Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པ་རྒྱུད་ལུགས་ལས་བྱུག་བདུག་བྲབ་གསུམ་གྱི་བསྒྲུབ་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པ་རྒྱུད་ལུགས་ལས་བྱུག་བདུག་བྲབ་གསུམ་གྱི་བསྒྲུབ་ཚུལ།next

ཕུར་པ་རྒྱུད་ལུགས་ལས་བྱུག་བདུག་བྲབ་གསུམ་གྱི་བསྒྲུབ་ཚུལ།

ཕུར་པ་རྒྱུད་ལུགས་ལས་བྱུག་བདུག་བྲབ་གསུམ་གྱི་བསྒྲུབ་ཚུལ་བཞུགས། ཤྲཱི་བཛྲ་ཀུ་མཱ་ར། བྱུག་བདུག་བྲབ་གསུམ་གྱི་རྫས་བསྒྲུབ་ཚུལ་ལ་དོན་གསུམ་ལས། དང་པོ་ཉུང་དཀར་ལ་རྫས་བསག་པ་དང་། སྒྲུབ་པ་དངོས་ལས། དང་པོ་ནི། གསང་དགོངས་ལས། ཉུང་དཀར་ནང་ནས་ཟུར་བཞི་པ། །ཕྲིན་ལས་རྣམ་བཞི་རྫོགས་པའི་རྟགས། །ཕོ་མོ་གཉིས་ཀྱི་ཐོད་པ་རུ། །གོ་རོ་ཙ་ཎ་མ་བྲལ་བ། །ཐབས་དང་ཤེས་རབ་ཁ་སྦྱོར་བ། །བྷནྡྷའི་སྤྱི་བོ་བརྟོལ་བ་ནི། །དེ་ཡི་ནང་དུ་ས་བཞག་ལུད། །རོ་བསྲེགས་པ་ཡི་ཐལ་ཆེན་དང་། །ཉུང་དཀར་ས་བོན་གསུམ་དུ་གསལ། །ཞེས་པ་ལྟར་ཕོ་མོའི་ཐོད་པ་ཀླད་ཞག་དང་ལྡན་པ་ཁ་སྦྱར་གྱི་ཕོ་ཐོད་བརྟོལ་བའི་ནང་དུ་རོ་ཐལ་བསྲེས་པའི་ས་འཇམ་དང་། བླ་མ་ཡབ་ཡུམ་མམ་སྒྲུབ་པོའི་དྲི་ཆེ་ཆུང་། ཁྲག་ཆེན་བསྲེས་པའི་ལུད་རན་པར་བྱ་སྟེ། ཡབ་ཡུམ་དྲི་ཆེན་དུར་ཁྲོད་ས། །ཁྲག་ཆེན་ཆགས་པའི་ས་བོན་བསྲེས། །ཞེས་པས་སོ། །དེ་དར་མཐིང་ནག་གིས་བཀབ་ལ། ལམ་རྒྱ་གྲམ་མམ་ཤིང་གཅིག་དྲུང་ལ་སོགས་པར་མ་དྷལ་གྲུ་བཞིའི་སྟེང་བཀོད་ལ། མཆོད་པའི་བྱེ་བྲག་ཀྱང་བཤམ་མོ། །གཉིས་པ་ནི། གསང་རྒྱུད་ལས། བྷནྡྷ་ཁང་པ་ས་བོན་ལྷ། །བསྐྱེད་དང་སྤྱན་དྲང་རིམ་པས་མཆོད། །མཐེབ་མཛུབ་ཉི་ཟླའི་དཀྱིལ་འཁོར་བར། །ཁྲོ་བོ་སྔོ་ནག་མཚོན་ཆ་འཛིན། །ཐུགས་ལས་ཐོན་ཐིམ་སྐུར་བརླབས་ནས། །གསང་སྔགས་འདི་ཉིད་འབུམ་དུ་བཟླས། །ཞེས་པས། སྒྲུབ་ཐབས་བསྡུས་པས་བདག་མདུན་མཉམ་བསྒྲུབ་བྱས་ལ་མདུན་བསྐྱེད་དམིགས་རྣམ་ཕྱེད་པར་བྱ། བཟླ་བྱའི་སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧྲིལ་ཤག་ཛྭ་ལ་ནི་ཧཱུཾ་ཕཊ། ཅེས་ལས་རུང་འབུམ་ཕྲག་བཟླའོ། །དེ་ཡང་། བསྙེན་པ་ཞག་བདུན་བཟླས་བརྗོད་བྱ། །བརྒྱ་མཚམས་སྟོང་མཚམས་མཆོད་པ་ཡི། །ཆུ་ལུད་དུ་ནི་བྲན་བཞིན་དབུལ། །ཏིང་འཛིན་སྔགས་དང་ཕྲིན་ལས་ཀྱིས། །ཁྱད་པར་མཆོད་པ་བདུད་རྩི་དང་། །ཕྱག་རྒྱའི་མཆོད་པ་གཞུང་བཞིན་བྱ། །འབྲས་བུ་མ་སྨིན་བར་དུ་དབུལ། །ཁྱད་པར་ཉུང་དཀར་སྦོམ་པོར་འགྱུར། །ཞེས་དང་། རྟགས་ནི། དུ་བ་རླངས་དང་མེ་འོད་དང་། །འགུལ་དང་ཁོལ་བ་ལ་སོགས་འབྱུང་། །ཞེས་སོ། །གལ་ཏེ་འབྲས་བུ་མ་སྨིན་བར་དུ་སྒྲུབ་ནུས་ན། ས་བོན་མྱུ་གུར་གྱུར་པ་དང་། །སྒྲུབ་པོའི་གཡས་སུ་ཉེ་བ་ཡི། །གནས་སུ་མཐོ་གསུམ་མཐུར་དུ་བརྐོ། །ས་ཡི་རོ་རྣམས་བསལ་བ་ཡི། །དཔྱིད་ཟླ་ར་བའི་ཉ་ལ་ནི། །བཟང་པོའི་མཚམས་སུ་བྷནྡྷ་སྦའོ། །ཟླ་བ་ངོ་དྲུག་བར་དུ་ནི། །གསལ་གདབ་བཟླས་བརྗོད་བར་མི་གཅད། །སྟོན་ཟླ་ཐ་ཆུང་ཉ་ལ་བརྡའོ། །རུལ་དང་བམ་སུམ་མ་ཤོར་བར། །ཉི་གྲིབ་མཚམས་སུ་ལེགས་བསྐམས་ནས། །གྲུབ་པའི་འབྲས་བུ་སྲན་མ་མ་ཤ་ཙམ། །དགུན་ཟླ་ར་བའི་ཉ་ལ་ཞལ་དྲོ་དངོས་གྲུབ་བླངས། །དེ་ཡིས་བདེ་གཤེགས་ཐུགས་བསྐུལ་ཞིང་། །སྡང་དགྲ་གནོད་བགེགས་རྡུལ་དུ་རློག །རྣལ་འབྱོར་ལུས་སམ་མགུལ་དུ་གདགས། །རྟག་ཏུ་ལུས་ལ་བཅིངས་པ་ལས། །གཡེལ་བར་བྱས་ན་མི་རུང་ངོ་། །ཞེས་པས་མྱུ་གུ་མ་ཐོན་བར་དུ་དཀྱིལ་འཁོར་དུ་བསྒྲུབས་ཤིང་། ཐོན་ནས་ལམ་རྒྱ་གྲམ་ལ་སོགས་པར་སའི་རོ་ལྔ་བསལ་ལ་ཆུ་ལུད་བྲན་ཞིང་། ཟླ་དུས་ཐེམས་པར་བསྒྲུབ་བོ། །ཕན་ཡོན་ནི། ཉུང་དཀར་རྒྱལ་པོའི་དྲག་རྫས་འདི། །གསང་སྔགས་བརྒྱའམ་སྟོང་དུ་ནི། །དམ་བཅས་ལུས་ལ་བཅངས་གྱུར་ན། །ལས་དབང་དག་ཀྱང་བཟློག་འགྱུར་ཞིང་། །བར་ཆོད་ཀྱིས་ཀྱང་ཚུགས་མི་འགྱུར། །ཡིད་ལ་དྲན་པས་སྨོན་ལམ་བཙན། །རིག་འཛིན་བྱང་ཆུབ་ས་ནོན་ཅིང་། །གང་ལ་མངགས་པ་ནུས་མཐུར་འགྱུར། །ཞེས་སོ། །གཉིས་པ་གུ་གུལ་སྒྲུབ་ཚུལ་ལ་རྫས་བསག་པ་དང་། སྒྲུབ་པ་དངོས་ཀྱི་དང་པོ་ནི། གསང་རྒྱུད་ལས། གུ་གུལ་སྦྱར་བར་འདོད་པ་ཡིས། །དུར་ཁྲོད་ཆེན་པོ་རབ་དབེན་པར། །དཔྱིད་ཟླ་ར་བའི་ཉ་ལ་འཇུག །མཎྜལ་གྲུ་བཞི་གཅིག་བྱས་ཏེ། །བན་གླང་ཅན་གྱི་བྷནྡྷ་བཤམ། །རཱ་མིག་ཉ་འོག་སྐྲ་སྤུའི་གཞོབ། །ཁྱི་སྤྱང་ཕག་པའི་དྲི་ཆེན་དཀར། །སྐྱེའུ་སྣེའུ་འབྲས་བུ་ར་དུག་ལྕེ་བ་དང་། །ཟིར་དྷ་དུ་ར་དང་ལྕེ་པོག་མུ་ཟི་ཁྲག་ཆེན་དང་། །འཁྲི་ཤིང་དྲི་ཡོད་པུཥྤེ་དང་། །དུག་གི་མེ་ཏོག་ཐང་ཆུ་དང་། །འུག་པའི་མིག་དང་ཁྲ་ཡི་ཀླད། །སྦྲང་རྩི་སྐེ་ཚེ་གཅན་གཟན་སྡེར་མོ་རྣམས། །ངེས་པར་བསགས་ཏེ་ཆ་བསྙམས་ལ། །ར་ཕོད་ལུག་ཕོད་བོང་རེང་བྱང་ཆུབ་སེམས་ཀྱིས་དྲན། །ཚོན་གྱི་སྐུད་པས་དམ་བཅིངས་ལ། །ཁ་རལ་མ་ཡི་ཞབས་མས་གྲིལ། །ཙནྡྷ་མེ་ལ་དྲོས་པར་བསྲོ། །མཎྜལ་དབུས་སུ་དེ་བཞག་ལ། །བ་སུ་ཏ་ཡི་གཟུངས་ཐག་གདགས། །ཞེས་པ་ལྟར་བྱ་ཞིང་། དེའི་ར་ཕོད་ལུག་ཕོད་བོང་རེང་གསུམ་གྱི་དྭངས་མས་བྲན་པ་ནི་ཞལ་ལས་ཤེས་པར་བྱ་ཞིང་ཁ་རལ་མ་ནི་བུད་མེད་ཁ་མང་པོའོ། །གཉིས་པ་ནི། བདག་གཙོ་ལྷ་མོ་བཻ་ཏཱ་ལི། །བསམ་གཏན་གསལ་བར་རབ་བཞུགས་ཏེ། །བཻ་ཏཱ་ནག་མོ་འཁོར་ལོ་ཅན། །ཉི་མ་ཧཱུཾ་དང་ལྡན་པ་ལ། །སྤྱན་དྲངས་བསྟིམ་མཆོད་རིམ་པར་བྱ། །ཞེས་པས་བདག་བསྐྱེད་བསྡུས་པའི་གཞུང་བསྲངས་ལ། བཟླས་པ་ལ་བབ་པ་ན་གཙོ་བོའི་ཡུམ་ལས་འཁོར་ལོ་རྒྱས་འདེབས་མ་གཉིས་པ་འཁོར་ལོ་དང་ཁ་ཊྭཱཾ་བསྣམས་པ་ཞིག་ཆད་པ་གུ་གུལ་དང་གཉིས་སུ་མེད་པར་བསྒོམས་ལ་བཟླས་པ་བྱ་བ་དང་ལྷན་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་དང་ནུས་མཐུ་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ནས་རྫས་ལ་བསྟིམ་པ་ཡིན་ཏེ། དེ་ཉིད་ལས། དེ་ནས་བསྙེན་པ་འདི་བཟླས་ཏེ། །མ་གྲུབ་བར་དུ་རྒྱུན་མི་བཅད། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། དྷུ་པཱཾ་བཻ་ཏཱ་ལི་མ་ཀུ་ཏ་ལ་པྲ་ཏ་ལ་ཧཱུཾ་ཕཊ། དལ་མེད་རྒྱུན་དུ་བཟླས་པར་བྱ། །ཏིང་འཛིན་འདྲིས་ཤིང་འཕྲོ་འདུ་གསལ་བ་དང་། །འོད་དང་དྲི་དང་དུ་བ་འབྱུང་། །རྟགས་བྱུང་ནས་ནི་ངེས་བསམ་སྟེ། །ལྷ་ལ་མཆོད་དེ་ཐིག་ལེ་བྱ། །དེས་ནི་གཟི་བྱིན་འཐོབ་པར་བྱེད། །ལུས་ལ་བཅངས་ན་གདོན་བགེགས་འཇོམས། །དུད་བཏང་དགྲ་ལ་བདུག་གྱུར་ན། །ལྷ་དང་རྒྱབ་རྟེན་འབྲལ་བར་འགྱུར། །རྟགས་དེ་མངོན་དུ་བྱུང་ནས་ནི། །རུལ་དང་སུངས་དང་མ་བམ་པར། །རིལ་བུ་བྱས་ཏེ་རྣལ་འབྱོར་བཅངས། །གུ་གུལ་སྦྱར་མའི་རྫས་སུ་གསུངས། །ཞེས་པས་གསལ་ལོ། །དེའི་བསྒྲུབ་ཚུལ་གཞན་ནི། གསང་དགོངས་ལས། སུན་ཏྲི་ཀ་ཡི་ཐང་ཆུ་དང་། །མི་ཁྱི་གཉིས་ཀྱི་དྲི་མ་དང་། །སྤྱང་ཀི་ལ་དུ་རྟ་ཕུར་མོ། །དམེ་བ་ལྔ་དང་ཟ་འོག་དང་། །འབོབ་མཚུངས་མི་གཙང་སྣ་ཚོགས་དག །འབྲོང་རུ་གཡས་ཀྱི་ནང་དུ་བྲུབ། །ལམ་པོ་ཆེ་ཡི་བཞི་མདོ་རུ། །སྦྲ་ནག་ཕུབ་ལ་ཞག་བདུན་དུ། །གསང་སྔགས་བཟླས་ལ་མཆོད་པ་དབུལ། །ཁྱད་པར་འཕགས་པའི་དྲི་འབྱུང་སྟེ། །ཁྲོ་བོ་རྣམས་ཀྱི་སྔོན་བྱུང་དྲན། །གྲུབ་རྫས་སེམས་བསྐྱེད་ཡིད་དྲན་གྱིས། །སྲས་མཆོག་ཁྲོ་བོ་གཟི་མདངས་བསྐྱེད། །བར་ཆད་རྐྱེན་དང་བྲལ་བར་འགྱུར། །རྣལ་འབྱོར་དམིགས་པ་འགྲུབ་པའི་རྫས། །ཞེས་སོ། །གསུམ་པ་རཀྟ་བསྒྲུབ་པ་ལ་གཉིས། རྫས་བསག་པ་དང་། སྒྲུབ་པའི་ཚུལ་ལོ། །དང་པོ་ནི། གསང་རྒྱུད་ལས། རཀྟ་སྒྲུབ་པར་འདོད་པ་ཡི། །ཆུ་གླིང་གནས་སུ་འདུག་ནས་ནི། །མཎྜལ་དམར་པོ་ཟླ་གམ་བྱའོ། །དགུན་ཟླ་ར་བའི་ཉ་ལ་འཇུག །པདྨ་ཅན་གྱི་བྷནྡྷ་རུ། །གཞིའི་རཀྟ་དང་། རིགས་ཀྱི་རཀྟ་དང་། སྒྲོལ་བའི་རཀྟ་དང་། མེ་ཏོག་གི་རཀྟ་དང་། རྩིའི་རཀྟ་དང་། རྡོའི་རཀྟ་དང་། འབྲུའི་རཀྟ་དང་། ཤིང་གི་རཀྟ་ལྔ་དང་། ཆུའི་རཀྟ་ལྔ་དང་། རཀྟ་སུམ་ཅུ་རྩ་དྲུག་སོགས། །དེ་ལ་སྦྱོར་བའི་རཀྟས་བྲན། །ལེ་བརྒན་དར་གྱིས་ཁ་བཀབ་ནས། །སེང་ལྡེང་མེ་ལ་དྲོད་བསྲོས་ནས། །མཎྜལ་དབུས་སུ་དེ་བཞིན་གནས། །ཞེས་དང་། གསང་དགོངས་ལས། མཱུ་ལ་རཀྟ་རྩ་ཡི་ཁྲག །རྡོ་ཤིང་རྩི་ཤིང་དམར་པོ་བརྒྱ། །པདྨ་རཀྟ་ལྔ་བརྒྱ་དང་། །བསྒྲལ་བའི་མ་ཧཱ་རཀྟ་སྟོང་། །ན་ཆུང་མཚམས་དང་ལྡན་པ་ཡི། །བྷནྡྷའི་ནང་དུ་རྫས་བླུགས་ལ། །མཚན་ལྡན་གཞོན་ནུའི་པདྨར་བཅས། །ཞེས་པ་ལས། སྤྱིར་འཁོར་བའི་རྒྱུ་ཆགས་སྡང་གཉིས་ལུགས་ལྡོག་ཏུ་དག་པའི་རྟེན་འབྲེལ་དུ་སྨན་རཀ་གི་མཆོད་པ་བསྟན་ལ། དེ་ལས་རཀྟའི་སྒྲ་དོན་ལ་ངོ་བོའི་སྐབས་སུ་ཆགས་པ་དང་། དངོས་པོའི་སྐབས་སུ་ཁྲག་ཆེན། ཁ་དོག་གི་སྐབས་སུ་དམར་པོ་ལ་འཇུག་པ་ལས། མ་རིག་པ་ནས་རྒ་ཤིའི་བར་གྱི་རྟེན་འབྲེལ་ལུགས་འབྱུང་དུ་རྫོགས་པའི་སྙིང་ཁྲག་དང་། སྲོག་པ་རྩའི་ཁྲག་ལ་མཱུ་ལ་རཀྟ་ཞེས་བརྗོད་དེ། ཆུ་དང་མ་འདྲེས་དྭངས་མའི་ཁྲག །ཅེས་སོ། །རིགས་ཀྱི་རཀྟ་ནི་དུང་ཅན་མ་ལ་སོགས་པའི་རྡུལ་གྱི་ཐོག་མ་སྟེ་པདྨ་རཀྟའོ། །བསྒྲལ་བའི་རཀྟ་ནི་ཞིང་བཅུ་བསྒྲལ་བའི་ཁྲག་གོ། །དེ་ལྟར་བཞི་པོ་རྩ་བར་བྱས་པའི་སྟེང་དུ། ཡན་ལག་རཀྟ་བརྟན་པའི་ཁྲག །ཅེས་པས། ལོང་རྩའི་ཁྲག་དང་། དེ་བཞིན་དུ་འཁོར་བ་རྒྱུའི་རཀྟ་ཁྲག་སྣ་ཚོགས་ཚད་དང་། སྲིད་པ་གཞིའི་རཀྟ་ལྟེ་བའི་ཁྲག་དང་། ཁྲག་ཐམས་ཅད་ཀྱི་ངོ་བོ་ཉིད་ཆུ་སྣ་དང་། སྣང་བ་བརྡའི་རཀྟ་ཁ་དོག་དམར་པོར་གྱུར་ཚད་དང་། ན་ཆུང་གི་པདྨའི་ཟེ་འབྲུ་རྣམས་ལ་སྔོན་ཧེ་རུ་ཀས་རཱུ་དྲ་བསྒྲལ་བའི་ཚེ་ཁྲག་གི་ཐིག་པ་ས་ལ་ལྟུང་བ་ལས་བྱུང་བའི་སྣོད་ཀྱི་རཀྟ་ལྔ་ཚན་ལྔའི་སྐྱོབས་སྦྱར་བའི་ཚུལ་ལ་རྡོའི་རཀྟ་ལྔ་ནི། མཚལ་དང་ལྡོད་རོས་བཙག་དང་ནི། །མདུད་རྩེ་སྦལ་རྒྱབ་རྣམ་པ་ལྔ། །ཞེས་སོ། །ཤིང་གི་རཀྟ་ལྔ་ནི། རྒྱ་སྐག་བཙོད་དང་སེང་ལྡེང་དང་། །བཙན་དུག་ཐར་ནུ་རྣམ་པ་ལྔ། །ཞེས་སོ། །རྩི་ལྔ་ནི། གླ་རྩི་གོ་ཆེ་བུ་རམ་དང་། །འབྲི་སྨུག་སྦྲང་རྩི་རྣམ་པ་ལྔ། །ཞེས་སོ། །འབྲུ་ལྔ་ནི། རྒུན་འབྲུམ་སྐྱེར་འབྲུ་སྐྱུ་རུ་ར། །ར་གག་དམར་པོ་ནས་ནག་ལྔ། །ཞེས་སོ། །མེ་ཏོག་ལྔ་ནི། ཨུག་ཆོས་ལུག་རུ་སྨུག་པོ་དང་། །སྲན་མ་རྒྱ་ལྕམ་རམ་བུ་ལྔ། །ཞེས་སོ། །དེ་ལྟར་སོ་ལྔ་པོ་བཏགས་ཏེ་ཁྲག་ཆེན་གྱིས་བྲུས་རིལ་བུར་དྲིལ་ཏེ་བུད་མེད་པདྨ་ཅན་གྱི་བྷནྡྷར་བསྩལ་ལ། དར་དམར་གྱིས་ཁ་གཅད། སེང་ལྡིང་གི་མེ་ལ་རན་པར་བསྲེས་ཏེ། མཎྜལ་གྱི་དབུས་སུ་ཁྲིའི་སྟེང་བཞག་གོ། །གཉིས་པ་ནི། བདག་གསལ་ཆགས་པའི་དབང་ཅན་བསམ། །དགུག་བསྟིམ་མཉེས་མཆོད་བསྙེན་པ་བཟླས། །ཞེས་པས། བདག་མདུན་བསྒྲུབ་ཚུལ་སྔ་མ་བཞིན་ལ། སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་རཱ་ག་ས་མ་ཡ་བུ་བུ་སྭཱ་ཧཱ། ཞེས་འབུམ་མམ་བྱེ་བ་བཟླས། མངོན་དུ་ཁོལ་ལམ་རླངས་པ་འབྱུང་། །ཡང་ན་ལུད་དམ་འཕགས་ན་ནི། །ལྷ་ལ་མཆོད་དེ་བདག་ཉིད་བཏུང་། །ཆགས་པ་བསྐྱེད་ཅིང་མདངས་ཀྱང་དམར། །ཁམས་གསུམ་མོ་ཡི་པདྨའི་མདངས། །ཆགས་བསྐྱེད་ནས་ནི་འབུལ་དུ་འོང་། །ཞེས་དང་། གསང་རྒྱུད་ལས། བསྙེན་པ་ཞག་བདུན་བར་དུ་ནི། །སྐྱེས་པ་དར་མའི་རྡོ་རྗེ་ཡིས། །དཀྲུག་ཅིང་གསང་སྔགས་རྒྱུན་དུ་བཟླས། །འབྲུ་བཅུད་བདུད་རྩིའི་མཆོད་པ་འབུལ། །རཀྟ་ཁོལ་མའི་རྟགས་དབྱུང་སྟེ། །རྣལ་འབྱོར་རྣམས་ལ་རྒྱན་བཏབ་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ལྷ་སྲིན་རྣམས་ཀྱང་བྲན་དུ་ཁོལ། །མ་མོ་མཁའ་འགྲོ་དབང་དུ་སྡུད། །དངོས་གྲུབ་སྒྲུབ་ལ་བར་མི་གཅོད། །སྲས་མཆོག་རྣམས་ཀྱང་དེ་བཞིན་དུ། །ཐུགས་དམ་རྗེས་དྲན་གཟི་མདངས་བསྐྱེད། །གང་ལ་ནུས་མཐུ་མཐར་ཕྱིན་པའི། །དབང་དང་བསྡུ་བའི་རྫས་དྲག་སྟེ། །གང་ལ་དམིགས་པ་འགྲུབ་པར་འགྱུར། །ཞེས་སོ། །གལ་ཏེ་སོ་སོ་ནས་སྒྲུབ་པའི་སྤྲོས་པ་མ་ལྕོགས་ན་གསུམ་ཀའི་རྫས་ཚོགས་པར་བྱས་ལ་ཐོད་པ་གསུམ་དུ་བླུགས་ནས་ཅིག་ཅར་དུ་བསྒྲུབས་ཀྱང་རུང་སྟེ། རྡོ་རྗེ་ཁྲོས་པ་ལས། ཉུང་དཀར་གུ་གུལ་རཀྟ་གསུམ། །མཚན་མ་ངན་པའི་ཐོད་པ་རུ། །གསུམ་པོ་སོ་སོར་བླུག་བྱས་ལ། །ཚེར་མའི་ཤིང་གིས་ཁ་བཅད་ལ། །དཀར་ནག་སྦྲ་ནི་ཕུབ་བྱས་ལ། །ལམ་པོ་ཆེ་ཡི་རྒྱ་གྲམ་དུ། །མ་གྲུབ་བར་དུ་དེ་བཞིན་བྱ། །གཞན་ཡང་གྲུ་གསུམ་མཐིང་ནག་བསྒོམ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཧྲིལ་ཤག་ཛ་ལ་ནི་ཧཱུཾ་ཕཊ། དུ་བ་རླངས་དང་མེ་འོད་དང་། །འགུལ་དང་འཁོལ་བ་ལ་སོགས་འབྱུང་། །དེ་བཞིན་རྟགས་ལ་ཕེབས་པ་དང་། །ཉུང་དཀར་དབང་པོ་སྣ་ལྔར་བྲབ། །དྲི་ཆེན་དྲི་ཆུ་རྐྱེན་ལས་བསྐྱེད། །བདུད་ཀྱི་ཉི་མ་བཀྲ་མི་ཤིས། །ངན་པའི་དུས་སུ་འདི་དག་བསྒྲུབ། །ཅེས་པ་ལྟར་བྱའོ། །དགེའོ།། །།


previousཕུར་པ་རྒྱུད་ལུགས་ལས་བྱུག་བདུག་བྲབ་གསུམ་གྱི་བསྒྲུབ་ཚུལ།next