སློབ་དཔོན་རྣམ་གསུམ་གྱི་དགོངས་པ་ཕུར་ཊཱིཀ་འབུམ་ནག་ལུགས་ཀྱི་དབང་ཆོག་ལག་ལེན་དུ་བསྡེབས་པ་མཚོ་རྒྱལ་ཞལ་ལུང་། ཁྲོ་རྒྱལ་རྡོ་རྗེ།

སློབ་དཔོན་རྣམ་གསུམ་གྱི་དགོངས་པ་ཕུར་ཊཱིཀ་འབུམ་ནག་ལུགས་ཀྱི་དབང་ཆོག་ལག་ལེན་དུ་བསྡེབས་པ་མཚོ་རྒྱལ་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ཡ། འཁོར་འདས་རང་སྣང་དོན་གྱི་དཔལ་ཆེན་པོར། །ཡང་དག་རང་ངོ་སྤྲོད་མཛད་བླ་མའི་ཞབས། །སྤྱི་བོས་བསྙེན་ནས་གང་གི་སྙན་བརྒྱུད་ཀྱི། །རྡོ་རྗེ་ཕུར་པའི་འཇུག་སྒོའི་ཆོ་ག་བསྡེབས། །དེ་ཡང་ཕྲིན་ལས་ཕུར་པའི་ཆོས་བཀའ་འགྲེལ་བཤད་འབུམ་ནག་ལ་བྱིན་རླབས་ཉེ་བརྒྱུད་སོ་མས་སྐབས་ཕྱེས་པའི་སྙན་བརྒྱུད་ཕུར་པ་དང་འབྲེལ་བར་སྐལ་ལྡན་གྱི་སློབ་མ་རྗེས་སུ་འཛིན་པའི་ཚུལ་ལ། གཞུང་དུ་དངོས་བསྟན་ས་སྟ་དངོས་གསུམ་ལ་ནུབ་རེ་དང་། དེའང་གསང་བ་སྤྱི་ལ་ཞལ་འཕང་བས་སྤྲོས་པ་ལ་དགའ་ན་དེ་ལྟར་ལག་ལེན་དུ་བསྟར་བས་མཐུས་ཤིང་། འདིར་མདོར་བསྡུས་ཏེ་ནང་ལ་འཇུག་པའི་དབང་རྩམ་རྩལ་དུ་བཏོན་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་བཤོམ། །དངོས་གཞི་དཀྱིལ་འཁོར་སྒྲུབ་མཆོད་དང་དབང་བསྐུར་བ། རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ནི། སྟེགས་བུར་གཞུང་མཐུན་གྱི་བྲིས་དཀྱིལ་དགྲམ་པའམ་མཎྜལ་ལ་ལྷ་གྲངས་དང་མཉམ་པའི་འབྲུ་ཚོམ་བཀོད་པའི་ཁར་འགྲེལ་བཤད་ལ་དབུས་སུ་རྡོ་རྗེ་གཞོན་ནུ་ལ་བུམ་པ་གཅིག་དང་། ཕྱོགས་བཞི་སྲས་མཆོག་རེ་བཤམ་པར་གསུངས་ཀྱང་ལག་ལེན་དུ་རྣམ་རྒྱལ་བུམ་པ་སོ་ལྔའི་ཅུད་ལྡན་བརྒྱན་ཅན་མགུལ་ཆིངས་སྲོག་གསུམ་དག་ལྡན་པ་གཅིག་འགོད། །གཡས་སུ་ཀ་པཱ་ལ་བཅུད་ཀྱིས་བཀང་བ། རྒྱབ་ཏུ་རིག་ཙཀ་དང་། དབུ་རྒྱན། དོ་ཤལ། རྡོར་དྲིལ། ཐོད་རྔ། རྐང་གླིང་། མི་བཟད་པའི་ཕུར་པ་དྲུག །ཤ་ལྔ་བདུད་རྩི་ལྔ་རྣམས་བསྐུར་བདེ་ཁྱད་སྣོད་གཅིག་ཏུ་སྦམ་པ། གཡོན་དུ་མེ་ལོང་། མདུན་དུ་སྨན་རཀ་གཏོར་མ་ཕྱི་ནང་གི་ཉེར་སྤྱོད་བཅས་བཤམ། གཞན་ཡང་ཕུར་སྲུང་གི་གཏོར་མ་གཙོ་འཁོར་བཅུ་དྲུག་པ། ཚོགས་གཏོར། ལས་བུམ། མིག་དར་མེ་ཏོག་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཚང་བར་འདུ་བྱའོ། །གཉིས་པ་ལ་གཉིས། དཀྱིལ་འཁོར་སྒྲུབ་མཆོད་དང་། །དབང་བསྐུར་བའོ། །དང་པོ་ནི། ཕྲིན་ལས་ཀྱི་གཞུང་བསྲང་སྟེ། སྒྲུབ་གཞི་བདག་དང་མདུན་དུ་བཀོད་པའི་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་ཐམས་ཅད་དེ་བཞིན་ཉིད་ཀྱི་ཏིང་འཛིན་སྟོང་ཉིད་ཀྱི་རང་བཞིན་ཀུན་སྣང་སྙིང་རྗེ་ཆེན་པོའི་ངང་ལས་དཀྱིལ་འཁོར་རྣམ་གསུམ་རྟེན་དང་བརྟེན་པར་བཅས་པ་བདག་མདུན་དབྱེར་མེད་དུ་ཆོ་ག་གཅིག་གིས་བསྒྲུབ་ནས་བཟླས་པ་ཅི་ནུས་མཐར། བུམ་བསྐྱེད། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་མོས་ནས། གཟུངས་ཐག་བླངས་ལ། བདག་གི་སྙིང་ག་ནས་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་རྣམ་པར་རྒྱལ་བའི་བུམ་པའི་ལྷ་རྣམས་ལ་ཕོག །བདེ་བའི་སྒྲས་བསྐུལ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པར་བསམ་ལ། རྩ་སྔགས་དང་དབྱངས་གསལ་སྦྲེལ་བ་ཅི་ནུས་བཟླས་མཐར། བདག་མདུན་བུམ་གསུམ་གྱི་དཀྱིལ་འཁོར་ལ་དམིགས་ནས་མཆོད་བསྟོད་བཤགས་པ་དང་། དུང་ཆོས་ཕུལ་ལ། ༀ་ཨཱཿཧཱུྃ། བུམ་པའི་ལྷ་རྣམས་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས། སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་ཞལ་བསྟབ་པར་བཏང་ལ། ལས་བུམ་དུ་འཁྱིལ་བའི་བསྐྱེད་བཟླས་སྤྱི་ལྟར་བྱ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་དབང་ལེན་ཡུལ་དང་། གཙོ་བོ་ལས་ཕྱེ་བའི་ལས་ཀྱི་ཁྲོ་བོར་དབང་གི་བྱ་བ་རྣམས་མཛད་ཅིང་། བདག་ཉིད་རྣམ་འགྱུར་གློ་བུར་བའི་རང་བཞིན་དབང་ཞུ་བ་པོར་བྱས་ཏེ་དབང་འཆད་འགྱུར་ལྟར་རྫོགས་པར་བླང་བའམ། བསྡུ་ན། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། ཞེས་རིག་པའི་མེ་ཏོག་དོར་ནས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་རང་བཞིན་གཉིས་སུ་མེད་པར་རྟོགས་པར་བྱས་ཏེ། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་ལ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་པའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཞེས་པ་ཙམ་གྱི་བདག་ཉིད་ཞུགས་ནས། སློབ་མ་འཇུག་པར་གསོལ་གདབ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་གཞོན་ནུའི་གྲོང་ཁྱེར་མཆོག །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་གསོལ་བས་གནང་བ་བྱིན་པར་བསམ། གཉིས་པ་དབང་བསྐུར་བ་ནི། སློབ་མ་རྣམས་ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ཞིང་བཀའ་བསྒོ་བདེན་སྟོབས་བརྗོད་ལ་དྲག་སྔགས་ཡུངས་ཐུན་གྱི་སྦྱོར་བས་ཕྱིར་འབྲང་གི་བགེགས་བསྐྲད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསང་བཏབ་ལ། དེ་ཡང་གངས་ཅན་པ་རྣམས་ཀྱིས་འགྱུར་གྱི་བྱེ་བྲག་ལས་རྡོ་རྗེ་ཐེག་པ་སྔ་འགྱུར་བ་ལ། བཀའ་གཏེར་དག་སྣང་གི་སྲོལ་ཀ་གསུམ་དུ་གྲགས་པ་ལས་སྐབས་སུ་བབས་པའི་གདམས་ཟབ་འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་ངེས་ཤེས་འདྲེན་པའི་ཕྱིར་སྙན་དུ་གསོལ་ན། རྡོ་རྗེ་ཕུར་པ་འདི་མདོ་རྒྱུད་ལུང་དང་མན་ངག་ཐམས་ཅད་ཀྱི་ཐུས་ཀ་ཚང་བ་ཡིན་ཏེ། མདོ་ཁུ་བྱུག་རོལ་པས་གཏན་ལ་འབེབས་ཤིང་། རྒྱུད་བིདྱོཏྟ་མ་ལ་འབུམ་སྡེའི་རྡོ་རྗེའི་རིགས་ཀྱི་ལེའུ་ཁོལ་དུ་ཕྱུངས་པ། ལུང་ནི་དཀར་པོ་གནས་ལུང་། དམར་པོ་སྲོག་ལུང་། ནག་པོ་སྔགས་ལུང་སོགས་ཀྱིས་བཤད། མན་ངག་ངེས་པ་ཨོ་རྒྱན་དུས་གསུམ་མཁྱེན་པའི་གདམས་པས་བཀྲལ་བ་སྟེ། དེ་ཡང་བསྐྱེད་པའི་རིམ་པ་ཕུར་པ་གསང་རྒྱུད། །རྫོགས་པའི་རིམ་པ་ཕུར་པ་མྱང་འདས། གབ་པའི་སྔགས་དྲུག་གབ་པ་འཁོར་ལོ་ནག་པོ། ལས་མཐའ་རྣམས་ཕུར་པ་ངན་སྔགས་གཙུག་ལག་གི་རྒྱུད་དེ། དེ་ལྟར་རྒྱུད་སྡེ་དུ་མའི་བཅུད་གཅུས་དཀྲུགས་གབ་པའི་མཐའ་བསལ་བའི་ཚུལ་གྱིས་བསྡུས་པ་ལ། ༀ་རྒྱན་པདྨ་སམྦྷ་ཝ། པཎ་ཆེན་བི་མ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ་གསུམ་གྱིས་སློབ་དཔོན་པྲ་བྷ་ཧསྟི་ལ་ཕུར་པའི་ཆོས་ཞུས་པས་གུ་རུ་སོ་སོར་རྟོགས་ལུགས་མི་འདྲ་བ་གསུམ་བྱུང་སྟེ་དེ་རྣམས་གཞུང་གཅིག་ཏུ་བཀོད་པ་ལ་ཕུར་པ་རྣམ་གསུམ་སྐོར་ཞེས་གྲགས་པའི་བརྒྱུད་པའི་བརྒྱུད་པ་གང་ལས་ཇི་ལྟར་བྱུང་ན། ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ། སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱིས། བཀའ་བབས་ཐུགས་ཀྱི་གཟུངས་མ་དབྱིངས་ཕྱུག་མཁར་ཆེན་མཚོ་རྒྱལ་ལ། རྩ་བ་ངན་སྔགས་སུ་ཕྱུངས་པ། ཕར་ཐེབས་ལ་ཚུར་མི་ལྡོག་པ། ཉུང་ལ་ཁ་ཚར་ཚང་བ། ལྟ་བ་ཆོས་ཉིད་དང་མི་འགལ་བར་མནོག་ཆོས་གཅིག་བརྒྱུད་དུ་སྩལ། དེས་ཀྱང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐུན་མོང་སྒྲུབ་པའི་ཞར་ལ་བརྙེས་ནས། ངམ་འབྲེ་ས་ལེ་སོགས་ལམ་འདིའི་སྨིན་གྲོལ་ལ་བཀོད། གདམས་པ་ཕལ་ཆེ་ཕྱི་རབས་ཀྱི་གདུལ་བྱའི་དོན་ལ་དགོངས་ཏེ་ཟབ་མོའི་གཏེར་དུ་གཏམས་པར་མཛད། སློབ་དཔོན་རྣམ་གསུམ་གྱི་དགོངས་ཉམས་གཅིག་ཏུ་འདྲིལ་བའི་འགྲེལ་བཤད་འབུམ་ནག་འདི་ཉིད་སྙན་བརྒྱུད་བཀའ་མའི་ལུགས་སུ་བཞག་པ་ད་ལྟའི་བར་དུ་རིང་བརྒྱུད་ཀྱི་ཟམ་མ་ཆད་པའི་སྟེང་དུ། གུ་རུ་ཡབ་ཡུམ་གྱི་ཐུགས་རྗེ་འགོག་པ་མེད་པའི་མཐུ་ལས། ཇི་སྐད་དུ་རིག་འཛིན་ཉི་མ་གྲགས་པའི་གཏེར་ལུང་ལས། ཡོན་ཏན་རིག་འཛིན་བི་མ་ལ༔ མདོ་ཁམས་ཕྱོགས་ནས་པདྨའི་མིང་༔ བརླ་གཡས་སྨེ་བ་སྤྱན་འདྲས་མཚན༔ ཅེས་དང་། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ལས། ཀཿཐོག་ཕྱོགས་སུ་དབང་པོའི་མིང་༔ བི་མ་མི་ཏྲའི་སྤྲུལ་པ་འབྱུང་༔ ཞེས་རྡོ་རྗེའི་ལུང་གི་དཔང་པོ་བྱས་པ། མཁྱེན་བརྩེ་ནུས་གསུམ་འགྲན་ཟླ་དང་བྲལ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་ཆེན་པོ་འོད་གསལ་རིན་ཆེན་སྙིང་པོ་པདྨ་ལས་འབྲེལ་རྩལ་ལམ་མཚན་གཞན་ངག་གི་དབང་པོ་ཞེས་རྩོད་མེད་ཡོངས་གྲགས་དེ་ཉིད་དགུང་གྲངས་ང་ལྔར་སོན་པ་ས་མོ་བྱའི་ལོར། མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་གླིང་རྨོག་པདྨ་བྲག་དཀར་གྱི་ཡང་ཁྲོད་ལྗོན་པ་ལུང་དུ་ཕུར་པ་ཡང་གསང་བླ་མེད་ཀྱི་སྐུ་མཚམས་སུ་བཞུགས་པའི་སྐབས་ཤིག་མནལ་དང་འོད་གསལ་འདྲེས་པའི་དག་ཆེན་ཡེ་ཤེས་ཀྱི་གཟིགས་སྣང་ལ། གངས་ཅན་བོད་ཀྱི་ཡུལ་མཐའ་མོན་ཁ་ནེ་རིང་སེང་གེ་རྫོང་ཡིན་རྒྱུའི་བྲག་སྐྱིབས་ཉམས་དགའ་བ་ཞིག་ན་ཕུར་ཁྲོམ་གྱི་གདན་ལ་གནམ་ལྕགས་ཀྱི་ཕུར་བུ་ཆེ་བརྗིད་དར་སྔོན་པོ་གཡོ་ཞིང་མེ་ཡི་ཚྭ་ཚྭ་དམར་ཐ་ར་ར་འཕྲོ་བ་ཞིག་མཇལ་བར་མོས་གུས་ཀྱིས་གསོལ་བ་བཏབ་པས་སྐད་ཅིག་ལ་དེ་ཉིད་གནས་འགྱུར་ཏེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དུ་གྱུར་པའི་འཁྲིས་སུ་གུ་རུའི་གཟུངས་མ་ཨ་ཙར་ས་ལེས་ཕྱག་གཡོག་གི་ཚུལ་མཛད་པ་ལ། གུས་འདུད་ཀྱིས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས་གཙོ་མོའི་མདུན་དུ་གྲུ་གསུམ་མཐིང་ནག་འབར་བའི་ཕུར་གདན་གཅིག་ལས་ཀོ་མོག་ལ་རྡོ་སྒྱུར་བ་བཞིན་རིམ་པར་ཆེད་དེ་གཙོ་བོའི་ལྷ་གནས་གྲུ་གསུམ་མཐིང་ནག་མུ་ཁྱུད་ཐོད་པའི་ར་བ་ཅན། །དེའི་ཕྱི་རིམ་ལ་སྲས་མཆོག་གི་གནས་འཁོར་ལོ་རྩིབས་བཞི་པ། དེའི་ཕྱི་རིམ་ཕྱོགས་མཚམས་ཀྱི་ཁྲོ་བོའི་གནས་འཁོར་ལོ་རྩིབས་བརྒྱད་པ། སྟེང་གི་གནམ་སྒོ་ལ་ཉི་གདན། གཙོ་བོའི་གདན་གྲུ་གསུམ་གྱི་རྩེ་མོ་ཁྱམས་ལ་ཟུག་པ་ཁོངས་སེང་གི་རྣམ་པ་མདུན་ངོས་སུ་སྒོ་ཡོད་པ་སྟེ་དེ་ལྟར་ལྷ་གནས་རྣམས་གྲུབ་པ་དང་། མཚོ་རྒྱལ་གྱི་ཞལ་ནས་ཕུར་པའི་རྩ་རྒྱུད་གསུངས་པའི་མུར་ཐུགས་ཀ་ནས་ལྷ་གནས་སོ་སོར་གནམ་ལྕགས་ཀྱི་ཕུར་པ་རེ་སྤྲོས་ཏེ་ཡོངས་སུ་གྱུར་པ་ལས། ཆོས་སྐུ་རྩ་བའི་དཀྱིལ་འཁོར། ལོངས་སྐུ་ཁྲོ་བོའི་དཀྱིལ་འཁོར། སྤྲུལ་སྐུ་སྲས་མཆོག་གི་དཀྱིལ་འཁོར་དང་བཅས་པ་བཀྲ་ལམ་གྱིས་ཤར་བའི་ཆོ་འཕྲུལ་མངོན་པར་འདུ་མཛད་དེ་འབུམ་ནག་གི་དཀྱུས་བཞིན་དབང་བཞི་རྫོགས་པར་གནང་བའི་ལས་ཀྱི་རྡོ་རྗེ་ཨ་ཙ་ར་ས་ལེས་མཛད་པ་དེས་སླར་ཡང་སྤྱུགས་གླུའི་སྒྲས་བསྐུལ་མ་ཐག་ནམ་མཁའ་ནས་གློག་འཁྱུགས་པ་ལྟར་ཕུར་སྲུང་དམ་ཅན་ལྕམ་དྲལ་སྒོ་མ་བཞི་དང་བཅས་པ་དཀྱིལ་འཁོར་གྱི་དྲུང་དུ་ལྷགས་ཏེ་འཁོད་པ་ལ་བཀའ་བསྒོས་ཏེ་སྲོག་གཏད་དང་བཅས་པ་སྨིན་རྒྱས་སུ་སྩལ་ཀྱང་ཐུགས་མ་ཚིམས་པ་ལྟར་མཛད་ནས་སླར་གཙོ་མོ་ལ་གསོལ་པ། བདག་ལ་ད་དུང་ཕུར་པ་ཡང་གསང་བླ་མེད་ཀྱི་སྨིན་གྲོལ་བཀའ་དྲིན་བསྐྱང་བར་གསོལ་ཞུས་པས། བཀའ་ལས། རྡོ་རྗེ་ཕུར་པ་འབུམ་ནག་འདི་གུ་རུ་པདྨའི་ཐུགས་ཀྱི་བརྣག་པ་ཁོ་མོ་ལ་གཅིག་བརྒྱུད་མནོག་ཆོས་སྐུ་སྩལ་བ་ལགས་པས། ད་ལན་ཅིས་ཀྱང་འདི་ཉིད་ཁོ་ན་ཞུ་བ་དགོས་གལ་གྱི་གནད་ཆེ་གསུངས་ནས་མན་ངག་སྙན་བརྒྱུད་དུ་གདམས་པའི་འཕྲོ་ལ། རྩ་བའི་དཀྱིལ་འཁོར་གསུམ་མཚོ་རྒྱལ་གྱི་ཐུགས་ཀར་བསྡུས། དམ་ཅན་རྣམས་ས་ལེ་དང་། དེ་ཡང་མཚོ་རྒྱལ་ལ་ཐིམ། མཚོ་རྒྱལ་སྐད་ཅིག་ལ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ལྟེ་བ་ཧཱུྃ་མཐིང་གིས་མཚན་པ་ཧཱུྃ་སྒྲ་འུ་རུ་རུ་འབྲུག་གི་གདངས་བཞིན་གྲགས་པ་ཞིག་ཏུ་གྱུར་ཏེ། དེ་ཡང་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་དམིགས་བསམ་བརྗོད་པ་དང་བྲལ་བ་ངང་ཉིད་རྡོ་རྗེ་ཆོས་ཀྱི་དབྱིངས་སུ་རེ་ཞིག་འབྱམས་ཀླས་པར་གྱུར་ཏོ། །དེ་ལྟ་བུའི་ཉེ་བརྒྱུད་ཁྱད་པར་ཅན་ལ་བརྟེན་ནས་རྗེས་འཇུག་སྐལ་ལྡན་རྣམས་ཀྱིས་བྱང་ཆུབ་སྒྲུབ་པའི་ལམ་བཟང་དུ་སྙན་བརྒྱུད་ཕུར་པའི་མན་ངག་སྟོད་སྨད་ཀྱི་ལས་ཁ་ཚར་ཚང་བ་འབྲེལ་པ་བཞི་ལྡན་གྱི་ཚུལ་དུ་གཏན་ལ་ཕབ་པའི་ཟབ་ཆོས་ཁྱད་པར་དུ་འཕགས་པ་སྟེ། གཞུང་རྩ་བར། ཕུར་པ་ལྕམ་ལུགས་རྒྱལ་པོ་ལུགས། །སྣ་ནམ་ལུགས་དང་ཇོ་མོ་ལུགས། །དབྱེ་བར་གྲགས་པ་མང་ན་ཡང་། །མཚོ་རྒྱལ་ཐུགས་ཀྱི་བརྣག་པའི་ཆོས། །ཁྱད་པར་འཕགས་པའི་འདི་ཁོ་ན། །ཟབ་འདུས་ཚང་བར་གནད་དུ་བསྡུས། །ཞེས་གསུངས་པའི། །རིང་བརྒྱུད་ཀྱི་ཆུ་བོ་འདུས་པ། ཉེ་བརྒྱུད་ཀྱི་དྲོད་ཚད་ལྡན་པ། བཀའ་བབས་ཀྱི་བྱིན་རླབས་ཆེ་བ། ཕྲིན་ལས་ལས་ཀྱི་རྣོ་སོ་མ་རྟུལ་བ་སྟེ། འདི་ནི་ལུས་ཀྱི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྔགས་བཅས་ཀྱིས་གདོང་གཡོགས་འཆིང་ཞིང་མེ་ཏོག་གཏད། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ། བླ་མ་སངས་རྒྱས་རྡོ་རྗེ་འཛིན། །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །རྡོ་རྗེ་གཞོན་ནུའི་རིག་འཛིན་བདག །དབང་བཞི་རྫོགས་པར་མ་ཐོབ་པས། །རྒྱུད་དྲུག་འཁོར་བའི་འདམ་དུ་བྱིང་། །མ་རིག་མུན་པའི་ཀློང་དུ་འཁྱམས། །འཁོར་བའི་སྡུག་བསྔལ་ཆེ་མཐོང་བས། །བླ་མ་སངས་རྒྱས་རྡོ་རྗེ་འཛིན། །གཙོ་བོ་མགོན་ལ་སྐྱབས་སུ་མཆི། །ཤེས་རབ་སྒྲོན་མེའི་འོད་ཟེར་གྱིས། །མ་རིག་མུན་པ་བསལ་བར་ཞུ། །ཐུགས་རྗེ་ཐབས་ཀྱི་ཞགས་པ་ཡིས། །འཁོར་བའི་འདམ་ནས་དྲང་བར་ཞུ། །ལན་གསུམ་གྱི་ལན་དུ་སློབ་དཔོན་གྱིས། ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་ཁྱོད། །གསང་སྔགས་ཐེག་ཆེན་བསྒྲུབ་པ་ལ། །ཟབ་མོའི་དབང་བཞི་རྫོགས་པ་དགོས། །ལྷག་པར་དབང་ལ་དམ་ཚིག་གཅེས། །དབང་ཐོབ་དམ་ཚིག་མ་ལྡན་ན། །རང་སྲོག་རང་གིས་གཅོད་པ་ཡིན། །བསྐལ་པ་འབུམ་དུ་མནར་མེད་ལྟུང་། །དེ་ཕྱིར་དམ་ཚིག་བསྲུང་ནུས་སམ། །ཞེས་དྲིས་པའི་ལན་དུ་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས། ཧཱུྃ། བླ་མ་སངས་རྒྱས་རྡོ་རྗེ་འཛིན། །སྐུ་གསུང་ཐུགས་ཀྱི་དམ་ཚིག་འདི། །སྲོག་གི་ཕྱིར་ཡང་མི་གཏོང་བར། །བདག་ནི་དམ་ཚིག་ངེས་པར་བསྲུང་། །ཞེས་ཞུ། རྒྱུད་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དམ་ཚིག་གི་མནའ་ཆུ་ལྕེ་ལ་བཞག་སྟེ། ཧོཿ འདི་ནི་ཕྱག་རྒྱ་རྡོ་རྗེ་ཡིས། །བྱིན་གྱིས་བརླབས་པའི་དམ་ཚིག་ཆུ། །དམ་བསྲུང་དངོས་གྲུབ་རྣམ་གཉིས་ཐོབ། །ཉམས་ན་དམྱལ་བར་ལྟུང་ཏ་རེ། །དེ་ཕྱིར་དམ་ཚིག་མ་ཉམས་སྲུངས། །རྡོ་རྗེ་བྲོ་བོར་བ་འདིའི་རྗེས་ཟློས། །བཛྲ་ས་མ་ཡ་ན་ར་ཀན། དེ་ནས། ལྷ་དང་སྐལ་བ་མཉམ་པའི་ཕྱིར་ཕྱི་ལྟར་འཇུག་པ་འདིའི་རྗེས་ཟློས། ཧོཿ སྲིད་ཞིར་མི་གནས་ཕོ་བྲང་ཆེར། །འཇུག་པའི་སྒོ་ནི་ཚད་མེད་བཞི། །རྣམ་པར་ཕྱེ་ལ་ཡེ་ཤེས་ཀྱི། །དཀྱིལ་འཁོར་ཆེན་པོར་བདག་འཇུག་འཚལ། །ལན་གསུམ། ལས་ཀྱི་རྡོ་རྗེས་ཨཱ་ཁཾ་བི་ར་ཧཱུྃ་ཞེས་བརྗོད་དེ་སྙིང་རྗེ་ཆེན་པོའི་སྒོ་ནས་རིམ་པར་ཁྲིད་པར་མོས་ལ་སྒོ་སོ་སོར་སྐུ་གསུང་ཐུགས་ཕྱག་བྱེད་པར་བསམ་ཞིང་ཐལ་མོ་གནས་གསུམ་དུ་སྦྱར་བ་དང་བསྟུན་འདིའི་རྗེས་ཟློས། ༀ་ན་མ་ཏེ་ཧཱུྃ། ༀ་ན་མ་མེ་ཧཱུྃ། ༀ་ན་མོ་ན་མ་ཧཱུྃ། ལན་བཞི། ནང་ལྟར་འཇུག་པ་ཡེ་ཤེས་པ་དབབ་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། །ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པའི། །སྐུ་ཡི་དབྱིག་ཏུ་སྲས་བསྐྱེད་ཅིག །ལན་གསུམ། དབང་གི་གཞི་དགོད་པ་ལ་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་ལྟར་དུ་མཛོད། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་པདྨ་འདབ་བརྒྱད་ལ་འཁོད་པས། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་བྱུང་། སློབ་མའི་རྣམ་སྨིན་གྱི་ལུས་རྟེན་སྦྱངས། རྣམ་པར་ཤེས་པ་ཧཱུྃ་ཡིག་ཏུ་གྱུར་པ་ཡབ་ཀྱི་ཞལ་ནས་དྲངས། ཡབ་ཡུམ་སྙོམས་པར་ཞུགས་པའི་རྗེས་ཆགས་ཞུ་བདེའི་ཐིག་ལེར་གྱུར་པ་ཡུམ་གྱི་མཁའ་གསང་དུ་བབས་གཙོ་བོའི་རྣམ་པ་གཉིས་པའི་སྲས་སུ་སྨིན་པ་སྔར་གྱི་དབང་སྟེགས་ལ་བཞུགས་པའི་གནས་གསུམ་དུ་ཕྱག་མཚན་གསུམ་ལ་གནས་པའི་ཡི་གེ་ༀ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་རྣམ་པས་དམ་ཚིག་པ་དང་རོ་གཅིག་ཏུ་གྱུར་པར་མོས་ཤིག །སྤོས་རོལ་དབྱངས་བཅས། ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཧོཿ སོགས་ལས་བྱང་གི་བྱིན་འབེབས་མཐར་སྔགས་དྲག་ཏུ་བརྗོད་ལ་དབབ། ཕེབས་རྟགས་བྱུང་ན་རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱ། མེ་ཏོག་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་དོར་མཛོད། ཧོཿ སྨོན་པའི་ཡིད་ཀྱིས་རབ་བཟུང་བའི། །འཇུག་པའི་མེ་ཏོག་ཨུ་དུམ་ཝཱར། །ལྷག་པའི་ལྷ་ལ་དེང་འབུལ་ན། །བྱང་ཆུབ་བར་དུ་མི་འབྲལ་ཤོག །པུཥྤེ་སིདྡྷི་ཧོཿ ཞེས་དོར། ལྷག་ལྷ་སྤྱི་བོར་ཐིམ་པར་ཤོག །མེ་ཏོག་སྤྱི་བོར་བཞག་སྟེ། པྲ་ཏི་གྷྲྀ་ཧ་ན་ༀ་མཾ་སཏྭ་མ་ཧཱ་བཱ་ལ། གསེར་ཐུར་ཐོགས་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྙཱ་ན་ཚཀྵུཿཔྲ་བེ་ཤ་ཡ་ཕཊ། གདོང་གཡོགས་བསལ། ཧཱུྃ། ཉོན་ཅིག་ཤེས་ལྡན་རིགས་ཀྱི་བུ། །གསང་བའི་དཀྱིལ་འཁོར་ཁྱོད་ལ་བསྟན། །དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །མོས་དང་གུས་པ་སྐྱེ་བར་གྱིས། །ཞེས་མཐོང་བ་བསྟན། དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་ནས་དངོས་གཞིའི་དབང་བསྐུར་ཞུ་བའི་སླད་དུ་མཎྜལ་ཕུལ། ཁྱད་པར་ཅན་གྱི་དོན་ཐོག་མར་བུམ་དབང་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ། ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ལན་གསུམ། སློབ་དཔོན་དཀྱིལ་འཁོར་པའི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་རྣམ་པར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨརྒྷཾ་སོགས་ཀྱི་མཆོད། ནམ་མཁའ་གང་བའི་དབང་ལྷ་རྣམས་དང་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་ཐོགས་ལ། ཧཱུྃ། བརྡལ་ཁྱབ་སྤྲོས་བྲལ་བུམ་པ་རུ། །རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་རྫོགས། །ཐུགས་རྗེ་ཡེ་ཤེས་བདུད་རྩི་འཁྱིལ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །སྐུ་མཆོག་འགྱུར་མེད་དབང་ཐོབ་ཤོག །ༀ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར། བི་ཛ་ཡ། ནི་ལ་དཎྜ། ཡ་མནྟ་ཀཱ། ཨཱརྱ་ཨ་ཙ་ལ། ཧྱ་གྲཱྀ་ཝ། ཨ་པ་རཱ་ཛི་ཏ། ཨ་མྲྀ་ཏ་ཀུནྜ་ལི། ཏྲཻ་ལོཀྱ་བི་ཛ་ཡ། མ་ཧཱ་བ་ལ་ཧཱུྃ། མ་ཧཱ་མཎྜ་ལ་ཨ་བྷི་ཛྙཱ་ན་ཨ་བྷི་ཙཱརྱ་ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ༀ། ཞེས་བརྗོད་ལ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། དེ་ལྟར་དབང་བསྐུར་བས་སྐུའི་ཆ་ཐམས་ཅད་བདུད་རྩིའི་ཆུ་རྒྱུན་གྱིས་གང་། ཆུའི་ལྷག་མ་ཡར་ལུད་པ་ལས་ཁྲག་འཐུང་རིགས་ལྔས་དབུ་བརྒྱན། དབང་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །དེའི་རྗེས་འབྲེལ་རྡོ་རྗེ་སློབ་དཔོན་གྱི་དབང་འདི་ལ་གསན་པས་ཁྱབ་སྟེ། ཧཱུྃ། དཀྱིལ་འཁོར་ཆེན་པོ་ཁྱོད་སྒོམས་ཤིག །དཀྱིལ་འཁོར་ཆེན་པོ་ཁྱོད་བྲིས་ཤིག །ཟས་དང་ནོར་གྱི་ཕྱིར་མ་བྱེད། །བྱང་ཆུབ་རྩི་ཡིས་ཟིན་པར་མཛོད། །བཀའ་བརྒྱུད་དྲི་མ་མེད་པ་ལ། །ཐོས་པ་བསམ་པ་བསྒོམ་པ་གསུམ། །ཚུལ་བཞིན་བུ་ཡིས་ཡང་དག་གྱིས། །ཞེས་དང་། འདིར་སྤྲོ་ན་ཕུར་པའི་རྒྱུད་རྩ་དུམ་ཚར་གཅིག་བཀླག །བཟླས་ལུང་སྦྱིན་པ་ནི། ཧཱུྃ། ལྷ་ཉིད་སྔགས་ལ་སྔགས་ཉིད་ལྷ། །སྔགས་དང་ལྷ་རུ་གཉིས་སུ་མེད། །ཡེ་ཤེས་ལྷ་ཡི་ཐུགས་དཀྱིལ་ན། །རང་རང་ཐུགས་ཀྱི་སྙིང་པོ་གནས། །དེ་ཕྱིར་ཁྱོད་ཀྱང་དེ་ཉིད་ཟློས། །སྙིང་པོ་འབྲུ་བཅུ་བདུན་པ་དང་། བཞི་སྙིང་གཅིག་དྲིལ། སྤུ་གྲིའི་དྲག་སྔགས་རྣམས་ཚར་རེ་རྗེས་ཟློས་བྱར་གཞུག །དེས་མཚན་མ་སྤྲུལ་པའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་ལས་གསུམ་དག ། གཟུགས་སུ་རྣམ་པར་རྟོག་པ་དང་རྩའི་ཁམས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྦྱངས། སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བསྐྱེད་རིམ་དམ་ཚིག་གི་ཕྱག་རྒྱ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་གསང་དབང་གི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །སྐུ་གསུམ་དབྱེར་མེད་སྒྲུབ་པ་ཡི། །དེ་ཕྱིར་གསང་བའི་དབང་བསྐུར་འདི། །ཡོངས་སུ་རྫོགས་པ་བསྐུར་བར་ཞུ། །ལན་གསུམ། བདེ་སྐྱོང་གི་སྣོད་དུ་བླ་མ་དཔལ་ཆེན་པོ་ཡབ་ཡུམ་སྙོམས་འཇུག་མཛད་པའི་བདེ་བའི་སྒྲས་སངས་རྒྱས་སྲས་བཅས་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས། བྱང་སེམས་དཀར་དམར་རོ་གཅིག་ཏུ་འདྲེས་པའི་རྒྱུན་ཐོད་པའི་བདུད་རྩི་དང་དབྱེར་མེད་པ་དེ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། བྷནྡྷ་ཐོགས་ལ། ཧཱུྃ། ཕྱི་ནི་རང་བྱུང་ཀ་པཱ་ལ། །ནང་ན་ཡེ་ཤེས་བདུད་རྩི་འཁྱིལ། །སྐལ་ལྡན་བུ་ལ་བྱིན་པ་ཡིས། །གསང་དབང་ཡོངས་སུ་རྫོགས་ཐོབ་ཤོག །སྔགས་མཐར་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་སྦྱིན། བྱང་སེམས་བདུད་རྩིའ་ིརྒྱུན་གྱིས་རྩ་གནས་ཐམས་ཅད་གང་བས་རྩའི་འཆིང་བྱེད་ཀྱི་མདུད་པ་གྲོལ། གཟུང་འཛིན་བརྒྱད་བཅུའི་རྟོག་པ་འགག །བདེ་བའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་པ་མཛོད། དེའི་རྗེས་འབྲེལ་དུ་ཁྱེད་རང་རྣམས་བདེ་སྟོང་ཕྱག་རྒྱ་ཆེན་པོ་དཔལ་ཆེན་བཛྲ་ཀུ་མཱ་རའི་ངོ་བོར་རྫོགས་པ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྫས་དང་ཡོ་བྱད་རྣམས་ཀྱིས་མངའ་གསོལ་བར་མོས་ཤིག །ཆས་དང་ཡོ་བྱད་རྣམས་ཐོགས་ལ། ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །དབུ་རྒྱན་དོ་ཤལ་རིགས་ལྔ་སྟེ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་འདི། །སློབ་དཔོན་རྟག་ཏུ་བཟུང་བར་བྱ། །ཐོད་པའི་རྔ་བརྡུང་མི་རྐང་གླིང་། །མི་བཟད་དྲུག་གི་ཕུར་པས་གདབ། །རྟོག་མེད་ཆེན་པོའི་རང་བཞིན་གྱིས། །ཤ་ལྔ་བདུད་རྩི་ལྔ་ལ་རོལ། །ཨ་ལ་ལ་ཧོ་དགྱེས་ཆེན་པོ། །རང་བཞིན་རྣམ་དག་ངེས་པར་རོལ། །ཁྱོད་ལ་དབང་བཞི་རྫོགས་བསྐུར་གྱིས། །གསང་སྤྱོད་ཚུལ་དང་ལྡན་པར་གྱིས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱི་དནྜཱ་ཧཱུྃ་ཕཊ། དེ་ལྟར་ཀཱི་ལ་ཡ་འོག་མ་ཀུན་ལ་སྦྱར་ཏེ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། ཛཿཧཱུྃ་བྃ་ཧོ་ཤཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ། ད་ཧ་ཡ་ད་ཧ་ཡ་ཧཱུྃ་ཕཊ། བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊཿ ཞེས་བསྐུར། དེས་གདན་གསུམ་སྐུའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་ལས་རྣམ་པ་བཞི་དག །སྒྲ་ཚིག་རང་མཚན་དུ་འཛིན་པ་དང་རླུང་བཅུ་དག་པར་སྦྱངས། གསུང་རྡོ་རྗེའི་བྱིན་རླབས་ཞུགས། རྫོགས་རིམ་ཆོས་ཀྱི་ཕྱག་རྒྱ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་དབང་གསུམ་པའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །སྐུ་གསུམ་དབྱེར་མེད་སྒྲུབ་པ་ཡིན། །དེ་ཕྱིར་ཤེས་རབ་ཡེ་ཤེས་ཀྱི། །དབང་འདི་རྫོགས་པར་བསྐུར་དུ་གསོལ། །ལན་གསུམ། ཁྱེད་རང་རྣམས་དཔལ་ཆེན་པོ་སྣང་སྟོང་སྒྱུ་མ་ལྟ་བུར་གསལ་བ་ལ། སློབ་དཔོན་གྱིས་ཡུམ་འཁོར་ལོ་རྒྱས་འདེབས་མ་ལས་རིགས་མཐུན་གྱི་ཕྱག་རྒྱ་མ་གཟུགས་དང་ལང་ཚོ་མཚན་ཉིད་ཕུན་སུམ་ཚོགས་པ་ཞིག་རྣམ་པར་སྤྲོས་ཏེ་གཏད་པར་མོས་ཤིག །རིག་མའི་གཟུགས་བརྙན་ཐོགས་ལ། ཧཱུྃ། བདེ་ཆེན་ཡེ་ཤེས་སྟོང་པའི་གཟུགས། །ཤེས་རབ་མཆོག་གི་ཕོ་ཉ་མོ། །བཞིན་མཛེས་བཅུ་དྲུག་ལང་ཚོ་ལྡན། །སྐལ་ལྡན་བུ་ལ་གཏད་པ་ཡིས། །དབབ་བཟུང་འདྲེན་དགྲམ་བརྟན་ཐོབ་ནས། །མ་དག་རླུང་ལྔ་དབྱིངས་སུ་འཇིག །ཕྱི་ནང་གཞན་གསུམ་རྣམ་དག་ཅིང་། །དག་རྫོགས་སྨིན་གསུམ་མཐར་སོན་ནས། །འབྲས་བུ་སྐུ་དང་ཡེ་ཤེས་དཔལ། །མི་སློབ་ལམ་གྱི་འབྲས་ཐོབ་ཤོག །སྔགས་མཐར། མ་ཧཱ་ཛྙཱ་ན་སུ་ཁ་པྲཛྙཱ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གཏད། ལྷ་མོ་དེས་ཀྱང་ས་མ་ཡ་ཧོ་ཞེས་ཐར་པ་བསྟེན་པར་བསྐུལ་བས་ཡབ་ཀྱིས་ས་མ་ཡ་སྟྭཾ་ཅེས་དགྱེས་པ་ཆེན་པོས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏིཔྟ་ཙཀྲ་ར་ཧོ་ཧཾ། རཱ་ག་ཡ་མི། ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་འདུ་ཤེས་གསུམ་ལྡན་གྱི་རོལ་པས་རྗེས་ཆགས་བདེ་ཆེན་གྱི་ཡེ་ཤེས་ཆེས་ཆེར་འབར་བས་གཉིས་སྣང་གི་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་སྟེ་བྱང་སེམས་བདུད་རྩིའི་དྭངས་མ་དབབ་ལྡོག་གི་སྦྱོར་བར་དྲངས་པའི་དཔེའི་ཡེ་ཤེས་ཉམས་སུ་མྱོང་བ་ལ་སྨྲར་མི་བཏུབ་པ་གསལ་ལ་ངོས་བཟུང་དང་བྲལ་བ་དཔེ་དིག་མས་བུ་རམ་མྱང་བ་ལྟ་བུ་སངས་རྒྱས་ཀྱི་དགོངས་པ་ཉོན་མོངས་པ་རང་སར་གྲོལ་བ་ཞིག་འབྱུང་བ་དེ་ངོས་ཟུངས་ལ་མཉམ་པར་ཞོག་ཅིག །ཅེས་དར་གཅིག་བསྐྱང་། དེས་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་ལས་གསུམ་དག །ཡིད་དང་ཆོས་སུ་རྟོག་པ་ལས་བྱུང་བའི་རྣམ་ཤེས་ཚོགས་བདུན་དང་། རང་བཞིན་བརྒྱད་ཅུའི་རྟོགས་པ་སྦྱངས། ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཟུང་འཇུག་ལས་ཀྱི་ཕྱག་རྒྱ་བརྟེན་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་དབང་བཞི་པའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །སྐུ་གསུམ་དབྱེར་མེད་སྒྲུབ་པ་ཡིན། །ཐམས་ཅད་སེམས་སུ་འདུག་པ་ལ། །སེམས་ལ་རང་དབང་མ་ཐོབ་ན། །འབྲས་བུ་སྨིན་པར་ག་ལ་འགྱུར། །ཆོས་སྐུར་ངོ་སྤྲོད་དབང་བསྐུར་ཞུ། །ལན་གསུམ། ཁྱེད་རང་རྣམས་སྒོ་གསུམ་མ་བཅོས་རང་བབས་སུ་ལྷོད་ཀྱིས་ཀློད་ལ་རིག་པ་སྐྱེ་འགག་གནས་གསུམ་དང་བྲལ་བའི་གཤིས་ལུགས་སྨྲ་བསམ་བརྗོད་བྲལ་གྱི་ངང་དུ་མཉམ་པར་ཞོག་མཛོད། མེ་ལོང་བསྟན་ལ། ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སེམས་ཀྱི་རང་བཞིན་འདི་ལྟ་སྟེ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །དེའང་རང་སེམས་སྟོང་གསལ་གྱི་དོན་ནི་མཚོན་བྱེད་མེ་ལོང་དྭངས་པ་ལ་གཟུགས་བརྙན་སྣ་ཚོགས་སུ་ཤར་བ་བཞིན་ཆོས་ཉིད་སྤྲོས་པ་དང་བྲལ་བའི་རང་བཞིན་མ་འགག་པར་ཐུགས་རྗེའི་རང་རྩལ་ཅིར་ཡང་འཆར་བའི་ངོ་བོ་སྐུ་གསུམ་དབྱེར་མེད་བློ་འདས་རྫོགས་པ་ཆེན་པོ་ནི་དཔལ་རྡོ་རྗེ་གཞོན་ནུའི་དགོངས་པ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཏེ་ཚིག་གིས་མཚོན་དུ་མེད་པས་བརྡས་མཚོན་ཏེ་བསྟན་པ་ཡིན་ནོ། །དེས་རྣམ་ཐར་སྒོ་གསུམ་གྱི་དཀྱིལ་འཁོར་དུ་རང་བཞིན་རྫོགས་པ་ཆེན་པོའི་དབང་ཐོབ། དཔེ་དོན་འབྲེལ་བའི་ཆོས་ཉིད་ཉམས་སུ་མྱོང་། ཀུན་གཞི་དང་ཤེས་བྱའི་སྒྲིབ་པ་དག །མཐོང་ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་ཕུར་སྲུང་དམ་ཅན་ལྕམ་དྲལ་རྣམས་བྲན་དང་འབངས་སུ་གཏད་པ་ཡིན་ཏེ། དམ་ཅན་གྱི་གཏོར་མ་རྣམ་ལ་དམིགས་ཏེ་བདེན་སྟོབས་སྔོན་དུ་འགྲོ་བས། ཕུར་སྲུང་དམ་ཅན་བཅུ་དྲུག་སྤྲུལ་འཁོར་དང་བཅས་པ་རྟེན་འདི་རྣམས་ལ་ཐིམ་པར་གྱུར་ཅིག །ཛཿཧཱུྃ་བཾ་ཧོཿ ཞེས་སྤྱུགས་གླུ་དང་བཅས་བཀུག་ཅིང་གུ་གུལ་དང་ཤ་ཆེན་བདུག །ཡུངས་དཀར་ལ་བཞི་སྙིང་གཅིག་དྲིལ་བཟླས་པ་འཐོར་བས་གཟི་བྱིན་བསྐྱེད་དེ། གཏོར་མ་རྣམས་ལག་ཏུ་གཏད་ཅིང་། ཕྲིན་ལས་མྱུར་མགྱོགས་ཀྱི་བདག་པོ་ཕུར་སྲུང་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་སྔོན་ཚེ་བལ་ཡུལ་ཡང་ལེ་ཤོད་དུ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བཀའ་དང་དམ་ལ་བཞག །རྡོ་རྗེ་ཕུར་པའི་སྲུང་མར་དབང་བསྐུར། སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ནས་ཇི་ལྟར་ཁས་བླངས་པའི་དམ་ཚིག་གཉན་པོ་དྲན་པར་མཛོད་ལ་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། ཁྱད་པར་ཉམས་པ་བདུན་ལྡན་གྱི་དགྲ་བགེགས་རྣམས་ལྟས་དང་ཆོ་འཕྲུལ་སྣ་ཚོགས་ཀྱིས་དཔའ་བཀོངས་ཏེ་དྲག་ཤུལ་གྱི་ལས་ཐོགས་མེད་དུ་སྒྲུབ་པར་མཛོད་ཅིག །ཅེས་བསྐུར། དེ་ལྟར་དབང་རྣམས་ཡོངས་སུ་རྫོགས་པ་ཐོབ་པ་ལ། ནམ་མཁའ་གང་བའི་སངས་རྒྱས་དཀྱིལ་འཁོར་གྱི་ལྷ་དང་བཅས་པས་ཤིས་པ་བརྗོད་པའི་དབྱངས་སྙན་སྒྲོགས་བཞིན་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དབང་དོན་གྱི་ཡེ་ཤེས་བརྟན་པར་བྱས་པའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་ཤིས་བརྗོད་རྒྱས་པར་སྤེལ་ལོ། །གསུམ་པ་ནི། དེ་ལྟ་ན་དབྱིངས་ཕྱུག་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱི་ཐུགས་དམ་གསང་བའི་ལྷ་མཆོག་རྡོ་རྗེ་ཕུར་པ་འབུམ་ནག་ལུགས་ཀྱི་དབང་བསྐུར་ཟབ་མོ་ལེགས་པར་ཕུལ་གྲུབ་པ་ལགས་པས། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ལ་རག་ལས་ཏེ། ཇི་སྐད་དུ། རྒྱུད་མྱང་འདས་ལས། ས་གཞི་ཆེན་པོ་དང་འདྲ་སྟེ་ཀུན་གྱི་རྟེན། ཡིད་བཞིན་ནོར་བུ་དང་འདྲ་སྟེ་འདོད་པ་བསྐང་། གཅན་གཟན་སེང་གེ་དང་འདྲ་སྟེ་ཟིལ་གྱིས་གནོན་པས་སྤྱིའི་དམ་ཚིག་དེ་དག་བསྲུང་བར་བྱ། ཞེས་གསུངས་པས་ཐུན་མོང་སྤྱིའི་དམ་ཚིག་རྩ་བ་གསུམ་དང་ཡན་ལག་ཉེར་ལྔའི་སྟེང་དུ། སྒྲུབ་པ་ཁྱད་པར་གྱི་དམ་ཚིག་ཉི་ཤུ། སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི། ལྟ་བ་གལ་མདོའི་དམ་ཚིག་ལ། མ་ཁྲེལ་བ་བཞི། ཉམས་པ་བཞི། མཐར་ཕྱིན་པའི་རྟགས་བཞི། ཉམས་པའི་རྒྱུ་བཞི། ཉམས་པ་བསྐང་ཚུལ་དང་བཅས་པ་ཕུར་པ་གསང་རྒྱུད་ནས་བསྟན་པ་ལྟར་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་གི་མཎྜལ་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་བཏང་། སློབ་དཔོན་གྱིས་ཚོགས་ལ་རོལ་པ་སོགས་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ལས་བྱང་དུག་ཕུར་ནག་པོ་བཞིན་མཐར་དབྱུང་བས་འགྲུབ་བོ། །བདག་རྒྱུད་ཡོན་ཏན་བརྒྱད་ཀྱིས་རིང་བཏང་བས། །ཆོས་ལ་དབང་ཟ་ཉེས་པའི་ཚོགས་ཅི་མཆིས། །བླ་མ་དཀྱིལ་འཁོར་ལྷ་ཡི་སྤྱན་སྔར་འཆགས། །བརྩེ་བས་བཟོད་མཛོད་མི་སྒྲིབ་དག་ཚངས་སྩོལ། །འདིར་འབད་དགེ་བས་འཁོར་བའི་རྦ་ཀློང་དུ། །དབང་མེད་བྱིངས་པའི་ཉམ་ཐག་སྲིད་གསུམ་འགྲོ། །མ་ལུས་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་བའི། །མི་གནས་སྐུ་ལྔའི་གཏན་སྲིད་ཟིན་གྱུར་ཅིག །ཅེས་ཕུར་པའི་འགྲེལ་བཤད་འབུམ་ནག་ལུགས་ཀྱི་དབང་བསྐུར་མདོར་བསྡུས་སུ་བསྡེབས་པ་འདིའང་། སངས་རྒྱས་པདྨའི་དོན་གྱི་རྒྱལ་ཚབ་མཚུངས་མེད་རིགས་ཀྱི་བདག་པོ་བདུད་འཇོམས་འགྲོ་འདུལ་གླིང་པའི་བཀའ་སྩལ་སྤྱི་བོར་བླངས་ཏེ་རྗེ་བཙུན་ཆེན་པོ་པདྨ་ལས་འབྲེལ་རྩལ་གྱི་བཀའ་འབངས་སུ་གྱུར་པའི་རྣལ་འབྱོར་རྒྱལ་ཁམས་སྤྱོད་པ་ཁྲོ་རྒྱལ་རྡོ་རྗེས་དོག་བདེ་ཕུའི་གུ་རུའི་སྒྲུབ་གནས་པདྨའི་དགའ་ཚལ་དུ་སྦྱར་བ་འདི་དགེ་ལེགས་སུ་གྱུར་ཅིག །དགེའོ། །བཀྲ་ཤིས།། །།