Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱུད་ལུགས་རྡོ་རྗེ་ཕུར་པའི་ལས་བྱང་ཕྲིན་ལས་ཐོགས་མེད། འཇམ་མགོན་མི་ཕམ་རྣམ་རྒྱལ།
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱུད་ལུགས་རྡོ་རྗེ་ཕུར་པའི་ལས་བྱང་ཕྲིན་ལས་ཐོགས་མེད། འཇམ་མགོན་མི་ཕམ་རྣམ་རྒྱལ།next

རྒྱུད་ལུགས་རྡོ་རྗེ་ཕུར་པའི་ལས་བྱང་ཕྲིན་ལས་ཐོགས་མེད། འཇམ་མགོན་མི་ཕམ་རྣམ་རྒྱལ།

རྒྱུད་ལུགས་རྡོ་རྗེ་ཕུར་པའི་ལས་བྱང་ཕྲིན་ལས་ཐོགས་མེད་བཞུགས་སོ། །ན་མོ་ཤྲཱི་བཛྲ་ཀུ་མཱ་རཱ་ཡ། རྒྱལ་བ་ཀུན་གྱི་ཕྲིན་ལས་སྐུ། །རྡོ་རྗེ་གཞོན་ནུ་ལ་བཏུད་ནས། །དེ་ཡི་བསྙེན་སྒྲུབ་རིམ་པ་ལ། །འཇུག་པའི་ཆོ་ག་རྒྱུད་བཞིན་བྲི། །འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་རྡོ་རྗེ་ཕུར་པ་སྒྲུབ་པ་ལ། དམ་ཚིག་གི་རྫས་ཐམས་ཅད་ཚོགས་པར་བྱས་ནས། ཐོག་མར་མདུན་དུ་སྐྱབས་ཡུལ་རྣམས་གསལ་བཏབ་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ཀྱིས་ཚོགས་བསགས་ནས། བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ དྲག་སྔགས་དང་སུཾ་བྷ་ནིས་གཟིར། མཚམས་བཅད་པ། ཧཱུྃ༔ མི་ཤིགས་མཚོན་ཆའི་གུར་དང་ས་གཞི་ལ༔ དམར་ནག་དམར་སྨུག་མེ་ཡི་འདུ་འཕྲོ་འཁྱིལ༔ ཡེ་ཤེས་ཁྲོ་བོ་བཅུ་ཡང་དབྱིངས་ནས་བཞེངས༔ ཁྲག་འཐུང་རོལ་པའི་ལྷ་ཚོགས་ནང་ན་བཞུགས༔ མཚམས་ཀྱི་དཀྱིལ་འཁོར་མ་ལུས་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ བྱིན་དབབ་པ་ནི། ཧཱུྃ༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ གཉིས་མེད་སྦྱོར་བའི་མཁའ་དབྱིངས་ནས༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ སྐུ་ཡི་གཟི་བྱིན་ཡ་ལ་ལ༔ གསུང་གི་འབྲུག་སྒྲ་འུ་རུ་རུ༔ ཐུགས་རྗེའི་འོད་ཟེར་གློག་ལྟར་འཁྱུགས༔ ཁྲོ་བོ་ཁྲོ་མོ་ཆར་ལྟར་འབེབས༔ རྣལ་འབྱོར་བདག་ལ་བྱིན་གྱིས་རློབས༔ སྒྲུབ་རྫས་རྣམས་ལ་ནུས་པ་སྐྱེད༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྙཱ་ན་ཨཱ་བེ་ཤ་ཡ་ཕེཾ་ཕེཾ༔ མཆོད་རྫས་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། མཉམ་ཉིད་ཀུན་ཏུ་བཟང་པོའི་ཀློང་ཡངས་སུ༔ སྣང་སྲིད་བདེ་བ་ཆེན་པོར་རང་ཤར་བ༔ ཕྱི་ནང་གསང་བའི་མཆོད་པའི་དམ་ཚིག་རྫས༔ མུ་མཐའ་མེད་པ་ནམ་མཁའ་མཛོད་དུ་གྱུར༔ ༀ་བཛྲ་ཨརྒྷཾ་སོགས་ནས་ཤཔྟ་ཨཱཿཧཱུྃ༔ ༀ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ༀ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ ༀ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ་ཏེ་ཛྭ་བ་ལིངྟ་བྷ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ༀ་མ་ཧཱ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱེ་དྷརྨ་དྷཱ་ཏུ་མ་ཧཱ་སུ་ཁ་པཱུ་ཙ་ཧོ༔ དེ་ནས་དམ་ཚིག་པ་བསྐྱེད་པ་ནི། ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆེན་སྔོན་པོ་འབར་བ་ནི༔ ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར༔ ཨེ་ཡཾ་རཾ་སུཾ་ཀེཾ་རཾ་བྷྲཱུྃ༔ དབྱིངས་ཀྱི་ནམ་མཁའ་གྲུ་གསུམ་ངང༔ རླུང་ཁྲག་ཤ་ཆེན་ཀེང་རུས་མེ༔ འཇིགས་པའི་དུར་ཁྲོད་གཞལ་ཡས་ཁང ༔ ཕྱི་ནི་རིན་ཆེན་ལྔ་ལས་གྲུབ༔ འདོད་ཡོན་སྣ་ཚོགས་སྤྲིན་ལྟར་གཏིབཿ ནང་ནི་དུར་ཁྲོད་གཞལ་ཡས་ཁང༔ དྲག་པོའི་བཀོད་པ་ཡོངས་སུ་རྫོགས༔ ཕྱི་རིམ་དུར་ཁྲོད་ཆེན་པོ་བརྒྱད༔ སྣ་ཚོགས་བཀོད་པས་འཇིགས་སུ་རུང ༔ བྷྲུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲུྃ༔ གཞལ་ཡས་ཆེན་པོ་དེ་ཡི་དབུསཿ གྲུ་གསུམ་མཐིང་ནག་ཟླ་གམ་གསུམ༔ གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་འབར༔ དབུས་སུ་རུ་ཏྲ་བསྣོལ་བའི་ཁྲི༔ པདྨ་ཉི་མ་བདུད་བཞིའི་སྟེང༔ དྲུག་པ་རྡོ་རྗེ་འཆང་ཆེན་པོ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ སྐུ་ཡི་དབྱིག་ཏུ་བདག་བསྐྱེད་དོ༔ སྒེག་པ་དཔའ་བ་གར་དགུ་པ༔ རབ་འཇིགས་མེ་དཔུང་དཀྱིལ་ན་བཞུགས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་སྟེ༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་བགྲད༔ ཞབས་གཉིས་བརྐྱང་བསྐུམས་ཚུལ་དུ་བཞུགས༔ སྐྲ་བརྗེས་བཞད་ཁྲོ་གཤེ་བའི་ཞལ༔ སྤྱན་དམར་སྨིན་མ་སྨ་ར་སེར༔ ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས༔ ཕྱག་དྲུག་གཡས་ཀྱི་དང་པོ་ཡིས༔ གསེར་གྱི་རྡོ་རྗེ་རྩེ་དགུ་བསྣམས༔ བར་པས་རྡོ་རྗེ་རྩེ་ལྔ་འཛིན༔ གཡོན་གྱི་དང་པོས་མེ་དཔུང་བསྣམས༔ བར་པས་ཁ་ཊཱྃ་རྩེ་གསུམ་ཐོགས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ མཐིང་ནག་སྐུ་ལ་དུར་ཁྲོད་བརྒྱན༔ འཁོར་ལོ་རྒྱས་འདེབས་སྦྱོར་བའི་ཡུམ༔ ཞལ་གཅིག་ཕྱག་གཉིས་བདེ་བའི་སྐུ༔ སྦྲུལ་དང་ཐོད་པ་གཟིག་གིས་བརྒྱན༔ དྲིལ་བུ་ཐོད་ཁྲག་བསྣམས་ནས་འཁྱུད༔ གཙོ་བོའི་སྐུ་ཡི་གཡོན་ཕྱོགས་སུ༔ ཨེ་ཀ་ཙ་ཏི་སྒྲོལ་བའི་ཡུམ༔ གྲི་གུག་ཐོད་ཁྲག་ཁམས་གསུམ་སྒྲོལ༔ དྲིལ་བུ་གཡེར་ཁ་ཉིད་ལས་ཀྱང ༔ རྟོག་མེད་ཆོས་ཀྱི་སྒྲ་འབྱིན་མ༔ མ་མོ་བཅུ་དྲུག་ཕོ་ཉར་འགྱེད༔ ཡབ་ཀྱི་ཐུགས་ཀར་དཔལ་བེའི་ཀློང༔ བཛྲ་ས་ཏྭ་ཡབ་ཡུམ་ནི༔ མཚན་དང་དཔེ་བྱད་ཡང་དག་རྫོགས༔ རྡོ་རྗེ་དྲིལ་བུ་བདེ་བར་འཁྱུད༔ ཀུནྡ་ལྟ་བུར་དཀར་བའི་མདོག༔ སྲོག་གི་གོ་རུ་ཤར་བ་དང༔ ཐུགས་ཀར་ཉི་དཀྱིལ་རྡོ་རྗེའི་དབུས༔ ཧཱུྃ་ལ་སྔགས་ཀྱིས་བསྐོར་བ་ནི༔ སྙིང་གི་དཀྱིལ་དུ་བསྒོམ་པར་བྱ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱི་པྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དམ་ཚིག་ཡེ་ཤེས་ཆེན་པོ་ཡི༔ པདྨོ་རིན་ཆེན་ལྡན་བྱས་ནས༔ ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱང༔ བདེ་མཆོག་སྒྱུ་མའི་བརྡ་འདིས་བསྐུལ༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོར་གྲུབ་པར་མཛོད༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭཾ༔ ཛཿཧཱུྃ་བྃ་ཧོཿ ཡབ་ཡུམ་གཉིས་མེད་སྦྱོར་བ་ཡི༔ བདེ་བའི་སྒྲ་དང་འོད་ཟེར་གྱིསཿ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས༔ སྤྱན་དྲངས་ཡབ་ཡུམ་སྐུ་ལ་ཞུགས༔ བདུད་རྩི་བྱང་ཆུབ་སེམས་སུ་ཞུ༔ མཁའ་གསང་འོད་ཀྱི་གོང་བུ་ལས༔ ཕྱོགས་སྐྱོང་དྲེགས་པའི་གདན་སྟེང་དུ༔ སྤྲུལ་པའི་ཁྲོ་བཅུ་ཕྲ་མེན་གསལ༔ ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ༔ གརྫྫ་གརྫྫ་ཧཱུྃ་ཕཊ༔ སྟེང་ཕྱོགས་ཉི་ཟླའི་གདན་སྟེང་དུ༔ ཁྲོ་བོ་ཆེན་པོ་ཧཱུྃ་མཛད་དང༔ ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ༔ སྤྲུལ་པ་ཕག་དང་སྨྲིགས་བུའི་མགོ༔ ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ༔ ཁྲོ་བོ་རྡོ་རྗེ་རྣམ་པར་རྒྱལ༔ ཡུམ་ཆེན་རྡོ་རྗེ་སྙེམས་མ་དང ༔ སྤྲུལ་པ་སྟག་དང་བྱ་རྒོད་མགོ༔ ༀ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཤར་ལྷོ་མེ་ལྷའི་གདན་སྟེང་དུ༔ ཁྲོ་བོ་རྡོ་རྗེ་དབྱུག་སྔོན་ཅན༔ ཡུམ་ཆེན་རྡོ་རྗེ་སྡེར་མོ་དང ༔ སྤྲུལ་པ་གཡག་དང་བྱ་རོག་མགོ༔ ༀ་བཛྲ་ཀྲོདྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊཿ ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་དུ༔ ཁྲོ་བོ་རྡོ་རྗེ་གཤིན་རྗེའི་གཤེད༔ ཡུམ་ཆེན་དུར་ཁྲོད་བདག་མོ་དང༔ སྤྲུལ་པ་ཤ་བ་འུག་པའི་མགོ༔ ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ བནྡྷ་བནྡྷ་ཧཱུྃ་ཕཊཿ ལྷོ་ནུབ་སྲིན་པོའི་གདན་སྟེང་དུ༔ ཁྲོ་བོ་ཆེན་པོ་མི་གཡོ་མགོན༔ ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ༔ སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ༔ ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནུབ་ཕྱོགས་ཀླུ་ཡི་གདན་སྟེང་དུ༔ ཁྲོ་བོ་ཆེན་པོ་རྟ་མགྲིན་རྒྱལ༔ ཡུམ་ཆེན་རྡོ་རྗེ་གཏུམ་མོ་དང༔ སྤྲུལ་པ་བྱི་ལ་པུ་ཤུད་མགོཿ ༀ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ནུབ་བྱང་རླུང་ལྷའི་གདན་སྟེང་དུ༔ ཁྲོ་ཆེན་གཞན་གྱིས་མི་ཐུབ་པ༔ ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ༔ སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ༔ ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ༔ ཁྲོ་བོ་རྡོ་རྗེ་བདུད་རྩི་འཁྱིལ༔ ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ༔ སྤྲུལ་པ་སེང་གེ་ཕ་ཝང་མགོ༔ ༀ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ བྱང་ཤར་འབྱུང་པོའི་གདན་སྟེང་དུ༔ ཁྲོ་བོ་རྡོ་རྗེ་ཁམས་གསུམ་རྒྱལ༔ ཡུམ་ཆེན་རྡོ་རྗེ་གསོད་བྱེད་མ༔ སྤྲུལ་པ་དོམ་དང་སྲེ་མོང་མགོ༔ ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ འོག་ཕྱོགས་ས་བདག་གདན་སྟེང་དུ༔ ཁྲོ་བོ་རྡོ་རྗེ་སྟོབས་པོ་ཆེ༔ ཡུམ་ཆེན་རྡོ་རྗེ་བསྐྱོད་མ་དང༔ སྤྲུལ་པ་དྲེད་དང་བྱི་བའི་མགོ༔ ཁྲོ་བཅུ་ཡབ་ཡུམ་ཕྲ་ཐབས་ཀུན༔ ཞལ་གཅིག་ཕྱག་གཉིས་མདོག་ནག་གཟུགས༔ ཡབ་རྣམས་ཕྱག་གཉིས་ཕུར་པ་འདྲིལ༔ ཡུམ་རྣམས་དྲིལ་བུ་ཐོད་འཛིན་འཁྱུད༔ མཆེ་བ་ཅན་དང་གཤོག་པ་ཅན༔ ཕྲ་མེན་མགོ་བརྙན་ཉི་ཤུ་ནི༔ སྦྲུལ་དང་ཐོད་པས་རབ་ཏུ་བརྒྱན༔ ཕུར་པ་ལྕགས་ཀྱུ་ཕྱག་ན་བསྣམས༔ སྐྲ་བརྫེས་སྤྱན་དམར་མཆེ་བ་གཙིགས༔ དུས་ཀྱི་འོད་ཟེར་འཕྲོ་བས་འཁྲུགས༔ ཛཿཧཱུྃ་བྃ་ཧོཿ ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ༔ སྐྱ་གའི་མགོ་ཅན་ལྕགས་ཀྱུ་མ༔ ལྷོ་ཕྱོགས་གྲུལ་བུམ་གདན་སྟེང་དུ༔ པུ་ཤུད་མགོ་ཅན་ཞགས་པ་མ༔ ནུབ་ཕྱོགས་ཆུ་བདག་གདན་སྟེང་དུ༔ སྲིན་བྱའི་མགོ་ཅན་ལྕགས་སྒྲོག་མ༔ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ༔ ཁྲ་ཡི་མགོ་ཅན་དྲིལ་བུ་མ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་མ༔ དཀར་སེར་དམར་དང་ལྗང་བའི་མདོག༔ གཟིག་དང་ཐོད་སྦྲུལ་རྒྱན་དུ་བྱས༔ བསྐུམས་ཞིང་བརྐྱངས་པའི་ཞབས་ཀྱིས་གནས༔ ཕྱག་གཡོན་ཕུར་པ་འདེབས་པར་མཛད༔ མེ་དཔུང་དཀྱིལ་ན་ཁྲོ་ཚུལ་བཞུགས༔ གཞན་ཡང་ལྷ་དང་རིག་འཛིན་དང༔ དམ་ཅན་སྲུང་མའི་ཚོགས་རྣམས་ཀྱང༔ ཏིལ་གྱི་གོང་བུ་བཞིན་དུ་བཞུགས༔ གནས་གསུམ་ཡི་གེའི་ས་བོན་ལས༔ རྡོ་རྗེ་གསུམ་དུ་བྱིན་རླབས་ཤིང༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཧཱུྃ༔ ཐབས་ཀྱིས་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས༔ དབང་དང་བྱིན་རླབས་བདག་སྩོལ་ཅིག༔ ༀ་ཨཱཿཧཱུྃ༔ ཧཱུྃ་ༀ་ཏྲཱྃ་ཧྲཱི་ཨཱཿ སྐབས་འདིར་རྫས་ཀྱི་ཕུར་པ་སྲས་མཆོག་ཏུ་བསྐྱེད་ཅིང་དབང་བསྐུར་བྱིན་རླབས་བྱའོ། །དེ་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནི། དཀྱིལ་འཁོར་གསུམ་གྱི་གནས་གསུམ་གྱི་ས་བོན་ལས་འོད་ཟེར་འཕྲོས་པས༔ མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གསུམ་གྱི་རྣམ་པར་སྤྱན་དྲངས༔ ༀ་བཛྲ་ས་མཱ་ཛ༔ ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང ༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བྃ་ཧོ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ སྔོན་གྱི་ཐུགས་དམ་ཆེན་པོ་བཞིན༔ སྒྲུབ་ལ་དངོས་གྲུབ་སྩོལ་བའི་ཕྱིར༔ ཏིང་འཛིན་དཀྱིལ་འཁོར་དམ་པ་འདིར༔ གཉིས་མེད་ངང་དུ་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧཱུྃ༔ སྲིད་གསུམ་གདུག་པ་བསྒྲལ་བ་དང༔ ང་རྒྱལ་བདུད་རྣམས་གཞོམ་པ་ཡི༔ དཔའ་བོ་རྡོ་རྗེ་འཁོར་བཅས་ལ༔ རྩེ་གཅིག་ཡིད་དད་གུས་པས་འདུད༔ ཨ་ཏི་པུ་ཧོ་པྲ་ཏི་ཙ་ཧོ༔ མཆོད་པ་འབུལ་བ་ནི། ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ༔ དུར་ཁྲོད་མཆོག་གི་གནས་འདི་རུ༔ ཞིང་ཆེན་གསར་རྙིང་ཏི་རར་བཅས༔ དམར་གྱི་ཨརྒཾ་རྒྱ་མཚོར་བསྐྱིལ༔ མཁའ་འགྲོ་འབར་བའི་ཚོགས་ལ་འབུལ༔ མ་ལུས་གཤེགས་ནས་བསྣམས་སུ་གསོལ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས༔ ཕྱོགས་བཅུ་ནམ་མཁའི་ཁམས་བཀངས་ཏེ༔ དཀྱིལ་འཁོར་ལྷ་ལ་དགྱེས་པར་འབུལ༔ ༀ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཤཔྟ་པྲ་ཏི་ཙྪ་ཧོ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་ལིང་ཏ་ཁཱ་ཧི༔ མ་ཧཱ་སུ་ཁ་པཱུ་ཙ་ཁཱ་ཧིཿ དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བ་ཡིཿ འོད་ཟེར་འཕྲོ་འདུའི་ཀློང་དཀྱིལ་ན༔ ཁྲོ་བོ་ཁྲོ་མོ་རྣམས་བཞུགས་པ༔ སྐུ་ནི་ཅིར་ཡང་འགྱུར་བའི་གཟུགས༔ ཧཱུྃ༔ དབུ་སྐྲ་ཁམ་ནག་རལ་པ་ཅན༔ གྱེན་དུ་འཁྱིལ་ཞིང་སྲིད་རྩེར་འབར༔ མི་མཉམ་ཁྲོ་གཉེར་སྡང་མིག་ནི༔ ལོག་པར་ལྟ་བ་འདུལ་བའི་སྤྱན༔ ཧཱུྃ༔ མཆེ་བ་ཟངས་ཡག་གཙིགས་པ་ནི༔ སྐྱེ་ཤིའི་རྩ་བ་གཅོད་པའི་ཚུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལས༔ ཕྱག་རྒྱ་སྣ་ཚོགས་ཅིར་ཡང་སྣང༔ ཧཱུྃ༔ ཐུགས་རྗེའི་བྱིན་རླབས་སྤྲིན་ལྟར་གཏིབས༔ བྱམས་པའི་འོད་ཟེར་གློག་བཞིན་འགྱུར༔ རྔམ་པའི་སྒྲ་སྐད་འབྲུག་ལྟར་སྒྲོགསཿ སྤྲུལ་པའི་ཐོག་སེར་ཆར་ལྟར་འབེབས༔ ཧཱུྃ༔ སྔོན་གྱི་ཐུགས་དམ་ཆེན་པོ་ནི༔ ཀླན་ཀ་ཆེན་པོ་བདུད་ལ་ཚོལ༔ ཀྱལ་ཁ་ཆེན་པོ་བགེགས་ལ་ཚོལ༔ ཡལ་གམ་ཅན་ལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཐུགས་དམ་ཆེན་པོའི་བྱིན་རླབས་ཀྱིས༔ བདག་ལ་བྱིན་གྱིས་བརླབ་མཛད་ཅིང༔ བདག་གི་ལྷག་པའི་བསམ་པ་རྣམས༔ འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཧཱུྃ༔ འཁྱིལ་ཞིང་རྒྱན་ཡང་འཁྱིལ་བ་ཆེ༔ སེམས་ལ་བརྗོད་མེད་སྐུ་མི་མངའ༔ སྒྲ་ལས་འདས་པའི་སྦྱོར་བ་སྟེ༔ བསམ་དང་བྲལ་བའི་ཡེ་ཤེས་ལགས༔ ཧཱུྃ༔ སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་བསྟོད༔ ཁྲོ་བོ་ལོངས་སྤྱོད་མཛད་ལ་ཕྱག་འཚལ་བསྟོད༔ རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ༔ མ་གཡོས་ཆེ་མཆོག་སྐུ་གསུང་ཐུགས་ཀྱི་བདག༔ སྡུག་བསྔལ་ལོག་པར་འཁྱམས་པའི་སེམས་ཅན་རྣམས༔ ཐུགས་རྗེའི་བྱེ་བྲག་དབྱིངས་སུ་སྒྲོལ་མཛད་པ༔ ཐབས་ཀྱིས་བསྒྲལ་བའི་སྐལ་དང་མི་ལྡན་ཡང༔ ཤུགས་ཀྱིས་བསྒྲལ་བའི་ཕྲིན་ལས་མཛད་དུ་གསོལ༔ དེ་ནས་བཟླས་པ་བྱ་བ་ནི། ཐུགས་ཀའི་དཔལ་བེའི་གནམ་སྒོ་རུ༔ རྟ་མགྲིན་དམར་པོས་སྲུང་བ་ཡི༔ ཡེ་ཤེས་སེམས་དཔའི་ཐུགས་ཀའི་དབུས༔ ཉི་དཀྱིལ་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ འོད་ཟེར་འཕྲོ་འདུས་དོན་གཉིས་བྱས༔ སྣང་སྲིད་རྡོ་རྗེ་ཕུར་པའི་ལྷ༔ ཀུན་ཀྱང་སྔགས་ཀྱི་རང་སྒྲ་སྒྲོགས༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ རྩ་བའི་སྙིང་པོ་འབྲུ་བཅུ་པ་དངཿ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷ་ནན་བྃ་ཧཱུྃ་ཕཊ་ཛ་ཧཱུྃ་ཨ༔ སྒྲུབ་པའི་སྙིང་པོ་འབྲུ་བཅོ་བརྒྱད་མ་དང་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཡབ་ཡུམ་གཉིས་སུ་མེད་པའི་སྙིང་པོ་འབྲུ་ཉེར་གསུམ་མ་དང༔ གསང་བ་སྤུ་གྲིའི་དྲག་སྔགས་བཅས་ཅི་རིགས་བཟླའོ། །གཞན་ཡང་སྤྲོ་ན་གོང་གི་ཁྲོ་བཅུའི་སྔགས་དང་། སྒོ་མའི་ས་བོན་ཡང་ཅི་ལྟར་རིགས་པར་བཟླའོ། །མཚོན་ཆ་ཕྱག་མཚན་ཡིག་འབྲུ་དང༔ མེ་འོད་དུ་བ་འཇའ་དང་སྒྲཿ དྲེགས་བྱེད་མངོན་སུམ་མཐོང་བ་ན༔ ཚེ་དང་ལོངས་སྤྱོད་མི་ཉམས་འཕེལ༔ རིག་འཛིན་ས་དང་དབྱིངས་རྣམས་འཐོབ༔ ཁམས་གསུམ་ཡོངས་སྒྲོལ་ཏིང་འཛིན་གྱིས༔ ནམ་མཁའ་ཆོས་སྐུ་ཉག་གཅིག་ཐོབ༔ སྐབས་སུ་ཛབ་བསྐུལ་ནི། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཕྱོགས་བཞི་དབུས་ལྔའི་འཇིག་རྟེེན་གྱི༔ བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན༔ ཀུན་ཀྱང་རྡོ་རྗེ་ཕུར་པའི་ལྷ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད༔ མཐིང་ནག་མེ་ཡི་འོད་འཕྲོ་ཞིང༔ རྒོད་དང་གཤེ་དང་ཁྲོ་བོའི་ཚུལ༔ ཕྱག་དྲུག་འཇིགས་པའི་མཚོན་ཆ་ཡིས༔ འགྲོ་དྲུག་བྷ་གའི་དབྱིངས་སུ་སྦྱོར༔ ཞབས་བཞིས་བདུད་བཞི་ཟིལ་གྱིས་གནོན༔ ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང ༔ ཁྲོ་མོའི་སྤྲུལ་པས་ས་གཞི་གང༔ ཕྲ་མེན་སྤྲུལ་པས་བར་སྣང་གང ༔ སྒོ་མའི་སྤྲུལ་པ་ཕྱོགས་བཅུར་འགྱེད༔ ཐམས་ཅད་བདེ་བའི་ཀློང་ནས་ཤར༔ བསམ་གྱིས་མི་ཁྱབ་ཀུན་ལས་འདས༔ བརྗོད་མེད་དབྱིངས་ཀྱི་ཐིག་ལེ་ཆེ༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ལྷའི༔ ཞལ་ནས་ཕུར་པའི་སྔགས་སྒྲ་སྒྲོགས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང ༔ དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ ཕུར་པ་འདི་ལ་དབང་ཞིག་སྐུར༔ ཕུར་པ་འདི་ལ་བྱིན་གྱིས་རློབས༔ རྟགས་དང་མཚན་མ་དབྱུང་བ་དང༔ རིག་འཛིན་བདག་ལ་དངོས་གྲུབ་སྩོལ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་སོགས་བཟླའོཿ ཐུན་མཐར་མཆོད་ཅིང་བསྟོད་པར་བྱའོཿ དེ་ནས་ཚོགས་ཀྱི་མཆོད་པ་ནི༔ ཤ་ཆང་སོགས་ཚོགས་ཀྱི་དམ་རྫས་རྣམས་བསང་ལ༔ ༀ་སརྦ་དྲཱ་བྱམ་ཤོ་དྷ་ནི་ཧཱུྃ་ཕཊ༔ རྃ་ཡྃ་ཁྃཿ ༀ་ཨཱཿ ཧཱུྃཿ ཚོགས་རྫས་བདེ་ཆེན་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་གྱུར༔ སྤྱན་འདྲེན་པ་ནི། ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ འདོད་ཡོན་ཚོགས་ཀྱི་མཆོད་པ་ལ༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛཿ ས་མ་ཡ་ཏིཥྛ་ལྷན༔ མཆོད་པ་ནི། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ༔ དམ་ཚིག་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཚོགས་ཕུད་མཆོད་པ་བཞེས་སུ་གསོལ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཆོགས་ཕུད་མཆོད་པ་བཞེས་སུ་གསོལ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཚོགས་ཕུད་མཆོད་པ་བཞེས་སུ་གསོལ༔ མ་ཧཱ་ག་ན་ཙཀྲ་པཱུ་ཙ་ཁཱ་ཧིཿ བཤགས་པ་ནི། ཧཱུྃ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་དགོངས་སུ་གསོལ༔ མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཐོལ་ལོ་བཤགས༔ འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡིག་བརྒྱ་བཟླ། བསྒྲལ་བ་ནི། ཨེ་རཾ་ཞེས་འབྲུབ་ཁུང་བསྐྱེད། ནྲྀ་ཏྲི་ཛ་ཞེས་དམིགས་བྱ་གསལ་བཏབ་ལ། དང་པོ་བསྐུལ་པ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤོ་ན་མུ་ཁའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ བདག་ཉིད་ཆེན་པོའི་དུས་ལ་བབ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ སྔོན་ཆད་ཇི་ལྟར་དམ་བཅས་བཞིན༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ གཏོགས་ཤིག་གྲོག་དང་ཕྲལ་བར་གྱིས༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ཟུངས་ཤིག་རྒྱོབ་ཅིང་རྣམ་པར་ཆིངས༔ རིངས་པར་ཁུག་ལ་སྨྲར་ཆུག་ཅིག༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང ༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ དགྲ་བགེགས་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱི་ཏ་ན་ཧཱུྃ་ཕཊ༔ དགྲ་བགེགས་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ༔ དགྲ་བགེགས་ཤཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ༔ དགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊཿ དེ་ནས་གདབ་ཁ་དངོས་ལ། ཧཱུྃ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེས་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ ༀ་ལཾ་ཧཱུཾ་ལཾ་སྟྭམྦྷ་ཡ་ནན༔ མོ་ཧ་གྷ་ཏ་ཡ་བྷ་ག་ཝན་བཛྲ་ཧཱུྃ་ཀ་ར༔ ཛཿཧཱུྃ་བྃ་ཧོ༔ སརྦ་བིགྷ་ནཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཧཱུྃ་ཀ་ར་ཧཱུྃ༔ ཧཱུྃ་ཀ་ར་ཨཱཿ ཞེས་དང་། དྲག་སྔགས་བཟླ་ཞིང་ཚེ་ཁྲུས་གནས་གསུམ་གྱི་དགོངས་པ་ལྡན་པས་བསྒྲལ༔ དེ་ནས་ཤ་ཁྲག །རྃ་ཡྃ་ཁྃ་གིས་སྦྱང་། ༀ་ཨཱཿཧཱུྃ༔གིས་བདུད་རྩིར་བརླབས་ལ། ཧཱུྃ༔ དགྲ་བགེགས་ཤ་ནི་ཟན་ལས་ཞིམ༔ གཏི་མུག་མཆོད་པ་བླ་ན་མེད༔ དགྲ་བགེགས་ཁྲག་ནི་ཆང་བས་ཞིམ༔ འདོད་ཆགས་མཆོད་པ་བླ་ན་མེད༔ དགྲ་བགེགས་རུས་རྐང་མར་བས་ཞིམ༔ ཞེ་སྡང་མཆོད་པ་བླ་ན་མེད༔ བླ་མེད་མཆོད་པ་འདི་འབུལ་གྱིས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཏི༔ ཚོགས་ལ་རོལ། ཚོགས་ཀྱི་ལྷག་མ་རྣམས། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ལྷག་མའི་དམ་རྫས་འདོད་ཡོན་གྱི་ཕུང་པོར་གྱུར༔ ཨེ་ཨ་ར་ལི་ཧྲིང་ཛཿས་སྤྱན་དྲངས། ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབས༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ མཐུ་རྩལ་དབྱུང་བའི་དུས་ལ་བབས༔ སྔོན་ཆད་ཇི་ལྟར་དམ་བཅས་བཞིན༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ༀ་ཨུཥྩི་ཊ་བྷ་ལིང་ཏ་ཁཱ་ཧི༔ བསྒྲལ་ལས་རྒྱས་པ་དུག་ཕུར་ནག་པོ་ལྟར་བྱའོ༔ ལས་རྗེས་བསྡུ་ཞིང་བསྔོ་སྨོན་བཀྲ་ཤིས་སྤྱི་ལྟར་བྱའོ༔ རྒྱུད་ཀྱི་དགོངས་པ་བཞིན་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་བསྡེབས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག ༈ །དྷ་ཏི་རྣམ་གསུམ་གྱི་དྲག་སྔགས་ཚིག་དྲིལ་སྤུ་གྲི་འབར་བ་ནི། སྒྲུབ་སྔགས་མཐར༔ མ་རཀྨོ་ཡཀྨོ་ཀཱ་ལ་རུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རིལ་རིལ༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱགས་མྱགས༔ སོད་སོད༔ དྷ་ཏི་མ་མ་ཀརྨ་ཤྲཱི་གྷྲཾ་ཀ་ར་ཡེ་མཱ་ར་སེ་ན་པྲ་མ་དྷ་ནི་ཡེ་ཧཱུྃ་ཕཊ༔ ༈ །མཚན་མ་རྫས་ཀྱི་ཕུར་པ་རྒྱུ་དབྱིབས་ཚད་ལྡན་འདུ་བྱས་ལ། ཤུ་ནྱ་ཏའི་སྔགས་ཀྱིས་སྟོང་པར་སྦྱང་། མཚན་མ་རྫས་ཀྱི་ཕུར་པ་མི་དམིགས་པའི་ངང་ལས་བདག་ཉིད་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་མཁའ་གསང་ནས་ཧཱུྃ་གཅིག་འཕྲོས་འདུས་ཡོངས་སུ་གྱུར་པ་ལས༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཞེས་བརྗོད་པས། སྲས་མཆོག་ཕུར་བུ་ཞལ་གསུམ་ཕྱག་དྲུག་པ་ཕྱག་མཚན་དང་རྒྱན་ཆ་གཙོ་བོ་དང་མཚུངས་པ༔ སྐུ་སྨད་གནམ་ལྕགས་ཀྱི་ཕུར་བུ་ཟུར་གསུམ་འབར་བའི་དཔལ་དང་ལྡན་པར་གསལ་བའི་ལྕུམ་ཞོག་གི་དབུས་ལྡིར་བ་དེར་བྷྲཱུྃ་ལས་གཞལ་ཡས་ཁང་གི་དབུས་སུ་གཙོ་བོ་ཡབ་ཡུམ་དབུ་རྒྱན་གྱི་ལྷ་དང་བཅས་པ་དང ༔ ལྕུམ་ཞོག་བརྒྱད་ལ་ཕྱོགས་མཚམས་ཀྱི་ཁྲོ་བོ་ཡབ་ཡུམ་ཕྲ་མེན་དང་བཅས་པ༔ རྒྱ་མདུད་གོང་མར་ཧཱུྃ་ཀ་ར་ཡབ་ཡུམ་མགོ་བརྙན་དང་བཅས་པ༔ རྒྱ་མདུད་འོག་མར་སྟོབས་པོ་ཆེ་ཡབ་ཡུམ་ཕྲ་མེན་དང་བཅས་པ༔ དེའི་ལོག་བཞིར་སྒོ་མ་བཞི༔ དཔལ་གྱི་ནང་དུ་ཕུར་སྐྱོང་སྲུང་མའི་ཚོགས་མ་ལུས་པ་གསལ་ཞིང་དཔལ་གྱི་ཟུར་གསུམ་དུ་ཧཱུྃ་གསུམ༔ ལོགས་གསུམ་ཕཊ་གསུམ༔ རྩེ་མོ་ཨ་དཀར་པོ་གཅིག་དང་བཅས་པ་གསལ་བར་གྱུར༔ དེ་ནས་སོར་མོ་ལག་པའི་རྒྱབ་དུ་བསྣོལ་གུང་མོ་གཉིས་བསྒྲེང་བ་ཆུ་སྲིན་རྣམ་གྲོལ་གྱི་འཁྱུད་ཕྱག་སྤྱད་རྒྱས་བླངས་ལཿ ངག་ཏུཿ ས་མ་ཡ་ཛཿ ཞེས་བརྗོདཿ དེ་ནས་སོར་མོ་པདྨ་ཁ་ཕྱེ་བ་འདྲ་བར་སྦྱར་ཏེ་ལག་མཐིལ་དུ་ཕུར་པ་འདྲིལ་ཞིང༔ ལག་གཡས་མ་ལས་ཉི་མའི་དཀྱིལ་འཁོར་ལ་ཀུན་ཏུ་བཟང་པོ༔ སོར་མོ་ལྔ་ལ་རིགས་ལྔ༔ གཡོན་པ་ཨ་ལས་ཟླ་དཀྱིལ་ལ་ཀུན་ཏུ་བཟང་མོ༔ སོར་མོ་ལྔ་ལ་ཡུམ་ལྔ་གསལ་བ་ཡབ་ཡུམ་སྦྱོར་བ་མཛད་པས༔ ཡུམ་གྱི་མཁའ་གསང་དུ་བཞུགས་པའི་སྲས་མཆོག་ཕུར་བུར་ཡེ་ཤེས་ལྔས་དབང་བསྐུར་བར་བསམ་ལ་སོར་མོ་ཅུང་ཟད་བསྣོལ་ཞིང་ཕུར་པ་འདྲིལ༔ དབང་བསྐུར་བའི་སྔགས་ལྔའམ་བསྡུ་ན༔ ༀ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་བརྗོད། དེ་ནས། སྲས་མཆོག་གི་སྤྱི་བོར་འཁོར་ལོའི་དབུས་སུ་ༀ་དཀར་པོ་ལ་བུདྡྷ་ཀཱི་ལ་ཡའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས༔ སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་བསྡུས་ཏེ་སྲས་མཆོག་གི་སྤྱི་བོར་ཐིམ་པས་སྐུ་ཡི་སྒོ་ནས་ཁམས་གསུམ་དུས་གཅིག་ལ་སྒྲོལ་བའི་མཐུ་སྟོབས་ནུས་པ་དང་ལྡན་པར་བསམ་ལ། ༀ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བདུན་ལ་སོགས་པ་བཟླའོ༔ མགྲིན་པར་པདྨ་འདབ་བརྒྱད་ཀྱི་དབུས་སུ་ཨཱཿདམར་པོ་ལ་པདྨ་ཀཱི་ལ་ཡའི་སྔགས་ཀྱིས་བསྐོོར་བ་ལས་འོད་ཟེར་འཕྲོས༔ སངས་རྒྱས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་བསྡུས་ཏེ་མགྲིན་པར་ཐིམ་པས་གསུང་གི་སྒོ་ནས་ཁམས་གསུམ་དུས་གཅིག་ལ་སྒྲོལ་བའི་མཐུ་སྟོབས་ནུས་པ་དང་ལྡན་པར་བསམ་ལ༔ ༀ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཞེས་བདུན་ལ་སོགས་པ་བརྗོད། ཐུགས་ཀར་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུྃ་མཐིང་ཀ་ལ། བཛྲ་ཀཱི་ལ་ཡའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས༔ སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་བསྡུས་ཏེ་ཐུགས་ཀར་ཐིམ་པས་ཐུགས་ཀྱི་སྒོ་ནས་ཁམས་གསུམ་དུས་གཅིག་ལ་སྒྲོལ་བའི་མཐུ་སྟོབས་ནུས་པ་དང་ལྡན་པར་བསམ་ལ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བདུན་སོགས་བཟླའོ༔ དེ་ནས་བྱུགས་བདུག་བྲབས་གསུམ་གྱིས་ལས་ལ་བསྐུལ་ཞིང་གཟི་བྱིན་བསྐྱེད་པ་ནི༔ གཙོ་ཕུར་ལག་གཡས་སུ་བཟུང ༔ བྱུགས་པའི་རྫས་སོགས་ཉེ་བར་བཞག་ལ༔ ཧཱུྃ༔ གུ་གུལ་སྦྱར་བས་བྱིན་བསྐྱེད་དགྲ་བགེགས་སྒྲོལ༔ ཉུངས་ཀར་རྒྱལ་པོས་རྒྱུད་བསྐུལ་བར་ཆད་གདུལ༔ རཀྟ་ཁོལ་མས་དམ་སྐོང་གཟི་མདངས་བསྐྱེད༔ བར་ཆད་གདུག་པའི་དགྲ་བགེགས་རྡུལ་དུ་རློག༔ ཅེས་བྱ་ལ༔ གུ་གུལ་དང་ཚིལ་ཆེན་སྦྱར་བའི་དུད་པས་ཕུར་པ་བདུག་ཅིང ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་མ་གུ་ཏ་ལ་པྲ་ཏ་ལ་པྲ་ཏ་ལ་ཤ་ལ་ར་ཙ་ཧཱུྃ༔ དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཞེས་ཅི་རིགས་བཟླས་པས༔ སྔོན་གྱི་སྒྲོལ་བ་དྲག་པོའི་ཞེ་སྡང་རྗེས་སུ་དྲན་ནས་སྤྱན་རྩ་དམར་ལོག་གིས་སོང་ནས་གདུག་པའི་དབལ་དང་ལྡན་པ༔ མི་བཟད་པའི་རྣོ་ངར་ཐོགས་རྡུགས་མེད་པའི་ནུས་པ་དང་ལྡན་པར་བསམ་པ་ནི་ཐུགས་མཉེས་པའི་མཆོད་པའོ༔ དེ་ནས་ཡུངས་ཀར་གྱིས་བྲབས་ལ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཻ་ཏ་ལི་མ་དྷ་ལ་རཀྵ་རཀྵ་ཧཱུྃ་ཕཊཿ སུ་རུ་སུ་རུ་པྲ་པ་སུ་རུ༔ ཨ་ཏི་ཏིཥྛ་མུགས་མུགས༔ ཧ་ལ་ཧ་ལ༔ དགྲ་བགེགས་འ བྱུང་པོའི་ཙིཏྟ་མྱོགས་མཱ་ར་ཡ་ཧཱུྃ་ཕཊ༔ ཞེས་བརྗོད་པས༔ བ་སྤུའི་བུ་ག་ཚུན་ཆོད་ཀྱང་ཁྲོ་ཆུང་གིས་གཏམས་ནས་རྡོ་རྗེའི་གཟི་བྱིན་བསྐལ་པའི་མེ་ལྟར་འབར་བས་བར་ཆད་ཐམས་ཅད་རྡུལ་དུ་བརླག་པ འི་ནུས་པ་དང་ལྡན་པར་བསམ་པ་ནི་སྐུ་མཉེས་པའི་མཆོད་པའོ། །དེ་ནས་མི་རྟ་གཅན་གཟན་ར་ཁྱི་ཕག་པའི་ཁྲག་སོགས་ཁྲག་སྣ་དང ༔ རེ་ལྕག་སྤྱང་ཚེར་རི་ཤོ་བསེ་ཞོ་བཙན་དུག་སོགས་དུག་སྣ་སྦྱར་བས་བྱུགས་ཤིང ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་ཛྭ་ལ་མ་དྷ་ལ་མ་དྷ་ལ་རཀྵ་རཀྵ༔ དགྲ་བགེགས་པ་ཤཾ་ཀུ་རུ་མཱ་ར་ཡ་ཧཱུྃ་ཕཊ༔ ཞེས་ཅི་རིགས་བཟླས་པསཿ གདུལ་བྱ་གདུག་པ་ཅན་ནམ་ཡང་མི་གཏོང་བའི་ཐུགས་དམ་རྗེས་སུ་ཆགས་པའི་གཟི་མདངས་ལྷག་པར་རྒྱས་ཤིང་ཕུར་པ་དམར་ནག་དུད་ཁ་རེག་པས་འཇོམས་པ་གཅིག་ཏུ་གྱུར་པར་བསམ་པ་ནི་གསུང་མཉེས་པའི་མཆོད་པའོ༔ དེ་ལྟར་བྱས་པས༔ རྫས་ཀྱི་དུད་པ་དུག་གི་སྤྲིན་དམར་ནག་ཏུ་འཁྲིགས་པའི་གསེབ་ནས་འབར་བའི་སྲས་མཆོག་ཤིན་ཏུ་རྔམས་པའི་གར་དགུས་རོལ་པའི་གཟི་བྱིན་བཟོད་པར་དཀའ་བ༔ བསྐལ་པའི་མེ་དཔུང་འབུམ་ལྟར་འབར་ཞིང༔ དྲག་སྔགས་ཀྱི་ང་རོ་འབྲུག་སྟོང་ལྟར་སྒྲོགས་པ་སྤྲུལ་པའི་ཁྲོ་ཆུང་དང་མཚོན་ཆའི་ཐོག་སེར་དྲག་ཏུ་བབས་པས་བར་ཆད་ཐལ་བར་བརླག་ཅིང་རྣམ་ཤེས་དབང་དུ་བསྡུས་པར་བསམ་ལ་དྲག་སྔགས་སྙིང་པོ་ཚར་གཅིག་བརྗོད་ནས༔ དགྲ་བགེགས་ཀྱི་སྙིང་དཀར་ནག་གི་མཚམས་སུ་བཞུགས་པར་བསམ་ལཿ ས་མ་ཡ་ཏིཥྛ་ལྷནཿ ཞེས་བརྗོད་ལ་དལ་དུ་ཕུར་པའི་གདན་ལ་བཞག་གོ། །དེ་ནས་དཀྱིལ་འཁོར་གསུམ་སོགས་གཞུང་ལྟར་རོ། །འཇམ་དཔལ་རྡོ་རྗེས་བསྡེབས་པ་དགེའོ།།


previousརྒྱུད་ལུགས་རྡོ་རྗེ་ཕུར་པའི་ལས་བྱང་ཕྲིན་ལས་ཐོགས་མེད། འཇམ་མགོན་མི་ཕམ་རྣམ་རྒྱལ།next