Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
ཕུར་པ་རྒྱུད་ལུགས་ལས་ཚེ་སྒྲུབ་ཉི་ཟླའི་ཟ་མ་ཏོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པ་རྒྱུད་ལུགས་ལས་ཚེ་སྒྲུབ་ཉི་ཟླའི་ཟ་མ་ཏོགnext

ཕུར་པ་རྒྱུད་ལུགས་ལས་ཚེ་སྒྲུབ་ཉི་ཟླའི་ཟ་མ་ཏོག

ཕུར་པ་རྒྱུད་ལུགས་ལས་ཚེ་སྒྲུབ་ཉི་ཟླའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། །གཞོམ་བྲལ་རྡོ་རྗེའི་ངོ་བོ་ཉིད། །བགྲེས་རྒུད་སྤངས་པའི་གཞོན་ནུའི་སྐུར། །ཡོངས་གྲུབ་དཔལ་ཆེན་ཚེ་ཡི་ལྷར། །ངེས་པ་རྙེད་པས་ཕྱག་འཚལ་ལོ། །འདིར་རྡོ་རྗེ་ཁྲོས་པའི་བཤད་རྒྱུད་ལེའུ་བརྒྱད་པ་ལས་ཚེའི་རིག་འཛིན་བསྒྲུབ་པའི་དོན་གཏན་ལ་དབབ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལའང་གཉིས། ཚེའི་རྣམ་དབྱེ་བསྟན་པ་དང་། བསྒྲུབ་པའི་བཅའ་གཞིའོ། །དང་པོ་ནི། རྒྱུད་ལས། ཚེ་ནི་རྣམ་པ་གསུམ་ཡིན་ཏེ། །མི་འགྱུར་མི་འཕྲོགས་རྡོ་རྗེའི་ཚེ། །ཉམས་ཤིང་འཕོ་བ་ཐིག་ལེའི་ཚེ། །འཁྲུལ་ཞིང་རྟོག་པ་སྣང་བའི་ཚེ། །ཞེས་པ་ལས། དང་པོ་ནི་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བ་རྣམས་ལ་སྐྱེ་འཆི་རང་མཚན་པ་མ་གྲུབ་སྟེ། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཆོས་ཉིད་ནི་ཀུན་རྫོབ་དང་། འདུ་བྱས་ལས་འདས་པ་ཡིན་པས། འཕགས་པས་རྒ་དང་ན་བ་དང་། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་སོ། །གཉིས་པ་ནི། རྣམ་སྨིན་གྱི་ལུས་རྟེན་འདི་དང་པོར་ཡང་ཁམས་ཐིག་ལེའི་འདུ་འཕྲོད་པ་བརྟེན་ནས་ཆགས། བར་དུ་ཡང་བླ་ཚེ་སྲོག་གསུམ་དེ་ལ་བརྟེན། ཐ་མར་ཡང་ཁམས་དེ་རྒུད་ཅིང་འཕོ་བ་ལས་ལུས་རྟེན་འཇིག་པའི་ཕྱིར་རོ། །དེ་ལྟར་འཇིག་པ་དང་། འཚོ་བའི་རྣམ་པར་རྟོག་པ་ལ་ཤིན་ཏུའང་བདེན་འཛིན་གྱི་བློ་དང་བཅས་པས་སོ་སོ་སྐྱེ་བོ་རྣམས་ལ་སྐྱེ་འཆི་རང་རྒྱུད་པར་འཆར་བ་ལ་འཁྲུལ་ཞིང་རྟོག་པའི་ཚེ་ཞེས་ངེས་པ་ཅན་དུ་བརྗོད་པའོ། །དེ་ལས་འདིར་ཚེ་བསྒྲུབ་པའི་ངོ་བོ་ནི་ཉམས་ཤིང་འཕོ་བར་བྱེད་པའི་ཐིག་ལེའི་ཚེ་འཕེལ་ཞིང་བརྟན་པའི་ཐབས་སྒྲུབ་པ་ཡིན་ན། དེའི་སྔོན་དུ་ཉམས་པའི་རྒྱུ་ངོས་བཟུང་ནས་སྤང་བར་བྱ་སྟེ། ཉམས་པའི་རྒྱུ་ནི་འདི་ལྟ་སྟེ། །དམ་ཉམས་བཞིན་འགྱུར་སྤྱོད་ལམ་ཉམས། །དམ་ཅན་འཁྲུགས་དང་སེམས་འཁྲུགས་དང་། །ཞེ་སྡང་རྒྱས་དང་བགེགས་དང་ཕྲད། །བྲེད་སྔངས་རྦོད་གཏོང་ཁར་རྦད་དང་། །དམ་ཅན་གཏོར་ཆག་ཚེ་ཉམས་འགྱུར། །ཞེས་སོ། །དེའི་གཉེན་པོ་ནི། བླ་མ་ལ་གུས་རྒྱུད་ལ་སྦྱངས། །ཏིང་འཛིན་བརྟན་ཞིང་རིག་སྔགས་འཛིན། །དམ་ཅན་ཉེ་བར་འགྱུར་པ་ཡིན། །འདི་ཡིས་ཚེ་ནི་ཁུག་འགྱུར་ཏེ། །ཞེས་སོ། །གཉིས་པ་ནི། རྡོ་རྗེ་ཐེག་པའི་ལམ་ཐབས་ཀྱི་ཆེ་བས་བསྐྱེད་རྫོགས་ཀྱི་ལམ་གཉིས་ཀ་ནས་ཚེ་སྒྲུབ་པའི་མན་ངག་ཁྱད་པར་ཅན་ཡོད་པ་ལས། འདིར་དང་པོའི་ཕྱོགས་ལྟར་སྟོན་པ་ལ། ཉམས་པ་གསོ་བར་འདོད་པ་ཡིས། །བཀྲ་ཤིས་ས་ལ་མཎྜལ་བྱ། །པདྨ་འཁོར་ལོ་རྒྱ་གྲམ་ལྡན། །ལྷ་ཡི་རྟེན་ནི་མར་མེ་དགུ། །ཁྲོ་བཅུའི་ཕུར་པས་བགེགས་བསལ་ཞིང་། །བདུད་རྩི་ལྔ་དང་སྨན་ལྔ་དང་། །ཕུར་པ་བརྟེན་པའི་ཟས་མཆོག་ལ། །ཐོད་པ་ལྕགས་དང་རིན་ཆེན་སྣོད། །བུམ་པ་ཡིད་འོང་མཛེས་པ་རུ། །བསྒྲུབས་པས་ཚེ་ནི་རབ་ཏུ་འཕེལ། །ཞེས་པས་བཀྲ་ཤིས་པའི་ས་ལ་སྟེགས་བུ་བྱས་པའི་སྟེང་མཎྜལ་པདྨ་འདབ་བཞི་རེ་ཁཱ་ཅན་ལ་རིགས་ལྔའི་ཕྱག་མཚན་ཕྱོགས་མ་འཆོལ་བ་བྲིས་པའི་དབུས་སུ་རྡོ་རྗེ་རྒྱ་གྲམ་གྱི་སྟེང་བུམ་པ་བཅུད་ལྡན། དེའི་མཐའ་སྐོར་དུ་མར་མེ་དགུ། ར་བའི་ཕྱི་སྐོར་ལ་ཁྲོ་བཅུའི་ཕུར་པ། དེའི་ནང་ཁོལ་དུ་ཚེའི་འབྲང་རྒྱས་སམ། ཚེ་རིལ་གྱི་རྩེ་མོ་ཙན་དན་ནམ། བཀྲ་ཤིས་པའི་ཤིང་གི་ཕུར་བུ་དབལ་གྲུ་བཞི་པ་དར་སྣས་བརྒྱན་པ་གཟུག །ཅི་རིགས་པར། ལྕང་ལོའི་ཐོད་པ་ཁ་སྦྱར་དུ། །བདུད་རྩིའི་རྩ་བ་ལྔ་བསྩལ་ནས། །རྩ་བརྒྱད་སྟོང་ལ་སྦྱར་བའི་རིལ་བུ་གཞུག །དེ་བཞིན་བཟའ་བ་བཅའ་བ་དང་། །བཏུང་དང་བལྡག་དང་གཞིབ་ལ་སོགས། །ཞེས་པ་ལྟར་ཐོད་ཆང་སྨན་ཕུད་ཀྱིས་བྲན་པ་དང་། མཆོད་གཏོར་ཉེར་སྤྱོད་ལ་སོགས་པ་ཚང་བར་བསག་གོ། །གཉིས་པ་དངོས་གཞི་ལ། དང་པོ་ལས་གཞུང་བསྲང་བ་ནི། བདག་མདུན་འཇུག་པ་གཅིག་གི་ངང་ནས་ལྷའི་རྣལ་འབྱོར་བསྒོམས་ལ་ཛཔ྄་ཁ་ཕྱེ་ནས། བཟླ་བྱའི་སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿཨཱ་ཡུརྫྙཱ་ན་ཨཱ་ཀཪྵ་ཡ་ཛཿ རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༀ་ཨཱཿཧཱུཾ། ཞེས་ཅི་ནུས་བཟླ། དེས་སྐྱོན། གསང་རྒྱུད་ལས། ༀ་ཧཱུཾ་སྭཱ་ཨཱཾ་ཧཱཾ། བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཞེས་བཟླས་ཀྱང་རུང་ངོ་། །ཐུན་མཚམས་སུ་ཚེ་འགུགས་བྱ་བ་ནི། གེགས་ཀྱིས་ཚེ་རྣམས་མི་སྟེར་ན། །ཚེ་དཔག་མེད་ཀྱང་ཁྲོ་བོ་སྟེ། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །སྒྲ་སྐད་དྲག་པོ་བཏོན་ནས་ནི། །ཐམས་ཅད་མ་ལུས་གདུལ་བར་བྱ། །ཞེས་པའི་དམིགས་པ་དང་བཅས། ཧཱུཾ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །དཔལ་ཆེན་རྡོ་རྗེ་ཁྲག་འཐུང་དང་། །ཁྲོ་མོ་རྡོ་རྗེ་དབྱིངས་ཕྱུག་མ། །མཐིང་ནག་མི་འགྱུར་ནམ་མཁའི་མདོག །ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་ཚུལ། །རྡོ་རྗེས་གདུག་པ་འདུལ་མཛད་ཅིང་། །བཻ་ཌཱུརྱ་ཡི་བུམ་པ་གཡོན། །ནང་ན་འཆི་མེད་བདུད་རྩིས་བཀང་། །ཀ་ཤི་དར་གྱི་མགུལ་ཆིངས་ལ། །དཔག་བསམ་ལྗོན་པས་ཁ་བརྒྱན་ནས། །ཡབ་ཡུམ་བདེ་བའི་སྦྱོར་བ་ལས། །བྱང་སེམས་མུ་ཏིག་ཁུ་འཕང་འབེབས། །རྡོ་རྗེ་ཁྲག་འཐུང་དཔག་མེད་ཀྱིས། །སྟོང་གསུམ་སྟོང་གི་འཇིག་རྟེན་བཀང་། །ཞལ་ནས་ཚེ་ཡི་སྔགས་ཟློས་ཤིང་། །ལྷ་ཀླུ་གནོད་སྦྱིན་གཤིན་རྗེ་དང་། །མཁའ་འགྲོའི་ལག་ནས་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཕྱུང་ཞིག །རིག་འཛིན་སྒྲུབ་པོའི་ཚེ་སྤེལ་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨཱ་ཡུ་རྫྙཱ་ན་ཙིཏྟ་བྷྲཱུཾ། ཧཱུཾ། ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ནས། །རིགས་བཞིའི་ཁྲག་འཐུང་ཡུམ་དང་བཅས། །རང་རང་རིགས་ཀྱི་སྐུ་མདོག་ཅན། །གཡས་པ་རང་རྟགས་གཡོན་པ་ན། །ཤེལ་གསེར་པདྨ་རཱ་ག་དང་། །ཨིནྡྲ་ནཱི་ལའི་བུམ་པ་བསྣམས། །ནང་ན་འཆི་མེད་བདུད་རྩིས་བཀང་། །ཀ་ཤིའི་དར་གྱི་མགུལ་ཆིངས་ལ། །དཔག་བསམ་ལྗོན་པས་ཁ་བརྒྱན་ནས། །ཡབ་ཡུམ་བདེ་བའི་སྦྱོར་བ་ལས། །བྱང་སེམས་མུ་ཏིག་ཁུ་འཕང་འབེབས། །རིགས་བཞིའི་ཁྲག་འཐུང་དཔག་མེད་ཀྱིས། །སྟོང་གསུམ་སྟོང་གི་འཇིག་རྟེན་རྟེན་བཀང་། །ཞལ་ནས་ཚེ་ཡི་སྔགས་ཟློས་ཤིང་། །ལྷ་ཀླུ་གནོད་སྦྱིན་གཤིན་རྗེ་དང་། །མཁའ་འགྲོའི་ལག་ནས་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཕྱུང་ཞིག །རིག་འཛིན་སྒྲུབ་པོའི་ཚེ་སྤེལ་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨཱ་ཡུརྫྙཱ་ན་ཙིཏྟ་བྷྲ྄ཱུཾ། ཧཱུཾ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གར་དགུའི་རོལ་པས་གནས་མཛད་ཅིང་། །འཁོར་ལོ་རྒྱས་འདེབས་ཡུམ་ལ་འཁྱུད། །ཡབ་ཡུམ་གཉིས་མེད་སྦྱོར་བའི་སྒྲས། །དུས་གསུམ་བུདྡྷ་རབ་མཆོད་ནས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི། །མུ་ཏིག་ཁུ་འཕང་དབབ་ཏུ་གསོལ། །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཕྱུང་ཞིག །རིག་འཛིན་སྒྲུབ་པོའི་ཚེ་སྤེལ་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ་ཧཱུཾ་བཾ་ཧོཿ ཨཱ་ཡུརྫྙཱ་ན་ཨ་ཀཪྵ་ཡ་ཛཿ ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༀ་ཨཱཿཧཱུཾ། སྒྲོལ་ཡུམ་ཨེ་ཀ་ཛ་ཊི་མ། །ཆོས་ཀྱི་དབྱིངས་ཀྱི་མཁའ་འགྲོ་ཡུམ། །ཁྲག་འཐུང་ལྷ་ཚོགས་མཉེས་བྱེད་མ། །བུདྡྷ་ཀུན་དང་མཉམ་སྦྱོར་བའི། །བདེ་འོད་ཉི་མའི་གཟི་བརྗིད་ཀྱིས། །མཁའ་འགྲོ་ཐམས་ཅད་དབང་བསྡུས་ནས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི། །མུ་ཏིག་ཁུ་འཕང་དབབ་ཏུ་གསོལ། །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཕྱུང་ཞིག །རིག་འཛིན་སྒྲུབ་པོའི་ཚེ་སྤེལ་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨཱ་ཡུརྫཱ་ན་ཛཿ ཧཱུཾ། ཀ་རཱི་ལ་སོགས་མ་མོ་བརྒྱད། །སེང་ཧ་ལ་སོགས་ཕྲ་མེན་བརྒྱད། །སྲས་མཆོག་རིགས་ལྔ་ཡུམ་དང་བཅས། །ཁྲོ་བཅུ་ཁྲ་ཕྱག་སྒོ་མ་རྣམས། །གེགས་ཆེན་འདུལ་ཞིང་ཁྲོ་ཚུལ་སྟོན། །གཡས་ན་ལྕགས་ཀྱུ་ཕུར་པ་བསྣམས། །གཡོན་ན་བདུད་རྩིའི་བུམ་པ་བསྣམས། །ཐུགས་ཀ་ཉི་ཟླ་ཁ་སྦྱོར་ནས། །ཚེ་འཛིན་ཐུགས་ཀྱི་དཔལ་བེའུ་ནས། །བྱང་སེམས་ཐིག་ལེ་ཁུ་འཕང་འབེབས། །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །ཕྱོགས་སྐྱོང་ལག་ནས་ཚེ་དྲོངས་ཤིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨཱ་ཡུརྫྙཱ་ན་ཙིཏྟ་བྷྲཱུཾ། ཞེས་དང་། རྒྱས་གདབ་ནི། ཧཱུཾ། ཚེ་ཡི་དངོས་གྲུབ་འཆི་མེད་འདི། །ཁྲག་འཐུང་རིགས་ལྔའི་ཐུགས་ཀར་སྦ། །མི་འགྱུར་ཚེ་ཡི་ཐིག་ལེ་ལ། །རྡོ་རྗེས་རྒྱས་གདབ་མི་ཤིགས་དབུས། །འཁོར་ལོས་རྒྱས་གདབ་བདུད་བཞི་འཇོམས། །རིན་ཆེན་རྒྱས་གདབ་བསམ་བཞིན་འགྲུབ། །པདྨས་རྒྱས་གདབ་ཉོན་མོངས་བྲལ། །རྒྱ་གྲམ་རྒྱས་གདབ་དོན་རྣམས་འགྲུབ། །ཡེ་ཤེས་ལྔ་ཡི་རྒྱས་གདབ་པས། །དབྱིངས་ཀྱི་ཐིག་ལེར་མི་ཤིགས་ཤོག །ཨཱ་ཡུ་ཨཱ་བེ་ཤ་ཡ་ཨ། ཞེས་ཆོས་ཉིད་ཀྱི་ངང་དུ་ཚེ་སྦའོ། །གྲུབ་པའི་རྟགས་ནི། འོད་དང་འཇའ་དང་དུ་བ་མེ། །ཁོལ་བ་ཚེ་ཡི་རྟགས་ཡིན་ནོ། །ཞེས་སོ། །གསུམ་པ་རྗེས་ལ་དངོས་གྲུབ་བླང་བ་ནི། བསྒྲུབ་པ་ཐོན་པའི་དུས་ཚོགས་གཏོར་བཟང་པོ་བྱ། དམ་ཚིག་ཉམས་ཆག་དག་པར་བྱས་ལ། དཀྱིལ་འཁོར་གྱི་མར་མེ་རྣམས་སྦར། ཧཱུཾ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །བདེ་ཆེན་རྒྱས་པའི་བྷ་གའི་དབྱིངས། །ཁྲག་འཐུང་འདུས་པའི་ཁྲོ་རྒྱལ་སྐུ། །འགྱུར་བ་མེད་པ་ཚེ་ཡི་ཐུགས། །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པ། །དབང་དང་བྱིན་རླབས་བདག་སྩོལ་ཅིག །ཞེས་པས་སྙན་གསན་དབབ་ལ་བུམ་པ་སྤྱི་བོའི་གནས་ལྔར་འཇོག་ཅིང་། ཧཱུཾ། ཁྲག་འཐུང་ལྔ་ཡི་དབང་བསྐུར་བས། །ཉོན་མོངས་དུག་ལྔ་རབ་དག་ནས། །ཡེ་ཤེས་ལྔ་རྫོགས་ཐིག་ལེ་རྒྱས། །འཆི་མེད་ཚེ་ཡི་རིག་འཛིན་ཤོག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་ཏི་ཤྭ་རཱི་སྟྭཾ། ཨ་བྷི་ཥིཉྩ་མཱཾ། བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་ཏི་ཤྭ་རི་སྟྭཾ། ཨ་བྷི་ཥིཉྩ་མཱཾ། རནྟ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་ཏི་ཤྭ་རི་སྟྭཾ། ཨ་བྷི་ཥིཉྩ་མཱཾ། པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏི་ཤྭ་རི་སྟྭཾ། ཨ་བྷི་ཥིཉྩ་མཱཾ། ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་ཏི་ཤྭ་རི་སྟྭཾ། ཨ་བྷི་ཥིཉྩ་མཱཾ། ༀ་ཨཱཿཧཱུཾ། ཞེས་བུམ་ཆུ་བཏུང་ཞིང་ཉེ་རེག་བྱ། དེ་ནས་ཚེའི་དངོས་གྲུབ་བླང་བ་ནི། བསྒྲུབ་རྫས་རྣམས་ཕྱོགས་གཅིག་ཏུ་བྱས་ལ། ཨེ་མ་ཧོ། བཅོམ་ལྡན་འདས་ནི་ཁྲོ་རྒྱལ་གཙོ། །རྡོ་རྗེ་སྲིན་པོའི་ནམ་ནི་ལངས་ལགས་ན། །གཟའ་སྐར་རྒྱལ་པོ་ཉི་མ་རྩེ་ཤར་གྱིས། །བཟླས་བརྗོད་བསྙེན་པའི་གྲངས་ནི་ཐེམ་ལགས་ན། །གྲུབ་པའི་རྟགས་ནི་མྱུར་དུ་བསྟན་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་རེ་རན། །དབང་དང་བྱིན་རླབས་ཐམས་ཅད་བདག་གསོལ་ཅིག །ཧཱུཾ། བརྗོད་མེད་སྤྲོས་བྲལ་ཆོས་ཀྱི་སྐུ། །སྐུ་གསུམ་རྫོགས་པ་ཁྲོ་རྒྱལ་སྐུ། །མི་གནས་ཡེ་ཤེས་ནམ་མཁའི་ཐུགས། །ཐུན་མོང་མ་ཡིན་ཁྱད་པར་འཕགས། །ཡེ་ཤེས་མི་འགྱུར་དཔལ་བེའུ་ནས། །བདེ་ཆེན་ཐེག་ལེ་བྱང་ཆུབ་སེམས། །བདུད་འདུལ་རྡོ་རྗེ་གཞོན་ནུ་ཡི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས། །མ་ཐོགས་མྱུར་དུ་སྩལ་དུ་གསོལ། །མི་འཆི་ཚེ་ཡི་དངོས་གྲུབ་སྩོལ། །མངོན་པར་ཤེས་པའི་དངོས་གྲུབ་སྩོལ། །རྫུ་འཕྲུལ་མཐུ་ཡི་དངོས་གྲུབ་སྩོལ། །རིག་པ་འཛིན་པའི་དངོས་གྲུབ་སྩོལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །རིགས་རྒྱུད་འཕེལ་བའི་དངོས་གྲུབ་སྩོལ། །གྲུབ་མཆོག་བརྒྱད་ཀྱི་དངོས་གྲུབ་སྩོལ། །ནད་གེགས་འཇོམས་པའི་དངོས་གྲུབ་སྩོལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཟག་མེད་བདེ་བའི་དངོས་གྲུབ་སྩོལ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ་ཧཱུཾ་བཾ་ཧོཿ ཨ་མྲྀ་ཏ་སིདྡྷི་ཧཱུཾ་ཧྲཱིཥྛ། ཨ་བེ་ཤ་ཡ་ཧོཿ ཨ་ལ་ལ་ཧོཿ ཞེས་བརྗོད་ཅིང་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱོད་དོ། །ཕན་ཡོན་ནི། ཚེ་ཡི་དངོས་གྲུབ་བླང་བ་ཡིས། །ནད་དང་བྲལ་ཞིང་སྡུག་བསྔལ་ཞི། །གེགས་མེད་ཉི་ཟླའི་ཚེ་དང་མཉམ། །ཁྲག་འཐུང་སྐུ་དང་དབྱེར་མེད་འགྱུར། །ཞེས་སོ། །དགེའོ།། །།


previousཕུར་པ་རྒྱུད་ལུགས་ལས་ཚེ་སྒྲུབ་ཉི་ཟླའི་ཟ་མ་ཏོགnext