Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པ་རྒྱུད་ལུགས་ལས་བསྙེན་སྒྲུབ་ཐམས་ཅད་ཀྱི་མཛོད་ཁང་རིག་འཛིན་གཞུང་ལམ། མཁྱེན་བརྩེའི་འོད་ཟེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པ་རྒྱུད་ལུགས་ལས་བསྙེན་སྒྲུབ་ཐམས་ཅད་ཀྱི་མཛོད་ཁང་རིག་འཛིན་གཞུང་ལམ། མཁྱེན་བརྩེའི་འོད་ཟེར།next

ཕུར་པ་རྒྱུད་ལུགས་ལས་བསྙེན་སྒྲུབ་ཐམས་ཅད་ཀྱི་མཛོད་ཁང་རིག་འཛིན་གཞུང་ལམ། མཁྱེན་བརྩེའི་འོད་ཟེར།

ཕུར་པ་རྒྱུད་ལུགས་ལས་བསྙེན་སྒྲུབ་ཐམས་ཅད་ཀྱི་མཛོད་ཁང་རིག་འཛིན་གཞུང་ལམ་ཞེས་བྱ་བ་བཞུགས། ན་མཿཤྲཱི་བཛྲ་ཀུ་མཱ་ར་ཡ། འདིར་ཕུར་པ་རྒྱུད་ལུགས་ཀྱི་བསྙེན་སྒྲུབ་ཐམས་ཅད་ཀྱི་མཛོད་ཁང་རིག་འཛིན་གཞུང་ལམ་བསྟན་པ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་ཐོག་མར་གནས་ཀྱི་མཚན་ཉིད་ནི། རྒྱུད་ལས། དང་པོ་ཕུར་པ་བསྒྲུབ་པའི་གནས། །ནགས་རི་ཚེར་མ་ཅན་གྱི་ཤིང་། །གཅན་གཟན་གདུག་པ་སྣ་ཚོགས་ཡོད། །གནམ་ནི་རལ་གྲི་མདའ་འགྲིའི་ཤུལ། །ས་ནི་གྲུ་གསུམ་མེ་དཔུང་འདྲ། །ལོགས་ལ་དུར་ཁྲོད་ཡོད་པ་རུ། །མཁས་པས་བརྟགས་ཏེ་བཙལ་བྱས་ན། །འདི་ནི་ཕུར་པ་བསྒྲུབ་གནས་ཡིན། །ཞེས་དང་། ཤིང་གཅིག་དྲུང་དང་མ་རུངས་པ། །དུག་ཤིང་གདུག་པ་ཡོད་པ་དང་། །མ་བདུན་གནས་པའི་ཁྱིམ་རྣམས་དང་། །སྲོག་གི་རྭ་དང་ཆུ་སྲིན་ཁ། །གཡུལ་ངོ་བཀྱེ་དང་མཚོན་ཕོག་དང་། །བསད་བཅད་ས་དང་མ་རུངས་ས། །འདི་ནི་དྲག་པོ་བསྒྲུབ་པའི་གནས། །ཞེས་སོ། །དེ་ལྟ་ནའང་གནས་ཀྱི་རྟེན་འབྲེལ་འདི་ནུས་པ་ཆེ་བས་ལས་དང་པོ་པ་ཟེར་ཏེ། དྲོད་ཅུང་ཟད་མ་ཐོབ་ཀྱི་རིང་ལ་ཧ་ཅང་དྲག་པོའི་གནས་སུ་གྱུར་པ་དང་། གདོན་ཆེན་མ་རུང་པ་གནས་པའི་ས་ནི་མི་ལེགས་ཏེ། སེམས་ལ་ཆོས་ཉིད་མི་གསལ་དང་། །ཉམས་དང་ཏིང་འཛིན་གཡེལ་བས་ནི། །གནས་འདི་དག་ཏུ་ཡོངས་མི་བྱ། །ནམ་ཕུགས་རྣལ་འབྱོར་བདག་ལ་གནོད། །དེ་བས་གཞུང་དང་མཐུན་པའི་གནས། །བཀྲ་ཤིས་ས་ཡི་གནས་དག་ཏུ། །ཡུན་རིང་བསྲིངས་ན་དོན་འགྲུབ་བོ། །ཞེས་སོ། །དེ་བས་ན་བསྙེན་སྒྲུབ་བྱེད་པའི་གནས་འདི་ལྟ་བུ་བརྟག་པར་བྱ་སྟེ། ནགས་ཚལ་ཆེན་པོ་གང་ན་བར། །དེར་ནི་ལེགས་པར་དཔྱད་ནས་ནི། །ཀླུ་ཡི་མིག་དང་འབྱུང་པོའི་སྲང་། །ས་ཡི་གེགས་དང་མ་རུངས་ས། །མི་ཤིས་པ་ཡི་ས་མིན་པར། །ལས་ཀྱི་བྱ་བ་གཞུང་བཤམས་ལ། །བཀྲ་ཤིས་དོན་གྱི་གནས་ཡིན་པས། །ཡུན་རིང་བསྲིངས་ན་འགྲུབ་པར་འགྱུར། །མེ་ཏོག་གླིང་དང་རིན་ཆེན་རི། །དཔག་བསམ་ཤིང་དང་སྐད་སྙན་བྱ། །འབྲུ་སྣ་ཚོགས་དང་གནམ་ས་ལེགས། །དབྱིབས་ལེགས་ལུང་པ་རན་པ་རུ། །བཀྲ་ཤིས་གཞུང་བཟང་གནས་ཡིན་པས། །གནས་ཀྱི་དམ་པ་ཡིན་པར་བཤད། །ཅེས་པ་ལས་དངོས་གྲུབ་བརྙེས་པའི་དམ་པ་རྣམས་ཀྱིས་བཅགས་པ་དང་གཞི་བདག་དཀར་ཕྱོགས་ལ་དད་ཅིང་རྒྱུད་འཇམ་པའི་ཕྱོགས་ལ་བརྟེན་པར་བྱའོ། །དེའི་ཐོག་མར་ཡང་། ཡུལ་ལམ་ས་དེའི་བདག་པོ་ལ། །བདེན་པས་བཀྲོལ་ལ་ས་རིན་བཅལ། །ཞེས་པས་གཟུགས་ཅན་དང་རྩོད་པ་བྲལ་བར་བྱས་ལ། གྲུབ་ན་ཆ་གསུམ་དང་། མིན་ན་གཞི་བདག་གཏོར་མ་བརྔན་ཚིག་གིས་བཀྲོལ་ལ་ཁོང་ལའང་ཕན་འདོགས་ཀྱི་བསམ་པ་དང་ལྡན་པས་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །དེ་ཡང་སྔོན་དུ་སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེའི་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ། བསྟན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་ཕུར་པའི་དབང་བསྐུར་ལེགས་པར་མནོས་ནས་དམ་ཚིག་ལ་གནས་ཤིང་བསྐྱེད་རྫོགས་ཀྱི་ལམ་ལ་འཇུག་པའི་ཚུལ་ལུགས་མ་ནོར་བར་ཤེས་པའི་གང་ཟག་ལམ་ཐུན་མོང་བས་རྒྱུད་ལེགས་པར་འབྱོངས་པ་གང་ཞིག་གིས་འགལ་རྐྱེན་མེད་པའི་སྐབས་བཙལ་ཞིང་གཟའ་སྐར་དུས་སྦྱོར་ལེགས་པའི་ཐོག་གནས་ཁང་ལ་བྱི་དོར་བྱ། ཐེག་པ་ཆེན་པོའི་དཀོན་མཆོག་སྤྱན་འདྲེན་པའི་འདུ་ཤེས་བཟང་པོས་ས་རྒྱན་གནམ་རྒྱན་སོགས་དང་། ཡི་དམ་དང་ཆོས་སྐྱོང་གི་རྟེན་བྱིན་རླབས་ཅན་དགྲམ། དེའང་རྡོ་རྗེ་ཐེག་པའི་དམ་ཚིག་གི་རྟེན་ཅིག་ཤོས་རྡོར་དྲིལ་བཅང་དགོས་པས་དེའི་མཚན་ཉིད་ནི། རྡོ་རྗེ་རྩེ་མོ་ལྔ་པ་ནི། །ལྟེ་བ་པདྨ་ཉིས་བསྐོར་བྱ། །དེ་ལ་ངེས་པའི་བློ་ཅན་གྱིས། །ཐབས་ཀྱི་ཕྱག་རྒྱ་གསལ་བར་བསམ། །ལྟེ་བ་དཔལ་ཆེན་འབར་བ་ཉིད། །ཡར་གྱི་རྩེ་ལྔ་སྲས་མཆོག་ལྔ། །མར་རྩེ་གསང་བའི་མཚན་ཉིད་དོ། །ཡར་འབུར་མར་འབུར་སྟེང་འོག་དང་། །པདྨ་བརྒྱད་ལ་ཁྲོ་བོ་བཅུ། །ཧཱུཾ། ཡེ་ཤེས་འབར་བའི་རྡོ་རྗེ་ཆེ། །ཁྲོ་རྒྱལ་འབར་བའི་ཐབས་ཀྱི་སྐུ། །བདེ་ཆེན་ཡབ་རྣམས་སྐུར་བཞུགས་པས། །དགྱེས་པ་མཆོག་གི་ཕྲིན་ལས་མཛད་དུ་གསོལ། །མ་ཧཱ་བཛྲ་ཧཱུཾ། ལན་གསུམ་གྱིས་གསོར། འཁར་བ་དང་ནི་ལྗོན་དམར་ལ། །དྲིལ་བུ་ཚད་དང་ལྡན་པར་བྱ། །ཤེས་རབ་དག་པའི་གཞལ་ཡས་ཁང་། །རྣལ་འབྱོར་ཁྲོ་མོའི་དཀྱིལ་འཁོར་དགོད། །ལྟེ་བ་འཁོར་ལོ་རྒྱས་འདེབས་མ། །རཱ་ལྔ་རྒྱས་འདེབས་ཡུམ་ལྔ་སྟེ། །ལུང་ནི་བྷ་གའི་མཚན་ཉིད་དེ། །སྤྱི་བོ་རྩེ་ལྔ་ལྕེ་ལ་ནི། །སྟེང་འོག་ཁྲོ་མོ་རྣམ་པར་བསམ། །པདྨ་འདབ་མ་བརྒྱད་པོ་ལ། །ཕྱོགས་མཚམས་ཁྲོ་མོ་བརྒྱད་པོ་བསམ། །རང་བཞིན་ཤེས་རབ་ཁྲོ་ཚོགས་རྣམས། །རྡོ་རྗེ་བཤུགས་པས་སྤྱན་དྲངས་ནས། །ཤེས་རབ་མ་ལ་བསྟིམ་མཆོད་སྒྲུབ། །སྒྲ་བསྒྲགས་དུས་གསུམ་རྒྱལ་བ་མཉེས། །འགྲོ་བའི་སྒྲིབ་པ་དག་པར་བསམ། །ཧཱུཾ། ཤེས་རབ་ཆེན་པོའི་རང་བཞིན་ནི། །ཆོས་ཉིད་སྟོང་པ་ཆེན་པོའི་སྒྲས། །འཁོར་བའི་བག་ཆགས་ཟིལ་གྱིས་གནོན། །དུས་གསུམ་རྒྱལ་བ་ཀུན་ཀྱང་མཉེས། །མ་ཧཱ་གྷཎྜེ་ཧོ། ཞེས་དེ་ཁོ་ན་ཉིད་ངེས་པས་འཁྲོལ་བ་ནི་རྣམ་པ་ཐམས་ཅད་དུ་དྲན་པར་བྱའོ། །དེ་ནས་བསྙེན་པའི་ངོ་བོ་བདག་བྱིན་གྱིས་བརླབ་པའི་རིམ་པ་ཡིན་པས། སྟེགས་ཀྱི་ཁར་སྒྲུབ་གཏོར་ཙཀ་ལིས་བརྒྱན་པ་དར་ནག་གི་གདུགས་ཅན་དང་། དམ་ཅན་གྱི་གཏོར་མ་ཤ་ཁྲག་གིས་བརྒྱན་པ། སྨན་རཀ །ཉེར་སྤྱོད་ལ་སོགས་པ་མཐོ་དམའ་གོ་རིམ་ལྟར་བཤམ། དེ་མ་ཐག་དགོས་པའི་རྒྱལ་ཐོའི་འབུལ་གཏོར་དང་། གཞི་བདག་གཏོར་མ་སོགས་ཉེ་བར་བསྡོགས། བསྙེན་ཕུར་བྱུག་བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་ལ། སྒྲུབ་གཏོར་གྱི་མདུན་དུ་ཕུར་གདན་ཟུར་གསུམ་ལ་གཙུགས། སྟན་འོག་ཏུ་ཀུ་ཤ་རྩེ་མོ་མདུན་བསྟན་ཅུང་ཟད་ཀྱང་བཞག་པ་ལ་འདུག་སྟེ། དལ་འབྱོར་རྙེད་དཀའ་ནས་བཟུང་། སྔོན་འགྲོ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས། དེ་ནས་མངོན་རྟོགས་འབྲིང་པོའི་གཞུང་བསྲང་བའི་ཚིག་དོན་འབྲེལ་བ་ནས་བགེགས་གཏོར་གྱི་མཚམས་སུ་ཕྱི་རོལ་བ་བསྐྲད། གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བརྡེག །རྒྱལ་ཐོ་བཙུགས་ལ། ཧཱུཾ། རི་རབ་གླིང་བཞིའི་ཕྱོགས་བཞི་ནས། །དཔལ་དང་ལྡན་པའི་རྒྱལ་ཆེན་བཞི། །ཕྱོགས་སྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱིན་མཆོད་སྦྱིན་གཏོར་མ་བཞེས། །བར་དུ་གཅོད་པ་མཚམས་ཆོད་ཅིག །ༀ་དྷཱི་ཏ་རསྟྲ་ཧཱུཾ་ཛ། ཨི་དམ་བ་ལིན་ཏ་ཁཱ་ཧི། བི་རུ་དྷ་ཀ་ཧཱུཾ་ཛ། ཨི་དམ་བ་ལིན་ཏ་ཁཱ་ཧི། བི་རུ་པཱཀྴ་ཧཱུཾ་ཛ། ཨི་དམ་བ་ལིན་ཏ་ཁཱ་ཧི། བཻ་ཤྲ་བ་ཎ་ཧཱུཾ་ཛ། ཨི་དམ་བ་ལིན་ཏ་ཁཱ་ཧི། ཞེས་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་གཞི་བདག་ལ་བསྔོས། འདི་ནས་བཟུང་སྒོ་འབྱེད་གཅོད་ཕྱི་ནང་གི་རྒྱུ་འགྲུལ་བཅད་ཅིང་། ལྷག་པར་ནང་དུ་སེམས་རྣམ་པར་གཡེང་ཞིང་མཚམས་རལ་ན་བར་དུ་གཅོད་པ་ཐམས་ཅད་ཀྱི་རྒྱུ་ནི་བུག་སྒོའི་ལྡབ་ལྡིབ་དང་ཡིག་འགྲུལ་ཡིན་པས། མི་ཚེར་འབགས་བསྙེན་བྱས་པ་བས་ལོ་གསུམ་སྨྲ་བཅད་བྱས་པ་ཆོད་ཆེ་བ་མྱོང་བས་གྲུབ་བོ། །སྲུང་འཁོར་ལེགས་པར་བསྒོམ་པ་གཞུང་བཞིན་ནོ། །གཉིས་པ་དངོས་གཞི་ལ། བསྙེན་སྒྲུབ་ལས་གསུམ་ལས། དང་པོ་ལའང་གཉིས་ཀྱི། དང་པོ་བསྙེན་པ་ནི། རྫོགས་རིམ་འགྲུབ་པའི་ཐབས་སུ་བསྐྱེད་རིམ་སྒོམ་པ་ཡིན་ཏེ། རྫོགས་པའི་རིམ་པ་འདོད་པ་ཡིས། །རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི། །བསྐྱེད་པའི་རིམ་པ་རྨངས་ནས་བརྩིགས། །ཞེས་པ་ལྟར། སྲོད་ཐུན་ནས་ལས་གཞུང་བསྲང་བའི་དོན་ལ་སྒོམ་དོན་དང་ཚིག་ཏུ་འབྲེལ་བས་བསྐྱེད་རིམ་གྱི་སྦྱང་གཞི་སྦྱོང་བྱེད་ལ་དག་པ་ཐོན་པར་མ་བྱས་ན་གསང་སྔགས་ཟབ་ཅིང་ཐབས་ལ་མཁས་པ་ཞེས་བྱ་བ་དེ། ཚིག་ལམ་དང་། འདོད་ཞེན་ཐ་མལ་དུ་གོལ་ནས་ཡོན་ཏན་སྣ་གཅིག་ཀྱང་མ་སྐྱེས་པར་བསྙེན་སྒྲུབ་ཚད་དུ་འཁྱོལ་ལོ་ཞེས་སྣང་བ་འོག་འགྱུ་དང་། བཟླས་བརྗོད་སྟོང་འདྲེན་དུ་ཐལ་བ་དེ་འབྱུང་བའི་ཚུལ། རྒྱུད་ལས། དང་པོར་ཤེས་རབ་རྣམ་གསུམ་གྱིས། །གཏན་ཚིགས་གཏན་ལ་མ་ཕེབས་པས། །རང་བཞིན་མེད་པར་མི་ཤེས་པར། །དངོས་པོ་མཚན་མའི་ཆོས་བཟུང་ནས། །ཐེག་ཆེན་ཁྲོ་བོའི་རྒྱལ་པོ་ཟེར། །དོན་དམ་ཟབ་མོ་རྒྱབ་ཏུ་བོར། །གསང་སྔགས་ཟབ་མོ་བོན་དུ་གྱེར། །སྤྱོད་པ་སྤང་བླང་དང་དུ་བླངས། །གཏི་མུག་དབང་བཙན་རྒྱུ་འབྲས་དོན་མ་རྟོགས། །ང་རྒྱལ་དབང་གི་རློམ་སེམས་ཆེན་པོར་བསྐྱེད། །ཕྲག་དོག་དབང་གིས་བདག་བསྟོད་གཞན་དམོད་བྱེད། །འདོད་ཆགས་དབང་གིས་བསླུས་འདེབས་ཁྲེལ་འཛེམ་མེད། །ཞེ་སྡང་དབང་གིས་ཁྲོ་བོའི་དཀྱིལ་འཁོར་བསྐྱེད། །རྒྱུད་དང་མན་ངག་སྒྲུབ་ཐབས་བླ་མས་གསང་། །ལོང་བས་ལོང་ཁྲིད་ངམ་གྲོག་གཡང་དུ་ལྷུང་། །རྣམ་སྨིན་བཟློག་པར་དཀའ་བ་སྙིང་རེ་རྗེ། །ཞེས་གསང་སྔགས་གཟུགས་བརྙན་དུ་གོལ་བའི་རྣམ་སྨིན་གྱིས་རཱུ་དྲ་དང་གདོན་གྱི་ལུས་རྟེན་འགྲུབ་པ་མངོན་སུམ་པའི་ཚུལ། ཁྲོ་བོ་རང་རྒྱུད་རཱུ་དྲ་སྟེ། །རཱུ་དྲ་རང་རྒྱུད་ཁམས་གསུམ་འཁོར། །ཞེས་པ་ལྟར་རོ། །དེ་བས་ན་གཞི་སྟོང་ཉིད་སྙིང་རྗེ་ཆེན་པོ། ལམ་བསྐྱེད་རྫོགས་ཟུང་འཇུག་ཏུ་འབྲེལ་བས་འབྲས་བུ་སྐུ་གཉིས་མངོན་དུ་བྱེད་པའི་དོན་བསྐྱེད་རིམ་གྱི་རྣམ་བཤད་དང་བླ་མའི་མན་ངག་ལས་བྱུང་བ་བཞིན་རྒྱུད་ཐོག་ཏུ་འབྱོར་བ་ལ་བསླབ། བཟླ་བྱའི་སྔགས་ནི། འབྲུ་དགུ་མ་ནོར་བདུན་ཁྲི་བཟླས། །འཁོར་ལ་དེ་ཡི་ཕྱེད་ཕྱེད་དོ། །རབ་འབྲིང་ཐ་མའི་རྟགས་ཚང་ན། །དངོས་གྲུབ་བླང་བར་ཤེས་པར་བྱ། །ཞེས་གཙོ་འཁོར་འགྲོས་སྦྱར་བའི་དབང་དུ་བཤད་པ་ལྟར་མ་ནུས་ན་འབྲུ་དགུ་པ་བསྒྲུབ་པའི་དུས་ལས་ཉུང་བར་མི་བྱེད། དེ་ཡང་ལུས་བཟླས་བགྲང་འཕྲེང་ལ་བརྟེན། ངག་བཟླས་ལྕེ་མཆུ་ལ་བརྟེན། ཡིད་བཟླས་ཛཔ྄་དགོངས་ལ་བརྟེན་པའི་ཕྱིར། བཟླས་པའི་མགོར་ཕྲེང་བ་བྱིན་བརླབ་བྱ་ཞིང་། ཕྲེང་བའི་དེ་ཁོ་ན་ཉིད་ངེས་པར་བྱ་བའང་། རུ་རཀྴའམ་ནི་རང་སུ། །ཡང་ན་གདུག་པ་ཚེར་མའི་ཤིང་། །ཕྲེང་བ་ཆེན་པོ་བརྒྱ་རྩ་ནི། །བ་སུ་ཏའམ་རྒྱུས་ཆེན་ལ། །དགུ་སྒྲིལ་དག་ཏུ་བྱས་ནས་ནི། །བརྒྱུས་པའི་མོད་ལ་ཕུར་པ་གདགས། །མཐེ་བོང་མཐེ་ཆུང་བར་གྱིས་བགྲང་། །བདག་ཉིད་མི་ཕྱེད་དཔལ་ཡིན་ཏེ། །ཕུར་པ་སྲས་མཆོག་ཀཱི་ལ་ཡ། །ཕྲེང་བ་ཡི་གེ་འབྲུ་དགུ་སྟེ། །ཕྲེང་ཐག་དབུགས་ཀྱི་རྟ་ཉིད་དོ། །ཕར་འགྲོ་བ་དང་ཚུར་འདུ་བ། །མགལ་མེ་ཀླད་ལ་བསྐོར་བའམ། །ལྕགས་ཀྱི་ཚྭ་ཚྭ་བརྡབས་པ་བཞིན། །ཕར་སྤྲོ་ཚུར་བསྡུ་རྒྱུན་མི་གཅད། །བགྲང་ཕྲེང་དེ་ཉིད་དོན་ལ་གནས། །ཞེས་པ་ལྟར་རོ། །ངག་བཟླས་ལ་སྒྲ་བཅས་དང་ཤུབ་བུ་གཉིས་ལས། དང་པོ་ལ་གསང་སྒྲོག་གི་ཉེས་པ་དང་། གཉིས་པ་ལ་ཚོར་བ་བཏང་སྙོམས་འབྱུང་ཉེ་བས་ཡིད་བཟླས་དང་ཤུབ་བུའི་བཟླས་པ་ཐབས་ཤེས་ཟུང་འཇུག་ཏུ་བགྲངས་པས་འདུ་ཤེས་ལུང་མ་བསྟན་ལས་ལྡོག་པའོ། །དེའི་ཚེ་སྔགས་མ་དག་པ་ལ་སོགས་བཟླས་པའི་སྐྱོན་དྲུག་སྤང་པའང་། རྒྱུད་རྣམས་ཀུན་གྱི་སྔགས་རྣམས་ཀུན། །སྔགས་མཁན་མཁས་པས་བཏུ་བར་བྱ། །ཤད་དང་ཚེག་བར་མ་ནོར་བ། །གཡལ་དང་སྦྲིད་པས་བར་མ་གཅད། །གཉིད་ཆང་ལེ་ལོ་སྤངས་ལ་བྱ། །ཡང་དག་དོན་གྱི་བཟླས་པ་ཡིན། །ཞེས་སོ། །དེ་ལ་ཛཔ྄་དགོངས་དང་འོད་ཟེར་སྤྲོ་བསྡུ་ལ་ཐོག་མ་ནས་ཧ་ཅང་མི་བསྒྲིམ་པར་དང་པོ་བསྐྱེད་རིམ་ཁོ་ན་ལ་ཤེས་པ་འཇུར། ཤིན་ཏུ་གསལ་དཀའ་ན་བྲིས་སྐུ་ལ་བལྟས་ནས་ཡིད་ཡུལ་དུ་ལོངས་པ་དང་། དེ་སྣང་ལ་རང་བཞིན་མེད་པར་སྩལ་སྦྱོང་བཞིན་དུ་བཟླ་བའི་ཚུལ། སྔགས་ཀྱི་འབྲུ་ནི་ལྷ་ཡིན་ཏེ། །ལྷ་རྣམས་གསལ་ལ་རྟོག་པ་མེད། །ཅེས་སོ། །བསྐྱེད་རིམ་ཝ་ལ་གྱིས་གསལ་ནས་ཛཔ྄་དགོངས་དང་འོད་ཟེར་སྤྲོ་བསྡུ་ལ་སློབ་པ་རེ་མོས་སུ་བྱ། དེའི་ཚུལ་ནི་སྒྲུབ་ཐབས་ཆེན་མོར་གསལ་བ་བཞིན་ལས་བདག་མདུན་གྱི་ཐ་སྙད་དང་། དོ་ལིའི་བཟླས་པ་ནི་བསྒྲུབ་པ་ཆེན་པོའི་ཁོངས་ནས་བསྙེན་སྒྲུབ་ཡན་ལག་བཞི་ཀ་རྫོགས་པར་བྱེད་པའི་དབང་དུ་བཤད་པས་འདིར་དེའི་སྒོས་ཆོས་གཉིས་པོ་དོར་བས་རུང་ངོ་། །དེ་ཡང་སེམས་ཅན་ཐམས་ཅད་ལ་བདེར་གཤེགས་སྙིང་པོས་མ་ཁྱབ་པ་མེད་ན། སྙིང་པོ་དེ་ཚོགས་བརྒྱད་འདུས་བྱས་པས་གློ་བུར་དུ་བསླད་ནས་འཁོར་བ་མཐའ་མེད་པར་སྔར་འཁོར་ཕྱིན་ཆད་འཁོར་བར་འགྱུར་བས། དེ་ལས་ཐར་པའི་ཕྱིར་གསང་སྔགས་རྡོ་རྗེ་ཐེག་པར་ལམ་བསྐྱེད་རྫོགས་གཉིས་སུ་གསུངས། དེ་གཉིས་ཀྱང་གཅིག་ལ་གཅིག་ལྟོས་ཀྱི་འབྲེལ་པ་ཅན་གྱིས་ཟུང་འཇུག་ཏུ་མ་བསྒྲུབས་ན། བསྐྱེད་རིམ་རྐྱང་པས་རྟག་མཐའ། རྫོགས་རིམ་རྐྱང་པས་ཆད་མཐའ་སེལ་མི་ནུས་པ་ལ་དགོངས་ནས་ཐབས་ཤེས་འབྲེལ་བའམ། ཟུང་འཇུག་གི་ལམ་གསུངས་ཤིང་། དེའང་སྣང་བའི་འཁྲུལ་འཛིན་སྦྱོང་བ་ལ་ཐབས་བསྐྱེད་པའི་རིམ་པ། བསྐྱེད་རིམ་གྱི་བདེན་ཞེན་འཇིག་པ་ལ་ཤེས་རབ་རྫོགས་པའི་རིམ་པས་རྒྱས་ཐེབས་པ་ནི་ཆུ་ཟླའམ། སྒྱུ་མ་ལྟ་བུའི་དཔེས་མཚོན་ལ། དེ་ལས་སྣང་བ་ཞེས་བྱ་བ་མིག་ཤེས་ཀྱི་ངོར་སྣང་བའི་བསྟན་ཡོད་ཐོགས་བཅས་གཅིག་པོ་ལ་ངོས་མི་གཟུང་། ལས་སྔ་མས་བཞག་པའི་བག་ཆགས་ཀྱིས་བགོས་ཤིང་། ཕྱི་མ་ཉེ་བར་ལེན་པའི་གཟུང་འཛིན་རང་རྒྱུད་པར་འཆར་བའི་བསྟན་མེད་ཐོགས་བཅས་ཐམས་ཅད་དེ། ཀུན་འབྱུང་གི་རྒྱུ་ལས་རྣམ་རྟོག་རང་དགར་འཆར་བའི་སྣང་ཡུལ་མཐའ་དག་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷའི་འཁོར་ལོ་འཆར་བ་ལ་རྟག་ཏུ་གོམས་པར་བྱས་ན་ལྷའི་སྣང་ཆ་དེས་བསོད་ནམས་ཀྱི་ཚོགས་དང་། དེའི་ཆོས་ཉིད་རང་བཞིན་མེད་པར་རྟོགས་པ་དེས་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་སྐྱེ་བ་འདི་ཉིད་ལ་རྣམ་སྨིན་རིག་འཛིན་གྱི་གོ་འཕང་ལ་སྦྱོར་ཞིང་བར་དོར་ཕྱག་རྒྱའི་རིག་འཛིན་འགྲུབ་པའི་ཚུལ་བཀོད་པའི་ལེའུ་གཉིས་པ་ལས། དེ་ནས་རྗེས་སུ་རྣལ་འབྱོར་པས། །ལམ་འདི་དག་ལ་དགོད་པར་བྱ། །ཚོགས་ལམ་སྦྱོར་ལམ་མཐོང་བའི་ལམ། །སྒོམ་ལམ་དང་ནི་རྣམ་གྲོལ་ལམ། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། །བཅུ་གཉིས་པདྨ་ཅན་གྱི་ས། །འཁོར་ལོ་ཚོགས་ཆེན་བཅུ་གསུམ་པ། །ཀུན་བཟང་བཅུ་བཞི་པ་རུ་གྲགས། །དང་པོའི་ས་ནས་རིག་འཛིན་ཏེ། །གཉིས་པ་ཚེ་ལ་དབང་རིག་འཛིན། །ཀུན་རྫོབ་ཕྱག་རྒྱའི་རིག་འཛིན་ཏེ། །རྟོགས་པ་ལྷུན་གྲུབ་རིག་འཛིན་ནོ། །ཕུར་བུའི་རང་བཞིན་དོན་རྟོགས་པ། །རིགས་དག་ཏུ་ནི་ཡང་དག་བཤད། །ལས་བྱས་སྔོན་གྱི་ཚོགས་ཀྱིས་སོ། །ལས་བདུན་བྱས་པས་སྦྱོར་བའོ། །དེ་ཉིད་བསྒོམས་པས་མཐོང་བ་དང་། །འབྱུང་བ་ལྔ་དང་ལྷ་ཡི་གནས། །གདན་དང་བཅས་པས་བསྐྱེད་པར་བསྒོམ། །སྲོག་ཉིད་ཡེ་ཤེས་རྒྱུར་གནས་པས། །བདུད་བཞི་ལས་ནི་རྣམ་པར་གྲོལ། །དཀྱིལ་འཁོར་གསུམ་ལ་སོགས་མཚན་ཉིད། །ཕུང་པོར་མ་གྲུབ་པ་དང་འོད། །གོང་བུར་གནས་དང་འཆི་བདག་དང་། །ཡི་གེས་ཉོན་མོངས་མེད་པར་སྦྱངས། །སྣང་སྲིད་གྲགས་པ་ཅན་དང་ནི། །མི་སྣང་བར་བཅས་ལྷ་བདུད་བཅོམ། །ཉེས་ལྡན་སྲོག་གི་དབང་པོ་དང་། །གདགས་གཞི་དྲུག་དང་སྣང་བ་སྟེ། །གནས་སྐབས་དག་ལ་རབ་ཏུ་གྲགས། །དུས་དང་གྲངས་དང་མཚན་མ་ཡི། །བསྙེན་པ་དག་ཏུ་བཤད་པ་ཡིན། །ཞེས་སོ། །དེ་ཡང་ལས་བྱས་ལ་སོགས་པའི་རྐང་པ་གསུམ་གྱིས་བསྙེན་པའི་དོན་བསྟན་པའང་། དང་པོ་རང་རྒྱུད་ལ་སྔོན་ཡོད་དང་ད་ལྟར་བའི་བསོད་ནམས་ཀྱི་ཚོགས་བསྐྲུན་པ་ཚོགས་ལམ་དང་། གཉིས་པ་རྡོ་རྗེ་སློབ་དཔོན་བཀུར་ཏེ་དབང་བསྐུར་ནོད་པ་ནས་བསྐྱེད་རྫོགས་ཀྱི་ལམ་ལ་འཇུག་པའི་བྱ་བ་མཐའ་དག་ལས་བདུན་གྱི་སྒྲས་བསྡུས་པའི་སྦྱོར་ལམ་དང་། རྒྱུ་དེ་དག་ལས་སེམས་ཉིད་ལྷའི་སྐུར་སྨིན་ཏེ་རྣམ་སྨིན་རིག་འཛིན་གྱི་ལྡང་ཚད་རྫོགས་པ་ནི་མཐོང་བའི་ལམ་མོ་ཞེས་བདག་ཉིད་ཀྱིས་རྟོགས་པའི་ཚུལ་ལོ། །འདི་ལྟར་མ་རྟོགས་བཞིན་དུ་འོད་ཟེར་སྤྲོ་བསྡུ་ཐ་ག་པའི་བརྐྱང་བསྐུམ་ལྟ་བུས་སེམས་འཁྲུལ་སྣང་གི་གཟེབ་ཏུ་བཅུག་པའི་བསྙེན་ཡིག་ནི་གཟུང་འཛིན་གྱི་རྟོད་ཕུར་དུ་མཐོང་ངོ་། །རྒྱུ་དེས་ན་བསྙེན་པའི་སྐབས་འདིར་དམ་ཚིག་གི་རྟེན་ཙམ་དུ་བསྙེན་ཕུར་བཞག་པ་ལས། བསྒྲུབ་བྱའི་ངོས་ནས་སྣང་གྲགས་རིག་གསུམ་ལྷའི་དཀྱིལ་འཁོར་གཅིག་ཏུ་འཆར་བ་ལ་བསླབ་པའི་ཕྱིར་བསྙེན་ཕུར་ལྷར་ཆེད་དུ་གསལ་བ་ལ་སོགས་པའི་རྣམ་ཤེས་གུད་དུ་མི་གཅད་ལ། ཐུན་བཞིའི་མཚམས་འཇོག་ཁ་ཐམས་ཅད་དུ་མཆོག་བསྟོད་མཐར་དབྱངས་གསལ་ཡིག་བརྒྱ་དང་སྦྲེལ་ནས་བཟླས་པས་ཉེས་བྱས་བཤགས་ཤིང་དག་པའི་སྣོད་བཅུད་ལ་རྟག་མཐའ་གཞིག་པའི་ཉེར་བསྡུ་དང་ཆད་མཐའ་གཞིག་པའི་ཐུན་མཚམས་ཀྱི་ལྷར་ལྡང་བ་ནི་ངེས་པར་གཅེས་ལ། ཐུན་ཐ་མ་ལ་ཚོགས་མཆོད་རེ་གྲུབ་ན་ལེགས་ཤིང་། ཇི་ལྟར་ཡང་ཕུར་སྲུང་ལ་སོགས་པའི་ཆོས་སྐྱོང་ལ་གཏོར་འབུལ་དང་ཕྲིན་བཅོལ་བྱའོ། །དེ་ལ་ཐུན་སོ་སོ་ནས་མངོན་རྟོགས་མི་དགོས་པ་སྔ་འགྱུར་གྱི་ལུགས་སོ་ཞེས་མཐའ་གཅིག་ཏུ་གླེང་བའང་བཟང་པོར་མ་མཐོང་སྟེ་ལས་དང་པོ་པ་ཟེར་ཀྱང་དོན་ལ་བསྐྱེད་རིམ་གྱི་སྦྱང་གཞི་སྦྱོང་བྱེད་ལྷོངས་སུ་མ་གྱུར་ཞིང་། སྙིང་པོ་དྲན་པ་ཙམ་གྱིས་མངོན་རྟོགས་ཡིད་ཡུལ་དུ་ལྷུན་གྱིས་མི་གྲུབ་པ་རྣམས་ལ་ཁྱེད་ཀྱང་ནུས་པ་ཐོབ་པའི་གང་ཟག་རྫོགས་པ་ཆེན་པོའོ་ཞེས་གླེན་པ་བྲན་པའི་ཕྱིར་རོ། །དེ་བས་ན་མངོན་རྟོགས་ལན་རེའི་མཚན་ཉིད་ལ་ཕན་ཡོན་དཔག་ཏུ་མེད་པའི་ཚུལ། བསྐྱེད་དང་སྤྱན་འདྲེན་ཕྱག་འཚལ་དང་། །མཆོད་བསྟོད་ཆོ་ག་གཞུང་བཞིན་ལ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན། །དེ་ལས་ལྡོག་མེད་མ་ཡེངས་པས། །དངོས་གྲུབ་མྱུར་དུ་ཐོབ་པར་ངེས། །ཞེས་པའི་དོན་ལ་རྨོངས་པའོ། །གཉིས་པ་ཉེར་བསྒྲུབ་ལ་གཉིས། རྟེན་འབྲེལ་ལ་བརྟེན་ནས་སྲིད་པ་ཕུར་བུར་བསྒྲུབ་པ་དང་། རྣམ་བྱང་ལ་བརྟེན་ནས་སྲིད་པ་ཕུར་བུར་བསྒྲུབ་པའོ། །དང་པོ་ནི། དཀྱིལ་འཁོར་ཡོངས་རྫོགས་ཀྱི་བདག་ཉིད་བསྙེན་ཕུར་དང་འབྲེལ་བར་བྱ་སྟེ། དེ་ཡང་བདག་ཉིད་རྩ་བའི་དཀྱིལ་འཁོར་དང་། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་གྱི་བར་ལས་རྣམ་པར་རྒྱལ་བ་ལ་རྒྱབ་ཀྱིས་ཕྱོགས་ཤིང་། གཙོ་བོ་ལ་མདུན་གྱིས་ཕྱོགས་པའི་ཕུར་པ་རྫས་ཀྱི་དཀྱིལ་འཁོར་གྱི་མཚན་ཉིད་ཤེས་པར་བྱ་བའང་རྒྱུད་ལས། རྒྱ་མདུད་དང་པོའི་གཞལ་ཡས་ལ། །རིགས་ལྔའི་རྒྱལ་བ་འཁོར་དང་བཅས། །སྤྱིའམ་རྩེ་ན་ཡབ་ཡུམ་གཉིས། །རྒྱ་མདུད་འོག་མའི་གཞལ་ཡས་ན། །སྟེང་འོག་ཁྲོ་བོ་འཁོར་དང་བཅས། །ཟུར་བརྒྱད་ཁྲོ་བོ་ཕྲ་མེན་མ། །བཅུ་གཉིས་སྲུང་མ་ཟུར་གསུམ་ལའོ། །སྒོ་མ་བཞི་ནི་རྩིབས་མཆན་ལ། །ཞེས་པ་ལྟར་བསྙེན་ཕུར་དེ་ཉིད་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བདག་ཉིད་དུ་གསལ་བཏབ་ལ། སྲིད་པ་གསུམ་གྱིས་བསྡུས་པ་ཀུན། །ཐུགས་ཀྱི་ཡེ་ཤེས་ཕུར་བུ་ཡིས། །ཁམས་གསུམ་གདར་ཤ་བཅད་པ་དང་། །སྲིད་པ་ཕུར་བུར་བསྒྲུབ་པར་བྱ། །ཞེས་མྱང་འདས་ལས་གསུངས་པའི་དོན་བདག་མདུན་གཉིས་ཀའི་ཐུགས་སྲོག་ལས་འོད་ཟེར་འཕྲོས། སྲིད་པ་གསུམ་གྱི་བརྟན་གཡོ་སྣོད་བཅུད་དང་བཅས་པ་ལ་ཕོག་པར་འོད་དུ་མེར་གྱིས་ཞུ། གཟུགས་མེད་ཀྱི་ཆ་རྒྱ་མདུད་གོང་མ། གཟུགས་ཁམས་རྒྱ་མདུད་འོག་མ། འདོད་ཁམས་དབལ་གཤམ་ལ་ཐིམ་པས་སྲིད་པའི་རང་བཞིན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་རྫོགས་པ་ལ་གསལ་བརྟན་གྱི་ཚད་བརྒྱད་མ་ཐོབ་བར་དུ་སྨིན་པར་སློབ་ནས། སྲིད་པ་རྡོ་རྗེར་བསྒྲུབ་པ་ཞེས་པའི་དེ་ཁོ་ན་ཉིད་ལ་མངོན་སུམ་དུ་སྦྱར། འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་སྐྱེ་ཞིང་མཆེད་པ་དང་། འཕོ་ཞིང་འཇིག་པར་བྱེད་པས་སྲིད་པ་གསུམ་དུ་ཉིང་མཚམས་སྦྱོར་བའི་རྟེན་འབྲེལ་འགགས་པའི་བསྐྱེད་རིམ་གྱིས་གསལ་སྣང་དང་། རྣམ་དག་དྲན་པའི་ངང་ནས་ཡིག་འབྲུ་བཅུ་བཞི་པ་བཟླ་ཞིང་རེ་འགའ་དོ་ལི་ལ་རྩལ་སྦྱངས་པས་དང་པོར་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ནུས་པ་འཇུག །གཉིས་པར་དེའི་ནུས་པ་ཇེ་ཆེར་བསྐྱེད། གསུམ་པར་འགྱུར་མེད་དུ་བརྟན། བཞི་པར་འཁྲུལ་སྣང་ལས་སྐྱེས་པའི་སྲིད་པ་ཐམས་ཅད་ཕུར་པའི་རང་བཞིན་དུ་བསྒྲུབ་པའི་ནུས་པ་ཐོབ་པའི་ཚུལ། དཀྱིལ་འཁོར་གསུམ་གྱི་བསྐྱེད་རིམ་ནི། །དང་པོར་ཐུན་དུ་བཅད་ནས་བསྒོམ། །ནུས་པ་འཇུག་དང་ནུས་པ་བསྐྱེད། །ནུས་པ་བརྟེན་ནས་ནུས་པ་ཐོབ། །ནུས་པས་བཞི་པ་ཐོབ་ནས་ནི། །གར་མཁན་ལག་པ་ཇི་བཞིན་དུ། །གང་ལྟར་བྱས་པ་དེ་ལྟར་སྣང་། །ཞེས་སོ། །གཉིས་པ་རྣམ་བྱང་གི་སྒོ་ནས་སྲིད་པ་ཕུར་བུར་བསྒྲུབ་པ་ནི། རྒྱུད་ལས། འཛབ་བཟླས་རྣམ་པ་དུ་མ་ཡང་། །ཕྱི་ནང་གསང་བ་གསུམ་དུ་འདུས། །ཕྱི་ཡི་བསྒྲུབ་བྱ་བསྙེན་པ་དང་། །ནང་གི་རང་སེམས་སྦྱང་བ་དང་། །གསང་བ་དངོས་གྲུབ་བླང་བའོ། །ཞེས་པ་ལས། ནང་རང་སེམས་གཟུང་འཛིན་གྱིས་བསླད་པའི་འཁྲུལ་སྣང་གི་རང་གཟུགས་ལྷའི་དེ་ཁོ་ན་ཉིད་ལ་བརྟེན་ནས་སྦྱངས་ཀྱང་། སྦྱོང་བྱེད་ཀྱི་ལྷ་དེ་ཉིད་རྣམ་ཤེས་ཚོགས་བརྒྱད་ཀྱི་རོལ་པ་རང་རྒྱུད་པར་གཟུང་ན་བསྐྱེད་རིམ་གྱི་རྣམ་པ་གསལ་ཀྱང་འཁོར་བའི་རང་བཞིན་ལས་ལྡོག་པ་མེད་པས་ན་ཆོས་ཉིད་རྣམ་དག་གི་རོལ་པ་ཙམ་དུ་ཤེས་དགོས་པའི་ཚུལ། རྩ་བ་སེམས་ཀྱི་སྣང་གཞི་ལ། །ལྷ་ཡི་རོལ་པ་ཅིར་སྣང་ཡང་། །རོལ་པ་རང་རྒྱུད་གཟུང་བ་ན། །ལྷ་ཡང་རང་རྒྱུད་དག་ལས་བསྐྱེད། །བེམ་པོ་ཐོ་ཡོར་རིལ་པོ་དང་། །ང་བདག་གཟུང་འཛིན་ཐེར་ཟུག་གོ། །རང་རྒྱུད་འཛིན་པ་མ་སྐྱེས་ན། །ཇི་ལྟར་བྱས་ཀྱང་རོལ་པ་ཡིན། །རོལ་པ་ཕྱོགས་མེད་ཀུན་ལ་ཤར། །དེ་ཉིད་སངས་རྒྱས་བྱང་ཆུབ་སེམས། །ཡང་དག་དོན་ཉིད་དེ་རུ་རྟོགས། །ཞེས་སོ། །དེ་ལྟ་མོད་ཀྱིས་གོམས་པ་གདེང་དུ་མ་གྱུར་གྱི་རིང་ལ་ཀུན་ཏུ་བཏགས་པ་ཅན་གྱི་བསྐྱེད་རིམ་ལས་འཆར་མི་ནུས་ཀྱང་། དེའི་གཉེན་པོར་གཟུང་འཛིན་ལས་འདས་པའི་ཆོས་ཉིད་བརྗོད་བྲལ་གྱི་གནས་ལུགས་དྲན་པར་བྱས་ནས་དེའི་སྣང་ཆ་རྟེན་དང་བརྟེན་པར་རང་ཤར་བ་ལ་གོམས་སུ་བཅུག་པས་རྣམ་པ་གསལ་ཀྱང་རང་གི་ངོ་བོས་མ་གྲུབ་པའི་བསྐྱེད་རྫོགས་ཟུང་འཇུག་ལྷ་དང་བླ་མའི་བྱིན་རླབས་འཕོ་བའི་སྟབས་ཀྱིས་ཐོབ་པ་ནི་སྔགས་ཀྱི་ཁྱད་ཆོས་བླ་ན་མེད་པ་སྟེ། ཨེ་མ་ཧོ། རྡོ་རྗེ་ཕུར་པའི་སྣང་བ་ལ། །སྣང་བའི་ཆོས་རྣམས་ཀུན་འབྱུང་ཡང་། །རང་རྒྱུད་གྲུབ་པ་ཡེ་ནས་མེད། །རོལ་པ་རྣམ་གཉིས་ལྷ་ཡི་སྐུ། །ལྷ་ཉིད་ངེས་པར་གཟུང་དུ་མེད། །ངོས་བཟུང་བྲལ་བའི་ལྷ་ཉིད་ནི། །ཅིར་ཡང་འགྱུར་ཞིང་ཅིར་ཡང་སྣང་། །ཞེས་སོ། །དེ་ལྟ་བུའི་བསྐྱེད་རྫོགས་ཟུང་འཇུག་གི་ལམ་མ་ནོར་བ་ལ་རིང་དུ་གོམས་པ་བརྟན་པ་ལས་ཁམས་གསུམ་དུ་འཁོར་བའི་རྒྱུ་ཀུན་གཞི་ལས་རླུང་དང་བཅས་པ་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོར་གནས་གྱུར་པས་རིག་འཛིན་བཞིས་ས་བཅད་པའི་ས་ལམ་མཐོན་པོའི་ཡོན་ཏན་འཐོབ་ནས་བདུད་བཞི་བཅོམ་པའི་ཚུལ་སྔོན་དུ་དཀྱུས་ལ་དྲངས་ཟིན་ལ། མཐར་གྱིས་བསྐྱེད་རིམ་གྱི་སྤྲོས་པ་མེད་དགག་གི་བློས་སྤངས་པ་མ་ཡིན་པར་རང་བཞིན་ཡོངས་གྲུབ་ཆོས་ཀྱི་དབྱིངས་སུ་རྣམ་པར་བྱང་བའི་ཚེ་ཆོས་ཉིད་ཀྱི་ཕུར་བུའི་གནས་ལུགས་རྟོགས་པ་སྟེ་བཀོད་པའི་གསུམ་པ་ལས། དེ་ལ་ཆོས་ཉིད་ཕུར་པ་ནི། །ཆོས་ཅན་གང་ལའང་མ་དམིགས་ཤིང་། །མ་བཅོས་ངང་དུ་ཐམས་ཅད་འདུས། །ཕུར་པ་ཞེས་ནི་དེ་ལ་བྱ། །དེ་ལ་སེམས་ཀྱི་ཕུར་པ་ནི། །སྐྱེ་མཆེད་ཁམས་ལ་མི་གནས་ཤིང་། །རང་བྱུང་ངང་དུ་ཐམས་ཅད་འདུས། །ཕུར་པ་ཞེས་ནི་དེ་ལ་བྱ། །དེ་ལ་ནམ་མཁའི་ཕུར་པ་ནི། །ཁ་དོག་དབྱིབས་ལ་མི་གནས་ཤིང་། །ཁྱབ་གདལ་ངང་དུ་ཐམས་ཅད་འདུས། །ཕུར་བུ་ཞེས་ནི་དེ་ལ་བྱ། །དེ་གསུམ་དབྱེར་མེད་མྱ་ངན་འདས། །ཞེས་པ་ལ་སོགས་རྒྱ་ཆེར་ཡོད་དོ། །གནད་འདི་ནི་ཡེ་ཤེས་ལྷའི་གནང་བ་ཐོབ་པ་ལས་བྱུང་སྟེ་རྒྱུད་ཀྱི་རྡོ་རྗེའི་གནས་ཆེན་པོ་སྔོན་ཆད་ཕལ་གྱིས་མ་རྟོགས་པ་ཞིག་ཡིན་པས་སྨིན་པར་སློབ་པ་རྣམས་ཉམས་སུ་ལོངས་ཤིག །དེ་ལྟ་བུའི་ཐུན་མཚམས་ཀྱི་བྱ་བ་ནི་བསྙེན་པའི་སྐབས་དང་འདྲ་ལ། འོན་ཀྱང་བཟླས་བརྗོད་ཕུན་སུམ་ཚོགས་པའི་ལེའུ་ལས། ཕུར་པའི་ཁྲོ་བོ་ལས་ཅི་འདྲ་བ་ཞིག་བྱུང་སྟེ་ཕྱོགས་བཅུ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱས་ནས་ཕུར་པ་ལ་བསྟིམ། བསྙེན་པ་གཏོང་བར་འདོད་ན། ཕུར་པ་ཉིད་སྙིང་གའི་ཧཱུཾ་ལ་བསྡུས་ལ། འདི་ནི་བཟླས་བརྗོད་ཕུན་སུམ་ཚོགས་པའོ། །ཞེས་པ་ལྟར་ཐུན་འཇོག་ཁར་སེམས་བསྐྱེད་ཀྱི་འཕེན་པའི་དབང་གིས་གཞན་དོན་ལ་འཇུག་པའི་དམིགས་པའང་བྱ་བ་ཉིད་ལེགས་སོ། །གྲངས་དུས་མཚན་མའི་བསྙེན་ཚད་ནི། མཚན་མའི་བསྙེན་པའི་དུས་ཚོད་ནི། །རབ་ཀྱིས་ཟླ་གཅིག་གིས་ནི་འགྲུབ། །འབྲིང་གིས་ལོ་གཅིག་དག་ན་འགྲུབ། །ཐ་མས་ལོ་གསུམ་དག་ན་འགྲུབ། །ཅེས་སོ། །གྲངས་བསྙེན་ནི། ས་ཡ་དྲུག་འབུམ་བསྙེན་པའི་ཚད། །ཅེས་པས་ལས་རུང་འབུམ་ཕྲག་བཅུ་དྲུག །དུས་བསྙེན་དེ་ཡི་བཞི་འགྱུར་རོ། །སྐབས་འདིར་བསྙེན་པ་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་བྱ་ཞིང་དེ་ལ་དགང་བླུགས་ཀྱི་ཚད་དང་མཚན་ཉིད་ནི། འབར་བ་ལས། དགང་གཟར་བླུག་གཟར་སོ་སོའི་དབྱིབས། །ཡུ་བ་ཁྲུ་གང་ཚད་དུ་བྱ། །དགང་གཟར་སོར་བཞི་སོར་གཉིས་ཟབས། །ཁ་རན་སོར་གཅིག་དཀྱིལ་རིན་ཆེན། །ངོས་ལ་ཡི་གེ་འབར་བ་བསྒོམ། །བླུག་གཟར་སོར་གཉིས་སོར་གཅིག་ཟབས། །ཁ་འཁོར་སོར་གཅིག་དཀྱིལ་རྡོ་རྗེ། །ངོས་ལ་ཡི་གེ་རྣམས་བསྒོམ་མོ། །ཞེས་སོ། །སྔགས་ནི་ཡིག་འབྲུ་བཅུ་བཞི་པ་རང་རྐྱང་ལས་ཁོང་ཁྲ་འཇུག་པ་སོགས་མི་དགོས། རྩ་བའི་ས་བཅད་གཉིས་པ་བསྒྲུབ་པ་ནི། མདུན་དཀྱིལ་རྡུལ་ཚོན་ནམ། རས་བྲིས་སོགས་ལ་རྟེན་ནུས་ན་སོ་སོའི་སྒོས་ཆོས་ཀྱི་འདོར་ལེན་དང་བཅས་པས་མཚན་མ་རྫས་ཀྱི་དཀྱིལ་འཁོར་འདུ་བྱས་པའི་སྟེང་དུ་ཕུར་ཆ་དགོད་པའི་ཚུལ། རི་རྩེ་གངས་ཕུག་གཡའ་རྩེའམ། །བྲག་དང་ཆུ་འཐབ་དུར་ཁྲོད་དམ། །སྡོང་གཅིག་ཤིང་ངམ་བྲག་ནག་གམ། །ཡང་ན་ཉམས་དགའི་གནས་སུ་བྱ། །ས་ཡི་རོ་ལྔ་མེད་པ་རུ། །སྔོན་གྱི་ལས་རྣམས་ཚང་བྱས་ཏེ། །ཞེས་པས་འབྲུའི་ཚོམ་བུའི་མདུན་དུ་ཉེར་སྤྱོད་དང་ས་ལྷའི་གཏོར་མ་བཤམས་ལ། ཧཱུཾ། སྔོན་ཚེ་དབང་མཛད་ལྷ་མོ་ལ། །སྤྱན་དྲངས་མཆོད་དེ་གསོལ་བ་ནི། །བར་ཆད་བགེགས་རྣམས་ཞི་བ་དང་། །ས་ཡི་དངོས་གྲུབ་སྩལ་དུ་གསོལ། །བྷཱུ་མི་པ་ཏི་ས་པ་རི་ཝཱ་རས་གཏོར་མ་ཕུལ་ལ་གཤེགས། སྭ་བྷཱ་ཝ་འི་སྔགས་དོན་དྲན་པས་གཟུང་བ་ཙམ་བྱ། མཎྜལ་འདོམ་གང་གྲུ་བཞི་བརྩིགས། སྐྱང་ནུལ་ཆག་ཆག་གོ་མ་ཡེ། །ཚོན་དང་སྲད་བུ་བྱིན་གྱིས་རློབས། །གནམ་ཐིག་ས་ཐིག་གཤེར་ཐིག་གསུམ། །བྱེ་བྲག་སོ་སོར་ཤེས་པར་བྱ། །ཤེས་རབ་མ་ཡིས་ཐིག་སྐུད་གཟུང་། །མཚམས་དང་སྟེང་འོག་ཚུལ་བཞིན་བྱ། །ཐིག་ཆེན་རྣམ་པ་བརྒྱད་དུ་བཏབ། །འཁོར་ལོའི་རྩིབས་བརྒྱད་ཨེ་རུ་བཅས། །ཟླ་གམ་གསུམ་དང་རྩིབས་སུ་བཅས། །བར་ཁྱམས་སྒོ་ཁྱམས་གཉིས་སུ་བརྟགས། །སྒོ་བརྒྱད་ཡ་ཕུབས་རྟ་བབས་དང་། །དྲྭ་བ་དྲྭ་ཕྱེད་དྲྭ་བ་དང་། །རྒྱན་གྱི་རྣམ་པ་ཐམས་ཅད་བྱ། །འབར་བའི་འཁོར་ལོ་རྩིབས་བརྒྱད་ལ། །རྣམ་པར་རྒྱལ་བ་ལ་སོགས་པ། །ཤར་ནས་བརྩམ་སྟེ་དགོད་པར་བྱ། །དབུས་ཀྱི་ཨེ་ལ་བདུད་འདུལ་ཏེ། །མདུན་རྒྱབ་གཡས་གཡོན་གྲྭ་ཟུར་བཞི། །སྟེང་འོག་ཁྲོ་བོ་ཕྲ་མེན་བཞི། །རིམ་བཞིན་དུ་ནི་དགོད་པར་བྱ། །དེ་ཡི་འཁོར་ལོའི་གོང་རས་ལ། །ཕྲ་མེན་བྱིན་པོ་དགོད་པར་བྱ། །ཟླ་གམ་ལ་ནི་སྲས་མཆོག་གསུམ། །ཁྱམས་ལ་ཀེ་སེང་སྤེལ་མར་དགོད། །སྒོ་བཞིར་སྲུང་མ་བཅུ་གཉིས་སོ། །ལྕགས་རི་ལ་ནི་དབང་ཕྱུག་མ། །དེ་ལྟར་དཀྱིལ་འཁོར་རྫོགས་པ་དང་། །བྱིན་གྱིས་བརླབས་པའི་ཕུར་པ་ཀུན། །བྱེ་བྲག་སོ་སོར་ཤེས་པར་བྱ། །དང་པོ་ཆོས་སྐུར་བྱིན་བརླབ་དང་། །དེ་ནས་ལོངས་སྐུར་བྱིན་བརླབ་དང་། །དེ་ནས་སྤྲུལ་སྐུར་བྱིན་གྱིས་རློབས། །སྐུ་མཆོག་སྤྲུལ་སྐུ་མངོན་བྱང་ཆུབ། །དེ་ནས་བྱིན་བརླབ་དབང་བསྐུར་བྱ། །མཚམས་ཀྱི་ཕུར་པ་མངའ་གསོལ་བའི། །ཕུར་པ་བཅུ་ཡང་བྱིན་གྱིས་བརླབ། །བསྒྲུབ་པའི་ཕུར་པ་རེ་རེ་ལ། །དར་གྱི་ཅོད་པན་རེ་རེ་གདགས། །སྤྱན་དྲངས་གཞུགས་གསོལ་གཉིས་མེད་བསྟིམ། །བྱུག་བདུག་བརྡེག་པའི་ལས་རྣམས་བྱ། །དེ་ནས་མཎྜལ་སྟེང་དུ་དགོད། །ཅེས་དཀྱིལ་འཁོར་གཉིས་རིམ་དང་ཆིག་རྐྱང་གཉིས་ཀ་གསུངས་པས་གང་བདེ་བྱས་པ་ལ་ལྷ་མཚན་དང་ཕུར་ཆ་དགོད། གལ་ཏེ་ཀུ་སུ་ལུ་པའི་བསྒྲུབ་པ་བྱེད་ན། ཐོད་པའམ་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་ནང་དུ་ཕུར་ཆ་རྒྱས་བསྡུས་ཇི་ལྟར་འབྱོར་བ་དང་། མ་འབྱོར་ན་གཙོ་བོ་དང་ལས་ཕུར་གཉིས་ལ་བསྡུས་པས་རུང་སྟེ། མེ་ཏོག་ཚོམ་བུ་རབ་ཏུ་དགྲམ། །སྦམས་པའི་ཕུར་བུར་རབ་ཏུ་དགོད། །ཏིང་འཛིན་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་གསུངས་པས་སོ། །དཀྱིལ་འཁོར་མདུན་དུ་མཉྫིའི་ཁྲི་ལ་སྒྲུབ་གཏོར། གཡས་གཡོན་དུ་སྨན་རཀ །ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ། ལྷོར་མེ་ཏོག །ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས་ཏེ་གོར་མཆོད་དང་། དྲག་པོའི་ཉེས་སྤྱོད། ཁྲག་གི་ཨརྒྷཾ། དབང་པོའི་མེ་ཏོག །གསུར་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། ཐོད་རྔ་དང་གསང་བའི་རྔེའུ་ཆུང་སོགས་ཀྱང་བཤམ། འཛོམ་ན། བྷནྡྷ་རཀྟ་གཏོར་མ་གསུམ། །མཆོད་དང་སྟོབ་པའི་རྫས་སུ་བཞག །ཛ་གད་ཚེ་དང་ཚིམ་བྱེད་གསུམ། །ཀུན་ཏུ་རྒྱུ་དང་གལ་ཕྱི་ལྔ། །ཀ་ར་ཏི་དང་ཟླ་ཚེས་བདུན། །ཟླ་ཕྲོམ་ཟླ་རྒྱས་མཱཾ་ས་གསུམ། །སྒྲུབ་པ་ཚོགས་ཀྱི་རྫས་སུ་བསག །དམར་གྱི་རཀྟ་ཟོ་བ་གང་། །མ་མོ་མཁའ་འགྲོ་བརྟེན་པའི་རྫས། །ཞེས་པ་ལྟར་བསགས། སྲོད་ཐུན་ནས་འགོ་བརྩམས་ཏེ་ཐུན་བཞིར་ལས་གཞུང་བསྡུས་པ་བསྲང་། དེ་ཡང་ནུབ་དང་པོར་མངོན་རྟོགས་རྒྱས་པས་སྒོམ་ནུས་ན་ལེགས། མི་ནུས་ན་སྔོན་འགྲོ་རྣམས་རྫོགས་པར་བླངས་ནས་སྲུང་འཁོར་རྣམས་ཀྱི་དམིགས་པ་གཏན་དུ་དགོས་ཏེ། རྒྱུ་གང་གིས་ན། འགོང་པོ་ཕོ་མོ་འདི་དག་ནི། །རྣལ་འབྱོར་ཅན་ལ་ལྷ་བཀླུབ་འཇུག །ཕལ་པ་རྣམས་ལ་མི་བཀླུབ་འཇུག །གེགས་དང་འགྲས་ལ་གེགས་བཀླུབ་འཇུག །ཡུལ་བརྒྱུད་གང་ཟག་བརྒྱུད་པར་བྱེད། །སྐྱེ་བ་བརྒྱུད་དང་སྤྲུལ་པ་བརྒྱུད། །དངོས་པོར་བརྒྱུད་ནས་གནོད་པར་བྱེད། །བསླུ་ཞིང་ངོ་སྦེད་སྣ་ཚོགས་སྟོན། །ཞེས་པས་སོ། །དེ་ཡང་བསྐྱེད་རིམ་གྱི་དུས་བདག་བསྐྱེད་ཀྱི་གཙོ་བོ་དང་། ཁྲོ་བོ་རྣམ་རྒྱལ་གྱི་བར་དུ་མདུན་བསྐྱེད་ཀྱི་གཞལ་ཡས་ཁང་བརྟེན་པའི་ལྷ་དང་བཅས་ཆོ་ག་གཅིག་གིས་གཟུགས་བརྙན་མེ་ལོང་གཉིས་ལ་དུས་གཅིག་ཏུ་ཤར་བ་ལྟར་སྒོམ་པའི་ལུགས་ལྟར་ན་ཛཔ྄་ཁ་དབྱེ་བ་མ་བྱས་ཀྱང་རུང་སྟེ། བྱེད་ན་གསལ་སྐྱོར་ཙམ་དུ་བསྒོམས་ནས་བདག་མདུན་གྱི་རྣམ་དབྱེ་ཕྱེད་པར་བྱ། འོན་ཀྱང་སྒྲུབ་ཐབས་རྒྱས་འབྲིང་ལྟར་བསྐྱེད་རིམ་གྱི་དུས་བདག་མདུན་འཇུག་པ་གཅིག་ལ། བཟླས་པའི་མགོར་ཛཔ྄་ཁ་ཕྱེ་ནས་དམ་ཡེ་རྣམ་པ་ཐ་དད་དུ་བྱེད་པ་འདི་གསང་སྔགས་སྔ་འགྱུར་བའི་རིང་ལུགས་སུ་སྣང་ཞིང་། དོན་གྱི་ཆ་ནས་འགལ་བ་འདུ་བ་མ་ཡིན་ཀྱང་། གསར་མ་ལ་བདག་མདུན་བུམ་གསུམ་ཆོ་ག་ཐ་དད་དུ་བྱེད་པས་ཁ་ཟེར་བར་བྱེད་པ་ནི་དོན་ལ་རྟོན་མི་རྟོན་ལ་དཔྱད་པ་མེད་པའི་རང་ལྟ་མཆོག་འཛིན་གྱི་ཕྱོགས་སུ་བསླན་ནོ། །དེ་ལྟ་བུའི་བདག་མདུན་ལ་བདག་ཉིད་རྩ་བའི་དཀྱིལ་འཁོར། མཚན་མ་རྫས་ཀྱི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ཏེ་ཕུར་པ་རང་ལུགས་དཀྱིལ་འཁོར་གསུམ་གྱི་ཐ་སྙད་སྒྲ་ཇི་བཞིན་པ་རྫོགས་ལ། ལར་བསྙེན་ཕུར་བཀོད་ཕྱིན་ཆད་དཀྱིལ་འཁོར་གསུམ་གྱི་བརྡའ་ཆད་ཚང་ཞིང་། སྲས་མཆོག་ལ་མང་ཉུང་སྣ་ཚོགས་ཕུར་པའི་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ནས་གསུངས་པས་གང་ཡང་མི་འགལ་ལོ། །བཟླས་བྱའི་སྔགས་ནི། ཛ་ཧཱུཾ་ཨ་གསུམ་བསྣན་པ་མན་ངག་གི་དགོངས་པ་ཡིན་ལ། རྒྱུད་ལས་འདི་ལྟར་བཤད་པ་སྔར་མ་མཐོང་སྟེ། དེའི་ཚུལ། དཀྱིལ་འཁོར་གསུམ་ལ་ཐ་དད་རེ། །དགུག་དང་གསད་དང་གཞོམ་པའོ། །ཀཱི་ལ་ཡ་ཧཱུཾ་ཕཊ་བར་དུ། །གཞུག་པའི་སྙིང་པོ་ཐ་དད་དོ། །དགུག་པ་ཛཿཧཱུཾ་བཾ་ཧོཿབཞི། །ཡང་ན་ཛ་ལས་གྱུར་བའོ། །གསད་པ་མཱ་ར་ཡ་གསུམ་ལ། །གཞོམ་ཞིང་བརྡེག་པ་ཨ་ཀོ་ཊ། །གཅིག་གིས་གཅིག་བསྐུལ་འོད་ཟེར་ནི། །གློག་འབྲུག་ཆར་གྱི་ཚུལ་དུའོ། །ཞེས་པས་ཁོང་ཁྲ་འཇུག་པའི་སྡོམ་འབའ་ཞིག་བསྟན་པས་སོ། །དེ་ལ་བསྒྲུབ་པ་དང་། ཚོགས་ཀྱི་སྒྲུབ་པ་ཆེན་པོ་ནི་གཞན་དོན་དང་ཕྲིན་ལས་རྣམ་པ་བཞི་སོགས་ལ་དམིགས་པའི་ཕྱིར་ན་ཕྲེང་བའི་རྒྱུའང་། ཤེལ་གྱིས་རེངས་པ་ཉིད་ལ་ཡིན། །དབང་ལ་ཙནྡན་དམར་པོ་ཉིད། །ལུང་ཐང་གིས་ནི་མངོན་སྤྱོད་དོ། །ནི་རང་སུ་ནི་སྡང་བ་ལ། །རྟ་ཡི་རུས་པས་སྐྲོད་པ་ཉིད། །བྲམ་ཟེའི་རུས་པས་དགུག་པ་ཉིད། །གླང་ཆེན་རུས་པས་སེར་བ་ལ། །མ་ཧེ་ཉིད་ཀྱིས་གསད་པའོ། །རེངས་པར་འོ་མ་བཏུང་བ་ཉིད། །དབང་ལ་ར་ཡི་ཤ་ཟའོ། །བསད་པ་ལ་ནི་ཤྭ་ནའི་ཤ །དགུག་པ་ལ་ནི་བཞི་མཉམ་ཉིད། །བསྐྲད་པ་ལ་ནི་གླང་པོར་བརྗོད། །ཅེས་སོ། །འོད་ཟེར་སྤྲོ་བསྡུའོ་དོན་ནི། རྣལ་འབྱོར་རྗེས་སུ་འཇུག་པ་རྣམས། །དམ་ཚིག་སེམས་དཔའི་འོད་ཟེར་སྤྲོས། །ཡེ་ཤེས་སེམས་དཔའི་ཐུགས་རྒྱུད་བསྐུལ། །ཐུགས་བསྐྱེད་དམ་བཅའ་རྗེས་དྲན་ནས། །དམ་པའི་ཚུལ་གྱིས་འོད་ཟེར་བཀྱེ། །དམ་ཚིག་མཁའ་ལ་རི་དྭགས་འགྲོགས་པ་དང་། །མར་མེ་གཉིས་དག་གཅིག་ཏུ་སྡོམ་པ་བཞིན། །དམ་ཚིག་འོད་ཟེར་བསྐུལ་བས་གཉིས་མེད་གཅིག་ཏུ་ཕབ། །དམ་ཚིག་སེམས་དཔའི་འོད་ཟེར་འཕྲོས། །བདེ་བར་གཤེགས་པའི་ཐུགས་དམ་བསྐུལ། །ཐུགས་བསྐྱེད་ཐུགས་དམ་རྗེས་དྲན་ནས། །དམ་པའི་ཚུལ་གྱི་འོད་ཟེར་བཀྱེ། །སྔ་ཆུའི་སྟེང་དུ་ཕྱི་ཆུ་ཕབ། །དཀར་དམར་མཐིང་གསུམ་གནས་སུ་གནས། །སོ་མལ་ལྕགས་ལ་ངར་བླུད་བཞིན། །དབང་དང་བྱིན་རླབས་ནུས་པ་ཐོབ་པར་བསྐུལ། །ཞེས་དང་། བདེ་མཆོག་བདེ་སྦྱོར་བྷ་གའི་ཀློང་ཡངས་ནས། །རབ་དགྱེས་བྱང་ཆུབ་སེམས་ཀྱི་དངོས་གྲུབ་བསྐུལ། །འདོད་པའི་ཡོན་ཏན་ལྔ་ནི་ཆར་བཞིན་འབབ། །མཆོད་པའི་བྱེ་བྲག་རྣམས་ལ་མཆོད་པར་བསྐུལ། །ཞེས་པ་ཡན་གྱིས་རང་དོན་དུ་རྒྱལ་བ་མཆོད་ཅིང་ཐུགས་དམ་བསྐུལ་བའི་དོན་བསྟན་ནས། ཁྲོ་བོ་ཆེན་པོ་དེ་དག་གིས། །བདུད་དང་བར་དུ་གཅོད་པ་རྣམས། །བསྒྲལ་ཏེ་བྱང་ཆུབ་ལམ་ལ་བཀོད། །རྒྱུ་དྲུག་འཁོར་བའི་སེམས་ཅན་རྣམས། །ལུས་སེམས་བྲལ་ཏེ་འཁྱམས་པ་དང་། །ངན་འགྲོའི་སྒོ་དགག་བདེ་ལམ་བཀོད། །ཁྲོ་རྒྱལ་སྐུ་ཡི་འོད་ཟེར་གྱི། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་སྤྲོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱང་། །རང་རང་ཉོན་མོངས་ཀུན་སྦྱོང་བྱེད། །གྲོལ་བའི་ལམ་ལ་བཀོད་ནས་ཀྱང་། །སྡུག་བསྔལ་ཐམས་ཅད་དེས་འཇོམས་བྱེད། །ཅེས་པས་གཞན་དོན་ཏེ། དོན་གཉིས་བྱེད་པའི་འོད་ཟེར་སྤྲོ་བསྡུའི་དམིགས་པ་སྒྲུབ་ཐབས་སུ་བཤད་པ་ལྟར་དང་། དེ་ཡང་སྒྲུབ་པའི་དུས་གྲངས་མ་རྫོགས་ཀྱང་དངོས་གྲུབ་ཀྱི་རྟགས་གེགས་ཀྱིས་བརྫུས་པ་མ་ཡིན་པར་ངེས་པ་བརྟན་པོ་བྱུང་ན་དེ་མ་ཐག་དངོས་གྲུབ་བླང་བ་རེ་བྱེད་པའང་རྟེན་འབྲེལ་གྱི་གནད་དུ་ཆེ་བའི་ཚུལ། སྒྲུབ་པ་དག་ནི་བྱེད་དུས་སུ། །དངོས་གྲུབ་རྟགས་ནི་བྱུང་གྱུར་ན། །ཐེ་ཚོམ་མེད་པའི་རྟོགས་པས་བླངས། །དངོས་གྲུབ་ཆེན་པོ་ཐོབ་ནས་ཀྱང་། །ལས་རྣམས་ཐམས་ཅད་བྱ་བ་ཡིན། །ཞེས་སོ། །རྟགས་ནི། བཟླས་པ་བྱས་པའི་འབྲས་བུ་ནི། །སྒྲུབ་པོ་ནམ་མཁར་འགྲོ་བ་དང་། །ཕུར་པ་འཕར་དང་འཁྲབ་པ་དང་། །ནམ་མཁར་སྒྲ་བརྙན་འབྱུང་བ་དང་། །སྒྲུབ་ཕུར་ད་ཧའི་སྒྲ་སྒྲོགས་དང་། །འོད་དང་དུ་བ་འབྱུང་བ་དང་། །བར་སྣང་དག་ཏུ་བརྟན་པར་གནས། །སྲིན་མོའི་ཚོགས་རྣམས་འདུ་བ་དང་། །སྒྲུབ་པའི་མན་ངག་ཕུན་ཚོགས་བཅས། །གཏེར་རྣམས་ཡོད་པར་སྨྲ་བ་དང་། །དྲིལ་བས་རི་རབ་བསྙིལ་བ་དང་། །མཚོ་གླིང་ཚལ་རྣམས་སྐེམ་པ་དང་། །བཏབ་པས་ཉི་ཟླ་བརྟན་པར་ནུས། །འདི་རྣམས་བྱུང་ན་དངོས་གྲུབ་རྟགས། །ཞེས་དང་། དེ་ལས་ལྡོག་པ་ནི། འོད་དང་དྲི་དང་སྒྲ་ངན་དང་། །རབ་རིབ་མི་བརྟན་འགྱུར་བ་ཅན། །རྟགས་མིན་དངོས་གྲུབ་བར་ཆད་བྱེད། །རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་དང་། །ཉུང་དཀར་ཕུར་པ་ཞིང་ལྤགས་དང་། །གུ་གུལ་དུད་པ་བཏང་བས་དབྱུང་། །ཞེས་སོ། །གྲངས་བསྙེན་ནི། ཉི་ཁྲི་བདུན་འབུམ་བགྲངས་ནས་ཀྱང་། །ལྷ་རྣམས་ཐུགས་དམ་བསྐུལ་བར་བྱ། །ཁྲོ་བོ་ཆེན་པོ་རྣམས་ལ་ནི། །ཉི་ཁྲི་ལྔ་སྟོང་བསྙེན་པ་དང་། །ཞེས་པ་ལྟར་རོ། །སྲོད་ཐུན་ལ་ཚོགས་མཆོད་རྒྱས་པ་རེ་བྱ་ཞིང་། བྱེ་བྲག་པ་ཚོགས་ཀྱི་འཁོར་ལོའི་ཐ་སྙད་སྨོས་ན། དེ་ནས་རྡོ་རྗེ་ཕུར་པ་ཡི། །ཚོགས་ཀྱི་འཁོར་ལོ་བཤད་པར་བྱ། །སྐུ་ཡི་དཀྱིལ་འཁོར་བྲི་བར་བྱ། །སྣ་ཚོགས་ཟས་དང་སྣ་ཚོགས་འབྲུ། །སྨན་གྱི་རྣམ་པ་གཏོར་མ་ནི། །གླང་པོའམ་ཤིང་རྟས་འགྲོས་པའི་ཚད། །བརྒྱ་རྩ་བརྒྱད་དང་ལྷ་གྲངས་བྱ། །ཤ་སྣ་ཁྲག་སྣ་བརྒྱ་རྩ་བརྒྱད། །སྤྱན་གཟིགས་འདོད་ཡོན་སྣ་ཚོགས་བརྒྱན། །སྣ་ཚོགས་འབྲས་བུའི་ཚོགས་རྣམས་བཤམ། །རྣལ་འབྱོར་ཕོ་མོ་གཡས་དང་གཡོན། །ལུས་ངག་བརྡས་མཚོན་སོ་སོར་མཆོད། །ལྷ་སོགས་ཕྱི་ནང་གསང་བའི་མཆོད། །ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །བླ་མ་རྡོ་རྗེ་སློབ་དཔོན་ལ། །མཚན་ལྡན་གཟུངས་མ་ཕུལ་ནས་ནི། །གཙོ་བོ་རྣམས་ལ་དེ་བཞིན་མཆོད། །འཁོར་གྱི་རྣལ་འབྱོར་ཐམས་ཅད་ཀྱང་། །རང་རང་གཟུངས་དང་བཅས་ཏེ་མཆོད། །མཆོད་པའི་ལས་བྱེད་དུས་བརྡས་མཚོན། །གང་ཞིག་སྤྱི་བོ་སྟོན་པ་ན། །དེ་ལ་རྐང་མཐིལ་བསྟན་པར་བྱ། །གང་ཞིག་སྨིན་མ་འདེགས་བྱེད་ན། །དེ་ལ་མཛུབ་མོ་བསྟན་པར་བྱ། །གང་ཞིག་ལྕེ་ནི་བསྐྱོད་བྱ་བ། །དེ་ལ་པདྨ་བསྟན་པར་བྱ། །གང་ཞིག་མཛུབ་མོ་སྟོན་པ་ན། །དེ་ལ་ལག་པ་སྦྱིན་པར་བྱ། །གང་ཞིག་བྲང་ནི་སྟོན་པ་ན། །དེ་ལ་ནུ་མ་བསྟན་པར་བྱ། །གང་ཞིག་སོར་མོ་རྣམས་སྟོན་ལ། །དེ་ལ་ལུས་ནི་བསྟན་པར་བྱ། །གང་ཞིག་ཨ་ཧོ་ཞེས་བརྗོད་ན། །ཀྱེ་མ་ཧོ་ཞེས་རབ་ཏུ་བརྗོད། །ཨ་ཏི་པུ་ཧོ་བརྗོད་པ་ལ། །པྲ་ཏི་པུ་ཧོ་བརྗོད་པར་བྱ། །ཨ་ཏི་ཛ་ཞེས་བརྗོད་པ་ལ། །པྲ་ཏཱིཙྪ་ཞེས་བརྗོད་པར་བྱ། །ས་མ་ཡ་སྟྭཾ་བརྗོད་པ་ལ། །ས་མ་ཧོ་ཞེས་བརྗོད་པར་བྱ། །རཱ་ཧོ྅་ཧཾ་ཞེས་བརྗོད་པ་ལ། །རཱ་ག་ཡ་མི་བརྗོད་པར་བྱ། །ཀྱེ་ཞེས་འབོད་པའི་སྒྲ་སྒྲོགས་ན། །ཨ་ཧོ་ཞེས་པའི་ལན་ཡང་བྱིན། །སུ་ར་ཏི་ཞེས་བརྗོད་པ་ལ། །བཟའ་ཞིང་བཏུང་བ་རབ་ཏུ་སྦྱིན། །ས་མ་ཛཿཞེས་བརྗོད་པ་ལ། །ལྷ་རྣམས་མཆོད་ཅིས་རབ་ཏུ་སྦྱིན། །དུ་དུ་ར་ཞེས་བརྗོད་པ་ལ། །སྤང་བར་བྱ་ཞེས་རབ་ཏུ་བརྗོད། །དེ་བཞིན་ངག་གི་སྒྲ་རྣམས་ཀྱང་། །དུས་འདི་དག་ཏུ་བྱ་བ་ཡིན། །ཞེས་དང་། བདུད་རྩི་ལྔ་ཡང་རྟོག་མེད་བཟའ། །ཤ་དང་ཁྲག་ནི་བཏུང་ཞིང་བཟའ། །དེར་ནི་དམ་ཚིག་ཅན་བཟུང་ཞིང་། །དམ་ཚིག་མེད་དང་ཉམས་པ་སྤངས། །བརྟུལ་ཞུགས་ཆེན་པོའི་སྤྱོད་པ་ཡིས། །ཚོགས་ཀྱི་འཁོར་ལོ་རབ་ཏུ་བྱ། །ཞེས་པ་ལ་སོགས་དང་། དམ་ཚིག་ཉམས་པ་བསྐང་བའི་ཕྱིར། །ནང་གི་ཚོགས་ཀྱི་འཁོར་ལོ་བྱ། །ཚོགས་བསོག་བསོད་ནམས་བསྐྱེད་དུས་ཕྱི། །མི་རྟོག་ཡེ་ཤེས་བསྐྱེད་དུས་སུ། །གསང་བའི་ཚོགས་ཀྱི་འཁོར་ལོ་བྱ། །ཚོགས་འཁོར་དེ་གསུམ་གང་གིས་ཀྱང་། །སྒྲིབ་སྦྱོང་རྣམ་གྲོལ་ལམ་ལ་འགོད། །ཚོགས་ཀྱི་འཁོར་ལོ་ཆེན་པོ་འདིས། །ཡབ་ཡུམ་རིགས་ལྔའི་ཁྲག་འཐུང་དང་། །ཁྲོ་བཅུ་ཡབ་ཡུམ་ཕྲ་མེན་ཚོགས། །མཆོད་པས་དངོས་གྲུབ་ཤུགས་ལ་འབྱུང་། །ཕོ་ཉ་བཀའ་ཉན་བསྒོ་བ་ཉན། །ཁམས་གསུམ་ཉོན་མོངས་ཀུན་སྒྲོལ་བྱེད། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །རྒྱལ་པོ་བྲམ་ཟེ་ཁྱིམ་བདག་ཚོགས། །དྲེགས་པའི་བསོད་ནམས་དབང་དུ་འདུ། །གནོད་གདུག་ཞི་ཞིང་འབྱོར་པ་འཕེལ། །གདུག་ཅིང་སྡང་སེམས་ལྡན་པ་སྒྲོལ། །དེ་ཕྱིར་ཚོགས་ཀྱི་འཁོར་ལོ་ཡང་། །མཁས་པས་བྱ་བར་བཤད་པ་ཡིན། །ཞེས་སོ། །གསུམ་པ་ལས་སྦྱོར་རམ་བསྒྲུབ་པ་ཆེན་པོ་ནི། སྔོན་ལ་དམ་ཅན་ཉེ་བར་བསྙེན་པ་བྱས་ནས། དེ་ནས་སྔགས་དྲུག་གི་ལས་སྦྱོར་བྱ་བའི་ཚུལ་ལོགས་སུ་ཡོད་དོ། །དེ་ལྟ་ནའང་བསྒྲུབ་བྱ་དམིགས་བསལ་མེད་པ་ལ་གཏོར་མ་དང་མཐུན་རྫས་ལ་བརྟེན་ནས་དམ་ཅན་གྱི་བསྙེན་པ་ལས་རུང་ཙམ་བྱེད་ན། བྲུབ་ཁུང་དུ་ཟན་ལིང་བཀོད་པའི་སྟེང་དམ་ཅན་ལྕམ་དྲལ་གྱི་སྤུངས་གཏོར་བཀོད། མཐུན་རྫས་གང་འགྲུབ་བཤམ། གཏོར་མ་ལ་ཤེས་པ་གསུམ་དང་ལྡན་པ་ལས་བསྙེན་པའི་ཚེ་དཀྱིལ་འཁོར་གྱི་མུ་རན་ལ་བཀའ་སྡོད་ལྟར་གནས་པ་ལ་གཙོ་བོའི་འོད་ཟེར་གྱིས་གཟིར་བས་དྲག་པོའི་ཕྲིན་ལས་ཐོགས་མེད་དུ་བྱེད་པར་བསམ་ལ་བཞི་སྙིང་གཅིག་དྲིལ་གསུམ་ཁྲི་ལྔ་སྟོང་བཟླའོ། །དེའི་ཚེ་སྔོན་གྱི་ཕུར་པ་མཁན་པོ་རྣམས་ལ་གྲགས་པའི་ཤེས་པ་གསུམ་གྱི་མན་ངག་ལས། ལྷར་ཤེས་པ་ནི་ཐུགས་སྲོག་སྔགས་ཕྲེང་ལས་བྱུང་བའི་འོད་ཟེར་གྱིས་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་མུན་ཁང་དུ་སྒྲོན་མེ་བཏེག་པ་ལྟར་ཤིན་ཏུ་གསལ་བ་ཉིད་སྣང་ལ་རང་བཞིན་མེད་པར་རྩལ་སྦྱང་། དགུག་གཞུག་ཏུ་ཤེས་པ་ནི། འོད་ཟེར་གྱི་སྣེ་ལ་ཕོ་ཉ་དཔག་ཏུ་མེད་པ་སྤྲོས། ཕྱག་རྒྱ་བཞིས་འགུགས་འཆིང་བསྡམས་མྱོས་བྱས་ཏེ་ཉ་བོ་ལ་བསྟིམ་མོ། །ཆོས་ཉིད་དུ་ཤེས་པ་ནི། ལྷ་ཚོགས་རྣམས་ལས་བྱུང་བའི་འོད་ཟེར་གྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དང་། ཁྱད་པར་གཟས་པ་པོའི་སྡིག་སྒྲིབ་སྐྱོང་བའི་ངང་ལ་བདག་གཞན་དུ་མ་རོ་གཅིག་ཏུ་བསྲེས་ནས་མཉམ་པར་འཇོག །དེ་ལྟར་བསྒྲུབ་པ་ཐོན་པའི་རྗེས་ཐོག་ཏུ། ཚོགས་ཐ་མ་དང་འབྲེལ་བར་ལས་དྲུག་གི་གདབ་ལས། སྤྱིར་བཏང་བ་བསྲེག་འཕང་གཉིས་ནས་བླངས་ལ་ཞལ་བསྟབ་ཡན་རྫོགས་པར་བྱའོ། །གསུམ་པ་རྗེས་ལ། དངོས་གྲུབ་ལེན་ཆོག་གི་མཚོན་ཆོ་གའི་རྗེས་ཆོག་རྣམས་དང་། རྒྱལ་ཐོ་གྲོལ་ཞིང་ཐོག་མར་དམ་གཙང་དང་འཕྲད། དེ་ནས་མཚམས་རིམ་པས་སེང་ཞིང་གནས་བསྲུང་བ་སོགས་སྤྱི་དང་མཐུན་ནོ། །གལ་ཏེ་སྙིགས་མ་ལྔའི་རྒུད་པའི་གཞན་དབང་ལས་ལྡང་མི་ནུས་པས། ཡི་དམ་བཟང་པོ་ལ་ལས་འབྲེལ་འཇོག་པ་ཙམ་གྱིས་མོས་པས་སློབ་པ་དག་ནི་བསྙེན་ཕུར་དང་། སྨན་རཀ་གཏོར་གསུམ་ལ་བརྟེན་ནས། ཟླ་བ་གཅིག་ཏུ་བསྙེན་པའི་དམིགས་པ་ཁོ་ན་དང་། ཟླ་བ་གཉིས་ལ་ཉེར་བསྒྲུབ་དང་སྦྲེལ་ཞིང་། ཟླ་བ་གསུམ་ཀར་བཟླས་པ་ཡིག་འབྲུ་བཅུ་བཞི་པ་ཁོ་ན་འགྲུས་པར་བཟླས་པས་བསྙེན་སྒྲུབ་ཟུང་འབྲེལ་དུ་འགྲུབ་པ་ཡིན་ནོ། །དེ་ཡང་དམ་ཅན་ཉེ་བསྙེན་སྦྲེལ་ན་ཞག་བདུན་ལྷག་པ་ལ་བཞི་སྙིང་དྲིལ་བ་བཟླ་ཞིང་། རྒྱུན་དུ་བཟླས་པ་མ་ཆག་ཙམ་དང་། གཏོར་བསྔོ་བྱེད་པ་དམ་ཚིག་གོ། །དེ་དག་སུའང་རུང་སྟེ་རྡོ་རྗེའི་ཐེག་པ་ནི་གསང་ནས་སྤྱད་ན་འགྲུབ་པ་ཡིན་པས་ཡི་དམ་དང་ལྟ་སྤྱོད་གསང་ཞིང་། དེའི་ནང་ཚན་ནས་ཀྱང་། རྟོག་གེ་བ་དང་མིག་རྣོན་མཁན། །གསང་སྔགས་དངོས་གྲུབ་སྣོད་མ་ཡིན། །དེ་ལ་བཤད་ན་ཉམས་ཆེན་ཡིན། །ཞེས་པས་གསང་བ་བསྲུང་བ་ལ་བསྒོམ་ཞིང་། རང་བཞིན་ལྟ་བའི་དམ་ཚིག་བཞི་དྲན་པའི་རྩི་དང་མ་བྲལ་བའི་ངང་ནས་སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི་ལ། གཉིད་དང་། ཆང་དང་། ལེ་ལོ་སྤང་ཞིང་གསང་སྔགས་ཀྱི་བརྡའ་བསྲུང་། གལ་མདོ་ངེས་པའི་དམ་ཚིག་དཀོན་མཆོག་དང་། གང་ཟག་གིས་མ་ཁྲེལ་བ་དང་། ཟླས་ཉམས་དང་། ཞོར་ཉམས་དང་། དབང་མེད་དང་། ཀུན་ནས་ཉམས་པ་བཞི་རྣམས་སྤངས་ན། དམ་ཅན་འདུ། མཐུ་དང་བྱིན་རླབས་ཆེ། ཚེ་རིང་། གྲགས་པ་ཐོབ་པ་སོགས་ཤུགས་ལ་འབྱུང་བ་ལ་མཐར་ཕྱིན་གྱི་རྟགས་བཞི་ཞེས་བྱ་སྟེ། མདོར་ན་སྙིང་རྗེ་ཆེན་པོ་དང་། ཐབས་ལ་མཁས་པས་གཞན་ལ་ཕན་འདོགས་པ་ལ་དགའ་བའི་བརྩོན་པ་མི་ལྷོད་པ་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་དམ་ཚིག་རྒྱ་མཚོའི་འདུ་སའོ། །བསྟན་པའི་གཟུགས་བརྙན་ཅུང་ཟད་ཡོད་དུས་འདིར། །དད་གུས་བསྐྱེད་ནས་ཉམས་སུ་མ་བླངས་ན། །རིང་པོར་མི་ཐོགས་བསྐྱེད་རྫོགས་ཟབ་མོའི་ལམ། །ནུབ་རིར་ཕྱོགས་པའི་མངོན་རྟགས་མཐོང་མིན་ནམ། །དེ་ཕྱིར་ལྷག་པའི་བསམ་པ་ག་བུར་རྡུལ། །སྔ་འགྱུར་རྒྱུད་སྡེའི་ནགས་ཀླུང་ལ་སྨན་པའི། །ཆོས་ཚུལ་རི་དྭགས་ལང་ཚོ་གསར་བའི་དཔྱིད། །ཀུན་གྱིས་མཐོང་ནས་ཡང་དག་དོན་རྟོགས་ཤོག །རྭ་སྟོན་སྐུ་སྐྱེ་རིན་པོ་ཆེས་ལྗོན་ཤིང་གི་ཡོལ་གོ་དང་པོ་ལ་ནཻ་པ་ལའི་དོང་ཙེའི་ཚོམ་བུ་བཀོད་ནས་ནན་ཏན་གྱིས་བསྐུལ་བའི་ངོར་བཀའི་བསྡུ་བ་པོ་རང་ཉིད་ཀྱིས་སོ། །དགེའོ། །དགེའོ། །དགེའོ། །མངྒ་ལཾ།། །།


previousཕུར་པ་རྒྱུད་ལུགས་ལས་བསྙེན་སྒྲུབ་ཐམས་ཅད་ཀྱི་མཛོད་ཁང་རིག་འཛིན་གཞུང་ལམ། མཁྱེན་བརྩེའི་འོད་ཟེར།next