་མཚན་གཉིས་ཀ་དྲིལ་ལ་བཟླ། ཏིང་ངེ་འཛིན་མཚོན་ཆའི་ཆར་འབེབས་པ་བསམ། དེ་ནས་སྤྱི་རྟགས་དང་སྒོས་རྟགས་ལ་སོགས་སྔར་དང་འདྲ། རྟགས་ཕེབས་ན་ངན་སྔགས་ཉེ་བསྙེན་ཞག་དྲུག་བྱ། དེ་ནས་ནུབ་གཅིག་ལ་མཱ་ར་ཡ་བསད་པའི་དཀྱིལ་འཁོར་བྱ་བ་འཁོར་ལོ་རྩིབས་རྒྱད་པའི་ལྟེ་བར་གྲུ་གསུམ་བྱས་པ་དེར། གདབ་ལས་རྒྱས་པར་བྱའོ། །དེས་དགྲ་ལ་རྟགས་འོང་ངོ་། །དགྲ་འཛབ་རྫོགས་སོ། །དེ་ནས་གསོ་བ་གསུམ་གལ་ཆེ་སྟེ། དང་པོ་བདག་གསོ་བ་ནི། ཀཱི་ལ་ཡ་ཉེར་གཅིག་བཟླས་ལ། ཁམས་གསུམ་ཐམས་ཅད་རྡོ་རྗེ་གཞོན་ནུའི་ལྷར་བསྐྱེད། དེ་ལས་འོད་འཕྲོས་བུདྡྷའི་ཐུགས་བསྐུལ། འགྲོ་བ་རིགས་དྲུག་གི་སྒྲིབ་པ་སྦྱངས། བདག་གིའང་རྟོག་སྒྲིབ་སྦྱང་། བདག་གསལ་ལ་འཚེར་བར་བསམ་མོ། །གཉིས་པ་ནི་ཀཱི་ལ་ཡ་བཅོ་བརྒྱད་བཟླས་པས་ཁམས་གསུམ་ཐམས་ཅད་ཕུར་པ་རྫས་ཀྱི་དཀྱིལ་འཁོར་དུ་སོང་། ཀླད་ལ་བསྐོར་ཞིང་བཟླས་པས་འོད་འཕྲོས། བུདྡྷའི་ཐུགས་བསྐུལ། འགྲོ་དྲུག་གི་སྒྲིབ་པ་སྦྱངས། ཕུར་པ་གསལ་འཚེར་དུ་བསྒོམ། གསུམ་པ་དགྲ་ལ་རྟགས་བྱུང་བ་དང་། ཁོའི་རྣམ་ཤེས་ཧཱུྃ་དུ་གྱུར། ཡཾ་ལས་རླུང་གིས་བཏེག་སྟེ་ལྷ་ཡབ་ཡུམ་སྦྱོར་མཚམས་སུ་ཕཊ྄་ཀྱིས་འཕང་ངོ་། །སྐུ་གསུམ་ཐོབ་པར་བསམ་མོ། །བསྙེན་པའི་ལུང་རྫོགས་སོ།། །།རྡོ་རྗེ་ཕུར་པའི་རྒྱུད་སྡེ་རྒྱ་མཚོ་ལས། མཁས་པ་གསུམ་གྱིས་ལེགས་བཀྲལ་དེ་ཉིད་བཅུད་ཕྱུང་ཉུང་ངུར་བསྡུས་ཏེ་དྲིལ། བསྟན་ལ་ཕན་ཕྱིར་ཡི་གེར་བཀོད་པའོ། །འབུམ་ནག་རྫོགས་སོ།། །།སའི་སྟེང་དུ་ཉི་ཟླ་ལྟར་གྱུར་ཅིག །།ཤུ་བྷཾ།། །།

མཚོ་རྒྱལ་སྙན་བརྒྱུད་ཕུར་པའི་བརྒྱུད་འདེབས། པདྨ་ལས་འབྲེལ་རྩལ།

མཚོ་རྒྱལ་སྙན་བརྒྱུད་ཕུར་པའི་བརྒྱུད་འདེབས་བཞུགས། ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ །རྡོ་རྗེ་ཆོས་དང་མཁའ་འགྲོ་ལས་ཀྱི་དབང་། །པྲ་བྷ་ཧ་སྟི་བདེ་བའི་འཁོར་ལོ་མ། །པདྨ་འབྱུང་གནས་པཎ་ཆེན་བི་མ་ལ། །ཤཱི་ལ་མཉྫུ་ཡེ་ཤེས་མཚོ་རྒྱལ་དང་། །ཨ་ཙར་ས་ལེ་པདྨ་ལས་འབྲེལ་རྩལ། །བརྒྱུད་གསུམ་རིག་འཛིན་རྣམས་ལ་གསོལ་བ་འདེབས། །མཐིང་ནག་གྲུ་གསུམ་འབར་བའི་གཞལ་ཡས་སུ། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་དང་བཅས། །དམ་ཅན་མ་མོ་གིང་དང་ལྕམ་དྲལ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བསྐྱེད་པའི་རིམ་པས་སྣང་སྲིད་ལྷ་སྐུར་དག །རྫོགས་རིམ་རྩ་རླུང་སེམས་ལ་དབང་ཐོབ་པས། །བདེ་ཆེན་དགའ་བཞིའི་ཡེ་ཤེས་མཐར་ཕྱིན་ནས། །ཟུང་འཇུག་སྐུ་བཞིའོ་གོ་འཕང་ཐོབ་པར་ཤོག །ཅེས་པའང་པདྨ་ལས་འབྲེལ་རྩལ་གྱིས་སོ།། །།

མཚོ་རྒྱལ་སྙན་བརྒྱུད་ཕུར་པའི་བདག་བསྐྱེད་ཉུང་ངུར་བསྡུས་པ་རིག་འཛིན་ལམ་གྱི་རྣལ་འབྱོར། པདྨ་ལས་འབྲེལ་རྩལ།

མཚོ་རྒྱལ་སྙན་བརྒྱུད་ཕུར་པའི་བདག་བསྐྱེད་ཉུང་ངུར་བསྡུས་པ་རིག་འཛིན་ལམ་གྱི་རྣལ་འབྱོར་ཞེས་བྱ་བ་བཞུགས་སོ། །ཤྲཱི་བཛྲ་ཀུ་མཱ་ར་ན་མོ། འདིར་རྡོ་རྗེ་ཕུར་པའི་ཉམས་ལེན་རྒྱུན་ཁྱེར་གྱི་རིམ་པ་ཅུང་ཟད་འགོད་པ་ལ། དང་པོ་ལྕགས་སམ་དྲག་པོའི་ཤིང་གི་ཕུར་པ་སོར་བཅུ་གཉིས་པ་ཞིག་རྟེན་དུ་བཙུགས་ནས། སྐྱབས་སེམས་ནི། ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །འཁོར་ལོ་ཁྲོ་བོ་ཁྲོ་མོ་སྟེ། །སྲིད་པ་རྡོ་རྗེ་ཕུར་པའི་ལྷར། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། ངང་ཉིད་ཡེ་ནས་སངས་རྒྱས་ལ། །སྣ་ཚོགས་སེམས་ཀྱི་རྣམ་འཕྲུལ་ཙམ། །སྐྱེ་མེད་འགགས་མེད་སྤྲོས་པ་བྲལ། །ཐབས་ཤེས་བྱང་ཆུབ་སེམས་མཆོག་བསྐྱེད། །ཚོགས་བསགས་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས། བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་གྱིས། །བླ་མེད་བྱང་ཆུབ་བསྒྲུབ་པ་ལ། །ལས་དང་འཕྲལ་རྐྱེན་གྱུར་པའི་བགེགས། །འདོད་ཡོན་གཏོར་མས་ཚིམ་གྱིས་ལ། །ཞི་དང་བྱམས་པའི་སེམས་ཀྱིས་སུ། །གནས་འདིར་མ་འདུག་གཞན་དུ་དེངས། །གལ་ཏེ་མི་འགྲོ་འཚེ་བྱེད་ན། །ཁྲོ་བོ་འབར་བའི་སྤྲིན་ཆེན་པོས། །རྡུལ་དུ་བརླག་པར་གདོན་མི་ཟ། །རྩ་སྔགས་མཐར་ཧཱུྃ་བཞི་བརྗོད། མཚམས་གཅོད་པ་ནི། ཧཱུྃ། ཁྲོ་བོ་རྡོ་རྗེ་གནོད་མཛེས་ཀྱིས། །ཧཱུྃ་ཀཱ་ར་ལ་བཀའ་སྩལ་ཏེ། །ཕྱོགས་བཅུ་ཁྲོ་བོ་གདན་བཤམས་བསྒོས། །དེས་ཀྱང་འདོད་པའི་རྒྱལ་པོ་བསྐུལ། །ཐུགས་ལས་མ་སྤྲོས་ཉི་གདན་བཅུར། །ཕྱོགས་སྐྱོང་བཅུ་པོ་བཀུག་ནས་བསྒྱེལ། །ཧཱུྃ། ཉི་མའི་དཀྱིལ་འཁོར་དབུས་བྱས་ནས། །དབྱར་གྱི་ཆར་སྤྲིན་ལྟ་བུའི་མདོག །འབར་བའི་མེ་དཔུང་བཞིན་དུ་གཏིབས། །བགེགས་ཀྱི་ཚོགས་ལ་ཕུར་བུས་ཐོབ། །ནམ་ཡང་གཡོ་འགུལ་མེད་པར་བསམ། །བཛྲ་ཀྲོ་ཏ་རཀྵ་རཀྵ། མཚམས་གཅོད་རྗེས་སུ་བརྡ་སྒོ་དབྱེ་བ་ནི། བྷྲཱུྃ། བདག་དང་དཀྱིལ་འཁོར་ལྷ་ཚོགས་གཉིས། །གདོད་ནས་གཉིས་སུ་མེད་པ་ལ། །མ་རིག་འཁྲུལ་པས་བཅིང་བ་ཡི། །ལོག་རྟོག་མཚན་མའི་སྤྲིན་གྱིས་བསྒྲིབས། །དཀྱིལ་འཁོར་ཞལ་ཡང་མ་མཐོང་བས། །བདག་འཇུག་བརྡ་སྒོ་དབྱེ་རུ་གསོལ། །དེ་ནས་བརྡ་ཕྱག་འཚལ་བ་ནི། ཧཱུྃ། ཆོས་སྐུ་རྩ་བའི་དཀྱིལ་འཁོར་དང་། །ལོངས་སྐུ་ཕྱོགས་བཅུའི་ཁྲོ་རྒྱལ་དང་། །སྤྲུལ་སྐུ་སྲས་མཆོག་ཀཱི་ལ་ཡ། །རྣམ་གསུམ་འབར་བའི་དཀྱིལ་འཁོར་གྱི། །ཤིན་ཏུ་ངོ་མཚར་ཆེ་བའི་ལྷར། །བརྡ་དང་གར་གྱིས་ཕྱག་འཚལ་ལོ། །ༀ་ཤྲཱི་བཛྲ་ཀུ་མཱ་ར་ཛྙཱ་ན་མ་ཧཱ་མཎྜ་ལ་སརྦ་དེ་ཝ་ཨ་ཀཱ་རོ་མ་མི་ན་མོ། དེ་ནས་མཁོན་བཅུག་སྦྱང་བ་ནི། ཧཱུྃ། བྱིན་གྱིས་རློབས་པའི་བླ་མ་དང་། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །ཐུགས་རྗེས་བརྩེ་བའི་བདེ་བར་གཤེགས། །ལེགས་ཉེས་སྟངས་འཛིན་མཁའ་འགྲོ་མ། །ཀུན་ནས་བདག་ལ་དགོངས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མ་རིག་འཁྲུལ་པས་བདག་ནོན་ཏེ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པ་རྣམས། །ཉམས་ཤིང་ཞིག་རལ་ཅི་མཆིས་པ། །ལྟ་བ་སེང་གེ་ང་རོས་བཤགས། །བསྒོམ་པ་ཏིང་འཛིན་མེས་བསྲེགས་ཏེ། །སྤྱོད་པ་གླང་ཆེན་ཆུར་བཀྲུས་ནས། །གདུང་བའི་དབྱངས་དང་བཅས་ཏེ་བཤགས། །ཡི་གེ་བརྒྱ་པ་བརྗོད། དེ་ནས་བྱིན་དབབ་པ་ནི། ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཨ་ལ་ལ་ཧོཿ ཧཱུྃ། བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །སྒྲུབ་མཆོག་བདག་ལ་དབང་ཅིག་བསྐུར། །གནས་མཆོག་འདི་རུ་བྱིན་ཅིག་ཕོབ །རྩ་སྔགས་དང་། ཨ་ཝེ་ཤ་ཡ་ཕེཾ་ཕེཾ་ས་མ་ཡ་ཛ་ཛཿ དེ་ནས་སྨན་གཏོར་རཀྟ་ལ། རྃ་ལས་མེ་འབར་ཉེས་སྐྱོན་བསྲེགས། །ཡྃ་ལས་རླུང་བྱུང་ཐལ་བ་གཏོར། །ཁྃ་ལས་ཆུ་བྱུང་སྦྱང་བྱས་ནས། །སླར་ཡང་འབྲུ་གསུམ་སྤྲོ་བསྡུ་ལས། །ༀ་དཀར་བདུད་རྩིའི་རྒྱ་མཚོར་གྱུར། །ཨཱཿདམར་རཀྟ་རྦ་ཀློང་འཁྲུགས། །ཧཱུྃ་མཐིང་གཏོར་མ་འདོད་ཡོན་རྫས། །ཀུན་བཟང་མཆོད་སྤྲིན་ཕུང་པོར་གྱུར། །ༀ་ཨཱཿཧཱུྃ་ལན་གསུམ། ༀ་ཨརྒྷཾ་ནས། ཤཔྡའི་བར་དང་། རཱུ་པ་ཤཔྡ་གྷནྡྷེ་ར་ས་སྤཪྴེ་ཨཱཿ་ཧཱུྃ། དེས་ནི་སྦྱོར་བའི་ཆོས་རྣམས་སོ། །གཉིས་པ་དངོས་གཞིའི་ཏིང་ངེ་འཛིན་གྱིས་སྣང་སྲིད་ཕུར་པའི་དཀྱིལ་འཁོར་དུ་བསྒོམ་པ་ནི། ཧཱུྃ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིགས་པར་ཤར། །སྲོག་གི་སྒོ་རུ་ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །སྲོག་ནི་རྒྱུ་ཡི་ཏིང་འཛིན་ཧཱུྃ། །སྤ་ར་ཎ་ཧཱུྃ། སྃ་ཧ་ར་ཎ་ཧཱུྃ། ཧཱུྃ་ལས་ཨེ་ཡྃ་ར་སུྃ་ཀྃ། །འབར་བའི་ཚྭ་ཚྭ་འཁྲུག་པ་སྤྲོས། །འབྱུང་བ་ཕུང་པོ་ཉོན་མོངས་ལྔ། །ཐམས་ཅད་ཆོས་ཉིད་སྟོང་པར་སྦྱང་། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །ཨེ་ལས་མཐིང་ནག་ནམ་མཁའི་དབྱིངས། །ཐམས་ཅད་འདེགས་པའི་ཤུགས་དང་ལྡན། །ཡྃ་ལས་རླུང་དཀྱིལ་རྒྱ་གྲམ་ལྗང་། །ར་ལས་ཁྲག་མཚོ་རྦ་རླབས་འཁྲུགས། །སུྃ་ལས་གསེར་གྱི་ས་གཞི་བརྡལ། །ཀྃ་ལས་རི་རབ་སྔོ་མཁྲེགས་སྟེང་། །རྃ་ལས་མེ་དཔུང་གྲུ་གསུམ་འབར། །འབྱུང་པོའི་ཚོགས་རྣམས་གཞོབ་ཏུ་བསྲེག །ཐམས་ཅད་ཡེ་ནས་སངས་རྒྱས་ཞིང་། །ཡུམ་ལྔའི་མཁའ་ཀློང་རྣམ་པར་དག །རྩ་བའི་ཧཱུྃ་ལས་བྷྲཱུྃ་ཡིག་ཆད། །འཕྲོ་འདུ་འོད་ཀྱིས་དོན་གཉིས་བྱས། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜལ་བྷྲཱུྃ། ཡོངས་གྱུར་ཀུན་བཟང་གཞལ་ཡས་ཁང་། །ཕྱི་ནི་རིན་ཆེན་སྣ་ལྔས་བཅིང་། །ནང་ནི་དུར་ཁྲོད་གཞལ་མེད་ཁང་། །ཐོད་པ་སྐམ་པོས་འགྲམ་བཏང་ཞིང་། །ར་རི་རྙིང་པས་བརྩིགས་པ་ལ། །ལྕང་ལོ་རློན་པའི་ཁ་བད་ཅན། །ཀུན་ཀྱང་ཁ་ནས་མེ་ཆེན་འབར། །སྣ་ནས་འཇིགས་པའི་དུད་སྤྲིན་ལྡང་། །མིག་ནས་གདུང་བའི་མཆི་མ་བྱུང་། །གནམ་ལྕགས་ཨུརྨོས་གཟེར་བཏབ་པ། །བ་སུ་ཏ་ཡི་ཟུང་གིས་བཏབ། །འོག་གཞི་མཱྃ་ས་རཀྟའི་མཚོ། །ཀེང་རུས་རྣག་ཁྲག་ཚོམ་བུར་འཁྱིལ། །ཉིན་མཚན་མེད་པར་མེ་རླུང་འཚུབས། །ལྷ་བརྒྱད་ཀ་བ་གཟའ་བརྒྱད་གདུང་། །རྒྱུ་སྐར་དྲལ་བཏབ་ཀླུ་བརྒྱད་གདན། །སྨག་ནག་མི་རོའི་ཐོག་ཕེབས་ནི། །ཞིང་ཆེན་ཞིང་ཆུང་གཅལ་བཀྲམ་པར། །དྲེགས་པ་ཕོ་མོའི་ལྤགས་པས་བཀབ། །ལྷ་ཆེན་ཙིཏྟའི་ཕོ་ཏོག་སྤྲས། །ཉི་ཟླའི་ཀ་གཞུ་མཐོང་ཁུང་གསལ། །མིའུ་རིགས་བཞི་སྤྱི་བླུགས་སུ། །བཤུས་པའི་ལྤགས་པའི་རྒྱལ་མཚན་བཞི། །ཉ་ཆེན་འཕན་དང་ཀེང་རུས་གདུགས། །རཱུ་ཏྲ་བསྒྲལ་བའི་ཙིཏྟའི་ཏོག །སྒོ་བཞི་སྦྲུལ་ནག་རེ་གཞི་ལ། །ནམ་མཁའ་ལྡིང་དང་རུས་སྦལ་གྱི། །ཡ་ཐེམ་མ་ཐེམ་རབ་ཏུ་བརྗིད། །ཆུ་སྲིན་གདུག་པའི་སྒོ་སྐྱེས་ལ། །ཞིང་གི་ལག་པས་སྒོ་ལེ བ་བྱས། །ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད། །ཤར་ནས་བྱ་དཀར་ཀཾ་སྐད་སྒྲོགས། །ལྷོ་ན་ཀུ་ཀུ་ཁྱི་ལིང་ཟུག །ནུབ་ན་འདྲེ་མེ་དམར་ནག་འཚུབས། །བྱང་ན་དུད་སྤྲིན་ཅིར་ཡང་འཐུལ། །མི་རོ་གསར་རྙིང་ཕྱེད་འཐོར་གཟུགས། །བྱ་གཅན་ཁྲག་འཐུང་རྔམས་པར་རྒྱུག །གསལ་ཤིང་རྩེ་ལ་མི་རོ་འཕྱང་། །རོ་ལངས་གར་བྱེད་ཧ་ཧ་སྒྲོགས། །ཀེང་རུས་མེ་འབར་འཁྲབ་དང་འཕྱོང་། །ཕོ་བྲང་དབུས་ཀྱི་ལྷ་ཡི་གནས། །རྒྱ་མདུད་བརྩེགས་པའི་རྣམ་པར་བསམ། །ཧཱུྃ་ལས་ཕྱག་རྒྱ་བཞི་སྤྲོས་པས། །པདྨ་ཟླ་བ་ཉི་མའི་སྟེང་། །རུ་ཏྲ་ཁྱོ་ཤུགས་དབང་མེད་བཀུག །རྡོ་རྗེ་ཐོ་བས་བརྡུང་བྱས་ཏེ། །ཕོ་མོ་གན་རྐྱལ་ཁ་སྦུབ་བསྣོལ། །ནམ་མཁའི་དབྱིངས་ནས་ཡི་གེ་ཧཱུྃ། །སྐར་ཆེན་ཐང་དུ་བབས་པ་བཞིན། །ཕོ་བྲང་ཏོག་ནས་གདན་དབུས་བབས། །རྣམ་པར་ཤེས་པ་རྡོ་རྗེ་བསྒོམ། །སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་འགྲུབ་པར་མཛོད། །ཧཱུྃ་ལས་འཕྲོ་འདུས་དོན་གཉིས་བྱས། །ལྕགས་ཀྱི་རྡོ་རྗེ་རྩེ་དགུར་གྱུར། །དེ་ལས་སྤྲོ་བསྡུ་བརྟན་བྱས་ཏེ། །རྡོ་རྗེ་སེམས་དཔའ་ཀུ་མུད་མདོག །སྤྲོ་ཞིང་བསྡུ་བའི་མཛད་པ་བརྟན། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། རང་སྒྲ་འབྲུག་སྟོང་ལྡིར་བ་བཞིན། །དག་དང་མ་དག་ཞིང་རྣམས་ཀུན། །གཡོ་འགུལ་འོད་ཟེར་སྣང་བས་ཁྱབ། །སངས་རྒྱས་ཐམས་ཅད་མཉེས་བྱས་ནས། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས། །སླར་འདུས་ཡོངས་སུ་གྱུར་པ་ལས། །བདག་ཉིད་རྩ་བའི་དཀྱིལ་འཁོར་ནི། །རང་སེམས་རྡོ་རྗེ་གཞོན་ནུའི་སྐུ། །ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །ཡ་མཚན་ཆེ་བའི་དབུ་རྒྱན་ཅན། །དབུ་སྐྲ་ཁམ་ནག་རལ་པ་ནི། །གྱེན་ལ་འཁྱིལ་ཞིང་སྲིད་རྩེར་འབར། །སྤྱན་དམར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟངས་ཡག་རྣོན་པོ་གཙིགས། །རྐན་སྒྲ་གཏོགས་པས་ཁམས་གསུམ་འཁྲུགས། །བདུད་རྒྱལ་རྣམས་ཀྱིས་ཞབས་ལ་བཏུད། །རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་། །མེ་དཔུང་ཁ་ཊྭཱྃ་བསྡིགས་པའི་སྟབས། །འཁོར་འདས་སྤྱི་ནས་གནོན་པ་ཡི། །མཐའ་གཉིས་རི་རབ་ཕུར་པ་འདྲིལ། །རྡོ་རྗེ་རིན་ཆེན་གཤོག་པ་གདེངས། །བ་སྤུའི་བུ་ག་ཐམས་ཅད་ན། །རང་འདྲའི་ཁྲོ་ཆུང་མང་པོས་གཏམས། །ཐལ་ཚོམ་རཀྟའི་ཐིག་ལེ་དང་། །ཞག་གི་ཟོ་རིས་བྱུགས་པས་བརྒྱན། །གླང་ཆེན་ཀོ་རློན་ཞིང་ཆེན་གོས། །སྟག་གི་ལྤགས་པའི་ཤམ་ཐབས་གསོལ། །ཐོད་སྦྲུལ་རིན་ཆེན་ཕྲེང་བས་བརྒྱན། །ཐུགས་ཀར་མཆོང་གུར་སྨུག་པོའི་ནང་། །རང་འདྲའི་བརྫུས་སྐྱེས་ཡེ་ཤེས་སེམས། །དེ་ཡི་ཐུགས་ཀར་ཉི་མའི་སྟེང་། །རྡོ་རྗེ་སྔོན་པོ་ནས་འབྲུ་ཙམ། །ལྟེ་བར་ཏིང་འཛིན་སེམས་དཔའ་ཧཱུྃ། །མཐིང་ནག་སྤུ་ཡིས་བྲིས་པ་བཞིན། །མཐའ་མར་རྩ་བའི་སྔགས་ཀྱིས་བསྐོར། །སྒོ་སྲུང་རྟ་མགྲིན་ཡབ་ཡུམ་བཅས། །ཆད་པ་མ་ཡིན་རིག་ཅིང་གསལ། །རྟག་པ་མ་ཡིན་ངོས་བཟུང་མེད། །སྣང་སྟོང་ཡེ་ནས་དབྱེར་མེད་གསལ། །ༀ་ཏིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། །ཨུཏྤལ་ཐོད་ཁྲག་ཡབ་ལ་འཁྱུད། །གཟིག་ཤམ་ཕྱག་རྒྱ་ལྔ་ཡིས་སྤྲས། །ཐོད་སྐམ་དབུ་རྒྱན་དོ་ཤལ་འཕྱང་། །སྤྱི་བོར་བྷུདྡྷ་ཁྲག་འཐུང་དཀར། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། །འཁོར་ལོ་ཁ་ཊྭཱྃ་རྔེའུ་ཆུང་གཡས། །དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན། །དེ་བཞིན་རིགས་བཞིའི་ཁྲག་འཐུང་རྣམས། །རྒྱ་གྲམ་འབར་བ་གཡས་དང་པོ། ཁ་ཊྭཱྃ་ཀ་དང་རྔེའུ་ཆུང་། །དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན། །ཟླ་བ་པདྨ་ཉི་མའི་གདན། །འགྱིང་བག་རྔམས་པའི་སྟབས་ཀྱིས་བཞུགས། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །སྣོད་བཅུད་གཞལ་ཡས་ལྷ་རུ་གྱུར། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ནི། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །རྒྱ་མདུད་བར་མའི་ཕྱོགས་མཚམས་སུ། །མཐིང་ནག་ཧཱུྃ་ཡིག་སྦྲེལ་མ་བཅུ། །ཞུ་བས་ཁྲོ་བཅུ་སྤྲུལ་པར་བཅས། །ཧཱུྃ། སྟེང་ཕྱོགས་ཚངས་པ་བསྣོལ་བའི་སྟེང་། །ཁྲོ་བོ་རྡོ་རྗེ་ཧཱུྃ་ཀཱ་ར། །ཞལ་གསུམ་ཕྱག་དྲུག་རྔམས་སྟབས་ཅན། །སྔོ་དཀར་དམར་བའི་ཞལ་གསུམ་པ། །རྩ་ཕྱག་རྡོ་རྗེ་དུང་དམར་དཀྲུགས། །བར་པ་གཉིས་ཀྱིས་མདའ་གཞུ་འགེངས། །མཐའ་གཉིས་རི་རབ་ཕུར་པ་འདྲིལ། །སྒྲ་འབྱིན་ཡུམ་དང་གཉིས་སུ་མེད། །སྤྲུལ་པ་ཕག་དང་རྩང་པའི་མགོ། །ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཤར་ཕྱོགས་བརྒྱ་བྱིན་བསྣོལ་བའི་སྟེང་། །རྡོ་རྗེ་ཁྲོ་བོ་རྣམ་པར་རྒྱལ། །དཀར་དམར་སྔོ་ཞིང་སྙེམས་མ་ཡུམ། །བར་པ་རྡོ་རྗེ་འཁོར་ལོ་འཛིན། །སྤྲུལ་པ་སྟག་དང་བྱ་རྒོད་མགོ། །ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ཤར་ལྷོ་མེ་ལྷ་བསྣོལ་བའི་སྟེང་། །རྡོ་རྗེ་ཁྲོ་བོ་དབྱུག་པ་སྔོ། །གཡས་དཀར་གཡོན་དམར་སྡེར་མོ་ཡུམ། །བར་པ་དབྱུག་ཐོ་མེ་དབལ་བསྣམས། །སྤྲུལ་པ་གཡག་དང་བྱ་རོག་མགོ། །ༀ་བཛྲ་ཀྲོ་དྷ་ནཱི་ལ་དནྡྲ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། ལྷོ་རུ་གཤིན་རྗེ་བསྣོལ་བའི་སྟེང་། །རྡོ་རྗེ་ཁྲོ་བོ་གཤིན་རྗེ་གཤེད། །སྔོ་དཀར་དམར་བའི་ཞལ་གསུམ་པ། །དུར་ཁྲོད་བདག་མོ་ཡུམ་དང་འཁྲུལ། །བར་པ་དགྲ་སྟྭ་དབྱུག་ཏོ་འཛིན། །སྤྲུལ་པ་ཤ་བ་འུག་པའི་མགོ། །ༀ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ལྷོ་ནུབ་སྲིན་པོ་ཁྱོ་ཤུག་སྟེང་། །ཁྲོ་བོ་མི་གཡོ་མགོན་པོ་སྨུག །གཡས་དཀར་གཡོན་དམར་གཏུན་ཁུང་ཡུམ། །བར་པས་རལ་གྲི་ཞགས་པ་འཛིན། །སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ། །ༀ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ནུབ་ཏུ་ཆུ་བདག་ཕོ་མོའི་སྟེང་། །རྡོ་རྗེ་ཁྲོ་བོ་རྟ་མཆོག་དམར། །གཡས་དཀར་གཡོན་མཐིང་གཏུམ་མོ་ཡུམ། །བར་པ་རལ་གྲི་སྦྲུལ་ཞགས་འཛིན། །སྤྲུལ་པ་བྱི་ལ་པུ་ཤུད་མགོ། །ༀ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ནུབ་བྱང་རླུང་ལྷ་ཁྱོ་ཤུགས་སྟེང་། །ཁྲོ་བོ་འདོད་པའི་རྒྱལ་པོ་དམར། །གཡས་དཀར་གཡོན་ལྗང་མདའ་སྙེམས་ཡུམ། །བར་པ་དབྱུག་ཏོ་རྔ་ཡབ་འཛིན། །སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ། །ༀ་བཛྲ་ཀྲོ་དྷ་ཨ་པ་ར་ཙིཏྟ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། བྱང་དུ་གནོད་སྦྱིན་བསྣོལ་བའི་སྟེང་། །ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་། །གཡས་དཀར་གཡོན་དམར་རླུང་འབྱིན་ཡུམ། །བར་པ་རྒྱ་གྲམ་དབྱུག་ཐོ་འཛིན། །སྤྲུལ་པ་སེང་གེ་ཕ་ཝཾ་མགོ། །ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུན་ཊ་ལི་ཧཱུྃ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། བྱང་ཤར་དབང་ལྡན་ཁྱོ་ཤུགས་སྟེང་། །ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་སེར། །གཡས་མཐིང་གཡོན་ལྗང་གསོད་བྱེད་ཡུམ། །བར་པ་རྡོ་རྗེ་ཏྲི་ཤུལ་འཛིན། །སྤྲུལ་པ་དྲེད་དང་སྲེ་མོང་མགོ། །ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛྭ་ཡ་ཧཱུྃ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། འོག་ཕྱོགས་ས་བདག་བསྣོལ་བའི་སྟེང་། །ཁྲོ་བོ་སྟོབས་ཆེན་དུད་ཁའི་མདོག །གཡས་དཀར་གཡོན་དམར་རིག་བྱེད་ཡུམ། །བར་པས་ཐོ་བ་གཏུན་ཤིང་འཛིན། །སྤྲུལ་པ་དོམ་དང་བྱི་བའི་མགོ། །ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། དེ་ལྟར་ཁྲོ་བོ་ཐམས་ཅད་ཀྱིས། །དང་པོས་རྡོ་རྗེ་དུང་དཀར་དཀྲུགས། །མཐའ་གཉིས་རི་རབ་ཕུར་པ་འདྲིལ། །ཡུམ་རྣམས་སྐུ་མདོག་ཡབ་དང་མཚུངས། །ཕྱག་མཚན་དྲིལ་བུ་དུང་དམར་འཛིན། །སྤྲུལ་པ་ལྕམ་དྲལ་སྐུ་མདོག་ནི། །གཡས་གཡོན་ཞལ་གྱི་ཁ་དོག་ལ། །ཕྱག་མཚན་ལྕགས་ཀྱུ་ཕུར་བུ་འདྲིལ། །རྔམས་བརྗིད་འབར་བའི་སྐུ་རུ་གསལ། །ཧཱུྃ། རྒྱ་མདུད་འོག་མའི་ཁོངས་སེང་ལ། །ཕུར་སྲུང་དམ་ཅན་བཅུ་གཉིས་གསལ། །ཛཿ ཤར་གྱི་སྒོ་བ་པུ་ཤུད་མགོ། །མཐིང་ནག་གཡས་པས་ལྕགས་ཀྱུ་འཛིན། །ཧཱུྃ། ལྷོ་ཡི་སྒོ་བ་སྐྱ་ཀའི་མགོ། །སེར་པོ་གཡས་པས་ཞགས་པ་འཛིན། །བྃ། ནུབ་ཀྱི་སྒོ་བ་སྲིན་བྱའི་མགོ། །དམར་ནག་གཡས་པས་ལྕགས་སྒྲོག་འཛིན། །ཧོཿ བྱང་གི་སྒོ་བ་ཁྲ་ཡི་མགོ། །ལྗང་ནག་གཡས་པས་དྲིལ་བུ་འཛིན། །ཀུན་ཀྱང་གཡོན་པས་ཕུར་པ་ཐོགས། །རྒྱན་དང་ཆ་ལུགས་རྫོགས་པར་བསྐྱེད། །ཕོ་བྲང་གཞལ་ཡས་ཕྱི་མའི་ཁྱམས། །ཁྲག་ཁྱམས་འཕྱོ་བའི་སྣལ་མ་ལ། །མི་རོ་རྟ་རོས་གང་བའི་སྟེང་། །དབང་ཕྱུག་མ་མོ་ཉི་ཤུ་བརྒྱད། །སྒོ་བཞིར་དུང་ལྕགས་བསེའི་སྐྱེས་བུ། །ཏཀྐི་ནག་པོ་འཇིགས་པར་བསྐྱེད། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་ནི། །མཐིང་ནག་གྲུ་གསུམ་འབར་བའི་དབུས། །ཡབ་ཡུམ་མཉམ་སྦྱོར་ཧཱུྃ་འཕྲོས་པས། །སྲས་མཆོག་བཛྲ་ཀཱི་ལ་ཡ། །ཞལ་གཅིག་ཕྱག་ཀྱང་བཞི་པ་སྟེ། །སྟྭ་རེ་རྡོ་རྗེ་ཁ་ཊྭཱྃ་དང་། །ཕུར་པ་བཏབ་པས་ངན་སོང་འཇིག །ལྟེ་བ་མན་ཆད་སྐུ་སྨད་ནི། །སྔོ་བསང་མི་བཟད་འཇིགས་པའི་ཚུལ། །ཕུར་པ་གཅུམ་གཞོགས་ལྡིར་བའི་དབུས། །བྷྲཱུྃ་ལས་གཞལ་ཡས་ཁང་གི་དབུས། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་བསམ། །དེ་ཡི་ཕྱོགས་མཚམས་ཁྲོ་བོ་བརྒྱད། །ཡབ་ཡུམ་མགོ་བརྙན་བཅས་པ་ལ། །རྒྱ་མདུད་གོང་མར་ཧཱུྃ་ཀཱ་ར། །ལོགས་ལ་རིགས་ཀྱི་སངས་རྒྱས་ལྔ། །འོག་མར་སྟོབས་ཆེན་ཡབ་དང་ཡུམ། །ཕྲ་མེན་སྤྲུལ་པར་བཅས་པ་དང་། །ལོགས་བཞིར་སྒོ་མ་བཞི་པོ་དང་། །དབལ་ལ་ཕུར་སྲུང་བཅུ་གཉིས་བསྐྱེད། །སེམས་ཀྱི་སེམས་ཉིད་ཕུར་པ་ཡིན། །ཆོས་ཀྱི་ཆོས་ཉིད་ཕུར་པ་ཡིན། །ནམ་མཁའི་མཚན་ཉིད་ཕུར་པ་ཡིན། །གསལ་བར་བསྒོམ་ན་བསྐྱེད་པ་ཡིན། །གཉིས་སུ་མེད་ན་སྦྱོར་བ་ཡིན། །ལྷང་གིས་རྟོགས་ན་ཐེབས་པ་ཡིན། །ཉམས་འོག་ཆུད་ན་བསྒྲལ་བ་ཡིན། །རིག་པ་ཡེ་ཤེས་ཕུར་པ་སྟེ། །སྐུ་གཅིག་ངང་ལ་སྐུ་གསུམ་རྫོགས། །ༀ་བཛྲ་ཀཱི་ལི་ཀཱ་ལ་ཡ་བཛྲ་ཡཀྴ་ཀྲོ་དྷ་བེ་ཏ་ལི་རཀྟ་ཛྭ་ལ་མཎྜལ་མ་ར་ཡ་ཧཱུྃ་ཕཊ། དེ་ནས་ཆེ་བ་བསྐྱེད་པ་ནི། ཧཱུྃ། དིཔྡ་ཙཀྲ་ཕུར་པའི་ལྷ། །མཐིང་ནག་གཅེར་བུ་རལ་པ་ཅན། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །ལྟེ་བ་མན་ཆད་ཕུར་པའི་དབལ། །འབར་བའི་ཕྲེང་བ་འཁྲིགས་པའི་དབུས། །དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས། །ཐུགས་ལ་རྡོ་རྗེ་གཞོན་ནུ་འབར། །ཡེ་ཤེས་མེ་དཔུང་ཀློང་ན་བཞུགས། །དྲག་པོར་གྱུར་པའི་ཕུར་པ་སྟེ། །བཏབ་ན་ལྷ་ཡང་བརླག་གྱུར་ན། །གནོད་བྱེད་རྣམས་ལ་སྨོས་ཅི་དགོས། །དགྲ་བགེགས་སྙིང་ལ་ཀཱི་ལ་ཡ། །ཞེས་གསལ་སྣང་ཐོན་པར་བྱ། ཧཱུྃ། སྲིད་པ་ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ༀ་བཛྲ་ས་མ་ཡ་ཛཿ ས་མ་ཡ་སྟྭྃ། ཧཱུྃ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །རྗེ་བཙུན་ཡེ་ནས་ཡིན་པའི་ཕྱིར། །སྐུ་གསུང་ཐུགས་སུ་བྱིན་རླབས་ཤིང་། །ཡེ་ཤེས་ལྔ་ཡི་དབང་བསྐུར་རོ། །ༀ་ཨཱཿཧཱུྃ་སྭཱ་ཧཱ། ཕུང་པོ་དུག་ལྔ་གནས་སྦྱངས་ནས། །རིགས་ལྔ་ཡེ་ཤེས་མངོན་དུ་བྱས། །ཁྲག་འཐུང་རིགས་ལྔས་དབུ་བརྒྱན་གྱུར། །སླར་ཡང་ཁམས་གསུམ་སྲིད་པ་གསུམ། །མེ་ཆུ་རླུང་གིས་བསྲེགས་གཏོར་སྦྱངས། །ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ། །ཚུར་འདུས་སྒོ་སྲུང་རྟ་མགྲིན་ཐིམ། །དེ་ཉིད་མཉམ་སྦྱོར་བདུད་རྩི་བབ། །ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལས། །ཏིང་འཛིན་སེམས་དཔའ་ཧཱུྃ་ལ་ཐིམ། །དེ་ལས་རྡོ་རྗེ་ཆོས་བདུན་གྱི། །ལྕགས་ཀྱི་སྲོག་རྩ་ཤད་ཀྱིས་སྐྱེས། །འཁོར་འདས་སྲོག་ལ་རང་དབང་བསྒྱུར། །དེ་ནས་མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་མང་པོས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་ནས་ཀྱང་། །བདག་ལ་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་ཨི་དཾ། པུཥྤེ། དྷུཔྤེ། དཱི་པཾ། གནྡྷེ། པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿ པྲ་ཏཱིཙྪ་ཁཱ་ཧི། གྲཱྀ་ཏ་ན་ཁ་ཧི། བཛྲ་ཡཀྴ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟོད་པ་ནི། ཧཱུྃ། ལྷ་ཡི་ལྷ་མཆོག་ཆེ་བའི་ལྷ། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཕྲིན་ལས་ཐམས་ཅད་རྫོགས་པའི་དབལ། །ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། །ཛཔ྄་དམིགས་ནི། ཧཱུྃ། རིག་པ་ཡེ་ཤེས་ཕུར་པ་ཉིད། །གཟུང་འཛིན་བྲལ་བའི་ངང་ནས་བཟླ། །ཚད་མེད་སྙིང་རྗེའི་ཕུར་པ་ཉིད། །བྱམས་དང་སྙིང་རྗེའི་ངང་ནས་བཟླ། །ལྷག་པ་བྱང་སེམས་ཕུར་པ་ཉིད། །མཁའ་ཀློང་རྣམ་པར་དག་པར་བཟླ། །མཚན་མ་རྫས་ཀྱི་ཕུར་པ་ཉིད། །ལས་བཞི་ལྷུན་གྲུབ་ངང་ནས་བཟླ། །ཞེས་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཚོན་གང་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་མཐིང་གའི་མཐར་རྩ་བའི་སྔགས་ཕྲེང་མཐིང་ནག་གིས་བསྐོར་བ་ལས་འོད་ཟེར་མཐིང་དམར་གྱི་དབྱིབས་ཕུར་པ་འདྲ་བ་ཆེ་བ་ཀ་གདུང་ཙམ་དང་། ཆུང་བ་ཡུངས་འབྲུ་ཙམ་འཕྲོས་པས་གང་ལ་ཕོག་པ་རྣམས་ཉལ་གྱིས་བརླག་པར་བསམ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བྷིགྣཱན་བཾ་ཧཱུྃ་ཕཊ། ཅེས་ཕྱི་ལྟར་བཟླས་པའོ། །འོད་ཟེར་ནང་དུ་འཕྲོས་པས་ནད་གདོན་བསྲེག་པར་དམིགས་པ་ནང་ལྟར་བཟླས་པའོ། །ཡང་འོད་ཟེར་རྩ་སྦུག་ཏུ་འཕྲོས་ཉོན་མོངས་པའི་སྒྲིབ་པ་རྣམས་ཉི་ཟེར་གྱིས་བ་མོ་སྦྱང་བ་ལྟར་བསམ་ལ་གསང་བའི་བཟླས་པའོ། །དེ་ནས་རྒྱུན་དུ་བསྙེན་ན་དང་པོ་བྱེ་བ་གསུམ་ལ་སོགས་པ་འགྲོ་བར་བྱའོ། །དེ་ནས་བཞི་སྙིང་གཅིག་ཏུ་དྲིལ་བ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ ཀ་ཏང་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ་མ་ར་སེ་ན་པྲ་མརྟ་ན་ཡེ། སརྦ་བྷིགྷྣཱན་བྃ་ཧཱུྃ་ཕཊཿ ཅེས་འབུམ་ཕྲག་བཞི་བཟླའོ། །སྤུ་གྲི་ཁྲི་བཟླའོ། །དེ་ལྟར་བཟླས་པས་འགྲུབ་པའི་ཚད་ནི། རྒྱུད་ལས། རང་སེམས་གཞི་ཡི་ཕུར་པ་ནི། །ས་བོན་ཀུན་ཁྱབ་ཏིལ་མར་འདྲ། །རྟོགས་ན་སངས་རྒྱས་ངོ་མཚར་ཆེ། །བགྲོད་པ་ལམ་གྱི་ཕུར་པ་ནི། །ཐབས་ཤེས་སྐུ་གསུམ་ཡེ་ཤེས་ལྔ། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་བྱ། །མཐར་ཐུག་འབྲས་བུའི་ཕུར་པ་ནི། །སྐུ་ལྔ་ཡེ་ཤེས་དགུ་ལྡན་ཏེ། །མ་འཁྲུལ་རྟོགས་པ་མངོན་གྱུར་བྱ། །གཞི་ལམ་འབྲས་བུ་རྟོགས་གྱུར་ན། །ཆོས་སྐུ་སྤྲོས་བྲལ་མངོན་དུ་འགྱུར། །ཞེས་སོ། །དེ་ལྟར་སྒྲུབ་པའི་གང་ཟག་གི་རིམ་པ་ཡང་། རྩ་རྒྱུད་ལས། ནམ་མཁའ་ལྟ་བུའི་གང་ཟག་གིས། །རིག་པ་ཡེ་ཤེས་ཕུར་པ་དེ། །གཟུང་འཛིན་མེད་པའི་ངང་དུ་གདབ། །ལྷང་གིས་རྟོགས་ན་ཐེབས་པའི་ཚད། །འབྲས་བུ་ཆོས་སྐུ་སྐྱེ་མེད་ཐོབ། །མ་ཐེབས་མ་རྟོགས་འཁོར་བར་འཁྱམས། །རི་བོ་ལྟ་བུའི་གང་ཟག་གིས། །ཚད་མེད་སྙིང་རྗེའི་ཕུར་པ་དེ། །འགྲོ་ལ་བྱམས་དང་སྙིང་རྗེས་གདབ། །བདག་གཞན་གཉིས་མེད་རྟོགས་ན་ཐེབས། །འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ། །མ་ཐེབས་རུ་ཏྲ་སྲིན་པོར་གོལ། །འདབ་ཆགས་ལྟ་བུའི་གང་ཟག་གིས། །ལྷག་པ་བྱང་སེམས་ཕུར་པ་དེ། །ཡུམ་གྱི་མཁའ་ཀློང་དག་པར་གདབ། །བདེ་བ་དངོས་མེད་ཐེབས་པའི་ཚད། །འབྲས་བུ་སྐུ་གསུམ་དབྱེར་མེད་ཐོབ། །མ་ཐེབས་འཁོར་བའི་འགྲམ་རྡོ་བྱེ། །ཙནྡན་ལྟ་བུའི་གང་ཟག་གིས། །མཚན་མ་རྫས་ཀྱི་ཕུར་པ་དེ། །ཞི་རྒྱས་དབག་དྲག་ཕུར་པ་ཡིན། །ཁྱད་པར་དྲག་པོའི་ཕུར་པ་ནི། །གནད་ཆེན་ཐམས་ཅད་འདུས་པ་ཡི། །དཀར་ནག་མཚམས་སུ་གདབ་པར་བྱ། །ཞེས་པའི་རྣམ་དབྱེ་ཕྱེད་པར་རང་གི་རྒྱུད་ཚོད་དང་མཐུན་པར་ཉམས་སུ་བླང་བར་བྱའོ། །ཐུན་མཚམས་སུ་མཆོད་བསྟོད་དང་བཤགས་པ་བྱེད་ནས། ཧཱུྃ་གསུམ་གྱིས་ལྷའི་གསལ་སྣང་འོད་གསལ་དུ་བསྡུའོ། །ཕཊ་གསུམ་གྱིས་རྗེས་ཀྱི་ལྷར་ལྡང་ངོ་། །འདི་ལྟར་མཁའ་འགྲོ་མཚོ་རྒྱལ་གྱིས། །སློབ་དཔོན་རྣམ་གསུམ་དགོངས་པའི་བཅུད། །རྒྱུད་འགྲེལ་ཕུར་པ་འབུམ་ནག་གི །རྩ་བའི་མན་ངག་མདོར་བསྡུས་ཏེ། །དངོས་གྲུབ་བསྒྲུབ་ལ་མི་བསླུ་བ། །རྒྱུན་ཁྱེར་ལས་ཀྱི་ཁྲིགས་ཉིད་དུ། །པདྨ་ལས་འབྲེལ་རྩལ་གྱིས་བསྡེབས། །དགེ་བས་ཀུན་བཟང་ཉིད་ཐོབ་ཤོག །ཅེས་པའང་སྡོམ་བརྩོན་ལྡན་པ་ཡི་གེ་དང་། ཨ་ཚུལ། བསོད་ནམས་བསྟན་འཛིན་གསུམ་གྱིས་བསྐུལ་ངོར་འོད་གསལ་རིན་ཆེན་སྙིང་པོ་པདྨ་ལས་འབྲེལ་རྩལ་གྱིས་སྤེལ་བ་དགེའོ། །དགེའོ། །དགེའོ།། །།

སྙན་བརྒྱུད་ཕུར་པའི་སྨད་ལས་དུག་ཕུར་ནག་པོ། པདྨ་ལས་འབྲེལ་རྩལ།

སྙན་བརྒྱུད་ཕུར་པའི་སྨད་ལས་དུག་ཕུར་ནག་པོ་ཞེས་བྱ་བ་བཞུགས་སོ། །བཛྲ་ཀུ་མཱ་ར་ན་མོ། སྙན་བརྒྱུད་ཕུར་པའི་སྨད་ལས་དུག་ཕུར་ནག་པོ་དང་འབྲེལ་བའི་རྗེས་རིམ་ཚོགས་ཀྱི་མཆོད་པ་ནི། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་བཟང་ཞིང་གྱ་ནོམ་ཕུད་མ་ཉམས་པར་བཤམས་ཏེ། ༀ་བཛྲ་ཨ་མྲྀ་ཏ་ཀུནྡྷ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བདག་ལ་གཏོར་བས་ཏིང་ངེ་འཛིན་མི་གསལ་བ་དང་ཆོ་ག་མ་ཚངས་བ་ཡོད་པ་བསང་། ཡང་ཨ་མྲྀ་ཏས་མཆེད་ལྕམ་ལ་མ་དག་ལ་ཡོད་པ་དང་། ཡང་ཨ་མྲྀ་ཏས་གཏོར་བས་ཚོགས་རྫས་ཀྱི་མ་དག་པ་དག་པར་བསམ་མོ། །དེ་ནས་སྦྱང་བ་ནི། ཧཱུྃ། སྣོད་ཀྱི་ཐོད་པ་སྟོང་གསུམ་ཁྱོན། །བཅུད་ཀྱི་ཚོགས་རྫས་ཕུར་བུས་གཏམས། །རྃ་ལས་མེ་འབར་དངོས་འཛིན་བསྲེགས། །ཡྃ་ལས་རླུང་བྱུང་བག་ཆགས་གཏོར། །ཁྃ་ལས་ཆུ་བྱུང་གཉིས་འཛིན་བཀྲུས། །རྃ་ཡྃ་ཁྃ། བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །ཡི་གེ་འབྲུ་གསུམ་ཆར་དུ་བབ། །ༀ་གྱིས་ཤེལ་ལྟར་དྭངས་པ་ལ། །ཨཱཿཡིས་བདུད་རྩི་དམར་མེར་གྱུར། །ཧཱུྃ་གིས་སྔོ་བསང་མཁའ་ལྟར་དག །དེ་ཉིད་རྣམ་གསུམ་འདྲེས་པའི་སྟེང་། །མ་ལས་ཉི་མ་རབ་གསལ་བ། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་། །ༀ་ཨཱཿཧཱུྃ་སྭཱ་ཧཱ་རྣམས་ལས། །སྐྱེས་པའི་རིགས་ཀྱི་ཡབ་ལྔ་དང་། །མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་རྣམས་ལས། དབྱིངས་ཕྱུག་ཡུམ་དང་བཅས་པ་རྣམས། །མཉམ་པར་སྦྱོར་བའི་འཕྲོ་འདུ་ལས། །ཐིག་ལེ་བྱང་ཆུབ་སེམས་སུ་ཞུ། །སྤྲིས་མ་ༀ་དུ་ཆགས་པ་ལས། །འདོད་ཡོན་ལྔ་ཡི་ལྷ་མོ་འཕྲོས། །ༀ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿ སྤྱན་འདྲེན་པ་ནི། ཧཱུྃ། སྲིད་པ་ཕུར་བུར་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། །སྲས་དང་སྤྲུལ་པ་ཁྲ་ཐབས་བཅས། །བཀའ་ཉན་དམ་ཅན་སྲུང་མའི་ཚོགས། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་ཕྱིར། །ལོངས་སྤྱོད་ཚོགས་ལ་གཤེགས་སུ་གསོལ། །ༀ་བཛྲ་ས་མ་ཡ་ཛཿ ས་མ་ཡ་སྟྭཾ། དེ་ནས་ཚོགས་ཕུད་ནི། ཧཱུྃ། བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། །གནས་གསུམ་མ་མོ་མཁའ་འགྲོ་དང་། །དཔའ་བོ་དཔའ་མོར་བཅས་པ་རྣམས། །ཀུན་བཟང་མཆོད་སྤྲིན་རོལ་པར་མཛོད། །བདག་གིས་གཡོ་མེད་གུས་ལྡན་པས། །རྣལ་འབྱོར་གསང་བའི་མཆོད་པ་ནི། །སྣང་སྲིད་ཆོས་དང་རྒྱལ་སྲིད་བདུན། །ཕྱག་རྒྱ་བཞི་དང་ཉོན་མོངས་ལྔ། །ཏིང་འཛིན་མཆོད་པ་བདུད་རྩི་ལྔ། །འདོད་ཡོན་ལྷ་མོ་གླུ་དང་གར། །རྟོག་མེད་དོན་གྱི་མཆོད་པ་འབུལ། །ཕོ་བྲང་བཞུགས་གནས་ཞིང་ཁམས་སུ། །མཆོད་པའི་སྤྲིན་གྱིས་གཏིབས་ཤིང་རྒྱས། །སྣང་སྲིད་མཆོད་པར་བསྔོ་བ་ནི། ཧཱུྃ་ཧཱུྃ། ཡེ་ཤེས་རོལ་པའི་ཞལ་ཆེན་པོར། །སྣོད་བཅུད་མ་ལུས་མཆོད་པར་སྦྱོར། །དབྱིངས་ཡེ་རོལ་པའི་མཆོད་པའི་རྒྱུ། །ཁམས་གསུམ་ཐམས་ཅད་མཆོད་པར་འབུལ། །དེ་ནས་ཀུན་ཏུ་དབྱེ་བ་མེད་པའི་མཆོད་པ་ནི། ཧཱུྃ། རྒྱལ་བ་མ་ལུས་ཞི་ཁོའི་སྐུ། །དྭངས་སྙིགས་མི་བྱེད་མཉམ་པའི་ངང་། །དུག་གསུམ་སྐྱོན་བྲལ་དབྱིངས་ཀྱིས་མཆོད། །འདུ་འབྲལ་མེད་པའི་མཆོད་པར་རོལ། །དེ་ནས་ཐམས་ཅད་མཉམ་པ་ཉིད་དུ་མཆོད་པ་ནི། ང་དང་བདག་མེད་མཁའ་ལྟར་དག །ཡེ་ཤེས་ལྷུན་གྱིས་གྲུབ་པ་ལས། །གཉིས་མེད་བདེ་ཆེན་མཉམ་པས་མཆོད། །མཉམ་ཉིད་བླང་དོར་མེད་པར་རོལ། །དེ་ནས་འདོད་ཡོན་གྱི་མཆོད་པ་ནི། ཧཱུྃ། བྱང་ཆུབ་རོལ་པ་ལོངས་སྤྱོད་སྤྲུལ་པའི་སྐུ། །འདོད་པའི་ཡོན་ཏན་ལྷ་མོའི་མཆོད་པ་འདི། །སྣང་སྲིད་མ་ལུས་འདོད་དགུར་བསྒྱུར་བྱས་ཏེ། །མཁའ་ལྟར་དག་པའི་དབྱིངས་སུ་ཡེ་ཤེས་རོལ། །མ་ཧཱ་ག་ཎ་ཙཀྲ་ཁཱ་ཧི། མ་ཧཱ་ཛ་གད་ལ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་སརྦ་པཱུ་ཛ་ཧོཿ དེ་ནས་བར་བཤགས་ནི། ཧཱུྃ། ཡེ་ཤེས་ལྷ་ལ་རྣམ་རྟོག་མི་མངའ་ཡང་། །དེ་ཡི་འཁོར་དུ་གཏོགས་པའི་དམ་ཅན་རྣམས། །མི་ཡི་སྐྱོན་མཐོང་ཙམ་ནས་བར་ཆད་རྩོམ། །འགལ་འཁྲུལ་ནོངས་པ་ཅི་མཆིས་མཐོལ་ལོ་བཤགས། །བཟོད་པར་བཞེས་ནས་ཚངས་པར་སྩལ་དུ་གསོལ། །ཡི་གེ་བརྒྱ་པ་བརྗོད། ཐ་མ་བསྒྲལ་བ་ནི། མདུན་དུ་ཨེ་ལས་གནམ་ལྕགས་ཀྱི་བྲུབ་ཁུང་ཕྱི་ནག་ལ་ནང་ལྕགས་བསྲེགས་དམར་ཟང་ངེ་བ་ཁ་ཡངས་པ་གཏིང་ཟབ་པ་ཕྱི་ན་ཞེ་སྡང་གི་མེ་འབར་བ། ནང་ན་གཏི་མུག་གི་མུན་པ་གཏིབས་པ། ལོགས་ལ་ང་རྒྱལ་གྱི་མཚོན་ཆ་གཟིང་བ། གཏིང་ན་འདོད་ཆགས་ཀྱི་ཁྲག་མཚོ་དམར་ནག་ཏུ་འཁྲུགས་པ། ཕྱོགས་ཀུན་ཏུ་ཕྲག་དོག་གི་རླུང་དམར་འཚུབས་པའི་ནང་དུ་ཉམས་པ་ཅན་དངོས་སུ་གསལ་ཏེ། ལས་བྱེད་སྤྲུལ་པའི་ཕོ་ཉ་མང་པོ་འགུགས་སྒྲོལ་གྱི་ཤན་པ་གསོད་གཅོད་ཀྱི་ལས་ལ་རྔམས་ཤིང་འཁྲུགས་ནས་ཉི་ཟེར་གྱི་རྡུལ་འཚུབས་པ་བཞིན་གཡོ་བར་མོས་ཏེ། དང་པོ་རིག་འཛིན་རྣམས་བསྐུལ་ཏེ། ཧཱུྃ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་རྣམས་ཀྱི་དུས་ལ་བབ། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག ཨུ་རྒྱན་པདྨ་འབྱུང་གནས་ཀྱིས། །རྒྱ་གར་ཙནྡན་ནགས་ཚལ་དུ། །ཇི་ལྟར་རྟགས་བསྟན་བསྙེན་ལམ་འཚལ། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །པཎ་ཆེན་བི་མ་མི་ཏྲ་ཡིས། །རྒྱ་གར་ཆུ་བོ་གངྒཱ་ལ། །ཇི་ལྟར་རྟགས་བསྟན༴ ཕུར་བུ་སྒྲུབ་པའི༴ བལ་པོ་ཤཱི་ལ་མཉྫུ་ཡིས། །མཎྜ་ལ་ཡི་མཁར་གོང་དུ། །ཇི་ལྟར་རྟགས་བསྟན༴ ཕུར་བུ་སྒྲུབ་པའི༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། །སྲོག་བདག་སྤྲུལ་པ་སྤྱང་ཀུ་ལ། །ཇི་ལྟར་རྟགས་བསྟན༴ ཕུར་བུ་སྒྲུབ་པའི༴ གཟུངས་མ་ཨ་ཙརྱ་ས་ལེ་ཡིས། །ཉོན་མོངས་སྐྱེ་ཤིའི་ཆུ་བོ་ལ། །ཇི་ལྟར་རྟགས་བསྟན༴ ཕུར་བུ་སྒྲུབ་པའི༴ རིག་འཛིན་པདྨ་ལས་འབྲེལ་གྱིས། །དམ་སྲི་འཚུབས་པའི་དམག་དཔུང་ལ། །ཇི་ལྟར་རྟགས་བསྟན༴ ཕུར་བུ་སྒྲུབ་པའི༴ ཉེ་བརྒྱུད་ལྟར་རམ། ཡང་ན་རིང་བརྒྱུད་ལྟར་ན། མཆིམས་སྟོན་ཤཱཀྱ་པྲ་བྷ་ཡིས། །ཡར་ལུང་གད་ཀྱི་བྲག་ཕུག་ཏུ། །ཇི་ལྟར༴ ཕུར་བུ༴ ཤུད་པུ་དཔལ་གྱི་སེངྒེ་ཡིས། །འུ་ཤང་རྡོ་མདོ་ཡི་ཞེས་སྣང་དཔྱད། ཡི་བྲག་ལོགས་ལ། །ཇི་ལྟར༴ ཕུར་བུ༴ སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས། །ཧས་པོ་རི་ཡི་ཡང་གོང་དུ། །ཇི་ལྟར༴ ཕུར་བུ༴ མཁར་ཆེན་དཔལ་གྱི་དབང་ཕྱུག་གིས། །རྩིབས་ཀྱི་སྤྱང་ཀུ་སྔོན་པོ་ལ། །ཇི་ལྟར༴ ཕུར་བུ༴ མི་ཡང་སྣང་། མི་ནུབ་རྒྱལ་པོ་སྙིང་པོ་ཡིས། །བདུད་ཀྱི་སྤྲུལ་པའི་བྱ་རོག་ལ། །ཇི་ལྟར༴ ཕུར་བུ༴ ལོ་ཙཱ་དཔལ་གྱི་བློ་གྲོས་ཀྱིས། །མོན་དམག་མང་པོ་ཆམ་ལ་ཕབ། །ཇི་ལྟར༴ ཕུར་བུ༴ ངམ་འབྲེལ་ཀླུ་ཡི་རྒྱལ་མཚན་གྱིས། །དགྲ་ལ་བཏབ་པས་བགེགས་ཀྱང་བསྒྲལ། །ཇི་ལྟར༴ ཕུར་བུ༴ ངམ་འབྲེ་ས་ལེ་དབང་ཕྱུག་གིས། །འོད་ལ་བཏབ་པས་དཀོར་བདག་བསྒྲལ། །ཇི་ལྟར༴ ཕུར་བུ༴ ལང་ལབ་བྱང་ཆུབ་རྡོ་རྗེ་ཡིས། །རྐུན་མའི་རྗེས་བཏབ་ནོར་རྣམས་ཁུག །ཇི་ལྟར༴ ཕུར་བུ༴ སྣ་ནམ་ཤེས་རབ་ཚུལ་ཁྲིམས་ཀྱིས། །མཐུ་ཆེན་སྟག་རམ་མི་དགུ་བསྒྲལ། །ཇི་ལྟར༴ ཕུར་བུ༴ སྐྱི་ནག་བྱང་ཆུབ་རིན་ཆེན་གྱིས། །གྱང་ལ་བཏབ་པས་སྐུ་དགྲ་བསྒྲལ། །ཇི་ལྟར༴ ཕུར་བུ༴ ཉང་ནག་དབང་གི་ཤེས་རབ་ཀྱིས། །དགྲ་བགེགས་མ་ལུས་ཆམ་ལ་ཕབ། །ཇི་ལྟར༴ ཕུར་བུ༴ དེ་སྲས་ཤཱཀྱ་རྒྱལ་མཚན་གྱིས། །འདར་ནག་རྟ་པ་བཅུ་དགུ་བསྒྲལ། །ཇི་ལྟར༴ ཕུར་བུ༴ སློབ་དཔོན་དྲག་པོ་ཆེན་པོ་ཡིས། །སྐུ་དགྲ་བནྡེ་བཅུ་གསུམ་བསྒྲལ། །ཇི་ལྟར༴ ཕུར་བུ༴ ཁྲི་རྒྱལ་ཞེས་སྣང་དཔྱད། སེ་སྟོན་ཁྲོ་རྒྱལ་རྡོ་རྗེ་ཡིས། །དགྲ་བགེགས་གཉིས་པོ་དུས་གཅིག་བསྒྲལ། །ཇི་ལྟར༴ ཕུར་བུ༴ སློབ་མ་ལྷ་རྗེ་ཕུར་སྟོན་གྱིས། །དགྲ་བགེགས་གཉིས་ལ་ཕུར་པས་ཐེབས། །ཇི་ལྟར༴ ཕུར་བུ༴ རྒྱ་སྟོན་ནམ་མཁའ་རྒྱལ་པོ་ཡིས། །དགྲ་བགེགས་གཉིས་ལ་ཕུར་པས་ཐེབས། །ཇི་ལྟར༴ ཕུར་བུ༴ དེའི་སྲས་ཉི་མ་རྒྱལ་མཚན་གྱིས། །དགྲ་དང་བགེགས་གཉིས་ཕྱེ་མར་བྱས། །ཇི་ལྟར༴ ཕུར་བུ༴ ཉང་བན་ཤུ་མངས་ལུང་པ་ཡིས། །གདུག་པའི་དགྲ་བགེགས་ཕུར་པས་བསྒྲལ། །ཇི་ལྟར༴ ཕུར་བུ༴ སྔགས་འཆང་ནག་པོ་པཎྜི་ཏས། །ཞིང་བཅུ་ཐམས་ཅད་གཏན་ལ་ཕབ། །ཇི་ལྟར༴ ཕུར་བུ༴ སློབ་དཔོན་ཆུ་བར་ཉང་ཕུག་པས། །བསྙེན་སྒྲུབ་མཐར་ཕྱིན་དངོས་གྲུབ་བསྙེས། །ཇི་ལྟར༴ ཕུར་བུ༴ བན་གྲོགས་གསང་སྔགས་རྡོ་རྗེ་ཡིས། །ཐུན་གཏོར་མེ་འབར་དགྲ་བགེགས་བསྒྲལ། །ཇི་ལྟར༴ ཉི་ཕུག་ཅེས་ཀྱང་མཐོང་། དཔྱད། ཕུར་བུ༴ ཨུ་རྒྱན་རྡོ་རྗེ་སེངྒེ་ཡིས། །ཕུར་པ་འཕར་ཞིང་བཞད་པར་བསྒྲུབས། །ཇི་ལྟར༴ ཕུར་བུ༴ རིག་འཛིན་པདྨ་ལས་འབྲེལ་གྱིས། །དམ་སྲི་འཚུབས་པའི་དམག་དཔུང་ལ། །ཇི་ལྟར༴ ཕུར་བུ༴ ཕུར་པའི་བརྒྱུད་པའི་བླ་མ་རྣམས། །རང་རང་སོ་སོའི་སྒྲུབ་ཁང་ནས། །ཇི་ལྟར༴ ཕུར་བུ༴ ཁྱེད་རྣམས་ཕྲིན་ལས་དུས་ལ་བབ། །རྟགས་མཚན་སྟོན་པའི་དུས་ལ་བབ། །མཐུ་རྩལ་ཕྱུང་བའི་དུས་ལ་བབ། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །དེ་ནས་འགུགས་པའི་ཕྱིར་ཐུགས་དམ་བསྐུལ་ཞིང་། ཕོ་ཉ་བཏང་བ་ནི། ཧཱུྃ། སྲིད་པ་ཕུར་པར་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། །རྟགས་དང་མཚམ་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་གྲུབ་སྩོལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐུལ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཁྲོ་བཅུ་ཡབ་ཡུམ་ཐུགས་དམ་བསྐུལ། །ཕྱག་བརྙན་ཆེན་མོའི་དུས་ལ་བབ། །ཁྲ་ཐབས་ཉི་ཤུའི་ཐུགས་དམ་བསྐུལ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་ལྷ་ཚོགས་བསྐུལ་ནས། དེ་ནས་གཟུགས་ལ་དབབ་ཅིང་དགུག་པ་ལ་དྲུག་ལས། དང་པོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་རྣམས་ཐོགས་ཏེ། ཧཱུཾ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། །ཛཿཧཱུྃ་པཾ་ཧོཿཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ། མ་ར་སེ་ན་པྲ་མར་ཏ་ན་ཡེ། དགྲ་བགེགས་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཅེས་དགྲ་བགེགས་ཀྱི་བླ་ཁུག་པས་བཟླས་ནས། དེ་ནས་གཉིས་པ་ལྷ་དང་དབྲལ་བ་ནི་གུ་གུལ་གྱིས་བདུག་ལ། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། །མཐུ་རྩལ་ཕྱུང་བའི༴ དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །གཏོགས་ཤིག་གྲོགས་དང་བྲལ་བར་བྱ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ནས། མ་ར་སེ་ན་པྲ་མར་ཏ་ན་ཡེ་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ། དབྱེ་བའི་རྫས་བདུག་གོ། །གསུམ་པ་གཟུགས་ལ་དབབ་པ་ནི་ཡུངས་ཀར་ཐོགས་ལ། ཧཱུྃ། སྤྲུལ་པ་ཆེན་པོའི་དུས་ལ་བབ། །མཐུ་རྩལ་ཕྱུང་བའི༴ དངོས་གྲུབ་བར་ཆད༴ གདུག་ཅིང་སྡང་སེམས༴ གཏོགས་ཤིག་གྲོགས་དང་༴ ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །བཞི་སྙིང་དང་། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ། བཞི་པ་བྱད་དུ་གཞུག་པ་ནི་བྱད་ཐག་ཐོགས་ལ་བཅིང་སྟེ། ཧཱུྃ། ཕྱག་བརྙན་ཆེན་པོའི་དུས་ལ་བབ། །མཐུ་རྩལ་ཕྱུང་བའི༴ དངོས་གྲུབ་བར་ཆད༴ གདུག་ཅིང་སྡང་སེམས༴ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །བཞི་སྙིང་། ཤཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ། ལྔ་པ་སྨྱོར་གཞུག་པ་ནི་དུག་ཐུན་ཐོགས་ལ། ཧཱུྃ། ཤྭ་ན་མུ་ཁའི་དུས་ལ་བབ། །མཐུ་རྩལ་ཕྱུང་བའི༴ དངོས་གྲུབ་བར་ཆད༴ གདུག་ཅིག་སྡང་སེམས༴ རིངས་པར་ཁུག་ལ་སྨྲར་ཆུག་ཅིག །བཞི་སྙིང་དང་། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ། དྲུག་པ་ཕུང་པོ་རྡུལ་དུ་བཤིགས་པ་ལ་ཐོ་བས་བརྡུང་བ་ནི་ཐོ་བ་ཐོགས་ཏེ། ཧཱུྃ། ས་བདག་ཆེན་མོའི་དུས་ལ་བབ། །མཐུ་རྩལ་ཕྱུང་བའི༴ དངོས་གྲུབ་བར་ཆད༴ གདུག་ཅིང་སྡང་སེམས༴ ལུས་ངག་རྡུལ་ཕྲན་བཞིན་དུ་བཤིགས། །བཞི་སྙིང་དང་། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། མི་བཟད་པའི་ཕུར་པ་དྲུག་བཏབ་པ་ལ། ཧཱུྃ། བདག་ཉིད་ཆེན་མོའི་དུས་ལ་བབ། །མཐུ་རྩལ་ཕྱུང་བའི༴ དངོས་གྲུབ་བར་ཆད༴ གདུག་ཅིང་སྡང་སེམས༴ ང་ཡི་དབང་དུ་གྱུར་ནས་ནི། །བསྒོ་བའི་བཀའ་ལ་ཉན་པར་གྱིས། །བཞི་སྙིང་དང་། བྷིན་དྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ། དམ་ཅན་གྱི་ཕུར་པ་ཐོགས་ཏེ། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི༴ ཕྱག་བརྙན་ཆེན་མོའི༴ ཤྭ་ན་མུ་ཁའི༴ ས་བདག་བསྭེ་མོའི༴ བདག་ཉིད་ཆེན་མོའི༴ ཁྱེད་ཀྱི་དམ་ཚིག༴ ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་བིགྷྣཱན་ཧཱུྃ་ཕཊ། ཆྒཻ་མོ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། བིགྷྣཱན་བིགྷྣཱན་ཧཱུྃ་ཕཊ། གྷྲྀ་ཧྞ་གྷྲྀ་ཧྞ་ཧཱུྃ་ཕཊ། ཧ་ན་ཧ་ན་ཧཱུྃ་ཕཊ། བྷ ནྡྷ་བྷནྡྷ་ཕཊ། དེ་ནས་ཐུན་དབབ་པ་ནི་ཁྲོ་བཅུའི་ཕུར་པ་བཏབ་ནས། ཧཱུྃ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུྃ་མ་མ་པ་ཤཾ་ཀུ་རུ་མ་ཏི་ཉ྄ཡ་ཀ་ར་ཨི་ནན་དྷ་ཏི་མ་མ་ཤཱི་གྷྲཾ་ཀ་ར་ཡེ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ནི་ལ་དནྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་པ་ར་ཙིཏྟ་ཧཱུྃ། ཏིཥྛ་ཏིཥྛ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཏྲེ་ལོཀྱ་བི་ཛ་ཡ་ཧཱུྃ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཅེས་ཁྲོ་བཅུའི་སྔགས་ཀྱི་ཐུན་བྲབ་བོ། །དེ་ནས་སྲས་ཕུར་སྙིང་དཀར་ནག་མཚམས་སུ་བཏབ་སྟེ། ཧཱུྃ། སྲིད་པ་ཕུར་པར་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི༴ ཕྱག་བརྙན་ཆེན་མོའི༴ ཤྭ་ན་མུ་ཁའི༴ ས་བདག་ཆེན་མོའི༴ ཁྱེད་ཀྱི་དམ་ཚིག༴ མཐུ་རྩལ་ཕྱུང་བའི༴ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བ་མཛོད། །བཞི་སྙིང་དང་སྤུ་གྲིའི་སྔགས་ཀྱིས་བསྒྲལ་ཏེ། དེ་ནས་གཏུན་དུ་བརྡུང་ཏེ། ཧཱུྃ། བརྡུང་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཆེན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བརླག་པར་གྱུར། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ ཆྒཻ་མཱ་ར་ཡ། ཏ་ཐཱ་ཡ་ཏ་ཐཱ་ཡ། ཤཱི་གྷྲཾ་ཀ་ར་ཡེ། མ་ར་སེ་ན་པྲ་མརྟ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཁ་ཐཾ་ཁ་ཐཾ། ཞེས་ཉེར་གཅིག་བཟླས་ཏེ། ཚོགས་ལ་བསྟབས་པ་ནི། ཧཱུྃ། ཁྲག་འཐུང་ཆེན་པོ་འཁོར་བཅས་ཀྱིས། །འབར་བ་ཆེན་པོའི་ཞལ་ཧོམ་དུ། །བསྟན་པ་འཇིག་པའི་དགྲ་བགེགས་རྣམས། །ངས་བསྟབས་ཁྱེད་ཀྱི་ཡུལ་ལ་རོལ། །ཤིན་ཏུ་གདུག་ཅིང་གཏུམ་པ་རྣམས། །ལྷག་མ་མེད་པར་བཞེས་ནས་ཀྱང་། །དགྲ་བགེགས་བག་ཆགས་ཀུན་བྱང་ཤོག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ བྷིནྡྷ་ཡ་བྷིནྡྷ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་བརླབས་པའོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙརྱའི་དུས་ལ་བབ་པའི་བརྣག་པའོ། །བཛྲ་ཀཱི་ལི་ཀཱི་ལ་ཡ་ཉེར་གཅིག་བཟླའོ། །བརྣག་པ་དེ་ཁོ་ན་ལའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ལན་བཅོ་བརྒྱད་བཟླའོ། །དཀར་ནག་གི་མཚམས་སུའོ། །ཀཱི་ལ་ཡ་ལན་བདུན་བཟླའོ། །ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བཟླའོ།། ༈ དེ་ནས་ལས་ཀྱི་མཐའ་མནན་པ་བྱེད་པར་འདོད་ན། བྲུབ་ཁུང་ནང་དུ་ལིངྒ་སྤྱིའམ་དགྲ་སྲི་གཡག་མགོ་སོགས་གང་འདོད་སྦྱར་ཏེ། ཧཱུྃ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་བའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་ཆྒཻ་དགྲ་སྲི་སོགས་འདི། །སྟོབས་ཆེན་ཁྲོ་བོ་འཁོར་བཅས་ཀྱིས། །བྱང་ཆུབ་སེམས་ནི་མ་སྐྱེས་པར། །ནམ་ཡང་བཏང་བར་མི་བྱའོ། །བཞི་སྙིང་དང་། ༀ་ལཾ། ཨཱཿལཾ། ཧཱུྃ་ལཾ། སྟྭཾ་བྷ་ཡ་ཆྒཻ་མཱ་ར་ཡ་ནན། ཞེས་བཟླས། དེ་ནས་དུག་གཏོར་སྟེང་དུ་བླུགས་ཏེ། ཛྭ་ལ་ཙཀྲ་ༀ་བྷྲཱུཾ། ཛྭ་ལ་ཙཀྲ་ཧཱུྃ་བྷྲཱུྃ། ཛྭ་ལ་ཙཀྲ་ཏྲཱྃ་བྷྲཱུྃ། ཛྭ་ལ་ཙཀྲ་ཧྲཱིཿབྷྲཱུྃ། ཛྭ་ལ་ཙཀྲ་ཧཱ་བྷྲཱུྃ། ཞེས་མཚོན་ཆའི་ཆར་དབབ་པར་བསམ་མོ། །དེ་ནས་གཡམ་པར་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད། ཡང་། ༀ་ལཾ་སོགས་ཀྱི་རི་རབ་ཀྱིས་མནན་པར་བསམ། དེ་ནས་རྩ་སྔགས་བརྗོད་དེ་དེའི་སྟེང་དུ་སྐད་ཅིག་གིས་ལྷ་རྣམས་བསྐྱེད་ལ་ལྷའི་ཕོ་བྲང་བཏབ་པར་བསམ་མོ། །རྗེས་སུ་མི་ཤིས་པའི་གནས་སུ་ཕྱིན་ལ། ལྷ་འདྲེ་ལ་གསེར་སྐྱེམས་བཏང་། བདེན་པ་བརྡར། གཟུ་དཔང་གཟུག །དེ་ནས་དོང་གྲུ་གསུམ་དུ་བྲུས་པར་ཐོད་ངན་ནང་དུ་ལིངྒ་སྩལ་ལ་དོང་དུ་སྦའོ། ། ༈ དེ་ནས་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ། ཕུར་པ་རོལ་པའི་དཀྱིལ་འཁོར་ནས། །མཐིང་ནག་ཨེ་ཡི་གཞལ་ཡས་ཁང་། །ལྷ་ཆེན་ཉི་ཟླ་པདྨའི་སྟེང་། །ཆེ་མཆོག་རྡོ་རྗེ་གཞོན་ནུ་ཆེ། །དཔལ་ཆེན་ཡཀྴ་ཧེ་རུ་ཀ །ཡེ་ཤེས་སྐུ་མཆོག་རིགས་ཀུན་བདག །ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོགས། །མི་དམིགས་སྤྲོས་བྲལ་ཐུགས་དང་ལྡན། །དབྱིངས་ལས་བྱིན་རླབས་ཁྲོ་བཅུར་སྤྲུལ། །ཆོས་དབྱིངས་མི་འགྱུར་སྐུ་མདོག་མཐིང་། །འཇིགས་པའི་དུར་ཁྲོད་དཔལ་ཆས་རྫོགས། །གཡས་དཀར་ཆོས་སྐུ་མངོན་སུམ་སྟོན། །གཡོན་དམར་དབང་དྲག་ཕྲིན་ལས་མཛད། །ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ། །སྐྱེ་ཤི་རྩད་གཅོད་མཆེ་བ་གཙིགས། །སྤྱན་དགུ་འབར་བས་བདུད་དཔུང་འཇོམས། །ཉོན་མོངས་ལོག་ལྟ་མཐའ་དག་འདུལ། །གར་དགུའི་ཉམས་ཀྱིས་འཇིགས་མཛད་ཅིང་། །རྡོ་རྗེ་རྩེ་དགུས་རྟོག་པ་འཇོམས། །རྩེ་ལྔས་རྒྱུད་ལྔ་གནས་སུ་འཇོམས། །མེ་དཔུང་འཁོར་བའི་བག་ཆགས་བསྲེགས། ཁ་ཊྭཱྃ་བདུད་བཞི་ཐལ་བར་བརླག །རི་རབ་ཕུར་པས་འགལ་བྱེད་སྒྲོལ། །ཆེ་བཙན་དཔེ་མེད་འགྲན་ཟླ་བྲལ། །ཡེ་ཤེས་རྩལ་ཤུགས་སྟོབས་དང་ལྡན། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །བན་བོན་རྦོད་གཏོང་སྦྱོར་བ་ཡི། །གཏད་དུ་བཅུག་ན་གཏད་སྤྲུག་ཅིག །བྱད་དུ་བཅུག་ན་བྱད་ཐག་གཅོད། །ཐུན་དུ་བཅུག་ན་ཐུན་ཁང་ཤིག །ཁྲམ་ལ་བཏབ་ན་ཁྲམ་ཁ་བཟློག །བྱད་ཁ་ཆོམ་ལ་བྱད་མ་སོང་། །བྱད་ཐག་ཆོད་ལ་བྱད་རྒྱ་ཤིག །བྱད་ཀྱི་ཐ་རམ་བཀྲོལ་དུ་གསོལ། །དུས་མིན་འཆི་རྐྱེན་ངན་ལ་ཟློག །བྱད་མ་རང་གཤེད་རང་ལ་ཕོབ། །བྱད་མའི་རང་བྱད་རང་ལ་བསྐོར། །བྱད་མ་རང་མཐུ་རང་ལ་ཟློག །ཟློག་ཅིག་བསྒྱུར་ཅིག་མཐུ་མ་ཆུང་། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ ཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཡ་ཙི་ཏེ་ཨ་པ་ར་ཙི་ཏེ། མ་ར་སེ་ན་པྲ་མརྟ་ན་ཡེ་དགྲ་བགེགས་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཨེ་ས་བྷྱོ་ཟློག །ཧཱུྃ། གཉིས་མེད་སྦྱོར་བའི་ཡུམ་མཆོག་ནི། །འཁོར་བ་ཡེ་ཤེས་རྒྱས་འདེབས་མ། །སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི་གཉིས། །པདྨ་གར་གྱི་མཁའ་ཀློང་ན། །བཻ་ཌཱུར་སྔོན་པོའི་སྐུ་མདོག་འཚེར། །མཐིང་གི་རལ་པ་གཅིག་ཏུ་འཁྱིལ། །ཁྲོ་གཉེར་རྔམ་པའི་མཆེ་བ་གཅིག །མེ་ལྕེ་འོད་ཀྱི་ཕྲེང་བས་བརྒྱན། །ཤ་རུས་གསོལ་བའི་རྐན་སྒྲ་ཅན། །མི་མགོའི་ཕྲེང་བ་སྦྲུལ་ཆུན་འཕྱང་། །ཞིང་ཆེན་གཡང་གཞིས་སྟོད་གཡོགས་ཤིང་། །གཟིག་གི་སྤགས་པའི་ཤམ་ཐབས་ཅན། །ཁྲག་འཛག་ཐོད་རློན་ཤིན་ཏུ་མཛེས། །ཁྲག་འཚོ་འདྲེན་པའི་ལྗགས་རླབས་མ། །འཁོར་ལོ་རྩེ་གསུམ་གཡས་ན་ཐོགས། །ཐོན་རློན་ཀླད་ཁྲག་འདྲེས་པ་གཡོན། །གཟིར་མནན་དྲག་པོ་དཔལ་གྱི་ཡུམ། །ཐམས་ཅད་དབང་སྡུད་སྲིང་གཅིག་མ། །མེ་བཟའ་མ་ལ་བྲག་བྱོན་མ། །སྲིད་གསུམ་ཕུང་བྱེད་མཐུ་མོ་ཆེ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །སོགས། བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཧཱུྃ། སྟེང་ནས་ཁྲོ་རྒྱལ་ཧཱུྃ་ཀཱ་ར། །ཞལ་གསུམ་ཕྱག་དྲུག་འཇིགས་པའི་སྐུ། །ཞབས་བཞིས་ཚངས་པ་ཕོ་མོ་གནོན། །རི་རབ་ཕུར་པས་སྤྱི་ནས་གནོན། །སྒྲ་འབྱིན་ཡུམ་དང་གཉིས་སུ་མེད། །ཕྱོགས་བཅུར་མགྱོགས་པའི་ཕོ་ཉ་འགྱེད། །རྣམ་རྟོག་མི་མངའ་ཕག་མགོ་ཅན། །གཡས་གཡོན་རྡོ་རྗེ་ཕུར་པ་འདྲིལ། །རྨིག་བུའི་མགོ་ཅན་དྲིལ་བུ་ཐོགས། །བན་དགྲ་དམ་ཉམས་གླང་སྙིང་འདི། །ཁུག་ཅིག་ཕོབ་ཅིག་ཡན་ལག་ཆིངས། །གཟིར་ཅིག་ཁྲག་ཏུ་སྐྱུགས་པར་མཛོད། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཧཱུྃ། ཤར་ནས་ཁྲོ་ཆེན་རྣམ་པར་རྒྱལ། །ཞལ་གསུམ་ཕྱག་དྲུག་འཇིགས་པའི་སྐུ། །ཞབས་བཞིས་ལྷ་དབང་ཕོ་མོ་གནོན། །རི་རབ་ཕུར་པས་དགྲ་བགེགས་སྒྲོལ། །སྙེམས་མ་ཡུམ་དང་གཉིས་སུ་མེད། །ཕྱོགས་བཅུར་མགྱོགས་པའི་ཕོ་ཉ་འགྱེད། །ཕྱག་བརྙན་ཟ་བྱེད་སྟག་གི་མགོ། །གཡས་གཡོན་ལྕགས་ཀྱུ་ཕུར་པ་འདྲིལ། །ཐོགས་མེད་བྱ་རྒོད་རྔ་ཡབ་ཐོགས། །བྱད་མ་དམ་ཉམས་གླང་སྙིང་ཅན། །ཁུག་ཅིག་ཕོབ་ཅིག་ཡན་ལག་ཆིངས། །གཟིར་ཅིག་ཁྲག་ཏུ་སྐྱུགས་པར་མཛོད། །ཤ་ཁྲག་གཏོར་མ༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཧཱུྃ། ཤར་ལྷོ་ཁྲོ་རྒྱལ་དབྱུག་སྔོན་ཅན། །དབུ་གསུམ་ཕྱག་དྲུག་འཇིགས་པའི་སྐུ། །ཞབས་བཞིས་དྲང་སྲོང་ཕོ་མོ་གནོན། །རི་རབ་ཕུར་པས་ཁམས་གསུམ་སྒྲོལ། །སྡེར་མོ་ཡུམ་དང་གཉིས་སུ་མེད། །ཕོ་ཉ་མགྱོགས་བྱེད་ཕྱོགས་བཅུར་འགྱེད། །ཕྱག་བརྙན་གཡག་གི་མགོ་བོ་ཅན། །གཡས་གཡོན་དབྱུག་ཏོ་ཕུར་པ་འདྲིལ། །རིག་ཤེས་བྱ་རོག་མེ་དཔུང་ཐོགས། །བྱད་མ་དམ་ཉམས༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཧཱུྃ། ལྷོ་ནས་ཁྲོ་རྒྱལ་གཤིན་རྗེ་གཤེད། །དབུ་གསུམ་ཕྱག་དྲུག་འཇིགས་པའི་སྐུ། །ཞབས་བཞིས་གཤིན་རྗེ་ཕོ་མོ་གནོན། །རི་རབ་ཕུར་པས་ཁམས་གསུམ་སྒྲོལ། །དུར་ཁྲོད་བདག་མོར་གཉིས་སུ་མེད། །སྤྲུལ་པའི་ཕོ་ཉ་ཕྱོགས་བཅུར་འགྱེད། །ཕྱག་བརྙན་ཤ་བའི་མགོ་བོ་ཅན། །གཡས་གཡོན་དབྱུག་པ་ཕུར་པ་འདྲིལ། །མུན་མཐོང་འུག་མགོས་དགྲ་སྟྭ་ཐོགས། །བྱད་མ་དམ་ཉམས༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཧཱུྃ། ལྷོ་ནུབ་ཁྲོ་རྒྱལ་མི་གཡོ་མགོན། །དབུ་གསུམ་ཕྱག་དྲུག་འཇིགས་པའི་སྐུ། །ཞབས་བཞིས་སྲིན་པོ་ཕོ་མོ་གནོན། །རི་རབ་ཕུར་པས་དགྲ་བགེགས་སྒྲོལ། །གཏུན་ཁུང་ཡུམ་དང་གཉིས་སུ་མེད། །སྤྲུལ་པའི་ཕོ་ཉ་ཕྱོགས་བཅུར་འགྱེད། །ཕྱག་བརྙན་སྤྱོད་རྫོགས་གཟིག་གི་མགོ། །གཡས་གཡོན་རལ་གྲི་ཕུར་པ་འདྲིལ། །སྦེད་བྱེད་ཁྭ་ཏ་ཞགས་པ་ཐོགས། །བྱད་མ་དམ་ཉམས༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཧཱུྃ། ནུབ་ནས་ཁྲོ་རྒྱལ་རྟ་མཆོག་དཔལ། །དབུ་གསུམ་ཕྱག་དྲུག་འཇིགས་པའི་སྐུ། །ཞབས་བཞིས་ཀླུ་དབང་ཕོ་མོ་གནོན། །རི་རབ་ཕུར་པས་ཁམས་གསུམ་སྒྲོལ། །གཏུམ་མོ་ཡུམ་དང་གཉིས་སུ་མེད། །སྤྲུལ་པའི་ཕོ་ཉ་ཕྱོགས་བཅུར་འགྱེད། །མཁའ་བརྩོན་བྱི་ལའི་མགོ་བོ་ཅན། །གཡས་གཡོན་པདྨ་ཕུར་པ་འདྲིལ། །གསལ་བཀྲ་པུ་ཤུད་སྦྲུལ་ཞགས་ཐོགས། །བྱད་མ་དམ་ཉམས༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཧཱུྃ། ནུབ་བྱང་ཁྲོ་རྒྱལ་འདོད་པའི་རྒྱལ། །དབུ་གསུམ་ཕྱག་དྲུག་འཇིགས་པའི་སྐུ། །ཞབས་བཞིས་རླུང་ལྷ་ཕོ་མོ་གནོན། །རི་རབ་ཕུར་པས་ཁམས་གསུམ་སྒྲོལ། །མདའ་སྙེམས་ཡུམ་དང་གཉིས་སུ་མེད། །སྤྲུལ་པའི་ཕོ་ཉ་ཕྱོགས་བཅུར་འགྱེད། །ཟ་བྱེད་ཆེར་འཛིན་ཅེ་སྤྱང་མགོ། །གཡས་གཡོན་རྡོ་རྗེ་ཕུར་པ་འདྲིལ། །གསོད་བྱེད་ཁྲ་མགོ་འཁོར་ལོ་ཐོགས། །བྱད་མ་དམ་ཉམས༴ སོགས་འགྲེས་སོ། །བཞི་སྙིང་། ཨེ་ས་བྷྱོ་ཟློག །ཧཱུྃ། བྱང་ནས་ཁྲོ་རྒྱལ་བདུད་རྩི་འཁྱིལ། །དབུ་གསུམ་ཕྱག་དྲུག་འཇིགས་པའི་སྐུ། །ཞབས་བཞིས་གནོད་སྦྱིན་ཕོ་མོ་གནོན། །རི་རབ་ཕུར་པས་ཁམས་གསུམ་སྒྲོལ། །རླུང་འབྱིན་ཡུམ་དང་གཉིས་སུ་མེད། །སྤྲུལ་པའི་ཕོ་ཉ་ཕྱོགས་བཅུར་འགྱེད། །འཇོམས་བྱེད་རྩལ་འཆང་སེང་གེའི་མགོ། །གཡས་གཡོན་རྒྱ་གྲམ་ཕུར་པ་འདྲིལ། །སྒྲ་འབྱིན་གསལ་བ་ཕ་ཝང་བེ་ཅོན་ཐོགས། །བྱད་མ་དམ་ཉམས༴ སོགས་འགྲེས་སོ། །བཞི་སྙིང་། ཨེ་ས་བྷྱོ་ཟློག །ཧཱུྃ། བྱང་ཤར་ཁྲོ་ཆེན་ཁམས་གསུམ་རྒྱལ། །དབུ་གསུམ་ཕྱག་དྲུག་འཇིགས་པའི་སྐུ། །ཞབས་བཞིས་དབང་ལྡན་ཕོ་མོ་གནོན། །རི་རབ་ཕུར་པས་ཁམས་གསུམ་སྒྲོལ། །གསོད་བྱེད་ཡུམ་དང་གཉིས་སུ་མེད། །སྤྲུལ་པའི་ཕོ་ཉ་ཕྱོགས་བཅུར་འགྱེད། །ཕྱག་བརྙན་སྟོབས་ལྡན་དྲེད་ཀྱི་མགོ། །གཡས་གཡོན་རྡོ་རྗེའི་ཕུར་པ་འདྲིལ། །གསོད་བྱེད་སྲེ་མོང་རྩེ་གསུམ་ཐོགས། །བྱད་མ་དམ་ཉམས༴ སོགས་འགྲེས་སོ། །བཞི་སྙིར། ཨེ་ས་བྷྱོ་ཟློག །ཧཱུྃ། འོག་ཕྱོགས་ཁྲོ་རྒྱལ་སྟོབས་པོ་ཆེ། །དབུ་གསུམ་ཕྱག་དྲུག་འཇིགས་པའི་སྐུ། །ཞབས་བཞིས་ས་བདག་ཕོ་མོ་གནོན། །རི་རབ་ཕུར་པས་ཁམས་གསུམ་སྒྲོལ། །བསྐྱོད་མ་ཡུམ་དང་གཉིས་སུ་མེད། །སྤྲུལ་པའི་ཕོ་ཉ་ཕྱོགས་བཅུར་འགྱེད། །ཕྱག་བརྙན་དོམ་གྱི་མགོ་བོ་ཅན། །གཡས་གཡོན་ཐོ་བ་ཕུར་པ་འདྲིལ། །བྱི་བའི་མགོ་ཅན་གཏུན་ཤིང་ཐོགས། །བྱད་མ་དམ་ཉམས༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཧཱུྃ། དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ནས། །ཕྲིན་ལས་བཞི་སྒྲུབ་སྒོ་མ་བཞི། །བན་དགྲ་དམ་ཉམས་གླང་སྙིང་རྣམས། །ལྕགས་ཀྱུས་ཟུང་ལ་ཞགས་པས་ཆིངས། །ལྕགས་སྒྲོག་སྡོམ་པ་དྲིལ་བུས་མྱོས། །ཡེ་ཤེས་ལས་བྱེད་སྒོ་མ་བཞི། །ཤ་ཁྲག་གཏོར་མ༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག ཧཱུྃ། དཀྱིལ་འཁོར་ཕྱི་རིམ་བར་ཁྱམས་སུ། །ཐུགས་རྗེ་ཤུགས་ཀྱིས་འདུ་པ་ཡི། །སླས་དང་བྱི་མོ་བྲན་མོའི་ཚུལ། །རྣལ་འབྱོར་དབང་ཕྱུག་ཉི་ཤུ་བརྒྱད། །ཤ་ཁྲག་གཏོར་མ༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཧཱུྃ། ཤྭ་ན་མུ་ཁའི་དུས་ལ་བབ། །ནམ་ནི་སྲོད་ཀྱི་དམ་ཅན་མ། །ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། ཁ་གདངས་མིག་བགྲད་འཇིགས་པའི་གཟུགས། །རྐན་སྒྲ་འབྲུག་སྒྲ་ཆེམས་སེ་ཆེམ། །མཆེ་བ་གངས་རི་བསྣོལ་འདྲ་ཡིས། །བྱད་མའི་ཤ་ཁྲག་རྔམ་ཟས་བྱེད། །དེ་ལ་ལྕགས་ཀྱི་མི་མོས་ཞོན། །ལྕགས་ཀྱི་རལ་པ་ཤ་ར་ར། །སྤྱན་ནས་གློག་གི་མེ་འོད་འཕྲོ། །ཁྲག་གི་ཆར་པ་དམར་པོ་འབེབས། །སྤྱང་གདོང་དམར་ནག་དགྲ་ལ་རྔམ། །ཕྱག་ན་ལྕགས་ཕུར་དགྲ་ལ་བརྡེག །བྱད་གདོན་གཡུལ་ངོ་བཟློག་པའི་ཕྱིར། །ཤ་ཁྲག་གཏོར་མ་འདི་བཞེས་ལ། བན་བོན་གདུག་པའི་སེམས་ལྡན་པའི། །འབྱུང་བའི་རྒྱ་ལ་ལས་བཅོལ་བས། །ས་ལ་སྡེབས་ཤོར་མནན་གཏད་ཟློག །རླན་གཤེར་ཀླུ་ལ་གཏད་པ་ཟློག །མེ་ལ་སྦྱིན་སྲེག་བཏང་པ་ཟློག །རླུང་ལ་འཁོར་ལོ་བསྐོར་བ་ཟློག །བྱད་མ་སོད་ལ་བྱད་ཐག་ཆོད། །བྱད་རྒྱ་ཤིག་ལ་བྱད་ཕུར་ཕྱུང་། །ཐུན་ཁང་ཤིག་ལ་ཐ་རམ་ཁྲོལ། །བན་བོན་བསམ་སྦྱོར་ལོག་པ་ཡི། །ཕྲ་མེན་གདུག་པའི་ངན་སྔགས་ཟློག །ཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛོད། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །བྷྱོ། ནམ་ནི་སྲོད་ཀྱི་དམ་ཅན་མ། །གསེར་གྱི་འཕར་བ་ལྕེ་བརྒྱད་མ། །ཡ་འགལ་ཉི་མའི་ངོས་ལ་རེག །མ་འགལ་རྒྱ་མཚོའི་སྟེང་ལ་བཟེད། །རྣམ་ཤེས་ཚོགས་བརྒྱད་གནས་སུ་སྒྲོལ། །སྤུ་ནི་རལ་གྲི་ཆུ་གྲིའི་སོ། །བང་ནི་རླུང་གི་བསྐྱོད་དུ་མེད། །དེ་ལ་གསེར་གྱི་མི་མོས་ཞོན། །མཆེ་བ་དམར་པོས་དགྲ་སྙིང་ཟ། །རལ་པ་སྤྲུལ་པའི་སྐྲ་གསེབ་ནས། །སྡོམ་དང་སྡིག་པ་ཆར་དུ་འབེབས། །གསེར་གྱི་ཕུར་པས་དགྲ་བགེགས་སྒྲོལ། །འཕར་གདོང་སེར་ནག་དགྲ་ལ་རྔམ། །བྱད་གདོན་གཡུལ་ངོ་བཟློག་པའི་ཕྱིར། །ཤ་ཁྲག་གཏོར་མ༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །བྷྱོ། ནམ་ནི་སྲོད་ཀྱི་ཕོ་ཉ་མོ། །ཟངས་ཀྱི་ཝ་མོ་རྐང་གསུམ་མ། །དཔག་ཚད་བརྒྱད་ཁྲིར་ཁྲག་དྲི་མནམ། །གཟུགས་ནི་མེ་ཡི་ཕུང་པོ་ལ། །མཇུག་མ་ལྕགས་ཀྱི་སོག་ལེ་ཅན། །མིག་ནི་ཉི་མའི་ཟེར་བས་འཚེར། །སྤུ་ནི་སྤུ་གྲིའི་སོ་དང་འདྲ། །སྡེར་མོ་ལྕགས་ཀྱུ་མེ་སྟག་འཕྲོ། །བང་ནི་རླུང་གི་བསྐྱོད་དུ་མེད། །སྐད་ནིསྟོང་གསུམ་ཁྱབ་པར་སྒྲོགས། །དེ་ལ་ཟངས་ཀྱི་མི་མོས་ཆིབས། །སྐུ་ལ་མེ་ཡི་ཕུང་པོ་འབར། །ཞལ་ནས་ཁྲོ་ཆུའི་མེ་མདའ་འཕེན། །གཡས་པའི་རྡོ་རྗེས་རི་རབ་བསྙིལ། །གཡོན་པས་ཟངས་ཀྱི་ཕུར་པ་འདྲིལ། །ཝ་གདོང་དམར་ནག་དགྲ་ལ་རྔམ། །བྱད་གདོན༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཧཱུྃ། ནམ་ནི་སྲོད་ཀྱི་ཕོ་ཉ་མོ། །ལྕགས་ཀྱི་ཁྱི་མོ་རལ་པ་ཅན། །མཐིང་ནག་རལ་པས་གནམ་ས་གང་། །ངུས་པའི་མཆི་མ་སེར་ཆེན་འགྲོམ། །ཟུག་པའི་སྐད་ཀྱིས་ལྷ་སྲིན་བརྒྱལ། །མཆེ་བས་རི་རབ་དུམ་བུར་གཏུབ། །ལྕེ་ཡི་རྒྱ་མཚོ་ཧུབ་ཀྱིས་འདེབས། །དེ་ལ་ཞོན་པའི་ཕོ་ཉ་མོ། །མཐིང་གི་མ་མོ་རལ་པ་ཅན། །མུན་པའི་གོ་ཟུག་སྐུ་ལ་གསོལ། །བདུད་ཀྱི་དམག་དཔུང་བྲན་དུ་ཁོལ། ཁ་རླངས་སྤྲིན་དུ་འཁྲིགས་པ་ལ། །རྐན་སྒྲ་བརྡབས་པས་ཐོག་སྟོང་འབེབས། །མཐིང་གི་ཕུར་བུས་དགྲ་བགེགས་སྒྲོལ། །ཁྱི་གདོང་དམར་ནག་དགྲ་ལ་རྔམ། །བྱད་གདོན༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཧཱུྃ། བདག་ཉིད་ཆེན་མོའི་དུས་ལ་བབ། །ནམ་ནི་གུང་གི་དམ་ཅན་མ། །དཔལ་ལྡན་ལྷ་མོ་རེ་མ་ཏཱི། །རི་རབ་ཆེན་པོའི་རྩེ་མོ་ནས། །གླིང་བཞི་སྐྱོང་བར་བྱེད་པའི་ཚེ། །གླིང་བཞི་ཀུན་འབྱམས་དྲག་མོ་རྒྱལ། །རྒྱ་མཚོའི་གཏིང་ན་བཞུགས་པའི་ཚེ། །སྲིང་མོ་བྷ་ག་ཧྲི་ཏི་མ། །ནམ་མཁའི་དབྱིངས་ཀྱི་དཔལ་མོ་བཙན། །མུ་ལེ་ལྡིང་གི་མཚོ་བདག་མོ། །མིང་བརྒྱ་མ་ལ་མཚན་སྟོང་མ། །དྲེའུ་རྟ་རྐང་གསུམ་ཆིབས་སུ་བཅིབས། །ཕྱག་གཡས་མེ་ལོང་སྦྲུལ་ཞགས་ཐོགས། །གཡོན་པས་ཁ་ཊྭཱྃ་ཕུར་པ་འཛིན། །འདུ་བ་རྣམས་ཞིའི་ནད་བདག་མོ། །བྱད་གདོན༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཧཱུྃ། རཀྟའི་མཚོ་ལ་སྐུར་བཞེངས་པ། །ནམ་ནི་གུང་གི་དམ་ཅན་ལ། །དཔལ་ལྡན་ལྷ་མོ་རེ་མ་ཏི། །དབང་གི་སྐུ་མདོག་དམར་པོ་ལ། །བཙོ་དམར་ལའུ་སྐུ་ལ་གསོལ། །ཁྲག་སྐམ་ལྕགས་ཀྱུ་ཕུར་པ་ཐོགས། །ཆིབས་སུ་བྱ་རྒྱལ་ཁྱུང་ལ་བཅིབས། །བལ་ནད་ལེ་བརྒན་ནད་བདག་མོ། །བྱད་གདོན༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཧཱུྃ། ནམ་ནི་གུང་གི་དམ་ཅན་མ། །དཔལ་ལྡན་ལྷ་མོ་རེ་མ་ཛ། །རྒྱས་པའི་སྐུ་མདོག་སེར་ནག་ལ། །རྨ་བྱའི་ཐུལ་པ་སྐུ་ལ་གསོལ། །གཅོད་བྱེད་གསེར་གྱི་ཟོར་བ་བསྣམས། །ཆིབས་སུ་ཤ་བ་ཡུ་མོ་ཆིབས། །རི་རབ་རྩེ་ནས་ལས་མཛད་མ། །མཁྲིས་པ་ཤ་ཡི་ནད་བདག་མོ། །ཐོག་དང་སེར་བའི་སྣ་འདྲེན་མ། །བྱད་གདོན༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཧཱུྃ། ནམ་ནི་གུང་གི་དམ་ཅན་མ། །དཔལ་ལྡན་ལྷ་མོ་རེ་མ་ཛུ། །སྐུ་མདོག་ལྗང་ནག་ཕྲིན་ལས་བདག །ཆུ་དར་སྔོན་པོའི་བེར་ཆེན་གསོལ། །ཁྲམ་ཤིང་གྲུ་གུ་ཕུར་པ་བསྣམས། །རྔ་མོང་སྔོ་ནག་ཆིབས་སུ་བཅིབས། །ཕོ་ལོག་ལྷོགས་བརྒྱལ་ནད་བདག་མོ། །ཁ་བ་བུ་ཡུག་སྣ་འདྲེན་མ། །བྱད་གདོན༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཧཱུྃ། ས་བདག་ཆེན་མོའི་དུས་ལ་བབ། །ནམ་ནི་ཐོ་རེངས་དམ་ཅན་མ། །རྒྱ་གར་བལ་པོའི་ས་མཚམས་སུ། །ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ། །མེ་ཏོག་དགུན་ཡང་སྐྱེས་པའི་སར། །ཚ་བ་ནད་ཀྱི་བདག་མོ་བཞི། །མཐུ་སྟོབས་ཆེ་བས་སོ་སོར་བཞག །བལ་ཡུལ་ཡ་བྱིན་ས་ཤེད་ན། །མར་ཁུའི་མཚོ་མོ་མེར་པ་ན། །རྡོ་རྗེ་ཡ་བྱིན་དབང་མོ་ཆེ། །སྐུ་མདོག་མཐིང་ནག་འབར་བ་ལ། །མཐིང་གི་རལ་པ་ཤ་ར་ར། །དབང་གི་བསེ་ཁྲབ་སི་སི་ལི། །སྤྱི་གཙུག་གསེར་གྱི་རྡོ་རྗེས་བརྒྱན། །རྣ་བ་སླང་ཙམ་ལྷབས་སེ་ལྷབ། །གསེར་གྱི་རྣ་ཆ་ཝངས་སེ་ཝང་། །རལ་པ་རེ་ཞིང་ཕུར་པ་རེ། །ཕུར་པའི་ལན་ཕྲན་ཁྲ་ལ་ལ། །བ་སྤུ་རེ་ཞིང་ལྕགས་ཀྱུ་རེ། །མེ་ལྕེ་དགུ་ཕྲེང་སྐུ་ཡི་རྒྱན། །དར་ནག་ཅོད་པན་པུ་རུ་རུ། །ཆིབས་སུ་གཡུ་འབྲུག་སྔོན་པོ་ཆིབས། །ཆིབས་ཀྱི་སྔ་ལོང་ཕྱི་ལོང་ལ། །མི་ཐོད་རྟ་ཐོད་ཕྲུ་ལུ་ལུ། །གཡས་ན་བདུད་ཞགས་ནག་པོ་བསྣམས། །གཡོན་པས་ལྕགས་ཕུར་དགྲ་ལ་བརྡེག །བརྡ་ནི་མི་འཕྲོད་ལྷོ་བལ་སྐད། །གཟུགས་ནི་མི་སྟོན་ལག་བརྒྱ་མོ། །གསང་བའི་བཤུགས་པ་ཀྱུ་རུ་རུ། །བལ་ཡུལ་ཡ་བྱིན་ཡུལ་མདོ་ན། །ཁྲག་མཚོ་མེར་བའི་ནང་ཤེད་ན། །ཡ་བྱིན་ཆེན་མོའི་བློན་མོ་ནི། །ས་བདག་ཆེན་མོ་རལ་གཅིག་མ། །རལ་པ་སྤྲུགས་པས་སྟོང་ཁམས་ཁྱབ། །ནག་མོ་སྤྱན་དམར་མི་བཟད་མ། །ས་བདག་འབུམ་གྱི་ཁད་དཔོན་མཛད། །བལ་ཡུལ་ཡ་བྱིན་ཡུལ་ཕུ་ན། །བདུད་ཀྱི་རྒྱལ་པོ་རྣམ་རོལ་གནས། །ཇོ་མོ་ཡ་བྱིན་མཐུ་མོ་ཆེ། །བློན་མོ་ནག་མོ་འཁོར་བཅས་ཀྱིས། །ནམ་ཕྱེད་དུས་ཀྱི་མུན་པ་ལ། །སྐད་ཅིག་ཡུད་ལ་ཡུལ་ཕུར་བྱིན། །བདུད་ཀྱི་རྒྱལ་པོ་རྣམ་རོལ་བསྒྲལ། །དེ་ཕྱིར་བདུད་འདུལ་ཆེན་མོར་གྲགས། །ཕུར་པ་སྒྲུབ་ཕྱིར་གཤེགས་སུ་གསོལ། །བྱད་གདོན༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །བྷྱོ། ས་བདག་ཆེན་མོའི་དུས་ལ་བབ། །ནམ་ནི་ཐོ་རེངས་དམ་ཅན་མ། །ཡུལ་ནི་ཚ་བ་རོང་གི་གནས། །དེ་བྱིན་བྱ་བའི་ཡ་ཤེད་ན། །སྦྲང་རྩིའི་མཚོ་མོ་མེར་བ་ན། །སྤྲུལ་པའི་བསེ་མཁར་སྨུག་པོ་ན། །རྡོ་རྗེ་དེ་བྱིན་རྩལ་མོ་ཆེ། །སྐུ་མདོག་སེར་ནག་འབར་བ་ལ། །གསེར་གྱི་རལ་པ་ཤ་ར་ར། །རལ་པ་རེ་ཞིང་ཕུར་པ་རེ། །ཕུར་པའི་ལན་ཕྲན་ཁྲ་ལ་ལ། །སྤྱི་གཙུག་གསེར་གྱི་རྡོ་རྗེས་བརྒྱན། །རྣ་བ་སླང་ཙམ་ལྷབས་སེ་ལྷབ། །དར་ནག་ཅོད་པན་པུ་རུ་རུ། །གཟི་ཡི་རྣ་ཆ་ཝངས་སེ་ཝང་། །བ་སྤུ་རེ་ཞིང་ལྕགས་ཀྱུ་རེ། །མེ་ལྕེ་དགུ་ཕྲེང་སྐུ་ཡི་རྒྱན། །མཛེས་བྱེད་རྨ་བྱའི་ཐུལ་པ་གསོལ། །དབང་གི་བསེ་ཁྲབ་སི་ལི་ལི། །ཆིབས་སུ་གཟའ་རྟ་སེར་པོ་བཅིབས། །གསེར་ཞགས་གསེར་ཕུར་དགྲ་ལ་བརྡེག །ཆིབས་ཀྱི་སྔ་ལོང་ཕྱི་ལོང་ལ། །མི་མགོ་རྟ་མགོ་ཕྲུ་ལུ་ལུ། །བརྡ་ནི་མི་འཕྲོད་ལྷོ་བལ་མོ། །སྐད་ནི་མི་གོ་ད་རའི་སྐད། །གསང་བའི་བཤུགས་པ་ཀྱུ་རུ་རུ། །གཟུགས་ནི་མི་སྟོན་ལག་བརྒྱ་མོ། །ཚ་བ་རོང་གི་དེ་བྱིན་མོ། །ཞག་མཚོ་སྦྲང་རྩི་མེར་བའི་ནང་། །བློན་མོ་ནག་མོ་ཀློང་དགུ་མ། །ཡེ་ཤེས་དོན་རྟོགས་གཉིས་མེད་པས། །ཁྲག་གི་ཐིག་ལེ་འབུམ་གྱིས་བརྒྱན། །ས་བདག་འབུམ་གྱི་ཁད་དཔོན་མཛད། །དེ་བྱིན་ཡུལ་གྱི་ཕུ་ཤེད་ན། །ཁྲག་མཚོ་མེར་བའི་ནང་ཤེད་ན། །གཟའ་རྒྱལ་མིག་དམར་སྤྲུལ་པ་གདོངས། །ཇོ་མོ་དེ་བྱིན་མཐུ་མོ་ཆེ། །བློན་མོ་ཀླུང་དགུ་འཁོར་བཅས་ཀྱིས། །ནམ་ཕྱེད་དུས་ཀྱི་མུན་པ་ལ། །སྐད་ཅིག་ཡུལ་ལ་ཡུལ་ཕུར་ཕྱིན། །གཟའ་རྒྱལ་མིག་དམར་སྤྲུལ་པ་བསྒྲལ། །དེ་ཕྱིར་གཟའ་འདུལ་ཆེན་མོ་བྱ། །ས་བདག་རྒྱལ་མོ་ཡལ་གམ་ཅན། །ཕུར་པ་སྒྲུབ་ཕྱིར་གཤེགས་སུ་གསོལ། །བྱད་གདོན༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །བྷྱོ། ས་བདག་ཆེན་མོའི་དུས་ལ་བབ། །ནམ་ནི་ཐོ་རངས་དམ་ཅན་མ། །མང་ཡུལ་སེ་བྱིན་སྟེང་ཤེད་ན། །ཁྲག་ཞག་མཚོ་མོ་མེར་བ་ན། །སྤྲུལ་པའི་བསྭེ་མཁར་སྨུག་པོ་ན། །རྡོ་རྗེ་བསྭེ་བྱིན་འཕྲུལ་མོ་ཆེ། །སྐུ་མདོག་དམར་ནག་འབར་བ་ལ། །ཁྲག་གི་རལ་པ་ཤ་ར་ར། །རལ་པ་རེ་ལ་ཕུར་པ་རེ། །ཕུར་པའི་ལན་ཕྲན་ཁྲ་ལ་ལ། །གསེར་གྱི་རྡོ་རྗེས་ཐོར་ཚུགས་བརྒྱན། །རྣ་བ་སླང་ཙམ་ལྷབས་སེ་ལྷབ། །དངུལ་གྱི་རྣ་ཆ་ཝངས་སེ་ཝང་། །དམར་ནག་ལྕེའུ་ཕྲན་ཅོད་པན་འཕུར། །བ་སྤུ་རེ་ཞིང་ལྕགས་ཀྱུ་རེ། །མེ་ལྕེ་དགུ་ཕྲེང་སྐུ་ཡི་རྒྱན། །རྨ་བྱའི་ཐུལ་པ་ཞ་ལ་ལ། །དབང་གི་བསེ་ཁྲབ་སི་ལི་ལི། །བཤུགས་པའི་བརྡ་སྐད་དི་རི་རི། །ཆིབས་སུ་རི་དྭགས་བསྭེ་ལ་ཆིབས། །ཆིབས་ཀྱི་སྔ་ལོང་ཕྱི་ལོང་ལ། །མི་མགོ་རྟ་མགོ་ཕྲུ་ལུ་ལུ། །བཙན་ཞགས་སེང་ཕུར་དགྲ་ལ་བརྡེག །བརྡ་ནི་མི་འཕྲད་ལྷོ་བལ་མོ། །གཟུགས་ནི་མི་སྟོན་ལག་བརྒྱ་མོ། །མང་ཡུལ་དེ་བྱིན་ཡུལ་མདོ་ན། །ས་བདག་ནག་མོ་དམ་ཚིག་ཅན། །ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། །མཚན་མོ་དུར་ཁྲོད་ཁྱབ་པར་རྒྱུ། །སྟོང་གསུམ་མ་ལུས་རྗེས་ཀྱིས་འགེངས། །གདུག་པའི་དགྲ་ལ་ངུ་ཞིང་འདྲད། །མཆེ་བ་གནམ་ལྕགས་མཚོན་ཆ་རྣོ། །ས་བདག་འབུམ་གྱི་ཁད་དཔོན་མཛད། །དེ་བྱིན་ཡུལ་གྱི་ཕུ་ཤེད་ན། །བཙན་བྲག་སེར་ཁའི་ནང་ཤེད་ན། །བཙན་གྱི་རྒྱལ་པོ་ཟླ་བ་གནས། །ཇོ་མོ་སེ་བྱིན་མཐུ་མོ་ཆེ། །བློན་མོ་སྤྱང་མོ་འཁོར་བཅས་ཀྱི། །ནམ་ཕྱེད་དུས་ཀྱི་མུན་པ་ལ། །སྐད་ཅིག་ཡུད་ཀྱིས་ཡུལ་ཕུར་ཕྱིན། །བཙན་གྱི་རྒྱལ་པོ་ཟླ་བ་བསྒྲལ། །དེ་ཕྱིར་བཙན་འདུལ་ཆེན་མོ་བྱ། །ས་བདག་རྒྱལ་མོ་ཡལ་གམ་ཅན། །ཕུར་པ་སྒྲུབ་ཕྱིར་གཤེགས་སུ་གསོལ། །བྱད་གདོན༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །བྷྱོ། ས་བདག་ཆེན་མོའི་དུས་ལ་བབ། །ནམ་ནི་ཐོ་རེངས་དམ་ཅན་མ། །སྙེ་ནམ་འགྲམ་གྱི་ཕག་ཤེད་ན། །འོ་མའི་མཚོ་མོ་མེར་བ་ན། །སྤྲུལ་པའི་བསྭེ་མཁར་སྨུག་པོ་ན། །རྡོ་རྗེ་ཕག་བྱིན་མཐུ་མོ་ཆེ། །སྐུ་མདོག་དཀར་དམར་འབར་བ་ལ། །དུང་གི་རལ་པ་ཤ་ར་ར། །རལ་པ་རེ་ཞིང་ཕུར་པ་རེ། །ཕུར་པའི་ལན་ཕྲན་ཁྲ་ལ་ལ། །རྣ་བ་སླང་ཙམ་ལྷབས་སེ་ལྷབ། །གསེར་གྱི་རྡོ་རྗེས་ཐོར་ཚུགས་བརྒྱན། །དར་ནག་རྩེ་ཕྲན་ཅོད་པན་འཕུར། །དུང་གི་རྣ་ཆ་ཝངས་སེ་ཝང་། །བ་སྤུ་རེ་ཞིང་ལྕགས་ཀྱུ་རེ། །མེ་ལྕེ་དགུ་ཕྲེང་སྐུ་ཡི་རྒྱན། །རྨ་བྱའི་ཐུལ་པ་ཞ་ལ་ལ། །དབང་གི་བསྭེ་ཁྲབ་སི་ལི་ལི། །ཆིབས་སུ་ཆུ་རྟ་སྔོན་པོ་བཅིབས། །ཆིབས་ཀྱི་སྔ་ལོང་ཕྱི་ལོང་ལ། །མི་མགོ་རྟ་མགོ་ཕྲུ་ལུ་ལུ། །གཡུ་ཞགས་གཡུ་ཕུར་དགྲ་ལ་འཕེན། །བརྡ་ནི་མི་འཕྲོད་ལྷོ་བལ་མོ། །གཟུགས་ནི་མི་སྟོན་ལག་བརྒྱ་མོ། །སྙེ་ནམ་ཕག་བྱིན་ཡུལ་མདོ་ན། །མཁའ་ལ་སྤྲུལ་པའི་གཡུ་མཚོ་ན། །སྤྲུལ་པའི་བསྭེ་མཁར་སྨུག་པོ་ན། །ཕག་བྱིན་ཆེན་མོའི་བློན་མོ་ནི། །ནག་མོ་ཆེན་མོ་བྲང་མིག་མ། །མགོ་མེད་བྲང་ནི་མིག་གིས་གང་། །བྲང་གི་འོག་ནས་ཁ་གདངས་པས། །སྡང་བའི་དགྲ་བོ་ཁྱུར་མིད་བྱེད། །སྟོང་ཁམས་སྤྲུལ་པ་ནག་པོས་གང་། །ས་བདག་འབུམ་གྱི་ཁད་དཔོན་མཛད། །སྙེན་མ་ཕག་གི་ཕུ་ཤེད་ན། །སྟོང་སྐྱལ་བྱ་བའི་ཡུལ་ཕུ་ན། །མཚོ་ཡི་དམ་པ་མ་དྲོས་ན། །ཀླུ་ཡི་རྒྱལ་པོ་དེང་པོ་གནས། །ཇོ་མོ་ཕག་བྱིན་མཐུ་མོ་ཆེ། །བློན་མོ་བྲང་མིག་འཁོར་བཅས་ཀྱིས། །ནམ་ཕྱེད་དུས་ཀྱི་མུན་པ་ལ། །སྐད་ཅིག་ཡུད་ལ་ཡུལ་ཕུར་བྱིན། །ཀླུ་ཡི་རྒྱལ་པོ་དེང་པོ་བསྒྲལ། །དེ་ཕྱིར་ཀླུ་འདུལ་ཆེན་མོ་བྱ། །ས་བདག་རྒྱལ་མོ་ཡལ་གམ་ཅན། །ཕུར་པ་སྒྲུབ་ཕྱིར་གཤེགས་སུ་གསོལ། །བྱད་གདོན་གཡུལ༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཛཿ ཤར་ཕྱོགས་སྒོ་ནང་དགྲ་བགེགས་སྟེང་། །དུང་གི་སྐྱེས་བུ་གདུག་པ་ཅན། །སྐུ་མདོག་དཀར་པོ་འཚེར་བ་ལ། །གཡས་ན་ཤེལ་གྱི་ཟངས་ཡག་བསྣམས། །གཡོན་པ་ཤེལ་གྱི་ཕུར་པ་འདྲིལ། །དགྲ་བགེགས་སྙིང་ལ་འདྲིལ་ཞིང་འདེབས། །ཆིབས་སུ་སེང་གེ་དཀར་མོ་བཅིབས། །སྐུ་ལ་སྤྱང་དཀར་སློག་པ་གསོལ། །འཁོར་དུ་གིང་ཆེན་ཚོགས་ཀྱིས་བསྐོར། །དཀར་པོ་འབུམ་གྱི་དམག་དཔོན་མཛད། །ཁྱེད་ཀྱང་ཕུར་པའི་སྲུང་མ་སྟེ། །བྱད་གདོན༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཧཱུྃ། ལྷོ་ཕྱོགས་སྒོ་ནང་དགྲ་བགེགས་སྟེང་། །ལྕགས་ཀྱི་སྐྱེས་བུ་གདུག་པ་ཅན། །སྐུ་མདོག་སྔོ་ནག་འབར་བ་ལ། །གཡས་ན་ལྕགས་ཀྱི་རལ་གྲི་ཕྱར། །གཡོན་པས་ལྕགས་ཕུར་འདྲིལ་ཞིང་འདེབས། །ཆིབས་སུ་ལྕགས་ཀྱི་སྤྱང་ཁུ་བཅིབས། །སྐུ་ལ་དར་ནག་བེར་ཆེན་གསོལ། །འཁོར་དུ་བདུད་ཕོའི་ཚོགས་ཀྱིས་བསྐོར། །ནག་པོ་འབུམ་གྱི་དམག་དཔོན་མཛད། །ཁྱོད་ཀྱང་ཕུར་པའི་ལས་མཁན་ཏེ། །བྱད་གདོན༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །བཾ། ནུབ་ཕྱོགས་སྒོ་ནང་དགྲ་བགེགས་སྟེང་། །བསྭེ་ཀྱི་སྐྱེས་བུ་གདུག་པ་ཅན། །སྐུ་མདོག་དམར་ནག་འབར་བ་ལ། །གཡས་པས་ཟངས་ཀྱི་རལ་གྲི་ཕྱར། །གཡོན་པས་ཟངས་ཀྱི་ཕུར་པ་འདྲིལ། །ཆིབས་སུ་བསྭེ་རྟ་དམར་པོ་ཆིབས། །སྐུ་ལ་དབང་གི་བསེ་ཁྲབ་གསོལ། །འཁོར་དུ་བདུད་བཙན་ཚོགས་ཀྱིས་བསྐོར། །དམར་ནག་འབུམ་གྱི་དམག་དཔོན་མཛད། །ཁྱེད་ཀྱང་ཕུར་པའི་སྲུང་མ་སྟེ། བྱད་གདོན༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །ཧོཿ བྱང་ཕྱོགས་སྒོ་ནང་དགྲ་བགེགས་སྟེང་། །ཊཱཀྐི་ནག་པོ་རབ་འཇིགས་པ། །སྐུ་མདོག་ལྗང་ནག་འབར་བ་ལ། །གཡས་པས་གྲི་གུག་དགྲ་སྲོག་གཅོད། །གཡོན་བ་བྷནྡྷ་སྙིང་ཁྲག་འཐུང་། །ཆིབས་སུ་ལྕགས་སྤྱང་སྔོན་པོ་བཅིབས། །སྐུ་ལ་ལྕགས་ཀྱི་བསྲེ་ཁྲབ་གསོལ། །ཤན་པ་ཕོ་མོའི་ཚོགས་ཀྱིས་བསྐོར། །ལས་མཁན་འབུམ་གྱི་དམག་དཔོན་མཛད། །ཁྱོད་ཀྱང་ཕུར་པའི་སྲུང་མ་སྟེ། །བྱད་གདོན༴ སོགས་འགྲེས་སོ། །བཞི་སྙིང་དང་། ཨེ་ས་བྷྱོ་ཟློག །དེ་ནས་ཐུན་གཏོར་བསྔོ་བ་ལ། ཟོར་བསྒྲུབ་པ་ནི། མུ་སྟེགས་དང་། ནང་པ་དང་། སྡེ་བརྒྱད་ཀྱི་གནོད་པ་དང་། །རྦད་འདྲེ་རྦོད་གཏོང་དང་། །ཐ་ན་གཅན་གཟན་གདུག་པ་དང་། སྦྲང་བུ་ཡན་ཆད་ཀྱི་ཁ་འཆིང་བ་དང་། བཟློག་པའི་སྤུ་གྲི་འདི་བཟླས་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ། བདུད་པྲ་མཱ་ར་ཡ་རྦད་ནན། ཁ་ལ་ཛ་མ་ལི་རྦད་ནན། ར་ཙ་དུ་ལིང་ཤག་རྦད་ནན། །ཤིག་ཤིག་དུམ་དུམ་རྦད་ནན། །ཚལ་པ་ཚལ་པ་རྦད་ནན། །ཁྲོཾ་ཁྲོཾ་བྷྱོ་རྦད་ནན། རྨུགས་རྨུགས་རྦད་ནན། །ཏིར་ཏིར་རྦད་ནན། །ཚལ་ཚལ་རྦད་ནན། །ཞེས་བཟླའོ། །དེ་ནས། ཧཱུྃ། བར་སྣང་ལྷ་སྲིན་སྡེ་བརྒྱད་གསོན། །གནམ་ས་བར་གྱི་ལྷ་འདྲེ་གསོན། །འགོ་བའི་ལྷ་ལྔ་ཐམས་ཅད་གསོན། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །གཏོར་མའི་ཤུལ་ཕྱེ་སྐུ་བཟུར་ཅིག །དགྲ་བགེགས་དཔུང་གཉེན་མ་མཛད་ཅིག །དམ་ཉམས་དགྲ་བགེགས་ལས་ངན་འདིས། །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །རྣལ་འབྱོར་སྒྲུབ་པའི་དམ་སྲི་བྱས། །ནམ་ཡང་བཏང་བའི་མི་བྱ་བར། །ས་བདག་ཆེན་མོའི་དུས་ལ་བབ། །བདུད་ཀྱི་བུ་མོ་ཚ་བའི་རོང་ནས་བཞེངས། །གཟའ་ཡི་བུ་མོ་བལ་ཡུལ་མཐིལ་ནས་བཞེངས། །བཙན་གྱི་བུ་མོ་མང་ཡུལ་གཏིང་ནས་བཞེངས། །ཀླུ་ཡི་བུ་མོ་སྙེ་ནམ་ཕུག་ནས་བཞེངས། །བྱད་མ་བསམ་སྦྱོར་ངན་པ་ལ། །ཁྲག་ཟོར་འཕང་གི་ད་ཚུར་བྱོན། །དགྲ་བགེགས་གནས་ཁྱིམ་བླ་སྲོག་ལ། །ཟོར་དམག་དྲང་བའི་དུས་ལ་བབ། །ནད་རིམས་ཡུགས་ཀྱི་དམོད་མོ་ཡིས། །དགྲ་བགེགས་བླ་སྲོག་རླུང་ལ་བསྐུར། །གཏོར་ཟོར་ཁྲག་ཟོར་དགྲ་ལ་བྷྱོ། །བྷྱོ་བྷྱོ་བྷྱོ། ཟློག་ཟློག་ཟློག །སྔ་མའི་ཐུན་སྔགས་བརྗོད་ལ་འཕང་ངོ་། །དེ་ནས་ཆད་མདོ་ནི། བྷྱོ། སྔོན་ཚེ་བསྐལ་པའི་དང་པོ་ལ། །བཅོམ་ལྡན་ཀརྨ་ཧེ་རུ་ཀས། །དྲེགས་པ་སྡེ་དཔོན་འདུལ་བའི་ཚེ། །ཀ་སེང་དབང་ཕྱུག་ཉེར་བརྒྱད་ཀྱིས། །སྲོག་སྙིང་ཕུལ་ནས་དམ་ལ་བཏགས། །ཇི་ལྟར་ཞལ་བཞེས་དམ་བཅས་བཞིན། །བཀའ་ཡི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །དེ་རྗེས་བར་གྱི་བསྐལ་པ་ལ། །ཨ་སུ་ར་ཡི་བྲག་ཕུག་ཏུ། །གྲུབ་པའི་སློབ་དཔོན་རྣམ་གསུམ་གྱིས། །ཕུར་པའི་དངོས་གྲུབ་བརྙེས་པའི་ཚེ། །དྲེགས་པ་ཅན་གྱི་སྡེ་ཚོགས་ཀྱིས། །སྲོགས་སྙིང་ཕུལ་ནས་དམ་ལ་བཏགས། །ཇི་ལྟར༴ བཀའ་ཡི༴ བཅོལ་བའི༴ དེ་རྗེས་བསྐལ་པ་ཐ་མ་ལ། །བལ་ཡུལ་བྱང་ཆུབ་ཆུ་མིག་ནས། །ཨུ་རྒྱན་པདྨ་འབྱུང་གནས་ཀྱིས། །ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །དམ་ཅན་མ་མོ་བཅུ་གཉིས་དང་། །མིང་པོ་གིང་གི་ཚོགས་བཅས་ཀྱིས། །སྲོག་སྙིང་ཕུལ་ནས༴ ཇི་ལྟར༴ བཀའ་ཡི༴ བཅོལ་བའི༴ དེ་ནས་སྙིགས་མའི་བསྐལ་པ་ལ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། །རྒྱལ་ཡུམ་སྤྱོད་པའི་སྐྱེད་ཚལ་མས། །རྒྱལ་སྲས་པདྨ་ལས་འབྲེལ་རྩལ། །མངོན་སུམ་རྗེས་སུ་བཟུང་བའི་ཚེ། །སྲུང་མ་དམ་ཅན་ཚོགས་རྣམས་ཀྱིས། །ཇི་ལྟར་ཞལ་བཞེས་དམ་བཅས་བཞིན། །བཀའ་ཡི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །དེ་ནས་བརྟན་མ་སྐྱོང་བ་ནི། ཧཱུྃ། དམ་ལ་གནས་པ་བརྟན་མའི་ཚོགས། །གནམ་གྱི་རྒྱལ་མོ་དཔལ་འབར་མ། །གནམ་ལྷ་དཀར་མོ་ཡང་དག་ཤེས། ཁ་རག་ཁྱུང་བཙུན་དཔལ་གྱི་ཡུམ། །གོང་བཙུན་དེ་མོ་བོད་ཁམས་སྐྱོང་། །གངས་ཀྱི་ཡུམ་ཆེན་གཡུ་བུན་མ། །འབྲོག་གནས་མ་མོ་མེ་སྟག་མ། །འབྲོག་གི་རྒྱལ་མོ་ཟ་འོག་མ། །བྱང་གི་རྒྱལ་མོ་ཟླ་འོད་མ། །བྱང་སྨན་རྒྱལ་མོ་གསེར་ཐང་མ། །གངས་དཀར་ཤ་མེད་ཀུན་ཏུ་བཟང་། །ས་བདག་ཆེན་མོ་ཤཱིནྟཾ་དཔལ། །ཀླུ་ཡི་བུ་མོ་གཟི་འབར་མ། །མི་སྲུན་རྫུ་འཕྲུལ་བྱིན་རླབས་ཅན། །མཛེས་པའི་སྐུ་ལ་རིན་ཆེན་བརྒྱན། །དར་གྱི་ལྕེའུ་མུ་ཏིག་དང་། །དྲིལ་བུ་གཡེར་ཁའི་རྒྱན་ཆ་ལྡན། །སྨན་ཕྲན་འབུམ་གྱི་གཙོ་མོ་མཛད། །ཁྲོས་པས་མི་སྡུག་གཟུགས་འཆང་ཞིང་། །གཅན་དང་འཕྲོ་རྒོད་ཞི་ཞིང་རྫུ། །བྲན་གཡོགས་འཁོར་བཅས་གཏོར་མ་ལོངས། །བདག་ཅག་རིག་འཛིན་བསྒྲུབ་པ་ལ། །དགྲ་བགེགས་གེགས་དང་ཟོར་ཁ་ལངས། །མི་མཐུན་ཕྱོགས་རྣམས་ཇི་སྙེད་པ། །བཟློག་ཅིང་ཞི་བར་མཛད་དུ་གསོལ། །ས་མ་ཡ། ཞེས་པས་མཆོད་ལ་ནང་དུ་ལོག་ནས། གཏོར་གཞོང་ཁ་སྦུབ་སྟེ། ཧཱུྃ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཞེ་སྡང་རྡོ་རྗེ་འཁོར་དང་བཅས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཤིན་ཏུ་གདུག་པའི་སེམས་ཅན་ལ། །ཞེ་སྡང་ཆེན་པོའི་ཏིང་འཛིན་གྱིས། །སྐད་ཅིག་ཉིད་ལ་བརླག་མཛད་དམ། །བརླག་པར་མ་གྱུར་གང་ཡང་མེད། །བརླག་མཛད་ལྷ་ལ་ཕྱག་འཚལ་བསྟོད། །མ་ར་ཡ་ཕཊ། བདག་ལ་སྡང་བའི་དགྲ། གནོད་པའི་བགེགས། གདུག་པའི་དབལ། རྣོ་བའི་མཚོན། སྦྱོར་བའི་དུག །ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་བཅུ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་བརླག་པར་གྱུར་ཅིག །དེ་ནས་ཚོགས་ལ་རོལ་པ་ནི། ཧོཿ ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་ལ། །བདག་དང་གཞན་དུ་མི་དམིགས་པས། །མཉམ་པའི་དམ་ཚིག་ལ་གནས་པས། །མཉམ་སྦྱོར་ཆེན་པོའི་དངོས་གྲུབ་ཐོབ། །ཨ་ལ་ལ་ཧོཿ ཞེས་བླངས་ཏེ་ཕུང་ཁམས་ཀྱི་ལྷ་ཚོགས་ཟག་མེད་བདེ་བས་ཚིམ་པར་རོལ་ལོ། །དེ་ནས་ཚོགས་ཀྱི་ལྷག་མ་བྱིན་བརླབས་ནས། ཧཱུྃ། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས། །དབང་བསྐུར་གསང་བའི་མཚན་བཏགས་པ། །ལྷག་མ་ཁ་ཆུའི་དམ་ཚིག་ཅན། །ཚུལ་བཞིན་མཆོད་ཀྱི་གཤེགས་སུ་གསོལ། །མཁའ་འགྲོ་སུམ་ཅུ་རྩ་གཉིས་པོ། །ཡེ་ཤེས་ལས་ལས་གྲུབ་པ་མོ། །མཁའ་ལ་ཐོགས་མེད་འགྲོ་བ་མ། །དོན་ལ་སངས་རྒྱས་ཡིན་མོད་ཀྱང་། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་པ། །སྔོན་གྱི་ཐུགས་དམ་བརྩེར་དགོངས་ནས། །ལྷག་མའི་གཏོར་མ་བཞེས་སུ་གསོལ། །མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཀཱ་ཧི། མ་ཧཱ་བ་ལིངྟ་ཁཱ་ཧི། དེ་ནས་དངོས་གྲུབ་ཞུ་བ་ནི། ཧཱུྃ། རྡོ་རྗེ་ཕུར་པའི་ལྷ་ཚོགས་དགོངས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །བྱིན་རླབས་དབང་དང་དངོས་གྲུབ་སྩོལ། །སྟོབས་ཀྱིས་དགྲ་བགེགས་བསྒྲལ་བ་དང་། །སྐུ་གསུང་ཐུགས་གསུམ་དངོས་གྲུབ་མཆོག །དངོས་གྲུབ་ཐམས་ཅད་དུས་འདིར་སྩོལ། །ཚེ་ཡི་སྙིང་པོ་རྒྱུད་གསུམ་པོ། །སྲོག་གི་སྙིང་པོ་གཞལ་ཡས་ཁང་། །སྐྱེ་ཤི་མེད་པ་བྱང་ཆུབ་སེམས། །སྐུ་གསུང་ཐུགས་ལ་རབ་ཏུ་ཐོབ། །རྩ་སྔགས་དང་། ༀ་ཨ་ཡུ་ཕ་ལ་སིདྡྷི་སིདྡྷི་ཧཱུྃ། ཨ་བྷི་ཥིཉྩ་ཨཱཿ ཨ་བེ་ཤ་ཡ་ཨཱཿ དེ་ནས་བཟོད་པར་གསོལ་བ་ནི། ཧོཿ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས། །ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །བདག་ནི་སོ་སོའི་སྐྱེ་བོ་ལ། །སེམས་ནི་ཉོན་མོངས་དབང་གྱུར་པས། །མི་དགེ་ལོག་པའི་བྱ་བ་དང་། །བག་མེད་བྱིང་རྒོད་དབང་གྱུར་པས། །ཏིང་འཛིན་མ་གསལ་རྫས་མ་ཚང་། །བརྗེད་ངས་ལྷག་ཆད་གྱུར་པ་ཡིས། །དངོས་གྲུབ་རབ་ཆད་གྱུར་པ་གང་། །བཟོད་པར་བཞེས་ནས་ཚངས་པར་སྩོལ། །ཡི་གེ་བརྒྱ་པ་བརྗོད་དོ། །དེ་ནས་རྟག་ཆད་ཀྱི་མཐའ་གསལ་བ་ནི། དཀྱིལ་འཁོར་གསུམ་གྱི་ལྷ་རྣམས་ཧཱུྃ་གསུམ་དུ་གྱུར། ཕཊ་གསུམ་གྱི་དེ་ལས་འོད་ཟེར་འཕྲོས་པས། དོན་གཉིས་བྱས་ནས་ཧཱུྃ་གསུམ་ལ་ཐིམ། གཉིས་པོ་བདག་ཉིད་རྩ་བའི་ཧཱུྃ་ལ་ཐིམ། དེ་ཡང་ཞབས་ཀྱུ་ནས་ནཱ་དའི་ཐ་བར་དུ་ཐིམ། །ནཱ་ད་ཆོས་ཀྱི་དབྱིངས་སུ་ཐིམ་སྟེ། རང་བཞིན་སེམས་ཀྱི་ཆོས་ཉིད་ནི། །མ་བཅོས་ལྷུག་པར་གནས་པའི་དོན། །རྟག་ཆད་དངོས་པོའི་མཐའ་སྤངས་ཤིང་། །བརྗོད་བྲལ་མུ་བཞི་ལས་འདས་པ། །རྩོལ་མེད་གནས་པའི་ཆོས་ཉིད་དེ། །ཕུར་པ་ཞེས་ནི་དེ་ལ་བྱ། །ཞེས་མི་རྟོག་པར་བཞག་གོ། །རྩ་སྔགས་བརྗོད། བདག་ཉིད་རྩ་བའི་ལྷར་ལྡང་ངོ་། །སྤྱོད་པ་རྒྱུད་ཀྱི་དམ་ཚིག་བཞི་བསྲུང་བ་ནི། གཉིད་ཀྱི་དགྲ་གཞོམ། མྱོས་འགྱུར་གྱི་ཆང་སྡོམ། ལེ་ལོའི་དགྲ་བསད། གསང་བའི་བརྡ་བསྲུང་བ་རྣམས་ཚུལ་བཞིན་དུ་ཉམས་འོག་ཏུ་ཆུད་པར་བྱའོ། །དེ་ནས་བཀྲ་ཤིས་ཀྱི་མེ་ཏོག་འཐོར་རོ། །ཧཱུྃ། ཚད་མེད་སྙིང་རྗེ་ཆེན་པོ་ཡིས། །སྲིད་པ་ཕུར་བུ་སྒྲུབ་པ་ཡི། །སྲིད་གསུམ་ལྷ་ཡི་འཁོར་ལོར་དག །རབ་འབྱམས་རྒྱལ་བའི་བཀྲ་ཤིས་ཤོག །རྡོ་རྗེ་ལུས་ཀྱི་ཁམས་གསུམ་པོ། །སྲོག་སྩོལ་ལམ་གྱིས་གནད་བསྣུན་པས། །བདེ་སྟོང་དགའ་བཞིའི་ངོ་བོར་དག །ཕྱག་རྒྱ་མཆོག་གི༴ མཱ་ར་བསད་པའི་ད་ལ་རུ། །མཚན་མ་རྫས་ཀྱི་ཕུར་པ་བཏབ། །དགྲ་བགེགས་རྨིག་མེད་རྩ་ནས་དག །བསྟན་པ་རྒྱས་པའི་བཀྲ༴ ཆོས་དབྱིངས་སྤྲོས་དང་བྲལ་བ་ལ། །རིག་པ་ཡེ་ཤེས་མཉམ་སྦྱོར་བས། །རྡུལ་བྲལ་མཁའ་ལྟར་རྣམ་པར་དག །འབྲས་བུ་མཆོག་གི་བཀྲ་ཤིས་ཤོག །འདི་ལྟར་སྙན་བརྒྱུད་ཕུར་པ་ལ། །འཕྱོང་དྲུག་ལས་དང་སྔགས་དྲུག་གིས། །གདབ་པས་ཕྲིན་ལས་ཚང་བ་འདི། །མཆོག་དབྱངས་སྤྲུལ་པ་གཏེར་ཆེན་དེས། །བདེ་སྐྱོང་མི་ཡི་ནོར་བུ་གསུམ། །དམ་ཚིག་རྫས་ཀྱི་ཌཱ་མ་རུ། །རྩ་བའི་ཕུར་སྒྲོམ་དང་བཅས་ཀྱི། །མཎྜལ་ཕུལ་ཏེ་གསོལ་བཏབ་ངོར། །ཕུར་པ་ལྕམ་ལུགས་རྒྱལ་པོའི་ལུགས། །སྣ་ནམ་ལུགས་དང་ཇོ་མོའི་ལུགས། །དབྱེ་བར་གྲགས་པ་མང་ན་ཡང་། །མཚོ་རྒྱལ་ཐུགས་ཀྱི་བརྣག་པའི་ཆོས། །ཁྱད་པར་འཕགས་པ་འདི་ཁོ་ན། །ཟབ་འདུས་ཚང་བར་གནད་དུ་བསྡུས། །ལག་ལེན་གསལ་བར་བགྱིས་པ་པོ། །པདྨ་ལས་འབྲེལ་རྩལ་གྱིས་བཀོད། །དགེ་བས་བདག་དང་འགྲོ་བ་ཀུན། །བྱང་ཆུབ་སྒྲུབ་ལ་བར་གཅོད་པའི། །བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ནས། །རྡོ་རྗེ་གཞོན་ནུའི་གོ་འཕང་གི། །འབྲས་བུ་མཆོག་ལ་རེག་གྱུར་ཅིག །ཅེས་པའང་ཡང་ལེ་མཆོག་སྤྲུལ་རིན་པོ་ཆེའི་བཀའ་བསྐུལ་མང་དུ་གནང་བའི་རྐྱེན་གྱིས་སྨད་ལས་དུག་ཕུར་ནག་པོའི་ཕྲིན་ལས་ཀྱི་བྱང་བུ་འདི་འོད་གསལ་རིན་ཆེན་སྙིང་པོ་པདྨ་ལས་འབྲེལ་རྩལ་གྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

སློབ་དཔོན་རྣམ་གསུམ་གྱི་དགོངས་པ་ཕུར་ཊཱིཀ་འབུམ་ནག་ལུགས་ཀྱི་དབང་ཆོག་ལག་ལེན་དུ་བསྡེབས་པ་མཚོ་རྒྱལ་ཞལ་ལུང་། ཁྲོ་རྒྱལ་རྡོ་རྗེ།

སློབ་དཔོན་རྣམ་གསུམ་གྱི་དགོངས་པ་ཕུར་ཊཱིཀ་འབུམ་ནག་ལུགས་ཀྱི་དབང་ཆོག་ལག་ལེན་དུ་བསྡེབས་པ་མཚོ་རྒྱལ་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ཡ། འཁོར་འདས་རང་སྣང་དོན་གྱི་དཔལ་ཆེན་པོར། །ཡང་དག་རང་ངོ་སྤྲོད་མཛད་བླ་མའི་ཞབས། །སྤྱི་བོས་བསྙེན་ནས་གང་གི་སྙན་བརྒྱུད་ཀྱི། །རྡོ་རྗེ་ཕུར་པའི་འཇུག་སྒོའི་ཆོ་ག་བསྡེབས། །དེ་ཡང་ཕྲིན་ལས་ཕུར་པའི་ཆོས་བཀའ་འགྲེལ་བཤད་འབུམ་ནག་ལ་བྱིན་རླབས་ཉེ་བརྒྱུད་སོ་མས་སྐབས་ཕྱེས་པའི་སྙན་བརྒྱུད་ཕུར་པ་དང་འབྲེལ་བར་སྐལ་ལྡན་གྱི་སློབ་མ་རྗེས་སུ་འཛིན་པའི་ཚུལ་ལ། གཞུང་དུ་དངོས་བསྟན་ས་སྟ་དངོས་གསུམ་ལ་ནུབ་རེ་དང་། དེའང་གསང་བ་སྤྱི་ལ་ཞལ་འཕང་བས་སྤྲོས་པ་ལ་དགའ་ན་དེ་ལྟར་ལག་ལེན་དུ་བསྟར་བས་མཐུས་ཤིང་། འདིར་མདོར་བསྡུས་ཏེ་ནང་ལ་འཇུག་པའི་དབང་རྩམ་རྩལ་དུ་བཏོན་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་བཤོམ། །དངོས་གཞི་དཀྱིལ་འཁོར་སྒྲུབ་མཆོད་དང་དབང་བསྐུར་བ། རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ནི། སྟེགས་བུར་གཞུང་མཐུན་གྱི་བྲིས་དཀྱིལ་དགྲམ་པའམ་མཎྜལ་ལ་ལྷ་གྲངས་དང་མཉམ་པའི་འབྲུ་ཚོམ་བཀོད་པའི་ཁར་འགྲེལ་བཤད་ལ་དབུས་སུ་རྡོ་རྗེ་གཞོན་ནུ་ལ་བུམ་པ་གཅིག་དང་། ཕྱོགས་བཞི་སྲས་མཆོག་རེ་བཤམ་པར་གསུངས་ཀྱང་ལག་ལེན་དུ་རྣམ་རྒྱལ་བུམ་པ་སོ་ལྔའི་ཅུད་ལྡན་བརྒྱན་ཅན་མགུལ་ཆིངས་སྲོག་གསུམ་དག་ལྡན་པ་གཅིག་འགོད། །གཡས་སུ་ཀ་པཱ་ལ་བཅུད་ཀྱིས་བཀང་བ། རྒྱབ་ཏུ་རིག་ཙཀ་དང་། དབུ་རྒྱན། དོ་ཤལ། རྡོར་དྲིལ། ཐོད་རྔ། རྐང་གླིང་། མི་བཟད་པའི་ཕུར་པ་དྲུག །ཤ་ལྔ་བདུད་རྩི་ལྔ་རྣམས་བསྐུར་བདེ་ཁྱད་སྣོད་གཅིག་ཏུ་སྦམ་པ། གཡོན་དུ་མེ་ལོང་། མདུན་དུ་སྨན་རཀ་གཏོར་མ་ཕྱི་ནང་གི་ཉེར་སྤྱོད་བཅས་བཤམ། གཞན་ཡང་ཕུར་སྲུང་གི་གཏོར་མ་གཙོ་འཁོར་བཅུ་དྲུག་པ། ཚོགས་གཏོར། ལས་བུམ། མིག་དར་མེ་ཏོག་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཚང་བར་འདུ་བྱའོ། །གཉིས་པ་ལ་གཉིས། དཀྱིལ་འཁོར་སྒྲུབ་མཆོད་དང་། །དབང་བསྐུར་བའོ། །དང་པོ་ནི། ཕྲིན་ལས་ཀྱི་གཞུང་བསྲང་སྟེ། སྒྲུབ་གཞི་བདག་དང་མདུན་དུ་བཀོད་པའི་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་ཐམས་ཅད་དེ་བཞིན་ཉིད་ཀྱི་ཏིང་འཛིན་སྟོང་ཉིད་ཀྱི་རང་བཞིན་ཀུན་སྣང་སྙིང་རྗེ་ཆེན་པོའི་ངང་ལས་དཀྱིལ་འཁོར་རྣམ་གསུམ་རྟེན་དང་བརྟེན་པར་བཅས་པ་བདག་མདུན་དབྱེར་མེད་དུ་ཆོ་ག་གཅིག་གིས་བསྒྲུབ་ནས་བཟླས་པ་ཅི་ནུས་མཐར། བུམ་བསྐྱེད། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་མོས་ནས། གཟུངས་ཐག་བླངས་ལ། བདག་གི་སྙིང་ག་ནས་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་རྣམ་པར་རྒྱལ་བའི་བུམ་པའི་ལྷ་རྣམས་ལ་ཕོག །བདེ་བའི་སྒྲས་བསྐུལ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པར་བསམ་ལ། རྩ་སྔགས་དང་དབྱངས་གསལ་སྦྲེལ་བ་ཅི་ནུས་བཟླས་མཐར། བདག་མདུན་བུམ་གསུམ་གྱི་དཀྱིལ་འཁོར་ལ་དམིགས་ནས་མཆོད་བསྟོད་བཤགས་པ་དང་། དུང་ཆོས་ཕུལ་ལ། ༀ་ཨཱཿཧཱུྃ། བུམ་པའི་ལྷ་རྣམས་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས། སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་ཞལ་བསྟབ་པར་བཏང་ལ། ལས་བུམ་དུ་འཁྱིལ་བའི་བསྐྱེད་བཟླས་སྤྱི་ལྟར་བྱ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་དབང་ལེན་ཡུལ་དང་། གཙོ་བོ་ལས་ཕྱེ་བའི་ལས་ཀྱི་ཁྲོ་བོར་དབང་གི་བྱ་བ་རྣམས་མཛད་ཅིང་། བདག་ཉིད་རྣམ་འགྱུར་གློ་བུར་བའི་རང་བཞིན་དབང་ཞུ་བ་པོར་བྱས་ཏེ་དབང་འཆད་འགྱུར་ལྟར་རྫོགས་པར་བླང་བའམ། བསྡུ་ན། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། ཞེས་རིག་པའི་མེ་ཏོག་དོར་ནས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་རང་བཞིན་གཉིས་སུ་མེད་པར་རྟོགས་པར་བྱས་ཏེ། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་ལ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་པའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཞེས་པ་ཙམ་གྱི་བདག་ཉིད་ཞུགས་ནས། སློབ་མ་འཇུག་པར་གསོལ་གདབ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་གཞོན་ནུའི་གྲོང་ཁྱེར་མཆོག །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་གསོལ་བས་གནང་བ་བྱིན་པར་བསམ། གཉིས་པ་དབང་བསྐུར་བ་ནི། སློབ་མ་རྣམས་ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ཞིང་བཀའ་བསྒོ་བདེན་སྟོབས་བརྗོད་ལ་དྲག་སྔགས་ཡུངས་ཐུན་གྱི་སྦྱོར་བས་ཕྱིར་འབྲང་གི་བགེགས་བསྐྲད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསང་བཏབ་ལ། དེ་ཡང་གངས་ཅན་པ་རྣམས་ཀྱིས་འགྱུར་གྱི་བྱེ་བྲག་ལས་རྡོ་རྗེ་ཐེག་པ་སྔ་འགྱུར་བ་ལ། བཀའ་གཏེར་དག་སྣང་གི་སྲོལ་ཀ་གསུམ་དུ་གྲགས་པ་ལས་སྐབས་སུ་བབས་པའི་གདམས་ཟབ་འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་ངེས་ཤེས་འདྲེན་པའི་ཕྱིར་སྙན་དུ་གསོལ་ན། རྡོ་རྗེ་ཕུར་པ་འདི་མདོ་རྒྱུད་ལུང་དང་མན་ངག་ཐམས་ཅད་ཀྱི་ཐུས་ཀ་ཚང་བ་ཡིན་ཏེ། མདོ་ཁུ་བྱུག་རོལ་པས་གཏན་ལ་འབེབས་ཤིང་། རྒྱུད་བིདྱོཏྟ་མ་ལ་འབུམ་སྡེའི་རྡོ་རྗེའི་རིགས་ཀྱི་ལེའུ་ཁོལ་དུ་ཕྱུངས་པ། ལུང་ནི་དཀར་པོ་གནས་ལུང་། དམར་པོ་སྲོག་ལུང་། ནག་པོ་སྔགས་ལུང་སོགས་ཀྱིས་བཤད། མན་ངག་ངེས་པ་ཨོ་རྒྱན་དུས་གསུམ་མཁྱེན་པའི་གདམས་པས་བཀྲལ་བ་སྟེ། དེ་ཡང་བསྐྱེད་པའི་རིམ་པ་ཕུར་པ་གསང་རྒྱུད། །རྫོགས་པའི་རིམ་པ་ཕུར་པ་མྱང་འདས། གབ་པའི་སྔགས་དྲུག་གབ་པ་འཁོར་ལོ་ནག་པོ། ལས་མཐའ་རྣམས་ཕུར་པ་ངན་སྔགས་གཙུག་ལག་གི་རྒྱུད་དེ། དེ་ལྟར་རྒྱུད་སྡེ་དུ་མའི་བཅུད་གཅུས་དཀྲུགས་གབ་པའི་མཐའ་བསལ་བའི་ཚུལ་གྱིས་བསྡུས་པ་ལ། ༀ་རྒྱན་པདྨ་སམྦྷ་ཝ། པཎ་ཆེན་བི་མ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ་གསུམ་གྱིས་སློབ་དཔོན་པྲ་བྷ་ཧསྟི་ལ་ཕུར་པའི་ཆོས་ཞུས་པས་གུ་རུ་སོ་སོར་རྟོགས་ལུགས་མི་འདྲ་བ་གསུམ་བྱུང་སྟེ་དེ་རྣམས་གཞུང་གཅིག་ཏུ་བཀོད་པ་ལ་ཕུར་པ་རྣམ་གསུམ་སྐོར་ཞེས་གྲགས་པའི་བརྒྱུད་པའི་བརྒྱུད་པ་གང་ལས་ཇི་ལྟར་བྱུང་ན། ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ། སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱིས། བཀའ་བབས་ཐུགས་ཀྱི་གཟུངས་མ་དབྱིངས་ཕྱུག་མཁར་ཆེན་མཚོ་རྒྱལ་ལ། རྩ་བ་ངན་སྔགས་སུ་ཕྱུངས་པ། ཕར་ཐེབས་ལ་ཚུར་མི་ལྡོག་པ། ཉུང་ལ་ཁ་ཚར་ཚང་བ། ལྟ་བ་ཆོས་ཉིད་དང་མི་འགལ་བར་མནོག་ཆོས་གཅིག་བརྒྱུད་དུ་སྩལ། དེས་ཀྱང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐུན་མོང་སྒྲུབ་པའི་ཞར་ལ་བརྙེས་ནས། ངམ་འབྲེ་ས་ལེ་སོགས་ལམ་འདིའི་སྨིན་གྲོལ་ལ་བཀོད། གདམས་པ་ཕལ་ཆེ་ཕྱི་རབས་ཀྱི་གདུལ་བྱའི་དོན་ལ་དགོངས་ཏེ་ཟབ་མོའི་གཏེར་དུ་གཏམས་པར་མཛད། སློབ་དཔོན་རྣམ་གསུམ་གྱི་དགོངས་ཉམས་གཅིག་ཏུ་འདྲིལ་བའི་འགྲེལ་བཤད་འབུམ་ནག་འདི་ཉིད་སྙན་བརྒྱུད་བཀའ་མའི་ལུགས་སུ་བཞག་པ་ད་ལྟའི་བར་དུ་རིང་བརྒྱུད་ཀྱི་ཟམ་མ་ཆད་པའི་སྟེང་དུ། གུ་རུ་ཡབ་ཡུམ་གྱི་ཐུགས་རྗེ་འགོག་པ་མེད་པའི་མཐུ་ལས། ཇི་སྐད་དུ་རིག་འཛིན་ཉི་མ་གྲགས་པའི་གཏེར་ལུང་ལས། ཡོན་ཏན་རིག་འཛིན་བི་མ་ལ༔ མདོ་ཁམས་ཕྱོགས་ནས་པདྨའི་མིང་༔ བརླ་གཡས་སྨེ་བ་སྤྱན་འདྲས་མཚན༔ ཅེས་དང་། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ལས། ཀཿཐོག་ཕྱོགས་སུ་དབང་པོའི་མིང་༔ བི་མ་མི་ཏྲའི་སྤྲུལ་པ་འབྱུང་༔ ཞེས་རྡོ་རྗེའི་ལུང་གི་དཔང་པོ་བྱས་པ། མཁྱེན་བརྩེ་ནུས་གསུམ་འགྲན་ཟླ་དང་བྲལ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་ཆེན་པོ་འོད་གསལ་རིན་ཆེན་སྙིང་པོ་པདྨ་ལས་འབྲེལ་རྩལ་ལམ་མཚན་གཞན་ངག་གི་དབང་པོ་ཞེས་རྩོད་མེད་ཡོངས་གྲགས་དེ་ཉིད་དགུང་གྲངས་ང་ལྔར་སོན་པ་ས་མོ་བྱའི་ལོར། མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་གླིང་རྨོག་པདྨ་བྲག་དཀར་གྱི་ཡང་ཁྲོད་ལྗོན་པ་ལུང་དུ་ཕུར་པ་ཡང་གསང་བླ་མེད་ཀྱི་སྐུ་མཚམས་སུ་བཞུགས་པའི་སྐབས་ཤིག་མནལ་དང་འོད་གསལ་འདྲེས་པའི་དག་ཆེན་ཡེ་ཤེས་ཀྱི་གཟིགས་སྣང་ལ། གངས་ཅན་བོད་ཀྱི་ཡུལ་མཐའ་མོན་ཁ་ནེ་རིང་སེང་གེ་རྫོང་ཡིན་རྒྱུའི་བྲག་སྐྱིབས་ཉམས་དགའ་བ་ཞིག་ན་ཕུར་ཁྲོམ་གྱི་གདན་ལ་གནམ་ལྕགས་ཀྱི་ཕུར་བུ་ཆེ་བརྗིད་དར་སྔོན་པོ་གཡོ་ཞིང་མེ་ཡི་ཚྭ་ཚྭ་དམར་ཐ་ར་ར་འཕྲོ་བ་ཞིག་མཇལ་བར་མོས་གུས་ཀྱིས་གསོལ་བ་བཏབ་པས་སྐད་ཅིག་ལ་དེ་ཉིད་གནས་འགྱུར་ཏེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དུ་གྱུར་པའི་འཁྲིས་སུ་གུ་རུའི་གཟུངས་མ་ཨ་ཙར་ས་ལེས་ཕྱག་གཡོག་གི་ཚུལ་མཛད་པ་ལ། གུས་འདུད་ཀྱིས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས་གཙོ་མོའི་མདུན་དུ་གྲུ་གསུམ་མཐིང་ནག་འབར་བའི་ཕུར་གདན་གཅིག་ལས་ཀོ་མོག་ལ་རྡོ་སྒྱུར་བ་བཞིན་རིམ་པར་ཆེད་དེ་གཙོ་བོའི་ལྷ་གནས་གྲུ་གསུམ་མཐིང་ནག་མུ་ཁྱུད་ཐོད་པའི་ར་བ་ཅན། །དེའི་ཕྱི་རིམ་ལ་སྲས་མཆོག་གི་གནས་འཁོར་ལོ་རྩིབས་བཞི་པ། དེའི་ཕྱི་རིམ་ཕྱོགས་མཚམས་ཀྱི་ཁྲོ་བོའི་གནས་འཁོར་ལོ་རྩིབས་བརྒྱད་པ། སྟེང་གི་གནམ་སྒོ་ལ་ཉི་གདན། གཙོ་བོའི་གདན་གྲུ་གསུམ་གྱི་རྩེ་མོ་ཁྱམས་ལ་ཟུག་པ་ཁོངས་སེང་གི་རྣམ་པ་མདུན་ངོས་སུ་སྒོ་ཡོད་པ་སྟེ་དེ་ལྟར་ལྷ་གནས་རྣམས་གྲུབ་པ་དང་། མཚོ་རྒྱལ་གྱི་ཞལ་ནས་ཕུར་པའི་རྩ་རྒྱུད་གསུངས་པའི་མུར་ཐུགས་ཀ་ནས་ལྷ་གནས་སོ་སོར་གནམ་ལྕགས་ཀྱི་ཕུར་པ་རེ་སྤྲོས་ཏེ་ཡོངས་སུ་གྱུར་པ་ལས། ཆོས་སྐུ་རྩ་བའི་དཀྱིལ་འཁོར། ལོངས་སྐུ་ཁྲོ་བོའི་དཀྱིལ་འཁོར། སྤྲུལ་སྐུ་སྲས་མཆོག་གི་དཀྱིལ་འཁོར་དང་བཅས་པ་བཀྲ་ལམ་གྱིས་ཤར་བའི་ཆོ་འཕྲུལ་མངོན་པར་འདུ་མཛད་དེ་འབུམ་ནག་གི་དཀྱུས་བཞིན་དབང་བཞི་རྫོགས་པར་གནང་བའི་ལས་ཀྱི་རྡོ་རྗེ་ཨ་ཙ་ར་ས་ལེས་མཛད་པ་དེས་སླར་ཡང་སྤྱུགས་གླུའི་སྒྲས་བསྐུལ་མ་ཐག་ནམ་མཁའ་ནས་གློག་འཁྱུགས་པ་ལྟར་ཕུར་སྲུང་དམ་ཅན་ལྕམ་དྲལ་སྒོ་མ་བཞི་དང་བཅས་པ་དཀྱིལ་འཁོར་གྱི་དྲུང་དུ་ལྷགས་ཏེ་འཁོད་པ་ལ་བཀའ་བསྒོས་ཏེ་སྲོག་གཏད་དང་བཅས་པ་སྨིན་རྒྱས་སུ་སྩལ་ཀྱང་ཐུགས་མ་ཚིམས་པ་ལྟར་མཛད་ནས་སླར་གཙོ་མོ་ལ་གསོལ་པ། བདག་ལ་ད་དུང་ཕུར་པ་ཡང་གསང་བླ་མེད་ཀྱི་སྨིན་གྲོལ་བཀའ་དྲིན་བསྐྱང་བར་གསོལ་ཞུས་པས། བཀའ་ལས། རྡོ་རྗེ་ཕུར་པ་འབུམ་ནག་འདི་གུ་རུ་པདྨའི་ཐུགས་ཀྱི་བརྣག་པ་ཁོ་མོ་ལ་གཅིག་བརྒྱུད་མནོག་ཆོས་སྐུ་སྩལ་བ་ལགས་པས། ད་ལན་ཅིས་ཀྱང་འདི་ཉིད་ཁོ་ན་ཞུ་བ་དགོས་གལ་གྱི་གནད་ཆེ་གསུངས་ནས་མན་ངག་སྙན་བརྒྱུད་དུ་གདམས་པའི་འཕྲོ་ལ། རྩ་བའི་དཀྱིལ་འཁོར་གསུམ་མཚོ་རྒྱལ་གྱི་ཐུགས་ཀར་བསྡུས། དམ་ཅན་རྣམས་ས་ལེ་དང་། དེ་ཡང་མཚོ་རྒྱལ་ལ་ཐིམ། མཚོ་རྒྱལ་སྐད་ཅིག་ལ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ལྟེ་བ་ཧཱུྃ་མཐིང་གིས་མཚན་པ་ཧཱུྃ་སྒྲ་འུ་རུ་རུ་འབྲུག་གི་གདངས་བཞིན་གྲགས་པ་ཞིག་ཏུ་གྱུར་ཏེ། དེ་ཡང་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་དམིགས་བསམ་བརྗོད་པ་དང་བྲལ་བ་ངང་ཉིད་རྡོ་རྗེ་ཆོས་ཀྱི་དབྱིངས་སུ་རེ་ཞིག་འབྱམས་ཀླས་པར་གྱུར་ཏོ། །དེ་ལྟ་བུའི་ཉེ་བརྒྱུད་ཁྱད་པར་ཅན་ལ་བརྟེན་ནས་རྗེས་འཇུག་སྐལ་ལྡན་རྣམས་ཀྱིས་བྱང་ཆུབ་སྒྲུབ་པའི་ལམ་བཟང་དུ་སྙན་བརྒྱུད་ཕུར་པའི་མན་ངག་སྟོད་སྨད་ཀྱི་ལས་ཁ་ཚར་ཚང་བ་འབྲེལ་པ་བཞི་ལྡན་གྱི་ཚུལ་དུ་གཏན་ལ་ཕབ་པའི་ཟབ་ཆོས་ཁྱད་པར་དུ་འཕགས་པ་སྟེ། གཞུང་རྩ་བར། ཕུར་པ་ལྕམ་ལུགས་རྒྱལ་པོ་ལུགས། །སྣ་ནམ་ལུགས་དང་ཇོ་མོ་ལུགས། །དབྱེ་བར་གྲགས་པ་མང་ན་ཡང་། །མཚོ་རྒྱལ་ཐུགས་ཀྱི་བརྣག་པའི་ཆོས། །ཁྱད་པར་འཕགས་པའི་འདི་ཁོ་ན། །ཟབ་འདུས་ཚང་བར་གནད་དུ་བསྡུས། །ཞེས་གསུངས་པའི། །རིང་བརྒྱུད་ཀྱི་ཆུ་བོ་འདུས་པ། ཉེ་བརྒྱུད་ཀྱི་དྲོད་ཚད་ལྡན་པ། བཀའ་བབས་ཀྱི་བྱིན་རླབས་ཆེ་བ། ཕྲིན་ལས་ལས་ཀྱི་རྣོ་སོ་མ་རྟུལ་བ་སྟེ། འདི་ནི་ལུས་ཀྱི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྔགས་བཅས་ཀྱིས་གདོང་གཡོགས་འཆིང་ཞིང་མེ་ཏོག་གཏད། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ། བླ་མ་སངས་རྒྱས་རྡོ་རྗེ་འཛིན། །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །རྡོ་རྗེ་གཞོན་ནུའི་རིག་འཛིན་བདག །དབང་བཞི་རྫོགས་པར་མ་ཐོབ་པས། །རྒྱུད་དྲུག་འཁོར་བའི་འདམ་དུ་བྱིང་། །མ་རིག་མུན་པའི་ཀློང་དུ་འཁྱམས། །འཁོར་བའི་སྡུག་བསྔལ་ཆེ་མཐོང་བས། །བླ་མ་སངས་རྒྱས་རྡོ་རྗེ་འཛིན། །གཙོ་བོ་མགོན་ལ་སྐྱབས་སུ་མཆི། །ཤེས་རབ་སྒྲོན་མེའི་འོད་ཟེར་གྱིས། །མ་རིག་མུན་པ་བསལ་བར་ཞུ། །ཐུགས་རྗེ་ཐབས་ཀྱི་ཞགས་པ་ཡིས། །འཁོར་བའི་འདམ་ནས་དྲང་བར་ཞུ། །ལན་གསུམ་གྱི་ལན་དུ་སློབ་དཔོན་གྱིས། ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་ཁྱོད། །གསང་སྔགས་ཐེག་ཆེན་བསྒྲུབ་པ་ལ། །ཟབ་མོའི་དབང་བཞི་རྫོགས་པ་དགོས། །ལྷག་པར་དབང་ལ་དམ་ཚིག་གཅེས། །དབང་ཐོབ་དམ་ཚིག་མ་ལྡན་ན། །རང་སྲོག་རང་གིས་གཅོད་པ་ཡིན། །བསྐལ་པ་འབུམ་དུ་མནར་མེད་ལྟུང་། །དེ་ཕྱིར་དམ་ཚིག་བསྲུང་ནུས་སམ། །ཞེས་དྲིས་པའི་ལན་དུ་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས། ཧཱུྃ། བླ་མ་སངས་རྒྱས་རྡོ་རྗེ་འཛིན། །སྐུ་གསུང་ཐུགས་ཀྱི་དམ་ཚིག་འདི། །སྲོག་གི་ཕྱིར་ཡང་མི་གཏོང་བར། །བདག་ནི་དམ་ཚིག་ངེས་པར་བསྲུང་། །ཞེས་ཞུ། རྒྱུད་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དམ་ཚིག་གི་མནའ་ཆུ་ལྕེ་ལ་བཞག་སྟེ། ཧོཿ འདི་ནི་ཕྱག་རྒྱ་རྡོ་རྗེ་ཡིས། །བྱིན་གྱིས་བརླབས་པའི་དམ་ཚིག་ཆུ། །དམ་བསྲུང་དངོས་གྲུབ་རྣམ་གཉིས་ཐོབ། །ཉམས་ན་དམྱལ་བར་ལྟུང་ཏ་རེ། །དེ་ཕྱིར་དམ་ཚིག་མ་ཉམས་སྲུངས། །རྡོ་རྗེ་བྲོ་བོར་བ་འདིའི་རྗེས་ཟློས། །བཛྲ་ས་མ་ཡ་ན་ར་ཀན། དེ་ནས། ལྷ་དང་སྐལ་བ་མཉམ་པའི་ཕྱིར་ཕྱི་ལྟར་འཇུག་པ་འདིའི་རྗེས་ཟློས། ཧོཿ སྲིད་ཞིར་མི་གནས་ཕོ་བྲང་ཆེར། །འཇུག་པའི་སྒོ་ནི་ཚད་མེད་བཞི། །རྣམ་པར་ཕྱེ་ལ་ཡེ་ཤེས་ཀྱི། །དཀྱིལ་འཁོར་ཆེན་པོར་བདག་འཇུག་འཚལ། །ལན་གསུམ། ལས་ཀྱི་རྡོ་རྗེས་ཨཱ་ཁཾ་བི་ར་ཧཱུྃ་ཞེས་བརྗོད་དེ་སྙིང་རྗེ་ཆེན་པོའི་སྒོ་ནས་རིམ་པར་ཁྲིད་པར་མོས་ལ་སྒོ་སོ་སོར་སྐུ་གསུང་ཐུགས་ཕྱག་བྱེད་པར་བསམ་ཞིང་ཐལ་མོ་གནས་གསུམ་དུ་སྦྱར་བ་དང་བསྟུན་འདིའི་རྗེས་ཟློས། ༀ་ན་མ་ཏེ་ཧཱུྃ། ༀ་ན་མ་མེ་ཧཱུྃ། ༀ་ན་མོ་ན་མ་ཧཱུྃ། ལན་བཞི། ནང་ལྟར་འཇུག་པ་ཡེ་ཤེས་པ་དབབ་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། །ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པའི། །སྐུ་ཡི་དབྱིག་ཏུ་སྲས་བསྐྱེད་ཅིག །ལན་གསུམ། དབང་གི་གཞི་དགོད་པ་ལ་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་ལྟར་དུ་མཛོད། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་པདྨ་འདབ་བརྒྱད་ལ་འཁོད་པས། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་བྱུང་། སློབ་མའི་རྣམ་སྨིན་གྱི་ལུས་རྟེན་སྦྱངས། རྣམ་པར་ཤེས་པ་ཧཱུྃ་ཡིག་ཏུ་གྱུར་པ་ཡབ་ཀྱི་ཞལ་ནས་དྲངས། ཡབ་ཡུམ་སྙོམས་པར་ཞུགས་པའི་རྗེས་ཆགས་ཞུ་བདེའི་ཐིག་ལེར་གྱུར་པ་ཡུམ་གྱི་མཁའ་གསང་དུ་བབས་གཙོ་བོའི་རྣམ་པ་གཉིས་པའི་སྲས་སུ་སྨིན་པ་སྔར་གྱི་དབང་སྟེགས་ལ་བཞུགས་པའི་གནས་གསུམ་དུ་ཕྱག་མཚན་གསུམ་ལ་གནས་པའི་ཡི་གེ་ༀ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་རྣམ་པས་དམ་ཚིག་པ་དང་རོ་གཅིག་ཏུ་གྱུར་པར་མོས་ཤིག །སྤོས་རོལ་དབྱངས་བཅས། ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཧོཿ སོགས་ལས་བྱང་གི་བྱིན་འབེབས་མཐར་སྔགས་དྲག་ཏུ་བརྗོད་ལ་དབབ། ཕེབས་རྟགས་བྱུང་ན་རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱ། མེ་ཏོག་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་དོར་མཛོད། ཧོཿ སྨོན་པའི་ཡིད་ཀྱིས་རབ་བཟུང་བའི། །འཇུག་པའི་མེ་ཏོག་ཨུ་དུམ་ཝཱར། །ལྷག་པའི་ལྷ་ལ་དེང་འབུལ་ན། །བྱང་ཆུབ་བར་དུ་མི་འབྲལ་ཤོག །པུཥྤེ་སིདྡྷི་ཧོཿ ཞེས་དོར། ལྷག་ལྷ་སྤྱི་བོར་ཐིམ་པར་ཤོག །མེ་ཏོག་སྤྱི་བོར་བཞག་སྟེ། པྲ་ཏི་གྷྲྀ་ཧ་ན་ༀ་མཾ་སཏྭ་མ་ཧཱ་བཱ་ལ། གསེར་ཐུར་ཐོགས་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྙཱ་ན་ཚཀྵུཿཔྲ་བེ་ཤ་ཡ་ཕཊ། གདོང་གཡོགས་བསལ། ཧཱུྃ། ཉོན་ཅིག་ཤེས་ལྡན་རིགས་ཀྱི་བུ། །གསང་བའི་དཀྱིལ་འཁོར་ཁྱོད་ལ་བསྟན། །དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །མོས་དང་གུས་པ་སྐྱེ་བར་གྱིས། །ཞེས་མཐོང་བ་བསྟན། དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་ནས་དངོས་གཞིའི་དབང་བསྐུར་ཞུ་བའི་སླད་དུ་མཎྜལ་ཕུལ། ཁྱད་པར་ཅན་གྱི་དོན་ཐོག་མར་བུམ་དབང་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ། ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ལན་གསུམ། སློབ་དཔོན་དཀྱིལ་འཁོར་པའི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་རྣམ་པར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨརྒྷཾ་སོགས་ཀྱི་མཆོད། ནམ་མཁའ་གང་བའི་དབང་ལྷ་རྣམས་དང་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་ཐོགས་ལ། ཧཱུྃ། བརྡལ་ཁྱབ་སྤྲོས་བྲལ་བུམ་པ་རུ། །རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་རྫོགས། །ཐུགས་རྗེ་ཡེ་ཤེས་བདུད་རྩི་འཁྱིལ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །སྐུ་མཆོག་འགྱུར་མེད་དབང་ཐོབ་ཤོག །ༀ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར། བི་ཛ་ཡ། ནི་ལ་དཎྜ། ཡ་མནྟ་ཀཱ། ཨཱརྱ་ཨ་ཙ་ལ། ཧྱ་གྲཱྀ་ཝ། ཨ་པ་རཱ་ཛི་ཏ། ཨ་མྲྀ་ཏ་ཀུནྜ་ལི། ཏྲཻ་ལོཀྱ་བི་ཛ་ཡ། མ་ཧཱ་བ་ལ་ཧཱུྃ། མ་ཧཱ་མཎྜ་ལ་ཨ་བྷི་ཛྙཱ་ན་ཨ་བྷི་ཙཱརྱ་ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ༀ། ཞེས་བརྗོད་ལ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། དེ་ལྟར་དབང་བསྐུར་བས་སྐུའི་ཆ་ཐམས་ཅད་བདུད་རྩིའི་ཆུ་རྒྱུན་གྱིས་གང་། ཆུའི་ལྷག་མ་ཡར་ལུད་པ་ལས་ཁྲག་འཐུང་རིགས་ལྔས་དབུ་བརྒྱན། དབང་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །དེའི་རྗེས་འབྲེལ་རྡོ་རྗེ་སློབ་དཔོན་གྱི་དབང་འདི་ལ་གསན་པས་ཁྱབ་སྟེ། ཧཱུྃ། དཀྱིལ་འཁོར་ཆེན་པོ་ཁྱོད་སྒོམས་ཤིག །དཀྱིལ་འཁོར་ཆེན་པོ་ཁྱོད་བྲིས་ཤིག །ཟས་དང་ནོར་གྱི་ཕྱིར་མ་བྱེད། །བྱང་ཆུབ་རྩི་ཡིས་ཟིན་པར་མཛོད། །བཀའ་བརྒྱུད་དྲི་མ་མེད་པ་ལ། །ཐོས་པ་བསམ་པ་བསྒོམ་པ་གསུམ། །ཚུལ་བཞིན་བུ་ཡིས་ཡང་དག་གྱིས། །ཞེས་དང་། འདིར་སྤྲོ་ན་ཕུར་པའི་རྒྱུད་རྩ་དུམ་ཚར་གཅིག་བཀླག །བཟླས་ལུང་སྦྱིན་པ་ནི། ཧཱུྃ། ལྷ་ཉིད་སྔགས་ལ་སྔགས་ཉིད་ལྷ། །སྔགས་དང་ལྷ་རུ་གཉིས་སུ་མེད། །ཡེ་ཤེས་ལྷ་ཡི་ཐུགས་དཀྱིལ་ན། །རང་རང་ཐུགས་ཀྱི་སྙིང་པོ་གནས། །དེ་ཕྱིར་ཁྱོད་ཀྱང་དེ་ཉིད་ཟློས། །སྙིང་པོ་འབྲུ་བཅུ་བདུན་པ་དང་། བཞི་སྙིང་གཅིག་དྲིལ། སྤུ་གྲིའི་དྲག་སྔགས་རྣམས་ཚར་རེ་རྗེས་ཟློས་བྱར་གཞུག །དེས་མཚན་མ་སྤྲུལ་པའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་ལས་གསུམ་དག ། གཟུགས་སུ་རྣམ་པར་རྟོག་པ་དང་རྩའི་ཁམས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྦྱངས། སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བསྐྱེད་རིམ་དམ་ཚིག་གི་ཕྱག་རྒྱ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་གསང་དབང་གི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །སྐུ་གསུམ་དབྱེར་མེད་སྒྲུབ་པ་ཡི། །དེ་ཕྱིར་གསང་བའི་དབང་བསྐུར་འདི། །ཡོངས་སུ་རྫོགས་པ་བསྐུར་བར་ཞུ། །ལན་གསུམ། བདེ་སྐྱོང་གི་སྣོད་དུ་བླ་མ་དཔལ་ཆེན་པོ་ཡབ་ཡུམ་སྙོམས་འཇུག་མཛད་པའི་བདེ་བའི་སྒྲས་སངས་རྒྱས་སྲས་བཅས་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས། བྱང་སེམས་དཀར་དམར་རོ་གཅིག་ཏུ་འདྲེས་པའི་རྒྱུན་ཐོད་པའི་བདུད་རྩི་དང་དབྱེར་མེད་པ་དེ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། བྷནྡྷ་ཐོགས་ལ། ཧཱུྃ། ཕྱི་ནི་རང་བྱུང་ཀ་པཱ་ལ། །ནང་ན་ཡེ་ཤེས་བདུད་རྩི་འཁྱིལ། །སྐལ་ལྡན་བུ་ལ་བྱིན་པ་ཡིས། །གསང་དབང་ཡོངས་སུ་རྫོགས་ཐོབ་ཤོག །སྔགས་མཐར་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་སྦྱིན། བྱང་སེམས་བདུད་རྩིའ་ིརྒྱུན་གྱིས་རྩ་གནས་ཐམས་ཅད་གང་བས་རྩའི་འཆིང་བྱེད་ཀྱི་མདུད་པ་གྲོལ། གཟུང་འཛིན་བརྒྱད་བཅུའི་རྟོག་པ་འགག །བདེ་བའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་པ་མཛོད། དེའི་རྗེས་འབྲེལ་དུ་ཁྱེད་རང་རྣམས་བདེ་སྟོང་ཕྱག་རྒྱ་ཆེན་པོ་དཔལ་ཆེན་བཛྲ་ཀུ་མཱ་རའི་ངོ་བོར་རྫོགས་པ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྫས་དང་ཡོ་བྱད་རྣམས་ཀྱིས་མངའ་གསོལ་བར་མོས་ཤིག །ཆས་དང་ཡོ་བྱད་རྣམས་ཐོགས་ལ། ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །དབུ་རྒྱན་དོ་ཤལ་རིགས་ལྔ་སྟེ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་འདི། །སློབ་དཔོན་རྟག་ཏུ་བཟུང་བར་བྱ། །ཐོད་པའི་རྔ་བརྡུང་མི་རྐང་གླིང་། །མི་བཟད་དྲུག་གི་ཕུར་པས་གདབ། །རྟོག་མེད་ཆེན་པོའི་རང་བཞིན་གྱིས། །ཤ་ལྔ་བདུད་རྩི་ལྔ་ལ་རོལ། །ཨ་ལ་ལ་ཧོ་དགྱེས་ཆེན་པོ། །རང་བཞིན་རྣམ་དག་ངེས་པར་རོལ། །ཁྱོད་ལ་དབང་བཞི་རྫོགས་བསྐུར་གྱིས། །གསང་སྤྱོད་ཚུལ་དང་ལྡན་པར་གྱིས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱི་དནྜཱ་ཧཱུྃ་ཕཊ། དེ་ལྟར་ཀཱི་ལ་ཡ་འོག་མ་ཀུན་ལ་སྦྱར་ཏེ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། ཛཿཧཱུྃ་བྃ་ཧོ་ཤཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ། ད་ཧ་ཡ་ད་ཧ་ཡ་ཧཱུྃ་ཕཊ། བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊཿ ཞེས་བསྐུར། དེས་གདན་གསུམ་སྐུའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་ལས་རྣམ་པ་བཞི་དག །སྒྲ་ཚིག་རང་མཚན་དུ་འཛིན་པ་དང་རླུང་བཅུ་དག་པར་སྦྱངས། གསུང་རྡོ་རྗེའི་བྱིན་རླབས་ཞུགས། རྫོགས་རིམ་ཆོས་ཀྱི་ཕྱག་རྒྱ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་དབང་གསུམ་པའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །སྐུ་གསུམ་དབྱེར་མེད་སྒྲུབ་པ་ཡིན། །དེ་ཕྱིར་ཤེས་རབ་ཡེ་ཤེས་ཀྱི། །དབང་འདི་རྫོགས་པར་བསྐུར་དུ་གསོལ། །ལན་གསུམ། ཁྱེད་རང་རྣམས་དཔལ་ཆེན་པོ་སྣང་སྟོང་སྒྱུ་མ་ལྟ་བུར་གསལ་བ་ལ། སློབ་དཔོན་གྱིས་ཡུམ་འཁོར་ལོ་རྒྱས་འདེབས་མ་ལས་རིགས་མཐུན་གྱི་ཕྱག་རྒྱ་མ་གཟུགས་དང་ལང་ཚོ་མཚན་ཉིད་ཕུན་སུམ་ཚོགས་པ་ཞིག་རྣམ་པར་སྤྲོས་ཏེ་གཏད་པར་མོས་ཤིག །རིག་མའི་གཟུགས་བརྙན་ཐོགས་ལ། ཧཱུྃ། བདེ་ཆེན་ཡེ་ཤེས་སྟོང་པའི་གཟུགས། །ཤེས་རབ་མཆོག་གི་ཕོ་ཉ་མོ། །བཞིན་མཛེས་བཅུ་དྲུག་ལང་ཚོ་ལྡན། །སྐལ་ལྡན་བུ་ལ་གཏད་པ་ཡིས། །དབབ་བཟུང་འདྲེན་དགྲམ་བརྟན་ཐོབ་ནས། །མ་དག་རླུང་ལྔ་དབྱིངས་སུ་འཇིག །ཕྱི་ནང་གཞན་གསུམ་རྣམ་དག་ཅིང་། །དག་རྫོགས་སྨིན་གསུམ་མཐར་སོན་ནས། །འབྲས་བུ་སྐུ་དང་ཡེ་ཤེས་དཔལ། །མི་སློབ་ལམ་གྱི་འབྲས་ཐོབ་ཤོག །སྔགས་མཐར། མ་ཧཱ་ཛྙཱ་ན་སུ་ཁ་པྲཛྙཱ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གཏད། ལྷ་མོ་དེས་ཀྱང་ས་མ་ཡ་ཧོ་ཞེས་ཐར་པ་བསྟེན་པར་བསྐུལ་བས་ཡབ་ཀྱིས་ས་མ་ཡ་སྟྭཾ་ཅེས་དགྱེས་པ་ཆེན་པོས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏིཔྟ་ཙཀྲ་ར་ཧོ་ཧཾ། རཱ་ག་ཡ་མི། ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་འདུ་ཤེས་གསུམ་ལྡན་གྱི་རོལ་པས་རྗེས་ཆགས་བདེ་ཆེན་གྱི་ཡེ་ཤེས་ཆེས་ཆེར་འབར་བས་གཉིས་སྣང་གི་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་སྟེ་བྱང་སེམས་བདུད་རྩིའི་དྭངས་མ་དབབ་ལྡོག་གི་སྦྱོར་བར་དྲངས་པའི་དཔེའི་ཡེ་ཤེས་ཉམས་སུ་མྱོང་བ་ལ་སྨྲར་མི་བཏུབ་པ་གསལ་ལ་ངོས་བཟུང་དང་བྲལ་བ་དཔེ་དིག་མས་བུ་རམ་མྱང་བ་ལྟ་བུ་སངས་རྒྱས་ཀྱི་དགོངས་པ་ཉོན་མོངས་པ་རང་སར་གྲོལ་བ་ཞིག་འབྱུང་བ་དེ་ངོས་ཟུངས་ལ་མཉམ་པར་ཞོག་ཅིག །ཅེས་དར་གཅིག་བསྐྱང་། དེས་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་ལས་གསུམ་དག །ཡིད་དང་ཆོས་སུ་རྟོག་པ་ལས་བྱུང་བའི་རྣམ་ཤེས་ཚོགས་བདུན་དང་། རང་བཞིན་བརྒྱད་ཅུའི་རྟོགས་པ་སྦྱངས། ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཟུང་འཇུག་ལས་ཀྱི་ཕྱག་རྒྱ་བརྟེན་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་དབང་བཞི་པའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །སྐུ་གསུམ་དབྱེར་མེད་སྒྲུབ་པ་ཡིན། །ཐམས་ཅད་སེམས་སུ་འདུག་པ་ལ། །སེམས་ལ་རང་དབང་མ་ཐོབ་ན། །འབྲས་བུ་སྨིན་པར་ག་ལ་འགྱུར། །ཆོས་སྐུར་ངོ་སྤྲོད་དབང་བསྐུར་ཞུ། །ལན་གསུམ། ཁྱེད་རང་རྣམས་སྒོ་གསུམ་མ་བཅོས་རང་བབས་སུ་ལྷོད་ཀྱིས་ཀློད་ལ་རིག་པ་སྐྱེ་འགག་གནས་གསུམ་དང་བྲལ་བའི་གཤིས་ལུགས་སྨྲ་བསམ་བརྗོད་བྲལ་གྱི་ངང་དུ་མཉམ་པར་ཞོག་མཛོད། མེ་ལོང་བསྟན་ལ། ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སེམས་ཀྱི་རང་བཞིན་འདི་ལྟ་སྟེ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །དེའང་རང་སེམས་སྟོང་གསལ་གྱི་དོན་ནི་མཚོན་བྱེད་མེ་ལོང་དྭངས་པ་ལ་གཟུགས་བརྙན་སྣ་ཚོགས་སུ་ཤར་བ་བཞིན་ཆོས་ཉིད་སྤྲོས་པ་དང་བྲལ་བའི་རང་བཞིན་མ་འགག་པར་ཐུགས་རྗེའི་རང་རྩལ་ཅིར་ཡང་འཆར་བའི་ངོ་བོ་སྐུ་གསུམ་དབྱེར་མེད་བློ་འདས་རྫོགས་པ་ཆེན་པོ་ནི་དཔལ་རྡོ་རྗེ་གཞོན་ནུའི་དགོངས་པ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཏེ་ཚིག་གིས་མཚོན་དུ་མེད་པས་བརྡས་མཚོན་ཏེ་བསྟན་པ་ཡིན་ནོ། །དེས་རྣམ་ཐར་སྒོ་གསུམ་གྱི་དཀྱིལ་འཁོར་དུ་རང་བཞིན་རྫོགས་པ་ཆེན་པོའི་དབང་ཐོབ། དཔེ་དོན་འབྲེལ་བའི་ཆོས་ཉིད་ཉམས་སུ་མྱོང་། ཀུན་གཞི་དང་ཤེས་བྱའི་སྒྲིབ་པ་དག །མཐོང་ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་ཕུར་སྲུང་དམ་ཅན་ལྕམ་དྲལ་རྣམས་བྲན་དང་འབངས་སུ་གཏད་པ་ཡིན་ཏེ། དམ་ཅན་གྱི་གཏོར་མ་རྣམ་ལ་དམིགས་ཏེ་བདེན་སྟོབས་སྔོན་དུ་འགྲོ་བས། ཕུར་སྲུང་དམ་ཅན་བཅུ་དྲུག་སྤྲུལ་འཁོར་དང་བཅས་པ་རྟེན་འདི་རྣམས་ལ་ཐིམ་པར་གྱུར་ཅིག །ཛཿཧཱུྃ་བཾ་ཧོཿ ཞེས་སྤྱུགས་གླུ་དང་བཅས་བཀུག་ཅིང་གུ་གུལ་དང་ཤ་ཆེན་བདུག །ཡུངས་དཀར་ལ་བཞི་སྙིང་གཅིག་དྲིལ་བཟླས་པ་འཐོར་བས་གཟི་བྱིན་བསྐྱེད་དེ། གཏོར་མ་རྣམས་ལག་ཏུ་གཏད་ཅིང་། ཕྲིན་ལས་མྱུར་མགྱོགས་ཀྱི་བདག་པོ་ཕུར་སྲུང་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་སྔོན་ཚེ་བལ་ཡུལ་ཡང་ལེ་ཤོད་དུ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བཀའ་དང་དམ་ལ་བཞག །རྡོ་རྗེ་ཕུར་པའི་སྲུང་མར་དབང་བསྐུར། སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ནས་ཇི་ལྟར་ཁས་བླངས་པའི་དམ་ཚིག་གཉན་པོ་དྲན་པར་མཛོད་ལ་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། ཁྱད་པར་ཉམས་པ་བདུན་ལྡན་གྱི་དགྲ་བགེགས་རྣམས་ལྟས་དང་ཆོ་འཕྲུལ་སྣ་ཚོགས་ཀྱིས་དཔའ་བཀོངས་ཏེ་དྲག་ཤུལ་གྱི་ལས་ཐོགས་མེད་དུ་སྒྲུབ་པར་མཛོད་ཅིག །ཅེས་བསྐུར། དེ་ལྟར་དབང་རྣམས་ཡོངས་སུ་རྫོགས་པ་ཐོབ་པ་ལ། ནམ་མཁའ་གང་བའི་སངས་རྒྱས་དཀྱིལ་འཁོར་གྱི་ལྷ་དང་བཅས་པས་ཤིས་པ་བརྗོད་པའི་དབྱངས་སྙན་སྒྲོགས་བཞིན་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དབང་དོན་གྱི་ཡེ་ཤེས་བརྟན་པར་བྱས་པའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་ཤིས་བརྗོད་རྒྱས་པར་སྤེལ་ལོ། །གསུམ་པ་ནི། དེ་ལྟ་ན་དབྱིངས་ཕྱུག་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱི་ཐུགས་དམ་གསང་བའི་ལྷ་མཆོག་རྡོ་རྗེ་ཕུར་པ་འབུམ་ནག་ལུགས་ཀྱི་དབང་བསྐུར་ཟབ་མོ་ལེགས་པར་ཕུལ་གྲུབ་པ་ལགས་པས། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ལ་རག་ལས་ཏེ། ཇི་སྐད་དུ། རྒྱུད་མྱང་འདས་ལས། ས་གཞི་ཆེན་པོ་དང་འདྲ་སྟེ་ཀུན་གྱི་རྟེན། ཡིད་བཞིན་ནོར་བུ་དང་འདྲ་སྟེ་འདོད་པ་བསྐང་། གཅན་གཟན་སེང་གེ་དང་འདྲ་སྟེ་ཟིལ་གྱིས་གནོན་པས་སྤྱིའི་དམ་ཚིག་དེ་དག་བསྲུང་བར་བྱ། ཞེས་གསུངས་པས་ཐུན་མོང་སྤྱིའི་དམ་ཚིག་རྩ་བ་གསུམ་དང་ཡན་ལག་ཉེར་ལྔའི་སྟེང་དུ། སྒྲུབ་པ་ཁྱད་པར་གྱི་དམ་ཚིག་ཉི་ཤུ། སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི། ལྟ་བ་གལ་མདོའི་དམ་ཚིག་ལ། མ་ཁྲེལ་བ་བཞི། ཉམས་པ་བཞི། མཐར་ཕྱིན་པའི་རྟགས་བཞི། ཉམས་པའི་རྒྱུ་བཞི། ཉམས་པ་བསྐང་ཚུལ་དང་བཅས་པ་ཕུར་པ་གསང་རྒྱུད་ནས་བསྟན་པ་ལྟར་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་གི་མཎྜལ་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་བཏང་། སློབ་དཔོན་གྱིས་ཚོགས་ལ་རོལ་པ་སོགས་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ལས་བྱང་དུག་ཕུར་ནག་པོ་བཞིན་མཐར་དབྱུང་བས་འགྲུབ་བོ། །བདག་རྒྱུད་ཡོན་ཏན་བརྒྱད་ཀྱིས་རིང་བཏང་བས། །ཆོས་ལ་དབང་ཟ་ཉེས་པའི་ཚོགས་ཅི་མཆིས། །བླ་མ་དཀྱིལ་འཁོར་ལྷ་ཡི་སྤྱན་སྔར་འཆགས། །བརྩེ་བས་བཟོད་མཛོད་མི་སྒྲིབ་དག་ཚངས་སྩོལ། །འདིར་འབད་དགེ་བས་འཁོར་བའི་རྦ་ཀློང་དུ། །དབང་མེད་བྱིངས་པའི་ཉམ་ཐག་སྲིད་གསུམ་འགྲོ། །མ་ལུས་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་བའི། །མི་གནས་སྐུ་ལྔའི་གཏན་སྲིད་ཟིན་གྱུར་ཅིག །ཅེས་ཕུར་པའི་འགྲེལ་བཤད་འབུམ་ནག་ལུགས་ཀྱི་དབང་བསྐུར་མདོར་བསྡུས་སུ་བསྡེབས་པ་འདིའང་། སངས་རྒྱས་པདྨའི་དོན་གྱི་རྒྱལ་ཚབ་མཚུངས་མེད་རིགས་ཀྱི་བདག་པོ་བདུད་འཇོམས་འགྲོ་འདུལ་གླིང་པའི་བཀའ་སྩལ་སྤྱི་བོར་བླངས་ཏེ་རྗེ་བཙུན་ཆེན་པོ་པདྨ་ལས་འབྲེལ་རྩལ་གྱི་བཀའ་འབངས་སུ་གྱུར་པའི་རྣལ་འབྱོར་རྒྱལ་ཁམས་སྤྱོད་པ་ཁྲོ་རྒྱལ་རྡོ་རྗེས་དོག་བདེ་ཕུའི་གུ་རུའི་སྒྲུབ་གནས་པདྨའི་དགའ་ཚལ་དུ་སྦྱར་བ་འདི་དགེ་ལེགས་སུ་གྱུར་ཅིག །དགེའོ། །བཀྲ་ཤིས།། །།