Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཆེན་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་བདག་འཇུག་བྱིན་རླབས་རོལ་མཚོ། རང་བྱུང་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཆེན་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་བདག་འཇུག་བྱིན་རླབས་རོལ་མཚོ། རང་བྱུང་རྡོ་རྗེ།next

དཔལ་ཆེན་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་བདག་འཇུག་བྱིན་རླབས་རོལ་མཚོ། རང་བྱུང་རྡོ་རྗེ།

དཔལ་ཆེན་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་བདག་འཇུག་བྱིན་རླབས་རོལ་མཚོ་ཞེས་བྱ་བ་བཞུགས། ན་མཿཤྲཱི་བཛྲ་ཀུ་མཱ་ར་ཡ། དཔལ་ཆེན་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་དཀྱིལ་འཁོར་དུ་འཇུག་པར་འདོད་པས། རང་གི་ཆོས་ཉིད་བདེ་གཤེགས་སྙིང་པོ་དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པ་ལ། གློ་བུར་བའི་ཚོགས་བརྒྱད་འདུས་བྱས་པ་སློབ་མའི་ཚུལ་དུ་བྱས་ནས་དབང་གི་བྱ་བ་ལ་འཇུག་པའི་ཚུལ་ངེས་པར་བྱས་ནས་ཁྲུས་བྱས། བགེགས་བསྐྲད། མེ་ཏོག་བཀྱེ་བསྡུ་བྱས་ལ། མཎྜལ་དབུལ། ཙཀྵུརྦྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ། ཞེས་མིག་དར་འཆིང་། ཨཱ་ཁཾ་བཱི་ར་ཧཱུཾ་གིས་མེ་ཏོག་བཟུང་ལ། གསོལ་བ་གདབ་པ་ནི། ༈ ཁྲག་འཐུང་རྡོ་རྗེ་ཧེ་རུ་ཀ །བདག་གིས་བདུད་རྩི་ལྔས་མཆོད་དེ། །བདག་ནི་རབ་ཏུ་བསྒྲལ་སླད་དུ། །མི་ཕྱེད་རྡོ་རྗེ་བདག་ལ་སྩོལ། །ལན་གསུམ། སློབ་དཔོན་གྱིས། ༈ སྐལ་ལྡན་རིག་འཛིན་རིགས་ཀྱི་བུ། །ལྷག་པའི་བསམ་པ་བཟང་པོའི་ཕྱིར། །ད་ལྟའི་དུས་ནི་སེམས་བསྐྱེད་ན། །བུ་ཁྱོད་དགའ་བ་ཅི་ལ་དགའ། །ཞེས་པའི་ལན་དུ་སློབ་བུས། བདག་ནི་སྐལ་བཟང་བདེ་ཆེན་ལ། །བདེ་ཆེན་མཆོག་ལ་བདག་དགའ་སྟེ། །བླ་མེད་བྱང་ཆུབ་འཐོབ་བྱའི་ཕྱིར། །ཁྲག་འཐུང་དཔལ་ལ་བདག་དགའོ། །སྡོམ་པ་ཐུན་མོང་བསྒྲག་པ་ནི། སློབ་དཔོན་གྱིས། ༈ དྲག་པོའི་ལས་ཀྱི་དཀྱིལ་འཁོར་འདིར། །རིགས་ཀྱི་བུ་ཁྱོད་འཇུག་པར་བྱོས། །སྤྱི་དང་ཁྱད་པར་ལྷག་པ་ཡི། །དམ་ཚིག་གཉན་ལ་ཁྱོད་མ་འདའ། །དཀྱིལ་འཁོར་གསང་བ་མ་མཐོང་ཞིང་། །གསང་བ་དམ་པ་མ་མཐོང་ལ། །གསང་བ་དམ་པ་སྨྲ་མ་བྱེད། །ཁྱོད་ཀྱིས་སེམས་ཅན་སྲོག་མ་གཅོད། །མ་བྱིན་ལེན་དང་རྫུན་ལ་སོགས། །མི་དགེའི་ལས་རྣམས་སྤང་བར་བགྱི། །དེ་ནས་སྨོན་འཇུག་སྟབས་གཅིག་ཏུ་གཟུང་བའི་ཕྱིར། གསོལ་བ་གདབ་པ་ནི། ༈ སྐྱེ་རྒ་ན་དང་འཆི་བ་ཡི། །ཆུ་སྲིན་པིར་ཐོགས་འཇིགས་བྱེད་ལས། །གདོན་པར་ནུས་པ་ཁྱོད་འབའ་ཞིག །དགའ་ཆེན་ཁྱོད་བདག་སྟོན་པར་བས། །མགོན་པོ་ཆེན་པོ་བདག་ལ་སྩོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་ཆེན་པོས་གཟུང་དུ་གསོལ། །ལན་གསུམ། དེ་ནས་སྡོམ་པའི་གཞི་རྟེན་སྐྱབས་འགྲོ་ནི། ༈ ཆོས་སྐུ་མཁའ་འདྲ་གཟུགས་སྐུ་འཇའ་ལྟར་སྣང་། །གསང་སྔགས་སྒྲ་སྙན་ལྟ་བུར་སྒྲ་བསྒྲགས་ཤིང་། །ཁྲོ་བོ་ཁྲོ་མོའི་ཚུལ་གྱིས་གདུག་པ་འདུལ། །བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ལན་གསུམ་གྱི་མཐར་སྨོན་འཇུག་གི་སྡོམ་པ་བཟུང་བ་དངོས་ནི་མོས་པ་བརྟན་པོས། ༈ བདག་གི་བྱང་ཆུབ་སེམས་མཆོག་ནི། །མ་ལུས་པར་ནི་བསྐྱེད་པར་བགྱི། །ངན་སོང་གསུམ་ལས་མ་གྲོལ་བ། །ལྷ་མི་གཉིས་སུ་དགྲོལ་བར་བགྱི། །མ་བསྒྲལ་བ་ཡི་ལྷ་མི་རྣམས། །བྱང་ཆུབ་ས་ལ་བསྒྲལ་བར་བགྱི། །དབུགས་མ་ཕྱུང་བའི་བྱང་ཆུབ་སེམས། །ས་བརྒྱད་པ་ལ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་པའི་མཐའ། །རྡོ་རྗེེ་འཆང་ལ་རབ་ཏུ་དགོད། །ལན་གསུམ། དེ་ནས་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པའི་ཕྱིར་གསོལ་བ་གདབ་ནི། ༈ རྡོ་རྗེ་ཡེ་ཤེས་ཆེན་པོ་ཡི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །དེ་རིང་བདག་ལ་དབང་བསྐུར་ཤོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །མ་ལུས་གཞུང་བཞིན་བསྒྲུབས་ནས་ནི། །སྐུ་གསུང་ཐུགས་ཀྱི་ཕུར་པ་བཞིན། །ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་དུ། །བདག་གི་དད་པས་འཇུག་པར་བགྱི། །རྡོ་རྗེ་འཇོམས་བྱེད་ཆེན་པོ་ཡིས། །བདག་ལ་དབང་མཆོག་དེ་རིང་གསོལ། །ལན་གསུམ། སློབ་དཔོན་གྱིས། ༈ ང་ནི་ཡེ་ཤེས་རྡོ་རྗེ་སྟེ། །ཉོན་མོངས་རྣམ་རྟོག་འཇོམས་པའི་ཕྱིར། །འཇོམས་བྱེད་རྡོ་རྗེ་ཆོན་པོ་འདི། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཞེས་བརྗོད་ནས་སློབ་བུའི་སྙིང་གར་བཞག་ལ། ཁྱེད་གཞན་དོན་དུ་སངས་རྒྱས་སྒྲུབ་པར་འདུན་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད་སྙིང་གར་ཟླ་བ་ཉ་གང་བའི་སྟེང་དུ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་ལྔ་ལྡན་གྱི་རྣམ་པ་ཅན་དུ་སྒོམས་ལ་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཧཱུྃ། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏ་ཡཱ་མི། ཞེས་ལན་གསུམ་དང་། ༈ འཇོམས་བྱེད་ཆེན་པོའི་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །རྣམ་རྟོག་འཇོམས་ཕྱིར་ཡེ་ཤེས་གསལ། །སངས་རྒྱས་བདག་ལ་དབང་ལྡན་ཤོག །ཅེས་སྨོན་ལམ་གདབ། སྔགས་སྡོམ་བྱེ་བྲག་པ་བཟུང་བ་ནི། ༈ ཧཱུཾ། སངས་རྒྱས་ཀུན་གྱིས་གྲུབ་པའི་གཞི། །བླ་མེད་རྡོ་རྗེ་དམ་ཚིག་སྟེ། །དམ་ཚིག་འདི་ནི་གཟུང་བར་བགྱི། །བླ་མ་རྡོ་རྗེ་སློབ་དཔོན་དང་། །དཀོན་མཆོག་མཁའ་འགྲོ་ཡང་དག་གཟུང་། །ཕྱག་རྒྱ་སྔགས་རྣམས་རྒྱུན་མི་གཅད། །ཡང་དག་ལམ་ལ་ཞུགས་ལ་བྱམས། །གསང་བ་ཆེན་པོ་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་གཟུང་། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཞེ་སྡང་གཏི་མུག་ཆགས་ང་རྒྱལ། །དཀར་དམར་ལྗང་སེར་མཐིང་གའི་མདོག །དག་པའི་སྣོད་བཅུད་མི་དོར་རོ། །ཡན་ལག་བཅུ་ཡི་དམ་ཚིག་མདོ། །བདག་གིས་བརྟན་པོར་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། །ལན་གསུམ་གྱིས་སྔགས་སྡོམ་ཐོབ་པར་ངེས་ཤེས་བསྐྱེད་དོ། །དམ་བཞག་ནི། དམ་ཆུ་བཏུང་ལ། ༈ དེ་རིང་ཁྱོད་ཀྱི་སྙིང་ལ་ནི། །རྡོ་རྗེ་སེམས་དཔའ་ཡང་དག་གནས། །གལ་ཏེ་ཚུལ་འདི་དྲལ་གྱུར་ན། །སྐད་ཅིག་གིས་ནི་དྲལ་ཏེ་གཤེགས། །དེ་བས་དམ་ལ་མ་འདའ་ཞིག །ༀ་བཛྲ་རོད་ཋ་ཀ་ཧཱུཾ། དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱི། །ང་ཡིས་སྨྲས་པ་ཐམས་ཅད་ཀྱང་། །ངེས་པ་ཁོ་ནར་བྱ་དགོས་སོ། །བདག་ལ་སྨད་པར་མ་བྱེད་ཅིག །གལ་ཏེ་སྨད་པར་བྱས་ན་ནི། །ཚེ་ཡི་འདུ་བྱེད་བྱས་ནས་ཀྱང་། །དམ་ཆུ་འདི་ཡིས་རྐྱེན་བྱས་ནས། །རྡོ་རྗེའི་དམྱལ་བར་གྱུར་ཏ་རེ། །སྐལ་དང་ལྡན་པ་རིགས་ཀྱི་བུ། །ཁྱོད་ཀྱིས་བསྲུང་བར་བྱ་བ་ནི། །ལྷ་དང་བླ་མ་སྤུན་མི་སྤང་། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །གསང་བ་གཞན་ལ་སྤེལ་མི་བྱ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། །རྩ་བའི་དམ་ཚིག་ངེས་ཐུབ་ན། །དམ་ཆུ་འདི་ཡིས་རྐྱེན་བྱས་ནས། །ཡེ་ཤེས་སེམས་དཔའ་ཉིད་དུ་འགྱུར། །དེ་ནས་ཕྱི་ལྟར་འཇུག་པ་དངོས་ནི། ཧཱུཾ་ཛཿབཾ་ཧོཿཧི་ཧི། ཞེས་བརྗོད་པས་ཕྱེ་ཚུལ་ལྷོ་སྒོ་སྙིང་རྗེ་ཆེན་པོ་ནས་རིམ་པར་ཕྱེ་ཡང་འཇུག་ཚུལ་ཤར་སྒོ་ནས་གཡས་སྐོར་དུ་ཞུགས་པར་བསམས་ལ། ༀ་རཏྣ་པུཥྤེ་ཨཱ་བི་ར་ཁཾ། ཞེས་དང་། ༀ་ན་མ་དེ་ཧཱུྃ། ༀ་ན་མ་མེ་ཧཱུཾ། ༀ་ན་མོ་ན་མ་ཧཱུཾ། ཞེས་སྒོ་སོ་སོར་སྐུ་གསུང་ཐུགས་ཕྱག་རེ་བྱ། ནང་འཇུག་གི་དོན་དུ་གསོལ་བ་གདབ་པ་ནི། ༈ ཧཱུཾ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་ཉིད་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་སྲས་བསྐྱེད་ཅིག །ཅེས་བརྗོད་པས་དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་བདེ་བ་ཆེན་པོའི་རྦ་རླབས་གཡོས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་པའི་སྒྲ་དང་འོད་ཟེར་གྱིས་སློབ་མའི་རྣམ་སྨིན་གྱི་ཕུང་པོ་སྦྱང་། རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མེད་པ་ནི་ཆོས་ཀྱི་སྐུ། དེའི་ངང་ལས་ལོངས་སྤྱོད་རྫོགས་པའི་རང་བཞིན་ཧཱུཾ་དུ་གྱུར་པ་ཡབ་ཀྱི་ཞལ་ནས་དྲང། ཡུམ་གྱི་བྷ་གར་རྡོ་རྗེ་གཞོན་ནུར་སྨིན་པས་སྐུ་གསུམ་རྫོགས། བཛྲ་ས་མ་ཡ་ཛཿ ཞེས་བརྗོད་པས་ཕྱིར་ཕྱུང་སྟེ་ཡབ་ཀྱི་ཕྱག་རིགས་ལྔ་ཡབ་ཡུམ་དུ་གྱུར་པས་བླང་། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་བརྗོད་པས་བདེ་བའི་རླབས་ཀྱིས་དབང་བཞི་བསྐུར། དེ་ལ་ཡེ་ཤེས་དབབ་པའི་ཕྱིར་སྤོས་རོལ་བྱ་ཞིང་རྫས་ཀྱི་སྦྱོར་བ་དམིགས་བསལ་བསྲེག་པ་དང་བཅས། ༈ ཧཱུཾ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པ། །དབང་དང་བྱིན་རླབས་བདག་གསོལ་ཅིག །སངས་རྒྱས་འདུས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བེ་ཤ་ཡ་ཧཱུཾ་ཕཊ། ཅེས་མང་དུ་བརྗོད། ཕེབས་རྟགས་བྱུང་མ་ཐག་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་འཇོག་ཅིང་། ༈ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ལ་པྲ་ཏ་ཧཱུཾ་ཕཊ། ཅེས་བརྗོད་པས་བརྟན་པར་བྱ། དེ་ནས་རིགས་དང་ལས་འབྲེལ་བརྟག་པའི་ཕྱིར་དཀྱིལ་འཁོར་དངོས་སམ། རེ་ཁཱའི་ནང་དུ་མེ་ཏོག་སྔོན་པོ་སྣ་ཚོགས་ཕྱི་རོལ་དུ་མ་འདས་པར་དོར་ཞིང་། བཤད་རྒྱུད་ལས། ༈ ཧཱུཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །རྡོ་རྗེ་རིགས་ཀྱི་མེ་ཏོག་དོར་ནས་ཀྱང་། །ཁྲག་འཐུང་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། །སྐལ་ལྡན་རིག་འཛིན་བདག་ལ་སྩལ་དུ་གསོལ། །བདག་ནི་རྡོ་རྗེའི་རིགས་སུ་གཟུང་དུ་གསོལ། །ༀ་བོ་དྷི་ཙིཏྟ་པཱུ་ཙ་ཧོཿ དེ་ནས་བླ་མས་རིགས་དེ་དང་མཐུན་པའི་མིང་གདགས་ཤིང་དངོས་གྲུབ་ཐོབ་པར་ལུང་བསྟན། ལྷག་པའི་ལྷ་དེས་རྗེས་སུ་འཛིན་པའི་རྟེན་འབྲེལ་སྒྲིག་ཕྱིར་སླར་ཡང་ཅོད་པན་སྤྱི་བོར་བཅིང་ཞིང་། ༈ དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །མིང་ནི་རྡོ་རྗེ་ཆེ་གེ་མོ། །ཀུ་མཱ་ར། རྡོ་རྗེ་ཀུན་གྲགས་ཡིན་པར་ངེས། །རྡོ་རྗེའི་མཚན་གྱིས་ཀུན་གྲགས་ཤོག །དེ་ནས་མིག་དབྱེ་བ་ནི། མིག་ཐུར་ཐོགས་ལ། ༈ སྔོན་ཚེ་མིག་མཁན་རྒྱལ་པོ་ཡིས། །གསེར་གྱི་གཙགས་བུ་ཐོགས་ནས་ནི། །མིག་གི་ལིང་ཐོག་བསལ་བ་ལྟར། །ཐུགས་རྗེ་ཡེ་ཤེས་ཐབས་ལྡན་པས། །མི་ཤེས་རྨོངས་པའི་རབ་རིབ་དང་། །མ་རིག་མུག་པ་བསལ་དུ་གསོལ། །དེང་ཁྱོད་རྡོ་རྗེ་སེམས་ཀྱིས་ནི། །མིག་ཀུན་ངེས་པར་འབྱེད་མཛད་པའི། །མིག་འབྱེད་པ་ལ་བརྩོན་པར་བྱེད། །རྡོ་རྗེའི་མིག་ཏུ་བླ་མེད་འགྱུར། །ༀ་བཛྲ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཕཊ། གདོང་གཡོགས་ཕྱེ། དཀྱིལ་འཁོར་བསྟན་པ་ནི། ༈ ཆོས་རྣམས་གཟུགས་བརྙན་འདྲ་བ་ཡི། །རང་བཞིན་དག་པར་རྙོག་པ་མེད། །གཟུགས་བརྙན་གསལ་བའི་དཀྱིལ་འཁོར་དུ། །ཀུན་གྱིས་དྲི་མ་མེད་མཐོང་ཤོག །དཀྱིལ་འཁོར་ཉིད་ལ་ད་ལྟ་ཉིད། །དད་པའི་ཤུགས་ཀྱིས་བལྟ་བར་གྱིས། །ཁྱོད་ཀྱང་སངས་རྒྱས་རིགས་ལས་སྐྱེས། །སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །བཛྲ་མཎྜལ་པྲ་ཝེ་ཤ་ཧོ། ཨེ་མ་སྣོད་དང་ལྡན་པའི་བུ། །ཁྱོད་ནི་དཀྱིལ་འཁོར་ཆེན་པོ་འདིའི། །ཚོན་རྩི་མཐོང་བས་སྡིག་ལས་གྲོལ། །དེ་ཕྱིར་དད་པ་རབ་ཏུ་བསྐྱེད། །རྟགས་ཀྱི་དཀྱིལ་འཁོར་ཆེན་པོ་ནི། །དོན་གྱི་འོག་མིན་ཉིད་ཡིན་ཏེ། །བྱང་ཆུབ་ཕྱོགས་ཀྱི་ཆོས་ཀུན་དང་། །ས་ལམ་འབྲས་བུའི་ཡོན་ཏན་རྫོགས། །དེ་ན་བཞུགས་པའི་སངས་རྒྱས་ཀུན། །རང་གི་སེམས་སུ་ཤེས་པར་གྱིས། །སེམས་ནི་ཆོས་ཉིད་ལ་གནས་པས། །རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་ཡིན། །ཞེས་མཐོང་བ་བསྟན་ནོ། །དེ་ནས་དབང་དངོས་གཞིའི་སླད་དུ་གསོལ་བ་གདབ་པ་ནི། ༈ ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །རིགས་ལྔ་འདུས་པའི་ཁྲོ་རྒྱལ་གཙོ། །རྡོ་རྗེ་གཞོན་ནུ་ཁྲོས་པའི་དཔལ། །སྐལ་ལྡན་རྣམས་ཀྱིས་ཐོབ་པར་ཤོག །ལན་གསུམ། དེ་ནས་རིག་པའི་དབང་ལྔ་ནི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷའི་རྣམ་པར་སྤྱན་དྲང་། མཆོད་ཅིང་བསྟོད། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དཀྱིལ་འཁོར་གྱི་བདག་པོ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་གི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་བུམ་པ་ཡོ་བར་བཟུང་ནས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་དེ་རིག་དབང་ལྔའི་བྱ་བ་མཛད་པའི་དག་བྱ་དག་འབྲས་ལ་བདེ་སྟོང་གཉིས་སུ་མེད་པའི་ཉམས་སྐྱེས་པར་གྱུར། རྣམ་བུམ་སྤྱི་བོར་བཞག་ལ། ༈ ཧཱུཾ། གསང་གསུམ་དམ་ཚིག་ལས་བྱུང་བ། །ཡབ་ཡུམ་གཉིས་མེད་བདེ་ཆེན་ལས། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་འདིས། །རྡོ་རྗེ་རིགས་ཀྱི་དབང་བསྐུར་རོ། །ༀ་བོ་དྷི་ཙིཏྟ་ཨཱ་དཪྴ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་མི་བསྐྱོད་པའི་ངོ་བོ་བུམ་པའི་ཆུས་དབང་བསྐུར་ཞིང་ཉེ་རེག་བྱས་པས་ལུས་ཀྱི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ། གཟུགས་ཀྱི་ཕུང་པོ་རྡོ་རྗེ་མི་བསྐྱོད་པ་དང་། ཆུའི་ཁམས་མཱ་མ་ཀཱིའི་རང་བཞིན་དུ་གནས་འགྱུར། ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རྡོ་རྗེ་རིགས་ཀྱི་སྐུ་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན། དེ་ནས་རིན་འབྱུང་དབུ་རྒྱན་གྱི་དབང་ནི། དབང་འདི་ཐོབ་ནས་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཐབས་ལ་དབང་བས་ན་རིགས་ལྔའི་དབུ་རྒྱན་ལ་ཐོབ་པ་ལྔའི་སྒྲ་ཆགས་པ་སྟེ། དེ་ཉིད་མགོ་ལ་བཀོན་ནས། ༈ ས། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །ཐོབ་པ་ལྔ་ཡི་དབང་བསྐུར་བ། །རིན་ཆེན་རིགས་ཀྱི་དབང་བསྐུར་མཆོག །རིན་ཆེན་ཁྲག་འཐུང་བརྟན་གྱུར་ཅིག །ས་མ་ཏ་རཏྣ་བཛྲ་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་དབུ་རྒྱན་འདི་བཀོན་པ་ཙམ་གྱིས་སྒོ་གསུམ་གྱི་རྨོངས་པའི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་། སའི་ཁམས་སངས་རྒྱས་སྤྱན་མར་གནས་འགྱུར། ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སྣང་མཐའ་རྡོ་རྗེའི་དབང་ནི། ༈ ཨཱཿ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །རྡོ་རྗེ་གསུང་གི་དོན་མཛད་པ། །པདྨ་ཁྲག་འཐུང་རྡོ་རྗེ་དཔལ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །པྲ་ཏྱ་བེཀྵ་ན་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་སྣང་བ་མཐའ་ཡས་ཀྱི་རང་བཞིན་རྡོ་རྗེའི་དབང་བསྐུར་བས་ངག་གི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་། མེའི་ཁམས་གོས་དཀར་མོར་གནས་འགྱུར། འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་པདྨ་རིགས་ཀྱི་གསུང་འགག་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །དོན་ཡོད་གྲུབ་པ་དྲིལ་བུའི་དབང་ནི། ༈ ཏྭ། མཁའ་འགྲོ་ཀུན་གྱི་དྲིལ་བུའི་དབང་། །རྟོག་མེད་ཆོས་ཀྱི་སྒྲ་འབྱིན་ཅིང་། །ལས་ཀྱི་ཁྲག་འཐུང་ཕྲིན་ལས་བདག །ཤེས་རབ་དྲིལ་བུའི་དབང་བསྐུར་རོ། །ཀྲྀཏྟ་ཨ་ནུཥྛ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་དྲིལ་བུ་འདི་གཏད་པ་ཙམ་གྱིས་ཉོན་མོངས་པ་བག་ལ་ཉལ་གྱི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་། རླུང་གི་ཁམས་དམ་ཚིག་སྒྲོལ་མར་གནས་འགྱུར། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ། འགྲོ་བའི་དོན་བྱེད་པར་འགྱུར་རོ། །རྣམ་པར་སྣང་མཛད་མིང་གི་དབང་ནི། རྡོར་དྲིལ་སྤྱི་བོར་འཁྲོལ་ཞིང་། སྔར་གྱི་གསང་མིང་དཀྱིལ་འཁོར་པའི་ལྷ་ཚོགས་ཀྱིས་འུར་དིར་བསྒྲགས་པར་བསམ་ནས། ༈ ༀ། རྡོ་རྗེ་མིང་གི་ཆོས་ཉིད་དེ། །ཅིས་ཀྱང་མི་ཚུགས་མི་ཤིགས་ཏེ། །སངས་རྒྱས་ཁྲག་འཐུང་ངོ་བོ་ཉིད། །རྡོ་རྗེ་མིང་གི་དབང་བསྐུར་རོ། །དྷརྨ་དྷཱ་ཏུ་བི་ཤོ་དྷ་བཛྲ་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་ཀྱི་ངོ་བོ་མིང་ཆེ་གེ་མོ་བཏགས་པ་ཙམ་གྱིས་ཡིད་ཀྱི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་སྣང་མཛད་དང་། ནམ་མཁའི་ཁམས་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མར་གནས་གྱུར། གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་དེ་བཞིན་གཤེགས་པའི་ཐུགས་རྣམ་པར་མི་རྟོག་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །དེ་ལྟར་རིག་དབང་ལྔ་ཐོབ་པའི་བྲལ་ཐོབ་ནི། ཕྲེང་བ་ལས། ༈ སངས་རྒྱས་ལྔར་ནི་རྣམ་དག་པའི། །དབང་བསྐུར་ལྔ་ཐོབ་རྒྱུད་ལ་ནི། །མ་རིག་པ་དང་བྲལ་བས་ན། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཅེས་པ་ལྟར་རོ། །དེ་ནས་རིག་དབང་ལྔའི་མཐའ་རྟེན་དུ་སྣང་ཞེན་ལྷ་སྐུར་རྫོགས་བྱེད་རྣམ་རྒྱལ་བུམ་པའི་དབང་ནི། བུམ་པ་སྤྱི་བོར་བཟུང་ལ། ༈ ཧཱུཾ། དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གཉིས། །གཡོན་ནས་ཡུམ་གྱིས་ཡབ་ལ་འཁྱུད། །ཕྱག་གི་བུམ་པ་རབ་ཏུ་བླངས། །ཡེ་ཤེས་དབང་གི་ཆུ་བོ་འདི། །ཉོན་མོངས་མ་གོས་དཀར་ལ་འཚེར། །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྤྱི་བོར་བུམ་པས་དབང་བསྐུར་བས། །ཉོན་མོངས་གསུམ་དང་དུག་གསུམ་སྦྱངས། །དབང་གི་ཆུ་བོ་རྒྱུན་བཞིན་འབབ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། དཱིཔྟ་ཙཀྲ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གཏོར་ཞིང་བླུད་དོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་ནི། གཙོ་བོའི་སྐུ་སྤྱི་བོར་བསྐུར་ལ། ༈ ཧཱུཾ། ཀུན་ཏུ་བཟང་པོའི་རོལ་པ་ལས། །ཐུགས་རྗེས་ཁམས་གསུམ་གདུག་པ་འདུལ། །གཉེན་པོས་ལས་སུ་རུང་མཛད་པའི། །འཇིགས་བྱེད་གཉེན་པོའི་དབང་བསྐུར་རོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ། དར་ལེ་བརྒན་ལ་སྔགས་བྱང་བྲིས་པ་མགྲིན་པ་བཟུང་ལ། ༈ ཧཱུཾ། གསུང་གི་རང་བཞིན་མཚོན་བྱེད་པའི། །ལེ་བརྒན་འབར་བའི་ཁ་དོག་ལ། །སྙིང་པོ་ནུས་པའི་དོན་དང་ལྡན། །ནུས་པ་ཅན་གྱི་དབང་ཐོབ་ཤོག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཝཱ་ཀ་ཨ་བྷི་ཥིཉྩ་མཱཾ། ཕུར་པ་སྙིང་གར་བཞག་ལ། ༈ ཧཱུཾ། ཙིཏྟ་སྨུག་པོའི་གཞལ་ཡས་ནས། །ཁམས་གསུམ་དབང་གི་བདག་པོ་སྟེ། །བརྐྱང་བསྐུམ་རབ་ཏུ་གདེངས་པ་ཡིས། །གདུག་པ་འཇོམས་པའི་དབང་ཐོབ་ཤོག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་མཱཾ། ཡོན་ཏན་དང་ཕྲིན་ལས་གཉིས་ཀའི་དབང་ཡེ་ཤེས་སེམས་དཔའི་ཙཀླི་སྙིང་གར་གཏད་ལ། ༈ ཧཱུཾ། ཐུགས་ཀ་རིན་ཅེན་ཟུར་བརྒྱད་ལས། །ཕྲིན་ལས་སྣ་ཚོགས་ལྷུན་གྱིས་གྲུབ། །ཐམས་ཅད་ཀུན་ལ་རང་བཞིན་གནས། །ཡེ་ཤེས་སེམས་དཔའི་དབང་ཐོབ་ཤོག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། གུ་ཎ་ཀརྨ་ཨ་བྷི་ཥིཉྩ་མཱཾ། དེ་ནས་དུར་ཁྲོད་ཆས་བརྒྱད་ཀྱི་དབང་ནི། ༈ ཧཱུཾ། ཞིང་ཆེན་གཡང་གཞིས་འདོད་ཆགས་རྩད་ནས་གཅོད། །གླང་ཆེན་ཀོ་རློན་ཐུགས་རྗེ་སྟོབས་ཀྱི་བདག །སྟག་ཤམ་ཡོན་ཏན་ཕྲིན་ལས་རྒྱས་པའི་རྟགས། །བདུད་ཆས་དཔའ་བོའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ། ཐོད་པ་རློན་པ་ལོངས་སྤྱོད་རྫོགས་པའི་རྟགས། །ཐོད་པ་སྐམ་པོ་ཆོས་ཀྱི་སྐུ་ཡི་རྟགས། །ཐོད་པ་ཚལ་བུ་སྤྲུལ་པ་སྐུ་ཡི་རྟགས། །སྐུ་གསུམ་མཚོན་བྱེད་ཐོད་པའི་དབང་ཐོབ་ཤོག །ཧཱུཾ། རིགས་བཞི་ཀླུ་རྣམས་མ་ལུས་འདུལ་བའི་རྟགས། །གདུག་པ་སྦྲུལ་ནི་རིགས་བཞིས་སྐུ་ལ་བརྒྱན། །ཞེ་སྡང་ཆེན་པོ་གནས་སུ་འཇོམས་མཛད་པ། །གདུག་པ་ཆས་ཀྱི་དབང་རྣམས་ཐོབ་པར་ཤོག །ཧཱུཾ། ཞག་གི་ཟོ་རིས་དམ་རྫས་བཅུད་ཀྱི་རྒྱན། །ཐལ་ཆེན་ཚོམ་བུ་འཁོར་བ་འཇོམས་པའི་རྟགས། །རཀྟའི་ཐིག་ལེ་ཐུགས་རྗེ་ཆགས་པའི་རྟགས། །མཚན་མ་རྣམ་པ་གསུམ་གྱི་དབང་ཐོབ་ཤོག །དེ་ལ་དག་པ་བརྗོད་པ་ནི། ༈ སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་ལྔ་རུ་བསྐུར། །ཕྱོགས་བཅུ་སྲོག་ལ་དབང་བསྐུར་བས། །སྲོག་ནི་ཡེ་ཤེས་གྱུར་ནས་ནི། །ཁམས་གསུམ་སྒྲོལ་བའི་དབང་བསྐུར་རོ། །ཞེས་བརྗོད་པས་ཕུར་པའི་སྒོས་ཆོས་དཀྱིལ་འཁོར་གསུམ་གྱི་སྲོག་ཡེ་ཤེས་སུ་དབང་བསྐུར་བ་དང་། དེ་ལས་ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་བའི་དོན་དབང་མཆོག་བཞིན་དུ་དྲན་པར་བྱའོ། །རྡོ་རྗེ་སློབ་དཔོན་གྱི་དབང་ནི། དམ་ཚིག་གསུམ་བྱིན་ལ། ༈ ཧཱུཾ། ཐབས་ཀྱི་སྤྱོད་པས་གཞན་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི། །དབང་དང་བྱིན་རླབས་འདིར་སྩལ་ཏོ། །ༀ་བོ་དྷི་ཙིཏྟ་ས་མ་ཡ་སྟྭཾ་ཨ་བྷི་ཥིཉྩ་ཨ། རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་དང་དྲིལ་བུ་འདི་གཏད་ཅིང་དམ་ཚིག་གསུམ་བྱིན་ནས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བས། རྣམ་པ་ཐམས་ཅད་མཁྱེན་པའི་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་སྔགས་ཀྱི་ལྟ་སྤྱོད་ཟབ་མོའི་ཐབས་ཤེས་ཟུང་འབྲེལ་དུ་རྫོགས་ནས། འཁོར་བ་མ་སྤངས་རང་བཞིན་མེད་པར་དག །སྐུ་གསུམ་འདུ་འབྲལ་མེད་པས་འགྲོ་བའི་དོན་དཔག་ཏུ་མེད་པ་བྱེད་པའི་རྟེན་འབྲེལ་འགྲིག་པ་ཡིན་ནོ། །ཞེས་གཟེངས་བསྟོད། དེ་ལྟར་བུམ་པའི་དབང་བསྐུར་བས་བསྐྱེད་རིམ་སྒོམ་པའི་སྣོད་དུ་གྱུར། ཞི་བའི་ལས་འགྲུབ། ལུས་རགས་པ་བཞིན་ལག་གི་རྣམ་པ་ཐ་མལ་དུ་འཛིན་པ་དང་། ཕྲ་བ་རྩའི་རྣམ་གྲངས་ཐ་དད་པ་སྦྱངས་པས་སྐུ་རྡོ་རྗེའི་རང་བཞིན་དུ་རྣམ་པར་དག །ལམ་བསྐྱེད་པའི་རིམ་པ་དང་དགའ་བའི་ཡེ་ཤེས་ལ་བརྟེན་ནས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན། སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ནས་གསང་དབང་ནི། དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་སྙོམས་པར་ཞུགས་པར་མོས་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་བདེ་སྐྱོང་གི་སྣོད་དུ་བསྐྱིལ་བ་བདུད་རྩི་ལྔ་དང་སྦྱར་བ་ལྕེ་ཐོག་ཏུ་བྱིན་ལ། ༈ ཧཱུྃ། བདེ་ཆེན་ཐིག་ལེ་ཡབ་ཡུམ་བཅུ། །རྡོ་རྗེའི་ལམ་ནས་པདྨོར་འཁྱིལ། །བུ་ཡི་ལྕེ་ལ་དབབ་པར་བྱ། །སྙིང་གི་དཀྱིལ་དུ་བཟུང་བར་གྱིས། །ༀ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ། སློབ་མས་དང་དུ་བླངས་ནས། ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུཾ། ༀ་ཨཱཿཧཱུཾ་མ་ཧཱ་སུ་ཁ་ཧོཿ ཞེས་བརྗོད། དེ་ལྟར་གསང་དབང་བསྐུར་བས་སྒྲོན་མ་ལྔ་དང་བདུད་རྩི་ལྔ་བརྟེན་ཞིང་ལམ་ཙཎྜ་ལི་དང་བཟླས་བརྗོད་བྱེད་པ་ལ་དབང་། རྒྱས་པའི་ལས་འགྲུབ། དག་བྱ་ངག་གི་རང་བཞིན་ཕྲ་བའི་རླུང་ལ་ཞུ་བདེ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་པ་འདྲེས་པས་ཕྲ་བ་རླུང་དག་རགས་པ་ངག་གི་སྒྲིབ་པ་སྦྱངས། གསུང་རྡོ་རྗེའི་རང་བཞིན་དུ་རྣམ་པར་དག །མཆོག་དགའི་ཡེ་ཤེས་ལ་བརྟེན་ནས་མ་ཆགས་པདྨ་ཅན་གྱི་ས་ནོན། ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །དབང་གསུམ་པའི་དོན་དུ་རིག་ཙཀ་བྱིན་ནས་རྟོགས་པ་བསྐྱེད་པ་ནི། ༈ ཧཱུཾ། བདེ་བ་ཐུགས་ཀྱི་སེམས་དཔའ་ཆེ། །ཡབ་ཡུམ་གཉིས་མེད་མུ་ཏིག་གི། །ཁུ་འཕང་བྱང་སེམས་ཕབ་པ་ཡིས། །དུས་གསུམ་བླ་མ་སངས་རྒྱས་དང་། །མཁའ་འགྲོའི་ཚོགས་ལ་བདེ་ཆེན་གྱི། །བྱང་ཆུབ་སེམས་ཀྱི་མཆོད་པ་ཕུལ། །རྡོ་རྗེ་བདེ་ཆེན་ཐིག་ལེའི་དབྱིངས། །ཟག་མེད་དབྱིངས་སུ་མི་རྟོག་སྐྱེ། །དེ་བས་བློ་མཆོག་ལོངས་སྤྱོད་ཅིག །ཅེས་སྦྱིན་པ་ན་རིག་མས། ༈ ཧཱུཾ། ཡབ་ཆེན་ཆོས་ཀྱི་དབྱིངས་མཐོང་བའི། །པདྨ་དག་ལ་འོ་བྱེད་དམ། །དེ་ལས་བྱང་ཆུབ་སེམས་འཁྱིལ་བའི། །ཟག་མེད་བདེ་བ་ལོངས་སྤྱོད་དམ། །ཞེས་དྲིལ་པར་མོས་ལ། ལན་དུ་སློབ་བུས། ༈ ཨེ་མ། ཤེས་རབ་ལྷ་མོ་ཡུམ་ཆེན་མོ། །ཆོས་ཀྱི་དབྱིངས་ལ་འོ་བྱེད་དོ། །བྱང་ཆུབ་སེམས་མཐོང་ཐིག་ལེ་ལ། །རྟག་ཏུ་གུས་ཤིང་བདེ་བ་སྦྱོར། །ཞེས་བརྗོད། དེ་ནས་རིག་མ་པང་དུ་བྱོན་ནས་གསུམ་པའི་དབང་གི་རྟོགས་པ་འདི་བརྗོད་པར་བསམ་ལ། ༈ གར་དང་ལྡན་པ་ཡང་དག་བསྐྱོད། །བདེ་ཆེན་སྒྱུ་མའི་བརྡ་མཚོན་ཏེ། །གཉིས་ཤོར་གཉིས་མཉམ་དབུས་དག་ཏུ། །དབྱིངས་ཀྱི་བདེ་ཆེན་འབྱུང་བ་དེ། །རང་རིག་ཡེ་ཤེས་དེ་ལ་ཡོད། །ཅེས་བརྗོད་ནས། ཛཿཧཱུཾ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་མཉམ་པར་རོལ་པ་ལ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཧོཿ ཨ་ནུ་རཱ་ག་ཡ་མི། ཞེས་ཡབ་ཡུམ་བརྡ་དང་བརྡ་ལེན་མཛད་པས་རྗེས་སུ་ཆགས་པའི་ཉམས་བརྟས་པར་བསམ་ཞིང་། ཧཱུཾ་ཧཱུཾ། ཨ་ཨཱ། ཞེས་བརྗོད་པས། སྐུ་རྡོ་རྗེ་ཞུ་བ། གསུང་རྡོ་རྗེ་བདེ་བ། ཐུགས་རྡོ་རྗེ་མི་རྟོག་པ། སྙིང་པོ་ཆོས་ཉིད་བློ་འདས་ལས་བྱུང་བའི་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་མོ། །དག་བརྗོད་ནི། དེ་ལྟར་དབང་གསུམ་པ་བསྐུར་བས་དངོས་སམ་ཡིད་ཀྱི་སྣ་ཚོགས་གཟུགས་ཅན་སྒོམ་པ་ལ་དབང་། དབང་གི་ལས་འགྲུབ། དགའ་བ་བཞིའི་མས་བརྟན་གྱི་དཔེའི་ཡེ་ཤེས་ལ་བརྟེན་ནས་རགས་པ་ཐིག་ལེའི་སྒྲིབ་པ་དག །ཕྲ་བ་ཡིད་ཀྱི་སྒྲིབ་པ་སྦྱངས། དེ་ཉིད་རྣམ་པ་བཅུ་དྲུག་གི་དོན་མངོན་དུ་བྱས་ནས་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །དབང་བཞི་པ་ནི། གསུམ་པའི་ལྷན་སྐྱེས་ཀྱི་དཔེས་བཞི་པའི་ཡེ་ཤེས་མངོན་སུམ་དུ་མཐོང་བའི་དོན་ལ་མཉམ་པར་བཞག་ལ། ༈ ངོ་བོ་ཉིད་ཀྱི་སྟོང་པ་ལས། །བདག་དང་ཆོས་དང་རྣམ་རིག་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །སྟོང་ཉིད་ཡེ་ནས་གནས་པ་ལ། །ཤེས་པས་མཐོང་བའི་ཡུལ་མིན་ཏེ། །གང་གིས་ཡེ་ཤེས་བསྐྱེད་གྱུར་པ། །དེ་ཡིས་ཡེ་ཤེས་རྣམ་དག་མཐོང་། །ཞེས་སོ། །དེ་ལྟར་དབང་བཞི་པ་བསྐུར་བས་རྣམ་རྟོག །འཇོམས་བྱེད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕུར་པ་སྒོམ་པ་ལ་དབང་། དྲག་པོའི་ལས་འགྲུབ། ཀུན་གཞི་ལུང་མ་བསྟན་དང་ཤེས་བྱའི་སྒྲིབ་པ་སྦྱངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་། སློབ་མའི་སྒོ་གསུམ་རྡུལ་དང་བྲལ་བའི་དྭངས་མ་གསུམ་ལྡན་གཅིག་ཏུ་འདྲེས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བརྟེན་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན། ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །དམ་ཚིག་བསྒྲག་པ་ནི། ༈ བུམ་པའི་དམ་ཚིག་གང་ཡིན་ལ། །བསྐྱེད་པའི་རིམ་པ་བརྟག་པ་དང་། །རྨོངས་པ་རྣམས་ལ་མི་བྱ་སྟེ། །སྣོད་ཀྱི་ལོ་ཀ་གཞལ་ཡས་ཁང་། །བཅུད་ཀྱི་འཇིག་རྟེན་ལྷ་ཡི་མཆོག །དེ་ནི་བུམ་པའི་དམ་ཚིག་ཡིན། །གང་ཞིག་གསང་བ་སྟོན་པ་ལ། །གསང་བའི་དམ་ཚིག་འདི་ཡིན་ཏེ། །བུད་མེད་ཤེས་རབ་རང་བཞིན་ཏེ། །ཙཎྜ་ལི་ལ་རྟག་ཏུ་བསྒོམ། །ཟས་ལྔ་རྟག་ཏུ་བཟའ་བར་བྱ། །སྤྱད་པར་བྱ་བའི་མཆོག་ཡིན་ནོ། །ཡེ་ཤེས་ཆེན་པོའི་དམ་ཚིག་ནི། །མོ་རྣམས་ཀུན་ལ་སྤྱད་པ་དང་། །དགའ་བ་རྟག་ཏུ་བརྟེན་པར་བྱ། །སེམས་ཀྱང་དྷཱུ་ཏིར་བལྟ་བར་བྱ། །ཡེ་ཤེས་སྙིང་པོའི་དམ་ཚིག་གོ། །ཞེས་པའི་ལན་དུ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་བརྗོད། སྐུ་དྲིན་གཏང་རག་གི་ཡོན་དུ་མཎྜལ་དབུལ། དགེ་བ་བསྔོ་བ་སྤྱི་ལྟར་བྱའོ། །དེ་ཉིད་རིག་པའི་རྡོ་རྗེ་སློབ་དཔོན་གྱིས། །སྦྱོར་བ་འདིས་ཀྱང་ཆོ་ག་མ་འཁྲུག་པར། །སྨིན་པར་ནུས་པའི་རྟེན་འབྲེལ་བསྒྲིག་ནུས་པ། །དབང་པོ་རྣོན་པའི་སྣོད་ཀྱི་ཁྱད་པར་ཡིན། །ཞེས་པའང་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། །།


previousདཔལ་ཆེན་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་བདག་འཇུག་བྱིན་རླབས་རོལ་མཚོ། རང་བྱུང་རྡོ་རྗེ།next