Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་དབྱེའི་བསྐུལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་དབྱེའི་བསྐུལ་བ།next

ལྷ་དབྱེའི་བསྐུལ་བ།

ལྷ་དབྱེའི་བསྐུལ་བ་བཞུགས། ཉེ་འབྱེད་རླུང་གི་ཕྲ་མ་མཁན། །རླུང་ལྷའི་བུ་ལ་སྲིན་པོའི་ཚ། །ཕ་ནི་རླུང་ལྷ་ཝ་སྐྱེས་ཡིན། །མ་ནི་སྲིན་མོ་ཁ་འབར་མ། །གཉིས་མེད་བུ་གཅིག་བྱུང་བ་ནི། །ཉེ་འབྱེད་ཆེན་མོ་ཕྲ་མ་མཁན། །སྐུ་མདོག་དུད་ཁ་ཆེན་མོ་ལ། །འཇིགས་པའི་ཁྲོ་གཉེར་མང་པོས་བརྒྱན། །གཡས་ཀྱི་དང་པོ་བྱ་རོག་གོང་རུ་བསྣམས། །ཉམས་པ་སྤྱན་གྱིས་གཟིགས་པར་བྱེད། །གཡོན་གྱི་དང་པོ་འུག་རུ་བསྣམས། །མི་འཆོར་རྟོག་པ་རབ་ཏུ་གསལ། །གཡས་འོག་ལྕགས་ཀྱུ་སྟྭ་རེ་བསྣམས། །ཉམས་པ་མགོ་ལུས་འདྲལ་བའི་རྟགས། །གཡོན་གྱི་འོག་མ་རླུང་གི་རྐྱལ་པ་བསྣམས། །ཉམས་པ་རླུང་ལ་བསྐུར་བའི་རྟགས། །ཁྱོད་ཀྱི་ཕྲག་པ་གཡས་པ་ན། །ལྕགས་ཀྱི་བྱ་ཁྲ་གཡུ་མིག་ཅན། །སྣང་སྲིད་མི་མཐོང་གཅིག་ཀྱང་མེད། །དམ་ཉམས་ཕྲག་པ་གཡས་ཀྱི་ཕོ་ལྷ་ཕྲོལ། །ཁྱོད་ཀྱི་ཕྲག་པ་གཡོན་པ་ན། །ཟངས་ཀྱི་བྱ་ཁྲ་གསེར་མིག་ཅན། །སྲིད་པ་གསུམ་ཡང་དུས་གཅིག་གཟིགས། །ཕྲག་ལ་གཡོན་གྱི་མོ་ལྷ་ཕྲོལ། །ཁྱོད་ཀྱི་སྤྱི་བོའི་གཙུག་ཏུ་ནི། །ཤེལ་གྱི་བྱ་ཁྱུང་གཡུ་མིག་ཅན། །དགེ་སྡིག་གཉིས་ཀྱི་ལས་ཀྱང་གཟིགས། །ཁྱོད་ཀྱི་རྒྱབ་ཀྱི་སོག་པ་ལ། །སྟག་དང་སྤྱང་ཀིི་རྔམ་ཞིང་རྒྱུག །ཉམས་པ་ཟས་སུ་ཟ་བར་བྱེད། །ཉམས་པའི་རྒྱབ་ཀྱི་དགྲ་ལྷ་ཕྲོལ། །ཁྱོད་ཀྱི་མདུན་གྱི་ལྷེན་སྣ་ལ། །སེང་གེ་དཀར་མོ་འགྱིང་ཞིང་འཕྱོ། །སྣང་སྲིད་དབང་དུ་སྡུད་པར་བྱེད། །དམ་ཉམས་མདུན་གྱི་སྲོག་ལྷ་ཕྲོལ། །ཁྱོད་ནི་སྟོང་གསུམ་ཕྲ་མ་མཁན། །རླུང་ལྷའི་བུ་ལ་སྲིན་པོའི་ཚ། །མཆུ་ནི་ལྕགས་ཀྱི་གཟོང་བས་རྣོ། །དམ་ཉམས་མི་དང་ལྷའི་བར་དུ་དབྱེར་ཆུག་ཅིག །ཁྱོད་ཀྱིས་མི་བྱེད་གང་ཡང་མེད། །ལྷ་དང་ལྷ་མིན་གཡུལ་འགྱེད་ཅིང་། །འབྱེད་པར་ཁྱོད་ཀྱིས་ནུས་པར་བྱེད། །ཚེ་གསུམ་དྲན་བྱེད་ཕོ་རོག་མ། །ཁྱོད་ཀྱིས་མི་དྲན་ཅི་ཡང་མེད། །བསྟན་པ་གཉན་ལ་གནོད་པ་ཡི། །དམ་ཉམས་བསྒྲལ་བའི་ཞིང་བཅུ་འདི། །འགོ་བར་བྱེད་པའི་ལྷ་དང་ཕྲོལ། །སྟོང་གྲོགས་བྱེད་པའི་གཉེན་དང་ཕྲོལ། །ཧུ་ལུ་མུན་མཐོང་འུག་པ་མ། །ཁྱོད་ཀྱིས་མི་མཐོང་གང་ཡང་མེད། །བསྟན་པ་གཉན་ལ་གནོད་བྱེད་པའི། །དམ་ཉམས་བསྒྲལ་བའི་ཞིང་བཅུ་འདི། །ཁྱོད་ཀྱིས་བསྒྲལ་བའི་ཕྲིན་ལས་མཛོད། །མངྒ་ལཾ།། །།


previousལྷ་དབྱེའི་བསྐུལ་བ།next