Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པ་རྒྱུད་ལུགས་ལས་དམ་ཅན་ཉེ་བར་བསྙེན་པའི་ཕྲིན་ལས་སྨད་ལས་ཀྱི་སྲོག་ཤིང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པ་རྒྱུད་ལུགས་ལས་དམ་ཅན་ཉེ་བར་བསྙེན་པའི་ཕྲིན་ལས་སྨད་ལས་ཀྱི་སྲོག་ཤིང་།next

ཕུར་པ་རྒྱུད་ལུགས་ལས་དམ་ཅན་ཉེ་བར་བསྙེན་པའི་ཕྲིན་ལས་སྨད་ལས་ཀྱི་སྲོག་ཤིང་།

ཕུར་པ་རྒྱུད་ལུགས་ལས་དམ་ཅན་ཉེ་བར་བསྙེན་པའི་ཕྲིན་ལས་སྨད་ལས་ཀྱི་སྲོག་ཤིང་ཞེས་བྱ་བ་བཞུགས། དཔལ་ཆེན་བཛྲ་ཀུ་མཱ་ར་ལ་ན་མ། འདིར་རྩ་བའི་ས་བཅད་གཉིས་པ་སྨད་ལས་ཀྱི་དང་པོ་དམ་ཅན་ཉེ་བར་བསྙེན་པ་ནི། རྒྱུད་ལས། བསྒྲུབས་ན་ཆགས་པའི་སྲུང་མ་ནི། །བཅུ་གཉིས་དག་ཏུ་ཤེས་པ་ལ། །ཤྭ་ན་མུ་ཁ་ལྕགས་སྤྱང་མོ། །ཤྭ་ན་མུ་ཁ་ལྕགས་ཁྱི་མོ། །སྲི་ལ་མུ་ཁ་ཟགས་འཕར་མ། །སྲི་ལ་མུ་ཁ་ཟགས་ཝ་མོ། །ས་བདག་བཞི་ནི་འགྲུབ་པར་ངེས། །བདག་ཉིད་བཞི་ནི་དཔྱིད་དབྱར་དང་། །སྟོན་དགུན་བཞི་ཡི་རྒྱལ་མོ་སྟེ། །བཞི་ཚན་གསུམ་པོ་དག་ཏུ་ནི། །བསྟེན་ཅིང་བ་ལིང་སྦྱིན་པར་བྱ། །དེ་ལ་དངོས་གྲུབ་མྱུར་བར་འོང་། །ཞེས་པས་འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། ཉམས་པ་བདུན་པོ་བསྒྲལ་བའི་ཕྱིར། །དྲག་པོའི་དུས་གཟུང་ཡོ་བྱད་གསོག །རྩ་བའི་མཎྜལ་ལྷོ་ནུབ་ཏུ། །བསེ་བྱང་སྦྲག་མའི་མཎྜལ་ནི། །དབུས་སུ་གྲུ་གསུམ་མཐུར་དུ་བྲུ། །ཕྱི་རིམ་ཟླ་གམ་མུ་ཁྱུད་བཅའ། །འཁོར་ལོ་དྲུག་ཏུ་ངེས་པའོ། །དེ་ཡི་ཕྱི་རོལ་གྲུ་ཆད་བཞིར། །གྲུ་གསུམ་མཐིང་ནག་རེ་རེ་བྱ། །ཞེས་དང་། དམ་ཅན་གནས་པའི་གྲུ་གསུམ་བཞི། །ཕྱོགས་བཞི་དག་ཏུ་ངེས་པ་ཡིན། །རེ་རེར་ཐོད་ཆེན་རེ་རེ་ལ། །ལིངྒ་བཅས་པ་དེར་བཅུག་ལ། །རྫས་རྣམས་ངེས་པར་ཚོགས་པར་གསོག །ལྕགས་ཕུར་དབུས་སུ་དགོད་པར་བྱ། །མི་བཟད་ཕུར་པ་དྲུག་རྣམས་ནི། །གྲུ་གསུམ་དྲུག་ལ་ཤེས་པར་བྱ། །དམ་ཅན་མ་ལུས་ཕུར་པ་དང་། །མིང་པོ་གསུམ་འདུས་ཕུར་པ་གཅིག །ཕྱོགས་བཞི་དག་ཏུ་ལེགས་པར་དགོད། །ཅེས་པ་ལས་འཁོར་ལོ་དྲུག་ནི་རྩིབས་དྲུག་དང་། གྲུ་གསུམ་དྲུག་ནི་རྩིབས་མཆན་དུ་བྲི་བར་བྱ་ལ། དེ་ཡང་བྲུབ་ཁུང་ལ་བརྟེན་ནས་དམ་ཅན་ཉེ་བར་བསྙེན་པ་ནི་མཚན་མ་འབྱིན་པའི་ལས་ཡིན་པས་དམིགས་པའི་རྟེན་ལིངྒ་བཅའ་བའི་ཚུལ། ཤིང་ཤུན་རོ་རས་དག་ལ་ནི། །ལིངྒ་བསད་པའི་འཁོར་ལོ་ནི། །དུར་ཁྲོད་སྨྱུ་གུ་ཁྲག་ཆེན་གྱི། །ཞེ་སྡང་བཅས་པའི་སེམས་ཀྱིས་བྲིས། །འཁོར་ལོ་རྩིབས་དྲུག་བཅས་པ་ལ། །སྤྱི་བོར་ༀ་དང་ཀཱི་ལ་ཡ། །སྙིང་གར་མིག་དང་དཔྲལ་བར་རུས། །གཡས་སུ་ཧཱུཾ་ལ་གཡོན་དུ་ཕཊ། །མཱ་ར་ཡ་ནི་འདོམས་སུ་སྟེ། །དྲུག་ལ་སྔགས་དྲུག་བཅས་པའོ། །སྲོག་ལ་འདྲེན་པའི་སྙིང་པོ་རྣམས། །མཚམས་ལ་འཕྱང་དྲུག་ངེས་པ་ཡིན། །ཐམས་ཅད་འདུས་པས་མཐའ་མ་བསྐོར། །ཞེས་པས་འཁོར་ལོ་རྩིབས་དྲུག་གི་ལྟོ་བར་ལིངྒ་དང་། རྩིབས་དྲུག་ལ་མགོ་ཐོག་ནས་བརྩམས་ཏེ་ཧ་ས་ཡ་ར་སོགས་གབ་པའི་སྔགས་དྲུག །རྩིབས་མཆན་དྲུག་ལ་གདགས་པའི་འཕྱོང་དྲུག །གནད་ཡིག་ཏུ་བསྟན་པའི་ཐམས་ཅད་འདུས་པའི་རི་རབ་ཀྱིས་མཐའ་བསྐོར། ཟག་རྫས་ལ་སོགས་བྱུགས་པ་རབས་ཆད་ཀྱི་ཐོད་པར་སྩལ་ལ་དབུས་ཀྱི་བྲུབ་ཁུང་དུ་བཅུག་པའི་སྙིག་གར་བསྙེན་ཕུར་གཟུག་ཅིང་ཁ་ཁྱེར་རྩང་གིས་བསྐོར། དེའི་སྟེང་དུ་སྐུ་གསུང་ཐུགས་ཀྱི་བརྟེན་བཅས་ནས་གཟིར་བའི་ཚུལ། སྦ་མཁར་ཚིག་གསུམ་དག་ལ་ཡང་། །བསེ་བྱང་སྙིང་པོ་བཅས་པ་གདགས། །བསེ་བྱང་ནག་པོ་སྙིང་པོར་བཅས། །དེ་འོག་གཉིས་ལ་གདགས་པར་བྱ། །བསེ་བྱང་དཀར་པོ་སྙིང་པོར་བཅས། །དེ་ཡི་འོག་ཏུ་ཤེས་པར་བྱ། །དེ་འོག་བསེ་མོ་ནག་མོ་དང་། །ཤོ་ནའི་སྐུ་དང་སྙིང་པོར་བཅས། །སྦ་ཚིགས་བཞི་པ་དག་ལའོ། །ཐ་མར་ལིངྒ་སྐུད་པར་གདགས། །མཎྜལ་ནང་དུ་སྦ་མཁར་གྱིས། །ལིངྒ་འཁོར་ལོར་བཅས་ལ་གཟིར། །ཞེས་པ་ལྟར་སྐུའི་རྟེན་བསེའི་བྱང་བུ་ལ་མ་མོ་བཅུ་གཉིས་ཀྱི་༼ནལ་བུ་དང་། གཅན་གཟན་བཞི་དང་། ཆུ་སྲིན། ཉའི་པགས་པ་ལས་བྱས་པའི་བསེ་གྲུབ་ན་མཆོག་ཡིན་ནོ། །མཆན།༽ སྐུ་གཏོར་བཟློག་ཏུ་བསྟན་པའི་བསྐུལ་བྱང་གི་མངོན་རྟོགས་ལྟར་རམ། ཡང་ན། དམ་ཅན་མ་ནི་འདི་ལྟ་སྟེ། །ནག་མོ་ནག་ལ་བསྭེ་མོ་དམར། །ཤོ་ན་དཀར་ལྡེམ་མིང་པོ་སེར། །ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་ཕུར། །རངས་པ་རྣམས་ལ་ཆིབས་མེད་དོ། །ཞེས་དང་། ཆིབས་སམ་ཡང་ན་རྐྱང་པ་སྟེ། །རང་རང་ཕྱག་མཚན་ཕུར་པ་བསྣམས། །ཞེས་པ་ལྟར་རོ། །མིང་པོ་གསུམ་ནི། རྒྱལ་པོ་དཀར་པོ་གིང་དཀར་ཕུར། །མ་ཧཱ་ཀཱ་ལ་མདོག་ནག་སྟེ། །བེ་ཅོན་ཕུར་བུ་རྒྱན་དང་ལྡན། །བསྭེ་ཡི་སྐྱེས་བུ་དམར་པོ་འཇིགས། །བསེ་མདའ་བསེ་གཞུ་ཕུར་པ་འདྲིལ། །ཆིབས་སམ་ཡང་ན་རྐྱང་པ་སྟེ། །ཞེས་པ་ལྟར་གྱིས་རྒྱབ་ཏུ་སོ་སོའི་གསུང་གི་སྙིང་པོ་སྔགས་བྱང་དང་བཅས་པ་བྲིས་ནས་རབ་ཏུ་གནས་པ་ཐུགས་ཀྱི་རྟེན་སྦ་ལྕག་ཚིགས་གསུམ་པའི་ལྷུ་དང་པོར་ཐབས་ཤེས་ཀྱི་དབང་ལས་བསྭེའི་སྐྱེས་བུ། གཉིས་པར་ལྕགས་ཀྱི་སྐྱེས་བུ། གསུམ་པར་དུང་གི་སྐྱེས་བུ། བཞི་པར་མ་མོ་བཅུ་གཉིས་པོ་གདགས་པ་བྲུབ་ཁུང་གི་སྟེང་དུ་བཙུགས་པ་ལིངྒ་དང་སྲད་བུས་སྦྲེལ། ཐོད་པ་མཚན་ངན་བཞིའི་ནང་དུ་མིང་རུས་དང་ལྡན་པའི་ཉ་བོ་རེ་བཅུག་ལ་དམ་ཅན་གསུམ་དང་མིང་པོ་གསུམ་འདུས་ཀྱི་ཕུར་པ་གཟིར་བ་སོ་སོའི་ལྷ་གནས་སུ་བཀོད། དམ་ཅན་རྣམ་གསུམ་མཐུན་པའི་རྫས། །ཐོད་པ་བཅུ་གཉིས་ཡང་ན་གསུམ། །དེ་རུ་ཐུན་གྱི་སྦྱོར་བ་བྱ། །གཏོར་མ་ལ་སོགས་ངེས་པར་བསག །ཅེས་དང་། དྲག་པོའི་དམ་རྫས་མང་པོ་རྣམས། །ཐོད་པ་ཚལ་བུའི་ནང་དུ་གསོག །ཅེས་པ་ལྟར་སོ་སོའི་ཐུན་རྫས་གནད་ཡིག་ལྟར་དང་། མཐུན་པའི་རྫས་ནི། བསྭེ་ཡི་ལྷ་མོའི་རྫས་རྣམས་ནི། །འོ་མ་ཞག་དང་མར་ཁུ་དང་། །སྦྲང་རྩི་དང་ནི་ཆང་རྣམས་སོ། །༼སྣོད་བ་མེན་གྱི་རྭའོ། །༽དེ་བཞིན་ཤོ་ན་མུ་ཁའི་ཡང་། །ཁྱི་ཐོད་ཝ་ཐོད་སྤྱང་ཐོད་དང་། །འཕར་བའི་ཐོད་པ་དེ་བཞིན་ཏེ། །དེ་ཡི་ནང་དུ་རྫས་བསག་པ། །ཁྲག་སྣ་སྟོང་དང་ཤ་སྣ་སྟོང་། །སྙིང་སྣ་སྟོང་དང་རྐང་སྣ་སྟོང་། །ཤོ་ན་ལ་སོགས་རྫས་སུ་བཞག །རེ་མ་ཏི་ཡི་རྫས་རྣམས་ཀྱང་། །ནལ་བུའི་ཤ་ལ་སོགས་པ་སྟེ། །༼མི་ཐོད་དང་བསེ་ཕོར་ནང་དུ།༽ དུ་མ་ཉིད་དུ་བསག་པར་བྱ། །རྐང་ཆེན་དུང་དང་ཞིང་ཆེན་དང་། །བྷནྡྷ་རཀྟ་ཙིཏྟ་དང་། །མཚོན་ཆ་དྲུག་ཀྱང་བསག་པར་བྱ། །ཞེས་དང་། མིང་པོའི་མཐུན་རྫས་ནི། །བསེ་མཁར། སེ་ཕུར། སེ་མདའ། བསེ་ཕོར། ཁྱི་དམར་སྙིང་། ཟགས་ཁབ། ཁྲག་སྣ་ཚོགས་བསེའི་སྐྱེས་བུ་ལའོ། །དྲེའུ་ནག་ཐོད་པ། ལུག་ནག་སྙིང་། རྟ་ནག་གི་རྨིག་པ་གཡས། མདའ་ནག །དར་ནག །གཏོར་མ་དང་། ཕུར་པ་ནག་པོ་མགོན་པོ་ལའོ། །ཐོད་པ་བམ་རིལ། ལུག་དཀར་སྙིང་། སྙུག་རྒོད། བཤོས་བུ་དཀར་པོ། ཕུར་པ་དཀར་པོ་ལ་སོགས་པ་རྒྱལ་པོའམ་དུང་མི་སྐྱེས་བུའི་མཐུན་རྫས་སོ། །དེ་བཞིན་དུ་སྨན་རཀ་གཏོར་གསུམ། ཐུགས་དམ་བསྐང་བའི་དམ་རྫས་རྣམས་སྒོ་ཐམས་ཅད་ནས་ཚོགས་པར་བྱའོ། །གཉིས་པ་ལ་གཉིས་ལས། དང་པོ་རྩ་བའི་ལྷ་གསུམ་ནི། གཞུང་བཞིན་ལེགས་པར་བསྐྱེད་པ་ཡིན། །དབང་བསྐུར་བྱིན་དབབ་སྤྱན་དྲང་བྱ། །མཆོད་ཅིང་བསྟོད་དེ་སྨོན་ལམ་གདབ། །ཅེས་ཐོག་མར་ཡི་དམ་གྱི་མངོན་རྟོགས་བཟླས་པའི་བར་བྱའོ། །གཉིས་པ་དམ་ཅན་ཉེ་བར་བསྙེན་པ་ལ་གསུམ། བཞི་སྙིང་དྲིལ་ནས་འབོད་པ་བསྙེན་པ། གནད་ལ་དབབ་ནས་རྦད་པ་བསྒྲུབ་པ། ཐུན་དུ་བསྒྲུབ་ནས་བསད་པ་ལས་སྦྱོར་ལས། དང་པོའི་དོན་དུ་འཛབ་ཁ་དབྱེ་བ་ནི། ཧཱུཾ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་བརྗོད་པས། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དམ་ཅན་དངོས་ཀྱི་སྣང་ཆར་གསལ་བ་སྟེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཙི་ཏེ་ཨ་པ་ར་ཙི་ཏེ། མ་ར་ས་ན་པྲ་མ་རྟ་ན་ཡེ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཅེས་བཟླ་ཞིང་། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་དམ་ཅན་རྣམས་ཀྱི་སྲོག་སྙིང་ཕྲོགས་པས་ཅི་བཅོལ་བའི་ལས་ཉན་པར་བསམ་མོ། །དེ་ཡང་། བར་བར་མཆོད་བསྟོད་གནད་ལ་དབབ། །རང་རང་དམ་རྫས་ལེགས་པར་བཏབ། །ཅེས་པས། གཏོར་འབུལ་ཟུར་བཀོལ་ལྟར་རམ། ཡང་ན། ༀ་བཛྲ་ཀྲོ་དྷ་ཙིཏྟ་མ་ཧཱ་ལཱི་ཤུ་ར་ཤུ་ར། ཁྱི་ར་ཁིང་གྷ་དྷ་ར་ནི། ཤུ་ལ་ཙི་པཱ་ར་ཤུ་པ་ར་ནི། ཡོ་ག་ཤུདྡྷ་ཙིཏྟ་མ་ར་ལི། ཀྲོ་དྷ་ཡོ་གི་ནཱི་བཛྲ། ཛྭ་ལ་ན་དྷ་རི། ཤ་ཥ་ཎི་ཛཿཛཿཨི་དཾ་བ་ལིཾ་ཏ་པཱུ་ཙ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་བསྔོ་ཞིང་། ཡང་བཟླས་པ་ལ་འཇུག །ཐུན་བསྡུ་བ་ན། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །ཞེས་ཕྲིན་ལས་བཅོལ། རྟེན་ལ་འོད་ཟེར་གྱི་དྲྭ་བས་བཅིང་། ཐུན་མཐར་ཚོགས་ཀྱི་མཆོད་པ་དང་བསྐང་བ་ཅི་ནུས་བྱ། ཆོ་གའི་རྗེས་ཆོ་ག་གི་མཐར་ཉལ་བའི་རྣལ་འབྱོར་ལ་འཇུག །རྟགས་མཚན་བྱུང་ནས་དངོས་གྲུབ་ནི། །རབ་ཏུ་བླང་བར་ཤེས་པར་བྱ། །ཞེས་པ་ལས། བསྙེན་ཚད་གྲངས་ངེས་མ་བཤད་ཅིང་། །རྟགས་ནི། རབ་ཀྱིས་ཕུར་པ་འཕྱང་བར་འགྱུར། །གཉིས་པ་འབྲིང་ལ་མེ་སྟག་འཕྲོ། །ཐ་མ་ཉམས་དང་རྟགས་སུ་བཤད། །ཅེས་པས། རྟགས་མཚན་ཐ་མ་དང་ཉམས་རྨི་ལམ་གསུམ་དུ་གནད་ཡིག་ལྟར་གྱི་དོན་འདུ་བའི་རྟགས་མཐོང་བའམ། བཟླས་པ་འབུམ་ཕྲག་གཅིག་ལ་ལས་རུང་དུ་བྱས་པ་ལ་འབོད་རྦད་བསད་གསུམ་གྱི་དང་པོའི་ཕུར་པ་རང་སྐད་ལ་དྲིལ་ཏེ་བཟླས་པའི་བསྙེན་པ་ཞེས་བྱའོ། །གཉིས་པ་རྦད་པའི་ལས་སམ་བསྒྲུབ་པ་ནི། ལས་སྔགས་ཁོང་ཁྲར་སྡེབ་པའི་མན་ངག་ལ་བརྟེན་ནས་དམ་ཅན་ལས་ལ་བཀོལ་བས་དགྲ་བོའི་བླ་འགུགས་པ་སྟེ། དྲག་སྔགས་དྲུག་པ་དམ་ཅན་དང་། །ལས་སྔགས་ཐམས་ཅད་གོང་གི་བར། །མན་ངག་རིམ་པ་ཤེས་པ་ཡི། །བཟླས་པ་བྱས་པས་བླ་ཁུགས་འགྱུར། །ཞེས་དང་། དམར་ཆེན་སྦྲེང་ལ་དམ་ཅན་བསྐུལ། །གབ་པའི་སྔགས་ཀྱིས་རབ་བྱས་ལ། །དམ་ཅན་མང་པོས་དགྲ་བོ་དགུག །མིང་པོའི་བླ་འགུགས་སྔགས་ཀྱིས་སོ། །ཤེས་པ་བསྟིམ་པ་ཡང་ཡང་ངོ་། །ཞེས་པས་གཏོར་མ་ལ་དམར་ཆེན་སྦྲེངས་ཤིང་དམ་ཅན་གྱི་བསྐུལ་བ་རྒྱས་པའམ། མ་ནུས་ན། ཧཱུཾ། བསྟན་པར་དགྲ་འདྲེ་བྱུང་བའི་ཚེ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །དྲེགས་པ་མང་པོའི་དུས་ལ་བབ། །ཁྱེད་ཀྱིས་མཐུ་རྩལ་རབ་ཏུ་དབྱུང་། །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་སྐུ་དགྲ་དབེན་རྩ་འཇོམས། །ཆོས་ཁྲིམས་འདྲལ་དང་སློབ་དཔོན་དགྲ། །རྣལ་འབྱོར་འཇོམས་པ་ལ་སོགས་པ། །བསད་དང་དབབ་དང་ནད་ངན་གྱིས། །ཇི་ནས་བརླག་པར་ཁྱོད་ཀྱིས་གྱིས། །ང་ནི་ཁྲག་འཐུང་ཧེ་རུ་ཀ །ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །ཁྱོད་ཀྱི་འདས་པར་གྱུར་ན་ནི། །ཁྲོ་བོ་སྟོབས་ཆེན་ཧེ་རུ་ཀས། །མགོ་བོ་རྡོ་རྗེས་ཚལ་པར་འགས། །དེ་བས་བཀའ་ལས་མ་འདའ་ཞིག །ཅེས་བསྐུལ། བཀའ་ཤིན་ཏུ་གཉན་ནོ། །བཟླ་བྱའི་སྔགས་ནི། ཉིན་མོ་གཏོར་ལ་ནུབ་མོ་དྲིལ། །གང་བབ་དུས་སུ་ཤེས་པར་བྱ། །ཞེས་པས་ཉིན་མོ་གཏོར་ཏེ་བཟླས་པ་ནི། ཐུན་བཞིའི་དང་པོ་ལ་ཤོ་ན་མ་རྦད་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཀ་ཏཾ་ཀ་ཡེ་ཆེ་གེ་མོ་ལ་བྷྱོ་བྷྱོ། སརྦ་བིག་ནན་བཾ་ཧཱུཾ་ཕཊ། གཉིས་པ་ལ་བསྭེ་མོ་རྦད་པ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཛ་ཡེ་བི་ཛ་ཡེ་ཆེ་གེ་མོ་ལ་བྷྱོ་བྷྱོ། སརྦ་བིག་ནན་བཾ་ཧཱུཾ་ཕཊ། གསུམ་པ་ལ་རེ་མ་ཏི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཨ་ཙི་ཏེ་ཨ་པ་ར་ཙིཏྟ་ཆེ་གེ་མོ་ལ་བྷྱོ་བྷྱོ། སརྦ་བིག་ནན་བཾ་ཧཱུཾ་ཕཊ། བཞི་པ་ལ་གིང་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ མ་ར་སེ་ན་པྲ་མ་རྟ་ན་ཡེ་ཆེ་མོ་ལ་བྷྱོ་བྷྱོ། སརྦ་བིག་ནན་བཾ་ཧཱུཾ་ཕཊ། བཟླའོ། །ནུབ་མོ་དྲིལ་ཏེ་བཟླ་བ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཙི་ཏེ་ཨ་པ་ར་ཙི་ཏ། མ་ར་ས་ན་པྲ་མརྟ་ན་ཡེ་ཆེ་གེ་མོ་མཱ་ར་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཅེས་བཟླས། ཉིན་ནུབ་གང་ལའང་བར་བར་དུ་དམ་ཅན་གྱི་བསྐུལ་བྱ། དམིགས་པ་ནི། ཐོད་པ་ལྕགས་མཁར་སྒོ་མེད་དུ། །དགྲ་བོ་ངེས་པར་གསལ་མིང་གསལ། །ཞེས་དང་། དེ་ཡི་ཤེས་པ་ལ་དགུག་པ་དང་། །དྲག་སྔགས་བཞི་ཡི་སྦྱོར་བ་བྱ། །ཕོ་ཉ་སྔགས་དང་ཏིང་འཛིན་གསུམ། །བྲན་དང་ཕོ་ཉ་བཀའ་ཉན་གྱིས། །ཤེས་པ་ངེས་པར་དགུག་པར་བྱ། །མིང་པོ་སྲིང་མོའི་དགུག་སྔགས་སམ། །ཡང་ན་མིང་པོའི་དྲག་སྔགས་སོ། །ཏིང་འཛིན་རི་དྭགས་ཤ་བཀྱེ་བཞིན། །མ་ཁུགས་བར་དུ་ངེས་པར་སྦྱར། །ཁུགས་ནས་གདབ་པའི་ལས་བྱའོ། །ཞེས་དང་། ཉམས་པར་གྱུར་པའི་དགྲ་བོ་དེ། །གང་དུ་བྲོས་པའི་གནས་ནས་དགུག །སྤྲུལ་པ་མང་པོའི་ཚོགས་ཆེན་གྱིས། །ཤིག་ཤིག་གུལ་གུལ་གནས་པ་ནི། །དཔེར་ན་གྲོག་ཚང་སྦྲུལ་ཚང་བཞིན། །གནས་པ་ཞབས་ཀྱི་ཕུར་པ་ཡིས། །སྡོང་པོ་བསྒྱུར་བཞིན་ཞབས་འོག་ན། །མདངས་བྲལ་གནས་པའི་སྦྱོར་བ་བྱ། །ཞེས་པ་ལྟར་བྱའོ། །གསུམ་པ་བསད་པའི་ཐུན་གྱི་ལས་སྦྱོར་ལ་གསུམ། ཐུན་བཅའ་བ་དང་། ཐུན་བསྒྲུབ་པ་དང་། ཐུན་གྱིས་བསད་པའོ། །དང་པོ་ནི། ཐུན་རྫས་མང་པོ་ཐོད་པར་བསག །ཐོད་ཆེན་བཞི་རུ་ཐུན་ཁྲག་གོ། །ཞེས་པས། རབས་ཆད་དང་། མཛེ་ཐོད་དང་། སྣེལ་གྲི་དང་། ཁྱི་སྤྱང་ལ་སོགས་པའི་ཐོད་པར་དམ་ཅན་སོ་སོའི་ཐུན་རྫས་གནད་ཡིག་ལྟར་འདུ་བྱ་ཞིང་། དེ་ཡང་ཐུན་སྔགས་བྲིས་པའི་དར་ནག་གིས་གཡོགས་ལ་ཁྲིའུའི་ཁར་བཞག་གོ། །གཉིས་པ་ཐུན་བསྒྲུབ་པ་ནི། ཐམས་ཅད་འདུས་པ་གནད་ལ་དབབ། །དཔའ་བོ་གཅིག་པས་དགྲ་འཛབ་བྱ། །མ་མོ་འདུས་པ་དམ་ཅན་ལ། །གཅུན་ལ་དབབ་པ་ཤེས་པར་བྱ། །ཞེས་པའི་དོན་ནི་བཞི་སྙིང་ལ་མ་མོའི་ཐུན་སྔགས་སྡེབ་པ་ཡིན་ལ། དེ་ཡང་། ལས་ཀྱི་ཐུན་དྲུག་སྔགས་ལ་ཡང་། །ཉིན་མོ་གཏོར་ལ་ནུབ་མོ་དྲིལ། །གང་བབ་དུས་སུ་ཤེས་པར་བྱ། །རྟགས་མྱུར་སྲོག་བཅད་ལ་སོགས་སོ། །ཞེས་པས་ཉིན་མོ་གཏོར་ཏེ་བཟླ་བ་ནི། ཐུན་དང་པོ་ཤོ་ན་མའི་ངོ་བོར་བསྒྲུབ་པ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཀ་ཏཾ་ཀ་ཡེ་ཧཱུཾ་མ་མ་པ་ཤི་ཀུ་རུ་མ་ཏཾ་ཉ་ཆེ་གེ་མོ་བླ་ལ་ཐུན། སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཅེས་བཟླས་པས་ཐུན་རྫས་ཤོ་ན་མ་བཞིའི་ངོ་བོར་གྱུར་པ་ལས་ནད་མཚོན་ཁྲོ་ཆུང་གི་ཚྭ་ཚྭ་འཕྲོས། གཟས་པོའི་སྙིང་ག་ནས་བཏབ་བླ་བསད་མདངས་ཕྲོག་ནས་ཉ་བོ་ལ་བསྟིམ་པ་ནི་འོག་མ་རྣམས་ལའང་འགྲེ་སྟེ། ཁྲག་དུག་ནད་དུ་གྱུར་པ་ཡིས། །དགྲ་བོ་རིམས་ནད་ཐེབས་པ་བཞིན། །མདངས་དང་ཕྲལ་བར་རབ་ཏུ་བསམ། །དྲག་པོའི་དམ་རྫས་ཐུན་ཕབ་པས། །ཁྲོ་བོར་གྱུར་པས་བསད་པར་བསམ། །དེ་ཡང་བར་བར་ཕྱག་རྒྱ་ཅན། །འཕྲོས་པས་དགུག་པའི་ལས་བྱའོ། །ཞེས་སོ། །ཐུན་གཉིས་པ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཛ་ཡེ་བི་ཛ་ཡེ་ཀ་ར་ཨི་ནན་ཆེ་གེ་མོ་བླ་ལ་ཐུན། སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཐུན་གསུམ་པ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཨ་ཙི་ཏེ་ཨ་པ་ར་ཙིཏྟ་དྷ་ཏི་མ་མ་ཀརྨ་ཆེ་གེ་མོ་བླ་ལ་ཐུན། སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཐུན་བཞི་པ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ མ་ར་སྱ་ན་པྲ་མརྟ་ན་ཡེ་ཤི་ཀྲཾ་ཀ་ར་མཱ་ར་ཡ་ཆེ་གེ་མོ་བླ་ལ་ཐུན། སརྦ་བིག་ནན་བཾ་ཧཱུཾ་ཕཊ། ནུབ་མོ་དྲིལ་བ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཀ་ཏཾ་ཀ་ཡེ་ཧཱུཾ་མ་མ་པ་ཤི་ཀུ་རུ་མ་ཏཾ་ཉ་ཛ་ཡེ་བི་ཛ་ཡེ་ཀ་ར་ཨི་ནན། ཨ་ཙི་ཏེ་ཨ་པ་ར་ཙིཏྟ་དྷ་ཏི་མ་མ་ཀརྨ་མ་ར་སྱ་ན་པྲ་མརྟ་ན་ཡེ་ཤི་ཀྲཾ་ཀ་ར་མཱ་ར་ཡ་ཐུན། སརྦ་བིག་ནན་བཾ་ཧཱུཾ་ཕཊ། རྟགས་ནི་ཐུན་འཚག་པ་དང་། ཁོལ་བ་དང་། མེ་སྟག་དང་། རླངས་པ་བྱུང་ན་རབ། དམག་དྲང་བ་དང་། མཚོན་ཆ་འཕེན་པ་རྨི་བ་འབྲིང་། ཐ་མ་གྲངས་བསྙེན་འབུམ་ཕྲག་གཅིག་བཟླའོ། །ཐུན་མཚམས་སུ། བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །བྱང་ཆུབ་མཆོག་ཏུ༴ དུས་གསུམ་རྒྱལ་བའི༴ རིག་འཛིན་བདག་ཅག༴ གནོད་ཅིང་གདུག་པའི༴ བདུད་དང་བར་དུ༴ དངོས་གྲུབ་འཕྲོག་ཅིང་༴ ཁྲོ་བོ་ཆེན་པོའི༴ ཡུད་ཙམ་གྱིས་ནི༴ མངོན་སྤྱོད་ཚུལ་བཞིན༴ ལུས་ངག་རྡུལ་དུ༴ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་པས་འཛབ་མཇུག་བསྡུའོ། །གསུམ་པ་བསད་པའམ་བསྒྲུབ་པ་ཆེན་པོ་ནི། ངན་སྔགས་ཉེ་བར་བསྙེན་པ་གཞུང་བསྲང་ལ་དེའི་ཁོང་ཁྲར་གཏོང་བ་ཕལ་གྱིས་མི་རིག་པའི་མན་ངག་ཡིན་ཏེ། གབ་སྔགས་མིང་རུས་ཐབས་སྔགས་ཆེན། །ངན་སྔགས་འདུས་པས་བསྒྲུབ་ཆེན་པོ། །བསད་པར་བྱ་བའི་རིམ་པ་ཡིན། །ཞེས་པས་ཐུན་གྱི་བསྒྲུབ་པ་རྫོགས་རྗེས་ལྷ་དང་དབྲལ་བ་ནས་སྨྱོ་རུ་གཞུག་པའི་བར་ངན་སྔགས་ཉེ་བར་བསྙེན་པ་བཞིན་ལ། ཕུར་གདབ་དང་བསད་གྲིས་གཏུབ། རྗེས་སུ་ཐུན་གྱིས་བསད་པའི་སྔགས་ཁོང་ཁྲར་བཏང་སྟེ། བསད་པ་ཐུན་གྱི་དམོད་མོ་ཡིན། །གབ་སྔགས་ཐབས་དང་ཤེས་རབ་དང་། །ཐུན་དང་ངན་སྔགས་ཁོང་ཁྲར་བཏང་། །ཞེས་པས་གསལ་ལོ། །དེ་ཡང་སྔགས་ཀྱི་མཚོན་ཆ་ནི་ཐུན་གྱི་ལས་ཡིན་པས་ན། གབ་སྔགས་ཐེམ་པར་བཅས་པ་ལ། །མཱ་ར་ཡ་བཅུག་བཟླས་པ་བྱ། །ལྕགས་ཀྱི་འཁོར་ལོ་རབ་བསྐོར་བས། །དགྲ་བོའི་སྲོག་རྩ་གཅད་པར་བསམ། །ཞེས་པས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཀ་ཏཾ་ཀ་ཡེ་མ་མ་པ་ཤི་ཀུ་རུ་མ་ཏཾ་ཉ་ཛ་ཡེ་བི་ཛ་ཡེ་ཀ་ར་ཨི་ནན། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ་དྷ་ཏི་མ་མ་ཀརྨ་ར་སྱ་ན་པྲ་མརྟ་ན་ཡེ། ཤྲི་ཀྲཾ་ཀ་ར་ཆེ་གེ་མོ་མཱ་ར་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། དམིགས་པ་ནི། ལྷ་རྣམས་དྲག་པོར་ངེས་བསམ་ལ། །ཡང་སྤྲུལ་སུམ་སྤྲུལ་མང་པོ་ཡིས། །ཤེས་པ་ལིངྒ་ལ་ཞུགས་བསད། །བར་བར་ཐལ་མོ་དམོད་པ་བྱ། །ཞེས་དང་། བར་དུ་ཐུན་རྣམས་བྲབ་པས་ཡང་། །ཐོད་ཆེན་ནང་དུ་ངེས་པ་སྟེ། །ལས་ཀྱི་ཐུན་དྲུག་སྔགས་ཀྱིས་བཏབ། །དམ་ཅན་མང་པོས་བསད་པར་བསམ། །གཏོད་ཅིང་སྟོབ་ཅིང་ཟ་བར་བརྟག །ཅེས་སོ། །དེ་ལྟར་ན་ངན་སྔགས་ཉེ་བར་བསྙེན་པའི་དུས་ན་ཕུང་པོ་མཐར་བྱེད་ཐུན་གྱི་ལས་ཡོད་ན་འདིའི་དགོས་པ་ཅི་ཡིན་སྙམ་ན། འདི་ནི་དམ་ཅན་ཉེ་བར་བསྙེན་པ་དང་འབྲེལ་བའི་བསད་པ་ཐུན་མོང་མ་ཡིན་པ་ཁོང་ཁྲར་སྡེབ་པའི་ཚུལ། ལས་ཀྱི་ཐུན་སྔགས་བསད་པ་དང་། །རྟགས་འབྱིན་ལྷག་པ་ལྷ་ཡི་དམོད། །སྲོག་གི་ཆད་པ་ཐུན་གྱི་སྔགས། །སྔགས་དྲུག་ཕྱིན་ཡོད་བྱ་བའི་ཕྱིར། །ཁོང་ཁྲར་བཏང་བས་ལས་མྱུར་བཤད། །ཅེས་པའི་མན་ངག་ཡིན་ནོ། །དེ་ལྟར་བསྒྲུབ་པའི་ཐུན་གྱི་ལྷག་མ་ཁྲག་སྣ་དང་བསྲེས་ནས་ཟོར་དུ་འཕེན་པའང་། འཕར་བའི་ཐོད་པར་དམ་རྫས་དང་། །ཁྲག་བཅས་གནས་ལ་ཟོར་དུ་འཕང་། །ཞེས་དང་། ཝ་ཐོད་ནང་དུ་བསེ་བྱང་ནི། །དམར་པོ་བཅུག་ལ་ཕུར་པས་མནན། །ཁྱི་ཐོད་ཁ་ལ་མེ་འབར་ཏེ། །རྫས་རྣམས་སྦྱིན་བསྲེག་བྱ་བ་ཡང་། །ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །སྤྱང་ཐོད་ཁ་ལ་ལིངྒ་དང་། །གཏོར་མ་ལྷ་ལ་བསྟབ་པ་བྱ། །མནན་པ་ལུང་གསུམ་མདོ་རུ་ངེས། །དེ་ལྟར་རབ་ཏུ་བྱས་པ་ཡིས། །རྡོ་རྗེའི་བྲག་ཀྱང་འཇིག་གྱུར་ན། །གཟུགས་ཅན་རྣམས་ལ་སྨོས་ཅི་དགོས། །ཞེས་དམ་ཅན་སྤྱི་དྲིལ་གྱི་སྒྲུབ་ཐབས་ལས་བཤད་དོ། །སྤྱིར། གཤིན་རྗེ་གྲུབ་ནས་འཁོར་ལོ་བསྐོར། །མ་མོ་གྲུབ་ནས་ཟོར་ཐུན་འཕང་། །རྒྱལ་པོ་གྲུབ་ནས་མནན་པ་བྱ། །ཕུར་པ་གྲུབ་ནས་གདབ་ལས་བྱ། །ཟེར་ཡང་། དེའི་དོན་བསྟན་པ་དང་སེམས་ཅན་བསྲུང་བའི་དོན་དུ་ཉམས་པ་བདུན་ལ་དམིགས་པ་ལས་གཞན་དུ་མ་གནང་བའི་ཚུལ། དཔྱངས་ཐག་ཆད་པ་ཐུགས་རྗེ་ཡིས། །བཟུང་ན་ངེས་པར་བསྟན་པ་ཡིན། །ཉམས་པ་བདུན་ལས་གཞན་དུ་མིན། །ཞེས་གསུངས་ན་རང་དགར་ལས་སྦྱོར་དང་མཐུ་གཏད་ལ་དགའ་བ་ནི་རང་རྒྱུད་ཀྱི་སྡོམ་པ་འཇིག་ཅིང་བསོད་ནམས་ཉམས་པའི་རྒྱུར་གྱུར་པས་ཐོག་མར་འབྲས་བུ་ལ་བར་དུ་གཅོད་པའི་རྒྱུའི་རཱུ་ཏྲ་ཚར་བཅད་ནས། གདོད་མའི་ལམ་གྱི་རཱུ་ཏྲ་ཚར་གཅོད་པའི་ཐབས་ལ་མཁས་པ་དགོས་ཏེ། རྒྱུ་ཡི་རཱུ་ཏྲས་འབྲས་བུ་དང་། །ལམ་གྱི་རཱུ་ཏྲས་བདག་ཉིད་ཕུང་། །དུག་ལྔའི་ངེས་པ་རབ་ཤེས་བྱ། །ལམ་གྱི་རཱུ་ཏྲ་བརྣག་པ་ནི། །སྐྱེ་བོ་ཉམས་པ་ཅན་དེ་སྤྱིར། །ཞེས་སོ། །ཐབས་ལ་མཁས་པའི་རྒྱུ་ཡི་གཙོ་བོ་ཡང་། གཞི་ནི་སྙིང་རྗེས་བཟུང་བ་དང་། །རྩ་བ་བྱང་སེམས་རྟོགས་པ་དང་། །ཐག་ནི་ལྟ་བས་བཅད་པ་དང་། །ལ་ནི་སྤྱོད་པས་དོར་བ་དང་། །དབང་ནི་དམ་ཚིག་སྒྲོལ་བས་ཏེ། །ངོ་བོ་ངེས་ཚིག་དབྱེ་ཤེས་ན། །གང་བྱས་སངས་རྒྱས་འགྲུབ་པར་ངེས། །ཞེས་སོ། །དེ་བས་ན་ཕུར་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་པས་དེ་མངོན་དུ་བྱེད་པའི་ཐབས་སྟོད་ལས་བྱང་ཆུབ་བསྒྲུབ་པའི་ལམ་ཡིན་ན་ལྷ་བསྙེན་ཐེམ་ཚད་ཀྱི་སྨད་ལས་ངེས་པར་བསྒྲུབ་མི་དགོས་ཀྱང་། བྱང་ཆུབ་བསྒྲུབ་པའི་ལམ་གྱི་བར་གཅོད་ཞི་བ་ལ་དམིགས་ནས་དམ་ཅན་ཉེ་བར་བསྙེན་པར་འདོད་ན་བྲུབ་ཁུང་ལ་སོགས་པའི་བཅས་རྣམས་བོར་ལ། གཏོར་མ་དང་མཐུན་རྫས་ལ་བརྟེན་ནས་བཞི་སྙིང་དྲིལ་བའི་བཟླས་པ་མདུན་ཕྲག་ལ་སོགས་པའི་མཐར་ཚོགས་ཐ་མ་དང་འབྲེལ་བར་ཟན་ལིང་ལ་གདབ་ཁ་དྲུག་གི་ལས་ཐུན་མོང་བ་བསྟབ་པ་དང་བཅས་པས་དོན་འགྲུབ་སྟེ། བལ་མོ་ལ་སོགས་རྟགས་བྱུང་ནས། །དངོས་གྲུབ་བླངས་པས་ནུས་པ་ཐོབ། །ཅེས་གསུངས་པས་སོ།། །།


previousཕུར་པ་རྒྱུད་ལུགས་ལས་དམ་ཅན་ཉེ་བར་བསྙེན་པའི་ཕྲིན་ལས་སྨད་ལས་ཀྱི་སྲོག་ཤིང་།next