Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཧཱུྃ། ཆོས་དབྱིངས་སོགས། འཇམ་མགོན་མི་ཕམ་རྣམ་རྒྱལ།
   
   
   


 
previousཧཱུྃ། ཆོས་དབྱིངས་སོགས། འཇམ་མགོན་མི་ཕམ་རྣམ་རྒྱལ།next

ཧཱུྃ། ཆོས་དབྱིངས་སོགས། འཇམ་མགོན་མི་ཕམ་རྣམ་རྒྱལ།

༈ ཧཱུྃ། ཆོས་དབྱིངས་དྲག་པོ་ཨེ་ཡི་གཞལ་ཡས་སུ། །རྒྱལ་བ་ཀུན་གྱི་ཕྲིན་ལས་གཅིག་བསྡུས་ནས། །དྲག་པོའི་སྐུར་བཞེངས་དཔལ་ཆེན་ཧེ་རུ་ཀ །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། །བདུད་འདུལ་ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། །ཟ་གསོད་ཉི་ཤུ་སྲས་མཆོག་སྒོ་མ་དང་། །ཕུར་སྐྱོང་སྲུང་མ་དམ་ཅན་དྲེགས་པའི་སྡེ། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ། །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ལྷུན་པོར་སྤུངས་པའི་འདོད་དགུའི་བ་ལིང་ཏ། །དམ་རྫས་བདུད་རྩི་སྨན་དང་རཀྟ་དམར། །རྒྱ་མཚོ་ལྟ་བུར་བསྐྱིལ་བའི་མཆོད་ཚོགས་ཀྱིས། །ཐུགས་དམ་དགྱེས་བསྐྱེད་གསང་བ་སྔགས་ཀྱི་སྒྲ། །འཛབ་བསྙེན་གྲངས་སུ་བསྒྲང་བའི་མཆོད་པ་འབུལ། །ཆེ་བའི་ཡོན་ཏན་མཉམ་མེད་ཡེ་ཤེས་སྐུ། །ཐོགས་མེད་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད། །སྙིགས་དུས་ལས་ཉོན་དྲག་པོས་མནར་བ་བདག །བར་ཆད་དགྲ་བགེགས་འབྱུང་པོས་འཚེ་བྱེད་ན། །རེ་ས་སྐྱབས་གནས་གཞན་དུ་མ་མཆིས་པས། །སྙིང་ནས་ལྷ་མཆོག་ཁྱོད་ཀྱི་ཐུགས་དམ་བསྐུལ། །སྔོན་གྱི་ཐུགས་དམ་མ་གཡེལ་ཐུགས་རྗེས་དགོངས། །དུས་འདི་ཉིད་དུ་ཡེ་ཤེས་རྡོ་རྗེ་ཡི། །བྱིན་རློབས་དབང་སྐུར་སྒྲུབ་པའི་རྟགས་མཚན་སྟོན། །བར་ཆད་དགྲ་བགེགས་དམ་སྲིའི་སྲོག་ལུས་སྙིང་། །གཞོབ་རྒོད་རྡོག་པས་བརྫིས་པ་ཇི་བཞིན་དུ། །གསོ་གླགས་མེད་པར་དམྱལ་ཐག་གཅོད་པ་དང་། །གཞན་དོན་ལྷུན་གྲུབ་ཐུགས་རྗེས་ཡང་སྒྲོལ་གྱིས། །སྲིད་པའི་དགྲ་སྡེ་རྩད་ནས་གཅོད་པ་ཡི། །མངོན་སྤྱོད་དྲག་པོའི་ཕྲིན་ལས་མ་ལུས་པ། །ཐོགས་མེད་ད་ལྟ་ཉིད་དུ་གྲུབ་པ་དང་། །ཐལ་འབྱིན་རྣམ་བཞིའི་དགོངས་པའི་རྩལ་རྫོགས་ནས། །བྱང་ཆུབ་འབྲས་བུའི་མཐར་ཐུག་འགྲུབ་པར་མཛོད། །ཞེས་ཟླ་བཅུ་གཉིས་ཚེས་གཅིག་ལ་མི་ཕམ་པས་སོ། །དགེའོ།།


previousཧཱུྃ། ཆོས་དབྱིངས་སོགས། འཇམ་མགོན་མི་ཕམ་རྣམ་རྒྱལ།next