Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པ་རྒྱུད་ལུགས་ལས་སྲི་གནོན་རྒྱ་གྲམ་ནག་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པ་རྒྱུད་ལུགས་ལས་སྲི་གནོན་རྒྱ་གྲམ་ནག་པོ།next

ཕུར་པ་རྒྱུད་ལུགས་ལས་སྲི་གནོན་རྒྱ་གྲམ་ནག་པོ།

ཕུར་པ་རྒྱུད་ལུགས་ལས། སྲི་གནོན་རྒྱ་གྲམ་ནག་པོ་བཞུགས། བཅོམ་ལྡན་འདས་མཐུ་སྟོབས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཕུར་པའི་སྒོ་ནས་སྲི་གནོན་པའི་ཐབས་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སྟོབས་པོ་ཆེའི་རྒྱུད་ལས། རྒྱལ་པོ་ཕུང་བའི་ཕུང་སྲི་ནི། །མོན་དང་ཧོར་མོ་སྤྱི་རིང་མགོར། །ཆོས་འཁོར་དབུས་སུ་གནན་པར་བྱ། །ཡང་ན་ཡུལ་གྱི་མདོ་ཉིད་དོ། །དགྲ་སྲི་རྟ་གཡག་ཐོད་པ་རུ། །དགྲ་ཟུན་མཚམས་སུ་གནན་པར་བྱ། །དམ་སྲི་གཡི་སྤྱང་ཐོད་པ་རུ། །གྲོང་གི་དབུས་སུ་གནན་པར་བྱ། །བློན་པོ་ཕུང་བའི་ཕུང་སྲི་ནི། །སྤྲེའུའམ་ནེ་ཚོ་ཕ་ཝང་ཐོད། །འདུན་མ་འདུ་སར་གནན་པར་བྱ། །ཡུལ་ཁམས་ཕུང་བའི་ཕུང་སྲི་ནི། །མཛོ་རྟོལ་དྲེའུའི་ཐོད་པ་རུ། །ཡུལ་གྱི་དབུས་སུ་གནན་པར་བྱ། །དམེ་ཡིས་ཕུང་བའི་ཕུང་སྲི་ནི། །གཡི་དང་གསའ་སྤྱང་ཐོད་པ་རུ། །གྲོང་བརྡལ་ཆེན་པོའི་དབུས་སུ་མནན། །ཆུང་སྲི་ཁྱི་ཕག་ཐོད་པ་རུ། །མལ་གྱི་འོག་ཏུ་གནན་པར་བྱ། །དུར་སྲི་ཝ་ཐོད་གྲུམ་ཐོད་དམ། །ཡང་ན་ཟེར་མོའི་ཐོད་པ་རུ། །དུར་གྱི་འདབས་སུ་གནན་པར་བྱ། །རྣལ་འབྱོར་དམ་སྲི་མི་དང་ཁྱི། །ཕག་ཐོད་ལ་སོགས་སྣོད་དུ་ནི། །མཆོད་རྟེན་འོག་ཏུ་གནན་པར་བྱ། །གོད་སྲི་ར་ལུག་ཐོད་པ་རུ། །ར་བའི་དབུས་སུ་གནན་པར་བྱ། །ཞེས་པས་སྣོད་དང་གནས་བསྟན་ཅིང་། དེའི་ནང་དུ་སྲི་ཅན་སོ་སོའི་ལིངྒ་བཅའ་ཚུལ་ནི། འཁོར་ལོ་རྩིབས་དྲུག་བྲིས་པ་ལ། །དབུས་སུ་སྲི་དང་ཏྲི་བྲིའོ། །དགྲ་ལ་བྱེད་ན་ནྲྀ་ཡང་བྲི། །རྩིབས་དྲུག་ལ་ནི་སྔགས་དྲུག་བྲི། །མཐའ་མ་ཁྲོ་བཅུའི་སྔགས་ཀྱིས་བསྐོར། །དབུས་ཀྱི་ལྟེ་བར་གཟུགས་བྲིས་ལ། །སྙིང་གར་རུས་ལ་དཔྲལ་བར་མིང་། །ཡན་ལག་བཞི་ལ་ཡིག་འབྲུ་བཞི། །མཱ་ར་ཡ་ཡིས་མཐའ་མ་བསྐོར། །སྔོ་དམར་དཀྲི་ཞིང་རེ་བས་གཏུམ། །ཞེས་པས་འཁོར་ལོ་མུ་ཁྱུད་གསུམ་པའི་ལྟེ་བར་དགྲ་སྲི་མ་གཏོགས་སྲི་ཅན་གྱི་ལིངྒ་ཐམས་ཅད་མི་གཟུགས་བྱ་མཆུ་ཅན་གྱི་སྙིང་གར་དགྲ་ལ་ནྲྀ་དང་། གཞན་རྣམས་ལ་ཏྲི་ཡིག་ཛ་སྤྲོད་ཀྱི་བར་དུ་གཏེམས་པའི་མཐའ་སྐོར་དུ་ཛཿཧཱུཾ་བཾ་ཧོཿམོ་ཧ་གྷ་ཡ་ཆེ་གེ་མོ་ༀ་བཛྲ་ཨངྐུ་ཤ་ཛཿ ཆེ་གེ་མོ་ཧཱུཾ་ཛཿ ཞེས་པས་བསྐོར། དཔྲལ་བར་སྲི་ཅན་གང་ཡིན་གྱི་མིང་སྤེལ་བཅུག་པའི་མནན་སྔགས་དཔེར་ན། ༀ་ལཾ་ཧཱུཾ་ལཾ་རྒྱལ་པོ་ཕུང་བའི་ཕུང་སྲི་སྟྭམྦྷ་ནན། ཞེས་དང་། ཡན་ལག་བཞི་ལ་ཛཿཧཱུཾ་བཾ་ཧོཿ གཟུགས་ཀྱི་མཐའ་སྐོར་དུ་མཱ་ར་ཡ་ནན་རྣམས་བྲི། མུ་ཁྱུད་གཉིས་པར་འཁོར་ལོ་རྩིབས་དྲུག་གི་མགོ་ཐོག་ནས་རིམ་པར་གཡས་བསྐོར་དུ། ཧ་ས་ཡ་ར་སོགས་སྔགས་དྲུག་པོ་བྲི། མུ་ཁྱུད་གསུམ་པར་ཁྲོ་བཅུའི་སྔགས་མཐར་ཆེ་གེ་མོ་སྟྭམྦྷ་ནན། ཞེས་དང་། ཕྱི་རོལ་ཛ་ཁྲམ་གྱིས་བསྐོར། དྷ་དུ་ར་དང་དུག་ཁྲག་གིས་བྱུགས། གཏོར་ཟློག་དང་འབྲེལ་ན་ཟོར་གཏོར་གྱི་འོག་ཏུ་བྱེ་སྟེགས་ཀྱི་བྲུབ་ཁུང་ནང་དུ་བཅུག གལ་ཏེ་སྲི་གནོན་རྐྱང་པ་བྱེད་ན་ལྕགས་ཀྱི་ཧོམ་ཁུང་ངམ། སླ་ང་བྱེ་མས་བཀང་བར་བྲུབ་ཁུང་བྲུས་པའི་ནང་དུ་ལིངྒ་བཅུག་ལ་ཁ་ཁྱེར་རྩང་གིས་སྲིན་མོ་འགྲོས་སུ་བསྐོར་བའི་སྟེང་བསྙེན་ཕུར་དར་ནག་བཀབ་པས་གཟིར། སྐེ་ཤང་ཉུང་དཀར་ལྕགས་ཟངས་ཕྱེ་ལ་དུག་ཁྲག་གིས་ངར་བཏགས་པའི་ཐུན་རྫས་དང་། མནན་སྣོད་ཕུང་རེ་སོགས་ཀྱང་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ནི། བསྙེན་བསྒྲུབ་གདབ་ལས་ཚུལ་བཞིན་བྱ། །ཟོར་དང་ཧོམ་དང་མནན་པ་དང་། །ཐ་མས་ལས་སུ་གྲུབ་པ་ཡིན། །ཞེས་པའི་དོན་ལས་དང་པོ་བསྙེན་བསྒྲུབ་ནི། སྟེགས་མཐོ་བར་ཡི་དམ་དང་ཆོས་སྲུང་གི་མཆོད་གཏོར་ཚོགས་པར་བྱས་ལ། སྒྲུབ་ཐབས་འབྲིང་བསྡུས་གང་རིགས་ཀྱི་གཞུང་སྲོང་ནས་བཟླས་པ་ཅི་ནུས་བྱའོ། །གཉིས་པ་གདབ་ལས་ནི། གཏོར་ཟློག་དང་འབྲེལ་ན་གཟུ་དཔང་དང་། དམ་ཅན་གྱི་བསྐུལ། བཞི་སྙིང་དྲིལ་བའི་བཟླས་པ་གསུམ་གྱི་མཇུག་ཏུ་བླ་འགུགས་ཀྱི་ཕོ་ཉ་མོ་བཞིའི་སྒོས་བསྐུལ་དང་སྲི་ཅན་འགུགས་པའི་སྔགས་ཅི་ནུས་རེ་སྤེལ་ནས་ཚར་གང་འོས་ལྡབ། གལ་ཏེ་སྲི་མནན་རྐྱང་པ་བྱེད་ན། དམ་ཅན་མཆོད་བསྐུལ་བསྡུས་པ་བྱས་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ། མ་ར་སྱ་ན་པྲ་མརྟ་ནི་ཡེ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་བླ་འགུགས་ཀྱི་ཕོ་ཉ་མོ་བཞི་བསྐུལ་བ་ནི། ཧཱུཾ། དཔལ་གྱི་ཕོ་ཉ་ལས་མཁན་མོ། །དཀར་མོ་དུང་གི་མཆེ་བ་ཅན། །མཁའ་ལ་འབྱུང་བའི་མཛོད་འཁྱིལ་མ། །ལག་ན་སྤུ་གྲིས་སེམས་ཅན་སྒྲོལ། །ཞལ་དུ་དགྲ་བོའི་སྙིང་ཁྲག་རྔུབ། །སྤྲུལ་པ་ཐོག་ཐོག་སེར་ཆེན་འབེབས། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད། །སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། །བསྐལ་པ་བརྒྱད་ཁྲིའི་ཕ་རོལ་ནས། །དམ་ལས་འདས་པའི་བླ་འདྲེན་མ། །ཉམས་པའི་བླ་ལ་ནན་མ་ཆུང་། །ལྷོ་ཡི་ཕྱོགས་ནས་འབྱུང་བ་ནི། །ནག་མོ་ལྕགས་ཀྱི་ལན་ཚར་ཅན། །ཁྱུང་གི་ཁྲ་ཐོགས་གཡས་པ་ན། །བྷནྡྷ་གྲི་ཐོགས་གསོད་ལ་རྔམས། །ཚངས་པ་བསྒྱིངས་པའི་ཆ་ལུགས་ཅན། །མི་སྡུག་མགོ་ལ་གཅེར་བུའི་ལུས། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད། །སུ་ཅུ་དྲུག་ཅུའི་གཙོ་མོ་སྟེ། །བསྐལ་པ་བརྒྱད་ནས་བླ་ཚོལ་ཚོལ། །དཔག་ཚད་བྱེ་བར་བླ་འགུགས་འགུགས། །ཉམས་པའི་བླ་དང་སྲོག་ལ་ཡ། །ནུབ་ཀྱི་ཕྱོགས་ནས་འབྱུང་བ་ནི། །དཀར་མོ་ཉི་མའི་འོད་འཕྲོ་མ། །གདུག་པ་འདུལ་ལ་དྲག་པོ་སྟེ། །གསོད་ལ་རྔམས་པའི་ལས་ལ་བརྩོན། །མཆེ་གཙིགས་གཡང་གཞི་གོས་སུ་གྱོན། །སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། །རབ་ཏུ་བསྒྲུབས་ནས་བླ་འགུགས་མ། །ཉམས་པའི་བླ་དང་སྲོག་ལ་ཡ། །བྱང་གི་ཕྱོགས་ནས་འབྱུང་བ་ནི། །ལྗང་ནག་འཁྱིལ་བའི་ཐོད་གདེངས་ཅན། །སེར་མོ་རལ་ཅན་འབུམ་གྱིས་བསྐོར། །ཕྱག་ན་རལ་གྲི་གསོད་ལ་རྔམས། །སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། །སྔོན་ནས་སྲི་ཅན་བླ་འགུགས་མ། །ཉམས་པའི་བླ་དང་སྲོག་ལ་ཡ། །ནམ་མཁའི་ལྷ་མོ་ཕུར་པའི་ལྷ། །ལག་བརྒྱ་ལྕགས་ཀྱི་ཕུར་པ་འདྲིལ། །སྤྱན་བརྒྱ་ཁྲག་གི་མཆི་མ་འཛག །ཞལ་བརྒྱ་གདུག་པའི་ངན་སྔགས་ཟློས། །ཚེམས་ཀྱིས་སྐྱེ་ཤི་རྩ་བ་གཅོད། །ཕུར་པའི་ལས་མཁན་ཆེན་མོ་མ། །རབ་ཏུ་མི་བསྲུན་ལས་ལ་བརྩོན། །ཕོ་ཉ་མང་པོ་ཕྱོགས་བཅུར་འགྱེད། །རྡོ་རྗེ་སྐུ་གསུང་ཐུགས་ལས་སྤྲུལ། །ཉམས་པའི་བླ་དང་སྲོག་ལ་ཡ། །ཞེས་བསྐུལ། བླ་འགུགས་སྔགས་ནི། ཛཿཧཱུཾ་བཾ་ཧོཿ ༀ་བཛྲ་ཨངྐུ་ཤ་ཛཿ རྒྱལ་སྲི་ཧཱུཾ་ཛཿ ཞེས་པས་མཚོན་བརྒྱའམ་སྟོང་ཕྲག་རེའི་མཚམས་སུ་ཕོ་ཉ་བསྐུལ་བ་ཅི་ནུས་བྱའོ། །དེ་ནས་ཟན་ལིང་རེ་བཤམ་ལ་ཕྱི་དྲོའི་ཐུན་ལ་གདབ་ལས་རེ་བྱ་བའི། དང་པོ་བསྐུལ་བ་ནི། ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །མཐུ་རྩལ་འབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཟུངས་ཤིག་ཆིངས་ཤིག་རྣམ་པར་ཆིངས། །རེངས་པར་ཁུག་ལ་སྨྲར་ཆུག་ཅིག །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ང་ཡི་དབང་དུ་གྱུར་ནས་ནི། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ཞེས་དང་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿཆེ་གེ་མོ་ཧ་ས་ཡ་ར་ཧྲི་ཏན་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ། ཤི་ཀྲི་ཨ་ན་ཡ་ཤི་ཀྲི་ཨ་ན་ཡ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ། ཏ་ཐཱ་ཡ་ཏ་ཐཱ་ཡ། བནྡྷ་ཡ་བྷནྡྷ་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། བརྒྱ་རྩ་བཟླ། གསུམ་པ་གནས་ལུང་ནི། ཧཱུཾ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ༀ་ལཾ་ཧཱུཾ་ལཾ་སྟྭཾ་བྷ་ནན། མོ་ཧ་གྷ་ཡ་བྷ་ག་ཝཱ་ན་ཤི་ཀྲི་བི་ཀྲི་ཤྲི་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཕཊ། བཞི་པ་ཕུར་གདབ་ནི། ཧཱུཾ། བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་གསོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང་། །དངོས་གྲུབ་ཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཛཿཧཱུཾ་བཾ་ཧོཿཧ་ན་ཧ་ན་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། མ་ཐ་མ་ཐ་ཧཱུཾ་ཕཊ། ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། སུ་རུ་སུ་རུ་ཧཱུཾ་ཕཊ། མུ་རུ་མུ་རུ་ཧཱུཾ་ཕཊ། ཀ་ཏང་ཀ་ཏེ་ཧཱུཾ་ཕཊ། ཛ་ཡེ་བི་ཛ་ཡེ་ཧཱུཾ་ཕཊ། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ་མ་ར་ས་ན་པྲ་མརྟ་ན་ཡེ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཧཱུཾ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ པ་ར་བིག་ནན་སརྦ་བིག་ཏན་ཧཱུཾ་ཕཊ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། བིནྡྷ་བིནྡྷ་ཧཱུཾ་ཕཊ། གྷྲི་ཧ་ན་གྷྲི་ཧ་ན་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། སརྦ་ཨ་ན་ཡ་ཧཱུཾ་ཕཊ། ལྔ་པ་བསད་གྲིས་གཟིར་ཞིང་། ཧཱུཾ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་ལྟར་དམ་བཅས་པའི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། སརྦ་བིག་ནན་བཾ་ཧཱུཾ་ཕཊ། དྲུག་པ་ཐུན་དབབ་པ་ནི། ཧཱུཾ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཛཿཧཱུཾ་བཾ་ཧོཿ ཀ་ཏང་ཀ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ། མ་ར་སྱཻ་ན་པྲ་མརྟ་ནི་ཡ ེ་ཧཱུཾ་མ་མ་པཱ་ཤཾ་ཀུ་རུ་མ་ཏང་ཉ་ཀ་ར་ཨི་ནན་དྷ་ཏི་མ་མ་ཀརྨ་ཤཱི་ཀྲཾ་ཀ་ར་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། བདུན་པ་གཏུན་དུ་བརྡུང་བ་ནི། ཧཱུཾ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེག་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། །ཁ་ཐཾ་ཁ་ཐཾ། ཉེར་གཅིག་བརྗོད། བརྒྱད་པ་བསྟབ་པ་ནི། ཧཱུཾ། བདག་ཉིད་ཆེན་མོའི་དུས་ལ་བབ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ནི་ཉན་པར་བྱོས། །ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། གལ་ཏེ་གཏོར་ཟློག་དང་འབྲེལ་ན་ཟློག་པའི་ཕྲིན་ལས་གཞུང་བསྲངས་ནས། ཐུན་གཏོར་འཕང་བ་ཡན་ཆད་ཉིན་ལྟར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། གཏོར་ཟློག་དང་འབྲེལ་ན་ཉིན་ཐ་མར་ཟོར་ལམ་དབྱེ་བ་ནས་བཟུང་འཕང་བའི་ལས་ཡན་ཆད་སྔོན་དུ་བྱས་ནས་ལས་མཐའ་མནན་པས་བསྡུ་བའི་ཚུལ། ཟོར་དང་ཧོམ་དང་མནན་པ་དང་། །ཐ་མས་ལས་སུ་གྲུབ་པ་ཡིན། །ཞེས་པས་བསྟན་ལ། དེའི་ཚུལ་ཡང་། གང་དུ་བྱེད་པ་གྲུ་གསུམ་བྲུས། །ཨེ་ཡི་ཚོགས་ཀྱི་གཞལ་ཡས་བསྐྱེད། །སྟོབས་པོ་ཆེ་ཡི་ཐུགས་ཀ་ནས། །ཛཿལས་ལྕགས་ཀྱུས་དགུག་ཅིང་བསྟིམ། །ཐོད་པའི་ནང་དུ་སྦས་ནས་ནི། །སྟོབས་པོ་ཆེ་ཡི་ཕུར་པས་གདབ། །རྒྱ་གྲམ་མནན་ཅིང་ལས་བཞིས་བརྡུང་། །གང་ལ་བྱས་ཀྱང་ཐེ་ཚོམ་མེད། །ཅེས་པ་ལྟར་ལྟོ་འཕྱེ་ལ་མི་གནོད་པའི་ཆོ་གས་དོང་ཚད་དང་ལྡན་པ་བྲུས་ལ། དགྲ་འདྲེ་སོ་སོའི་ལྟེབ་ཚུལ་གྱི་རཱུ་པ་རང་སྣོད་དུ་བཅུག །ཚོན་སྐུད་སྔོ་དམར་གྱིས་དཀྲིས། ཕུང་རེས་གཏུམས་ལ་མནན་སར་སླེབ་པ་དང་། གཞི་བདག་དང་ཀླུ་ལ་དཀར་གཏོར་བསྔོས་རྗེས། མནན་དོང་གཤིན་རྗེ་ནག་པོའི་ལྟོ་བར་བསམས་པའི་ནང་དུ་མནན་ཆས་བསྐྱུར་ལ། ཐུན་བརྡེག །དུག་ཁྲག་གཏིག །དུག་གཏོར་བསྐྱུར། གུ་གུལ་བདུག །དུར་གཡམ་ལ་སྟོང་རྒྱ་བྲིས་པས་བཀབ་པའི་སྟེང་ཕུར་པ་གཅིག་སྟོབས་པོ་ཆེར་བསམས་ལ་གཟིར། ཧཱུཾ། སྲི་ཅན་བསྒྲལ་བའི་ཞིང་ཡིན་ཏེ། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་བཤིག །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་སྨད། །དགེ་ལ་རྒྱབ་ཀྱི་ཕྱོགས་པ་ཁྱོད། །ཡོན་བདག་རྣམས་ལ་གནོད་པ་བྱས། །སྔགས་འཆང་རྣམས་ཀྱི་སྐུ་ལ་བསྡོས། །ཚེ་རབས་སྔ་མའི་ལན་ཆགས་པ། །སྡང་བའི་དགྲ་དང་གནོད་པའི་སྲི། །གྲུ་གསུམ་འབར་བ་འདིར་སྩལ་བས། །ནོར་གྱི་དོགས་ནས་མིང་རུས་འདི། །རྡོ་རྗེ་ཁྲོ་བོ་འཁོར་བཅས་ཀྱི། །ཟིལ་གྱིས་གནོན་པའི་ཕྲིན་ལས་མཛོད། །སྲི་ཅན་འདི་ལས་འདྲེ་ཆེ་མེད། །སྲི་ཅན་འདི་ལས་ཚེ་རིང་མེད། །ཚ་བའི་དབལ་དང་གསོན་གྱི་བདུད། །གཤིན་གྱི་ལྕགས་སུ་ཆེ་བའི་སྲི། །ཆུང་སྲི་རྒྱལ་བློན་དམངས་ཀྱི་སྲི། །རྗེ་ཁོལ་ཞང་ཚ་ཚ་ཡི་སྲི། །ཕ་སྲི་བུ་སྲི་ནུ་བོའི་སྲི། །དགྲ་སྲི་དམེ་སྲི་ཕུང་བའི་སྲི། །དུར་སྲི་གོད་སྲི་སྒོ་སྲི་རྣམས། །སྲི་ཅན་མ་ལུས་འདུལ་བའི་ཕྱིར། །དཔལ་ཆེན་ཁྲོ་བོའི་སྐུར་བསྒོམས་ནས། །ཐམས་ཅད་རྡུལ་དུ་བརླག་པར་བྱ། །རྡོ་རྗེ་གཞོན་ནུའི་ཕུར་བུ་བསྟན། །གཤིན་རྗེ་ནག་པོའི་ལྟོ་བར་གཞུག །ཡ་མ་རཱ་ཛའི་ཟས་སུ་སྦྱིན། །མ་མོ་རྣམས་ལ་མཆོད་པར་འབུལ། །ཕོ་ཉ་རྣམས་ཀྱི་འགུགས་འདྲེན་བྱ། །རི་རབ་ཆེན་པོའི་རྨང་དུ་སྦ། །གཤིན་རྗེའི་བུ་ཡི་ལག་ཏུ་གཏད། །རྒྱ་མཚོ་ཆེན་པོའི་གཏིང་དུ་བསྐྱུར། །མཚོན་ཆེན་འབར་བའི་རྩེ་མོས་བཅད། །རྡོ་རྗེ་ཕུར་པའི་དབལ་གྱིས་གདབ། །ཡེ་ཤེས་རྣོན་པོའི་རྩེ་ལ་གཏད། །རཀྟ་འབར་བའི་རྦ་ལ་བཏང་། །ཉུང་དཀར་སེལ་མེད་འབེམ་དུ་གཟུགས། །གུ་གུལ་སྦྱར་བའི་དུད་པས་བདུག །དུག་གི་གཏོར་མས་མྱོས་སུ་འཇུག །ལྕགས་ཕྱེ་ཟངས་ཕྱེའི་དབལ་གྱིས་གཅད། །གཏུན་ཁུང་རྡོ་རྗེ་ཐོ་བས་བརྡུང་། །ཁྲོ་བོ་རོལ་པའི་ཚོགས་སུ་དབུལ། །དགྲ་བགེགས་སྙིང་ལ་སྙིང་གཟེར་གདབ། །བྱང་ཆུབ་སེམས་ནི་མ་སྐྱེས་བར། །ནམ་ཡང་བཏང་བར་མི་བྱའོ། །ༀ་ལཾ་ཧཱུཾ་ལཾ་སྟྭམྦྷ་ནན། ཞེས་བརྗོད། ས་དང་མེ་ཆུའི་རྒྱས་འདེབས་སྤེལ་རྗེས། སྟེང་དུ་ལག་པ་ལུ་གུ་རྒྱུད་དུ་བྲོ་བརྡུང་། སུམྦྷ་ནི་བརྗོད། ནང་དུ་ལོག་ནས་ཚེ་འགུགས། ཉེར་བསྡུ། ཤེས་བརྗོད་སོགས་སྤྱི་ལྟར་བྱ་བ་ཉིད་དོ། །དགེའོ།། །།


previousཕུར་པ་རྒྱུད་ལུགས་ལས་སྲི་གནོན་རྒྱ་གྲམ་ནག་པོ།next