Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
   
   
   
   
བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་བསྙེན་པའི་ལས་བྱང་བཀོལ་བའི་དུམ་བུ། འཇིགས་མེད་གླིང་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་བསྙེན་པའི་ལས་བྱང་བཀོལ་བའི་དུམ་བུ། འཇིགས་མེད་གླིང་པ།next

བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་བསྙེན་པའི་ལས་བྱང་བཀོལ་བའི་དུམ་བུ། འཇིགས་མེད་གླིང་པ།

བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་བསྙེན་པའི་ལས་བྱང་བཀོལ་བའི་དུམ་བུ་ཞེས་བྱ་བ་བཞུགས། བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་བསྙེན་པའི་ལས་བྱང་བཀོལ་བའི་དུམ་བུ་ཞེས་བྱ་བ། དཔལ་ཆེན་ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་བདུན་ལས། དང་པོ་བདུན་རྣམ་དག་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད་། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ། གཉིས་པ་ཕྱི་རོལ་པ་བསྐྲད་པ་ནི། གཏོར་མ་འབྲུ་གསུམ་གྱིས་བརླབས་ནས། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ལུས་ཀྱང་དུམ་བུ་སྟོང་དུ་གཏུབས། །སྙིང་ཡང་ཚལ་པ་བདུན་དུ་ཁོས། །ཞེས་དང་ཧཱུཾ་བཞིའི་སྔགས་ཀྱིས་བསྐྲད། གསུམ་པ་མཚམས་གཅད་ནི། ཧཱུཾ། ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར། །ཚམ་རྔམས་གཟུགས་ནི་གློག་ལྟར་འབར། །མེ་རླུང་ཆུ་ཡིས་བསྲེག་གཏོར་བཀྲུས། །ཉེས་བྱེད་གསུམ་ཡང་སྲིད་པར་གྲོལ། །བཛྲ་ཛྭ་ལ་རཾ། རཾ་ཡཾ་ཁཾ། བཞི་པ་བཤགས་པས་རྒྱུད་དག་པར་བྱ་བ་ནི། ༀ། ཡེ་ཤེས་ལྔ་ལྡན་བླ་མ་རྡོ་རྗེ་འཛིན། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །ཁྲག་འཐུང་ཁྲོ་བོ་ཁྲོ་མོས་བྱིན་གྱིས་རློབས། །བདག་གི་ལུས་ཀྱིས་སྲོག་གཅོད་མ་བྱིན་བླངས། །མི་ཚངས་སྤྱད་ཅིང་ཏིང་འཛིན་སྐུ་མ་གསལ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨཱཿ བདག་གི་ངག་གིས་རྫུན་དང་ཕྲ་མ་དང་། །ངག་འཁྱལ་ཚིག་རྩུབ་བཟླས་བརྗོད་གྲངས་མ་སྐྱོལ། །རྡོ་རྗེ་བཟླས་པའི་དོན་ནི་མ་རྟོགས་ཏེ། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །བཛྲ། བདག་གིས་སྣོད་ལྡན་སེམས་ཅན་ཐམས་ཅད་ལ། །བརྣབ་སེམས་གནོད་སེམས་ལོག་ལྟ་སྐྱེས་པ་དང་། །ཆོས་ཉིད་ཟབ་མོའི་དོན་ནི་མ་རྟོགས་ཏེ། །ལྟ་བ་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །ས། སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་རྒྱུ། །མ་རྟོགས་བདག་གིས་བརྔན་དང་སྐྱོན་དུ་བགྲངས། །སངས་རྒྱས་ཡོན་ཏན་མཐའ་ཡས་མ་བརྗོད་ཅིང་། །ཡོན་ཏན་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཏྭ། སངས་རྒྱས་ཕྲིན་ལས་སྣ་ཚོགས་དཔག་མེད་ཀྱི། །སྙིང་རྗེ་ཆེན་པོས་སེམས་ཅན་དོན་མ་བྱས། །བདུད་རྩི་ལྔ་ལ་ལོངས་སྤྱོད་མ་ནུས་ཤིང་། །ཕྲིན་ལས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཧཱུཾ། སྐྱེ་བ་རྣམ་བཞིས་བསྡུས་པའི་སེམས་ཅན་རྣམས། །ཆོས་སྐུ་རྣམ་དག་དབྱིངས་ལས་གཟུགས་སྐུར་སྣང་། །བདེ་བ་ཆེན་པོས་ཀུན་ལ་ཁྱབ་དམིགས་ཏེ། །ཡང་དག་དོན་མ་རྟོགས་པ་མཐོལ་ལོ་བཤགས། །ལྔ་པ་དམ་བཅའ་བ་ནི། ༼སྤྲོས་པ་ཆུང་ན་མི་དགོས། ལྷག་པའི་བསམ་པ་བརྟན་པོས།༽ༀ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་རྒྱུད་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་བདག་བསྒྲུབ་མ་ལགས་ཏེ། །འགྲོ་བ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པ། །སུན་པར་མི་བགྱི་མགོན་ཁྱོད་བསླུ་མ་ལགས། །སྙིང་ནས་བདག་གིས་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱོད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡིས། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་གཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབ་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱོད་ནི་ཡོངས་མི་སྤོང་། །རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང་། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུང་། །འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་གནས་པར་སྤྲོ། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི། །སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན། །ཇི་སྲིད་ངན་སོང་སྟོངས་པར་མ་གྱུར་པ། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ། །སྙིང་རྗེའི་ལོངས་སྤྱོད་དེ་ལས་མ་མཆིས་པས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང་། །ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །འགྲོ་ལ་ཐུགས་རྗེ་དཔལ་གྱི་མགུར་ནས་གསུང་། །རྣལ་འབྱོར་དམ་ཆོས་བདུད་རྩི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུག་པར་མ་མཆིས་པར། །ཇི་ལྟར་འཚམས་པ་བཞིན་དུ་རྒྱས་པར་བགྱི། །སྲིད་པར་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིགས་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང་། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མི་མིན་གདུག་པ་གང་ཡང་རུང་། །བདག་གི་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་མེད་དང་། །རྡོ་རྗེ་རྒྱལ་པོ་ཁྱོད་ལ་བརྟེན་ནས་ནི། །སངས་རྒྱས་ཞིང་སྦྱོང་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །བདག་ནི་འཕགས་མཆོག་ཕྱག་རྒྱ་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། །ཁྱེད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་སོགས་མེ་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་དུ་བདག་མཆི་ན། །དམ་པ་རྣམས་ཀྱིས་ནུས་མཐུ་སྩལ་དུ་གསོལ། །དྲུག་པ་བྱིན་དབབ་པ་ནི། ཧཱུཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། བདུན་པ་མཆོད་རྫས་བརླབ་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་ཧཱུཾ། པུཥྤེ་ཏྲཱཾ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་ཨ། ལཱ་སྱེ་ཧཱུཾ། མཱ་ལེ་ཏྲཱཾ། གཱིརྟི་ཧྲཱིཿ ནིརྟི་ཨཱཿ ཝི་ནི་ཧཱུཾ། ཝཾ་སེ་ཏྲཱཾ། མྲྀ་ཏཾ་གེ་ཧྲཱིཿ མུ་རཉྫེ་ཨཿ རཱུ་པ་ཧཱུཾ། སྤཪྴེ་ཏྲཱཾ། རཱ་ས་ཧྲཱིཿ དྷརྨ་དྷཱ་ཏུ་ཨཱཿ ལན་གསུམ། གཉིས་པ་ནི། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱི་ཋཱཿ ༀ་མ་ཧཱ་མ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བཱ་དྱ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ༀ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱི་ཋཱཿ ལན་གསུམ་རེ་བྱའོ། །གཉིས་པ་དངོས་གཞི་ལ་སྦྱང་གཞི་མ་དག་པ་སྣོད་བཅུད་དུ་འཛིན་པའི་སྣང་ཞེན་དང་། སྐྱེ་གནས་བཞིའི་བག་ཆགས་ཐབས་བསྐྱེད་པའི་རིམ་པས་སྦྱོང་བར་བྱེད་པ་ལ་རྣམ་གྲངས་བཅོ་ལྔ་ལས། དང་པོ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དུ་ལྡང་བ་ནི། ཧཱུཾ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་གོ་རུ་བསྒོམ་པར་བྱ། །གཉིས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀུན་སྣང་དུ་བསྒོམ་པ་ནི། ཧཱུཾ། བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་བཞིས་བསྒྲལ་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །གསུམ་པ་རྣམ་ཤེས་རྡོ་རྗེས་མཚན་ཉིད་རྒྱུའི་ཏིང་འཛིན་ཧཱུཾ་ལས་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། ཧཱུཾ་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུཾ། བྷཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུཾ། སྲོག་ལས་ནམ་མཁའ་གྲུ་གསུམ་དང་། །རླུང་ཁྲག་ཤ་ཆེན་ཀེང་རུས་མེ། །འཇིགས་པའི་དུར་ཁྲོད་གཞལ་ཡས་ཁང་། །སྒྲ་ཡི་རྐྱེན་གྱིས་རབ་ཏུ་རྫོགས། །ཏིང་འཛིན་དཀྱིལ་འཁོར་རྒྱུ་གཉིས་ཀྱིས། །མཛེས་ཤིང་འཇིགས་པར་རབ་ཏུ་གནས། །ཕྱི་ནི་རིན་ཆེན་ལྔ་ལས་གྲུབ། །དབུས་སུ་ནོར་བུ་བཻ་ཌཱུརྱ། །ཤར་ནི་ཤེལ་ཡིན་ལྷོ་ནི་གསེར། །ནུབ་ནི་པདྨ་རཱ་ག་ལ། །བྱང་ནི་ཨིནྡྲ་ནཱི་ལར་གནས། །རིན་ཆེན་ལྔ་ཡི་རྩིགས་པས་མཛེས། །འདོད་ཡོན་ལྷ་མོ་རིན་ཆེན་བརྡར། །མེ་ཏོག་ཕྲེང་བ་མུ་ཏིག་ཧར། །ཏྭ་ར་ཎ་ཞིང་འཁོར་ལོ་གདུགས། །བ་དན་ལ་སོགས་རབ་ཏུ་མཛེས། །ཏོག་ནི་རྡོ་རྗེ་རྩེ་དགུ་པའོ། །ནང་ནི་དུར་ཁྲོད་གཞལ་ཡས་ཁང་། །ཀླུ་ཆེན་བརྒྱད་ཀྱི་ཀ་བ་ལ། །ཉི་མ་ཟླ་བ་ལྷ་ཡི་བུ། །ཀ་གདན་ཀ་གཞུ་མཛེས་པར་གནས། །ལྷ་ཆེན་བརྒྱད་ཀྱི་གདུང་ལ་ནི། །ཟླ་བའི་སྐར་ཁུང་ཡང་དག་གནས། །གཟའ་ཆེན་བརྒྱད་ཀྱི་ལྕམ་ལ་ནི། །ཉི་མའི་མཐོངས་ཁུང་བཅུ་ཡིས་མཛེས། །ཉི་ཤུ་རྩ་བརྒྱད་རྒྱུ་སྐར་གྱི། །དྲལ་མ་རྣམས་སུ་རབ་ཏུ་མཛེས། །ཐོད་པ་སྐམ་རློན་ར་རིས་ཀྱི། །ཕྱོགས་བཞིའི་རྩིག་པ་རབ་ཏུ་བྱས། །འབྱུང་པོ་བསྣོལ་བས་མ་ཐེམ་བྱས། །ཆུ་སྲིན་ཡ་ཐེམ་ཉིད་དུ་བྱས། །རོ་རློན་ལོགས་ཀྱི་སྐྱེས་བུ་ལ། །རིགས་བཞི་ཀླུ་ཡི་སྒོ་བཞི་མཛེས། །དབུས་ཀྱི་གྲུ་གསུམ་མཐིང་ནག་ལ། །ཟླ་གམ་དམར་པོ་གསུམ་དང་ལྡན། །འཁོར་ལོ་རྩིབས་བརྒྱད་ནག་པོར་གནས། །དུར་ཁྲོད་བརྒྱད་དུ་གནས་པ་སྟེ། །མཚོ་དང་རླུང་དང་སྤྲིན་དང་ནི། །ཞིང་སྐྱོང་ཕྱོགས་སྐྱོང་མཆོད་རྟེན་དང་། །བྲག་དང་མེ་ཡི་རྣམ་པར་གནས། །རོ་ནི་རློན་པ་ར་རི་དང་། །ཀེང་རུས་བམ་རུལ་རྣམ་པར་འཐོར། །བྱ་གཅན་འཇིགས་པའི་མ་མོ་དང་། །སྲིད་པའི་མཁའ་འགྲོ་མང་པོ་གནས། །གཞལ་ཡས་མཛེས་ཤིང་འཇིགས་པ་དེར། །བཞི་པ་གདན་བསྐྱེད་པ་ནི། རཱུ་ཏྲ་ཀྲོ་དྷི་ཏི་ར་བཾ། པཾ་པདྨ་མཎྜ་ལ། མ་སཱུརྱ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། རཱུ་ཏྲ་ཕོ་མོ་དམ་སྲི་བཅུ། །བདུད་བཞི་བགེགས་བཞི་ཕོ་མོ་རྣམས། །ཁ་སྦུབ་གན་རྐྱལ་བྱི་ཆིངས་མནན། །པདྨ་ཉི་ཟླ་ཡོན་ཏན་སྤྲས། །རབ་བསྐྱེད་འོད་ཟེར་རབ་ཏུ་འཁྲུགས། །ལྔ་པ་བརྟེན་པའི་ལྷ་བསྐྱེད་པ་ལ་གསུམ་ལས། དང་པོ་བདག་ཉིད་རྩ་བའི་དཀྱིལ་འཁོར་བསྐྱེད་པ་ལའང་གཉིས་ཀྱི། དང་པོ་སངས་རྒྱས་ཀྱི་སྲས་སུ་བདག་བྱ་བ་ནི། ༀ་བཛྲ་སཏྭ་ཧཱུཾ། རྡོ་རྗེ་ཧཱུཾ་ཡིག་ཡོངས་གྱུར་ལས། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་ནི། །མཚན་དང་དཔེ་བྱད་ཡང་དག་རྫོགས། །རྡོ་རྗེེ་དྲིལ་བུ་བདེ་བར་འཁྱུད། །ཀུནྡ་ལྟ་བུར་དཀར་བའི་མདོག །རིགས་ལྔ་ཁྲག་འཐུང་ཡབ་ཡུམ་བཅུ། །འདུས་པའི་རྡོ་རྗེ་གཞོན་ནུའི་སྐུ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེ་སྡང་ཁྲག་འཐུང་རྒྱལ་པོ་དང་། །བདེ་བར་སྒྲོལ་བར་བྱེད་པའི་ཡུམ། །ཁྲོ་ཞིང་རྔམ་པའི་ཚུལ་བསྐྱེད་པས། །གདུག་པ་མ་ལུས་སྒྲོལ་བར་བྱེད། །ཨ་དང་ཧཱུཾ་ལས་རབ་ཏུ་སྦྱར། །ཡུམ་གྱིས་ཡབ་ཀྱི་ལྕེ་གཞིབས་ནས། །ཡུམ་གྱི་ཐུགས་ཀར་ཨུཏྤལ་གཏད། །གདུང་བའི་ང་རོས་འདི་སྐད་བརྗོད། །ཧཱུཾ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོར་གྲུབ་པར་མཛོད། །གཉིས་པ་བདག་གི་སྲས་སུ་སངས་རྒྱས་བྱ་བ་ནི། ཡབ་ཡུམ་སྦྱོར་བ་མཛད་པ་ལས། །དགྱེས་མཆོད་གསང་བ་སོ་སོར་ཐོབ། །སྥ་ར་ཎ་ཕཊ་བརྗོད་པའི། །འོད་ཀྱིས་སྲས་བཅས་རྒྱལ་བ་མཆོད། །སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས། །སཾ་ཧ་ར་ཎ་ཧཱུཾ་བརྗོད་པས། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས། །བཀུག་ནས་ཡུམ་གྱི་མཁའ་རུ་བསྟིམ། །བདེ་ཆེན་བྱང་ཆུབ་སེམས་སུ་གྱུར། །རྡོ་རྗེ་དམ་ཚིག་ཨེ་མ་ཧོཿ གཉིས་མེད་དགྱེས་པ་ཆེན་པོའི་ངང་། །ཡབ་ཡུམ་འོད་ཞུ་ཡི་གེ་ཧཱུཾ། །ཡོངས་གྱུར་འབྲས་བུའི་ཧེ་རུ་ཀ །དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །སྒེག་པ་དཔའ་བ་གར་དགུ་པ། །རྫུ་འཕྲུལ་ཞབས་བཞི་དོར་སྟབས་བགྲད། །རྣམ་པར་ཐར་པའི་དབུ་གསུམ་གྱིས། །སྐྲག་མཛད་བཞད་གཤེ་ཁྲོ་བོའི་ཞལ། །གཡས་པ་ལྗང་ནག་གཡོན་དམར་ནག །སྤྱན་དམར་སྨིན་མ་སྨ་ར་སེར། །ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུག །ཕ་རོལ་ཕྱིན་དྲུག་མཚོན་པ་ཡི། །ཕྱག་དྲུག་གཡས་ཀྱི་དང་པོ་ན། །གསེར་གྱི་རྡོ་རྗེ་རྩེ་དགུ་དང་། །གཡོན་གྱི་དང་པོ་མེ་དཔུང་བསྣམས། །གཡས་པ་རྡོ་རྗེ་རྩེ་ལྔ་དང་། །དགྲ་སྟྭ་རྡོ་རྗེ་ཐོ་བ་འོ། །ཁ་ཊྭཱཾ་ཐོད་དབྱུག་ལྕགས་ཀྱུ་གཡོན། །གཡས་ཀྱི་ཐ་མ་ཕུར་པ་དང་། །གཡོན་ན་ཕྲ་མེན་རྦོད་གཏོང་ནི། །ཁྱུང་དང་བྱ་རྒོད་འུག་པ་དང་། །ཁྲ་དང་བྱ་རོག་ཕོ་ཉར་འགྱེད། །རྡོ་རྗེའི་གཤོག་པས་སྲིད་གསུམ་གནོན། །མཐིང་ནག་སྐུ་ལ་དུར་ཁྲོད་ཆས། །རིགས་ལྔ་ཐོད་པ་ལྔ་ཡིས་བརྒྱན། །ཀླུ་ཆེན་བརྒྱད་དང་ཐོད་པར་བརྒྱན། །འཁོར་ལོ་རྒྱས་འདེབས་བདེ་བའི་ཡུམ། །སྦྲུལ་དང་ཐོད་པ་གཟིག་གིས་བརྒྱན། །དྲིལ་བུ་ཐོད་ཁྲག་ཕྱག་ན་བསྣམས། །ཨེ་ཀ་ཛ་ཊི་སྒྲོལ་བའི་ཡུམ། །གྲི་གུག་ཐོད་ཁྲག་ཁམས་གསུམ་སྒྲོལ། །རེ་འགའ་ཁ་ཊྭཱཾ་རྩེ་གསུམ་བསྣམས། །གཡེར་ཁ་དྲིལ་བུ་ཉིད་ལས་ཀྱང་། །རྟོག་མེད་ཆོས་ཀྱི་སྒྲ་འབྱིན་མ། །མ་མོ་དྲུག་ཅུ་ཕོ་ཉར་འགྱེད། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཕཊ་ཛ། མ་ཧཱ་བོ་དྷི་ཙིཏྟ་མཎྜ་ལ་ཧཱུཾ་ཕཊ། ཡབ་ཡུམ་འདོད་ཆགས་ང་རོ་བརྗོད། །བྱིན་གཉིས་དམ་དུ་རབ་འཁྱུད་དེ། །ལག་པ་དམ་འཁྱུད་མ་མཆུ་གཞིབས། །རྡོ་རྗེའི་དམ་ཚིག་གླུ་ཡི་བསྐུལ། །ཧཱུཾ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པའི། །སྐུ་ཡི་དབྱིག་ཏུ་སྲས་བསྐྱེད་ཅིག །གཉིས་པ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་སྲས་ཀྱི་རང་བཞིན་དུ་བསྐྱེད་པ་ནི། ༀ་བཛྲ་བུདྡྷ་རཏྣ་པདྨ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་རིན་ཆེན་པདྨ་ལས། །དེ་བཞིན་རིགས་ཀྱི་སྲས་མཆོག་ལྔ། །སྟོད་ནི་གཙོ་བོ་ཡབ་འདྲ་ལ། །སྨད་ནི་ཆུ་སྲིན་ཕུར་བུ་དབལ། །དུས་མཐའི་མེ་ལྕེ་འུར་འུར་འབར། །སྐུ་གཅིག་ངང་ལ་སྐུ་གསུམ་རྫོགས། །རྒྱ་མདུད་ནང་ནས་སྔགས་ཀྱི་སྒྲ། །འབྲུག་སྟོང་ལྟ་བུར་ལྡིར་ཞིང་སྒྲོགས། །ཆུ་སྲིན་ཁ་ནས་མེ་ལྕེ་འོད། །གློག་ལྟར་འཁྱུག་ཅིང་སྟོང་གསུམ་གསལ། །སྡིག་སྦྲུལ་སྦལ་ལྕོང་ཆོ་འཕྲུལ་འགྱེད། །སྟོང་གསུམ་གང་ཞིང་ཀླུ་རྣམས་འདུལ། །ཐུགས་ཀ་དཔལ་བེའུའི་དཀྱིལ་འཁོར་ན། །བཞི་བཅུ་རྩ་བདུན་ལྷ་ཚོགས་དང་། །དབུ་ལ་རིགས་ལྔ་ཁྲག་འཐུང་རྫོགས། །དཀྱིལ་འཁོར་ཡོངས་རྫོགས་བདག་ཉིད་ཅན། །དགྲ་སྟྭ་གཡས་ལ་རང་རྟགས་གཡོན །བར་པ་ཁ་ཊྭཱཾ་གཏུན་ཤིང་དང་། །ཐ་མ་རི་རབ་ཕུར་བུ་འདྲིལ། །རྒྱུད་ལྔ་ཡེ་ཤེས་ལྔ་རུ་གྲོལ། །དུག་ལྔ་རྩད་ནས་གཅོད་པར་བྱེད། །སངས་རྒྱས་འདུས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །ༀ་ཨཱཿཧཱུཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ནན། གསུམ་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་ནི། གདུག་པའི་ཕྱོགས་སྐྱོང་ཚར་གཅོད་ཕྱིར། །ཡབ་ཡུམ་བདེ་བའི་སྒོ་ང་བཅུ། །ཕྱུང་སྟེ་ཕྱོགས་བཅུར་རབ་ཏུ་སྤྲོ། །ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་ཧཱུཾ་ཕཊ། གརྫ་ཧཱུཾ་ཕཊ། སྟེང་ཕྱོགས་ཉི་ཟླའི་གདན་སྟེང་དུ། །ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་དང་། །ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ། །སྤྲུལ་པ་ཕག་དང་རྨིག་བུའི་མགོ། །ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧཱུཾ་ཕཊ། ཧ་ན་ཧཱུཾ་ཕཊ། ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ། །ཁྲོ་བོ་རྡོ་རྗེ་རྣམ་པར་རྒྱལ། །ཡུམ་ཆེན་རྡོ་རྗེ་སྙེམས་མ་དང་། །སྤྲུལ་པ་སྟག་དང་བྱ་རྒོད་མགོ། །ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ནཱི་ཧཱུཾ། ད་ཧ་ཧཱུཾ་ཕཊ། ད་ཧ་ཧཱུཾ་ཕཊ། ཤར་ལྷོ་མེ་ལྷའི་གདན་སྟེང་དུ། །ཁྲོ་བོ་རྡོ་རྗེ་དབྱུག་སྔོན་ཅན། །ཡུམ་ཆེན་རྡོ་རྗེ་སྡེར་མོ་དང་། །སྤྲུལ་པ་གཡག་དང་བྱ་རོག་མགོ། །ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་ཧཱུཾ་ཕཊ། པ་ཙ་ཧཱུཾ་ཕཊ། ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་དུ། །ཁྲོ་བོ་རྡོ་རྗེ་གཤིན་རྗེའི་གཤེད། །ཡུམ་ཆེན་དུར་ཁྲོད་བདག་མོ་དང་། །སྤྲུལ་པ་ཤ་བ་འུག་པའི་མགོ། །ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། བྷནྡྷ་ཧཱུཾ་ཕཊ། བྷནྡྷ་ཧཱུཾ་ཕཊ། ལྷོ་ནུབ་སྲིན་པོའི་གདན་སྟེང་དུ། །ཁྲོ་བོ་ཆེན་པོ་མི་གཡོ་མགོན། །ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ། །སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ། །ༀ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧྲཱིཿ ཧུ་ལུ་ཧཱུཾ་ཕཊ། ཧུ་ལུ་ཧཱུཾ་ཕཊ། ནུབ་ཕྱོགས་ཀླུ་དབང་གདན་སྟེང་དུ། །ཁྲོ་བོ་ཆེན་པོ་རྟ་མགྲིན་རྒྱལ། །ཡུམ་ཆེན་རྡོ་རྗེ་གཏུམ་མོ་དང་། །སྤྲུལ་པ་བྱི་ལ་པུ་ཤུད་མགོ། །ༀ་བཛྲ་ཀྲོ་དྷ་ཨ་པ་ར་ཙིཏྟ་ཧཱུཾ། ཏིཥྛ་ཧཱུཾ་ཕཊ། ཏིཥྛ་ཧཱུཾ་ཕཊ། ནུབ་བྱང་རླུང་ལྷའི་གདན་སྟེང་དུ། །ཁྲོ་བོ་ཆེན་པོ་གཞན་མི་ཐུབ། །ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ། །སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ། །ༀ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུཎྜ་ལི་ཧཱུཾ། ཚིནྡྷ་ཧཱུཾ་ཕཊ། ཚིནྡྷ་ཧཱུཾ་ཕཊ། བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ། །ཁྲོ་བོ་རྡོ་རྗེ་བདུད་རྩི་འཁྱིལ། །ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ། །སྤྲུལ་པ་སེང་གེ་ཕ་ཝང་མགོ། །ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ། བྷིནྡྷ་ཧཱུཾ་ཕཊ། བྷིནྡྷ་ཧཱུཾ་ཕཊ། བྱང་ཤར་འབྱུང་པོའི་གདན་སྟེང་དུ། །ཁྲོ་བོ་རྡོ་རྗེ་ཁམས་གསུམ་རྒྱལ། །ཡུམ་ཆེན་རྡོ་རྗེ་གསོད་མ་དང་། །སྤྲུལ་པ་དོམ་དང་སྲེ་མོང་མགོ། །ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་ཧཱུཾ་ཕཊ། སྥོ་ཊ་ཧཱུཾ་ཕཊ། འོག་ཕྱོགས་ས་བདག་གདན་སྟེང་དུ། །ཁྲོ་བོ་རྡོ་རྗེ་སྟོབས་པོ་ཆེ། །ཡུམ་ཆེན་རྡོ་རྗེ་བསྐྱོད་མ་དང་། །སྤྲུལ་པ་དྲེད་དང་བྱི་བའི་མགོ། །ལྷ་ནི་བཞི་བཅུ་འདི་རྣམས་ཀྱང་། །ཞལ་གཅིག་ཕྱག་གཉིས་མདོག་ནག་གཟུགས། །སྟག་དང་གཟིག་གི་ཤམ་ཐབས་ཅན། །མཆེ་བ་ཅན་དང་གཤོག་པ་ཅན། །ཕྲ་མེན་མགོ་བརྙན་ཉི་ཤུ་ནི། །སྦྲུལ་དང་ཐོད་པས་རབ་ཏུ་བརྒྱན། །ཕུར་པ་ལྕགས་ཀྱུ་ཕྱག་ན་བསྣམས། །སྐྲ་བརྫེས་སྤྱན་དམར་མཆེ་བ་གཙིགས། །དུས་མཐའི་འོད་ཟེར་འབར་བས་འཁྲུག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བི་ད་ཡ་བི་ད་ཡ་ཧཱུཾ་ཕཊ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མཿས་མནྟ་ཧྲིཾ་ཧྲིཾ་ཧཱུཾ་ཕཊ། ༀ་བཛྲ་ཀཱི་ལི་ལཱི་ལ་ཡ་པྲ་སུ་རུ་པྲ་སུ་རུ་ཧཱུཾ་ཕཊ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། ཉི་ཟླ་ཡི་གེ་བཞི་ཉིད་ལས། །དྲོད་གཤེར་ལས་སྐྱེས་སྒོ་མ་བཞི། །ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ། །སྐྱེ་ཀའི་མགོ་ཅན་ལྕགས་ཀྱུ་མ། །ལྷོ་ཕྱོགས་གྲུལ་བུམ་གདན་སྟེང་དུ། །པུ་ཤུད་མགོ་ཅན་ཞགས་པ་མ། །ནུབ་ཕྱོགས་ཆུ་བདག་གདན་སྟེང་དུ། །སྲིན་བྱའི་མགོ་ཅན་ལྕགས་སྒྲོག་མ། །བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ། །ཁྲ་ཡི་མགོ་ཅན་དྲིལ་བུ་མ། །འདི་བཞི་ཞལ་གཅིག་ཕྱག་གཉིས་མ། །དཀར་སེར་དམར་དང་ལྗང་བའི་མདོག །གཟིག་དང་ཐོད་སྦྲུལ་རྒྱན་དུ་བྱས། །བསྐུམ་ཞིང་བརྐྱང་བའི་སྟབས་ཀྱིས་མནན། །ཕྱག་གཡོན་ཕུར་པ་འདེབས་པར་མཛད། །མེ་དཔུང་དཀྱིལ་ན་ཁྲོ་ཚུལ་བཞུགས། །ལྷ་ནི་བརྒྱད་དང་བཞི་བཅུ་རྣམས། །དྲག་པོའི་ཚུལ་གྱིས་ཞེ་སྡང་འཇོམས། །མུ་རན་ལ་ནི་ཕུར་སྲུང་སྟེ། །ཨེ་ཡཾ་མ་ཡ་བཞི་ཉིད་ལས། །ཤྭ་ན་མུ་ཁ་བཞི་པོ་གསལ། །ཛཿཡིག་བཞི་ལས་ས་བདག་བཞི། །བྷྱོ་ཡིག་བཞི་ལས་བདག་ཉིད་བཞི། །མཐུ་དང་རྫུ་འཕྲུལ་གློག་ལས་མྱུར། །བསྟན་པ་བསྲུང་ཞིང་ཉམས་པ་བདུན། །ཞེ་ལ་གནག་པའི་སྟོབས་ཀྱིས་སྒྲོལ། །མདོར་ན་འཁོར་དང་མྱང་འདས་ཀུན། །དཔལ་ཆེན་དཀྱིལ་འཁོར་གཅིག་ཏུ་རྫོགས། །བཞི་པ་བྱིན་གྱིས་རློབ་པ་ནི། སྙིང་ག་མགྲིན་པ་སྤྱི་བོ་རུ། །ཟླ་བའི་དཀྱིལ་འཁོར་བསམ་ནས་ནི། །རྡོ་རྗེ་པདྨ་འཁོར་ལོ་དག །ཧཱུཾ་ཨཱཿༀ་གྱིས་མཚན་པ་ལས། །ཐུགས་ཀྱི་རྡོ་རྗེ་ལ་སོགས་བསྒོམ། །དེ་ཉིད་ཤེས་རབ་སྐུ་རྒྱས་མ། །ལྷ་མོ་རྣམས་ཀྱི་འོད་ཚོགས་ཀྱིས། །དུས་གསུམ་ཕྱོགས་རྣམས་ཁྱབ་པ་ཡིས། །མ་ལུས་སངས་རྒྱས་དྲངས་མཆོད་ནས། །བཀྲ་ཤིས་དོན་བྱེད་རྣམས་ལ་ནི། །རང་གི་ཐུགས་སྲོག་རྡོ་རྗེ་ཡིས། །དེ་ལ་བྱིན་རླབས་བསྐུལ་བར་བྱ། །རང་སྔགས་དང་བསྟུན་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་སོ་སོར་གཏུག་ཅིང་། སྙིང་གར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མགྲིན་པར་དེ་བཞིན་ལས། ཝཱ་ཀ་སྦྱར། སྤྱི་བོར་ཀཱ་ཡ། ལྔ་པ་དབང་བསྐུར་བ་ལ་གསུམ་ལས། དཀྱིལ་འཁོར་གསུམ་གྱི་སྲོག་ཡེ་ཤེས་སུ་དབང་བསྐུར་བ་ནི། སྙིང་གར་བྷྲཱུཾ་ལས་རིན་པོ་ཆེའི་གཞལ་མེད་ཁང་སྒོ་གཅིག་པའི་སྒོ་སྲུང་རྟ་མགྲིན་ཡབ་ཡུམ་དུ་གནས་པའི་ནང་དུ་ཧཱུཾ་ལས་ཡེ་ཤེས་སེམས་དཔའ་ཚོན་གང་བ་གཅིག་བསམ་ལ། ཡེ་ཤེས་དཔའ་བོའི་ཐུགས་ཀ་ཡི། །འོད་ཀྱིས་མགོན་པོ་རྣམས་བསྐུལ་ནས། །དེ་དག་ཐུགས་ལས་བྱུང་བ་ཡི། །རིག་མས་བདུད་རྩི་བུམ་ཆུ་ཡིས། །དབང་བསྐུར་བྱས་ཏེ་ཐིམ་གྱུར་ནས། །རང་སྔགས་རྡོ་རྗེ་ཅན་གྱི་གཟུང་། །དབུ་རྒྱན་རྣམས་ལ་རིགས་ལྔ་དང་། །རིགས་ཀྱི་བདག་པོ་རྣམས་ཀྱིས་རྒྱན། །ཡེ་ཤེས་སེམས་དཔའི་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བརྒྱུད་བསྐུལ་བས་དེ་རྣམས་ཀྱི་ཐུགས་ཀ་ནས་བྱུང་བའི་རྡོ་རྗེ་བཙུན་མོའི་བྷ་ག་ལ་གདན་གསུམ་ཚང་བའི་དཀྱིལ་འཁོར་རྫོགས་པ་མདུན་གྱི་ནམ་མཁའ་ལ་བྱོན། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བསྐུལ་བས་ལྷ་ཚོགས་རྣམས་བདེ་སྟོང་གི་རོས་ཚིམ། རྗེས་ཆགས་ཀྱི་མེས་འོད་དུ་ཞུ་བའི་བདུད་རྩི་བུམ་པའི་ཆུས་མགོ་བོའི་གནས་ལྔར་དབང་བསྐུར། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར་པ་ནས་བཟུང་སྟེ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷའི་རང་བཞིན་དུ་རྣམ་པར་དག །དབང་བཞིའི་དམ་ཚིག་ལས་བྱུང་བའི་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་། ཆུ་ལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མི་བསྐྱོད་པ་དབུས་སུ་བཞུགས་པའི་རིགས་ལྔས་དབུ་བརྒྱན་པར་གྱུར་པར་བསམ་ལ། དང་པོ་རྗེས་སུ་བསྐུལ་བ་ནི། ཧཱུཾ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པ། །དབང་དང་བྱིན་རླབས་བདག་སྩོལ་ཅིག །རྡོ་རྗེ་ཕྱི་བསྡམས་ལས་གུང་མོ་བརྐྱང་བ་མི་བསྐྱོད་པའི་དབང་རྒྱ་སྤྱི་བོར་བཞག་ལ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ལས་མཛུབ་མོ་གཉིས་བརྐྱང་བ་རྣམ་སྣང་གི་དབང་རྒྱ་དཔྲལ་བར་བཞག་ལ། ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྲིན་ལག་བརྐྱང་པ་རིན་འབྱུང་གི་དབང་རྒྱ་རྣ་ལྟག་གཡས་སུ་བཞག་ལ། ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མཐེ་བོང་བརྐྱང་བ་སྣང་མཐའི་དབང་རྒྱ་ལྟག་པར་བཞག་ལ། ༀ་མ་ཧཱ་པྲ་ཏྱ་བེཀྵ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མཐེའུ་ཆུང་བརྐྱང་པ་དོན་གྲུབ་ཀྱི་དབང་རྒྱ་རྣ་ལྟག་གཡོན་པར་བཞག་ལ། ༀ་མ་ཧཱ་ཀྲྀ་ཏ་ཨ་ནུཥྛ་ཛྙཱ་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅་ཧཾ། གཉིས་པ་དཀྱིལ་འཁོར་གསུམ་གྱིས་ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་བ་ནི། ཧཱུཾ་ཧཱུཾ་ཧཱུཾ། འགྲོ་དྲུག་ཉོན་མོངས་བཅིངས་པ་རྣམས། །ཧཱུཾ་གིས་དུག་ཆེན་རབ་སྦྱངས་ཏེ། །ཨ་ནྲྀ་སུ་ཏྲི་པྲེ་དུར་གྱུར། །རཾ་ཡཾ་ཁཾ་ལས་མེ་རླུང་ཆུས། །འགྲོ་བ་རབ་སྦྱངས་ཧཱུཾ་དུ་གྱུར། །ཁམས་གསུམ་ཐམས་ཅད་རྡོ་རྗེ་སེམས། །ཏིལ་གྱི་གང་བུ་ལྟ་བུས་གང་། །གསུམ་པ་ཡེ་ཤེས་སེམས་དཔའི་སྲོག་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོའི་དབང་བསྐུར་བ་ནི། ཧཱུཾ། རྟ་མགྲིན་རྒྱལ་པོ་ཡེ་ཤེས་ལ། །བསྟིམ་པས་བྱང་ཆུབ་སེམས་རྒྱས་གྱུར། །ཡབ་ཡུམ་གཉིས་མེད་སྦྱོར་བའི་སྒྲས། །ཡེ་ཤེས་ཁྲོ་བོ་སྤྱན་དྲང་ངོ་། །དྲུག་པ་སྤྱན་དྲང་བ་ནི། སྤོས་རོལ་གདུང་བའི་དབྱངས་དང་བཅས། ཧཱུཾ། རྡོ་རྗེ་གཞོན་ནུའི་དམ་ཚིག་གིས། །སྲིད་པ་ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །མ་བཅོས་ཐིག་ལེའི་ཆོས་ཉིད་ལས། །འགྱུར་མེད་སྐུ་གཅིག་གནས་པ་དེ། །ཡེ་ཤེས་ཁྲོ་བོ་ཆེན་པོ་ཡིན། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །སྲས་མཆོག་རིགས་ལྔའི་དམ་ཚིག་གིས། །སྲིད་པ་ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །ཕྱོགས་བཅུ་ཁྲོ་བོའི་དམ་ཚིག་གིས། །སྲིད་པ་ཕུར་བུར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །ཨེ་ཧྱེ་ཧི་བྷ་ག་ཝཱ་ན། མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨེ་ཨ་ར་ལི་ཧོ། བདུན་པ་རིག་པའི་མེ་ཏོག་དོར་བ་ནི། ༀ་བཛྲ་ས་མ་ཡ་ༀ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཧཱུཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཛཿཧཱུཾ་བཾ་ཧོཿ ཧཱུཾ་ཧ་ཧེ་ཕཊ། བརྒྱད་པ་བཞུགས་གསོལ་ནི། ཧཱུཾ། ཐུགས་མཆོག་གསལ་བའི་བྱིན་རླབས་ལས། །ཞེ་སྡང་གནས་སུ་འཇོམས་པ་དང་། །མེ་ལོང་ཡེ་ཤེས་འཐོབ་བྱའི་ཕྱིར། །དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ། །དཀྱིལ་འཁོར་དབུས་སུ་བཞུགས་ནས་ཀྱང་། །ཉོན་མོངས་མུན་པ་བསལ་དུ་གསོལ། །ལས་ཀྱི་སྲས་མཆོག་ལྔ་རྣམས་ཀྱང་། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ། །ཞིང་བཅུ་བསྒྲལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཕྱོགས་བཅུ་དུར་ཁྲོད་གཞལ་ཡས་སུ། །ཁྲོ་རྒྱལ་སྤྲུལ་པར་བཅས་པ་ཡང་། །ཕྱོགས་སྐྱོང་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ས་མ་ཡ་ཏིཥྛ་ལྷན། དགུ་པ་ཕྱག་བྱ་བ་ནི། ཧཱུཾ། ཡང་དག་དོན་ལ་སྐུ་ནི་ཅིར་སྣང་ཡང་། །བདུད་དང་སྲིན་པོའི་ང་རྒྱལ་མ་ཡིན་ཏེ། །འདུལ་བའི་དབང་དུ་རབ་རྔམས་མཆེ་བ་གཙིགས། །ཧཱུཾ་དང་ཕཊ་ཀྱི་སྒྲས་ནི་ཀུན་ཀྱང་བཀང་། །ཉོན་མོངས་གདུག་པ་འདུལ་བའི་ཐུགས་རྗེ་ཡིས། །བྱིན་རླབས་སྟེར་བའི་ལྷ་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ བཅུ་པ་མཆོད་པ་ལ་བརྒྱད་ལས། དང་པོ་ཀུན་བཟང་ནི། ཧཱུཾ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱི། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །སྔགས་རྒྱ་བརྗོད། གཉིས་པ་ཞབས་བསིལ་ནི། ཧཱུཾ། སྐུ་ལ་དག་བྱ་མི་མངའ་ཡང་། །སེམས་ཅན་རྣམས་ལ་བསོད་ནམས་ཕྱིར། །ཕྱག་ཞབས་ཉེ་རེག་མཛད་ནས་ཀྱང་། །རྡོ་རྗེའི་གདན་ལ་ཏིཥྛ་ལྷན། ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། གསུམ་པ་ལྷ་མོ་བཅུ་དྲུག་ནི། ཧཱུཾ། སྙིང་རྗེའི་སྒེག་མོ་བལྟ་ན་སྡུག །བྱམས་པའི་ཕྲེང་ལྡན་འགྲོ་ལ་བརྩེ། །དགའ་བའི་གླུ་མཁན་གཞན་ཡིད་འཕྲོག །ཀུན་ལ་བཏང་སྙོམས་གར་མ་ཡིས། །དཀྱིལ་འཁོར་དགྱེས་པ་བསྐྱེད་གྱུར་ཅིག །སོ་སོའི་ཕྱག་རྒྱ་དང་བཅས། ༀ་བཛྲ་ལཱ་སྱ་ཧཱུཾ། ༀ་བཛྲ་མཱ་ལེ་ཏྲཱཾ། ༀ་བཛྲ་གཱིརྟི་ཧྲཱིཿ ༀ་བཛྲ་ནཱིརྟི་ཨ། ཚུལ་ཁྲིམས་སྤོས་ལྡན་ཡིད་དུ་འོང་། །བཟོད་པའི་མེ་ཏོག་བལྟ་ན་མཛེས། །བསམ་གཏན་སྒྲོན་མེ་བཞིན་བཟང་མ། །ཤེས་རབ་དྲི་ལྡན་བྱུག་པ་མོས། །དཀྱིལ་འཁོར་དགྱེས་པ་བསྐྱེད་གྱུར་ཅིག །ༀ་བཛྲ་དྷུ་པེ་ཧཱུཾ། ༀ་བཛྲ་པུཥྤེ་ཏྲཱཾ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ༀ་བཛྲ་གནྡྷེ་ཨཱ། སྦྱིན་ལག་ཡངས་པའི་པི་ཝང་སྒྲེང་། །བརྩོན་འགྲུས་གླིང་བུས་གཞན་སྣང་བསྒྱུར། །སྨོན་པའི་རྔ་ཟླུམ་བཞིན་རས་མཛེས། །འཇུག་པའི་རྫ་རྔ་ཀུན་ཏུ་རྒྱུས། །དཀྱིལ་འཁོར་དགྱེས་པ་བསྐྱེད་གྱུར་ཅིག །ༀ་བཛྲ་ཝི་ནི་ཧཱུཾ། ༀ་བཛྲ་ཝཾ་སེ་ཏྲཱཾ། ༀ་བཛྲ་མྲྀ་ཏཾ་གེ་ཧྲཱིཿ ༀ་བཛྲ་མུ་རཉྫེ་ཨ། གཏོང་ལ་གོམས་པ་གཟུགས་མའོ། །སྙན་པར་སྨྲ་བ་རེག་པ་སྤྲོད། །དོན་སྤྱོད་རོ་བརྒྱའི་དཔལ་འཛིན་ཅན། །དོན་མཐུན་ཆོས་ཀྱི་འབྱུང་གནས་མས། །དཀྱིལ་འཁོར་དགྱེས་པ་བསྐྱེད་གྱུར་ཅིག །ༀ་བཛྲ་རཱུ་པ་ཧཱུཾ། ༀ་བཛྲ་སྤཪྴེ་ཏྲཾ། ༀ་བཛྲ་ར་ས་ཧྲཱིཿ ༀ་བཛྲ་དྷརྨ་དྷཱ་ཏུ་ཨ། བཞི་པ་སྨན་མཆོད་ནི། ཧཱུཾ། སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང་། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །སྒྲོན་མ་ལྔ་དང་བདུད་རྩི་ལྔ། །རྒྱུད་ལྔ་དུག་ལྔ་འཇོམས་པའི་བདུད། །ཡེ་ཤེས་ལྔ་པོ་གྲུབ་པའི་རྩི། །འཆི་བ་མེད་པའི་དམ་རྫས་ཆེ། །དཀྱིལ་འཁོར་ལྷ་ཚོགས་རྣམ་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ལྔ་པ་གཏོར་མ་ནི། ཧཱུཾ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་ལ་འབུལ། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། དྲུག་པ་རཀྟ་ཚར་གསུམ་ནི། ཕུད་དང་རཀྟ་བསྲེས། དང་པོ་ཕོ་ཉ་ལ་བཀའ་བསྒོ་བའི་ཕྱིར་ཕུལ་ནས། ཧཱུཾ། དངོས་གྲུབ་བར་ཆད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་སྲོག་དང་བྲལ་བར་གྱིས། །རེངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་འདི་ཉན་པར་བྱོས། །མ་ཧཱ་རཀྟ་ཁཱ་ཧི། གཉིས་པ་དམ་ཅན་གནད་ལ་དབབ་པའི་ཕྱིར་དབུལ་བ་ནི། ཧཱུཾ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་བཅས་པ་ཡིས། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །མ་ཧཱ་རཀྟ་ཁཱ་ཧི། གསུམ་པ་མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཆེད་དུ་འབུལ་བ་ནི། ཧཱུཾ། དངོས་གྲུབ་བར་ཆད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷ་འམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །མ་ཧཱ་རཀྟ་ཁཱ་ཧི། བདུན་པ་སྦྱོར་སྒྲོལ་གྱི་མཆོད་པ་ནི། ཧཱུཾ། ལག་པ་ཁྲག་འཐུང་ཡབ་ཡུམ་བཅུས། །དུག་གསུམ་རྩད་ནས་གཅད་པའི་ཕྱིར། །ཁམས་གསུམ་ཡོངས་སྒྲོལ་སྦྱོར་བ་བྱས། །ཧཱུཾ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་གྱིས། །ཁ་ཐཾ་ཁ་ཐཾ་ཁ་ཐཾ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཧ་ཧ་ཧ། བརྒྱད་པ་དོན་དམ་གྱི་མཆོད་པ་ནི། ཧཱུཾ། ཡང་དག་དོན་གྱི་ཕུར་པ་ནི། །མ་སྤངས་མ་བསྒྲུབས་བཙལ་དུ་མེད། །མ་བསླད་མ་བཅོས་བསྒྱུར་དུ་མེད། །ལྟ་བ་དོན་དམ་རྟོགས་པ་ལ། །རོལ་པ་ཅིར་ཡང་འགག་པ་མེད། །དེ་ཉིད་རྟོགས་ན་ཕུར་པའི་དོན། །དོན་དམ་རྟོགས་པས་ཐུགས་དམ་བསྐང་། །བསྙེན་པའི་ཚེ་དེ་ཙམ་མ་ནུས་ན་མཆོད་པ་ཐམས་ཅད། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །སོགས་པ་བསྡུས་པས་འཐུས། བཅུ་གཅིག་པ་བསྟོད་པ་ནི། ཧཱུཾ། སྒེག་པ་དཔལ་བ་འཇིགས་སུ་རུང་བ་དང་། །དགོད་དང་གཤེ་དང་འཇིགས་པར་བྱེད་པ་དང་། །སྙིང་རྗེ་རྔམ་ཞི་རྡོ་རྗེ་གཞོན་ནུའི་སྐུ། །ཞེ་སྡང་འཇོམས་པའི་ལྷ་ལ་ཕྱག་འཚལ་བསྟོད། །ཡབ་ཀྱི་ཐུགས་དམ་དགྱེས་པ་སྐོང་བའི་ཡུམ། །འཁོར་ལོ་རྒྱས་འདེབས་འདོད་ཆགས་འཇོམས་མ་དང་། །ཨེ་ཀ་ཛ་ཊི་ཞེ་སྡང་འཇོམས་མཛད་མ། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་ལ་བསྟོད། །ཡེ་ཤེས་ལྔ་ལྡན་ཕུར་བུས་དུག་ལྔ་འཇོམས། །ཕྲིན་ལས་ལྔ་ཡི་དྲེགས་པ་སྒྲོལ་བ་ལ། །ཐོགས་པ་མེད་པའི་ལས་མཛད་འདུས་པ་ལྔ། །སྲས་མཆོག་རིགས་ལྔའི་སྐུ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་རོལ་པའི་སྟོབས་བཅུས་མི་དགེ་འཇོམས། །སྐུ་གསུང་ཐུགས་ཀྱིས་གདུག་པ་སྒྲོལ་བར་མཛད། །ཡང་དག་དོན་གྱིས་ལོག་འདྲེན་འཇོམས་མཛད་པ། །ཁྲོ་བོ་ཡབ་ཡུམ་བཅུ་ལ་ཕྱག་འཚལ་བསྟོད། །བྱང་ཆུབ་བདེ་ལ་སྒྲོལ་བའི་ཕོ་ཉ་མོ། །ཡེ་ཤེས་དོན་ལ་ཁྲ་ཐབས་གཟུགས་འཛིན་ཅིང་། །དྲེགས་པའི་ཚོགས་རྣམས་མ་ལུས་འདུལ་མཛད་པ། །ཕྲ་མེན་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད། །བཅུ་གཉིས་པ་དམ་བཅའ་བ་ནི། བསྐལ་པ་དཔག་ཏུ་མེད་པ་ཚུན་ཆོད་ནས། །ད་ལྟའི་ལུས་འདི་བསྐྱེད་པ་ཕན་ཆོད་དུ། །ལྷ་མཆོག་ཁྱེད་དང་སྨོན་ལམ་མཐུན་བསྡེབས་ནས། །དུས་འདིར་ཞལ་མཐོང་ཡི་དམ་ལྷར་གསོལ་ན། །དུས་ཚིག་འདི་ནས་བཟུང་ནས་ཡི་དམ་ལྷ། །སྙིང་པོ་བྱང་ཆུབ་མཆོག་ལ་མི་གནས་ཚུན། །ཚེ་རབས་འཁོར་བ་གར་བྱུང་གར་སྐྱེས་ཀྱང་། །གསང་བའི་ལྷ་མཆོག་ཁྱོད་དང་མི་འབྲལ་ཞིང་། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལས། །མི་འདའ་བ་དང་ཡུན་དུ་བདག་སྲུང་གིས། །ཆད་ལྷག་འགལ་འཁྲུལ་མཆིས་ན་མཐོལ་ལོ་བཤགས། །བར་ཆད་རྐྱེན་གྱི་རྣམ་སྨིན་ཅི་བྱུང་ཡང་། །དཔལ་ཆེན་ཁྱེད་ཀྱིས་མོད་ལ་ཟིལ་གྱིས་གནོན། །དངོས་གྲུབ་མཆོག་སྩོལ་ཤེས་རབ་ལྷ་མོའི་ཚོགས། །བཅུ་གསུམ་པ་འཛབ་དགོངས་ནི། ཧཱུཾ། ཐུགས་ཀར་དཔལ་གྱི་བེའུའི་དཀྱིལ་འཁོར་ནི། །སྒོ་གཅིག་རིན་ཆེན་གཞལ་ཡས་ཁང་། །བདེ་སྟོང་དབྱེར་མེད་ངང་ཉིད་ལས། །ཆོས་ཀྱི་སྐུ་ལས་ལོངས་སྐུར་ཤར། །པདྨ་ཟླ་བའི་གདན་ལ་བཞུགས། །སྐྱོན་གྱིས་མ་གོས་གཏི་མུག་སེལ། །ཡབ་ཡུམ་གཉིས་མེད་ཟག་མེད་སྐུ། །སྐུ་མདོག་དཀར་གསལ་རྣམ་དག་དབྱིངས། །རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས། །ཤེས་རབ་བྱང་ཆུབ་སེམས་དང་ལྡན། །རྟོག་མེད་མི་འགྱུར་སྐྱིལ་ཀྲུང་བཞུགས། །མཁའ་དབྱིངས་བདེ་ཆེན་སྐུ་ལ་བསྟོད། །ཅེས་བརྗོད་ཅིང་གསལ་ལོ། །བཅུ་བཞི་པ་བཟླས་པ་ལ་བསྙེན་པ་དང་། ཉེ་བསྙེན་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་དང་བཞི་ལས། དང་པོ་བསྙེན་པ་ནི། གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཞི་བ་ལོངས་སྤྱོད་རྫོགས་སྐུ་ཡུམ་དང་བཅས་པའི་ཐུགས་ཀར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ་རྡོ་རྗེ་མཐིང་ནག་རྩེ་ལྔ་དང་། དེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་ཏིང་འཛིན་སེམས་དཔའ་ཧཱུཾ་མཐིང་ནག་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ། ཞེས་པའི་སྔགས་ཕྲེང་མཐིང་ནག་སྤུས་བྲིས་པ་ལྟ་བུར་འཁོར་བར་དམིགས་ལ་ཆོས་ཉིད་དོན་དང་མ་བྲལ་བའི་ཡོངས་གྲུབ་ཀྱི་ལྷར་སྣང་དང་ང་རྒྱལ་ལ་རེ་མོས་སུ་སློབ་པ་སྟེ། རྩེ་མོ་ལས། ལྷ་ཡི་ང་རྒྱལ་རབ་གནས་པ། །བརྗེད་པ་མེད་པའི་དྲན་པ་ནི། །འབད་པ་མེད་པའི་ཚོགས་ཆེན་པོ། །མཁས་པས་རྟག་ཏུ་བསམ་པར་བྱ། །ཞེས་པ་ལྟར་རོ། །དེ་ལྟ་བུའི་ལྷར་སྣང་ལ་གསལ་བརྟན་ཅུང་ཟད་ཐོབ་ནས་འོད་ཟེར་སྤྲོ་བསྡུ་ནི། ཐུགས་སྲོག་ཏིང་འཛིན་སེམས་དཔའ་ལས་འོད་ཟེར་བུང་བའི་མཚོན་ཆ་ལྟ་བུ་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་གཡོས་ཤིང་མཉེས་པའི་མཆོད་པ་ཕུལ། སེམས་ཅན་གྱི་ཁམས་ལ་འཕྲོས་པས་སྡིག་སྒྲིབ་སྦྱངས། དག་པའི་སྣོད་བཅུད་འབའ་ཞིག་ཏུ་གྱུར་པས་དོན་གཉིས་བྱས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་བྱུང་སྟེ་རང་ཉིད་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཤིང་དངོས་གྲུབ་ཐོབ་པར་བསམ་མོ། །བསྙེན་ཚད་ནི་ལས་རུང་ཙམ་ལ་འབུམ་ཕྲག་བཅུ་ཐམ་པའོ། །གཉིས་པ་ཉེ་བསྙེན་ནི། བསྙེན་པའི་སྔགས་དེ་ཉིད་ལ། སརྦ་བིག་ནན་བཾ་ཧཱུཾ་ཕཊ། བཏགས་པའི་ཡིག་འབྲུ་བཅུ་བཞི་པ་སྟེ། སྒྲུབ་ཐབས་དཔག་བསམ་ལྗོན་པ་ལྟར་ཛཔ྄་ཁང་དབྱེ་ནས་བདག་མདུན་ཐ་དད་དུ་བྱས་ཏེ་དོ་ལི་ལ་གཙོ་བོར་བསླབ་པར་བྱ་སྟེ། དེའི་ཚུལ་ནི། སྔགས་ཕྲེང་ལས་རང་འདྲ་གཉིས་པ་རེ་ཆད་པ་ལུ་གུ་རྒྱུད་དུ་འབྲེལ། རྡོ་རྗེའི་དབུས་རྭ་ནས་འཐོན་ཡེ་ཤེས་སེམས་དཔའི་སྐུའི་དབྱིབས་བརྒྱུད་ཞལ་དུ་འཐོན། རིམ་བཞིན་བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་ཤངས་བུག་གཡས་པ་ལས་འཐོན། རྡོ་རྗེ་གཞོན་ནུ་ཡེ་ཤེས་པའི་ཤངས་བུག་གཡོན་ནས་ཞུགས་ཏེ་ཐུགས་ཀར་ཐིམ། སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། ཅི་འདོད་པའི་དངོས་གྲུབ་བླང་། དེའི་ཤངས་བུག་གཡས་ནས་བརྒྱུད་རང་གི་སྣ་བུག་གཡོན་དུ་ཞུགས། རིམ་པར་བརྒྱུད་པས་བདག་མདུན་གྱི་རྟེན་དང་བརྟེན་པ་ཐམས་ཅད་ཤིན་ཏུ་གསལ་བར་བྱས། དབང་བཞི་ཐོབ། སྒྲིབ་བཞི་དག །དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་ཐོབ་པར་བསམ་མོ། །བསྙེན་ཚད་ནི་འབུམ་ཕྲག་བཅུ་དྲུག་གོ། །གསུམ་པ་སྒྲུབ་པ་ནི། ཡིག་འབྲུ་བཅུ་བཞི་པ་ཉིད་ལ། ཛཿཧཱུཾ་ཨཱ། གསུམ་བསྣན་པའི་བཅུ་བདུན་པ་སྟེ་འབུམ་ཕྲག་གཅིག་ལ་སོགས་ཇི་ལྟར་རིགས་པའི་གྲངས་དུས་མཚན་མའི་བསྙེན་སྒྲུབ་ཚད་དུ་ཕྱིན་པར་བྱའོ། །བཞི་པ་སྒྲུབ་པ་ཆེན་པོ་ནི། སྐབས་འདིར་སྨད་ལས་ཀྱི་ངོ་བོ་དམ་ཅན་ཉེ་བར་བསྙེན་པ་ལ་བྱ་སྟེ་གཞན་དུ་ཤེས་པར་བྱའོ། །བཅོ་ལྔ་པ་འཛབ་མཇུག་བསྡུ་བ་ནི། མཆོད་བསྟོད་ཀྱི་མཐར་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་བཤགས་མཐར། བསྐྱེད་རིམ་གྱིས་རྟག་མཐའ་བསལ་བའི་ཉེར་བསྡུ་དང་། ཆད་མཐའ་བསམ་ཕྱིར་གཉུག་མའི་ཧེ་རུ་ཀར་ལྡང་བ་ཡང་ཤེས་པར་བྱའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ་བཅུ་དྲུག་ལས། དང་པོ་ཚོགས་བྱིན་གྱིས་བརླབ་པ་ནི། ཧཱུཾ། དཔའ་ཆེན་ཐུགས་ལས་རཾ་ཡཾ་ཁཾ། །འཕྲོས་པས་ཚོགས་ཀྱི་དངོས་འཛིན་སྦྱངས། །སྣང་སྲིད་བདེ་ཆེན་ཀ་པཱ་ལར། །བཅུད་རྣམས་རིགས་ལྔའི་དམ་རྫས་གྱུར། །ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུཾ། འོག་མིན་ཆོས་དབྱིངས་ཕོ་བྲང་དང་། །ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ནས། །དཔལ་ཆེན་དཀྱིལ་འཁོར་ལྷ་ཚོགས་དང་། །གནས་དང་ཉེ་གནས་རྣམ་པ་གཉིས། །ཡུལ་ནི་རོལ་པ་ཉེ་ཡུལ་རོལ། །ཞིང་དང་ཉེ་བའི་ཞིང་དང་ནི། །འདུ་དང་ཉེ་བའི་འདུ་བ་དང་། །ཚན་དྷོ་ཉེ་བའི་ཚན་དྷོ་སྟེ། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །ཨ་ཌི་ཡ་ནར་པདྨ་བརྩེགས། །ཟ་ཧོར་ཡུལ་ན་ཁུ་བྱུག་ཀློང་། །སིང་ངའི་ཡུལ་ན་སྐུ་ལ་རྫོགས། །ཁ་ཆེའི་ཡུལ་ན་ཧེ་ཆེན་རོལ། །བལ་པོའི་ཡུལ་ན་ཡ་མ་ཁ། །ཐོ་གར་ཡུལ་ན་གསང་ཆེན་རོལ། །ལི་ཡུལ་འཇིག་རྟེན་མངོན་རྫོགས་ཏེ། །དུར་ཁྲོད་ཆེན་པོ་བརྒྱད་རྣམས་ན། །བཞུགས་པའི་དཔའ་བོ་མཁའ་འགྲོ་དང་། །ཤུགས་འགྲོ་རྣལ་འབྱོར་ཞིང་སྐྱོང་རྣམས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཚོགས་ཁང་འདི་ནི་སྤྲུལ་པའི་ཞིང་། །ཚོགས་རྫས་འདོད་ཡོན་རོལ་པའི་རྒྱན། །ཐབས་དང་ཤེས་རབ་ལྕམ་དྲལ་ལྡན། །རྡོ་རྗེ་གླུ་གར་བྱིན་རེ་ཆགས། །ཅང་ཏེའུ་དྲིལ་བུ་སྙན་ཅིང་འཁྲོལ། །འདི་ནི་དམ་ཚིག་མཆོག་གི་གནས། །ཤགས་དང་རྩོད་པ་ཀུ་ཅོ་མེད། །རིག་པ་བརྟུལ་ཞུགས་ཉམས་དང་ལྡན། །དམ་ཚིག་འདི་ནི་དང་དུ་བཞེས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དྷེ་ཝ་ཌཱ་ཀ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་མ་ཡ་ཛཿ གསུམ་པ་ཚོགས་ཕུད་དང་པོ་ནི། ཧཱུཾ། སངས་རྒྱས་དམ་ཚིག་བླ་ན་མེད། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །བཟའ་བཅའ་བཏུང་བ་ཕྱི་ཡི་ཚོགས། །འདོད་ཡོན་ལྷ་མོ་རྣམ་པ་ལྔ། །དབང་པོའི་ལོངས་སྤྱོད་ནང་གི་ཚོགས། །བདེ་སྟོང་ཡེ་ཤེས་བླ་ན་མེད། །དགའ་བཞི་རྣམ་རོལ་གསང་བའི་ཚོགས། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །བཞེས་ནས་དབང་དང་དངོས་གྲུབ་སྩོལ། །ག་ཎ་ཙ་ཀྲ་པཱུ་ཛ་ཧོ། བཞི་པ་བར་དུ་བཤགས་པ་ནི། ཧཱུཾ། གང་ཞིག་འཁྲུལ་པར་གྱུར་པ་དེ་ནས་བཟུང་། །རྣམ་སྨིན་ལུས་ལ་བརྟེན་པ་དེ་སྲིད་དུ། །མི་དགེ་བཅུ་དང་མཚམས་མེད་ཉེ་བ་ལྔ། །ལྕི་བ་བཅུ་དྲུག་ལོག་པ་བརྒྱད་ལ་སོགས། །ཐེག་པ་གསུམ་དང་རིག་པ་འཛིན་པ་ཡི། །སྡོམ་གསུམ་དམ་ཚིག་ཉམས་པ་མཐའ་དག་ཀུན། །ག་ཎ་ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས། །འཆབ་པ་མེད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །དག་ཚངས་ཆེན་པོའི་དངོས་གྲུབ་བདག་ལ་སྩོལ། །ཧེ་རུ་ཀའི་ཡིག་བརྒྱ་བརྗོད། ལྔ་པ་ཐ་མ་བསྒྲལ་མཆོད་ནི། ཨེ་ལས་ཐར་མེད་སྲིད་བྲུབ་ཁུང་ནང་། །མ་རིག་འཁྲུལ་པས་བཅིངས་པ་བདག་ལྟའི་དགྲ། །ཡེ་ཤེས་དབྱིངས་ལ་སྒྲིབ་པའི་གཟུང་འཛིན་བགེགས། །དག་ཆེན་ཡེ་ཤེས་རིག་པའི་ལྕགས་ཀྱུས་ཟུངས། །མཉམ་པར་མ་བཞག་མེད་པའི་ཞགས་པས་ཆིངས། །ལྷག་མཐོང་ལུ་གུ་རྒྱུད་ཀྱི་དྲྭ་བས་སྡོམས། །རྗེས་ཐོབ་འཁྲུལ་པ་མེད་པའི་དྲིལ་བུས་མྱོས། །ཕུང་པོ་ལྔ་ཡི་ཉེ་བར་ལེན་པ་ཀུན། །བདག་མེད་རྟོགས་པའི་མཚོན་གྱིས་རྣམ་པར་གཏུབས། །སྐྱེ་མེད་ཁྲོས་པའི་ལྷ་ཚོགས་ཞལ་དུ་བསྟབ། །མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི་ཏ་ན་ཙཀྲ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། དྲུག་པ་ལྷག་མ་ནི། ཞིང་ལྤགས་ཀྱི་སྟེང་དུ་བཞག་ལ། ཧེ་རུ་ཀའི་དམ་རྒྱས་ཁ་ཕྲུ་དབབ། ཨ་ཀཱ་རོས་བརླབ་ཅིང་། ཧཱུཾ། དང་པོ་ཕུད་ཀྱིས་མི་མཆོད་དུ། །དཔལ་ཆེན་དཀྱིལ་འཁོར་ཚོགས་ཀྱི་བདག །བར་དུ་བཤགས་པ་མི་བགྱི་རུ། །རྣལ་འབྱོར་ལྡན་ལ་དམ་ཚིག་གཉན། །ཐ་མ་བསྒྲལ་བསྟབ་མི་བགྱི་རུ། །རྟོགས་པས་བདག་རྒྱུད་སྔོན་བསྒྲལ་ཕྱིར། །ད་ལྟ་ལྷག་མས་མི་མཆོད་དུ། །མ་ཚོགས་དབང་ཕྱུག་གིང་ལང་ཀ །ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས། །ཀུན་ཀྱང་དཔལ་ཆེན་སྤྲུལ་པ་ཡིན། །ལྷག་མ་ཁ་ཆུས་མི་བྲན་དུ། །དམ་ཚིག་གཅིག་ཏུ་བསྲེ་བའི་ཕྱིར། །འབངས་ཐོག་རྗེ་ཡིས་མི་མནན་དུ། །ཅི་བཅོལ་ལས་ལ་བསྐུལ་བའི་ཕྱིར། །རྗེ་ལ་འབངས་ཀྱིས་མི་རྒོལ་དུ། །དྲག་ཤུལ་ལས་ཐབས་མྱུར་བའི་ཕྱིར། །ཧཱུཾ། རྣམ་དག་རང་བཞིན་ཞི་བ་ལས། །བཅོམ་ལྡན་དཔལ་ཆེན་སྤྲུལ་པ་ནི། །ཐབས་ཤེས་ཟླ་གསང་རོལ་པ་ལས། །དཀྱིལ་འཁོར་མུ་རན་སྐྱོང་བ་སྟེ། །ཁྱེད་ཅག་སྔོན་གྱི་ཡལ་གམ་ཅན། །ལག་ན་གློ་སྙིང་ནང་ཁྲོལ་ཐོགས། །ལེགས་ཉེས་སྟངས་འཛིན་ཚོགས་ཁང་ཉུལ། །མཐུ་དང་རྫུ་འཕྲུལ་དཔག་ཏུ་མེད། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །དུག་གསུམ་རཱུ་ཏྲ་བསྒྲལ་བའི་ཚེ། །ཁས་བླངས་དམ་བཅས་དྲན་གྱིས་ལ། །སྲིན་མོའི་ཟ་ལམ་ཆེན་པོ་རུ། །ཕམ་ཕབས་ལོང་ལ་བསྟན་པ་སྲུངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བདུན་པ་ཐུགས་དམ་བསྐུལ་པ་ནི། ཧཱུཾ། མི་གནས་ཡེ་ཤེས་ཆོས་སྐུའི་ཕོ་བྲང་ནས། །ལོངས་སྤྱོད་རྫོགས་པ་ཞི་དང་ཁྲོ་བོའི་ལྷ། །ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངས། །རིག་པའི་རང་བཞིན་བདེ་གཤེགས་སྙིང་པོ་ཡང་། །མ་རིག་འཛིན་པའི་ཀུན་གཞི་ལུང་མ་བསྟན། །སྒོ་ལྔའི་ཡུལ་དང་རྟེན་ཅིང་འབྲེལ་བ་ལས། །རིགས་དྲུག་རྒྱུད་ལྔའི་གནས་སུ་འཁྱམས་པ་རྣམས། །ལས་དང་ཉོན་མོངས་མཐུ་ཡིས་གཟིར་བའི་མཐུ། །ཕྱི་རོལ་ཡུལ་ལ་སྨིན་པའི་སྡུག་བསྔལ་དང་། །ནད་མཚོན་མུ་གེ་དགྲ་བགེགས་འབྱུང་པོའི་གདོན། །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཀུན། །མངོན་སྤྱོད་དྲག་པོའི་རོལ་པས་ཚར་བཅད་ནས། །ལོག་རྟོག་དངོས་པོར་ཞེན་པའི་སེམས་ཅན་རྣམས། །རྒྱུ་འབྲས་ཐེག་པ་གཞན་གྱིས་གདུལ་དཀའ་བས། །རང་བྱུང་ཡེ་ཤེས་རྟོགས་པའི་ཕྲིན་ལས་མཛོད། །བརྒྱད་པ་ཆད་ཐོ་བསྒྲག་པ་ནི། ཧཱུཾ། དུས་གསུམ་རྣམ་དག་ཀུན་ཏུ་བཟང་པོའི་དུས། །མངོན་རྫོགས་ཡེ་ཤེས་དམ་པའི་འོག་མིན་དུ། །ཀུན་གཞི་ཡིད་ཆོས་དག་པའི་སྟོན་པ་ཡིས། །རང་སྣང་རང་བཞིན་མེད་པའི་འཁོར་ཚོགས་ལ། །རྒྱལ་བ་དགོངས་བརྒྱུད་རྫོགས་པའི་ཡོ་ག་གསུམ། །བརྡ་ཚིག་བརྗོད་པ་བྲལ་བར་བསྟན་པའི་ཚེ། །གྲགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་དང་། །དགའ་རབ་དཔའ་བོ་གསང་འཛིན་རྡོ་རྗེ་ཆོས། །བརྡ་བརྒྱུད་རིག་འཛིན་གྲུབ་པ་མཆོག་རྣམས་ཀྱིས། །སྟོན་འཁོར་དགོངས་པ་གཅིག་པའི་དབང་ཐོབ་བཞིན། །ཚོགས་བརྒྱད་རང་གྲོལ་གཏོར་མ་འདི་བཞེས་ལ། །འཁྲུལ་པ་གཞི་ལ་དག་པའི་ཕྲིན་ལས་མཛོད། །དེ་རྗེས་གསང་སྔགས་བསྟན་པ་བྱུང་བའི་ཚེ། །འོག་མིན་དགའ་ལྡན་རི་རབ་ལྷུན་པོའི་རྩེ། །ལྷ་གནས་གསུམ་དུ་གྲགས་པའི་གནས་མཆོག་དང་། །ཤམྦྷ་ལ་དང་ཨུ་རྒྱན་ཟ་ཧོར་ཡུལ། །སིངྒ་ལ་དང་གནམ་ལྕགས་འབར་བའི་རྩེ། །མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་རུ། །རིག་འཛིན་སྡེ་སྣོད་མཐའ་དག་བབས་པའི་ཚེ། །འཇིག་རྟེན་འཇིག་རྟེན་འདས་པའི་མཁའ་འགྲོ་དང་། །དཀྱིལ་འཁོར་མུ་རན་སྐྱོང་བ་ཐམས་ཅད་ཀྱིས། །གཏོར་མ་ལེན་ཅིང་ལེགས་ཉེས་སྟངས་འཛིན་པའི། །ཁས་བླངས་དམ་བཅའ་བཞིན་དུ་ཕྲིན་ལས་མཛོད། །དེ་རྗེས་འགྲོ་དོན་དུས་ལ་བབས་པའི་ཚེ། །ཀླུ་སྒྲུབ་སྙིང་པོ་པདྨ་ཐོད་ཕྲེང་སོགས། །གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད་རྣམས་ཀྱིས། །འཛམ་བུའི་གླིང་དུ་དར་ཞིང་རྒྱས་མཛད་ཅིང་། །ཁྱད་པར་བྲག་དམར་དཔལ་གྱི་མཆིམས་ཕུ་རུ། །རིག་འཛིན་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ལྷ་སྲས་རྒྱལ་པོ་ཚངས་པའི་མེ་ཏོག་ལ། །སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེས་ཤིང་། །སེང་གེ་རྣམ་རོལ་ཁས་བུ་རི་ཡི་རྩེར། །གནོད་སྦྱིན་ཐམས་ཅད་དམ་ལ་བཞག་པའི་ཚེ། །སྲོག་སྙིང་ཕུལ་ཏེ་ཆད་ཐོ་བཟུང་བ་ལྟར། །མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །དེ་རྗེས་ཚོགས་བདུན་རོལ་པ་བལ་པོའི་ཡུལ། །རང་སྣང་མཆོད་རྟེན་བྱ་རུང་ཁ་ཤོར་དུ། །རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་ལ། །དབྱིངས་ཀྱི་མཁའ་འགྲོས་ནམ་མཁའ་མཛོད་ཀྱི་བརྡ། །ཡེ་ཤེས་ལྔ་ལྡན་སྤྲུལ་པའི་ཤོག་སེར་ལས། །བྲག་དམར་བྲེ་གུ་བརྩེགས་པའི་དགེའུ་རུ། །ཀུན་ཏུ་བཟང་པོ་དྲི་མེད་འོད་ཟེར་གྱིས། །བཀའ་རྒྱ་ལུང་རྫོགས་གཏད་རྒྱ་བཀྲོལ་བའི་ཚེ། །སྤྱན་གཅིག་ཁྲག་ཏུ་ཁོལ་བའི་མ་མོ་དང་། །བྱ་རོག་གཙུག་ཕུད་འཛིན་པའི་དྲང་སྲོང་གིས། །ཁས་བླངས་ཐ་ཚིག་བཞིན་དུ་ཕྲིན་ལས་མཛོད། །དགུ་པ་བཤལ་ཆུ་གཏོར་མར་བྲན་ལ་བརྟན་མ་སྐྱོང་བ་ནི། བྷྱོ། ཚོགས་དང་བཀའ་ཡི་བདག་ཉིད་ནི། །ཁྲག་འཐུང་རྡོ་རྗེ་ནམ་མཁའི་ཡུམ། །གངས་རི་ཅན་གྱི་ཡུལ་ལྷ་ནི། །བདུད་དང་གནོད་སྦྱིན་སྨན་མོ་བཞི། །ཚུར་སྤྱོན་ཚུར་སྤྱོན་གཏོར་མ་ལོངས། །རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་། །དུས་སྦྱོར་བཅུ་གཉིས་གནས་དག་པས། །བལ་བོད་མཚམས་ན་ཚེ་རིང་མ། །ལ་སྟོད་རྡོ་རྗེ་གཡའ་མ་སྐྱོང་། །གནོད་སྦྱིན་གངས་ལ་ཀུན་བཟང་མོ། །འབྲོག་ཆེན་འཁོར་འདུལ་བགེགས་ཀྱི་གཙོ། །ཇོ་མོ་གངས་རར་སྤྱན་གཅིག་མ། །བྱང་ན་མཁའ་ལྡིང་ཀླུ་མོ་རྒྱལ། །ཁ་རག་རྡོ་རྗེ་ཁྱུང་བཙུན་མ། །རྨ་ཆེན་སྤོམ་རར་དྲག་མོ་རྒྱལ། །ཀོང་བཙུན་དེ་མོ་བོད་ཁམས་སྐྱོང་། །འབྲོག་བཙན་རྡོ་རྗེ་སྨན་གཅིག་མ། །ཇོ་མོ་ནགས་རྒྱལ་དབྱར་མོ་བསིལ། །དབུས་ན་རྡོ་རྗེ་ཟུ་ལེ་སྨན། །ཀུན་ཀྱང་པདྨའི་བཀའ་ཉན་ཏེ། །དམ་ལ་གནས་ཤིང་རིགས་ལ་འགོ། །ཐ་ཚིག་བཞིན་དུ་གཏོར་མ་ལོང་། །མཐའ་ཡི་དམག་དང་རྒྱ་འདྲེའི་འཚུབ། །མུ་སྟེགས་འགྱུ་བའི་སྒོ་འཕྲང་དང་། །འགོང་པོ་སྤུན་དགུའི་ནད་དལ་སྲུངས། །རྟག་ཆད་ཐར་པར་འཁྲུལ་པ་ཡི། །འཇིག་ཚོགས་ལྟ་བ་དབུ་མར་བཟློག །བདེན་དོན་རྣམ་པ་བཅུ་གཉིས་ཀྱི། །བསྟན་པ་དར་བའི་ཕྲིན་ལས་མཛོད། །ༀ་ལ་ལ་ལེ་ལེ་ཏཾ་ཏཾ་ཏེ་ཏེ་ཁ་རཀྨ་མ་མ་སྲིང་འགྲོ་མ་ཧཱུཾ་བྷྱོ་ཧཱུཾ་ཧཱུཾ། བཅུ་པ་རྟ་བྲོ་བརྡུང་བ་ནི། གཏོར་གཞོང་རི་རབ་ཏུ་བསམ་པ་ཁ་སྦུབ་ལ། ཧཱུཾ། དམ་སྲི་བྱ་བའི་སྡིག་ཅན་ཁྱོད། །འགྲོ་བ་ཡོངས་ཀྱི་རྒྱུད་ལ་རྒོལ། །བྱང་ཆུབ་སེམས་ཀྱི་བརྟུལ་ཞུགས་བྲོས། །མནན་ནོ་སྟོང་ཆེན་འོག་ཏུ་མནན། །གཏད་དོ་ཆུ་སྲིན་གྲེ་བར་གཏད། །བསྐྱུར་རོ་གཤིན་རྗེའི་ཁ་རུ་བསྐྱུར། །བསྲེག་གོ་ཡེ་ཤེས་མེ་ཡིས་བསྲེགས། །བདག་ཏུ་ལྟ་བ་མ་ཞིག་བར། །བསྐལ་པ་ཞིག་ཀྱང་མི་གཏང་ངོ་། །ༀ་ཨཱཿཧཱུཾ་སྟྭཾ་བྷ་ཡ་ལཾ་ནན། བཅུ་གཅིག་པ་དངོས་གྲུབ་བླང་བ་ནི། ཧཱུཾ། བྱིན་རླབས་ཀུན་གྱི་རྩ་བ་བླ་མ་ནི། །དངོས་གྲུབ་སྩོལ་ཕྱིར་དཔལ་ཆེན་རོལ་བའི་ལྷ། །རྣམ་ཐར་སྒོ་གསུམ་ཐུགས་ཀྱི་དཀྱིལ་འཁོར་ནས། །རང་བཞིན་ཡོངས་གྲུབ་བྱང་ཆུབ་སེམས་ཀྱི་དངོས། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ། །ས་བཅུ་ལམ་ལྔ་དབང་བཅུ་ཕྱི་ནང་གཉིས། །རིག་འཛིན་བཞི་དང་སྐུ་ལྔ་ཡེ་ཤེས་ལྔ། །གྲུབ་ཆེན་བརྒྱད་དང་ཕྲིན་ལས་རྣམ་པ་བཞི། །འཁོར་བའི་རང་བཞིན་གློ་བུར་སྒྲིབ་པ་གཉིས། །ཀུན་གཞིའི་ཁམས་ལ་བག་ལ་ཉལ་གྱི་ཚུལ། །ཤིན་ཏུ་རྣམ་དག་རྣམ་ཀུན་མཆོག་ལྡན་གྱི། །དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ། །རྩ་སྔགས་མཐར། དྷརྨ་ཀཱ་ཡ། སམྦྷོ་ཀཱ་ཡ། ནིརྨ་ཀཱ་ཡ། ཙིཏྟ་སིདྡྷི་ཕ་ལ་ཧཱུཾ། གཏང་རག་གི་མཆོད་བསྟོད་ཕུལ་ལ། བཅུ་གཉིས་པ་བཤགས་པ་ནི། ཧོཿ སྔགས་ཀྱི་དངོས་གྲུབ་མ་ལུས་པ། །དམ་ཚིག་ཉིད་ལ་བརྟེན་གྱུར་ཀྱང་། །རྨོངས་དང་མ་རིག་ཉོན་མོངས་པས། །ཟིལ་གྱིས་ནོན་པ་བདག་ཅག་ནི། །ཉེས་པ་དུ་མའི་སྣོད་ལགས་ཏེ། །མགོན་པོ་ཐུགས་རྗེ་ཆེ་རྣམས་ཀྱི། །ཐུགས་ལ་ཁྲོ་བ་མི་མངའ་ཡང་། །ལེགས་ཉེས་སྟངས་འཛིན་བདག་པོ་རྣམས། །སྐྱོན་མཐོང་ཙམ་ནས་ཆད་པ་གཅོད། །འགལ་ཞིང་ནོངས་པ་ཅི་མཆིས་པ། །མཐོལ་ལོ་བཤགས་སོ་ཚངས་པར་སྩོལ། །ཡི་གེ་བརྒྱ་པ་ལན་གསུམ་གྱིས་སྙིང་ནས་བཤགས་པར་བྱའོ། །བཅུ་གསུམ་པ་ཉེར་བསྡུ་ནི། ཧཱུཾ། སྣོད་བཅུད་ལྷ་དང་གཞལ་ཡས་སུ། །ཤར་བ་དག་པའི་སྣོད་བཅུད་ཀྱང་། །རྟེན་ཉིད་བརྟེན་པ་ལྷ་རྣམས་ཀྱང་། །གཙོ་བོ་ལ་ཐིམ་དེ་ཡང་ཧཱུཾ། །ཞབས་ཀྱུ་ནས་བཟུང་ནཱ་དའི་བར། །རིམ་ཡལ་གདོད་མའི་གཤིས་སུ་ཨ། །ཞེས་མཉམ་པར་བཞག །བཅུ་གཞི་པ་སྤྱོད་ལམ་གྱི་རྣལ་འབྱོར་དུ་ལྡང་བ་ནི། སླར་ཡང་རིག་པ་བྱང་ཆུབ་སེམས། །རྗེས་ཐོབ་གཉུག་མའི་ཧེ་རུ་ཀ །ཕྱག་རྒྱ་གཅིག་པའི་གནས་གསུམ་དུ། །ཡི་གེའི་མཚན་པས་རྣམ་རྟོག་བསྲུང་། །བཛྲ་རཀྵ་ཨ་ཧཾ། ཞེས་རྡོ་རྗེའི་གོ་བགོ་ཞིང་ཡི་གེ་བརྒྱ་པས་བརྟན་པར་བྱ། བཅོ་ལྔ་པ་བསྔོ་སྨོན་ནི། ཧཱུཾ། སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་གྱི་ངང་། །བསོད་ནམས་ཡེ་ཤེས་རིམ་གཉིས་རྣལ་འབྱོར་ཚོགས། །མི་གནས་ཡེ་ཤེས་མྱ་ངན་འདས་པར་བསྔོ། །ཀུན་ཀྱང་དཔལ་ཆེན་གོ་འཕང་ཐོབ་པར་ཤོག །ལན་གསུམ། བཅུ་དྲུག་པ་བཀྲ་ཤིས་ནི། ཧཱུཾ། གདོད་མའི་མགོན་པོ་རིགས་ལྔ་གངས་ཆེན་མཚོ། །སྐུ་ལྔ་ལྷུན་རྫོགས་སྤྲུལ་པའི་ཞིང་ཁམས་ལ། །བསྐལ་བཟང་སངས་རྒྱས་སྟོང་རྩ་འབྱོན་པ་ཡི། །སྒྲོན་མའི་བསྐལ་པ་བཟང་པོའི་བཀྲ་ཤིས་ཤོག །སྟོང་གསུམ་མི་མཇེད་རྡོ་རྗེ་ཐེག་པའི་ཞིང་། །འཕུར་འགྲོའི་བསྟན་པ་འབྱུང་གནས་ཨུ་རྒྱན་ཡུལ། །གངས་རིའི་ཁྲོད་དུ་འབོད་པ་ཁྲི་སྲོང་རྗེས། །ཐུགས་བསྐྱེད་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག །འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེའི་གདན། །པཎ་གྲུབ་ཆོས་རྒྱལ་འཛོམ་པ་ཆོས་འཁོར་གསུམ། །མདོ་སྔགས་བསྟན་པ་དར་བ་གངས་ཅན་ལྗོངས། །རྒྱལ་བསྟན་ཡུན་དུ་གནས་པའི་བཀྲ་ཤིས་ཤོག །དགེའོ། །དགེའོ། །དགེའོ།། །།


previousབཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་བསྙེན་པའི་ལས་བྱང་བཀོལ་བའི་དུམ་བུ། འཇིགས་མེད་གླིང་པ།next