མཚོ་རྒྱལ་སྙན་བརྒྱུད་ཕུར་པའི་བདག་བསྐྱེད་ཉུང་ངུར་བསྡུས་པ་རིག་འཛིན་ལམ་གྱི་རྣལ་འབྱོར། པདྨ་ལས་འབྲེལ་རྩལ།

མཚོ་རྒྱལ་སྙན་བརྒྱུད་ཕུར་པའི་བདག་བསྐྱེད་ཉུང་ངུར་བསྡུས་པ་རིག་འཛིན་ལམ་གྱི་རྣལ་འབྱོར་ཞེས་བྱ་བ་བཞུགས་སོ། །ཤྲཱི་བཛྲ་ཀུ་མཱ་ར་ན་མོ། འདིར་རྡོ་རྗེ་ཕུར་པའི་ཉམས་ལེན་རྒྱུན་ཁྱེར་གྱི་རིམ་པ་ཅུང་ཟད་འགོད་པ་ལ། དང་པོ་ལྕགས་སམ་དྲག་པོའི་ཤིང་གི་ཕུར་པ་སོར་བཅུ་གཉིས་པ་ཞིག་རྟེན་དུ་བཙུགས་ནས། སྐྱབས་སེམས་ནི། ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །འཁོར་ལོ་ཁྲོ་བོ་ཁྲོ་མོ་སྟེ། །སྲིད་པ་རྡོ་རྗེ་ཕུར་པའི་ལྷར། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། ངང་ཉིད་ཡེ་ནས་སངས་རྒྱས་ལ། །སྣ་ཚོགས་སེམས་ཀྱི་རྣམ་འཕྲུལ་ཙམ། །སྐྱེ་མེད་འགགས་མེད་སྤྲོས་པ་བྲལ། །ཐབས་ཤེས་བྱང་ཆུབ་སེམས་མཆོག་བསྐྱེད། །ཚོགས་བསགས་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས། བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་གྱིས། །བླ་མེད་བྱང་ཆུབ་བསྒྲུབ་པ་ལ། །ལས་དང་འཕྲལ་རྐྱེན་གྱུར་པའི་བགེགས། །འདོད་ཡོན་གཏོར་མས་ཚིམ་གྱིས་ལ། །ཞི་དང་བྱམས་པའི་སེམས་ཀྱིས་སུ། །གནས་འདིར་མ་འདུག་གཞན་དུ་དེངས། །གལ་ཏེ་མི་འགྲོ་འཚེ་བྱེད་ན། །ཁྲོ་བོ་འབར་བའི་སྤྲིན་ཆེན་པོས། །རྡུལ་དུ་བརླག་པར་གདོན་མི་ཟ། །རྩ་སྔགས་མཐར་ཧཱུྃ་བཞི་བརྗོད། མཚམས་གཅོད་པ་ནི། ཧཱུྃ། ཁྲོ་བོ་རྡོ་རྗེ་གནོད་མཛེས་ཀྱིས། །ཧཱུྃ་ཀཱ་ར་ལ་བཀའ་སྩལ་ཏེ། །ཕྱོགས་བཅུ་ཁྲོ་བོ་གདན་བཤམས་བསྒོས། །དེས་ཀྱང་འདོད་པའི་རྒྱལ་པོ་བསྐུལ། །ཐུགས་ལས་མ་སྤྲོས་ཉི་གདན་བཅུར། །ཕྱོགས་སྐྱོང་བཅུ་པོ་བཀུག་ནས་བསྒྱེལ། །ཧཱུྃ། ཉི་མའི་དཀྱིལ་འཁོར་དབུས་བྱས་ནས། །དབྱར་གྱི་ཆར་སྤྲིན་ལྟ་བུའི་མདོག །འབར་བའི་མེ་དཔུང་བཞིན་དུ་གཏིབས། །བགེགས་ཀྱི་ཚོགས་ལ་ཕུར་བུས་ཐོབ། །ནམ་ཡང་གཡོ་འགུལ་མེད་པར་བསམ། །བཛྲ་ཀྲོ་ཏ་རཀྵ་རཀྵ། མཚམས་གཅོད་རྗེས་སུ་བརྡ་སྒོ་དབྱེ་བ་ནི། བྷྲཱུྃ། བདག་དང་དཀྱིལ་འཁོར་ལྷ་ཚོགས་གཉིས། །གདོད་ནས་གཉིས་སུ་མེད་པ་ལ། །མ་རིག་འཁྲུལ་པས་བཅིང་བ་ཡི། །ལོག་རྟོག་མཚན་མའི་སྤྲིན་གྱིས་བསྒྲིབས། །དཀྱིལ་འཁོར་ཞལ་ཡང་མ་མཐོང་བས། །བདག་འཇུག་བརྡ་སྒོ་དབྱེ་རུ་གསོལ། །དེ་ནས་བརྡ་ཕྱག་འཚལ་བ་ནི། ཧཱུྃ། ཆོས་སྐུ་རྩ་བའི་དཀྱིལ་འཁོར་དང་། །ལོངས་སྐུ་ཕྱོགས་བཅུའི་ཁྲོ་རྒྱལ་དང་། །སྤྲུལ་སྐུ་སྲས་མཆོག་ཀཱི་ལ་ཡ། །རྣམ་གསུམ་འབར་བའི་དཀྱིལ་འཁོར་གྱི། །ཤིན་ཏུ་ངོ་མཚར་ཆེ་བའི་ལྷར། །བརྡ་དང་གར་གྱིས་ཕྱག་འཚལ་ལོ། །ༀ་ཤྲཱི་བཛྲ་ཀུ་མཱ་ར་ཛྙཱ་ན་མ་ཧཱ་མཎྜ་ལ་སརྦ་དེ་ཝ་ཨ་ཀཱ་རོ་མ་མི་ན་མོ། དེ་ནས་མཁོན་བཅུག་སྦྱང་བ་ནི། ཧཱུྃ། བྱིན་གྱིས་རློབས་པའི་བླ་མ་དང་། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །ཐུགས་རྗེས་བརྩེ་བའི་བདེ་བར་གཤེགས། །ལེགས་ཉེས་སྟངས་འཛིན་མཁའ་འགྲོ་མ། །ཀུན་ནས་བདག་ལ་དགོངས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མ་རིག་འཁྲུལ་པས་བདག་ནོན་ཏེ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པ་རྣམས། །ཉམས་ཤིང་ཞིག་རལ་ཅི་མཆིས་པ། །ལྟ་བ་སེང་གེ་ང་རོས་བཤགས། །བསྒོམ་པ་ཏིང་འཛིན་མེས་བསྲེགས་ཏེ། །སྤྱོད་པ་གླང་ཆེན་ཆུར་བཀྲུས་ནས། །གདུང་བའི་དབྱངས་དང་བཅས་ཏེ་བཤགས། །ཡི་གེ་བརྒྱ་པ་བརྗོད། དེ་ནས་བྱིན་དབབ་པ་ནི། ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཨ་ལ་ལ་ཧོཿ ཧཱུྃ། བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །སྒྲུབ་མཆོག་བདག་ལ་དབང་ཅིག་བསྐུར། །གནས་མཆོག་འདི་རུ་བྱིན་ཅིག་ཕོབ །རྩ་སྔགས་དང་། ཨ་ཝེ་ཤ་ཡ་ཕེཾ་ཕེཾ་ས་མ་ཡ་ཛ་ཛཿ དེ་ནས་སྨན་གཏོར་རཀྟ་ལ། རྃ་ལས་མེ་འབར་ཉེས་སྐྱོན་བསྲེགས། །ཡྃ་ལས་རླུང་བྱུང་ཐལ་བ་གཏོར། །ཁྃ་ལས་ཆུ་བྱུང་སྦྱང་བྱས་ནས། །སླར་ཡང་འབྲུ་གསུམ་སྤྲོ་བསྡུ་ལས། །ༀ་དཀར་བདུད་རྩིའི་རྒྱ་མཚོར་གྱུར། །ཨཱཿདམར་རཀྟ་རྦ་ཀློང་འཁྲུགས། །ཧཱུྃ་མཐིང་གཏོར་མ་འདོད་ཡོན་རྫས། །ཀུན་བཟང་མཆོད་སྤྲིན་ཕུང་པོར་གྱུར། །ༀ་ཨཱཿཧཱུྃ་ལན་གསུམ། ༀ་ཨརྒྷཾ་ནས། ཤཔྡའི་བར་དང་། རཱུ་པ་ཤཔྡ་གྷནྡྷེ་ར་ས་སྤཪྴེ་ཨཱཿ་ཧཱུྃ། དེས་ནི་སྦྱོར་བའི་ཆོས་རྣམས་སོ། །གཉིས་པ་དངོས་གཞིའི་ཏིང་ངེ་འཛིན་གྱིས་སྣང་སྲིད་ཕུར་པའི་དཀྱིལ་འཁོར་དུ་བསྒོམ་པ་ནི། ཧཱུྃ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིགས་པར་ཤར། །སྲོག་གི་སྒོ་རུ་ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །སྲོག་ནི་རྒྱུ་ཡི་ཏིང་འཛིན་ཧཱུྃ། །སྤ་ར་ཎ་ཧཱུྃ། སྃ་ཧ་ར་ཎ་ཧཱུྃ། ཧཱུྃ་ལས་ཨེ་ཡྃ་ར་སུྃ་ཀྃ། །འབར་བའི་ཚྭ་ཚྭ་འཁྲུག་པ་སྤྲོས། །འབྱུང་བ་ཕུང་པོ་ཉོན་མོངས་ལྔ། །ཐམས་ཅད་ཆོས་ཉིད་སྟོང་པར་སྦྱང་། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །ཨེ་ལས་མཐིང་ནག་ནམ་མཁའི་དབྱིངས། །ཐམས་ཅད་འདེགས་པའི་ཤུགས་དང་ལྡན། །ཡྃ་ལས་རླུང་དཀྱིལ་རྒྱ་གྲམ་ལྗང་། །ར་ལས་ཁྲག་མཚོ་རྦ་རླབས་འཁྲུགས། །སུྃ་ལས་གསེར་གྱི་ས་གཞི་བརྡལ། །ཀྃ་ལས་རི་རབ་སྔོ་མཁྲེགས་སྟེང་། །རྃ་ལས་མེ་དཔུང་གྲུ་གསུམ་འབར། །འབྱུང་པོའི་ཚོགས་རྣམས་གཞོབ་ཏུ་བསྲེག །ཐམས་ཅད་ཡེ་ནས་སངས་རྒྱས་ཞིང་། །ཡུམ་ལྔའི་མཁའ་ཀློང་རྣམ་པར་དག །རྩ་བའི་ཧཱུྃ་ལས་བྷྲཱུྃ་ཡིག་ཆད། །འཕྲོ་འདུ་འོད་ཀྱིས་དོན་གཉིས་བྱས། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜལ་བྷྲཱུྃ། ཡོངས་གྱུར་ཀུན་བཟང་གཞལ་ཡས་ཁང་། །ཕྱི་ནི་རིན་ཆེན་སྣ་ལྔས་བཅིང་། །ནང་ནི་དུར་ཁྲོད་གཞལ་མེད་ཁང་། །ཐོད་པ་སྐམ་པོས་འགྲམ་བཏང་ཞིང་། །ར་རི་རྙིང་པས་བརྩིགས་པ་ལ། །ལྕང་ལོ་རློན་པའི་ཁ་བད་ཅན། །ཀུན་ཀྱང་ཁ་ནས་མེ་ཆེན་འབར། །སྣ་ནས་འཇིགས་པའི་དུད་སྤྲིན་ལྡང་། །མིག་ནས་གདུང་བའི་མཆི་མ་བྱུང་། །གནམ་ལྕགས་ཨུརྨོས་གཟེར་བཏབ་པ། །བ་སུ་ཏ་ཡི་ཟུང་གིས་བཏབ། །འོག་གཞི་མཱྃ་ས་རཀྟའི་མཚོ། །ཀེང་རུས་རྣག་ཁྲག་ཚོམ་བུར་འཁྱིལ། །ཉིན་མཚན་མེད་པར་མེ་རླུང་འཚུབས། །ལྷ་བརྒྱད་ཀ་བ་གཟའ་བརྒྱད་གདུང་། །རྒྱུ་སྐར་དྲལ་བཏབ་ཀླུ་བརྒྱད་གདན། །སྨག་ནག་མི་རོའི་ཐོག་ཕེབས་ནི། །ཞིང་ཆེན་ཞིང་ཆུང་གཅལ་བཀྲམ་པར། །དྲེགས་པ་ཕོ་མོའི་ལྤགས་པས་བཀབ། །ལྷ་ཆེན་ཙིཏྟའི་ཕོ་ཏོག་སྤྲས། །ཉི་ཟླའི་ཀ་གཞུ་མཐོང་ཁུང་གསལ། །མིའུ་རིགས་བཞི་སྤྱི་བླུགས་སུ། །བཤུས་པའི་ལྤགས་པའི་རྒྱལ་མཚན་བཞི། །ཉ་ཆེན་འཕན་དང་ཀེང་རུས་གདུགས། །རཱུ་ཏྲ་བསྒྲལ་བའི་ཙིཏྟའི་ཏོག །སྒོ་བཞི་སྦྲུལ་ནག་རེ་གཞི་ལ། །ནམ་མཁའ་ལྡིང་དང་རུས་སྦལ་གྱི། །ཡ་ཐེམ་མ་ཐེམ་རབ་ཏུ་བརྗིད། །ཆུ་སྲིན་གདུག་པའི་སྒོ་སྐྱེས་ལ། །ཞིང་གི་ལག་པས་སྒོ་ལེ བ་བྱས། །ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད། །ཤར་ནས་བྱ་དཀར་ཀཾ་སྐད་སྒྲོགས། །ལྷོ་ན་ཀུ་ཀུ་ཁྱི་ལིང་ཟུག །ནུབ་ན་འདྲེ་མེ་དམར་ནག་འཚུབས། །བྱང་ན་དུད་སྤྲིན་ཅིར་ཡང་འཐུལ། །མི་རོ་གསར་རྙིང་ཕྱེད་འཐོར་གཟུགས། །བྱ་གཅན་ཁྲག་འཐུང་རྔམས་པར་རྒྱུག །གསལ་ཤིང་རྩེ་ལ་མི་རོ་འཕྱང་། །རོ་ལངས་གར་བྱེད་ཧ་ཧ་སྒྲོགས། །ཀེང་རུས་མེ་འབར་འཁྲབ་དང་འཕྱོང་། །ཕོ་བྲང་དབུས་ཀྱི་ལྷ་ཡི་གནས། །རྒྱ་མདུད་བརྩེགས་པའི་རྣམ་པར་བསམ། །ཧཱུྃ་ལས་ཕྱག་རྒྱ་བཞི་སྤྲོས་པས། །པདྨ་ཟླ་བ་ཉི་མའི་སྟེང་། །རུ་ཏྲ་ཁྱོ་ཤུགས་དབང་མེད་བཀུག །རྡོ་རྗེ་ཐོ་བས་བརྡུང་བྱས་ཏེ། །ཕོ་མོ་གན་རྐྱལ་ཁ་སྦུབ་བསྣོལ། །ནམ་མཁའི་དབྱིངས་ནས་ཡི་གེ་ཧཱུྃ། །སྐར་ཆེན་ཐང་དུ་བབས་པ་བཞིན། །ཕོ་བྲང་ཏོག་ནས་གདན་དབུས་བབས། །རྣམ་པར་ཤེས་པ་རྡོ་རྗེ་བསྒོམ། །སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་འགྲུབ་པར་མཛོད། །ཧཱུྃ་ལས་འཕྲོ་འདུས་དོན་གཉིས་བྱས། །ལྕགས་ཀྱི་རྡོ་རྗེ་རྩེ་དགུར་གྱུར། །དེ་ལས་སྤྲོ་བསྡུ་བརྟན་བྱས་ཏེ། །རྡོ་རྗེ་སེམས་དཔའ་ཀུ་མུད་མདོག །སྤྲོ་ཞིང་བསྡུ་བའི་མཛད་པ་བརྟན། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། རང་སྒྲ་འབྲུག་སྟོང་ལྡིར་བ་བཞིན། །དག་དང་མ་དག་ཞིང་རྣམས་ཀུན། །གཡོ་འགུལ་འོད་ཟེར་སྣང་བས་ཁྱབ། །སངས་རྒྱས་ཐམས་ཅད་མཉེས་བྱས་ནས། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས། །སླར་འདུས་ཡོངས་སུ་གྱུར་པ་ལས། །བདག་ཉིད་རྩ་བའི་དཀྱིལ་འཁོར་ནི། །རང་སེམས་རྡོ་རྗེ་གཞོན་ནུའི་སྐུ། །ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །ཡ་མཚན་ཆེ་བའི་དབུ་རྒྱན་ཅན། །དབུ་སྐྲ་ཁམ་ནག་རལ་པ་ནི། །གྱེན་ལ་འཁྱིལ་ཞིང་སྲིད་རྩེར་འབར། །སྤྱན་དམར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟངས་ཡག་རྣོན་པོ་གཙིགས། །རྐན་སྒྲ་གཏོགས་པས་ཁམས་གསུམ་འཁྲུགས། །བདུད་རྒྱལ་རྣམས་ཀྱིས་ཞབས་ལ་བཏུད། །རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་། །མེ་དཔུང་ཁ་ཊྭཱྃ་བསྡིགས་པའི་སྟབས། །འཁོར་འདས་སྤྱི་ནས་གནོན་པ་ཡི། །མཐའ་གཉིས་རི་རབ་ཕུར་པ་འདྲིལ། །རྡོ་རྗེ་རིན་ཆེན་གཤོག་པ་གདེངས། །བ་སྤུའི་བུ་ག་ཐམས་ཅད་ན། །རང་འདྲའི་ཁྲོ་ཆུང་མང་པོས་གཏམས། །ཐལ་ཚོམ་རཀྟའི་ཐིག་ལེ་དང་། །ཞག་གི་ཟོ་རིས་བྱུགས་པས་བརྒྱན། །གླང་ཆེན་ཀོ་རློན་ཞིང་ཆེན་གོས། །སྟག་གི་ལྤགས་པའི་ཤམ་ཐབས་གསོལ། །ཐོད་སྦྲུལ་རིན་ཆེན་ཕྲེང་བས་བརྒྱན། །ཐུགས་ཀར་མཆོང་གུར་སྨུག་པོའི་ནང་། །རང་འདྲའི་བརྫུས་སྐྱེས་ཡེ་ཤེས་སེམས། །དེ་ཡི་ཐུགས་ཀར་ཉི་མའི་སྟེང་། །རྡོ་རྗེ་སྔོན་པོ་ནས་འབྲུ་ཙམ། །ལྟེ་བར་ཏིང་འཛིན་སེམས་དཔའ་ཧཱུྃ། །མཐིང་ནག་སྤུ་ཡིས་བྲིས་པ་བཞིན། །མཐའ་མར་རྩ་བའི་སྔགས་ཀྱིས་བསྐོར། །སྒོ་སྲུང་རྟ་མགྲིན་ཡབ་ཡུམ་བཅས། །ཆད་པ་མ་ཡིན་རིག་ཅིང་གསལ། །རྟག་པ་མ་ཡིན་ངོས་བཟུང་མེད། །སྣང་སྟོང་ཡེ་ནས་དབྱེར་མེད་གསལ། །ༀ་ཏིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། །ཨུཏྤལ་ཐོད་ཁྲག་ཡབ་ལ་འཁྱུད། །གཟིག་ཤམ་ཕྱག་རྒྱ་ལྔ་ཡིས་སྤྲས། །ཐོད་སྐམ་དབུ་རྒྱན་དོ་ཤལ་འཕྱང་། །སྤྱི་བོར་བྷུདྡྷ་ཁྲག་འཐུང་དཀར། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། །འཁོར་ལོ་ཁ་ཊྭཱྃ་རྔེའུ་ཆུང་གཡས། །དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན། །དེ་བཞིན་རིགས་བཞིའི་ཁྲག་འཐུང་རྣམས། །རྒྱ་གྲམ་འབར་བ་གཡས་དང་པོ། ཁ་ཊྭཱྃ་ཀ་དང་རྔེའུ་ཆུང་། །དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན། །ཟླ་བ་པདྨ་ཉི་མའི་གདན། །འགྱིང་བག་རྔམས་པའི་སྟབས་ཀྱིས་བཞུགས། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །སྣོད་བཅུད་གཞལ་ཡས་ལྷ་རུ་གྱུར། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ནི། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །རྒྱ་མདུད་བར་མའི་ཕྱོགས་མཚམས་སུ། །མཐིང་ནག་ཧཱུྃ་ཡིག་སྦྲེལ་མ་བཅུ། །ཞུ་བས་ཁྲོ་བཅུ་སྤྲུལ་པར་བཅས། །ཧཱུྃ། སྟེང་ཕྱོགས་ཚངས་པ་བསྣོལ་བའི་སྟེང་། །ཁྲོ་བོ་རྡོ་རྗེ་ཧཱུྃ་ཀཱ་ར། །ཞལ་གསུམ་ཕྱག་དྲུག་རྔམས་སྟབས་ཅན། །སྔོ་དཀར་དམར་བའི་ཞལ་གསུམ་པ། །རྩ་ཕྱག་རྡོ་རྗེ་དུང་དམར་དཀྲུགས། །བར་པ་གཉིས་ཀྱིས་མདའ་གཞུ་འགེངས། །མཐའ་གཉིས་རི་རབ་ཕུར་པ་འདྲིལ། །སྒྲ་འབྱིན་ཡུམ་དང་གཉིས་སུ་མེད། །སྤྲུལ་པ་ཕག་དང་རྩང་པའི་མགོ། །ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཤར་ཕྱོགས་བརྒྱ་བྱིན་བསྣོལ་བའི་སྟེང་། །རྡོ་རྗེ་ཁྲོ་བོ་རྣམ་པར་རྒྱལ། །དཀར་དམར་སྔོ་ཞིང་སྙེམས་མ་ཡུམ། །བར་པ་རྡོ་རྗེ་འཁོར་ལོ་འཛིན། །སྤྲུལ་པ་སྟག་དང་བྱ་རྒོད་མགོ། །ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ཤར་ལྷོ་མེ་ལྷ་བསྣོལ་བའི་སྟེང་། །རྡོ་རྗེ་ཁྲོ་བོ་དབྱུག་པ་སྔོ། །གཡས་དཀར་གཡོན་དམར་སྡེར་མོ་ཡུམ། །བར་པ་དབྱུག་ཐོ་མེ་དབལ་བསྣམས། །སྤྲུལ་པ་གཡག་དང་བྱ་རོག་མགོ། །ༀ་བཛྲ་ཀྲོ་དྷ་ནཱི་ལ་དནྡྲ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། ལྷོ་རུ་གཤིན་རྗེ་བསྣོལ་བའི་སྟེང་། །རྡོ་རྗེ་ཁྲོ་བོ་གཤིན་རྗེ་གཤེད། །སྔོ་དཀར་དམར་བའི་ཞལ་གསུམ་པ། །དུར་ཁྲོད་བདག་མོ་ཡུམ་དང་འཁྲུལ། །བར་པ་དགྲ་སྟྭ་དབྱུག་ཏོ་འཛིན། །སྤྲུལ་པ་ཤ་བ་འུག་པའི་མགོ། །ༀ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ལྷོ་ནུབ་སྲིན་པོ་ཁྱོ་ཤུག་སྟེང་། །ཁྲོ་བོ་མི་གཡོ་མགོན་པོ་སྨུག །གཡས་དཀར་གཡོན་དམར་གཏུན་ཁུང་ཡུམ། །བར་པས་རལ་གྲི་ཞགས་པ་འཛིན། །སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ། །ༀ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ནུབ་ཏུ་ཆུ་བདག་ཕོ་མོའི་སྟེང་། །རྡོ་རྗེ་ཁྲོ་བོ་རྟ་མཆོག་དམར། །གཡས་དཀར་གཡོན་མཐིང་གཏུམ་མོ་ཡུམ། །བར་པ་རལ་གྲི་སྦྲུལ་ཞགས་འཛིན། །སྤྲུལ་པ་བྱི་ལ་པུ་ཤུད་མགོ། །ༀ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ནུབ་བྱང་རླུང་ལྷ་ཁྱོ་ཤུགས་སྟེང་། །ཁྲོ་བོ་འདོད་པའི་རྒྱལ་པོ་དམར། །གཡས་དཀར་གཡོན་ལྗང་མདའ་སྙེམས་ཡུམ། །བར་པ་དབྱུག་ཏོ་རྔ་ཡབ་འཛིན། །སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ། །ༀ་བཛྲ་ཀྲོ་དྷ་ཨ་པ་ར་ཙིཏྟ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། བྱང་དུ་གནོད་སྦྱིན་བསྣོལ་བའི་སྟེང་། །ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་། །གཡས་དཀར་གཡོན་དམར་རླུང་འབྱིན་ཡུམ། །བར་པ་རྒྱ་གྲམ་དབྱུག་ཐོ་འཛིན། །སྤྲུལ་པ་སེང་གེ་ཕ་ཝཾ་མགོ། །ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུན་ཊ་ལི་ཧཱུྃ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། བྱང་ཤར་དབང་ལྡན་ཁྱོ་ཤུགས་སྟེང་། །ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་སེར། །གཡས་མཐིང་གཡོན་ལྗང་གསོད་བྱེད་ཡུམ། །བར་པ་རྡོ་རྗེ་ཏྲི་ཤུལ་འཛིན། །སྤྲུལ་པ་དྲེད་དང་སྲེ་མོང་མགོ། །ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛྭ་ཡ་ཧཱུྃ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། འོག་ཕྱོགས་ས་བདག་བསྣོལ་བའི་སྟེང་། །ཁྲོ་བོ་སྟོབས་ཆེན་དུད་ཁའི་མདོག །གཡས་དཀར་གཡོན་དམར་རིག་བྱེད་ཡུམ། །བར་པས་ཐོ་བ་གཏུན་ཤིང་འཛིན། །སྤྲུལ་པ་དོམ་དང་བྱི་བའི་མགོ། །ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། དེ་ལྟར་ཁྲོ་བོ་ཐམས་ཅད་ཀྱིས། །དང་པོས་རྡོ་རྗེ་དུང་དཀར་དཀྲུགས། །མཐའ་གཉིས་རི་རབ་ཕུར་པ་འདྲིལ། །ཡུམ་རྣམས་སྐུ་མདོག་ཡབ་དང་མཚུངས། །ཕྱག་མཚན་དྲིལ་བུ་དུང་དམར་འཛིན། །སྤྲུལ་པ་ལྕམ་དྲལ་སྐུ་མདོག་ནི། །གཡས་གཡོན་ཞལ་གྱི་ཁ་དོག་ལ། །ཕྱག་མཚན་ལྕགས་ཀྱུ་ཕུར་བུ་འདྲིལ། །རྔམས་བརྗིད་འབར་བའི་སྐུ་རུ་གསལ། །ཧཱུྃ། རྒྱ་མདུད་འོག་མའི་ཁོངས་སེང་ལ། །ཕུར་སྲུང་དམ་ཅན་བཅུ་གཉིས་གསལ། །ཛཿ ཤར་གྱི་སྒོ་བ་པུ་ཤུད་མགོ། །མཐིང་ནག་གཡས་པས་ལྕགས་ཀྱུ་འཛིན། །ཧཱུྃ། ལྷོ་ཡི་སྒོ་བ་སྐྱ་ཀའི་མགོ། །སེར་པོ་གཡས་པས་ཞགས་པ་འཛིན། །བྃ། ནུབ་ཀྱི་སྒོ་བ་སྲིན་བྱའི་མགོ། །དམར་ནག་གཡས་པས་ལྕགས་སྒྲོག་འཛིན། །ཧོཿ བྱང་གི་སྒོ་བ་ཁྲ་ཡི་མགོ། །ལྗང་ནག་གཡས་པས་དྲིལ་བུ་འཛིན། །ཀུན་ཀྱང་གཡོན་པས་ཕུར་པ་ཐོགས། །རྒྱན་དང་ཆ་ལུགས་རྫོགས་པར་བསྐྱེད། །ཕོ་བྲང་གཞལ་ཡས་ཕྱི་མའི་ཁྱམས། །ཁྲག་ཁྱམས་འཕྱོ་བའི་སྣལ་མ་ལ། །མི་རོ་རྟ་རོས་གང་བའི་སྟེང་། །དབང་ཕྱུག་མ་མོ་ཉི་ཤུ་བརྒྱད། །སྒོ་བཞིར་དུང་ལྕགས་བསེའི་སྐྱེས་བུ། །ཏཀྐི་ནག་པོ་འཇིགས་པར་བསྐྱེད། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་ནི། །མཐིང་ནག་གྲུ་གསུམ་འབར་བའི་དབུས། །ཡབ་ཡུམ་མཉམ་སྦྱོར་ཧཱུྃ་འཕྲོས་པས། །སྲས་མཆོག་བཛྲ་ཀཱི་ལ་ཡ། །ཞལ་གཅིག་ཕྱག་ཀྱང་བཞི་པ་སྟེ། །སྟྭ་རེ་རྡོ་རྗེ་ཁ་ཊྭཱྃ་དང་། །ཕུར་པ་བཏབ་པས་ངན་སོང་འཇིག །ལྟེ་བ་མན་ཆད་སྐུ་སྨད་ནི། །སྔོ་བསང་མི་བཟད་འཇིགས་པའི་ཚུལ། །ཕུར་པ་གཅུམ་གཞོགས་ལྡིར་བའི་དབུས། །བྷྲཱུྃ་ལས་གཞལ་ཡས་ཁང་གི་དབུས། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་བསམ། །དེ་ཡི་ཕྱོགས་མཚམས་ཁྲོ་བོ་བརྒྱད། །ཡབ་ཡུམ་མགོ་བརྙན་བཅས་པ་ལ། །རྒྱ་མདུད་གོང་མར་ཧཱུྃ་ཀཱ་ར། །ལོགས་ལ་རིགས་ཀྱི་སངས་རྒྱས་ལྔ། །འོག་མར་སྟོབས་ཆེན་ཡབ་དང་ཡུམ། །ཕྲ་མེན་སྤྲུལ་པར་བཅས་པ་དང་། །ལོགས་བཞིར་སྒོ་མ་བཞི་པོ་དང་། །དབལ་ལ་ཕུར་སྲུང་བཅུ་གཉིས་བསྐྱེད། །སེམས་ཀྱི་སེམས་ཉིད་ཕུར་པ་ཡིན། །ཆོས་ཀྱི་ཆོས་ཉིད་ཕུར་པ་ཡིན། །ནམ་མཁའི་མཚན་ཉིད་ཕུར་པ་ཡིན། །གསལ་བར་བསྒོམ་ན་བསྐྱེད་པ་ཡིན། །གཉིས་སུ་མེད་ན་སྦྱོར་བ་ཡིན། །ལྷང་གིས་རྟོགས་ན་ཐེབས་པ་ཡིན། །ཉམས་འོག་ཆུད་ན་བསྒྲལ་བ་ཡིན། །རིག་པ་ཡེ་ཤེས་ཕུར་པ་སྟེ། །སྐུ་གཅིག་ངང་ལ་སྐུ་གསུམ་རྫོགས། །ༀ་བཛྲ་ཀཱི་ལི་ཀཱ་ལ་ཡ་བཛྲ་ཡཀྴ་ཀྲོ་དྷ་བེ་ཏ་ལི་རཀྟ་ཛྭ་ལ་མཎྜལ་མ་ར་ཡ་ཧཱུྃ་ཕཊ། དེ་ནས་ཆེ་བ་བསྐྱེད་པ་ནི། ཧཱུྃ། དིཔྡ་ཙཀྲ་ཕུར་པའི་ལྷ། །མཐིང་ནག་གཅེར་བུ་རལ་པ་ཅན། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །ལྟེ་བ་མན་ཆད་ཕུར་པའི་དབལ། །འབར་བའི་ཕྲེང་བ་འཁྲིགས་པའི་དབུས། །དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས། །ཐུགས་ལ་རྡོ་རྗེ་གཞོན་ནུ་འབར། །ཡེ་ཤེས་མེ་དཔུང་ཀློང་ན་བཞུགས། །དྲག་པོར་གྱུར་པའི་ཕུར་པ་སྟེ། །བཏབ་ན་ལྷ་ཡང་བརླག་གྱུར་ན། །གནོད་བྱེད་རྣམས་ལ་སྨོས་ཅི་དགོས། །དགྲ་བགེགས་སྙིང་ལ་ཀཱི་ལ་ཡ། །ཞེས་གསལ་སྣང་ཐོན་པར་བྱ། ཧཱུྃ། སྲིད་པ་ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ༀ་བཛྲ་ས་མ་ཡ་ཛཿ ས་མ་ཡ་སྟྭྃ། ཧཱུྃ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །རྗེ་བཙུན་ཡེ་ནས་ཡིན་པའི་ཕྱིར། །སྐུ་གསུང་ཐུགས་སུ་བྱིན་རླབས་ཤིང་། །ཡེ་ཤེས་ལྔ་ཡི་དབང་བསྐུར་རོ། །ༀ་ཨཱཿཧཱུྃ་སྭཱ་ཧཱ། ཕུང་པོ་དུག་ལྔ་གནས་སྦྱངས་ནས། །རིགས་ལྔ་ཡེ་ཤེས་མངོན་དུ་བྱས། །ཁྲག་འཐུང་རིགས་ལྔས་དབུ་བརྒྱན་གྱུར། །སླར་ཡང་ཁམས་གསུམ་སྲིད་པ་གསུམ། །མེ་ཆུ་རླུང་གིས་བསྲེགས་གཏོར་སྦྱངས། །ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ། །ཚུར་འདུས་སྒོ་སྲུང་རྟ་མགྲིན་ཐིམ། །དེ་ཉིད་མཉམ་སྦྱོར་བདུད་རྩི་བབ། །ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལས། །ཏིང་འཛིན་སེམས་དཔའ་ཧཱུྃ་ལ་ཐིམ། །དེ་ལས་རྡོ་རྗེ་ཆོས་བདུན་གྱི། །ལྕགས་ཀྱི་སྲོག་རྩ་ཤད་ཀྱིས་སྐྱེས། །འཁོར་འདས་སྲོག་ལ་རང་དབང་བསྒྱུར། །དེ་ནས་མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་མང་པོས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་ནས་ཀྱང་། །བདག་ལ་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་ཨི་དཾ། པུཥྤེ། དྷུཔྤེ། དཱི་པཾ། གནྡྷེ། པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿ པྲ་ཏཱིཙྪ་ཁཱ་ཧི། གྲཱྀ་ཏ་ན་ཁ་ཧི། བཛྲ་ཡཀྴ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟོད་པ་ནི། ཧཱུྃ། ལྷ་ཡི་ལྷ་མཆོག་ཆེ་བའི་ལྷ། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཕྲིན་ལས་ཐམས་ཅད་རྫོགས་པའི་དབལ། །ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། །ཛཔ྄་དམིགས་ནི། ཧཱུྃ། རིག་པ་ཡེ་ཤེས་ཕུར་པ་ཉིད། །གཟུང་འཛིན་བྲལ་བའི་ངང་ནས་བཟླ། །ཚད་མེད་སྙིང་རྗེའི་ཕུར་པ་ཉིད། །བྱམས་དང་སྙིང་རྗེའི་ངང་ནས་བཟླ། །ལྷག་པ་བྱང་སེམས་ཕུར་པ་ཉིད། །མཁའ་ཀློང་རྣམ་པར་དག་པར་བཟླ། །མཚན་མ་རྫས་ཀྱི་ཕུར་པ་ཉིད། །ལས་བཞི་ལྷུན་གྲུབ་ངང་ནས་བཟླ། །ཞེས་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཚོན་གང་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་མཐིང་གའི་མཐར་རྩ་བའི་སྔགས་ཕྲེང་མཐིང་ནག་གིས་བསྐོར་བ་ལས་འོད་ཟེར་མཐིང་དམར་གྱི་དབྱིབས་ཕུར་པ་འདྲ་བ་ཆེ་བ་ཀ་གདུང་ཙམ་དང་། ཆུང་བ་ཡུངས་འབྲུ་ཙམ་འཕྲོས་པས་གང་ལ་ཕོག་པ་རྣམས་ཉལ་གྱིས་བརླག་པར་བསམ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བྷིགྣཱན་བཾ་ཧཱུྃ་ཕཊ། ཅེས་ཕྱི་ལྟར་བཟླས་པའོ། །འོད་ཟེར་ནང་དུ་འཕྲོས་པས་ནད་གདོན་བསྲེག་པར་དམིགས་པ་ནང་ལྟར་བཟླས་པའོ། །ཡང་འོད་ཟེར་རྩ་སྦུག་ཏུ་འཕྲོས་ཉོན་མོངས་པའི་སྒྲིབ་པ་རྣམས་ཉི་ཟེར་གྱིས་བ་མོ་སྦྱང་བ་ལྟར་བསམ་ལ་གསང་བའི་བཟླས་པའོ། །དེ་ནས་རྒྱུན་དུ་བསྙེན་ན་དང་པོ་བྱེ་བ་གསུམ་ལ་སོགས་པ་འགྲོ་བར་བྱའོ། །དེ་ནས་བཞི་སྙིང་གཅིག་ཏུ་དྲིལ་བ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ ཀ་ཏང་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ་མ་ར་སེ་ན་པྲ་མརྟ་ན་ཡེ། སརྦ་བྷིགྷྣཱན་བྃ་ཧཱུྃ་ཕཊཿ ཅེས་འབུམ་ཕྲག་བཞི་བཟླའོ། །སྤུ་གྲི་ཁྲི་བཟླའོ། །དེ་ལྟར་བཟླས་པས་འགྲུབ་པའི་ཚད་ནི། རྒྱུད་ལས། རང་སེམས་གཞི་ཡི་ཕུར་པ་ནི། །ས་བོན་ཀུན་ཁྱབ་ཏིལ་མར་འདྲ། །རྟོགས་ན་སངས་རྒྱས་ངོ་མཚར་ཆེ། །བགྲོད་པ་ལམ་གྱི་ཕུར་པ་ནི། །ཐབས་ཤེས་སྐུ་གསུམ་ཡེ་ཤེས་ལྔ། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་བྱ། །མཐར་ཐུག་འབྲས་བུའི་ཕུར་པ་ནི། །སྐུ་ལྔ་ཡེ་ཤེས་དགུ་ལྡན་ཏེ། །མ་འཁྲུལ་རྟོགས་པ་མངོན་གྱུར་བྱ། །གཞི་ལམ་འབྲས་བུ་རྟོགས་གྱུར་ན། །ཆོས་སྐུ་སྤྲོས་བྲལ་མངོན་དུ་འགྱུར། །ཞེས་སོ། །དེ་ལྟར་སྒྲུབ་པའི་གང་ཟག་གི་རིམ་པ་ཡང་། རྩ་རྒྱུད་ལས། ནམ་མཁའ་ལྟ་བུའི་གང་ཟག་གིས། །རིག་པ་ཡེ་ཤེས་ཕུར་པ་དེ། །གཟུང་འཛིན་མེད་པའི་ངང་དུ་གདབ། །ལྷང་གིས་རྟོགས་ན་ཐེབས་པའི་ཚད། །འབྲས་བུ་ཆོས་སྐུ་སྐྱེ་མེད་ཐོབ། །མ་ཐེབས་མ་རྟོགས་འཁོར་བར་འཁྱམས། །རི་བོ་ལྟ་བུའི་གང་ཟག་གིས། །ཚད་མེད་སྙིང་རྗེའི་ཕུར་པ་དེ། །འགྲོ་ལ་བྱམས་དང་སྙིང་རྗེས་གདབ། །བདག་གཞན་གཉིས་མེད་རྟོགས་ན་ཐེབས། །འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ། །མ་ཐེབས་རུ་ཏྲ་སྲིན་པོར་གོལ། །འདབ་ཆགས་ལྟ་བུའི་གང་ཟག་གིས། །ལྷག་པ་བྱང་སེམས་ཕུར་པ་དེ། །ཡུམ་གྱི་མཁའ་ཀློང་དག་པར་གདབ། །བདེ་བ་དངོས་མེད་ཐེབས་པའི་ཚད། །འབྲས་བུ་སྐུ་གསུམ་དབྱེར་མེད་ཐོབ། །མ་ཐེབས་འཁོར་བའི་འགྲམ་རྡོ་བྱེ། །ཙནྡན་ལྟ་བུའི་གང་ཟག་གིས། །མཚན་མ་རྫས་ཀྱི་ཕུར་པ་དེ། །ཞི་རྒྱས་དབག་དྲག་ཕུར་པ་ཡིན། །ཁྱད་པར་དྲག་པོའི་ཕུར་པ་ནི། །གནད་ཆེན་ཐམས་ཅད་འདུས་པ་ཡི། །དཀར་ནག་མཚམས་སུ་གདབ་པར་བྱ། །ཞེས་པའི་རྣམ་དབྱེ་ཕྱེད་པར་རང་གི་རྒྱུད་ཚོད་དང་མཐུན་པར་ཉམས་སུ་བླང་བར་བྱའོ། །ཐུན་མཚམས་སུ་མཆོད་བསྟོད་དང་བཤགས་པ་བྱེད་ནས། ཧཱུྃ་གསུམ་གྱིས་ལྷའི་གསལ་སྣང་འོད་གསལ་དུ་བསྡུའོ། །ཕཊ་གསུམ་གྱིས་རྗེས་ཀྱི་ལྷར་ལྡང་ངོ་། །འདི་ལྟར་མཁའ་འགྲོ་མཚོ་རྒྱལ་གྱིས། །སློབ་དཔོན་རྣམ་གསུམ་དགོངས་པའི་བཅུད། །རྒྱུད་འགྲེལ་ཕུར་པ་འབུམ་ནག་གི །རྩ་བའི་མན་ངག་མདོར་བསྡུས་ཏེ། །དངོས་གྲུབ་བསྒྲུབ་ལ་མི་བསླུ་བ། །རྒྱུན་ཁྱེར་ལས་ཀྱི་ཁྲིགས་ཉིད་དུ། །པདྨ་ལས་འབྲེལ་རྩལ་གྱིས་བསྡེབས། །དགེ་བས་ཀུན་བཟང་ཉིད་ཐོབ་ཤོག །ཅེས་པའང་སྡོམ་བརྩོན་ལྡན་པ་ཡི་གེ་དང་། ཨ་ཚུལ། བསོད་ནམས་བསྟན་འཛིན་གསུམ་གྱིས་བསྐུལ་ངོར་འོད་གསལ་རིན་ཆེན་སྙིང་པོ་པདྨ་ལས་འབྲེལ་རྩལ་གྱིས་སྤེལ་བ་དགེའོ། །དགེའོ། །དགེའོ།། །།