cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་གཅིག་པ།

གླེགས་བམ། ད༽

རོང་ཟོམ་ཆོས་བཟང་། སློབ་དཔོན་པདྨ་འབྱུང་གནས། སྣ་ནམ་རྡོ་རྗེ་བདུད་འཇོམས རྒྱལ་སྲས་གཞན་ཕན་མཐའ་ཡས། རིན་ཆེན་རྣམ་པར་རྒྱལ་བ། ཇོ་བོ་ལང་ལབ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

དཔལ་རྡོ་རྗེ་ཕུར་པའི་སྒྲུབ་སྐོར་ལས་རོང་ཟོམ་ལུགས་ཀྱི་ཕུར་པའི་གཞུང་པོད་བསྟན་པ་རྒྱ་མཚོའི་སྙིང་བཅུད།

དཔལ་རྡོ་རྗེ་ཕུར་པའི་སྒྲུབ་སྐོར་ལས། རོང་ཟོམ་ལུགས་ཀྱི་ཕུར་པའི་གཞུང་པོད་བསྟན་པ་རྒྱ་མཚོའི་སྙིང་བཅུད་ཅེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་བཛྲ་ཀུ་མཱ་ར་ཡ། དེ་ལ་འདིར་ཕྱོགས་དུས་ཀྱི་རྒྱལ་བ་ཡོངས་ཀྱི་ཕྲིན་ལས་ཀྱི་རང་གཟུགས་དཔལ་རྡོ་རྗེ་གཞོན་ནུ་ཡིན་ལ། དེ་ཉིད་སྒྲུབ་པའི་ཆོས་སྐོར་ལས་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀར་ཆག་ལས། རྡོ་རྗེ་གཞོན་ནུ་ཕྲིན་ལས་ཀྱི་རྒྱུད་ལ་བིདྱོཏྟ་མ་ལ་འབུམ་སྡེ་ཕུར་པ་ཕ་ཡི་རྒྱུད། རྣལ་འབྱོར་དམ་པ་གསང་ཆེན་མ་ཡི་རྒྱུད། ཀཱི་ལ་ཡི་བཅུ་གཉིས་ཕུར་པ་གཉིས་ཀའི་རྒྱུད། ཅེས་གསུངས་པ་ལྟར་བིདྱོཏྟ་མ་ལ་ཞེས་པ་བོད་སྐད་དུ་རིག་པ་མཆོག་གི་རྒྱུད་འབུམ་པར་གྲགས་ཤིང་རྩ་དུམ་སོགས་ཕ་རྒྱུད། ཕུར་པ་གསང་བའི་རྒྱུད་ཆེན་པོ་སོགས་མ་རྒྱུད། ཀཱི་ལ་ཡ་བཅུ་གཉིས་སོགས་གཉིས་ཀའི་རྒྱུད་དུ་མཛད་པའི་ཕྲིན་ལས་ཕུར་པ་རོལ་པའི་རྒྱུད་སྡེ་རྒྱ་མཚོའི་དགོངས་བཅུད་མན་ངག་གི་ཕྱེ་བའི་བཀའ་སྲོལ་མི་འདྲ་བ་དུ་མ་ཡོད་པ་ལས་ཁྱད་པར་དུ་གྱུར་པ་རོང་ཟོམ་ཆོས་ཀྱི་བཟང་པོའི་བཀའ་སྲོལ་ལས་བྱུང་བའི་རོང་ཕུར་ཞེས་ཡོངས་སུ་གྲགས་པ་འདི་ནི་བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་མངའ་བདག་དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ནས་རིང་བརྒྱུད་བར་མ་ཆད་པ་དང་། ཉེ་བརྒྱུད་ཁྱད་པར་བའི་དབང་དུ་བྱས་ན། རོང་བན་ཡོན་ཏན་རིན་ཆེན་གྱིས་སློབ་དཔོན་ཆེན་པོ་དངོས་ལ་ཐུག །མི་ཡུལ་དུ་ལོ་སུམ་བརྒྱར་བཞུགས་ཏེ་མཐར་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། དེའི་སྲས་རོང་བན་རིན་ཆེན་ཚུལ་ཁྲིམས་དགུང་ལོ་ཕྱེད་དང་ཉིས་བརྒྱར་བཞུགས། དེའི་སྲས་རོང་ཟོམ་པཎྜི་ཏ་ཆེན་པོ་ཆོས་ཀྱི་བཟང་པོ་ཡིན་ཏེ་དགུང་ལོ་བརྒྱ་དང་བཅུ་དགུ་བཞུགས་ཤིང་སྐུ་ལ་བསྒྲེས་རྒུད་མི་མངའ་ཞིང་འཛམ་བུའི་གླིང་ན་ཡོངས་སུ་གྲགས་པའི་མཁས་གྲུབ་གཉིས་ལྡན་དུ་གྱུར་པ་ཡིན་པས་དེ་རྣམས་ལས་གྲུབ་ཐོབ་ཀྱི་བརྒྱུད་པ་བར་མ་ཆད་པར་བྱོན་པས་བྱིན་རླབས་ཀྱི་ཚན་ཀ་གཞན་ལས་འཕགས་པའི་སྒྲུབ་སྐོར་གྱི་རིམ་པ་འདི་ལ་ནང་གསེས་སུ། རོང་ཟོམ་གྱི་ལུགས་དང་། ཇོ་མོའི་ལུགས་ཀྱི་ཡིག་ཆ་གཉིས་སུ་བཞུགས་པས། དང་པོ་རོང་ཟོམ་གྱི་ལུགས་ཀྱི་ཡིག་ཆ་ལ།

དཔལ་རྡོ་རྗེ་ཕུར་པའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་ངོ་མཚར་རྒྱ་མཚོའི་རྦ་རླབས།

དཔལ་རྡོ་རྗེ་ཕུར་པའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་ངོ་མཚར་རྒྱ་མཚོའི་རྦ་རླབས་ཞེས་བྱ་བ་བཞུགས་སོ། །དཔལ་རྡོ་རྗེ་ཕུར་པའི་ལོ་རྒྱུས་ངོ་མཚར་རྒྱ་མཚོའི་རྦ་རླབས་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །རིག་འཛིན་བླ་མ་རྒྱལ་བ་སྲས་དང་བཅས། །ཡི་དམ་ལྷ་དང་མཁའ་འགྲོ་རྒྱ་མཚོ་ལ། །བདག་ཡིད་གུས་པས་རྟག་པར་ཕྱག་བགྱིས་ཏེ། །ཡང་གསང་ཆོས་ཀྱི་གཏམ་རྒྱུས་བསྒྲག་པར་བྱ། །དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོས། དུས་ཕུན་སུམ་ཚོགས་པ་དུས་བཞི་མཉམ་པ་ཉིད་ཀྱི་དུས། གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ། སྐྱེ་མེད་མཐའ་བྲལ་ཆེན་པོའི་དགོངས་པ་ལས་མ་གཡོས་བཞིན་དུ་འགག་མེད་ཀྱི་ཆོ་འཕྲུལ་བདག་ཉིད་རྩ་བའི་དཀྱིལ་འཁོར་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དུ་སྐུ་བཞེངས་པ་ཐབས་ཤེས་གཉིས་སུ་མེད་པར་སྦྱོར་བ་ལས། འཁོར་ཕུན་སུམ་ཚོགས་པ་ཕྱོགས་བཅུའི་ཁྲོ་བོ་ཁྲ་ཐབས་དང་། ཕུར་པ་སྲས་ཀྱི་དཀྱིལ་འཁོར་མངོན་པར་སྤྲུལ་ནས། ཆོས་ཕུན་སུམ་ཚོགས་པ་བིདྱོཏྟ་མ་ལ་འབུམ་སྡེ་ལ་སོགས་པ་ཕྲིན་ལས་ཕུར་པའི་རྒྱུད་མཐའ་དག་གསུངས་སོ། །རྒྱུད་དེ་དག་ཀྱང་། སྟོན་པ་ཉིད་དང་། རྡོ་རྗེ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་དང་། མཁའ་འགྲོ་མ་དང་། བྲམ་ཟེ་མིའི་ཐོད་པ་ཅན་ལ་སོགས་པས་ཡང་དག་པར་བསྡུས་སོ། །ཅི་འཁོར་གྱིས་བསྡུས་པར་རིགས་ཀྱི། སྟོན་པ་ཉིད་ཀྱིས་བསྡུས་པ་མི་འཐད་དོ་སྙམ་ན། དེ་ནི་འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། ཞེས་པ་དང་། གསང་འདུས་ཀྱི་འགྲེལ་པ་ལས། སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པའི་གསང་བ་གྲུབ་པ་ལས། སློབ་དཔོན་ཁ་ཅིག་འདི་སྐད་དུ། །དཔལ་ལྡན་འདུས་པ་མདངས་ཅན་གྱིས། །རྒྱུད་ཀྱི་སྡུད་པར་བྱེད་པ་པོ། །དཔའ་བོ་འཇིག་རྟེན་དབང་ཕྱུག་ཟེར། །བླ་མའི་ཞལ་གྱི་བཀའ་དྲིན་གྱིས། །དཔལ་ལྡན་འདུས་པའི་སྡུད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པོ་ནི་ཐུགས་རྡོ་རྗེ། །ཞེས་རྒྱ་འགྲེལ་ལས་འབྱུང་བས་གསལ་བ་ཡིན་ནོ། །དེ་ནས་མཁའ་འགྲོ་མ་དང་མིའི་ཡུལ་དུ་རིམ་གྱིས་དར་བ་ཡིན་ཏེ། སྟོན་པ་ཀུན་ཏུ་བཟང་པོས། རྒྱལ་བ་རིགས་ལྔ་དང་། རྡོ་རྗེ་གཞོན་ནུ་དང་། ལག་ན་རྡོ་རྗེ་དང་། དེ་དག་གིས་རྒྱལ་བ་རིགས་བཞི། །དེ་དག་ལས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསན་ནོ། །ཡང་རྡོ་རྗེ་སེམས་དཔའ་དེས་དགའ་རབ་རྡོ་རྗེ་ལ་བཤད། དེས་སངས་རྒྱས་རྣམ་པར་གཟིགས་ཀྱི་སྤྲུལ་པ་བཞད་པའི་རྡོ་རྗེ་ལ་བཤད། དེས་རྒྱལ་པོ་ཨུ་རུ་ཤ་ནེ་ལ་བཤད། དེས་ཀླུའི་བུ་མོ་རྒྱ་མཚོ་མ་ལ། དེས་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ། དེས་སློབ་དཔོན་དྷ་ན་སཾ་སྐྲྀ་ཏ། དྷ་ན་ཨུ་པ་ཡ། བློ་ལྡན་མཆོག་སྲེད་གསུམ་ལ་བཤད། དྷ་ན་སཾསྐྲྀ་ཏས། སློབ་དཔོན་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ་གསུམ་ལ་བཤད་དོ། །ཡང་རྡོ་རྗེ་སེམས་དཔས་རྒྱལ་པོ་ཛཿལ་གླེགས་བམ་གྱི་ཆར་དངོས་གྲུབ་ཏུ་ཕབ་པ་ལས་བརྒྱུད་པ་ཡང་ཡོད་དེ། ཇི་སྐད་དུ། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །རྒྱལ་པོ་ཛཿཞེས་བྱ་བ་ལ། པོ་ཏི་གླེགས་བམ་སྣང་བར་བྱེད། །ཅེས་གསུངས་པ་ལྟར། རྒྱལ་པོ་ཛཿ ལྷ་ལྕམ་གོ་མ་དེ་ཝི། རྒྱལ་བུ་ཤ་ཀྲ་པུ་རི་ནས་རིམ་པར་བརྒྱུད་དེ་རྒྱ་བལ་བོད་གསུམ་དུ་དར་རོ། །ཡང་ཀུན་ཏུ་བཟང་པོས་རྡོ་རྗེ་གཞོན་ནུ་ལ། དེས་བྲམ་ཟེ་མིའི་ཐོད་པ་ཅན། དེས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད་དེ་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས། དེ་ཤྲཱི་སིདྷས་བཏོན། དེས་ཟ་ཧོར་གྱི་མཁན་པོ་པྲ་ཧསྟི། དེས་ལྷ་ལྕམ་ཨུ་མ་དཱ་ན། དེས་སློབ་དཔོན་པདྨ་འབྱུང་གནས་ལ་བརྒྱུད་དོ། །ཞེས་གྲགས་སོ། །བརྒྱུད་ཚུལ་གཞན་ཡང་མང་དུ་ཡོད་མོད་ཀྱི། འདིར་ནི་བདག་ཅག་ལྟ་བུ་མཐོང་བ་ཆུང་བ་དག་གིས་ཇི་ལྟར་ཐོས་པ་ཉིད་བྲིས་པ་ཙམ་མོ། །ད་ནི་སངས་རྒྱས་གཉིས་པ་མི་ཡུལ་དུ་བྱོན་པ་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་འདིའི་སྐུ་ཆེ་བའི་ཡོན་ཏན་མདོ་ཙམ་སྨོས་ན། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་རྒྱལ། །ཞེས་གསུངས་པས་བརྗོད་བྱ་བཤད་ཐབས་ཕྱོགས་གཅིག་གིས་ཆོས་དང་གང་ཟག་གཉིས་ཀ་ལུང་བསྟན་པ་ལྟར་དུ་སྤྱིར་སློབ་དཔོན་ཆེན་པོ་འདི་པདྨ་ལས་བརྫུས་ཏེ་སྐྱེས་པ་ཡིན་ན་ཡང་། ཕྲིན་ལས་ཕུར་པའི་ཆོས་འདི་སྤེལ་བའི་སླད་དུ་མངལ་དུ་སྐྱེ་བ་བཟུང་བར་མཛད་པ་ཡིན་ཏེ། དེའི་རྒྱུ་མཚན་མངལ་སྐྱེས་ཀྱི་སེམས་ཅན་རྣམས་བརྫུས་སྐྱེས་ཀྱིས་མི་ཐུལ་བས། སངས་རྒྱས་རྣམས་ཀྱང་མངལ་འཛིན་པའི་ཚུལ་སྟོན་དགོས་པའི་ཕྱིར། སློབ་དཔོན་གྱིས་ཀྱང་མངལ་དུ་ཞུགས་པའི་ཚུལ་བསྟན་པས། རྒྱ་བོད་གཉིས་སུ་སློབ་དཔོན་གྱི་ཆོས་གཞན་བས་ཕུར་བ་དར་རྒྱས་ཆེ་ཞིང་། འདིའི་སྒོ་ནས་གྲོལ་བ་ཐོབ་པ་དང་། གྲུབ་པ་བརྙེས་པ་བྱོན་པའི་རྣམ་གྲངས་བརྗོད་ཀྱིས་མི་ལང་བའི་རྒྱུ་མཚན་དེ་ཡིན་ནོ། །དེ་ཡང་ཨོ་རྒྱན་གྱི་ཡུལ་ན་སྲིད་སྐྱོང་བའི་རྒྱལ་པོ་མ་ནུ་སི་ཏ་བྱ་བའི་བུ་དྷ་ན་རཀྵི་ཏ་ཞེས་ཀྱང་བྱ། ཤཱནྟ་རཀྵི་ཏ་བྱ་བ་ཁ་དོག་དཀར་ལ་དམར་བའི་མདངས་དང་ལྡན་པས་པདྨའི་རིགས་ཀྱི་མཚན་དང་ལྡན་ཞིང་། སྒྱུ་རྩལ་ཐམས་ཅད་རྫོགས་པ་མགོ་དང་སྐེད་པ་རྒྱ་མདུད། རོ་སྟོད་བཅུམ་གཞོགས། རོ་སྨད་ཟུར་གསུམ། ཁ་དང་མིག་ཟླ་གམ། སྐྲ་ཁམ་པ་སྟེ། མི་སྡུག་པ་ཕུར་པའི་མཚན་ཉིད་ཅན་ཞིག་སྐྱེས་སོ། །དེ་ཆེར་སྐྱེས་པ་ན། ཡུལ་དེའི་རྒྱལ་པོ་སྲས་ཀྱིས་ཕོངས་པ་ཞིག་ལ། ནམ་ཞིག་ན་སྲས་གཅིག་བྱུང་ནས། དེ་སྐྱེད་མོས་ཚལ་དུ་བཟའ་ཤིང་གི་བསིལ་གྲིབ་ལ་བསྙལ་བའི་མགོ་ལ་ཤ་སྦྲང་གཅིག་གིས་ཟ་བཞིན་འདུག་པ་ལ། དྷ་ན་རཀྵི་ཏས་རྒྱལ་བུ་ཤི་ཡིས་དོགས་ཏེ་སོར་རྡོ་འཕངས་པས་རྡེའུ་དང་ཤ་སྦྲང་སྦྲགས་ཀླད་པའི་ནང་དུ་སོང་ནས་རྒྱལ་བུ་ཤིའོ། །འདི་ལ་ཁ་ཅིག་བློན་པོའི་དབུ་ལ་ཏྲི་ཤུ་ལ་ཕོག་ནས་བསད་ཟེར་ཏེ། བརྫུས་སྐྱེས་ཀྱི་ལོ་རྒྱུས་སུ་དེ་ལྟར་ཡིན་གྱི། འདིར་མི་འཐད་དོ། །དེ་ནས་མི་རྣམས་ཀྱིས་ཁྱོད་ཀྱིས་རྒྱལ་བུ་བསད་དོ་བྱས་པས། བདག་གིས་ངན་སེམས་ཀྱིས་མ་རྒྱབ་སྟེ། རྒྱལ་བུའི་མགོ་ལ་ཤ་སྦྲང་ཅིག་ཟ་ཞིང་མཆིས་པས། ཤ་སྦྲང་ལ་འཕངས་པས་སོར་རྡོ་དང་བཅས་པ་ཀླད་པར་སོང་ནས་གུམ་མོ། །ཞེས་སྨྲས་པ་དང་། མི་རྣམས་ཀྱིས་བལྟས་པས། དེ་ལྟར་འདུག་པ་དང་། རྒྱལ་ཁྲིམས་གཉན་པས། ཉེས་པ་རབ་གསོད། འབྲིང་སྤྱུགས། ཐ་མ་ལོ་གསར་ལྷགས་སྒོང་ལ་ནང་མ་རེ་ལ་བག་ཕྱེ་ཁལ་བརྒྱ་པ་རེ་འཇལ་དུ་འཇུག་པ་ལས། འདིས་ད་རེས་རྒྱལ་པོའི་སྲས་བསད་པ་ཡིན་པས་ཉེས་པ་རབ་ཏུ་འོང་སྟེ། ངན་སེམས་ཀྱིས་མ་བརྒྱབ་པས་སྤྱུགས་པར་རིགས་སོ། །ཞེས་གྲོས་འཆམ་སྟེ་སྤྱུགས་སོ། །དེར་མདའ་ལྔ་དང་གཞུ་ཐོགས་ནས་རྒྱ་གར་གྱི་དུར་ཁྲོད་སོ་ས་གླིང་དུ་བྱོན། ཡོ་བྱད་གཞན་ནི་ཅི་ཡང་མེད་པས། རོ་ཟས་འབྲས་ཆན་ཟས་སུ་ཟ་ཞིང་རོ་རས་གོས་སུ་གྱོན། ཕོ་བྱུང་ཚད་བཏགས་ཤིང་བཏང་། མོ་བྱུང་ཚད་སྤྱད་ཅིང་བཏང་བས་དུར་ཁྲོད་ན་སྲིན་པོ་ཤཱནྟ་རཀྵི་ཏ་བྱ་བ་སྣང་ངོ་། །ཞེས་གྲོང་ཁྱེར་ཀུན་ཏུ་གླེང་ངོ་། །དེའི་ཚེ་ཡུལ་དེའི་རྒྱལ་པོ་འཐབ་པར་དགའ་བ་ཞེས་བྱ་བ་ཁྲོས་ཏེ། འདི་མ་བསད་ན་ཡུལ་ཁམས་ཕུང་སྟེ་འགྲོ་བས་སོད་ཅིག་ཅེས་བསྐོས་ནས་དམག་བཅས་ཏེ། རྒྱལ་པོའི་བུ་ཨིནྡྲ་རཱ་ཛ་དཔའ་ཞིང་གཏུམ་པ་ལ་ལུང་པའི་དོགས་དུར་ཁྲོད་མདོ་འགག་དམ་པར་དགུག་ཏུ་བཅུག །རྒྱལ་པོ་དམག་དང་བཅས་པས་རི་རོང་དུར་ཁྲོད་ཀུན་ཏུ་བཤུས་པས། ཤཱནྟ་རཀྵི་ཏས་བྲོས་པ་དང་། དུར་ཁྲོད་ཀྱི་མདོ་འགག་ན་རྒྱལ་བུ་ཨིནྡྲ་རཱ་ཛས་དགུག་པ་དང་འཕྲད་དེ་དེར་ཤཱནྟ་རཀྵི་ཏས་མདའ་འཕངས་བས། ཨིནྡྲ་རཱ་ཛའི་སྙིང་ལ་ཕོག་སྟེ་བསད་དོ། །དེ་ནས་བྲོས་ཏེ་སོང་བ་ན་རེ་ཞིག་ན་ལམ་དུ་མི་གཉིས་དང་འཕྲད་ནས། ཁྱེད་གཉིས་གར་འགྲོ་དྲིས་པས་ཟ་ཧོར་གྱི་མཁན་པོ་ལ་ཆོས་ཉན་དུ་འགྲོ་ཟེར། དེར་སྔར་གྱི་རང་གི་སྤྱོད་པ་ལ་སྐྱོ་སྟེ་གྲོགས་དང་བསྡོངས་ཏེ་ཆོས་ལ་ཕྱིན་པས་ལམ་དུ་སློབ་དཔོན་ཤཱཀྱ་བོ་དྷི་དང་མཇལ་ནས་གསུམ་ཀ་རབ་ཏུ་བྱུང་། དགེ་ཚུལ་གྱི་ཁྲིམས་མནོས་ཏེ། མིང་ཡང་ཤཱཀྱ་པྲ་བྷ། ཤཀྱ་མི་ཏྲ། ཤཱཀྱ་སེང་གེ་ཞེས་བཏགས། དེ་ནས་ཟ་ཧོར་དུ་ཕྱིན་པས། སློབ་དཔོན་པྲ་ཧ་སྟི་དང་མཇལ། གྲོགས་གཉིས་ཀྱིས་གསེར་གྱི་མཎྜལ་ཕུལ་ནས་ཆོས་ཞུས་པས་གསུམ་ཀ་ལ་ཡོ་གའི་དབང་རྫོགས་པར་བསྐུར། གསང་མཚན་ལས་ཀྱི་རྡོ་རྗེ། ཆོས་རབ་རྡོ་རྗེ། ཤཱཀྱ་སེང་གེའི་མཚན་སེམས་དཔའ་རྡོ་རྗེ་ཞེས་བཏགས་སོ། །ཏ་ཐཱ་སཾ་ག་ཧའི་རྒྱུ་མཚན་ཉིད་སྡེ་གསུམ་ལྟར་བཤད་ནས་ཚིམ་མམ་གསུངས་པས། ཤཱཀྱ་པྲ་བྷས་ཚིམ་ཟེར་ནས་སོང་། གཉིས་པོས་མ་ཚིམ་བྱས་པས་སྔགས་ཕྱི་བ་སྡེ་གསུམ་ལྟར་ཚར་གཅིག་བཤད་ནས་ཚིམ་མམ་གསུངས། ཤཱཀྱ་མི་ཏྲས་ཚིམ་ཟེར་ནས་སོང་། ཤཱཀྱ་སེང་གེ་མི་བསད་པས་ཡུལ་དུ་འགྲོ་ས་མེད་པས་མ་ཚིམ་བྱས་པས། སློབ་དཔོན་གྱི་ལག་མཐིལ་དུ་ཡོ་གའི་ལྷ་རྣམས་གསལ་བར་བསྟན་ནས། འདི་ལ་ཞུའམ། ང་ལ་ཞུ་གསུངས། དེར་སློབ་དཔོན་ལ་ཞུ་བྱས་པས། སློབ་དཔོན་ན་རེ། རིགས་དབང་རིག་པའི་སྲས་ཡིན་པས། །རྒྱལ་བའི་དཀྱིལ་འཁོར་ང་ལས་སྤྲུལ། །ང་ནི་ཐུགས་ཀྱི་དཀྱིལ་འཁོར་ཡིན། །ང་ལས་ཐམས་ཅད་འབྱུང་བས་ན། །ང་ཡིས་བསྟན་པ་བཞིན་དུ་ཉོན། །ཞེས་གསུངས་ནས་ཡོ་གའི་ཆོས་ཐམས་ཅད་རྫོགས་པར་བསླབ། དེ་ནས་གསང་བ་བླ་ན་མེད་པ་སྒྱུ་འཕྲུལ་གྱི་དབང་རྫོགས་པར་བསྐུར། དེ་ནས་ཕུར་པ་འབུམ་སྡེའི་ཆོས་ཐམས་ཅད་རྫོགས་པར་བཤད་པ་ཡིན་ནོ། །དེ་ནས་གཉིས་སུ་མེད་པའི་ཡེ་ཤེས་རྟོགས། ཚེ་ལ་དབང་བའི་རིག་འཛིན་ཐོབ། ཟ་ཧོར་རྒྱལ་པོའི་བུ་མོ་མེ་ཏོག་མནྡ་ར་བྱ་བ་བསྒྲུབ་བྱར་བཀུག་ནས། ནུབ་ཕྱོགས་ཀྱི་རི་གོ་མ་ཧ་ཏི་ཤ་གའི་བྲག་ཕུག་མཱ་ར་ཏི་ཀ་རུ་བསྒྲུབས་པས་རྣམ་པར་སྨིན་པའི་རིག་འཛིན་ཐོབ་བོ། །དེ་ནས་བསད་པས་མི་འཇིགས་སྙམ་སྟེ། རྒྱ་གར་དུ་བྱོན་པས། སྔོན་རྒྱལ་པོ་ཨིནྡྲ་རཱ་ཛ་བསད་པའི་མི་ཐོང་པོ་ཡིན་པར་ངོ་ཤེས་ནས། རྒྱལ་པོ་འབངས་དང་བཅས་པས་སློབ་དཔོན་ལྷ་ལྕམ་དང་བཅས་པ་ཙནྡན་གྱི་མེ་ལ་བསྲེག་སྟེ། ཞག་བདུན་ནས་དུ་བ་ཆད་པ་དང་བལྟས་པས། མཚོའི་དབུས་ན་པདྨའི་སྡོང་པོ་གྱེས་པ་ལ་སློབ་དཔོན་ལྷ་ལྕམ་གཉིས་བཞུགས་པ་མཐོང་ནས་ངོ་མཚར་ཏེ། ཉེས་པ་བཤགས། མཆོད་གནས་སུ་བཞུགས་པར་ཞུས་པས་མ་གནང་སྟེ། རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་གྱིས་ཤིག །དེ་ལྟར་མ་བྱས་ན་ཁྱེད་ཅག་ཉམས་པར་འགྱུར་རོ་གསུངས་ནས་ཨོ་རྒྱན་དུ་བྱོན་ནོ། །དེར་ཡང་སྔོན་གྱི་མིང་ཐོང་པོ་བྱུང་ངོ་ཟེར་ནས། ཡུལ་གྱི་མི་རེས་ཤིང་ཁུར་རེ་བསྡུས་ནས་མེ་དཔུང་ཆེན་པོའི་དབུས་སུ་བསྲེགས་པས་མ་ཚིག་སྟེ། སྔར་བཞིན་མཚོའི་དཀྱིལ་ནས་པདྨའི་སྡོང་པོ་སྐྱེས་པའི་ལྟེ་བར་བཞུགས་པ་མཐོང་ནས་ཐམས་ཅད་ངོ་མཚར་ཞིང་དད་པ་སྐྱེས། སྔར་གྱི་ཉེས་པ་བཤགས་ནས། ཨོ་རྒྱན་གྱི་ཡུལ་དུ་ཆོས་ཀྱི་བསྟན་པ་རྒྱས་པར་མཛད་དོ། །དེ་ནས་སློབ་དཔོན་གྱི་དགོངས་པ་ལ། སྐྱེ་ཤི་འཁོར་བའི་ཆོས་དང་ནི་བྲལ། མི་བརྗེད་པའི་གཟུངས་ནི་ཐོབ། ཚེ་ལ་དབང་བ་དང་། རྣམ་པར་སྨིན་པའི་རིག་འཛིན་ནི་བརྙེས། ད་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཅིག་བསྒྲུབ་དགོས་དགོངས་ནས། བལ་ཡུལ་དུ་བྱོན་ཏེ། ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་ཡང་དག་མར་མེ་དགུ་པའི་སྒྲུབ་པ་མཛད་པས། ཡུལ་དེའི་ཀླུ་གྱོང་པོ་ཞེས་བྱ་བ་དང་ལྷ་འདྲེ་ཡོངས་ཀྱིས་བར་ཆད་བྱས་ཏེ། ལོ་གསུམ་དུ་གནམ་ལས་ཆར་མ་བབས། ས་ལ་རྩི་ཤིང་ནགས་ཚལ་དང་ལོ་ཐོག་ཐམས་ཅད་བསྐམ། ཆུ་བོ་དང་ཆུ་བྲན་ཀུན་ཀྱང་རྒྱུན་ཆད་དེ་དུས་ངན་བྱུང་བའི་ཚེ་སློབ་དཔོན་གྱི་དགོངས་པ་ལ། འདི་ནི་ཅིས་ཀྱང་མ་ལན་ཏེ། བདག་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པ་ཞིག་གོ་སྙམ་ནས། མཆོད་པ་བཤམས་ཏེ། ལྷ་ལ་གསོལ་བ་བཏབ་པས། ནམ་མཁའ་ལས་སྒྲ་བྱུང་སྟེ། བར་ཆོད་འདི་གཞན་གྱིས་འདུལ་བའི་ཐབས་མེད་ཀྱིས། རྒྱ་གར་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་ནས་རྡོ་རྗེ་ཕུར་པའི་རྒྱུད་སྡེ་སྤྱན་དྲངས་ཤིག་ཅེས་སྒྲ་བྱུང་ངོ་། །དེ་ནས་བལ་པོའི་མི་གཉིས་ལ་གསེར་ཕྱེ་བྲེ་གང་བསྐུར་ནས་པཎྜི་ཏ་ལྔ་བརྒྱ་ལ་ཕུལ། ལོ་རྒྱུས་གསོལ་བས། རྡོ་རྗེ་ཕུར་པའི་ཆོས་སྐོར་འབུམ་སྡེ་ཙམ་ཞིག་བཞུགས་པའི་ནང་ནས། པུསྟི་མི་ཁུར་གཉིས་པཎྜི་ཏ་རྣམས་ཀྱི་བརྫངས་སོ། །དེ་ཡང་ལེ་ཤོད་དུ་སླེབ་པ་ཙམ་གྱིས་ལྷ་འདྲེའི་བར་ཆད་རང་སར་ཞི་སྟེ་དུས་ཀྱི་འབྲུག་སྒྲོག །གློག་འགྱུས། ཆར་བབས་ཏེ་རྩི་ཤིང་ནགས་ཚལ་ལོ་ཐོག་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་ཙ་ན་ཕུར་པའི་ཆོས་འདི་བཀྲ་ཤིས་ཤིང་བྱིན་རླབས་མྱུར་བས་ཕྱོགས་ཐམས་ཅད་དུ་རྒྱས་པར་བྱ་སྙམ་དུ་དགོངས་ནས། རྒྱུད་སྡེ་རྣམས་ཀྱི་དགོངས་པ་འབྲེལ་བའི་བསྟན་བཅོས། ལྟ་བ་བྱི་ཏོ། སྒོམ་པ་ཕུན་སུམ་ཚོགས་པ། ཕྲིན་ལས་རྡོ་རྗེ་གཞོན་ནུ། གདབ་པ་ལས་ཁ་ཚར་དང་བཞི་རུ་ཕྱེ་སྟེ་མཛད། དུས་དེར་སློབ་དཔོན་པདྨ་དང་། བི་མ་ལ་མི་ཏྲ་དང་། བལ་པོ་ཤཱི་ལ་མཉྫུ་གསུམ་གྱིས་ཡང་ལེ་ཤོད་དུ་བསྒྲུབས་པས་རྟགས་ཐོན་ཏེ། དེའི་ཚུལ་འོག་ཏུ་འཆད་དོ། །དུས་དེར་ལུང་ཚད་དུ་ཕྱིན་ནམ་མ་ཕྱིན་དགོངས་པ་མཛད་པས་རྟགས་མངོན་སུམ་དུ་གཟིགས་པ་དང་། ཕུར་སྨད་ཉི་ཤུ་རུ་བསྡུས་ཏེ། རྒྱུད་ལྔ་ལ། ལུང་ཀཱི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ། ལྕགས་གཟེར་ནག་པོའི་ཏནྟྲ། འབུམ་བསྐོས་ཆེན་པོའི་ཏནྟྲ། ནམ་མཁའ་མཛོད་ཀྱི་ཏནྟྲ། རིག་པ་མཆོག་གི་ཏནྟྲའོ། །ལྟ་བ་ལྔ་ལ། ལྟ་བ་བྱི་ཏོ། བླ་མ་ཆེན་པོ། མྱ་ངན་ལས་འདའ་ཀ་མ། ཡེ་ཤེས་ཉི་ཟེར། ནམ་མཁའ་རོལ་པའི་རྒྱལ་པོའོ། །ཕྲིན་ལས་ལྔ་ལ། རྡོ་རྗེ་གཞོན་ནུ། ལས་བརྒྱ་རྩ་བརྒྱད་པ། སྲས་མཆོག་རྐེད་ཏྲེ། ལས་ཁ་ཚར། ལས་གསང་བའོ། །སྒྲུབ་པ་ལྔ་ལ། ཕུན་སུམ་ཚོགས་པ། ཐུགས་གསང་བ། གཟེ་མ་ནག་པོ། ཐུགས་ཀྱི་བརྣག་པ། ལས་ཀྱི་བཀོལ་བྱང་ངོ་། །དེ་ཙ་ན་ལྷ་བདུད་དུ་སྤྲུལ་ནས་དྲོད་ཉུལ་བ་ནི། ལྕགས་ཀྱི་སྡིག་པ་ནག་པོ་འཇིགས་སུ་རུང་བ་གཅིག་ཐོག་བབས་སུ་ཐོ་འཚམས་སུ་བྱུང་བ་ལ། སློབ་དཔོན་ཉིད་ཕག་ཏུ་བརྫུས་ནས་ཟོས་པར་ཆས་པས། སྡིག་པ་དེ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་རི་རབ་ལྟར་བརྗིད་པའི་སྐུར་མཐོང་། དྲག་ཤུལ་གྱི་ལས་ལ་ཐོགས་པ་མེད་པའི་དབང་ཐོབ་སྟེ། དེའི་དུས་སུ་བསྙེན་ཕུར་བསྒྲིལ་ཞིང་། ང་ཆེ་ང་བཙན་མགུར་བཞེས་པ་ནི། དིཔྟ་ཙཀྲ་ཕུར་པའི་ལྷ། །མཐིང་ནག་གཅེར་བུ་རལ་ཀ་ཅན། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །ལྟེ་བ་མན་ཆད་ཕུར་པའི་དབལ། །དྲག་པོར་གྱུར་པའི་ཕུར་པ་སྟེ། །ཨུཏྤལ་སྔོན་པོའི་འདབ་འདྲ་བ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །བཏབ་ན་ལྷ་ཡང་བརླག་འགྱུར་ན། །གནོད་བྱེད་རྣམས་ལ་སྨོས་ཅི་དགོས། །ཞེས་གསུངས་སོ། །དེ་ནས་བསྟན་བཅོས་རྣམས་པཎྜི་ཏ་ལྔ་བརྒྱ་ལ་གཟིགས་སུ་ཕུལ་བར་ཆས་ཏེ། རྒྱ་བལ་གཉིས་ཀྱི་སོ་མཚམས་ཆུ་མིག་བྱང་ཆུབ་རིས་སུ་གཟིམས་པ་ན་མནལ་ལམ་དུ་སྐུ་གྲོངས་སྙམ་བྱུང་བ་དང་། ཕྱག་གིས་མྱུལ་བས། ཐུགས་ཀ་ནས་སེམས་ཅན་གྱི་དངོས་པོ་གཅིག་ཟིན་ཏེ། སྤར་བུར་བཅུག །ཕྱག་མཚན་རྡོ་རྗེས་རྒྱས་བཏབ་ནས་བཞག །ནངས་པར་གཟིགས་པས། བུ་མོ་མཚར་སྡུག་དང་ལྡན་པ་བཞི་འདུག་སྟེ། ཁྱེད་སུ་ཡིན་དྲིས་པས། དེ་རྣམས་ན་རེ། སྔོན་བཅོམ་ལྡན་འདས་དཔལ་ཆེན་པོས་དྲེགས་པ་ཕོ་བསྒྲལ་མོ་སྦྱོར་བའི་དུས་ན་དམ་ལ་བཏགས་ཏེ། འགྲོ་བའི་སྲོག་ལ་དབང་བསྐུར་བའི་མ་མོ་བཞི་ལགས་ཏེ། དེའི་ཐུགས་དམ་གྱི་དབང་གིས་འདིར་འོང་བ་ལགས་ཀྱི། སློབ་དཔོན་གྱིས་ཀྱང་བདག་ཅག་ལ་དབང་བསྐུར་ཅིག་ཟེར། སློབ་དཔོན་གྱི་དགོངས་པ་ལ། སྔོན་དབང་ཐོབ་པས་ང་ཚེ་ལ་དབང་བའི་རིག་འཛིན་འདི་ཡང་འཆི་བ་སྙམ་བྱེད་ན་ངས་ཀྱང་དབང་བསྐུར་ན་འགྲོ་བ་ཐམས་ཅད་གསོད་སྙམ་ནས། རྡོ་རྗེ་ཕུར་བ་ཉན་པའམ། བཤད་པའམ། སྒོམ་སྒྲུབ་བྱེད་པ་ལ་བར་དུ་གཅོད་པའི་སྲོག་ལ་དབང་གྱིས་ཤིག །གསུངས་ནས། བསྭེ་མོ་བཞི་དང་བཀའ་བགྲོས་ནས། བསྭེ་ལུག་གསང་བའི་ཡང་གཏེར་མཛད་དེ། དེ་ལྟར་སྔ་འགྱུར་གྱི་ཕུར་སྨད་ཉི་ཤུ་རྩ་གཅིག་བསྣམས་ཏེ། ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་བྱོན་ནས་པཎྜི་ཏ་ལྔ་བརྒྱའི་སྤྱན་སྔར་འགྲིམས་པས། ཆོས་ཤིན་ཏུ་ལེགས་པས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས། པཎྜི་ཏ་རྣམས་ཀྱིས་ཀྱང་སློབ་དཔོན་ལ་ཕྱག་འཚལ་ལོ། །དེ་ནས་མཁས་པ་རྣམ་གསུམ་གྱི་བཀའ་བགྲོས་ཏེ། བིདྱོཏྟ་མ་ལ་འབུམ་སྡེ་ཐམས་ཅད་གཟིགས་ཏེ། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ལ་སོགས་པ་རྒྱུད་སྡེ་སུམ་ཅུ་རྩ་གཉིས་ལ་འགྲེལ་པ་སྒྲུབ་ཐབས་ཊཱི་ཀ་ལ་སོགས་པས་ཕྱེས་ནས་རྒྱས་པར་མཛད་དོ། །དེའི་དུས་སུ་སྲོད་ལ་ཤྭ་ན་མ་བཞིས་སྲོག་སྙིང་ཕུལ། ནམ་གུང་ལ་བདག་ཉིད་མ་མཆེད་བཞིས་སྲོག་སྙིང་ཕུལ། དེ་ནས་ཇི་ལྟར་དར་བ་ནི་བི་མ་ལས་གཟུངས་མ་དམ་པ་ལ་བཤད། གཉིས་ཀས་རྒྱ་གར་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་བཤད། དེ་ནས་རྒྱ་གར་གྱི་ཡུལ་ན་དར་ཞིང་རྒྱས་པར་སྤྱོད་དོ། །སློབ་དཔོན་པདྨས་བལ་མོ་ཤཱཀྱ་དེ་བ་ལ་བཤད། དེ་གཉིས་ཀས་ཨོ་རྒྱན་གྱི་རྒྱལ་པོ་དྷརྨ་ཀོ་ཥ་ལ་བཤད། དེ་ནས་ཨོ་རྒྱན་གྱི་ཡུལ་ན་དར་ཞིང་རྒྱས་པར་སྤྱོད་དོ། །བལ་པོ་ཤཱི་ལ་མཉྫུས་སྨད་འཚོང་མ་ཤཱིནྟཾ་ལ་བཤད། དེས་བལ་པོའི་རྒྱལ་པོ་གུ་ན་ཏ་ལ་ལ་བཤད། དེ་ནས་བལ་པོའི་ཡུལ་ན་དར་ཞིང་རྒྱས་པར་སྤྱོད་དོ། །ད་ནི་བོད་ཡུལ་དུ་ཇི་ལྟར་དར་བའི་ཚུལ་ནི། འཕགས་པ་འཇམ་དཔལ་གྱི་སྤྲུལ་པ། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་འཛུགས་པར་དགོངས་ནས། ཐུགས་དམ་གྱི་ལྷ་ཁང་བསམ་ཡས་བཞེངས་པའི་ས་འདུལ་བ་ལ་སློབ་དཔོན་བོ་དྷི་ས་ཏྭ་སྤྱན་དྲངས་ནས་ས་འདུལ་མཛད་པས་བོད་ཀྱི་ལྷ་འདྲེ་རྣམས་ཟིངས་ལངས་ཏེ། ཉིན་མོ་མིས་བརྩིགས་པ་ནུབ་མོ་ལྷ་འདྲེས་བཤིགས་ཏེ་རི་རྡོ་རི་ལ་བསྐྱལ། ཀླུངས་རྡོ་ཀླུངས་ལ་བསྐྱལ་ནས་རྩིག་ཏུ་མ་སྟེར་བ་དང་། རྒྱལ་པོ་ཐུགས་མུག་སྟེ། ཨེ་ཤ་སློབ་དཔོན་གྱི་བྱིན་རླབས་ཆུང་ངམ། བདག་སྒྲིབ་པ་ཆེའམ། བོད་འབངས་བསོད་ནམས་ཆུང་ངམ། འདི་རྒྱུ་རྐྱེན་ཅི་ལས་གྱུར། ཞུས་པས། སློབ་དཔོན་གྱི་ཞལ་ནས་བདག་ཏིང་ངེ་འཛིན་རྩལ་ཤུགས་ཆུང་བ་མ་ཡིན་ཏེ། བྱམས་པ་ཤས་ཆེས་པས་མི་མ་ཡིན་མ་ཐུལ་བ་ཡིན། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་རྡོ་རྗེ་ཕུར་པའི་དངོས་གྲུབ་ཐོབ་པ་གཅིག་བཞུགས། དེ་སྤྱན་དྲངས་ན་བར་ཆད་ཞི་བར་འགྱུར་རོ་གསུངས། དེ་སྤྱན་མི་དྲོངས་སམ་ཞུས་པས་སློབ་དཔོན་གྱི་ཞལ་ནས། རང་རེ་རྣམས་ཚེ་སྔོན་མའི་སྤུན་ཡིན་པའི་ལས་དང་། སྨོན་པའི་དབང་གིས་བྱོན་ཡོང་གསུངས། དེ་ཇི་ལྟར་ཡིན་ཞུས་པས། སྤྱིར་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་མཛད་ཚུལ་བསམ་གྱིས་མི་ཁྱབ་པ་ཡིན། ཁྱད་པར་དུ་འཕགས་པ་སྤྱན་རས་གཟིགས་ཀྱིས་སེམས་ཅན་ཐམས་ཅད་འཁོར་བ་ནས་དྲངས་ཏེ་ལན་གསུམ་དུ་སངས་རྒྱས་ཀྱི་ས་ལ་བཞག་སྟེ། ད་སེམས་ཅན་འཁོར་བ་ན་མེད་དམ་སྙམ་གཟིགས་པས། སྔར་བས་ཀྱང་སེམས་ཅན་མང་ཞིང་ཉོན་མོངས་པ་རགས་སུ་སོང་འདུག་པས། སླར་སྙིང་རྗེ་སྐྱེས་ཏེ་བཤུམས་པས། མཆི་མ་ཐིགས་པ་གཉིས་གཏོར་ནས་འདི་གཉིས་ཀྱིས་རྩོད་དུས་ཀྱི་སེམས་ཅན་གྱི་དོན་ཆེན་པོ་མ་འོངས་པའི་དུས་ན་འབྱུང་བར་གྱུར་ཅིག །ཅེས་གསུངས་པས། མཆི་མ་ཐིགས་པ་གཉིས་སུམ་ཅུ་རྩ་གསུམ་དུ་སོང་བ་ལས། ལྷའི་བུ་མོ་གདྒཱ་མ་དང་། གདྒཱ་མ་ཆུང་ངུ་ཞེས་པ་གཉིས་སུ་སྐྱེས། དེ་གཉིས་ཆེར་སྐྱེས་ནས་སྐབས་སུ་ལྷའི་ཁྲིམས་བསྲུང་བ་ཞིག་གི་ཚེ། གདྒཱ་ཆུང་ངུས་གངྒཱ་མའི་ལྡུམ་ར་ནས་མེ་ཏོག་བརྐུས་པས་ལྷའི་ཁྲིམས་ཉམས་པས་ཚེ་འཕོས་ཏེ། སྐྱེ་བ་ཕྱི་མ་ལ་མིའི་ཡུལ་དུ་བྱ་རྫི་མོ་བདེ་མཆོག་བྱ་བར་སྐྱེས། བྱ་འཚོས་པའི་གླ་དང་རྒྱགས་ལྷག་བསགས་ཏེ། མཆོད་རྟེན་བྱ་རུང་ཁ་ཤོར་ཁ་བྱ་བ་བཞེངས། བུམ་པར་སྲོག་ཤིང་མ་ཚུགས་ཙམ་ལ་མོ་ཤི་ནས་དམ་ཚིག་གི་ལྷ་མོ་པྲ་མོ་ཧ་ཞེས་བྱ་བར་སངས་རྒྱས་སོ། །དེ་ལ་བུ་བཞི་ཡོད་དེ། དགེ་སློང་ཨ་བ་ཁ་དུ། རྟ་རྫི། ཕག་རྫི། ཁྱི་རྫི་དང་བཞིའོ། །བུ་དེ་བཞིས་མཆོད་རྟེན་གྱི་འཕྲོ་རྫོགས་པར་འབྱོངས་ཏེ་གྲུབ། རབ་གནས་བྱས་ཚར་བ་དང་། བུ་སོ་སོས་སྨོན་ལམ་འདི་ལྟར་བཏབ་བོ། །བུ་ཆེ་བས་བདག་ཅག་ཆོས་དགེ་བ་འདི་ལ་བརྟེན་ནས་སྐྱེ་བ་ཕྱི་མ་ལ་ས་བདག་གི་རྒྱལ་པོ་ཆེན་པོ་གཅིག་ཏུ་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ། །དེའི་འོག་མས། བསྟན་པ་སྲུང་བའི་སྔགས་འཆང་མཐུ་སྟོབས་ཅན་དུ་སྐྱེ་བར་གྱུར་ཅིག །དེའི་འོག་མས། མཁན་པོ་བྱང་ཆུབ་སེམས་དཔའ་གཅིག་ཏུ་སྐྱེ་བར་གྱུར་ཅིག །དེའི་འོག་མས། ཕུ་བོ་གསུམ་པོའི་བྱ་བ་བསྒྲུབ་པ་གཅིག་ཏུ་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་ཆེ་བ་རྒྱལ་པོ་ཉིད་ཡིན། དེའི་འོག་མ་སློབ་དཔོན་པདྨ་ཡིན། དེའི་འོག་མ་ང་ཡིན། དེའི་འོག་མ་ཡར་ལུང་གི་རྦ་མི་ཁྲི་གཞེར་ཡིན་གསུངས། དེ་ནས་རྒྱལ་པོས་སྣ་ནམ་རྡོ་རྗེ་བདུད་འཇོམས། མཆིམས་ཤཱཀྱ་པྲ་བྷ། ཤུད་བུ་དཔལ་གྱི་སེདྒེ་གསུམ་ཆིབས་དང་བཅས་ནས་གསེར་ཕྱེ་མང་པོ་བསྐུར་ནས་སློབ་དཔོན་སྤྱན་འདྲེན་ལ་བརྫངས་སོ། །དེའི་དུས་སུ་སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་རྒྱ་གར་དཱ་ཧཱུ་ལའི་གཙུག་ལག་ཁང་ན་འཁོར་པཎྜི་ཏ་ལྔ་བརྒྱ་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཞུགས་པ་ལས། མངོན་པར་མཁྱེན་པས་མཁྱེན་ཏེ། པཎྜི་ཏ་རྣམས་ལ། ད་ཟླ་བ་གསུམ་ན་བདག་བོད་ཀྱི་རྒྱལ་པོའི་བླ་མཆོད་ལ་འགྲོ་བར་འདུག་ཆོས་རྣམས་མྱུར་དུ་ཚར་བར་བྱའོ་གསུངས་ནས། ཆོས་རྫོགས་པ་དང་ཟླ་བ་གསུམ་སོང་བའི་ཉིན་དེར། བོད་ཀྱི་བང་ཕྱིན་པ་མི་གསུམ་གྱིས་སླེབ། གསེར་གྱི་པ་ཏྲ་བཅོ་བརྒྱད་དང་། གསེར་ཕྱེ་མང་པོ་ཕུལ། མངའ་བདག་རྒྱལ་པོའི་ཞུ་བ་རྣམས་གསོལ་བས། སྔོན་གྱི་སྨོན་ལམ་གྱི་འབྲེལ་པ་ཡོད་པས་བོད་ལ་འདོངས་གསུངས་ནས་གནང་ངོ་། །དེ་ནས་སློབ་དཔོན་དང་། བོད་ཀྱི་མི་གསུམ་གྱིས་དཱ་ཧཱུ་ལའི་གཙུག་ལག་ཁང་ནས་བཏེག་སྟེ་རིམ་གྱིས་བལ་ཡུལ་དུ་ཕེབས་སོ། །ལང་ལབ་ཀྱི་ལོ་རྒྱུས་སུ་ནི། སློབ་དཔོན་སྤྱན་འདྲེན་པའི་བང་ཕྱིན་པ། སྟག་ཚལ་གྱི་ལོ་ཙཱ་བ་བྲང་སྟི་ཛ་ཡ་རཀྵི་ཏ་དང་། མང་ཡུལ་གྱི་ལྕེ་ཀུ་ཀུ་རཱ་ཛ་གཉིས་གསེར་ཕྱེ་བསྐུར་ནས་བརྫངས། ཞེས་འབྱུང་ངོ་། །དེ་ནས་རིམ་གྱིས་མང་ཡུལ་གྱི་གྲོང་ཁྱེར་ཁྲོད་ཟེ་བྱ་བར་ཕེབས། དེའི་དུས་མང་ཡུལ་ན་ཁྱིམ་བདུན་ལས་མེད། རྒན་མོ་གསུམ་ལ་གདམས་པ་བཏབ་པས་སྐད་ཅིག་ལ་གྲོལ། དེ་དུས་བོད་ཀྱི་ལྷ་འདྲེ་རྣམས་ཀྱིས་ཉི་མ་ཕྱེད་ན་ནམ་སྲོས་སུ་བཅུག་པས། ལྕགས་ཀྱུའི་ཕྱག་རྒྱས་སྐད་ཅིག་ལ་ཉི་མ་བཀུག་ནས་ཞག་བདུན་དུ་ཉི་མ་མ་བཏང་བར་ལྷ་འདྲེའི་ཁ་གནོན་དུ་གྲོང་ཁྱེར་ཁྲོད་ཟེའི་གོང་ཁ་དེར་ལྷ་ཁང་བརྩིགས། དེ་ལ་དེ་དུས་མུན་པའི་ལྷ་ཁང་ཟེར་རོ། །དེའི་རྩ་བ་ན་ཆུ་མིག་གཉན་པོ་སུས་ཀྱང་རིག་མི་ནུས་པ་གཅིག་ཡོད་པ་དེའི་ཀླུ་བཏུལ་ནས་ཆུ་ཞིང་ལ་དྲངས། ལྷ་ཁང་དུ་ཐུགས་རྗེ་ཆེན་པོ་བཞུགས་སུ་གསོལ་ལོ། །རི་གོང་གཅིག་ཏུ་བལ་པོའི་ལྷ་འདྲེ་ཕྱིར་འབྲངས་རྣམས་ཀྱི་ཁ་གནོན་དུ་རྡོའི་མཆོད་རྟེན་བཞེངས། ཕུར་པ་གསུམ་རྡོ་ལ་ནུབ་པར་བཏབ་ནས་བཞག །དེ་ནས་ཡ་ཚད་ན་ཁུང་བུ་ནས་རླུང་འོང་བའི་ས་དེ་བོད་ལ་གནོད་པར་གཟིགས་ནས་ལྷ་ཁང་བརྩེགས་ཏེ་མང་ཡུལ་བྱམས་སྤྲིན་ཡིན་ནོ། །དེ་ནས་ཡར་བྱོན་ཏེ་མ་ཆུང་གི་བར་དུ་གྲོ་གསོལ། དེར་སློབ་དཔོན་ལ་ལྷ་འདྲེས་མ་ཚུགས། འཁོར་རྣམས་སྨྱོ་བས་སྨྱོན་ཐང་དུ་གྲགས་སོ། །དེ་འདུལ་བའི་དོན་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་མཛད་དོ། །ཡང་ཞང་ཞུང་ཡུལ་ཏེ་གུ་གེ་ལ་བྱོན། དེའི་གཞི་བདག་དགྲ་ལྷ་དམུ་ཙ་མེད་ཀྱིས་མ་བཟོད་ནས། རི་ཕན་ཚུན་འཐབ་པའི་བར་དུ་སློབ་དཔོན་དཔོན་གཡོག་བཅར་བར་བརྩམས་པས། དཔོན་གཡོག་རྣམས་ནམ་མཁའ་ལ་གཤེགས། དགྲ་ལྷ་དམུ་ཙ་མེད་སྐྲག་སྟེ་བྲོས་པ་ལ་ཕྱག་མཚན་རྡོ་རྗེ་གསོར་བས། མོ་དྲུང་དུ་ལྷགས་ཏེ་སྲོག་སྙིང་ཕུལ་བྲན་དུ་ཁས་བླངས་ཏེ་དམ་ལ་བཏགས་སོ། །དེ་ནས་ལྷ་ཡུལ་གུང་ཐང་དུ་བྱོན། དགེ་བསྙེན་ཉི་ཤུ་རྩ་གཅིག་གིས་ཆོ་འཕྲུལ་བསྟན་ཐོག་ཕབ་པས། ཐོག་མེ་ཏོག་གི་ཆར་དུ་སོང་ནས། དེར་དགེ་བསྙེན་རྣམས་དབང་དུ་བསྡུས་ནས་ཆོས་ཀྱི་སྲུང་མར་བསྐོས་སོ། །དེ་ནས་མང་ཡུལ་ཁ་ལའི་རོང་སྒོ་རུ་བརྟན་མ་བཅུ་གཉིས་ཀྱིས་ཐོག་མདའ་བཅུ་གཉིས་དུས་གཅིག་ལ་ཕབ་པས། སྡིགས་མཛུབ་ཀྱི་རྩེ་ལ་བླངས་ཏེ་ཀླད་ལ་བསྐོར་བས། སོལ་དུམ་བཅུ་གཉིས་སུ་ནག་ཧྲུལ་གྱིས་སོང་བས་བརྟན་མ་སྐྲག་སྟེ་སྲོག་སྙིང་ཕུལ་དམ་ལ་བཏགས། དེ་དུས་གཙོ་མོ་གངས་དཀར་མ་ཤེའུ་བཟའ་བྲོས་ཏེ་དཔལ་མོ་ལྷ་མཚོའི་ནང་དུ་བྲོས་པས། སློབ་དཔོན་གྱིས་དཔལ་མཚོ་ནས་ཆུ་སྤར་བུ་གང་བླངས་ནས་དགོངས་པ་གཏད་པས་སྐད་ཅིག་ལ་སྤར་བུའི་ཆུ་ལ་རླངས་ངད་ཆིལ་གྱིས་བྱུང་བ་དང་མཚོ་ཡང་རླངས་པ་ཕྱུར་གྱིས་བྱུང་། སྤར་བུའི་ཆུ་དེ་ཁོལ་བ་དང་མཚོ་ཁོལ་བས་མོས་མ་བཟོད་དེ། མཚོ་ལ་རྙིངས་ཐོན་པ་དང་རུས་པ་དང་ཤ་སོ་སོར་བྲལ་ནས་ཀེང་རུས་སུ་སོང་བ་ལ། ཕྱག་མཚན་རྡོ་རྗེ་འཕངས་པས་མིག་ཡ་གཅིག་བཅར་ཏེ་མོ་སྐྲག་ནས་སྲོག་སྙིང་ཕུལ། སྒྲུབ་ཐབས་བརྩམས་ཏེ། དཀར་མོ་གཅིག་སྒྲུབ། སྟག་མོ་ནུ་འཛག །གནམ་སྨན་མཆེད་ལྔའི་སྒྲུབ་སྐོར་གསུམ་དུ་ཕྱེས། སྔར་བརྟན་མའི་གཙོ་མོ་ཡིན་པ་ལ་ཕྱིས་རང་མཉམ་དུ་བཞག །དེ་ནས་རྩངས་ལྷས་སྟག་ཕུག་ཏུ་བསྙེན་བསྐུར་ནས་བཀའ་འབངས་སུ་བྱས་ཏེ། འདི་ནི་ཆོས་ལ་དད་པས་སློབ་དཔོན་ལ་ཐོ་མ་འཚམས་སོ། །ཕུག་དེར་སྟག་གསུམ་བྱུང་བ་ལ་རྡོ་རྗེ་གསོར་བས་སྟག་གསུམ་པོ་ཕུག་གཅིག་ཏུ་བྲོས་སོང་བ་ལ། ཤུལ་སྙེགས་ཏེ་བྱོན་པས་རླུང་འཚུབས་གཅིག་ཏུ་སོང་བ་ལ་ཕུར་པ་བཏབ་པས། གསང་བཙན་གྱིས་རང་གཟུགས་བསྟན་ནས་སྲོག་སྙིང་ཕུལ་ལོ། །ཕུག་པ་དེ་ལ་སྟག་ཕུག་ཅེས་ད་ལྟ་ཡང་གྲགས་སོ། །དེ་རྣམས་སུ་ལྷ་འདྲེ་ཐམས་ཅད་བསྟར་ལ་བརྒྱུས་པ་ལྟར་དམ་ལ་བཏགས་པས་ཆུའི་མིང་ཡང་བསྟར་ཆུ་ཞེས་གྲགས། དེ་ན་ལྷ་འདྲེའི་ཁྲོམ་ཚོགས་པས་ཡུལ་གྱི་མིང་ལ་ཁྲོམ་པ་ཟེར། དེ་ནས་ཅུམས་པ་སྦུགས་ནས་མར་བྱོན། ཕུག་བདག་མོ་གཅིག་དགེ་བསྙེན་དུ་བཙུད། དེ་ནས་བྱང་ལམ་ཚུར་ཐ་ནས་བྱོན། སྟག་མོ་སྡིངས་ཀྱི་ཁ་ནས་གྲོམ་ལྷ་ཁང་གི་རབ་གནས་མཛད་པས། གྲོམ་པ་རྒྱང་དུ་དེ་ནས་གྲགས་ཟེར། དེ་ནས་རིམ་གྱིས་བྱང་ཕྱི་ཁོང་ནས་མར་ལ་བྱོན། འུ་ཡུག་གྲེ་མོ་འཕྲད་ཀྱི་ལ་ཁ་རུ་ལྷ་སྲིན་གྱི་ཆོ་འཕྲུལ་བྱུང་བ་བཏུལ། དེ་ནས་འདམ་སྙིང་གྲོང་ངོས་ལ་བྱོན། གནམ་མཚོ་དང་ཐང་ལྷའི་བར་དུ་སྦྲ་དཀར་ཕུབ་ནས་བཞུགས་པས། ཐང་ལྷས་ཐོག་ཆར་པ་ལྟར་ཕབ། སློབ་དཔོན་གྱིས་སྦྲ་དཀར་རྡོ་རྗེའི་ཁང་པར་བསྒོམས་པས། ཐོག་འདྲེད་དེ་མཚོ་ལ་སོང་བས། མཚོ་ཁོལ་ཏེ་ཆུ་ནང་གི་སྲོག་ཆགས་རྣམས་ཤི་བས། དེར་ངན་སོང་སྦྱོང་བའི་ཆོ་ག་མཛད་དེ་སེམས་ཅན་ཤི་བ་རྣམས་བྱང་ཆུབ་ལ་བཀོད། དེ་ནས་སྦྲ་དཀར་བཏབ་སྟེ། ཐང་ལྷའི་གངས་ལ་ཞལ་གཟིགས་ནས། གངས་ཀྱི་མགོར་རྃ་གཅིག་བསྒོམས་པས་གངས་ཞུ་ནས་རྒྱུན་ཆད་དེ་གཡའ་བྲག་ཏུ་ཟངས་ཀྱིས་སོང་བ་དང་། ཁོ་སྐྲག་སྟེ་རང་གཟུགས་བསྟན་ནས་སྲོག་སྙིང་ཕུལ། དམ་ལ་བཏགས། ཁོའི་སྒྲུབ་ཐབས་ཡང་མཛད། དེར་ཁོ་ན་རེ། བདག་ནི་ལྷ་འདྲེ་ཀུན་གྱི་སྡེ་དཔོན་ཡིན་ཟེར། འོ་ན་ཁྱོད་ཀྱིས་ལྷ་འདྲེ་ཐམས་ཅད་ཁྲིད་ཤོག་གསུངས་པས། དེར་ཁོས་ལྷ་འདྲེ་ཕལ་ཆེ་བ་བཀུག་བྱུང་བ་ལ་སྲོག་སྙིང་ཕྲོག་སྟེ་དམ་ལ་བཏགས་སོ། །དེ་ནས་གནམ་གྱི་ཤུག་སྡོང་དུ་དྲེགས་པ་གནད་འབེབས་ཀྱི་སྒྲུབ་པ་ཞག་གསུམ་མཛད། ནམ་སྲོད་ལ་རི་རབ་ཉིལ་བ་ལྟ་བུའི་སྒྲ་དྲག་པོ་བྱུང་བ་དང་། ཐང་ལྷ་དམག་དཔོན་བཞི་འཁོར་དང་བཅས་པ་ལྷགས་སོ། །དེར་སློབ་དཔོན་གྱིས་ཁྱོད་ལ་དེ་ཙམ་གྱི་སྒྲ་སྐད་ཆོ་འཕྲུལ་ཡོད་ན་བཟང་གི། ཁྱོད་ཀྱི་ཁྲོད་ན་ཕོ་བདུད་ཉི་ཁྲི་བཞི་སྟོང་དང་། དེའི་ཁྲོད་ན་མཐུ་ཆེན་རྩལ་དྲག་ཉི་ཤུ་རྩ་གཅིག་ཡོད་ཀྱི། དེ་དག་ཁྲིད་ལ་ད་ལྟ་ང་ཡི་དྲུང་དུ་ཤོག །མི་འོང་ན་ཁྱོད་ཐམས་ཅད་ཀྱི་སྲོག་སྙིང་ང་ལ་ཡོད་པས། ངས་ཐམས་ཅད་ཀྱི་སྙིང་འབྱིན་ནོ་གསུངས་པས་སྐྲག་སྟེ་འདར་ཕྲིལ་ཕྲིལ་འདུག །དེ་ནས་དར་ཅིག་ན་བདུད་ལ་དབང་ཆེ་བ་བཞི། དམག་དཔོན་རྣམ་རོལ་དང་ལྔ། ཤར་ནས་དབང་ཆེ་བ་བཞི། དམག་དཔོན་ཁྱབ་འཇུག་དང་ལྔ། གཉན་ལ་དབང་ཆེ་བ་བཞི། ཀླུ་རྗེ་ཐོད་དཀར་དང་ལྔ། བཙན་ལ་དབང་ཆེ་བ་བཞི། ཡམ་ཤུད་དམར་པོ་དང་ལྔ། དེ་དག་གི་ལས་མཁན་ཊཱཀྐི་ནག་པོ་དང་ཉེར་གཅིག་པོ་དབང་དུ་བསྡུས་དམ་ཉམས་སྒྲོལ་བའི་གིང་དུ་བསྐོས། ལྷ་ཡི་དགེ་བསྙེན་དུ་མིང་བཏགས། ཕུར་བུ་སྒྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་དགོངས་པ་སྒྲུབ་པ་དང་དཔལ་འབྱོར་དང་ཚེ་སྤེལ་བར་ཁས་བླངས་དམ་བཅས་སོ། །དེ་ནས་འཕན་ཡུལ་གོང་གི་ལ་ཁ་ནས། སྟོད་ལུང་ལ་ལོག་བྱོན་ཏེ། སྟོད་ལུང་གཞོང་བར་ཆོས་སྟོན་གསོལ་བ་ལ་ཆུ་མེད་ནས། ཁ་ཊྭཱཾ་ག་བྱེ་མ་ལ་རྒྱབ་པས་ཆུ་རྐ་འགོ་བདུན་བྱུང་། ད་ལྟ་གཞོང་པ་ལྷ་ཆུ་བྱ་བར་གྲགས། གཞན་ཡང་སྟོད་ལུང་གི་ཡུལ་རྣམས་སུ་བཙན་དང་། བདུད་དང་། ཐེའུ་རང་རྣམས་དམ་ལ་བཏགས། དེ་ནས་ལྷ་ས་གྲམ་ཐང་དུ་བྱོན་ནས་ཞག་གཅིག་བཞུགས། དེར་ཆིབས་ལ་རྩྭ་མེད་པ་ལ་ལྷ་སའི་བྱེ་མ་སྐད་ཅིག་ལ་ནེའུ་སེང་དུ་བསྒྱུར་ནས་ཆིབས་ཀྱི་རྩྭ་བྱུང་སྟེ། དེང་སང་ཡང་ནེའུ་སེང་དུ་ཡོད་པ་འདི་ཡིན། དེ་ནས་སྐྱི་ཆུ་བརྒལ་ཏེ་བ་ལམ་ཀླགས་ཀྱི་ལ་ལ་བྱོན་པ་དང་། ཕྱི་བློན་རྣམས་ཀྱིས་མངའ་བདག་ལ། སློབ་དཔོན་འབྱོན་ནོ་ཞེས་སྦྲན། དེར་མངའ་བདག་གིས། ང་བོད་ཀྱི་བཙད་པོ་ཡིན་ཡང་། སློབ་དཔོན་ཨོ་རྒྱན་གྱི་རྒྱལ་པོའི་སྲས་ཡིན། སངས་རྒྱས་རྣམས་དང་མི་ལབ་པ་བཞིན་དུ་གསུང་གླེང་མཛད་པས། ལྷ་མ་སྲིན་བྲན་དུ་ཁོལ་བ་ལ་སོགས་ཡོན་ཏན་མཐའ་ཡས་པ་ཡིན་པས་བསུ་བ་ལ་འགྲོ་དགོས་དགོངས་ནས། དབུ་ལ་ཞྭ་དང་། ཞབས་ལ་ལྷྭམ་གསོལ། ན་བཟའ་སྟོད་གཡོགས་བེར་སྐེ་རགས་མ་བཅིངས་པར་གཡང་ལུགས་སུ་གསོལ་ནས་བྱོན་ཙ་ན། སློབ་དཔོན་གྱི་ཞལ་ནས། ལ་ཉེ་མི་བཟང་། དུས་ནམ་ཞིག་ན་སྟོད་དུ་རྒྱལ་ཁྲིམས་ཞྭ་ཙམ་ཞིག་ཆགས་པར་འདུག །སྨད་དུ་རྒྱལ་ཁྲིམས་ལྷྭམ་ཙམ་གཅིག་ལུས་པར་འདུག །བར་འདི་རང་ཁ་སིལ་བུར་སིལ་བུར་འགྲོ་བར་འདུག །ཀྱི་ཧུད་སེམས་ཅན་སྙིང་རེ་རྗེ། ཞེས་གསུངས། དུས་དེར་ཕན་ཚུན་ཕྱག་སྙེག་རེས་བྱུང་བས། སློབ་དཔོན་གྱིས་རྒྱལ་པོ་ལ་དབུ་དེང་མཛད་པས། རྒྱལ་པོའི་ན་བཟའ་ཕྱེད་མེས་གཞོབ་ཏུ་རོག་པར་སོང་། ཕྱག་མཁར་དུམ་བུ་གསུམ་དུ་ཆག །དེར་རྒྱལ་པོའི་ཐུགས་ལ། རྫུ་འཕྲུལ་དང་ཡོན་ཏན་སློབ་དཔོན་ལྷག་མོད། ང་བོད་རུ་ཞིའི་རྗེ་ཡིན་པས། ཕྱག་ལ་ལན་འོང་ངམ་དགོངས་པས། སློབ་དཔོན་གྱིས་སྲིན་ལག་གི་སེན་མོ་ལ་གླེང་བཞི་གླིང་ཕྲན་ཐམས་ཅད་ཁོངས་སུ་བཅུག་ནས་བསྟན། ང་ཆེ་ང་བཙན་གྱི་མགུར་གསུངས་པས། རྒྱལ་པོས་ཕྱག་འཚལ་ལོ། །དེ་ནས་བསམ་ཡས་ཀྱི་ས་འདུལ་མཛད་དེ་བརྩིགས། ཉིན་པར་མི་དང་མཚན་མོ་ལྷ་འདྲེས་བརྩིགས་པས་ལེགས་པར་འབྱོངས་ཏེ་རབ་གནས་མངའ་གསོལ་མཛད། རྒྱལ་པོ་རྗེ་འབངས་ཀྱིས་དགའ་སྟོན་ལོ་བཅུ་གསུམ་དུ་བྱས་སོ། །བསམ་ཡས་འབྱོངས་ནས་རྒྱལ་པོ་དང་། ཇོ་མོ་མཁར་ཆེན་བཟའ་དང་། སྤྱན་འདྲེན་མི་གསུམ་གྱིས་རྡོ་རྗེ་ཕུར་པའི་དབང་ནོས། རྒྱུད་དང་སྒྲུབ་ཐབས་ཉན་ཏེ། ཕུར་པ་རྒྱལ་པོ་ལུགས་སུ་གྲགས་པ་དང་། སྣ་ནམ་ལུགས། ཤུད་བུའི་ལུགས། མཆིམས་ལུགས། ཇོ་མོ་ལུགས་ལྔ་རུ་བྱུང་། དེ་རྗེས་རོང་བན་ལ་གནང་བས། རོང་ཟོམ་ལུགས་དང་། མཁོན་ལ་གནང་བ་ལས། མཁོན་གྱི་ལུགས་དེང་སང་ས་ཕུར་དུ་གྲགས་པ་འདི་བྱུང་བ་ཡིན་ལ། ཅོག་རོ་བཟས་སློབ་དཔོན་དངོས་ལ་ཐུག་ཀྱང་དབང་ཡི་དམ་ལ་ཞུས་པས། ཡི་དམ་སློབ་དཔོན་གྱི་ཐུགས་ཀར་འདུས་པས་དབང་སྐལ་ཆད། ཕྱིས་ཇོ་མོ་མཚོ་རྒྱལ་གྱིས་ཐུགས་བརྩེ་བས་མན་ངག་ཟབ་དགུ་གནང་བས་ཕུར་པ་ལྕམ་ལུགས་ཞེས་འབྱུང་བ་དེ་ཡིན་ནོ། །དེའི་ནང་ནས་འབྱུང་བའི་དྲག་སྔགས་གཟའ་གདོང་དམར་ནག་ཅེས་གྲགས་པ། གནུབས་ཆེན་དང་རྗེ་བཙུན་མི་ལའི་མཐུ་ཆེན་པོ་དེ་ཡང་། ཕུར་པ་ལྕམ་ལུགས་ཀྱི་གདམས་སྐོར་ཡིན་ཏེ་དེང་སང་གི་བར་དུ་ལུང་རྒྱུན་ཡོད་དོ། །དེ་ནས་བྲག་དམར་བསམ་ཡས་སུ་སློབ་དཔོན་གྱིས་ཕྱི་ནང་གི་ཆོས་རྒྱ་ཆེན་པོ་གསུངས་པའི་དུས། ཇོ་མོ་མཁར་ཆེན་བཟའ་ལྷ་མོ་ལཱ་སྱེ་མའི་སྤྲུལ་པ་ཡིན་པར་གཟིགས། རྒྱལ་པོས་ཀྱང་གཟུངས་མར་ཕུལ། དེར་སློབ་དཔོན་གྱིས་ཇོ་མོ་ལ། ཁྱོད་ལ་འོག་མིན་གྱི་ཞིང་ཁམས་བསྟན་གྱི་གསུངས་ནས་སློབ་དཔོན་དང་གཉིས་འཇའ་ལྟར་དུ་ཡལ་ནས་སོང་། ཞག་གསུམ་སོང་བའི་ནང་བར་ལོག་ནས་བྱུང་། རྒྱལ་པོས་མཚོ་རྒྱལ་ལ། ཁྱོད་ཀྱི་འོག་མིན་གྱི་ཞིང་ཁམས་མཐོང་ངམ་གསུངས་པས་བདག་གིས་ཀུན་ཏུ་བཟང་པོའི་ཞིང་ཁམས་དང་། རྡོ་རྗེ་སེམས་དཔའ་དང་། ཤཱཀྱ་ཐུབ་པ་དང་། འཇམ་དཔལ་དང་། སྤྱན་རས་གཟིགས་དང་། ཕྱག་རྡོར་དང་། དེ་རྣམས་ཀྱི་ཞིང་ཁམས་མི་ཟད་པ་རྒྱན་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྟན་ཏེ་མཐོང་། ཞུས་པས་མངའ་བདག་གི་ཞལ་ནས། དེ་མི་བདེན་སློབ་དཔོན་གྱིས་འོག་མིན་གྱི་ཞིང་ཁམས་ལ་སྤྱོད་མི་ནུས། དེ་ནུས་པ་ཡིན་ན་གཟུགས་ཀྱི་ཕུང་པོ་ལ་མི་ཆགས་པ་ཡིན་ཏེ། སློབ་དཔོན་ད་རུང་གཟུགས་ཀྱི་ཕུང་པོ་ལ་ཆགས་འདུག་པ་གསུངས་པས། མཚོ་རྒྱལ་ན་རེ། བདག་གིས་མཐོང་བའི་ཞིང་ཁམས་དེ་རྣམས་ཀྱི་བཀོད་པ་འདི་དང་འདི་ལྟ་བུ་གདའ། རྫུན་མ་ལགས་ཞུས་པས། འོ་ན་དེ་དག་བདེན་ན་སྔོན་བདག་གི་མ་གྱིམ་ཤང་ཀོང་ཇོ་མོ་མ་བདེ་སྤྱོད་རྒྱལ་པོ་ལ་གཏོད་པའི་དུས་སུ། གེ་སར་རྒྱལ་པོའི་ལག་ཏུ་བདག་གི་མའི་འཕྲུལ་གྱི་མེ་ལོང་བསྭེའི་ཕུབ་ཆུང་ཙམ་ཞིག་ཤོར་ནས་ཡོད་ཀྱི། དེ་སློབ་དཔོན་ལ་ལེན་དུ་ཆུག་ཅིག་གསུངས། ཇོ་མོས་སློབ་དཔོན་ལ་དེ་བརྗོད་མ་ཐག་ཏུ་སློབ་དཔོན་འོད་དུ་ཡལ། རྗེའི་ཤེལ་ཕྲེང་བརྒྱ་རྩ་བརྒྱད་བགྲངས་མ་ཟིན་པ་ལ་སློབ་དཔོན་གྱིས་གེ་སར་རྒྱལ་པའི་བང་མཛོད་ནས་བླངས་བྱུང་སྟེ། དེ་ཇོ་མོས་རྗེ་ལ་ཕུལ། ཡང་རྗེའི་ཞལ་ནས། འོ་ན་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ན་བྱ་ཁྱུང་གི་སྒོ་ང་ཡོད་ཀྱི། དེ་ལེན་དུ་ཆུག་གསུངས། ཇོ་མོས་ཞུས་པས། དེ་མ་ཐག་སློབ་དཔོན་གྱིས་བླངས་པ་ཇོ་མོས་རྗེ་ལ་ཕུལ། ཡང་རྗེའི་ཞལ་ནས། རྒྱ་མཚོའི་གཏིང་ན་ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་གྱི་བུ་མོ་མཛེས་ལྡན་མའི་ལག་ན་ཡིད་བཞིན་གྱི་ནོར་བུ་ཡོད་ཀྱི། དེ་ལེན་དུ་ཆུག་གསུངས། ཇོ་མོས་དེ་སྐད་བརྗོད་མ་ཐག །སློབ་དཔོན་གྱིས་བླངས་ནས། ཇོ་མོས་རྗེ་ལ་ཕུལ། ཡང་རྗེའི་ཞལ་ནས། བར་སྣང་ཁམས་ན་སྦྲང་ཁམ་པའི་རྔ་མ་ཡོད་ཀྱི། དེ་སློབ་དཔོན་ལ་ལེན་དུ་ཆུག་གསུངས། སྔར་ལྟར་སྐད་ཅིག་ལ་བླངས། ཡང་རྗེའི་ཞལ་ནས། ཞང་པོ་རྒྱའི་ཡུལ་ན་སྔོན་བསྐལ་པ་བཟང་པོའི་ནས་ཚད་དང་། ཚེ་ལོ་བཅུ་པའི་བྲེ་ཚད་ཡོད་ཀྱི་གསུངས། དེ་ཡང་སྐད་ཅིག་ལ་བླངས་བྱུང་། ཡང་རྗེའི་ཞལ་ནས། རྡོ་རྗེ་གདན་ན། སངས་རྒྱས་ཤཱཀྱ་ཐུབ་པ་དང་། དྲི་མ་མེད་པའི་སྐུའི་གདན་ཁྲིའི་བར་གྱི་ས་འོག་ན་གནམ་ཆག་པའི་དུམ་བུ་བྱ་བ་དང་། ས་རལ་པའི་རས་མ་བྱ་བའི་དུམ་བུ་རིན་པོ་ཆེ་ཡོད་ཀྱི། དེ་སློབ་དཔོན་ལ་ལེན་དུ་ཆུག་གསུངས། ཇོ་མོས་སློབ་དཔོན་ལ་བརྗོད་མ་ཐག་ཏུ་བླངས་བྱུང་བ་རྗེ་ལ་ཕུལ་བས། རྗེའི་ཞལ་ནས། སློབ་དཔོན་གྱིས་རྫུ་འཕྲུལ་གྱི་ཁུང་བརྟག་པ་ཡིན་ཏེ། ཟད་མི་ཤེས་པ་འདུག །སློབ་དཔོན་འདི་འབྱུང་བ་དང་རང་སེམས་ལ་དབང་ཐོབ་པ། དུས་གསུམ་གྱི་སངས་རྒྱས་ལས་ལྷག་པ་གཅིག་འདུག་གསུངས། ཐུགས་ཆེས་ཞབས་སྤྱི་བོར་བླངས་སོ། །དེའི་དུས་སུ་རྒྱལ་པོ་རྗེ་འབངས་རྣམས་ཀྱི་ཚེ་སྔ་མའི་སྐྱེ་བ་ཇི་ལྟར་བླངས་པའི་ཚུལ་དང་། དེའི་རྒྱུ་མཚན། བློན་པོ་ཁྲི་བཟང་ཡབ་ལྷ་ཁྱོད། །སྐྱེ་བ་འདི་ཡི་སྔ་མ་ལ། །ཉ་ཡི་ལུས་ནི་བླངས་པའི་རྟགས། །ད་ལྟ་མཆན་ཁུང་གཡོན་ན་ཉ་གཤོག་ཡོད། །ཅེས་སོགས་གསུངས་པས་ཀུན་ཡིད་ཆེས། ད་ལྟ་རང་རང་སོ་སོའི་བསམ་པ་འདི་ལྟར་འགྱུ་ཚུལ་དང་། མ་འོངས་པའི་དུས་ཀྱི་འགྱུར་ལྡོག་ལ་སོགས་པ་དུས་གསུམ་ས་ལེར་གཟིགས་པས་ཆགས་ཐོགས་མེད་པར་ལུང་བསྟན། དུས་འདིར་ལོ་ཙཱ་བ་བྲང་སྟི་ཛ་ཡ་རཀྵི་ཏ་དང་། ལྕེ་ཀུ་ཀུ་རཱ་ཛས་བྱས་ནས་ཆོས་མང་དུ་བསྒྱུར། མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་ཕུར་པ་གནང་བས། དེས་རྒྱུད་ཀྱི་དོན་ཁོང་དུ་ཆུད། གདན་འདྲེན་པ་མི་གསུམ་གྱིས་ཀྱང་རྒྱུད་ཀྱི་བཤད་པ་རྒྱ་ཆེར་སྤེལ་ཏེ། སྣ་ནམ་གྱིས་གཙང་དུ་སྤེལ། ཤུད་བུས་ལྷོ་བྲག་ཏུ་བཤད། མཆིམས་ཀྱིས་ཀོང་ཡུལ་མཆིམས་ཀྱི་སྟེང་དུ་སྤེལ་ལོ། །དེ་ཙ་ན་བསམ་ཡས་མཆིམས་ཕུར་སློབ་དཔོན་པདྨ་འབྱུང་གནས་དང་དེའི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བྱས། རྗེ་འབངས་ཉེར་ལྔས་སྒྲུབ་ཆེན་བྱས་པ་ལ། དར་བཟའ་བྱང་ཆུབ་ཀྱིས་སྒྲུབ་པ་ལ་ཡལ་ག་བསྒྲགས་ནས་ཆབ་གསོལ་དགོས་ཟེར། དེར་བློན་པོ་རྣམས་ཀྱིས་བཙད་པོ་ལ་ཞུས། ཁྱད་པར་ངན་ལམ་རྟ་ར་ཀླུ་གོང་གིས་སློབ་དཔོན་ལ་ངན་སྨྲས་མང་དུ་བྱས་པས་ཁོ་ཁ་ལྐུགས། དར་བཟའ་བྱང་ཆུབ་ནི་སའི་ལྷ་མོ་བརྟན་མ་ཕག་སེ་ཁྲ་ལ་ཞོན་པ། ལག་ན་ལྕགས་ཀྱུ་ཐོགས་པས་དར་བཟའི་ལྕེ་ནས་བཏབ་སྟེ་གསོན་པོ་ས་འོག་ཏུ་ཁྲིད་པ་ཀུན་གྱིས་མཐོང་བས། བློན་པོ་རྣམས་ཀྱིས་སློབ་དཔོན་ལ་ཆབ་གསོལ་མ་ནུས། བསྟན་པ་མ་ནུབ་ཙམ་དུ་བྱུང་། དེར་སློབ་དཔོན་རྫུ་འཕྲུལ་དང་མཐུ་སྟོབས་ཆེ་བས། བོད་ཀྱི་བློན་པོ་ཆོས་ལ་མི་དགའ་བ་རྣམས་ཡིད་རབ་ཏུ་སྐྲག་སྟེ། སློབ་དཔོན་སླར་རྒྱ་གར་དུ་འབྱོན་པའི་ཞུ་བ་རྒྱལ་པོ་ལ་ཕུལ། སྡིག་བློན་རྣམས་དབང་ཆེས་པས་རྒྱལ་པོ་ཡང་གསན་དགོས་པ་བྱུང་ནས་ཞལ་གྱིས་བཞེས། སློབ་དཔོན་ལ་ཞུས་པས། ང་རྒྱ་གར་དུ་འགྲོ་བ་རུང་མོད་ཀྱི། འོན་ཀྱང་གསང་སྔགས་རྙིང་མའི་བསྟན་པ་ཡོངས་རྫོགས་སྤེལ་མ་ཐུབ་པས་གློ་བ་མ་དགའ། བོད་ཀྱི་རི་ཐམས་ཅད་ནགས་ཀྱིས་ཁྱབ་པ། གཙང་པོ་སྦུབས་སུ་འཇུག་པ། བྱེ་མ་ཐམས་ཅད་ནེའུ་སིང་དུ་བསྒྱུར་བ། འབྲོག་དགོན་པ་དང་། བྱང་ཐང་ཐམས་ཅད་ཞིང་ལ་བཏང་བ་སོགས་བྱ་རྒྱུ་མང་པོ་ཡོད་པ་ལ། སེམས་ཅན་གྱི་བསོད་ནམས་ལ་མ་ཤོང་བ་ཡིན། བོད་འབངས་སྙིང་རེ་རྗེ་གསུངས། བསམ་ཡས་ཀྱི་མཐའ་སྐོར་གྱི་བྱེ་མ་ལ་བསྙེན་ཕུར་བསྒྲིལ་བས་ནེའུ་སིང་དུ་སྔོ་ཞུར་གྱིས་སོང་། གཙུག་ལག་ཁང་དང་ལྕགས་རིའི་མཐའ་ལ་བསྐོར་བ་མཛད་པས། ཞབས་བཞག་པའི་སར་ལྕང་མ་རེ་སྐྱེས་སོ། །དེ་ནས་རྒྱལ་པོ་ལ། བསྟན་པ་བསྲུང་བའི་དྲག་སྔགས་བརྒྱ་རྩ་བརྒྱད་དང་། ཕན་བྱ་བརྒྱ་ཉི་ཤུ་རྣམས་གནང་། འཛམ་བུའི་གླིང་གི་ནོར་ཀུན་བསྡུས་ནས་རྒྱལ་པོ་པེ་དཀར་ལ་གཏད། དེ་བསམ་ཡས་ཀྱི་སྲུང་མར་བསྐོས། དེ་ནས་སློབ་དཔོན་གཤེགས་ཁར་ཇོ་མོས་ཞུས་པ། བདག་བུད་མེད་བློ་དམན་པས་ཉུང་ལ་བསླབ་པར་སླ་བའི་ཆོས་ཤིག་ཞུ། ཉོན་མོངས་པ་རགས་པས་ཉོན་མོངས་པ་འཇོམས་པའི་ཆོས་ཤིག་ཞུ། ཚེ་ཐུང་བས་གྲུབ་ཐག་ཉེ་བའི་ཆོས་ཤིག་ཞུ། དགྲ་མང་བས་མཐུ་ཆེ་བའི་ཆོས་ཤིག་ཞུ་ཞེས་ཞུ་དོན་བཞི་ཕུལ་བས། ཉུང་ལ་འདུས་པ་ཕུར་པ་རྩ་བའི་དུམ་བུ་སྟོད་ལས་བྱང་ཆུབ་སྒྲུབ་པ། སྨད་ལས་དམོད་པ་ལམ་དུ་ཁྱེར་བ་མན་ངག་མཆོག་ཏུ་གྱུར་པ་འདི་གནང་ངོ་། །དེ་ནས་སློབ་དཔོན་གྱིས་མངའ་བདག་ལ་གསུངས་པ། ད་ནི་བདག་སྲིན་པོའི་ཁ་གནོན་ལ་འགྲོ་བའི་དུས་ལ་བབ་པ་འདྲའོ། །བདག་ནི་ཚེ་ཡི་རིག་འཛིན་ཐོབ་པ་ཡིན། མངའ་བདག་ཉིད་ཀྱང་ཚེའི་དངོས་གྲུབ་འདོད་ན་ཚེ་ཆུ་འདི་འཐུང་མཛོད་གསུངས་ནས་བདུད་རྩི་བུམ་པ་གང་གནང་། དེར་རྒྱལ་པོའི་དགོངས་པ་ལ། སློབ་དཔོན་གཤེགས་པར་ཆས་པ་འདིས་མ་དགྱེས་ནས། ལྷོ་བལ་གྱི་ཞབས་ཀྱིས་དུག་བཏང་བ་འདྲའང་སྲིད་སྙམ། སྤྱང་ཐུལ་འདབས་ནས་མར་ཕོ་བས་དེ་མ་ཐག་ས་ལ་ཆུ་མིག་རྡོལ་བས། དེང་སང་ཆུ་རྗེ་ནེའུ་སིང་དུ་གྲགས་སོ། །དེ་ནས་སློབ་དཔོན་གཤེགས་པ་ལ་མངའ་བདག་གིས་མ་བཟོད་དེ། རྒྱལ་ཁྲིམས་ཞིག་ནའང་ཞིག །རྒྱལ་པོ་བདག་ཉིད་མ་གུམ་བར་དུ་བཞུགས་པར་ཞུ་ཞུས་པས། བསམ་ཡས་སུ་རྒྱུན་དུ་བཞུགས་པ་མ་གནང་། མ་འོངས་པའི་འགྲོ་བ་སྐལ་ལྡན་རྣམས་ཀྱི་དོན་དུ་བོད་ཀྱི་སྒྲུབ་གནས་རྣམས་སུ་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་བཞེངས་ནས་སྒྲུབ་པ་མཛད་དེ་བྱིན་གྱིས་བརླབས་པ་དང་། བོད་ཁམས་གླིང་དགུའི་ས་གཞི་ཐམས་ཅད་ཞབས་ཀྱིས་བཅགས་ཏེ་བཀྲ་ཤིས་ཤིང་བྱིན་ཆགས་པར་བྱ་བ་དང་། ད་དུང་བོད་ཀྱི་གདུལ་བྱ་མ་རྫོགས་པས། དེ་དག་གི་དོན་གྱི་ཕྱིར་དབེན་གནས་གངས་དང་རི་བྲག་མཚོ་གླིང་རྣམས་སུ་གནས་བཅས་ཏེ། རྒྱལ་པོ་རྗེ་འབངས་ཀྱི་དོན་དུ་སྐབས་སྐབས་སུ་འོང་གིས། ངའི་ཆོས་ཀྱི་འཕྲོ་ལུས་པ་རྣམས་རྒྱ་གར་ནས་སློབ་དཔོན་བི་མ་ལ་མི་ཏྲ་སྤྱན་དྲོངས་ལ་ཞུས་ཤིག་གསུངས། ཇོ་མོ་མཚོ་རྒྱལ་གྱིས་ཉེ་གནས་བྱས་ཏེ་གཤེགས་སོ། །དེ་ནས་སྒྲུབ་གནས་རྣམས་སུ་བྱོན་ནས་སྒྲུབ་པ་མཛད། བྲག་ལ་སྐུ་དང་ཕྱག་ཞབས་ཀྱི་རྗེས་བཞག །ཁྱད་པར་དུ་མཚོ་ཆེན་པོ་བཞི་ལ་ཕྱག་རྗེས་བཞག་པ་ནི་ཆུ་མ་བསྐམས་ཀྱི་བར་དུ་གནས་པར་བྱིན་གྱིས་བརླབས། བསམ་ཡས་ཀྱི་རབ་གནས་དང་། སྐབས་སུ་རྒྱལ་པོ་རྗེ་འབངས་ལ་ཆོས་གསུང་བ་དང་། བཙུན་མོ་དམར་རྒྱན་བཟའི་མཛེ་ནད་བསལ་བ་རྣམས་ལ་བྱོན། མངའ་བདག་གྲོངས་ནས། སྲས་མུ་ནེ་བཙན་པོ་ཡུམ་གྱིས་དུག་གིས་བགྲོངས། མུ་ཁྲི་བཙད་པོ་ན་གཞོན། མཐའ་ཡི་དམག་རྒྱ་དང་། ཧོར་དང་། གེ་སར་དང་། ཁྲོམ་ལ་སོགས་པས་བོད་ཕུང་ལ་ཉེ་བ་ན། རྒྱལ་སྲིད་ལོ་གསུམ་བསྐྱངས་ཏེ་བོད་འབངས་ཀྱི་དོན་མཛད། མཐར་རྒྱལ་བུ་ལ་རྒྱལ་ས་གཏད་དེ་དེ་ནས་སུ་ཡིས་བཤོལ་བཏབ་ཀྱང་མ་གསན་ཏེ། ལྷོ་ནུབ་རྔ་ཡབ་ཀྱི་ཡུལ་དུ་སྲིན་པོའི་ཁ་གནོན་ལ་གཤེགས་སོ། །དེ་ལྟར་བོད་ཡུལ་འདིར་ཇི་ཙམ་བཞུགས་སྙམ་ན། རྦ་བཞེད་དུ་བཤད་པ་ལྟར་བསམ་ཡས་ཀྱི་ས་འདུལ་བ་ལ་སོགས་པའི་བར་དུ་ཟླ་བ་གསུམ་བཞུགས། དེ་ནས་རྒྱ་གར་ལ་གཤེགས་པ་ལྟར་དུ་སྡིག་བློན་རྣམས་ཀྱི་ངོར་མཛད་ནས་བོད་ཀྱི་དབེན་རྩ་རྣམས་སུ་བཞུགས་ཏེ། ཟླ་བ་དྲུག་གི་བགྲོད་པ་རེ་ལ་ལོ་དང་ཞག་བཅོ་ལྔ་ལ་ཟླ་བ་རེ་རེ་བརྩི་བ། རྒྱལ་པོ་ལོ་ཆོས་ལ་སོགས་པ་རྒྱ་གར་གྱི་རྩིས་ལུགས་གཅིག་གི་དབང་དུ་བྱས་པའི་ལོ་བརྒྱ་དང་བཅུ་གཅིག །ལོ་ཧྲིལ་པོ་ལྔ་བཅུ་རྩ་ལྔ་དང་ཟླ་བ་དྲུག་བཞུགས་པ་ཡིན་ནོ། །དོན་འདི་ཉིད་ཐུགས་སུ་མ་ཆུད་ཅིང་། ལོ་རྒྱུས་ལ་གོ་བ་མ་ལོངས་པ་དག་གིས་མྱང་གི་གཏེར་དཔེ་བཻ་རོའི་ཕྱག་བྲིས་མ་ལས། སློབ་དཔོན་པདྨས་བོད་ཡུལ་དུ་ལོ་བརྒྱ་དང་བཅུ་གཅིག་བཞུགས་ཏེ། ཞེས་པས་རྒྱལ་པོའི་བླ་མཆོད་དུ་ལོ་བརྒྱ་དང་། སྒྲུབ་གནས་རྣམས་སུ་ལོ་བཅུ་གཅིག་བཞུགས་སོ། །ཞེས་ཟེར། རྒྱལ་པོས་དགུང་ལོ་དྲུག་ཅུ་རྩ་བརྒྱད་བཞུགས་པར་ཁས་ལེན་མོད་ཀྱི། དེ་ལྟར་ན་ལུགས་དེའི་ལོ་བཅུ་དགུ་པོ་དེ་ལ་གོང་གི་མཛད་པ་དེ་རྣམས་རྫོགས་པའི་ཡུལ་མེད་ལ། མཛད་པ་དེ་དག་ཇི་ལྟར་མཛད་པའི་ཚུལ་ནི་དེང་སང་གི་བར་དུ་ཕལ་ཆེ་བ་མངོན་སུམ་དུ་གསལ་བས་ཤེས་སོ། །སྤྱིར་སློབ་དཔོན་འདིའི་ཡོན་ཏན་དང་ཕྲིན་ལས་དང་གདུལ་བྱ་འདུལ་ཚུལ་ནི། འཕགས་པ་ས་བཅུ་པ་ལ་གནས་པ་རྣམས་ཀྱིས་ཀྱང་བསམ་པར་མི་ནུས་ཤིང་སངས་རྒྱས་རྣམས་ཀྱིས་བསྐལ་བརྒྱའི་བར་དུ་གསུངས་ཀྱང་རྫོགས་མཐའ་མངོན་པ་མ་ཡིན་པར་རྒྱ་བོད་ཀྱི་པཎ་གྲུབ་ཐམས་ཅད་བཞེད་དོ། །སློབ་དཔོན་དེ་ལ་ཕུར་པའི་སློབ་མ་མང་ཡང་། མཆོག་ཏུ་བཀའ་བབས་པ་ནི་ཇོ་མོ་མཚོ་རྒྱལ་ཡིན་ཏེ། དེས་མོན་ཁ་ནེ་རིང་སེང་གེ་རྫོང་གི་བྲག་ཕུག་ཏུ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བསྒྲུབས་པས་ཞག་ཉེར་གཅིག་ནས་ཕུར་པ་ཐམས་ཅད་བཞད་ཅིང་འོད་འཕྲོ་བ་དང་བྲོ་འཁྲབ་པ་བྱུང་། དེར་ཇོ་མོའི་དགོངས་པ་ལ། མ་མོ་འགྲུབ་ན་ཁྲག་ཟོར་འཕང་། །གཤིན་རྗེ་འགྲུབ་ན་འཁོར་ལོ་བསྐོར། །གིང་པོ་འགྲུབ་ན་ལས་ལ་རྦད། །ཕུར་པ་འགྲུབ་ན་གདབ་ལས་བྱ། །ཞེས་པ་ལས། བདག་ལ་བསྡོ་བའི་དགྲ་ནི་མེད། སུ་ལ་བརྡེག་གམ་སྙམ་སྟེ་བསྙེན་ཕུར་བསྒྲིལ་བ་ལས། བདག་ལ་དགྲ་མེད་ཀྱང་ཕ་མེས་ཀྱི་སྲོག་གཅོད་པའི་ཟ་འདྲེ་ལ་གདབ་སྙམ་དུ་དགོངས་པ་དང་། བསྙེན་ཕུར་ཕྱག་ནས་ཤོར་ཏེ་ནམ་མཁའ་ལ་འཕུར་བས། ཕ་ཡུལ་གྱི་ཁང་པའི་ལྟག་ན་འདྲེ་དེ་གནས་པའི་སྐྱེར་ཕུང་གཅིག་ཡོད་པ་ལ་བབས་ཏེ་སྐྱེར་ཕུང་དེ་རྩ་བ་ནས་བསྲེགས་ཤིང་ཟ་འདྲེ་དེ་ཉིད་དུ་བསྒྲལ། ཕུར་པ་དེ་དབོན་བརྒྱུད་རྣམས་ཀྱིས་བཅངས་ཏེ་གདེངས་པ་ཙམ་གྱིས་ལྷ་འདྲེ་མང་པོ་བཏུལ་བས། མཁར་ཆེན་བཟའ་འདྲེ་འདུལ་གྱི་བརྒྱུད་པ་ཞེས་ཟམ་མ་ཆད་པར་བྱུང་ངོ་། །ཇོ་མོ་འདིས་ནི་སྒྲོལ་བ་ཚད་དུ་ཕྱིན་པས། མཚོན་གྱིས་བསད་པའི་མི་རོ་ཡང་གསོན་པོར་སློང་ནུས་པ་ཡིན་ནོ། །དེ་ནས་ཇི་ལྟར་བརྒྱུད་པ་ནི། ཇོ་མོས་རང་གི་མིང་པོ་མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་བཤད། དེས་ལ་བྱིད་ཡེ་ཤེས་བརྩེགས་ལ། དེས་ལྕེ་སྟོན་ཡོན་ཏན་རྒྱ་མཚོ། དེས་ལྕམ་མེ་དཔལ་སྒྲོན། དེས་ངམ་འབྲེ་ཀླུའི་རྒྱལ་མཚན། དེས་ངམ་འབྲེ་གསལ་ལེ། དེས་རྨ་ཆུ་རབ་ཀྱི་ཕ་རོལ། སྐྱེ་ཆུ་རབ་ཀྱི་ཚུ་རོལ། བྱེ་མ་ཡུག་མོ་སྒང་དུ་ལང་ལབ་བྱང་ཆུབ་རྡོ་རྗེ་ལ་བཤད་དེ། དེ་ཡན་ཆད་ཆིག་བརྒྱུད་ཁོ་ན་ཡིན་ལ། ཕུར་བ་མན་ངག་དྲུག་པ་ཞེས་བྱ་བའི་བརྒྱུད་པ་ཡིན། དེ་ནས་ལང་ལབ་ཀྱིས་བཀའ་བབས་སྣ་ནམ་ཤེས་རབ་ཚུལ་ཁྲིམས་བཀའ་བརྐུས་བ་མྱང་ནག་དབང་གི་ཤེས་རབ་ཅེས་ཀྱང་གྲགས། དེ་དུས་ཀྱི་སློབ་དཔོན་སོ་སོའི་ཆགས་སྡང་གི་གཏམ་ཡིན་གྱི། མྱང་ནག་ལ་བཀའ་བབ་པའི་ལོ་རྒྱུས་འོག་ཏུ་འཆད་དོ། །དེ་ནས་སྣ་ནམ་གྱིས་རྒྱ་སྟོན་སངས་རྒྱས་ལ་བཤད། དེས་ཤང་གུར་ཞོགས་ཁམས་པ་ལུང་དུ་རྒྱ་ཐུང་ཤེས་རབ་རྒྱལ་མཚན་ལ་བཤད། དེས་ནག་པོ་རྨུའི་བྲག་ཕུག་ཏུ་དགོན་སྟོན་རྡོ་རྗེ་རྒྱལ་མཚན་ལ་བཤད་དེ། འདིས་ནི་སྣ་ནམ་ཤུད་བུ་མཆིམས་གསུམ་གྱི་གདུང་བརྒྱུད་ལ་ཡང་ཐུག་ནས་ཞུས་སོ། །ཕུར་པ་ལ་འདི་བས་མཁས་པ་མ་བྱུང་ཞེས་གྲགས། དེས་མྱང་དར་མ་སེང་གེ་ལ་བཤད། དེས་གནུབས་ཤེས་རབ་ཡེ་ཤེས་ལ། དེས་རང་གི་སྲས་གནུབས་བདུད་རྩི་འོད་ལ། དེས་སྲས་ཕུར་གྲགས་ལ་བཤད། དེས་སྲས་ཇོ་ལྕམ་ལ་བཤད། དེས་ཇོ་བཙུན་གྲུབ་འོད། སེ་མིག་པ། ཕུ་རི་ཇོ་སྟོན། ཤེས་རབ་རྡོ་རྗེ། ཚེ་བརྟན་དཔལ་བཟང་། སྔགས་འཆང་ཤེས་རིན་པ། བསོད་ནམས་རྡོ་རྗེ། གཅུང་དཀོན་མཆོག་བཟང་པོ། མཁན་ཆེན་ཤེས་རབ་རྗེ། སྔགས་འཆང་ཀུན་དགའ་དར་པོ། འཇམ་དབྱངས་ཀུན་བཟང་། གྲགས་པ་དཔལ་འབྱོར། རྒྱལ་མཚན་དཔལ་བཟང་། བླ་ཆེན་ཆོས་ཀྱི་རྒྱལ་པོ། དེ་ལས་བདག་གིས་མན་ངག་དྲུག་པའི་དབང་དང་གདམས་སྐོར་རྣམས་ཀྱི་ལུང་ནོས། ༈ ཡང་ལང་ལབ་ཀྱི་སློབ་མ་ཀྱི་བན་བྱང་ཆུབ་རིན་ཆེན་བྱ་བ་ཞིག་བྱུང་། དེ་ལ་ཕ་སྤུན་རྣམས་ཀྱིས་ཁང་ཞིང་དང་ནོར་འཕྲོགས་པ་ལ་བརྟེན་ནས། ལང་ལབ་ལ་ཕུར་པ་ཞུས་ཏེ་བསྒྲུབས་པས། ཕ་སྤུན་གྱི་མི་གྲོང་ཚོ་དགུའི་མི་ཕྱུགས་སྒོ་ཁྱི་ཚུན་ཆད་ཚར་བཅད་དེ། མཐར་དགྲ་འདི་ཚོ་ཤི་བས་མི་ཆོག་ཁང་པའི་གྱང་འདི་མཐོང་བ་དང་ཡང་སྙིང་ན་གསུངས་ནས་ཕུར་པ་བསྒྲིལ་བས། གྱང་ཀུན་ཀྱང་རྨང་ནས་འགྱེལ་ཏེ། དེ་ནས་མཚན་ཡང་སྐྱི་གྱང་འགྱེལ་དུ་གྲགས། དེའི་སློབ་མ་ཁམས་པ་སྟོང་གསུམ་སྒོམ་ཆེན་མུ་ནེ་དང་། ཐག་གདོང་དཀར་གྱི་བཙུན་པ་ཤེས་རབ་འོད་གཉིས་ལས་མཆེད་དེ་ཤིན་ཏུ་མཐུ་ཆེ་བ་ཀྱི་ཕུར་དུ་གྲགས་པ་བྱུང་ནས། དེང་སང་ནི་གདམས་སྐོར་ཐར་བུ་ལས། ཡོངས་སུ་རྫོགས་པ་བཞུགས་པའི་བཀའ་ལུང་ཡོད་པ་མ་རྙེད་དོ། །ཡི་གེ་རྙིང་པ་ལས་ཐག་བཙུན་ཤེས་རབ་འོད་ཀྱི་སློབ་མ་ལྷ་རྗེ་གནུབས་ཆུང་ཡིན་པར་བཤད་པ་ལྟར་ན་གཟའ་གདོང་དམར་ནག་སྐོར་ཡོངས་ཀྱི་ལུགས་ལ་ཡོད་དམ་སྙམ་མོ། །སྤྱིར་ན། རླངས། རྔོག །མཁོན། རོག །གནུབས། སོ། །ཟུར། འགོས། དཔང་། རྒྱུས། འོ་བྲན་ལ་སོགས་པའི་རུས་ཆེན་རྣམས་ཀྱི་གདུང་རིགས་ལས། རྡོ་རྗེ་ཕུར་པའི་གྲུབ་པ་ཐོབ་པ་ནི་བོད་ཡུལ་འདིར་ཤིན་ཏུ་མང་ཞིང་བརྗོད་ཀྱིས་མི་ལང་ལ། གསར་མའི་སྔགས་རྣམས་མ་དར་གྱི་བར་དུ་བོད་དུ་ཡི་དམ་དང་བསྟན་སྲུང་གི་སྲོག་རྩ་ཡང་ཕུར་གྱིས་བཟུང་བ་ཡིན་པས། བརྒྱུད་པ་བྱིན་གྱིས་བརླབས་པའི་སྔགས་འཆང་དེ་རྣམས་ཀྱི་གདུང རིགས་ཤས་ཆེ་བ་ལས། གསར་མའི་སྐྱེས་ཆེན་རྣམས་ཀྱང་བྱོན་པ་ཡིན་ཏེ། བསྟན་པའི་བདག་པོ་ས་སྐྱ་བ་དང་། ཁྲོ་ཕུ་བ་དང་། ཕག་མོ་གྲུ་པ་ལ་སོགས་པ་ལྟ་བུ་སྟེ། ཇི་ལྟར་བྱུང་བའི་ཚུལ་ནི། སོ་སོའི་གདུང་རབས་རྣམས་སུ་གཟིགས་པར་མཛོད་ཅིག །བདག་ཅག་ཤེས་རབ་ཆུང་བ་རྣམས་ཀྱིས་བརྗོད་པར་མི་ནུས་སོ། ༈ །ད་ནི་རང་ལུགས་ལ་གྲགས་པ་རོང་ཟོམ་ལུགས་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་ཕུར་པའི་ཆོས་འདི་རོང་ཟོམ་ལ་ཇི་ལྟར་བརྒྱུད་པ་ནི། སློབ་དཔོན་པདྨ། སྣ་ནམ་རྡོ་རྗེ་བདུད་འཇོམས། མཁར་ཆེན་དཔལ་གྱི་དབང་ཕྱུག །དོན་ཨཱ་ཙརྱ་དཔལ་གྱི་མེ་ཏོག །སྒྲོ་རྡོ་རྗེ་གཞོན་ནུ། ཞང་ཞུང་ཡོན་ཏན་གྲགས། རོང་བན་ཡོན་ཏན་རིན་ཆེན། རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱི་བར་དུ་བརྒྱུད་པ་ལས་འོངས་པ་ཡིན་ལ། ཁ་ཅིག་ནི། རོང་བན་ཡོན་ཏན་རིན་ཆེན་གྱིས་སློབ་དཔོན་པདྨ་དངོས་ལ་ཐུག །དེས་མི་ཡུལ་དུ་ལོ་སུམ་བརྒྱ་བཞུགས་ཏེ་མཐར་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། དེའི་སྲས་རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱིས་ཀྱང་ལོ་ཕྱེད་དང་ཉིས་བརྒྱ་བཞུགས། དེའི་སྲས་རོང་ཟོམ་ཡིན་ལ། འདིས་ལོ་བརྒྱ་དང་བཅུ་དགུ་མི་ཡུལ་དུ་བཞུགས་ཏེ་སྐུ་བསྒྲེས་རྒུད་མི་མངའ་བའི་ངང་ནས་སྐུ་གཤེགས་པ་ཡིན་ཟེར། གང་ལྟར་ཡང་གྲུབ་ཐོབ་བར་མ་ཆད་པའི་བརྒྱུད་པ་ཡིན་ལ། འདི་འཁྲུངས་པའི་ཡུལ་ནི། བོད་རུ་བཞིའི་ནང་ནས་རུ་ལག་གཙང་སྨད་ཀྱི་སའི་ཆ། རོང་གི་སྣར་ལུང་པར་འཁྲུངས། སྐུ་གཞོན་ནུ་ནས་སྒྲ་ཚད་ལ་སོགས་པ་ཤེས་བྱ་ཐམས་ཅད་ལ་མཁས་ཤིང་གཞན་དག་དངོས་པོ་སྟོབས་ཤུགས་ཀྱི་རིགས་པས་ཚར་བཅད་པས། ཁ་ཅིག་པཎྜི་ཏ་སྨྲྀ་ཏིའི་སྐྱེ་བ་ཡིན་ཟེར། ཁ་ཅིག་པཎྜི་ཏ་ཕྲ་ལ་རིང་མོའི་སྐྱེ་བ་ཡིན་ཟེར། ཕྱིས་ཇོ་བོ་རྗེ་དང་རོང་ཡུལ་ལྷར་མཇལ་རྩོད་པ་བྱས་པས། ཇོ་བོས་རོང་ཟོམ་མ་ཐུབ། དེར་ཇོ་བོའི་ཞལ་ནས། ཁྱོད་རྒྱ་གར་གྱི་ཨཱ་ཙརྱ་ནག་པོ་ཞབས་ཆེན་པོ་སྤྱོད་པ་བ་དེའི་སྐྱེ་བ་ཡིན་ཏེ། ཁོ་བོས་ཁྱོད་དང་ཆོས་ཀྱི་གཏམ་བྱ་བར་ག་ལ་ཐུབ་ཅེས་གསུངས། ངོ་མཚར་བའི་མཛད་པ་དང་ཆོ་འཕྲུལ་ལ་ཐོགས་པ་མེད་པས། སངས་རྒྱས་ཤཱཀྱ་ཐུབ་པའི་སྤྲུལ་པར་ཡང་གྲགས་ལ། ཕལ་ཆེར་མཐུན་པར་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་ཞེས་པ་སྔགས་པ་བརྗོད་དོ། །འདིས་དགུང་ལོ་བཅུ་གཅིག་ལ་མཚན་ཉིད་གསན། བཅུ་གསུམ་ཡན་ཆད་ལ་གསན་པ་རྫོགས་ཏེ། མཁས་པའི་ཕུལ་དུ་ཕྱིན། བསླབ་པའི་ཤེས་བྱ་ཐམས་ཅད་ལ་ཡང་མ་རྨོངས། དཀའ་བའི་གནས་རྣམས་ཀྱང་ལན་རེ་ཉན་པས་མཁྱེན་པ་ཡིན་ཏེ། རྗེ་འདི་ཉིད་ཀྱི་ཞལ་ནས། བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ལ་མ་ཐོས་པ་མེད་དོ། །བདག་ཐོས་པ་ཆེ་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ལ་ཚར་རེ་ལས་མ་དགོས་སོ། །ཞེས་གསུངས། སྤྱིར་ན་དམ་པ་འདི་ཤེས་རབ་ཟབ་ལ་རྒྱ་ཆེ་བ་དྲི་མ་མེད་པ་དང་ལྡན་པས། རྒྱ་གར་གྱི་ཆོས་སུ་གཏོགས་པ་མདོ་རྒྱུད་བསྟན་བཅོས་སྔར་མ་གཟིགས་པ་དག་ལ་ཡང་ཚར་རེ་རེ་གཉིས་གཉིས་ཙམ་གཟིགས་པས་མཁྱེན་ནས་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་ཅིང་མི་བརྗེད་པའི་གཟུངས་ཐོབ་པ་ཡིན་ནོ། །གཞན་ཡང་ཙ་ན་ཀ་ལ་སོགས་པ་འཇིག་རྟེན་གྱི་བསྟན་བཅོས་དང ། ཚད་མ་དང་། སྒྲ་དང་། སྙན་ངག་དང་། རིག་བྱེད་ཀྱི་བསྟན་བཅོས་གཞན་གསུམ་དང་། ས་བརྟག་པ་ལ་སོགས་པའི་ཤེས་བྱ་ཕྲ་མོ་མཐའ་དག་ལ་ཡང་མཁས་ཤིང་། ཐུགས་རྗེ་ཆེན་པོ་མངའ་བས་ཆོས་ལ་མོས་པའི་མི་རྣམས་དང་། ཆོས་ཀྱི་གང་ཟག་དང་། རྡོ་རྗེ་ཐེག་པ་ལ་ཞུགས་པ་དག་གི་ལས་དང་དངོས་གྲུབ་སྒྲུབ་པར་འདོད་པ་རྣམས་ལ་ཕྱིན་ཅི་མ་ལོག་པའི་གདམས་པས་ནན་ཏན་དུ་ཕན་ཐོགས་པ་མཛད། མངོན་པར་ཤེས་པའི་ཆ་དང་ལྡན་ཞིང་སེམས་ཅན་འདུལ་བའི་དུས་དང་ཚོད་ལ་མཁས། འགྲོ་བ་ཕལ་པ་དང་ཆོས་ཀྱི་བློོ་བསྒྱུར་བ་རྣམས་ཚེ་འདི་དང་ཕྱི་མ་གཉིས་ཀ་བདེ་བ་ལ་འགོད་པའི་ཕྱིར་བསྟན་བཅོས་མང་དུ་བརྩམས་ཤིང་། དེ་ལྟ་བུས་ཕན་འདོགས་པ་ལ་དུས་རྟག་ཏུ་སྐྱོ་བ་མི་མངའ། ཆོས་ཀྱིས་བློ་མ་བསྒྱུར་བའི་སྐྱེ་བོ་ཕལ་པ་ལ་ཡང་སེར་སྣ་དང་གནོད་སེམས་སྤངས་ནས་ཐུགས་རྗེས་ཡུལ་དུ་མཛད་དེ་ཞི་བདེ་ལ་འགོད། སྡོམ་པ་དང་ཐུགས་དམ་ལ་སྲོག་ལྟར་གཅེས་སྤྲས་སུ་མཛད་ཅིང་། གཞན་དག་ཀྱང་དེ་ལ་སྦྱོར། ཆོས་རྩོམ་པ་ན་གླེགས་བམ་བསྡུ་ཞིང་གཟིགས་པ་ལ་སོགས་པའི་རྩོལ་བ་མ་མཛད་ཀྱང་། ཆོས་ཕྱོགས་མེད་ལ་ཐོགས་རྡུགས་མེད་པའི་སྤོབས་པ་སྤྲོ་བ་ནས། བསྟན་བཅོས་མཛད་པ་དེ་དག་ཀྱང་ལུང་དང་རིག་པ་དང་མི་འགལ་ཞིང་སྒྲ་སྐྱོན་དང་དོན་སྐྱོན་རྣམ་པར་བྲལ་བས་གཞན་མཁས་པ་སུས་ཀྱང་རྩོད་མི་ནུས། སྒྲའི་ཚུལ་དང་སཾསྐྲྀ་ཏའི་སྐད་མ་བསླབ་པར་མཁྱེན། བྱིས་པའི་དུས་སུ་ཨ་ཙ་ར་བྱུང་ཚད་ལ་དགྱེས་ཤིང་དེ་དག་གི་སྐད་ལ་མཁས། བྱི་ཏོའི་པོ་ཏི་གཟིགས་པས་སྐད་དོད་ཀྱི་བག་ཆགས་སད་པ་ལྟར་གྱུར། ཐ་ན་དུད་འགྲོའི་སྐད་དང་བརྡ་ཡང་མཁྱེན། འཁྲུལ་པ་མི་མངའ་ཞིང་བྱིན་རླབས་ཆེ་བས། དེས་མཛད་པའི་གསང་སྔགས་ཀྱི་ཡིག་ཆ་རྣམས་ལ་སློབ་པའི་བརྒྱུད་དུ་བྱུང་བའི་གང་ཟག་རྣམས་ཀྱིས་ལུང་མ་ཐོབ་པར་ཡི་གེ་ལ་བྱུང་བ་བཞིན་དུ་བསྒྲུབ་པ་ལ་བྱིན་རླབས་དང་དངོས་གྲུབ་མ་བྱུང་བ་མེད། ལོ་ཙཱ་བ་ཆེན་པོ་དེ་ལ་དུས་དེའི་ཚེ་བོད་རུ་བཞིའི་མཁས་པ་མང་པོས་བཏུད་པར་གྱུར་ཏེ། གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་བྱ་བ་ཆོས་ཕྱོགས་མེད་ལ་མཁས་པ་ཞིག་གིས། ཐོག་མར་བོད་དུ་སྐྱེས་པའི་གང་ཟག་གིས་ཆོས་མང་པོ་བརྩམས་ཞེས་སྐུར་པ་བཏབ་བོ། །ཕྱིས་བླ་མ་རོང་ཟོམ་གྱིས་མཛད་པའི་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་པོ་ཏི་དེ་མཐོང་བས་གུས་པ་ཆེན་པོ་སྐྱེས་ཏེ། ཟང་ཟིང་མང་པོས་མཉེས་པར་བྱས་ཏེ་ཉེས་པ་བཤགས་ནས་བདག་རྗེས་སུ་བཟུང་དུ་གསོལ་ཞེས་ཞུས་པས་གནང་སྟེ། འཇམ་དཔལ་གསང་རྒྱུད་ལ་སོགས་པ་ཆོས་མང་དུ་ཞུས་པས་གནང་། གཞན་ཡང་མར་པ་ཆོས་ཀྱི་དབང་ཕྱུག་ལ་སོགས་པའི་ལོ་ཙཱ་བ་དང་། མཁས་པར་གྲགས་པའི་བློ་རྩལ་ཅན་མང་པོས་བཏུད་ཅིང་གསན་པར་གྱུར་ཏེ་གསན་པ་པོ་དེ་དག་གི་སློབ་བརྒྱུད་ཐམས་ཅད་ཀྱང་ཤིན་ཏུ་དད་ནས་བླ་མ་དམ་པར་འཛིན་ནོ། །གསང་རྒྱུད་ཀྱི་སྐབས་སུ་ཉིད་ཀྱི་ཞལ་ནས། འོ་སྐོལ་ལ་ད་ལྟ་རྒྱ་དཔེ་ཡོད་ན་འདི་ལྟར་འགྲོ་བ་ཡིན་ཏེ། རྒྱ་དཔེ་མེད་པས་ད་ལྟ་བཅོས་སུ་མེད་གསུངས་པ་ལ། གོ་རུབ་ཀྱིས་དེ་བཟུང་ནས་ཕྱིས་ཇོ་བོ་ཀྲྀཥྞ་པ་ཞེས་བྱ་བའི་པཎྜི་ཏ་ལས་རྒྱ་དཔེ་བྱུང་ནས་དེ་ལ་གསན་པས། རོང་པ་ཆེན་པོས་གསུངས་པ་བཞིན་བྱུང་བས་ཤིན་ཏུ་མོས་ཏེ། ཀྲྀཥྞ་པ་ལས་བྱུང་བའི་དཔེ་གཅིག་རོང་པ་དེ་ཉིད་ལ་ཕུལ་ནས་ཡང་གསན་སྐད། གཞན་ཡང་རོང་པ་འདིས། པཎྜི་ཏ་མཉྫུ་ཤྲཱི་ཝ་རྨ་དང་། མཉྫུ་ཤྲཱི་ཛྙཱ་ན་དང་། ཨུ་པ་ཡ་ཤྲཱི་མི་ཏྲ་དང་། བུདྡྷ་ཨཱ་ཀ་ར་བྷ་དྲ་དང་། དེ་བཱ་ཀ་རི་ཙནྟྲ་དང་། ས་ར་མེ་ཤྭ་ར་དང་། ཨ་མོ་གྷ་བཛྲ་ལ་སོགས་པ་པཎྜི་ཏ་མང་པོ་བསྟེན་ནས། དེ་དག་གིས་ལོ་ཙཱ་བ་མཛད་དེ། རྡོ་རྗེ་འཇིགས་བྱེད་དང་། གཤིན་རྗེ་དགྲ་རྒྱུད་དང་། འཇམ་དཔལ་སྔགས་དོན་དང་། བདེ་མཆོག་རྩ་རྒྱུད་ལ་སོགས་པ་མང་དུ་བསྒྱུར། འགྱུར་ཤིན་ཏུ་བཟང་བས་ཕན་ཆེ་བར་བཏགས། པཎྜི་ཏ་ཀུན་གྱི་གསུང་ནས་ཀྱང་། དྷརྨ་བྷ་དྲ་ཁྱོད་ཀྱིས་ཆོས་མང་པོ་བརྩམས་ལ་འགྲོ་བ་རྣམས་སྐྱོབས་ཤིག །ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག་གི། སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་ལས་མི་ཤེས་པས་ཀྱང་རྒྱ་གར་ན་ཆོས་མང་པོ་རྩོམ་པ་ཡིན། ཁྱེད་ཅིའི་ཕྱིར་ཆོས་མི་བརྩམ་ཞེས་གསུངས། དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཡང་བདག་བསྟོད་ལ་སོགས་པའི་དྲི་མ་དང་བྲལ་ཅིང་། གཞན་གྱི་ཆོས་ལུགས་དང་སྤྱོད་པ་དམན་ཡང་དོན་དུ་འགྱུར་ན་མ་གཏོགས། ཕ་རོལ་ཁྱད་དུ་གསོད་པའི་གཏམ་ཡེ་མི་གསུང་། བྲག་གཟར་པོའི་ངོས་ལ་གཤེགས་པ་དང་། ནམ་མཁའ་ལ་འཕུར་བ་དང་། བྲག་ལ་ཕུར་པ་འདེབས་པ་ལ་སོགས་པའི་རྫུ་འཕྲུལ་དང་གྲུབ་རྟགས་ལ་ཐོགས་པ་མི་མངའ། མྱང་སྨད་དུ་འགར་སྟོན་ཚུལ་ཁྲིམས་བཟང་པོ་ལ་གསང་སྔགས་རྙིང་མ་གསན་ཏེ་འདི་དགུང་ལོ་བཅུ་གཉིས་པའི་དུས་ཡིན། ལོ་བཅུ་གསུམ་པ་ལ་མཁས་པ་མདོ་སྟོན་སེང་གེ་རྒྱལ་མཚན་ལ་ཡང་གསན། མནལ་ལམ་དུ་གསང་བ་སྙིང་པོས་ཟན་བྱས། སངས་རྒྱས་མཉམ་སྦྱོར་གྱིས་ཚོད་མ་བྱས་གསོལ་བ་རྨིས་པ་སློབ་དཔོན་ལ་ཞུས་པས། དེ་ཤིན་ཏུ་བཟང་། ཆོས་དེ་ཁོང་དུ་ཆུད་པའི་རྟགས་ཡིན་ནོ། །དེ་གཉིས་ལ་ཁྱོད་ཀྱིས་འགྲེལ་པ་རེ་གྱིས་གསུངས་པས་འགྲེལ་པ་མཛད་དེ། བོད་དུ་ཡིག་ཆ་བྱུང་བ་ལ་བཟང་། དུས་ཕྱིས་བསྟན་བཅོས་མཛད་པ་ནི། བསླབ་པ་རིན་པོ་ཆེ་གསུམ་ལ་བསྟེན་པའི་ཆེད་དུ། གལ་ཆེ་བའི་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་དམ་ཚིག་མདོ་རྒྱས་མཛད། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་འགྲེལ་པ་ཚུལ་བཞི་ཡན་ལག་བཅོ་ལྔ་པ་མཛད། ལྷག་པ་ཤེས་རབ་ཀྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་རྫོགས་པ་ཆེན་པོའི་ལྟ་སྒོམ་མན་ངག་མཛད། གཞན་ཡང་ངན་སོང་སྤྱོང་རྒྱུད། འཇིགས་བྱེད་དང་སྨྲ་སྒོ་ལ་སོགས་པ་ལ་ཡང་འགྲེལ་པ་མཛད་ཅིང་། བསྟན་བཅོས་གཞན་ཡང་མང་དུ་མཛད་དོ། །དེའི་དུས་སུ་ཤབ་ཀྱི་ཡང་ཁྱེད་བླ་མ། མར་པ་དོལ་བ། འོ་ཡུག་པ་མདའ་བསམ་གཏན། མདོའི་ཁྱུང་པོ་ཧཱུྃ་སྙིང་། སི་ཁྲོམ་རྒྱ་མཚོ་འབར། མཚམས་སྟོན་གོ་ཆ། དཔང་ཀ་དར་ཆུང་། འགོས་ལྷས་བཙས། རྒྱ་རྒྱལ་ཚུལ་ཁྲིམས་ལ་སོགས་པ་བོད་རུ་བཞིའི་མཁས་པ་རྣམས་ཀྱིས་རྩོད་པར་བརྩམ་སྟེ། བོད་དུ་སྐྱེས་པའི་གང་ཟག་གིས་བསྟན་བཅོས་འདི་ཙམ་བརྩམ་པར་མི་རིགས་སོ་ཞེས་ཟེར་ཞིང་སུན་འབྱིན་དུ་སྐུ་དྲུང་དུ་འོངས་པས། གསུང་གླེང་མཛད་པ་ཙམ་གྱིས་རྩོད་པའི་སྤོབས་པ་བཅོམ། བསྟན་བཅོས་རེ་མཐོང་བས་ཤིན་ཏུ་མོས་ཏེ། ཐམས་ཅད་ཀྱིས་ཆོས་ཞུས། ཞབས་ཏོག་མཛད་དེ་གཏན་གྱི་སྐྱབས་གནས་སུ་འཛིན་པར་གྱུར་ཏོ། །དེ་ལྟར་རོང་ཟོམ་འདི་ནི་འཁྲུངས་པ་ཙམ་ཉིད་ནས་ངང་གིས་དགེ་བའི་ཀུན་སྤྱོད་ཅན་ལྷུན་གྱིས་གྲུབ་པས་ཤེས་རབ་ཆེ། འཇིག་རྟེན་ལུགས་ཀྱི་ཐུགས་དཀྱིལ་ཡང་ཤིན་ཏུ་ཆེ་ཞིང་རང་དང་དུས་མཚུངས་ཀྱི་མཁས་པ་ཐམས་ཅད་ཀྱིས་མངོན་པར་བསྟོད། ཕྱི་ནང་གི་རིགས་པའི་གནས་མཐའ་དག་ལ་མཁས། ཁྱད་པར་སྒྲ་ཚད་ལ་མ་རྨོངས་པས། བོད་ཀྱི་སྐད་ལ་ཡང་། འདི་ནི་དོན་འདི་ཙམ་ཞིག་ལ་འཇུག་གོ་ཞེས་ཚིག་དོན་གྱི་ཁྱད་པར་ཕྲ་མོ་དག་ཀྱང་གཞན་ལས་ཆེས་ལྷག་པར་སྟོན་ནུས། མདོ་རྒྱུད་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་གི་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་ཅིང་མཁས། ཐ་ན་འཇིག་རྟེན་པའི་འཚོ་ཚིགས་ཞིང་ལས། ཕྱུགས་སྐྱོང་བ། དཀར་ཤེ་སྒྲུབ་པ་སོགས་ལའང་མཁས་པས། དེ་དག་ཇི་ལྟར་སྒྲུབ་པའི་བསྟན་བཅོས་ཀྱང་མཛད། བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་ཀྱང་ཆོས་ཞུས་ཞིང་བསྙེན་བཀུར། བཀའ་སྒྲུབ། ལྟ་བ་མཆོག་ཏུ་གྱུར། ཆོས་ཐམས་ཅད་དམ། བསྟན་པའི་བདག་པོར་གྱུར་པ་ཡིན་ཏེ། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཆོས་ཐམས་ཅད་ཀྱང་མངའ། བཻ་རོ་ཙ་ནའི་ཆོས་ཐམས་ཅད་ཀྱང་། བཻ་རོས་གཡུ་སྒྲ་སྙིང་པོ། དེས་བླ་ཆེན་དགོངས་པ་རབ་གསལ། དེས་གྲུམ་ཤིང་སླག་ཅན་ནས་གནུབས་དཔལ་བརྟན། ཡ་ཟི་བོན་སྟོན། དེས་རོང་ཟོམ་ལ་བཤད་དེ། སེམས་ཕྱོགས་ཀྱི་བརྒྱུད་པ་ལུགས་གཅིག་ཀྱང་མངའ་སྟེ་བསྟན་པའི་བདག་པོར་གྱུར། འདན་ཀློང་ཐང་སྒྲོལ་མར་སྐུ་འཁྲུངས་པའི་སྤྲུལ་པའི་སྐུ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་གདམས་པའི་བདག་པོ་ཡང་ཡིན་ཏེ། འདི་ལ་རྒྱ་གར་བདུན་བརྒྱུད་དང་རྒྱའི་ཧཱ་ཤང་བདུན་བརྒྱུད་ཀྱི་གདམས་པ་ཡོད་པ་ལས། ཨ་རོའི་དངོས་སློབ་ལྕོག་རོ་ཟངས་དཀར་མཛོད་ཁུར་དང་ཁམས་པ་ཡ་ཟི་བོན་སྟོན་གཉིས་ཀ་ལ་རོང་ཟོམ་གྱིས་གསན་ནོ། །དེ་ནས་བརྒྱུད་པ་ཚོ་ལ་རྫོགས་ཆེན་ཁམས་ལུགས་སུ་གྲགས། བི་མ་ལ་ནས་བརྒྱུད་པ་རྣམས་ཀྱང་མྱང་ཏིང་འཛིན་བཟང་པོ་དང་། རྨ་རིན་ཆེན་མཆོག་དང་། གཉགས་ཛྙཱ་ན་ཀུ་མཱ་ར་ནས་བརྒྱུད་པ་དག་ཀྱང་། གཉགས་དང་རྨ་གཉིས་ཀས་ཁུ་བྱང་ཆུབ་འོད་དང་། ཁྱུང་པོ་དབྱིག་འོད་ལས་རིམ་པར་འོངས་ཏེ་རོང་ཟོམ་ལ་མངའ། མདོར་ན་འདིའི་མཁྱེན་པ་དང་ཡོན་ཏན་ནི་སུས་ཀྱང་བརྗོད་དུ་མི་ནུས་ཤིང་། བོད་གངས་ཅན་གྱི་རྒྱུད་འདིར་འདི་དང་མཉམ་པའི་མཁས་པ་ནི་སུ་ཡང་མ་བྱུང་ལ། སྤྱིར་འདི་སངས་རྒྱས་ཀྱི་སྤྲུལ་པ་ཡིན་མོད་ཀྱི། གྲུབ་པ་ཐོབ་པ་ནི་རྡོ་རྗེ་ཕུར་པའི་སྒོ་ནས་ཡིན་པས། ཕུར་པའི་བསྟན་བཅོས་ཀྱང་མང་དུ་མཛད་དེ། བརྒྱུད་པ་རྣམས་ཀྱང་གྲུབ་ཐོབ་ཟམ་མ་ཆད་པར་བྱོན་པ་ཡིན་ལ། དེ་ཡང་སྲས་བརྒྱུད་དང་། སློབ་བརྒྱུད་གཉིས་ལས། གདུང་རབས་ཀྱི་ནི། དང་པོར་རོང་བན་དཔལ་གྱི་རིན་ཡོན་ཏན་རིན་ཆེན། མཆན། པོ་ཆེ། དེའི་སྲས་རོང་བན་རིན་ཆེན་ཚུལ་ཁྲིམས། དེའི་སྲས་རོང་ཟོམ་ཆོས་ཀྱི་བཟང་པོ་དང་། སྒོམ་ཆེན་ཆོས་འཕགས་གཉིས། ཆོས་བཟང་གི་སྲས་གཟི་བརྗིད་འབར་དང་འབུམ་འབར་གཉིས། གཟི་བརྗིད་འབར་གྱི་སྲས་སྟོན་དར་དང་སྟོན་སྐྱབས་གཉིས། སྟོན་དར་ལ་སྲས་སྟོན་སེང་། སྟོན་སེང་གི་སྲས་ཇོ་སྲས་ར་སྤེ། འདིའི་སྲས་འབུམ་དཔལ། སྟོན་སྐྱབས་ཀྱི་སྲས་ཇོ་སྲས་འོད་ཟེར། དེའི་སྲས་སློབ་དཔོན་འབུམ་བསྟན། ཆོས་བཟང་གི་སྲས་གཉིས་པ་འབུམ་འབར་ལ་སྲས་ཆོས་ཀྱི་རྒྱལ་མཚན། ཇོ་བརྩེགས། ཇོ་བཟང་སོགས་ཁ་ཡར་བྱུང་། ཆོས་ཀྱི་རྒྱལ་མཚན་གྱི་སྲས་རུ་ཨཱ་ནནྡ་བཛྲ་སྟེ། རོང་པ་ཀུན་དགའ་ཟེར། དེའི་སྲས་སློབ་དཔོན་མེ་དཔུང་། དེའི་སྲས་ཆོས་ཀྱི་བཤེས་གཉེན་དང་། ཆོས་བཞད་གཉིས། རོང་པ་ཇོ་བཟང་གི་སྲས་སློབ་དཔོན་ཇོ་བཀྲ། དེའི་སྲས་དར་བཟང་། རྡོ་རྗེ་བརྟན་གཉིས། དར་བཟང་གི་སྲས་སློབ་དཔོན་གསེར་འོད། ཇོ་བོ་རྡོ་རྗེ་བརྟན་གྱི་སྲས་ཉི་མ་སེང་གེ། དེའི་སྲས་འོད་ཟེར་འབུམ་དང་འབུམ་རྒོད་གཉིས། རོང་སྒོམ་ཆེན་ཆོས་འཕགས་ཀྱི་སྲས་སློབ་དཔོན་སྟོན་གཡུང་། དེའི་སྲས་ཇོ་སྲས་ལྷ་བསྲུང་། དེའི་སྲས་སློབ་དཔོན་བྱམས་ཆོས་པ་ཆེན་པོ་དར་མ་བརྟན། དེའི་སྲས་སློབ་དཔོན་སྲ་བརྟན་རྡོ་རྗེ་ཡིན་ནོ། །དེང་སང་ནི་རོང་ཟོམ་གྱི་གདུང་བརྒྱུད་ཆད་ནས་མེད་ཀྱང་འབུམ་རྒོད་ཀྱི་དུས་སུ་རིན་སྤུངས་པའི་ཞལ་ངོ་ནམ་མཁའ་རྒྱལ་པོས་སྦྱིན་བདག་མཛད་དེ། སློབ་མ་མང་དུ་ཐོན། དེའི་ནང་ནས་མཆོག་ཏུ་གྱུར་པ་ཐང་ཁྲོམ་བཀའ་བཞི་པ་ཡིན་ཏེ། འདིས་འབུམ་རྒོད་གཤེགས་རྗེས། རོང་ཟོམ་ཆོས་ཀྱི་བཟང་པོའི་གདུང་འབུམ་དགོན་པ་དཀར་པོར་སྤྱན་དྲངས། ཕུར་པའི་ཆོས་སྐོར་གཉགས་ཀྱི་གདུང་བརྒྱུད་སྔགས་འཆང་སླེ་མ་བ་རྣམས་ལ་གསུངས་སོ། །གཉིས་པ་སློབ་བརྒྱུད་ནི། སྤྱིར་དམ་པ་འདི་ལ་དེ་དུས་ཀྱི་མཁས་གྲུབ་ཐམས་ཅད་ཀྱིས་ཞབས་ལ་གཏུགས་པ་བསམ་གྱིས་མི་ཁྱབ་ཅིང་། ཁྱད་པར་གོ་རུབ་ལོ་ཙཱ་བ། མར་པ་དོལ་པ་རྗེ། འགོས་ལ་སོགས་པ་ལོ་ཙཱ་བ་བཅུ་བདུན། གཡག་རྡོ་རྗེ་འཛིན་པ་སོགས་པ་གྲུབ་ཐོབ་ཆེན་པོ་སུམ་ཅུ་རྩ་ལྔ། མ་གཅིག་ཞ་མའི་མིང་པོ་རྗེ་མཁོན་བུ་བ་ལ་སོགས་པ་སྒོམ་ཆེན་གྲུབ་པ་ཐོབ་པ་བརྒྱ་དང་བརྒྱད་ཅུ། ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག་དང་། ཡང་ཁྱེད་བླ་མ་སོགས་སྟོན་པ་གདུགས་ཐོབ་པ་ལྔ་བརྒྱ་ལ་སོགས་པ་མཐའ་ཡས་ཏེ་བརྗོད་ཀྱིས་མི་ལང་བ་ལྟ་བུ་ལས། ཕུར་པའི་ཆོས་སྐོར་ཇི་ལྟར་བརྒྱུད་པ་ནི། རོང་ཟོམ་གྱིས་ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག །ཡོལ་ལྕགས་གྲུབ་ཐོབ། རྒྱ་སྟོན་སྟོང་འབར། རྣལ་འབྱོར་གཞུང་པ། ཕོ་རོག་མདོ་སྡེ་མགོན། ཡོལ་ལྕགས་སངས་རྒྱས་ཉི་འབུམ། དོན་གྲུབ་གཞོན་ནུ། དཔྱལ་འཕགས་པ་དཔལ། དཔྱལ་ཀུན་དགའ་ཉི་མ། དཔྱལ་ཀུན་མཁྱེན་ཆོས་རྒྱལ། མཁན་པོ་རྒྱལ་མཆོག་བ། གུ་གེ་པཎ་ཆེན། གྲུབ་ཆེན་དཔལ་འབྱོར་བ། ལོ་ཆེན་བསོད་ནམས་རྒྱ་མཚོ། ཆག་ལོ་རིན་ཆེན་ཆོས་རྒྱལ། བླ་མ་དམ་པ་རྡོ་རྗེ་སེང་གེ། དེ་ལ་བདག་གིས་རོང་ཟོམ་གྱི་དབང་ལུང་རྫོགས་པར་ཞུས་སོ། ༈ །ཡང་ཕུར་པ་ལྷ་ནག་ཏུ་གྲགས་པ་ནི། སློབ་དཔོན་པདྨ་ཡབ་ཡུམ་ཡན་ཆད་སྤྱི་དང་འདྲ་ལ། དེ་ལ་འབྲེ་ཨ་ཙ་ར་ནུ་རུ། འདི་ནི་ཕུར་པའི་སྒོ་ནས་གྲུབ་པ་ཐོབ་སྟེ་ཚེའི་རིག་འཛིན་བརྙེས་པས་དེང་སང་གི་བར་དུ་འདས་གྲོངས་མེད་པར་བཞུགས་པ་ཡིན་ལ། ལང་ལབ་བྱང་ཆུབ་རྡོ་རྗེས་གྲུབ་པ་ཐོབ་ཚར་བའི་རྗེས་སུའང་འདི་དང་མཇལ་ནས། སྔར་ཐོབ་པའི་ཕུར་པའི་སྐོར་ལ་ཞུས་དག་བྱས་ནས་ཚར་གཅིག་ཞུས་པ་ཡིན་ཅིང་། ལོ་རྒྱུས་ལ་ལར། ངམ་འབྲེ་ཨ་ཙ་ར་ས་ལེ་ཡིན་པར་བྱས་འདུག་པ་ནི་མ་ངེས་པ་ཆེན་པོ་སྟེ། མཚོ་རྒྱལ་དང་ལང་ལབ་ཀྱི་བར་ན་མི་རབས་ལྔ་ཡོད་པ་མ་གོ་བ་ཡིན་ལ། གཏེར་མའི་ལོ་རྒྱུས་གཅིག་ན། ལང་ལབ་ལོ་བདུན་འགྲོ་བའི་བྱིས་པ་གཅིག་གིས། སློབ་དཔོན་ལྷོ་ནུབ་ཏུ་བྱོན་ཁར་ཞབས་ལ་གཏུགས་ཟེར་བ་སྣང་སྟེ། མ་ངེས་པའི་རང་བཟོ་ཁོ་ནའོ། །ཕྱིས་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པས། སྨད་ལས་དྲག་པོ་སྒྲོལ་བའི་དབང་འདི་གསན་པར་བཞེད་ནས་བཙལ་བསམ་རྙེད་དེ། འཁོར་རྣམས་ལ་འདི་ལྟ་བུའི་དབང་ཐོབ་པ་འདུག་ན་སྤྲང་པོ་ཞིག་ལ་འདུག་ཀྱང་ཁྲིད་ཤོག །དེ་ལ་ཁོ་བོས་ཞུའོ་གསུངས་ནས་བཙལ་ཀྱང་མ་རྙེད། ཕྱིས་བལ་པོ་ནས་ཚོང་པའི་སྐད་ཆ་ལས། ཇོ་མོ་མཚོ་རྒྱལ་གྱི་སློབ་མ་ཨ་ཙ་ར་ནུ་ལོ་རྒྱུས་གཞན་ལས་བལ་པོའི་པཎྜི་ཏ་རཏྣ་ཤྲཱི་ཡིན་ཟེར། རུ་བྱ་བ་ཚེའི་རིག་འཛིན་ཐོབ་པ་ཞིག་ལ་ཕུར་པའི་ཆོས་རྫོགས་པར་ཞུས། བལ་པོ་ན་གསུང་གི་འདུག་ཟེར། དེར་བསྟན་པའི་ཁུར་ཆེན་པོར་དགོངས་ནས། འོ་ན་དེ་བལ་པོར་ཡོད་དམ་གསུངས་པས་མེད། བསིལ་བ་ཚལ་ལ་སོགས་པའི་གནས་རྣམས་སུ་མཁའ་འགྲོ་མ་རྣམས་ཀྱི་དོན་མཛད་པ་ཡིན་ཟེར། སྐབས་སུ་སྐབས་སུ་བྱོན་ནས་གདུལ་བྱ་སྐལ་བ་ཅན་རྣམས་ལ་ཆོས་བག་རེ་གསུང་བར་གདའ་ཟེར་བ་ལས། འོ་ན་དེ་བལ་པོར་བྱོན་ན་ང་ལ་སྐད་ཐེགས་པར་གྱིས་གསུངས་ཏེ་གནང་སྦྱིན་མང་པོ་གནང་། དེ་ནས་ལོ་འགའ་སོང་བ་དང་། བལ་པོ་ནས་ལན་བྱུང་། དེར་འཕགས་པ་རིན་པོ་ཆེ་ཆོས་དང་འཇིག་རྟེན་གྱི་ཐུགས་བྲེལ་གྱིས་གཡེངས་ནས་འབྱོན་མ་ཐུབ་ནས། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་ལ་གསེར་ལ་སོགས་པའི་དངོས་པོ་མང་པོ་བསྐུར་ནས་བརྫངས། དེ་ནས་ལོ་ཙཱ་བ་བོད་དུ་བྱོན་པ་དང་འཕགས་པ་རིན་པོ་ཆེས་དྲག་པོའི་སྒྲོལ་དབང་གསན་ཏེ། དེང་སང་གི་བར་དུ་མ་ནུབ་པ་འདི་ཡང་ཨ་ཙ་ར་ནུ་རུ་དང་འཕགས་པ་རིན་པོ་ཆེའི་དྲིན་ཡིན་ནོ། ༈ །ལྷ་ནག་གི་བརྒྱུད་པ་ནི། ཡ་འབྲོག་པ་གོ་རུབ་ཡང་དག་གིས་རྒྱུད་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ལ་བརྟེན་ནས་ལྷ་ཐམས་ཅད་ནག་པོར་མཛད་པ་ལས་བྱུང་བ་ཡིན་མོད་ཀྱང་། དེའི་གོང་གི་བརྒྱུད་པ་ནི། ཨ་ཙ་ར་ནུ་རུ། ལང་ལབ། སྣ་ནམ་ཚུལ་ཁྲིམས་ཤེས་རབ། ཁྱུང་པོ་འཆལ་ཆེན། འཆལ་ཆུང་། བློ་གྲོས་རྒྱལ་མཚན། གོ་རུབ་ཡང་དག །འགོས་ཡང་དག །འགོས་སྟོན་བྱང་འབར། ཁྱུང་པོ་སེང་གེ། ཁྱུང་པོ་ཁྲོ་བོ། གཉལ་སྟོན་གྲགས། སྐྱི་ཆོས་ཀྱི་སེང་གེ། རྒྱ་ཡེ་ཤེས་མགོན་པོ། དཔལ་ལྡན་རྡོ་རྗེ་རྒྱལ་མཚན། འདི་བཤད་འབུམ་རྡོ་རྗེ་དོན་གསལ་དང་། དབང་ཆོག་སྒྲུབ་སྐོར་ལ་སོགས་པ་ཡིག་སྣ་མང་དུ་མཛད། དེས་བླ་མ་ཚུལ་རྒྱལ་བ། རི་གདོང་པ་ཤེས་རབ་རྒྱལ་མཚན། སློབ་དཔོན་བསོད་ནམས་བཟང་པོ་དང་། སློབ་དཔོན་བཀྲ་ཤིས་རྒྱ་མཚོ། མཉམ་མེད་གཞོན་ནུ་དཔལ། སེམས་དཔལ་ཆེན་པོ་ནམ་མཁའི་མཚན་ཅན། བླ་མ་ཆེན་པོ་རྡོ་རྗེ་རྒྱལ་པོ། བླ་མ་རྡོ་རྗེ་སེདྒེ། དེ་ལ་བདག་གིས་ཞུས་སོ། ༈ །ཡང་གོ་རུབ་ནས་བརྒྱུད་པའི་ཕུར་པ་ལྷ་ནག་ནི། རྩེ་པ་སྒང་པ་དང། སྙེ་མདོ་པ་ལ་བབས་ཏེ་ཕྲིན་ལས་ཆེ་བར་བྱུང་ངོ་། ༈ །དེང་སང་གི་བར་དུ་བསྟན་པའི་བདག་པོ་དཔལ་ས་སྐྱ་པ་རྣམས་ཕྱག་ལེན་དུ་མཛད་པའི་ས་ཕུར་དུ་གྲགས་པ་ནི། དང་པོར་མཁོན་ཀླུ་དབང་སྲུང་བས་སློབ་དཔོན་པདྨ་དངོས་ལ་ཞུས་ནས་བསྒྲུབས་པས་གྲུབ་པ་ཐོབ་སྟེ་འདིའི་གཅུང་མཁོན་རྡོ་རྗེ་རིན་ཆེན་ནི་ཕུར་པ་ལ་བརྟེན་ནས་གྲུབ་པ་ཐོབ་ཅིང་། དེའི་སྲས་ཤེས་རབ་ཡོན་ཏན། དེ་ནས་སྲས་རིམ་བཞིན། གཙུག་གཏོར་ཤེས་རབ། དགེ་སྐྱབས། དགེ་མཐོང་། བལ་པོ། ཤཱཀྱ་བློ་གྲོས། མཁོན་རོག་ཤེས་རབ་ཚུལ་ཁྲིམས། འདིས་ནི་ལྷ་སྲིན་བྲན་དུ་འཁོར་ཞིང་། ཡི་དམ་མང་པོའི་ཞལ་གཟིགས། རྔ་ལ་ཞོན་ཏེ་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་རྫུ་འཕྲུལ་ཐོགས་མེད་དུ་སྟོན་ནུས་པ་ཡིན་ལ། འདི་ཡན་ཆད་དུ་ཕུར་པའི་གྲུབ་པ་ཐོབ་པ་ཤ་སྟག་བྱོན་ནོ། །མཁོན་རོག་འདིའི་གཅུང་པོ་དཀོན་མཆོག་རྒྱལ་པོ་ཡིན་ཏེ། འདིས་འགྲོ་བའི་ལུང་སྟོང་ཆེན་པོ་ཞིག་ལ་ལྟད་མོར་བྱོན་པས་སྔགས་པ་འགས། དབང་ཕྱུག་ཉེར་བརྒྱད་ཀྱི་འཆམས་བྱས་པས་ཁྲོམ་ཐོག་ཆོད། དེའི་ལོ་རྒྱུས་གཅེན་ལ་བསྙད་པས། ད་གསང་སྔགས་འཆོལ་བ་བྱ་བའི་དུས་བྱུང་བས་གྲུབ་ཐོབ་མི་འོང་། རང་རེ་ལ་ཡོད་པའི་དཔེ་ཆ་ལྷ་རྟེན་སྔགས་ཀྱི་ལག་ཆ་ཀུན་གཏེར་དུ་སྦོས། ང་ནི་རྒས། ཁྱོད་གཞོན་པ་ཡིན་པས། མང་དཀར་དུ་འབྲོག་མི་ལོ་ཙཱ་བ་ལ་གསང་སྔགས་གསར་མ་ཉོན་ཤོག་གསུངས་ནས་རྙིང་མ་ཀུན་གཏེར་དུ་སྦས། དེར་ཆོས་སྐྱོང་གི་ཆོ་འཕྲུལ་ཆེ་བས། ཕུར་པའི་མངོན་རྟོགས་སྐོར་བསྡུས་པ་གཅིག །ཡང་དག་གི་དཔེ་ཚན་གཅིག །སྲུང་མའི་གཏོར་ཆོག །སེང་ལྡེང་ཕུར་པ་དཀོར་ཆ་གཉིས། དཀར་མོ་ཉི་ཟླས་མཁོན་རོག་ལ་དངོས་སུ་བསྟན་པའི་སྒྲུབ་སྐོར་རྣམས་འདོན་དགོས་པ་བྱུང་སྟེ་གཅུང་ལ་གནང་། འདིའི་སྲས་ས་སྐྱ་པ་ཆེན་པོ་ཡིན་ལ། དེ་ནས་རྗེ་བཙུན་སྐུ་མཆེད་ས་སྐྱ་པཎྜི་ཏ་དང་། འཕགས་པ་རིན་པོ་ཆེ་ནས་རིམ་པར་བརྒྱུད་ནས་དེང་སང་གི་བར་དུ་དར་རྒྱས་ཆེ་ལ། བླ་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ་བདག་གིས་ཀྱང་ལྡོང་སྟོན་གྱི་ཡིག་ཆའི་སྟེང་ནས་ས་ཕུར་གྱི་དབང་དང་། ཆོས་སྐོར་སྣ་འགའ་རེ་ཐོས་སོ། ༈ །ཡང་གསང་བའི་རྒྱུད་ཕུར་པ་ལ་བརྟེན་པ་མཐའ་དག་ནས་བཏུས་པ་ཕུན་སུམ་ཚོགས་པ་དང་། གསང་བའི་རྒྱུད་དྲུག་དང་། ཀཱི་ལ་ཡའི་ཏནྟྲ་བཅུ་གཉིས་ནས་བཏུས་པ་གཤམ་སྔོན་གྱི་སྐོར་དུ་གྲགས་པ། སྟོད་ལས་ཡང་དག་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པའི་ཚུལ་དང་། སྨད་ལས་སྲས་མཆོག་ཕུར་པ་ལ་བརྟེན་ནས་དགྲ་བགེགས་སྒྲོལ་བའི་རིམ་པ་དང་པོར་བལ་ཡུལ་ཡང་ལེ་ཤོད་དུ་སློབ་དཔོན་རྣམས་པ་གསུམ་གྱིས་མཛད། བོད་ཡུལ་དུ་སློབ་དཔོན་པདྨས་བསྣམས་ནས་བྱོན་པ་དུས་དེར་སྤེལ་བའི་དུས་ལ་མ་བབས་ནས། བྱང་གི་བྱ་མང་མཚོའི་སའི་ཆར་གཏེར་དུ་སྦས་པ་དུས་ཕྱིས་གཏེར་སྟོན་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱིས་གཏེར་ནས་བཏོན་ཏེ་དེང་སང་ལུང་རྒྱུན་ཡོད་ལ། ༈ པཎ་ཆེན་བི་མ་ལ་མི་ཏྲ་ནས་བརྒྱུད་དེ་དར་བའི་ཚུལ་ནི་བོད་ཆོས་ཀྱིས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་གཤེགས་རྗེས། བཙུན་མོ་དམར་རྒྱན་བཟའ་མེ་ཏོག་དབང་ཆེ་ཞིང་སྤྱོད་པ་ངན་པས། སྔགས་ཀྱི་ལོ་ཙཱ་བ་ཀུན་ལ་སྡང་ཞིང་གཙེས་པ་དང་། ཀ་ཅོག་ཞང་གསུམ་དང་། བཻ་རོ་ཙ་ན་དང་། གཉགས་ལ་སོགས་པ་བསམ་ཡས་སུ་མ་བཞུགས་པར་བས་མཐའ་དང་། ཡུལ་གྱི་མཐའི་དབེན་པ་རྣམས་ན་བཞུགས་ལ། ཁྱད་པར་དུ་གཉགས་ཛྙཱ་ན་ཀུ་མཱ་ར་ཡར་འབྲོག་སྒང་དུ་བཞུགས་པའི་ཚེ། རང་གི་ཕ་སྤུན་པོ་གཉགས་དགེ་ལ་སྟོན་གྱིས་འདི་མུ་སྟེགས་ངན་སྔགས་མཁན་ཡིན་ནོ་ཞེས་ཡུལ་མི་ཀུན་ལ་སྒྲོག །བནྡྷ་ཟུང་གཅིག་བསྭེ་ཞོས་བྱུག་ནས་དམར་པོར་ཡོད་པ་དེ་གཉིས་བརྐུས་ནས། བནྡྷ་གྲི་རྩེས་འདྲུད་ཅིང་མི་རྣམས་ལ་སྟོན། འདིས་ཟོག་འདི་འདྲ་བྱེད་དོ་ཟེར་ཡ་ག་བསྒྲགས་སོ། །སློབ་དཔོན་བགྲོངས། དབེན་པ་བཤིག་པའི་གྲོས་བཤམས་པ་དང་། སློབ་དཔོན་གྱིས་དེ་དགོངས་ནས། གང་དུ་དགོངས་པ་མཛད་པའི་སར་རིན་པོ་ཆེ་གཏོར་ཞིང་བཞག་པས། མི་ཀུན་ན་རེ། སློབ་དཔོན་གང་ན་དགོངས་པ་མཛད་པའི་ཤུལ་ཀྱང་རིན་པོ་ཆེ་བྲུལ་ལོ། །ཁྱོད་ཀྱིས་དེ་མི་བདེན་ནོ་ཟེར་བ་ལ། ཁོ་ན་རེ། མི་བདེན་ན་འདི་རེད་ཟེར་ཞིང་ཡང་བནྡྷ་གྲི་རྩེས་འདྲུད་ཅིང་སྟོན་ནོ། །དེར་སློབ་དཔོན་ཡུལ་དེར་མ་ཆགས་ནས་གཡོག་པོ་གླལ་མི་འོག་བཙན་བྱ་བ་ཞིག་ཁྲིད་ནས་ཀོང་པོ་མཆིམས་ཡུལ་གྱི་གཏིང་དུ་བྱོན་པས། ལུང་སྟོང་གི་ཕུ་ན། ར་མ་བདུན་འདུག་པས། སློབ་དཔོན་གྱིས། ར་འདི་ཀུན་དེད་འགྲོ་གསུངས་པས། གཡོག་པོ་ན་རེ་འདི་ཀུན་གྱིས་ཅི་འཚལ། ར་ལ་བདག་པོ་མཆིས་བྱས་པས། སློབ་དཔོན་ན་རེ། ལུང་སྟོང་གི་ར་ལ་བདག་པོ་ག་ན་མཆིས། དེད་གསུངས་ནས་དེད་ཕྱིན་པས། ར་མཆིམས་བྱ་རོག་གི་ཡིན་པས། ཁོས་མཐོང་ནས་རྐུན་ཁག་བཙུགས། བདུན་འཇལ་འདོད་ཟེར། ར་ལ་བདུན་འཇལ་སྤྲད་ཙ་ན། མ་ཉན་པར་དབེན་པ་བཤིག །ལྕགས་ཀྱི་ཐོ་བ་ཐོགས་ནས་དེད་པས་སློབ་དཔོན་བྲོས་ཏེ་གཙུག་ལག་ཁང་དུ་ཆུད། སྒོ་བཅད་ཚར་ཙ་ན། སྒོའི་ཡ་ལྕིབས་ལ་ལྕགས་ཀྱི་ཐོ་བ་ཆེན་པོ་གཅིག་བརྒྱབ་སྟེ། བཙུན་ཆུང་གི་མགོ་ལ་ལྕགས་ཐོ་དེའུ་ཐོབ་ཟེར་རོ། །དེར་ཡང་བཞུགས་སུ་མ་ཆགས་ནས། བོད་ཡུལ་དབུས་སུ་བྱོན་པས། སློབ་དཔོན་རྟ་གཅིག་ཆིབས་ནས་མས་ནས་བྱོན་པ་དང་། འབྲོ་སྲས་ཆུང་ཤ་བ་གཅིག་དེད་ནས་ཡས་ནས་བྱུང་བ་དང་ཐུག་གིས་ཕྲད་པས། ཁོའི་རྟ་འདྲོགས། ཤ་བ་ཡང་ཤོར་བས་ཁོ་སླར་བྱུང་སྟེ། ཉམས་བན་འདིས་ང་ཡི་ཤ་བ་ཡང་ཤོར། རྟ་འདྲོགས། རྟ་བརྡབས་ཀྱང་འཚལ་ཟེར་ནས་དེད་དེ་གསོད་པར་ཆས་བ་ལ། བྲོས་པས་ཐར་ཙམ་བྱུང་། དུས་དེ་ཙ་ན་མངའ་བདག་གི་སྲས་ཆེ་བ་མུ་ནེ་བཙན་པོ་ལ། ཡུམ་དམར་རྒྱན་བཟས་དུག་བཏང་སྟེ་བགྲོངས། དེའི་འདད་ཀྱི་ཚོགས་དཔོན་ལ་སློབ་དཔོན་བི་མ་ལ་རྒྱ་ནག་ནས་སྤྱན་དྲངས་འདུག །དེར་བི་མ་ལའི་སྤྱན་སྔར་ཕྱིན་ནས་གསེར་ཕྱེ་ལོང་མོ་གང་ཕུལ། བི་མ་ལའི་ཞལ་ནས། ལོ་ཙཱ་བ་དཔོན་གཡོག་སྐྱིད་དམ་གསུངས་པ་ལ། ཡར་འབྲོག་སྒང་དུ་སྐྱིད་བགྱི་རུ། །དགེ་ལ་སྟོན་གྱི་མ་སྟེར་རོ། །མཆིམས་ཡུལ་གཏིང་དུ་སྐྱིད་བགྱི་རུ། །བྱ་རོག་དམྱལ་བས་མ་སྟེར་རོ། །བོད་ཡུལ་དབུས་སུ་སྐྱིད་བགྱི་རུ། །འབྲོ་སྲས་ཆུང་གིས་མ་སྟེར་རོ། །ཞེས་བརྙས་གླུ་ཕུལ་བས། བི་མ་ལས་བསྟན་པ་ནུབ་ཀྱིས་དོགས་ནས། ཕུར་པ་ཕུན་སུམ་ཚོགས་པ་དང་། གཤམ་སྔོན་མ་བུ་གཉིས་ཐུགས་ནས་ཕྱུང་སྟེ་གནང་། ལྷོ་བྲག་མཁར་ཆུ་སྣའི་བྲག་ཕུག་ཏུ་སེང་ལྡེང་ཕུར་པ་ཉི་ཤུ་རྩ་གཅིག་ལ་བརྟེན་ཏེ་བི་མ་ལ་དང་། གཉགས་ལོ་ཙཱ་བ་གཉིས་ཀས་བསྒྲུབས་པས་ཕུར་བུ་འཁྲོལ་བ་ལ་སོགས་པའི་མཚན་མ་བཟང་པོ་བྱུང་ནས། དེར་གཉགས་ཀྱིས་ཐོག་མར་བྱ་རོག་ལའོ་བྱས་ནས་ཕུར་པ་བསྒྲིལ་བས། སྟོང་ཁམས་ཀྱི་བྱ་རོག་ཐམས་ཅད་འུབ་འུབ་འདུས་བྱུང་། མ་ཡིན་ཏེ་མཆིམས་བྱ་རོག་ལའོ་བྱས་པས། མཆིམས་ཡུལ་སྟེང་གི་བྱ་རོག་ཟུང་ཞིག་བྱུང་། དེར་གཉགས་ཁྲོས་ནས་བྱ་རོག་གཅིག་ལ་བཏབ་པར་བརྩམས་པ་དང་། བྱ་རོག་ཚུབ་ལིང་གིས་ཤིའོ། །དེ་ནས་བི་མ་ལས་ད་སློང་ལ་ཐོང་བྱས་བས་བསླང་མ་ཐུབ། དེར་བི་མ་ལས་བྱེ་མ་གཅིག་བཏབ་སྟེ་བསླང་སྟེ་བཏང་། ད་ཕྱིན་ཆད་དེ་ཙུག་མ་བྱེད་སྡིག་ཆེའོ་གསུང་ནས། གནས་ལུང་གི་ཆོ་ག་ཡང་དེར་གནང་ངོ་། །དེ་ནས་མཆིམས་ལྷ་ཐན་ཚོ་གཡག་དཀར་པོ་གཅིག་ཏུ་བྱས་ནས་བྱུང་བ་ལ་ཡང་ཕུར་པ་བཏབ་ནས་བསྒྲལ། མཆིམས་བྱ་རོག་ཀྱང་དེར་བསྒྲལ། བླ་སྤྱང་རབ་ལ་བཏབ་པས་རབ་བསྐམས། འབྲིང་ལ་བཏབ་པས་འབྲིང་བསྐམས། ཐ་མ་ལ་བཏབ་པས་ཐ་མ་བསྐམས། བྲན་འཁོལ་དང་། འོག་རྟ་དང་། སྒོ་ཁྱི་དང་། གནག་གི་གཉེན་མཚམས་ཡན་ཆོད་ལ་བཏབ་པས་རབས་བཅད་དེ། དམ་སྲིའམ་སྐུ་དགྲ་རྣམ་པ་གཅིག་དེར་བཏུལ་ལོ། །དམ་སྲི་རྣམ་པ་གཅིག་ནི་ཕ་སྤུན་པོ་གཉགས་དགེ་ལ་སྟོན་ལ་བཏབ་པས་སློབ་དཔོན་གཉགས་ཉིད་སྙིང་རྗེ་སྐྱེས་ཤིང་ཆོས་ཉིད་ཀྱི་ཀློང་དུ་གྱུར་པས་ཡེ་མ་ཐེབས་ཏེ། ཕུར་བུའི་མཚན་དང་ལྡན་པ་གཅིག་རྙེད་ན་ཐེབས་ཏེ་འོང་གསུངས། དེར་ཚོལ་དུ་ཕྱིན་པས་དུས་དེ་ཙམ་ན་མགར་བ་ལ་སོག་པོ་ཟེར་བས། སོག་པོ་ཆེན་པོ་གཅིག་གིས་ཤ་གཅིག་དང་ཤིང་ཁུར་གཅིག་ཁུར། ར་གཅིག་ཁྲིད་པ་དང་འཕྲད། ཁྱོད་སུ་ཡིན་བྱས་པས། བདག་གི་རུས་ནི་ཁང་ལགས། མིང་ནི་སྟག་སྤྱན་ལགས་ཟེར། ཕྱི་བཞིན་དུ་འབྲང་སྟེ་ཕྱིན་པས། ཁོ་མགར་བྱེད་དོ། །དེར་ཁབ་ནག་བརྡུངས་གཉིས་མིད་པས། ཁོ་དད་པ་སྐྱེས། ཁྱོད་ཀྱིས་ཆོས་ནུས་སམ་གསུངས་པས་བཀའ་བསྩལ་ན་རྔོ་ཐོགས་ལགས་ཟེར། ནང་པར་བནྡེ་གཞན་གཅིག་མགར་ཚང་དུ་བྱུང་བ་ལ་སྐམ་པས་ཁབ་ཙག་བརྒྱབ་པས་ཨ་ཚ་ཟེར། མདང་དགོངས་ཀྱི་བེནྡེ་དེས་ནི། ཁབ་མིད་ནས་ཀྱང་གཏོར། ཁྱོད་ཨ་ཚ་ཟེར་བ་ཅི་ཉེས་ཟེར་རྒོད་དེ། བར་དེར་ཆུང་མ་ལ་རྔན་པ་བྱིན་ནས་ཁྱོ་ལ་གྲོས་ཐོབ་ཅིག་བྱས། དེ་ནས་ཁོ་ལ་བྱའམ་བགྱིས་པས། ཆུང་མ་ལ་འདྲིའོ་ཟེར་དྲིས་པས། ཆུང་མ་ན་རེ། ཆོས་མི་བྱ་བའི་ཙུག་ག་ན་འོང་། ཆོས་ནི་དམར་སྲང་ཁྲི་ཚོས་ཀྱང་མི་ཁུགས་ཟེར། དེར་ཆོས་སྒོར་ཞུགས་པ་ལ། ཡོ་བྱད་མེད་ཟེར་བ་ལ། ཡོ་བྱད་སློབ་དཔོན་གྱིས་ཕྱུང་ནས་ཆོས་བྱིན་པས། ཁོ་དད་པ་མཆོག་ཏུ་སྐྱེས་ཏེ་རབ་ཏུ་བྱུང་། མིང་ལྷ་དཔལ་གྱི་ཡེ་ཤེས་སུ་བཏགས། འདི་ཕུར་བུའི་མཚན་ཉིད་དང་ལྡན་པ་ནི། མིག་འབུར་གྱེན་དུ་འཁྱིལ་བ། སྣ་གྲུ་གསུམ། མགོ་བོ་རྒྱ་མདུད་དུ་འདྲིལ་བ། ལྕེ་ཟླ་གམ། རོ་སྟོད་ཟུར་བརྒྱད་དུ་འདུག་པ། རོ་སྨད་ཟུར་གསུམ་དུ་ཡོད་པ། ཅི་ལ་ཡང་ཐོགས་པ་མེད་པ་གཅིག་རྙེད། དེ་དང་མཐུན་པ་འོ་བྲན་དཔལ་གྱི་གཞོན་ནུ་ལ་ཡང་འདུག་པས། སྔར་གྱི་སློབ་མ་ཡང་ཡིན་པས་གཉིས་ཀ་ཁྲིད་དེ་འོང་ངོ་། །དེ་ནས་དཔོན་སློབ་གསུམ་གྱིས་བསྒྲུབ་པ་བྱས་ནས་བསྒྲལ། སླར་ཡང་སོག་པོ་དཔལ་ཡེས་གཉགས་དགེ་ལ་སྟོན་གྱི་གམ་དུ་སོང་ནས། ཁོ་ཤི་འདུག་པའི་སྙིང་བཏོན་ནས་སློབ་དཔོན་ལ་ཕུལ་སྟེ། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཀུན་ཀྱང་གནོད་པ་རྣམས་དང་བྲལ། །ཞེས་ཆེད་དུ་བརྗོད་དེ་གནས་སྤར། གཉགས་ལྷ་བྱ་རྨངས་ལྕགས་ཀྱི་བྱ་ཁྲ་གཅིག་ཏུ་བྱས་ཏེ་བྱུང་བ་ཡང་བསྒྲལ། བླ་སྤྱང་རབ་འབྲིང་ཐ་མ་གསུམ་ཀ་ལ་བཏབ་སྟེ་བསྐམས། བྲན་དང་འོག་རྟ་སྒོ་ཁྱི་གནག་གི་གཉེན་མཚམས་ཚུན་ཆད་བསྒྲལ་ཏེ། དམ་སྲིད་རྣམ་པ་གཅིག་དེར་བཏུལ་ལོ། །དེ་ནས་འབྲོ་སྲས་ཆུང་ནེའུ་ཐང་ན་རྟ་ཁྱུ་འཚོ་བ་ལས། རྣམ་ཤེས་ལིདྒ་ལ་བཀུག་ནས་ཕུར་པ་བཏབ་སྟེ་བསྒྲལ། འབྲོའི་ལྷ་སྤྱང་ཀི་སྔོན་པོ་གཅིག་ཏུ་བྱས་ཏེ་བྱུང་བ་ཡང་བསྒྲལ། བླ་སྤྱང་རབ་འབྲིང་ཐ་མ་གསུམ་ལ་བཏབ་པས་བསྐམས། བྲན་དང་འོག་རྟ་སྒོ་ཁྱི་གནག་གི་གཉེན་མཚམས་ཡན་ཆད་ལ་བཏབ་ནས་བསྒྲལ་ཏེ། དམ་སྲི་རྣམ་པ་གཅིག་དེར་བཏུལ་ལོ། །ཚུལ་འདི་ལ་ལོ་རྒྱུས་ལ་ལར། གཉགས་ཛྙཱ་ན་ཀུ་མཱ་ར་ལ་དགྲ་རྣམ་གསུམ་ལངས་པའི་དུས་སུ། འོ་བྲན་དཔལ་གྱི་གཞོན་ནུས་དཀོར་ནོར་དང་ཞིང་ཡུལ་ལ་སོགས་པ་ཕུལ། བརྟུལ་ཞུགས་དང་དཔལ་རྩལ་གྱིས་སློབ་དཔོན་གྱི་ཐུགས་བཟུང་། ཡབ་མཆེད་པོ་གཉགས་དགེ་ལ་སྟོན་དང་གཉགས་འཕགས་པ་སྨྱུག་ཞུ་ཅན་གཉིས་ཀྱིས། གཅེན་གཤེས་གཉེན་ལྷ་མཚོ་བཙོན་དུ་བཟུང་ནས། བཙོན་བསྲུང་མི་གཉིས་བཞག་པ་ལ། འོ་བྲན་གྱིས་བརྐུས་ནས་སློབ་དཔོན་ལ་ཕུལ་བས་མཉེས་ཏེ་ཕུར་པ་ཕུན་སུམ་ཚོགས་པ་དང་། གཤམ་སྔོན་ཅན་གཉིས་གནང་བ་ཡིན་ཟེར། ཡིན་པ་སྲིད་མོད། ལོ་རྒྱུས་འཐད་ལྡན་ལྟར་ན། བཙོན་དུ་བཟུང་བ་ནི་ཡུལ་ཉེ་འཁོར་གྱི་མདའ་དམར་ཞེས་པར། དམར་དང་ཕ་སྤུན་མི་ཤ་ཆགས་པ་ལ། ཆོས་རྒྱལ་བཞུགས་པས་གཉགས་ལ་རྩོད་མ་ནུས་པ་ལས་ཕྱིས་བཙུན་མོས་སྲས་དང་ལོ་ཙཱ་བ་རྣམས་དབུ་འཕང་སྨད་དུས། གཉགས་ཛྙཱ་ན་ཀུ་མཱ་ར་ཉིད་བཙོན་དུ་བཟུང་བ། སོག་པོ་དཔལ་ཡེས་སྲོག་ལ་མ་བལྟས་པས་བརྩོན་བསྲུང་མི་གཉིས་བཀུམ་ནས་སློབ་དཔོན་བརྩོན་ནས་བཏོན་པ་ཡིན་པས། གཅེན་ལྷ་མཚོ་བཙོན་དུ་བཅུག་པ་དང་། འདོན་པ་པོའོ་བྲན་དཔལ་གྱི་གཞོན་ནུ་ཡིན་ཞེས་པ་ནོར་བ་ཡིན་ལ། ཕུར་པ་ཕུན་སུམ་ཚོགས་པ་གཤམ་སྔོན་དང་བཅས་པའི་ཆོས་སྐོར་ཀྱང་འོ་བྲན་ཁོ་ན་ལ་ཡོད་པ་ལས། གཞན་ལ་མ་གྲགས་པ་མ་ཡིན་ཏེ། གཉགས་ལ་དཔལ་གྱི་སློབ་མ་བརྒྱད་བྱུང་བའི་བརྒྱད་ཀ་ལ་ཡོད་པར་ཕུར་པའི་ལོ་རྒྱུས་ཀྱི་ཡི་གེ་རྙིང་པ་དག་ན་གསལ་ལོ། །དཔལ་གྱི་སློབ་མ་བརྒྱད་ནི། གཉན་ཨཱ་ཙརྻ་དཔལ་དབྱངས། འབྲོག་མི་དཔལ་གྱི་ཡེ་ཤེས། མཁར་ཆེན་དཔལ་གྱི་དབང་ཕྱུག །ཐག་བཟང་དཔལ་གྱི་རྡོ་རྗེ། གྲ་དཔལ་གྱི་སྙིང་པོ། ཟླ་ལྕོག་དཔལ་གྱི་སེང་གེ། དར་རྗེ་དཔལ་གྱི་གྲགས་པ། ལྷ་ལུང་དཔལ་གྱི་རྡོ་རྗེ་རྣམས་ཡིན་ནོ། །འདི་རྣམས་ལས་ཁམས་དང་། ལྷོ་བྲག །མངའ་རིས་སུ་མཆེད་པ་གྲངས་ལས་འདས་པ་བྱུང་བར་བཤད། དེ་ཚོའི་ནང་ནས་འབྲོག་མི་རལ་པ་ཅན་གྱིས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་རྟེན་དགེ་སློང་ལ་བརྒྱུད་པས་ཕྲིན་ལས་ཆེ་བར་གྲགས་ཤིང་། འདི་དག་ནི་སློབ་བརྒྱུད་ཤས་ཆེའོ། །གདུང་བརྒྱུད་ཀྱིས་དར་རྒྱས་བྱུང་བ་ཡང་མང་ངོ་། །དེ་དག་ཏུ་མ་འདུས་པའི་མཆོག་གི་སློབ་མ་ནི། འོ་བྲན་དང་། སོག་པོ་དཔལ་ཡེ་དང་། གཉགས་ཀྱི་དབོན་བརྒྱུད་རྣམས་ཡིན་ཏེ་ཕྲིན་ལས་རྒྱ་ཆེ་ཞིང་རྒྱུན་མི་ཆད་པ་བྱུང་ཞིང་། ཁྱད་པར་གྲུབ་ཐོབ་ཟམ་མ་ཆད་པར་བྱོན་ནོ། །དེ་དག་ལས་ལུང་རྒྱུན་དབང་དང་འབྲེལ་བ་མ་ཆད་ཙམ་བདག་གིས་རྙེད་པ་ནི། འོ་བྲན་དཔལ་གྱི་གཞོན་ནུ་སྐུ་འདས་ནས་ཟླ་བ་ལྔ་དྲུག་ནས། སྲས་འོ་བྲན་པད་འབྱུང་འཁྲུངས། སྐུ་ནར་སོན་པ་ན། ཡབ་མེས་ཀྱི་ཕྱག་དཔེ་རྣམས་གཟིགས་པས་དད་དེ། ལུང་རྒྱུན་རྩད་བཅད་པས་རིང་མོ་ཞིག་ལོན་པ་ན། གྱེ་རེ་གཉན་རྩེའི་རི་ཁྲོད་ན་གནུབས་སྟོན་པདྨ་དབང་རྒྱལ་ལ་བཞུགས་ཟེར། དེ་མ་ཐག་བྱོན་ནས། གསེར་སྲང་བཅོ་བརྒྱད་ཀྱིས་སྣ་དྲངས་པའི་འབུལ་བ་མང་པོ་བྱས་ནས་ལོ་གཉིས་ལ་རྫོགས་པར་ཞུས། ཆིག་བརྒྱུད་བཀའ་རྒྱ་དང་། གསེར་གྱི་འབུལ་བ་མེད་པར་མི་སྟེར་བས། འོ་བྲན་གྱི་ཕུར་པ་གསེར་མགོ་ཅན་དུ་གྲགས་ཤིང་། གཞན་ཡང་གཤིན་རྗེའི་གཤེད་མཐེབ་རྒྱ་ཅན་གྱི་སྐོར་དང་། མདོ་སྒྱུ་སེམས་གསུམ་ལ་སོགས་པ་གནུབས་པ་ལས་བརྒྱུད་པར་འདོད་དོ། །དེ་ནས་སྲས་བློ་གྲོས་དབང་ཕྱུག་གིས་རང་གི་ཡབ་འོ་བྲན་པད་འབྱུང་ལ་ཡང་གསན། ཆོས་འཕྲོ་ཅུང་ཟད་མ་རྫོགས་པ་ལ་ཡབ་གཤེགས་པས་གནུབས་ཀྱི་སློབ་མ་གཉགས་པད་འབྱུང་གི་སྲས། གཉགས་པདྨ་རྒྱལ་པོ་ལ་རྫོགས་པར་གསན་ཏེ་བརྒྱུད་པ་གཉིས་ལྡན་དུ་བྱེད་དོ། །དེ་ནས་སྤྲུལ་སྐུ་རི་རབ་དམ་པའི་བར་དུ་འོ་བྲན་གྱི་གདུང་བརྒྱུད་རྣམས་ལ་བརྒྱུད་ཅིང་། རི་རབ་དམ་པས་རིན་པོ་ཆེ་དོན་གྲུབ་དཔལ་འབྱོར་བ་ལ་གནང་། དེ་ནས་རིམ་པར་བརྒྱུད་དེ། ཡོངས་འཛིན་དམ་པ་རྡོ་རྗེ་སེང་གེས་བདག་ལ་ཕུར་པ་ཕུན་སུམ་ཚོགས་པ་གཤམ་སྔོན་དང་བཅས་པ་ཐུགས་བརྩེ་བས་གནང་ངོ་། ༈ །དེ་ནས་ཕུར་པ་གཞན་ལ་མ་གྲགས་པ་ཇོ་བོ་ལང་ལབ་ཀྱི་ཁྱད་ཆོས་ཇི་ལྟར་བྱུང་བ་ནི། ལང་ལབ་ཀྱི་བླ་མ་ངམ་འབྲེ་ས་ལེ་ཡན་ཆད་ནི་གོང་དུ་བསྟན་ཟིན་ལ། ཇོ་བོ་ལང་ལབ་ནི་སྐུ་གཞོན་ནུ་ནས་ཕ་མ་གྲོངས། ཕ་སྤུན་རྣམས་ཀྱིས་ཕ་མའི་ཁ་ཆེམས་ལ་མ་ཉན་ཏེ། ལང་ལབ་མ་བུ་ལ་ཁང་པ་སྨིག་གུ་གང་དང་ཞིང་ཆུང་གཅིག་ལས་མ་བྱིན་པས། ངམ་འབྲེ་ས་ལེའི་ཐུགས་ཀྱིས་མ་བཟོད་དེ། ཁྱད་པར་འཕགས་པ་ཕུར་པའི་གདམས་པ་འདི་གནང་སྟེ། ལང་ལབ་ཀྱིས་སྒྲུབ་པ་བྱས་ཏེ་དགྲ་ཐམས་ཅད་ཚར་བཅད། སྙན་གྲགས་ཀྱི་ཕྱོགས་ཀུན་ཏུ་ཁྱབ་ཀྱང་སྦྱིན་འབྲས་ཆུང་བས་ཕོངས་ཏེ། འཁོར་རེ་ན་ལུག་རྫི་བྱེད་ཅིང་ཡོད་ཙ་ན། དེ་དུས་དགེ་བཤེས་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་སྐུ་བསོད་དང་། མཐུ་ཆེ་བས་བོད་ཀྱི་མི་ཆེ་དགུ་དང་། བླ་མ་སློབ་དཔོན་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱིས་ཕྱག་དང་ཞེ་ས་བཀུར་སྟི་འབུལ་དགོས་པ་ཡིན་ལ། གལ་ཏེ་མ་བྱས་ན་གཤིན་རྗེའི་གཤེད་ཀྱི་ཏིང་ངེ་འཛིན་གྱིས་སྐད་ཅིག་ལ་སྒྲོལ་བ་ཡིན་ཏེ། ཁོང་ལ་ཞེ་ས་མ་བྱས་པས་མར་པའི་སྲས་དར་མ་མདོ་སྡེ་ལ་སོགས་པ་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་བཅུ་གསུམ་བསྒྲལ། གཉན་ལོ་ཙཱ་བ་དར་མ་གྲགས་ལ་སོགས་པར་རང་མཉམ་གྱི་ལོ་ཙཱ་བ་བཅུ་གསུམ་ལ་སོགས་པ་མང་པོ་བསྒྲལ་བ་ཡིན་ཅིང་། ཁོང་དེ་ཙ་ན་གྲྭ་པ་ཁྲི་ཚོས་བསྐོར་ཏེ་འཁོར་རེ་རུ་ཆོས་འཁོར་ལ་བྱོན། འཁོར་རེ་བཙད་པོ་ལ་སོགས་པས་ཆོས་གཞིས་ཟླ་བ་བཞི་བཏེགས། དེ་དུས་རྭ་ལོ་ཙཱ་བ་ལ་ལང་ལབ་ཀྱི་ཕྱག་མ་བཙལ་བ་ལ། མི་བླུན་པ་གཅིག་ཡིན་འོང་དགོངས་པ་ལས། སླར་མི་རྣམས་ཀྱིས་ཁོང་སྐུ་མཐུ་ཆེ་ཞིང་ཕུར་པ་ལ་མཁས་པ་ཡིན་ཀྱང་། སྐུ་བསོད་ཆུང་བས་ད་ལྟ་གཞན་གྱི་ལུག་རྫི་བྱེད་དགོས་པ་ལགས་བྱས་པས། འོ་ན་ཁོ་ང་རྒྱལ་གྱིས་ཁོང་སྦོས་ནས་ང་ལ་ཕྱག་མི་བྱེད་པ་ཡིན་འོང་སྟེ། ཁོ་ལ་དོ་ནུབ་ཀྱི་ཚེ་ལས་མེད་ཀྱི་སྒུར་སྡོད་ཅིག་གསུངས། ཆོས་ཐུན་གྲོལ་བ་དང་། རྡོ་རྗེ་འཇིགས་བྱེད་ཀྱི་གསོད་པའི་སྦྱོར་བ་བཞིའི་བཅའ་གཞི་མཛད་དེ། ཁྱད་པར་སྦྱིན་སྲེག་གི་སྐབས་སུ་རྭ་ལོ་ཙཱ་བ་ཉིད་རྡོ་རྗེ་འཇིགས་བྱེད་དངོས་ཀྱི་སྐུར་གྱུར་ནས། ལིདྒ་ལ་ལང་ལབ་དགུག་གཞུག་གི་བདེན་བརྡར་ལན་གསུམ་བྱས་ཏེ། དུས་དེར་ལང་ལབ་ནི་ལུག་འཚོ་བ་ཉིད་ལས་གཞན་ཅི་ཡང་མི་བྱེད་མོད་ཀྱི། དགུག་འདྲེན་དང་པོའི་དུས་དེར་དཀྱིལ་འཁོར་གྱི་མཐའ་བསྐོར་ན་གནས་པའི་རྩང་ཕུར་རྣམས་ཕྱུང་སྟེ། ཆར་དུ་བབས་ནས་ཐོ་ཕྱིའི་གྲྭ་པ་རྣམས་སྨས། བར་པ་ལ་ཟ་གསོད་དང་ཁྲོ་བོ་བཅུའི་ལྕགས་ཕུར་གྱི་ཆར་བབས་ནས་འཁོར་རྣམས་ཁྱིམ་ཀྱི་ཕུག་ཏུ་འབྲོས་དགོས་པ་བྱུང་། ཐ་མའི་ཚེ་ནམ་མཁའི་ཁམས་མེ་དཔུང་དང་འུར་སྒྲས་གང་སྟེ། དེར་སྟེང་དུ་བལྟས་པ་ན། རྡོ་རྗེ་གཞོན་ནུ་རི་དིལ་ཆད་པ་ཙམ་ལྕགས་བསྲེགས་ལས་གྲུབ་པ། སྟོད་ཁྲོ་བོ་སྨད་ཕུར་པ། ཐུགས་ཀ་ན་ཕུར་པ་དྲག་ཏུ་བསྒྲིལ་ཞིང་། ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་པ་གཅིག་རྭ་ལོ་ཙཱ་བའི་ཐོག་ཏུ་འབབ་ལ་ཁད། ཟ་ཟ་རྔམ་རྔམ་འཆའ་འཆའ་ལྟར་དུ་འདུག་པས་རབ་ཏུ་སྐྲག་སྟེ། དེ་ཉིད་དུ་བཟོད་པར་གསོལ། ལང་ལབ་ལ་གུས་འདུད་བྱེད་པར་དམ་བཅས་པ་དང་། ཆོ་འཕྲུལ་རྣམས་ཡལ་སོང་ངོ་། །དེ་ནས་དེའི་ནུབ་ལང་ལབ་སྤྱན་དྲངས་ཏེ། ཕྱག་དང་ཞེ་ས་བསྙེན་བཀུར་བ་དང་། བརྒྱ་འབུལ་བཟང་པོ་མཛད་དོ། །དུས་དེར་མི་རྣམས་ན་རེ། གཤིན་རྗེ་མཁན་པོ་ཕུར་པ་ལ་རྡུགས། ཞེས་པའི་གཏམ་ཡང་རྒྱ་ཆེར་གྲགས་སྐད། དེ་ལྟ་བུའི་སློབ་དཔོན་ལང་ལབ་འདི་བས་ལྷག་པའི་ཕུར་པའི་གྲུབ་ཐོབ་ནི་བོད་ཡུལ་འདིར་སུ་ཡང་མ་བྱུང་ལ། སློབ་མ་ཡང་ཁ་ཡར་བྱུང་ཞིང་། མཆོག་ཏུ་གྱུར་པ་ནི་བཞི་ཡིན་ཏེ། འཁོར་རེ་བརྒྱལ་ཐང་གི་སྣ་ནམ་ཤེས་རབ་ཚུལ་ཁྲིམས། བོད་རྒུའི་ཀྱི་ནག་གྱང་འགྱེལ། རོང་གི་སྤྲངས་ཕུར་བུ་མགོ། འོ་ཡུག་རོལ་པོའི་ཉང་ནག་དབང་གི་ཤེས་རབ་དང་བཞིའོ། །ཉང་ནག་གིས་བཀའ་བརྐུས། དབང་དང་གདམས་ངག་མེད་ཟེར་བ་ཡང་ཆགས་སྡང་གི་གཏམ་ཡིན་གྱི། ལོ་རྒྱུས་འོག་ཏུ་འཆད་དོ། །དེ་ལྟར་བྱིན་རླབས་དང་ཆོ་འཕྲུལ་ཕུན་སུམ་ཚོགས་པ་ཕུར་པའི་ཆོས་འདི་ལ་དང་པོ་ཉིད་ནས། བདག་ཅག་གི་བླ་མའི་བར་དུ་བྱིན་རླབས་ཀྱི་རྟགས་མཚན་ཟམ་མ་ཆད་པར་བྱུང་བ་ཡིན་ཏེ། དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་དུ་ཙནྡན་གྱི་ནགས་ཚལ་ལ་མེ་ཤོར་ཏེ། ཞག་མང་པོར་མེ་མ་ཤི་ནས་ནགས་ཚལ་ཀུན་ཟད་དུ་ཉེ། སེམས་ཅན་མང་པོ་ཤི་ཞིང་ལ་ལ་ཤི་ལ་ཁད་པ་ལ། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་གཅིག་བཏབ་པས། མེ་ཤི་སྟེ་ནགས་ཚལ་སྔར་ལས་ཕུན་སུམ་ཚོགས་པ་སྐྱེས། སེམས་ཅན་ཤི་བ་དང་ཤི་ལ་ཁད་པ་རྣམས་གསོས། ཙནྡན་ནགས་ལ་ཐེབས་ཟེར་ཡང་། འབྱུང་བ་མེ་ལ་ཐེབས་པ་ཡིན། སློབ་དཔོན་འདིའི་དབེན་ས་ནི་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག །སློབ་དཔོན་གྱི་གསང་མཚན་ནི་བདེ་བའི་མྱུ་གུའོ། །སློབ་དཔོན་བི་མ་ལ་མི་ཏྲས་ཆུ་བོ་གདྒཱ་ལ་ཐེབས་ཏེ། སློབ་དཔོན་གྱིས་ཆུ་བོ་གངྒའི་འགྲམ་དུ་སྒྲུབ་པ་མཛད་པས་དེའི་སྔགས་ཀྱི་ཟེར་ཕྱོགས་དེའི་ཀླུ་ཆེན་པོ་གཅིག་གིས་མ་བཟོད་ནས་ཕྱིའི་རྒྱ་མཚོ་ཆེན་པོ་གནམ་དུ་བཅོལ། སློབ་དཔོན་ལ་སྐྱིན་ཐང་དྲག་པོ་ཕབ། ཆུ་བོ་གདྒཱ་ལུད་དེ་ལུང་པར་མི་ཤོང་བར་བྱས་བྱུང་བ་ལས། སློབ་དཔོན་གྱིས་ཕུར་པ་སོར་བརྒྱད་པ་གཅིག་བཏབ་པས། གདྒཱ་ཡར་མར་དུ་ཆད་དེ་བར་དུ་ལམ་དོད་དེ་ཕྱིན་ཆོག་པ་བྱུང་། འདི་ནི་གདྒཱ་ལ་བཏབ་ཟེར་ཡང་། ཆུ་ལ་མ་ཡིན་ཏེ། ཀླུ་ལ་ཐེབས་པའོ། །བལ་བོ་ཤཱི་ལ་མཉྫུས་མཎྜ་ལའི་མཁར་གོང་ལ་ཐེབས་ཏེ། མཎྜ་ལའི་མཁར་གོང་ལ་བྲག་སྲིན་མོ་གདུག་པ་ཅན་ཅིག་གནས་པ་དེས་སློབ་དཔོན་གྱི་དགོངས་པ་ལ་བར་ཆོད་བརྩམས་པ་དང་། ཕུར་པ་བསྒྲིལ་བས་མཎྜ་ལའི་མཁར་གོང་གི་བྲག་ནས་ཙམ་སྲན་ཙམ་དུ་ཉིལ་ལོ། །འདི་ནི་བྲག་མཁར་གོང་ལ་ཐེབས་ཟེར་ཏེ། བྲག་སྲིན་མོ་ལ་ཐེབས་པའོ། །ལོ་རྒྱུས་གཞན་དག་ན་ནི། རྒྱ་གར་དུ་ཕྱི་ནང་གཉིས་མ་འཆམ་པ་ན་རྒྱལ་པོས། ཞག་གསུམ་ན་རྩོད་པ་གྱིས་ཤིག །སུ་རྒྱལ་བ་དང་རྫུ་འཕྲུལ་སུ་ཆེ་བ་དེའི་ཞབས་ནས་འདེགས་སོ་ཟེར། དེར་རྩོད་པའི་དུས་སུ་སློབ་དཔོན་གྱིས། བརྗོད་རྒྱུ་ཐམས་ཅད་ཐ་སྙད་མཐའ་ལ་གནས། །དོན་མ་མཐོང་བར་གྲོལ་བར་ག་ལ་འགྱུར། །མུ་སྟེགས་འཆལ་བའི་གཏམ་གྱིས་ཅི་ཞིག་བྱ། །ཆོས་ཀྱི་རྒྱལ་མཚན་ཆེན་པོ་འཛུགས་པར་བྱ། །ཞེས་གསུངས་ནས་ཕུར་པ་བསྒྲིལ་བས། མཎྜ་ལ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་གཅིག་གི་རྒྱབ་ན་མཁར་གོང་གི་བྲག་ཆེན་པོ་གཅིག་ཡོད་པ་ལས། བྲག་དེ་ཉིལ་ཏེ་མུ་སྟེགས་ཀྱི་གྲོང་ཁྱེར་ཐམས་ཅད་བཅོམ། མུ་སྟེགས་རྣམས་ལ་ལ་ཁྲག་སྐྱུགས་ཏེ་ཤི། ལ་ལ་ལྕེ་གས། ལ་ལ་མིག་འབྲས་བྲུལ་ནས་ཐམས་ཅད་ཚར་བཅད་དེ། ནང་པ་སངས་རྒྱས་པའི་བསྟན་པ་དར་བར་བྱས་སོ། །མཁས་གང་མཐུ་ཡིས་བཅད་ཅེས་གྲགས། །ཞེས་འབྱུང་ངོ་། །བོད་ཡུལ་དུ་བྱུང་བ་ནི། ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་དབེན་པའོ་ཡུག་མཁར་བ་སྣ་རུ་མཛད་པའི་དུས་སུ། བྱང་ཕྱོགས་ཀྱི་བྱེ་མ་སྤྱང་ཀི་འདྲ་བ་ལ་ཐེབས། དེ་ཡང་བྱང་ཕྱོགས་ནས་ཡར་ལྡོང་སྟོང་གི་ཚོང་པ་མང་པོ་ཡོང་བ་ལས། ཚོང་དཔོན་ནམ་ཚོང་ལྷ་རྒྱལ་པོ་ཤེལ་གིང་གིས་བྱེད་བ་ལས། རྒྱལ་པོ་ཁྲོས་ཏེ། བྱང་སྤྱང་བཅུ་བཞིས་རྟ་བོང་རྣམས་ཉལ་གསོད། ཐ་མ་མི་ལ་ཟ་རུ་བྱུང་བ་ལས་ཚོང་པས་ལྷ་འདྲེའི་རྫུར་ཡིན་པར་ཤེས་ཏེ། ཡུལ་ན་བྱིན་རླབས་ཆེ་བ་སུ་ཡོད་དྲིས་པས། མཁར་བ་སྣ་ན་ཇོ་མོ་བཞུགས་ཟེར་ཏེ། དེར་ཇོ་མོའི་དྲུང་དུ་ཕྱིན་ནས་ཞུས་པས། ཇོ་མོས་དེ་རྣམས་བསྟན་པ་མཆོད་པའི་སྦྱིན་བདག་ཡིན་པར་མཁྱེན་ནས། སྤྱང་ཀི་རྣམས་ཀྱི་རྗེས་ས་ཁྱེར་ཤོག་གསུངས་པས། བྱེ་མ་ལ་རྗེས་ས་འདུག་པ་བླངས་ཏེ་ཕུལ་བས། ཇོ་མོས་རྗེས་ས་དང་། བག་ཕྱེ་ལ་གཟུགས་བཅུ་བཞི་བྱས་ནས་ཕུར་པ་བཏབ་པས། སྤྱང་ཀི་བཅུ་བཞི་པོ་དངོས་སུ་མཁར་བ་སྣའི་གཉའ་ན་མར་ལ་ཧྲིལ་ལི་ལི་འགྲིལ་ནས་ལྷུང་བྱུང་། སྤྱང་ཀི་ལ་ཐེབས་ཟེར་ཡང་། རྒྱལ་པོ་ཤེལ་གིང་ལ་ཐེབས་སོ། །ཇོ་མོའི་གསང་མཚན་ནི། བེའུ་ཤཱནྟིང་རྩལ་ཞེས་སོ། །འདིའི་སློབ་མ་མི་ནུབ་རྒྱལ་བའི་སྙིང་པོ་ཡིན་ཏེ། འདིས་ཇོ་མོ་ལ་དཀོར་ནོར་སྣ་རེ་ལ། ནོར་སྣ་ཁྲི་ཚོ་རེ་རི་བ་བདུན་ཕུལ། དར་གྱི་དགེ་ཚོའི་སྟེང་ནས་ཇོ་མོས་བཤད། མཐིང་ཤོག་ལ་གསེར་གྱིས་བྲིས་ཏེ་གླེགས་བམ་དུ་བྱས། དབེན་ས་གར་ཞ་མཁའ་འགྲོའི་གླིང་། འུ་ཤའི་རོང་། གསང་མཚན་མེ་དཔུང་རྩལ། བྱ་རོག་ལ་ཐེབས་ཏེ། དེ་ཡང་ཕྲེང་བ་ན་བཟའི་ཁར་བཞག་སྟེ་དབུ་སྐྲ་བསིལ་བས། བྱ་རོག་གིས་ཕྲེང་བ་ཁྱེར་བ་ལ་བརྟགས་པས་བྱ་རོག་བདུད་ནག་པོ་བཀྲག་མེད་ཀྱི་སྤྲུལ་པས་བར་ཆོད་བྱེད་པར་མཁྱེན་ནས། བྱ་རོག་གི་གྲིབ་མ་ལ་ཕུར་པ་བཏབ་པས། བྱ་རོག་ས་ལ་ལྷུང་ནས་ཤིའོ། །བྱ་རོག་ལ་ཐེབས་ཟེར་ཡང་། བདུད་ལ་ཐེབས་པའོ། །དེའི་སློབ་མ་ལོ་དཔལ་གྱི་བློ་གྲོས་ཡིན་ཏེ། དབེན་ས་སྤ་གྲོ་སྟག་ཚང་སེདྒེ་ཕུག །གསང་མཚན་རྡོ་རྗེ་གྲགས་པ་རྩལ། མོན་དམག་ལ་ཐེབས། དེ་ཡང་སློབ་དཔོན་མོན་ན་བཞུགས་དུས་དམག་གིས་དགོན་པ་བཤིག །ནོར་རྫས་ཁྱེར། དེ་ནས་དགོངས་རྒྱུད་རྩ་འགྲེལ་ཚོ་བསྣམས་ཏེ་སྤ་གྲོ་སྟག་ཚང་དུ་བྱོན། བསྙེན་པ་བྱས་པས་རྡོ་རྗེ་གཞོན་ནུ་ཞལ་གཟིགས། ལྷོའི་རྦའི་ཁྱིམ་ལ་དམིགས་ཕུར་བ་བཏབ་པས། དངོས་སུ་རྦའི་ཁྱིམ་ལ་ཕུར་པ་གཅུར་གཅུར་བྱུང་ནས་མོན་པ་རྣམས་ཀྱི་སྙིང་ལ་ཕུར་པ་རེ་ཐར་ཐར་ཟུག་ནས་ཀུན་བསྒྲལ་ལོ། །ལྷོའི་རྦ་ཁྱིམ་ལ་ཐེབས་ཟེར་ཡང་། མོན་པ་ལ་ཐེབས་སོ། །དེའི་སློབ་མ་ངམ་འབྲེ་ཀླུའི་རྒྱལ་མཚན། དབེན་ས་ཉང་སྟོད་སྲིན་མོ་རིའི་ཅོ་ཏོ། གསང་མཚན་བདུད་འདུལ་གྲགས་པ་རྩལ། དགྲ་ལ་བཏབ་པས་བགེགས་ལ་ཐེབས། ཡང་སློབ་དཔོན་འདིས་ཕུར་པ་གྲུབ་པས་དགྲ་བགེགས་གཉིས་ལ་ངང་ངམ་ཤུགས་ཀྱི་ཐེབས། ཉོན་མོངས་དུག་ལྔ་ལ་ཐེབས་ཏེ་ལྟ་སྒོམ་ཕུལ་དུ་ཕྱིན། བར་ཆོད་དགྲ་བགེགས་ཐམས་ཅད་བསྒྲལ་ནས་དགུང་ལོ་དགུ་བཅུ་རྩ་དགུ་ལ་སྐུ་འདས་ཏེ། པུར་སྦྱངས་པས་གདུང་རུས་ཅི་ཡང་མ་བྱུང་སྟེ། རྡོ་རྗེ་གཞོན་ནུའི་སྐུ་ཞལ་གསུམ་ཕྱག་དྲུག་པ་མཁྱུད་གང་བ་གཅིག་དང་། ཀཱི་ལ་ཡ་འབུར་དོད་ཅིག་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པའི་རྟགས་སུ་བྱུང་ངོ་། །དེའི་སྲས་ངམ་འབྲེ་ས་ལེ་ཤེས་རབ་དབང་ཕྱུག་སྟེ། འདིས་བླ་མ་ལ་འབུལ་བ་ཆེན་པོ་བྱས་ཏེ། རྨ་གཙང་གི་གཙང་འགྲམ་དུ་ཞུས། དབེན་ས་གོང་མ་དང་གཅིག་ལ། གསང་མཚན་བགེགས་རིགས་འཇོམས་པ་རྩལ། དེས་བགེགས་ལ་བཏབ། དེ་ཡང་སྲིན་མོ་རིལ་སྒྲུབ་པ་ལ་བཞུགས་དུས། ནུབ་གཅིག་འོད་ཆེན་པོ་ཅིག་བྱུང་། འོད་དེ་ལ་ཕུར་པ་བཏབ་པས། ཐོ་རང་མི་དཀར་པོ་གཅིག་བྱུང་བ་ན་རེ། སློབ་དཔོན་གྱི་བཀའ་འཁོར་ལ་ངས་གནོད་པ་མི་བྱེད་ཀྱི། ངའི་ཕུར་པ་ཐོན་ཟེར། དེར་ཁོ་ལ་མནའ་བསྒག་ནས་ཕུར་པ་བཏོན་ནོ། །འོད་ལ་ཐེབས་ཟེར་ཡང་། རྒྱལ་པོ་ལ་ཐེབས་སོ། །བླ་མ་འདི་ནམ་མཁའ་ལ་འགྲོ་བ་དང་། ཆུ་ལ་མི་བྱིང་བ་ལ་སོགས་པ་དངོས་གྲུབ་དུ་མ་ལ་དབང་འབྱོར་བ་ཡིན་ནོ། །འདིའི་སློབ་མ་ལང་ལབ་བྱང་ཆུབ་རྡོ་རྗེ་ཡིན་ཏེ། རྨ་ཆུ་རབ་ཀྱི་ཕ་རོལ་སྐྱི་ཆུ་རབ་ཀྱི་ཚུ་རོལ་བྱེ་མ་ཡུག་མོར་ཞུས། ཕྱིས་གསེར་སྲང་བརྒྱད་ལས་བྱས་པའི་འཇམ་དཔལ་གྱི་སྐུ་གཅིག་ཕུལ། དེས་སྣ་དྲངས་ཏེ་ནོར་སྣ་བདུན་ཕུལ། ལང་ལབ་ཀྱི་དབེན་ས་འཁོར་རེའི་རྡོ་རྗེ་རྩེ་འདུས། གསང་མཚན་ཕྲིན་ལས་མཐར་ཕྱིན་རྩལ། འདིས་སྤྱིར་དགྲ་བགེགས་ཀུན་ལ་ཐེབས། ཁྱད་པར་རྐུན་མ་ལ་ཐེབས་ཏེ། ལང་ལབ་ཀྱི་ནོར་རྐུ་ལ་ཤོར་བ་ལས། རྐུ་མའི་རྗེས་ལ་ཕུར་པ་བཏབ་པས། འབྲི་གྲགས་པོ་བྱ་བ་ཞག་གསུམ་ན་ཤི་སྟེ། ཤུལ་མི་རྣམས་ཀྱིས་ནོར་བསྐྱལ་ལོ། །སློབ་དཔོན་འདིའི་སྒྲུབ་པ་མཛད་པ་ལ་ཕུར་པ་རྣམས་འཕར་བ་དང་། མཆོང་བ་དང་། མེ་དང་། དུ་བ་ལ་སོགས་པ་བྱུང་། ལྕགས་ཕུར་ཅིག་བྲག་གི་ངོས་ལ་བཏབ་པ་ལ་ཕྱུགས་རྫི་དང་ཤིང་འཐུ་བ་དག་གི་ལག་པ་འཇུས་ཏེ་སྤྱན་དྲངས་ལ་དབྱུག་པ་སོགས་རྩེད་མོ་བྱེད་པ་བྱུང་ངོ་། །འདི་ཡན་ཆོད་དུ་ཕུར་པ་ཆིག་བརྒྱུད་ཡིན་ནོ། །འདི་ལས་གོང་དུ་བསྟན་པ་དར་བའི་སློབ་མ་མང་དུ་བྱུང་ལ། སློབ་མའི་མཆོག་བཞི་ལས། སྣ་ནམ་ཚུལ་གྱིས་ཐུགས་ཟིན་པས། ཕྲིན་ལས་དང་ལག་ལེན་མན་ངག་ཏུ་དྲིལ་ནས་གནང་། རྒྱུད་འགྲེལ་ཆེ་བ་རྣམས་མ་གནང་ལ། རྩ་བའི་རྒྱུད་རྡོ་རྗེ་ཁྲོས་པའི་དུམ་བུ་གནང་། འདི་རྒྱུད་ཕྱི་མའི་ཕྱི་མ་ཡིན་ཟེར། མན་ངག་ཕྲིན་ལས་བཞིའི་དོན་འདི་ལ་གནང་བ་རྣམས་ཤིན་ཏུ་ཟབ་པར་བྱེད་དོ། །སྐྱི་གྱང་འགྱེལ་ནི། ཡུལ་མི་རྣམས་ཀྱིས་ནོར་ཕྱུགས་ཁང་ཞིང་ཐམས་ཅད་ཕྲོགས་པ་ལ་བརྟེན་ནས། ལང་ལབ་ཀྱི་རྩར་བྱོན་ནས་གདམས་པ་ཞུས་པས་ཟླ་བ་དགུ་ལྷ་བསྙེན་གྱིས་ལ། དེ་ནས་བསྭེ་ལྕགས་ཤེལ་གསུམ་ལ་ཟླ་བ་གཉིས་སྒྲུབས་ཤིག །དོན་འགྲུབ་ནས་འོང་གི་གསུངས། དེ་ལྟར་བསྒྲུབས་པས་ལུས་དྲོད་ཚད་དུ་ཕྱིན། དེ་ནས་གྱང་གི་དྲུང་ན་མི་མང་པོ་ཉི་མ་ལ་འདེ་ཞིང་འདུག་པས་ཐམས་ཅད་དགྲ་རུ་མ་གྱུར་པ་མ་འདུག་སྟེ། གོང་ཁུག་ནས་ཕུར་པ་ཕྱུངས་ཏེ། གྱང་ལ་བཏབ་པས། གྱང་འགྱེལ་བའི་ཐིབས་འོག་ཏུ་མི་ཀུན་ཤི་བས་སྐྱི་ནག་གྱང་འགྱེལ་དུ་གྲགས། གྱང་ལ་ཐེབས་ཟེར་ཡང་། དགྲ་ལ་ཐེབས། འདི་ཤེས་རབ་ཆེ་བས་རྒྱུད་འགྲེལ་མན་ངག་ཐམས་ཅད་གནང་ངོ་། །སྤྲངས་ཕུར་བུ་མགོ་ནི་སྔར་ནས་ཕུར་པ་མང་པོ་ཤེས། སློབ་མ་ཡང་མང་ངོ་། །འདི་ཀུན་ཁ་མཐུན་པར་ཇོ་མོ་མཁར་ཆེན་བཟའི་ཐུགས་དམ་གྱི་ཕུར་པ་ཇོ་བོ་ལང་ལབ་ལ་ཡོད་ཟེར་བས། ནས་བོང་ཁལ་དྲུག །ཤ་ཁོག་པ་དྲུག །སྣུམ་བན་གང་། ཆང་རྐྱལ་པ་གང་རྣམས་ཁྱེར་ཏེ་འཁོར་རེར་འོངས། དེར་ལང་ལབ་བཟའ་མི་གཉིས་ལ་སྲས་ནི་མི་མངའ། ནོར་རྫས་སྲབ་མོ་ལས་མེད་པས། ཁང་པའི་སྒོ་གླེགས་དང་ཤིང་ཆ་བཙོངས་ནས་ཟ་བ་ལས། སྤྲངས་ཕུར་བུ་མགོ་བོང་ཁལ་དེད་ནས་ཕྱི་སྒོ་མེད་པས་ཁང་པའི་ནང་དུ་ཙངས་ཀྱིས་བྱུང་བ་དང་། ལང་ལབ་ཀྱིས་ཇོ་བོ་སྔགས་པ་འདི་མགྲོན་ཁང་མ་ལགས་སྒོ་ནོར་བ་མ་ཡིན་ནམ་བྱས་པས་སྤྲངས་ན་རེ། མ་ལགས་འདི་ཁར་ཆོས་ཀྱི་བཀའ་དྲིན་ཞུར་མཆིས་ལགས། ཟེར་ནས་ཁལ་ཚོ་ཕོབ། ཞེས་ཕུལ། གཏམ་མཐུན་སྦྱོར་མང་པོ་བཏང་། དེ་ནུབ་མར་མེ་བཏེགས། ཆང་དང་ཤ་དྲངས། ནས་ཕུལ་ནས། ཕུར་པ་ཇོ་མོ་ལུགས་ཞུ་འཚལ་བྱས་པས། ད་འོ་ན་ཟླ་བ་ཕྱེད་ནས་ཤེས་པར་བྱ་གསུངས་ནས་གནང་སྟེ། དཔའ་བོ་གཅིག་པར་སྒྲུབ་པའི་དོན་ཟབ་ཏུ་གནང་ངོ་། །དེ་ནས་སྤྲངས་ཀྱིས་རོང་དུ་སློབ་མ་མང་དུ་བསྡུས། ཁོང་རང་གིས་ཕུར་པ་ཕྱི་རྒྱུད་མང་པོ་ཤེས་པས། དེ་ཚོ་ནས་བཏུས་ཀྱིན་སྒྲུབ་ཐབས་མང་དུ་བརྩམས། འདི་ཇོ་མོ་མཁར་ཆེན་བཟའི་ཐུགས་དམ་ཡིན། ལང་ལབ་བྱང་ཆུབ་རྡོ་རྗེའི་ཕྱག་ནས་འོངས་ཟེར་ཞིང་། སློབ་མ་རྣམས་ལ་སོ་སོར་མི་འདྲ་བ་མང་པོ་བསྟན་པས། ཕུར་པ་རྩ་དུམ་གྱི་ཆོས་སྐོར་འཆའ་མགོ་ཟུག །སོ་སོར་མི་འདྲ་བ་མང་བས་སྤྲངས་ཀྱི་སློབ་མ་རྣམས་ཀྱང་ངའི་འདི་ཇོ་མོ་ལུགས་ཡིན་ཟེར་ཞིང་། གཅིག་ལ་གཅིག་མི་མགུ། ད་ལྟར་ཇོ་མོ་ལུགས་ཀྱི་སྒྲུབ་ཐབས་མི་འདྲ་བ་མང་པོ་བྱུང་བ་ཡང་དེ་ཡིན། ཞེས་ལོ་རྒྱུས་སུ་འབྱུང་ངོ་། །བདག་གིས་ནི་སྤྲངས་ཀྱིས་བྱས་པའི་ཡིག་ཆ་མ་མཐོང་བས་འཐད་མི་འཐད་སྤྲོ་བར་མི་ནུས་སོ། ༈ །ད་ནི་སློབ་མ་བཞི་པ་ཉང་ནག་དབང་གི་ཤེས་རབ་ཀྱི་ལོ་རྒྱུས་བརྗོད་པར་བྱ་སྟེ། དེ་ཡང་ལང་ལབ་ཡབ་ཡུམ་གཉིས་ཟས་ནོར་གྱིས་ཕོངས་པར་ཡོད་པ་ལ། ཉང་ནག་གིས་འོ་ཡུག་རོལ་པོ་གོང་མར་སྤྱན་དྲངས་ནས་ཞབས་ཏོག་བྱས། དེར་ལོ་གསུམ་སོང་བ་དང་། ཇོ་མོ་དེ་ཁར་བཞག་ནས་སློབ་དཔོན་སྡོང་ཁ་སྨད་ན་མར་རྙེད་པ་ཚོལ་བར་བྱོན་ནས་ཟླ་བ་དགུའི་བར་དུ་མ་བྱོན། དེར་ཇོ་མོ་སྐྱོ་ཞིང་ཡིད་ཆད་ནས། ནང་མ་གཅིག་ཇོ་མོས་ཉང་ནག་བོས་ནས་སློབ་དཔོན་འདི་བས་སྙིང་ཐག་རིང་བར་མ་བྱུང་གི། ཁྱེད་རང་ཆོས་འདོད་ན་ངས་སྦྱིན་ནོ་ཟེར། འོ་ན་ད་བདག་དགའ་བྱས་པས། འོ་ན་སྒྲོ་བ་ནག་པོ་ཁ་ཕྱེས་ཤིག་ཟེར་ནས། སློབ་དཔོན་ལང་ལབ་ཀྱི་ལ་རྒྱ་ཡོད་པ་བཅག་ནས་ཁ་ཕྱེས། དབང་མ་ཐོབ་པ་ལ་དགོངས་རྒྱུད་བྲིས་པས། ཉང་ནག་ལ་བཀྲ་མི་ཤིས་པ་བྱུང་སྟེ། གནག་ཕྱུག་མང་པོ་ལ་གནག་ནད་བྱུང་སྟེ་ཕལ་ཆེར་ཤི། རྟ་ལ་རྩུག་བྱུང་། དེར་ཡི་གེ་འདྲི་འཕྲོ་བཅད། སློབ་དཔོན་གཤེགས་པའི་ཕྱོགས་ཀྱི་རི་མཐོ་སར་ཕྱིན་ཏེ་གཏོར་ཚོགས་མང་པོ་བཤམས་ནས་བཤགས་པ་བྱས། སློབ་དཔོན་སྤྱན་དྲངས་ནས་ནོར་རྫས་ཀྱི་ཕྱེད་འབུལ་བར་བྱས་པས། གནག་ནད་དང་བཀྲ་མི་ཤིས་པ་ཀུན་ཆད། སློབ་དཔོན་སྤྱན་འདྲེན་པ་བཏང་ངོ་། །དེར་སློབ་དཔོན་བྱོན་པ་དང་། སྔར་ཇོ་མོས་གསུངས་པ་ལ་སོགས་པའི་ལོ་རྒྱུས་བསྙད་པས། སློབ་དཔོན་ན་རེ་ཨེ་ཧེ་ཧེ་ལྷའི་ཁུག་མར་སྲིན་གྱི་ལག་པ་བཙངས་ཨང་གསུངས། དེར་གོང་གི་དམ་བཅས་པའི་ནོར་རྫས་ཚོ་ཕུལ་ནས་ཆོས་ཞུ་འཚལ་བྱས་པས་སློབ་དཔོན་ན་རེ། འོ་ན་སྔོན་ལ་ཁྱོད་ཕ་སྤད་དབང་ཅིག་ཐོབ་པ་བྱ་དགོས་གསུངས་ནས། ཡབ་ཡུམ་སྲས་ག སུམ་ལ་ཆོས་ཀྱི་དབང་རྫོགས་པར་བསྐུར་ཏེ། འདི་ལྟར་དབང་ཕྱི་ནང་གསང་གསུམ་བསྐུར་རོ། །དེར་སྲས་ཆེ་བ་དེ་སྔ་བུ་ཡིན་པས་ཡབ་དང་མ་ཡར་སྡང་ཞིང་དབང་ཆུང་བར་འདུག །བུ་ཆུང་བ་ནི་གཅེས་ཕྲུག་བྱེད་དེ་དེའི་མིང་ཚུལ་ལེ་ཟེར་བ་ཡིན། ཆེ་བ་ལ་གནང་དེ་ཟེར་སྟེ་འདི་རིག་པ་ཅན་སྔགས་ཀྱི་སྣོད་དང་ལྡན་པར་གཟིགས་ནས། ལང་ལབ་ཀྱིས་མིང་སྤོས་ནས། ཤཱཀྱ་རྒྱལ་མཚན་ཞེས་བཏགས། དེ་ནས་སློབ་དཔོན་ལང་ལབ་ཀྱི་ཞལ་ནས། ངེད་རྒས་འཁོགས་གཉིས་ཀྱིས་ནོར་འདི་ཚོའི་ཉ་ར་མི་ཡོང་བར་གདའ་ཡིས། འདི་ཚོ་ཁྱེད་རང་ཡབ་སྲས་མཛོད་ལ། ངེད་བཟའ་མི་གཉིས་མ་ཤི་བར་མི་སྡུག་པ་ཅིག་ཞུ་གསུངས། དེར་ཉང་ནག་དབང་གི་ཤེས་རབ་ཐུགས་མ་བདེ་སྟེ། སློབ་དཔོན་ཁྱད་པར་ཅན་འདི་ལ་གདུང་བརྒྱུད་གཅིག་བྱུང་ན་བསྟན་པ་དང་སེམས་ཅན་ལའང་ཕན། ངའི་བུ་ཚ་བརྒྱུད་རྣམས་ཀྱིས་ཕྱག་མཆོད་པ་འབུལ་ས་གཅིག་ཀྱང་དགོས་པར་འདུག་སྙམ་ནས། ཇོ་མོ་བསྒྲེས་མོ་ལོ་ལྔ་བཅུ་ང་བརྒྱད་ལོན་པ་དེ་ལ་རྒྱུ་མཚན་སྨྲས་ཏེ། ང་ལ་བསམ་མནོ་འདི་འདྲ་ཞིག་བདོག །ནོར་རྫས་འདི་ཚོའི་བདག་པོ་གཅིག་དགོས་པར་གདའ་བས་ཇོ་མོ་གཅིག་བླངས་ན་རུང་ངམ་བྱས་པས། ཇོ་མོས་དེ་ཤིན་ཏུ་ལེགས་སོ་གསུངས། དེ་ནས་སློབ་དཔོན་ལ་ཞུས་པས་མི་བྱེད་གསུངས། དེར་གོང་གི་རྒྱུ་མཚན་ཚོ་ཞིབ་ཏུ་བརྗོད་དེ། ཇོ་མོས་ནི་གནང་ལགས་བྱས་པས། རྒན་མོ་ལ་མི་དགའ་བ་མི་འདུག་གམ་གསུངས། ཇོ་མོ་དགོས་པ་གདའ་ལགས་ཞུས་པས། འོ་ན་བྱ་ཡང་བྱ་གསུངས། དེར་རུས་འོ་ཕྱ་བཟའ་ཡིན་པའི་བུ་མོ་གཅིག་བླངས་ནས་ཇོ་བོ་ལ་ཕུལ་བས་སྲས་གཉིས་བྱུང་སྟེ། ཆེ་བ་ལ་གྲགས་ཆུང་ཟེར། ནུ་བོ་ལ་གྲགས་པ་དབང་ཕྱུག་ཏུ་བཏགས། དེ་ཙ་ན་ཉང་ནག་དབང་གི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཁོང་དུ་ཆུད། བླ་མ་ཡབ་ཡུམ་གྱི་ཞབས་ཏོག་ཀྱང་འདི་ཉིད་ཁོ་ན་བཟང་བ་ཡིན་ནོ། །དེ་ནས་སྐབས་ཤིག་ཏུ་ཉང་ནག་གིས་ཤོག་བུ་མང་པོ་སྦྱར་ནས་ཡོད་པ་ལ། སློབ་དཔོན་ན་རེ། ཅི་འབྲི་བ་ལགས་གསུང་། རྒྱུད་འགྲེལ་ཞལ་བཤུ་བ་ལགས་བྱས་པས། སློབ་དཔོན་གྱི་ཞལ་ནས། བདག་ནི་ཉི་མ་རྒས་ཁ་འདྲ། ཆོས་ཀྱི་བདག་པོ་ཉིད་ལགས་ཀྱི། བླ་དཔེ་ཞལ་མ་བཤུ་བར་ཚགས་མཛོད་ཅིག་གསུངས། བླ་དཔེ་སྲས་གཉིས་ལ་དགོས་མོད་བྱས་པས། བྱིས་པ་གཉིས་གསང་སྔགས་ཀྱི་སྣོད་དུ་རུང་ཞིང་མཐར་ཕྱིན་པའི་ངེས་པ་མེད། དེ་ལྟར་བྱུང་ན་དེ་དུས་སུ་གདམས་པ་བྱིན་པས་ཆོག་མོད་གསུངས། བླ་དཔེ་པོ་ཏི་བསྭེ་གླེགས་ཅན་བྱ་བ། དགོངས་རྒྱུད་ཀྱི་གླེགས་ཤིང་ལ་བསྭེའི་ལྷ་མོ་བཞི་བྲིས་པའི་པུ་སྟི་གནང་ངོ་། །མི་ཀུན་ན་རེ། ཉང་རོ་འཁོར་རེ་རུ་ལང་ལབ་བྱང་ཆུབ་རྡོ་རྗེ་རབས་ཆད། འོ་ཡུག་ཕུ་རུ་སྲས་གཉིས་སྐྱེས། ཡ་མཚན་ཆེ་ཟེར། ཕྱིས་སྲས་གཉིས་པོ་ཆོས་པར་མ་སོང་། ཕྱུག་པོ་ཆེན་པོ་གཉིས་བྱུང་། གྲགས་ཆུང་ལ་བུ་གཉིས་ལས། ཆེ་བ་ཡོན་བདག་ལྡོང་རྩེ། འདིས་གསུང་རབ་མང་པོ་བཞེངས་སོ། །དེ་ལྟར་ཡིན་མོད་ཀྱི། ཇོ་མོས་ལ་རྒྱ་བཅག་པའི་གཏམ་འདི་ལ་བརྟེན་ཏེ། སྣ་ནམ་དང་། སྐྱི་ནག་དང་། སྤྲངས་གསུམ། ཉང་ནག་གིས་བཀའ་བརྐུས་ཟེར་ཏེ། ཕྱིས་ཉང་ནག་སྲས་ཀྱི་ཐུ་བོར་གྱུར་པ་ཡིན་ནོ། །བྱིན་རླབས་དང་ནུས་མཐུ་ཡང་ཕུལ་དུ་བྱུང་བའི་གཏམ་རྒྱུད་མང་ལ། དབེན་ས་ནི་འོ་ཡུག་སྒོ་མོའི་སྙམ་ས་སྙམ་གྱི་བྲག་ཕུག་ཟེར། རྒྱབ་སྙམ་བཟང་གི་བྲག་ཕུག་ཏུའོ། །གསང་མཚན་རྡོ་རྗེ་གཤོག་རྒོད་རྩལ། སྙམ་བཟང་ཕུག་པར་སྒྲུབ་པ་མཛད་པས། ཕུར་པ་ནམ་མཁའ་ལ་ལྡིང་ནས་འོད་དང་སྒྲ་དང་བཅས་པ་བྱུང་། དགྲ་བགེགས་ཐམས་ཅད་བཏུལ་བ་ཡིན་ནོ། །འདིས་དགུང་ལོ་བརྒྱད་ཅུ་རྩ་ལྔ་བཞེས་ནས་འདའ་ཁར་སྲས་ཚུལ་ལེ་ལ་ཞལ་ཆེམས་གསུངས་པ། ཤཱཀྱ་རྒྱལ་མཚན་གྱིས་ནི་མན་ངག་ཐམས་ཅད་ཤེས། ཁོས་དཔེ་ཆ་ཀུན་ཁྱེར་འོང་ངོ་། །འོག་ཁང་གི་ཀ་གཞུའི་སྟེང་ན་པོ་ཏི་བསྭེ་གླེགས་ཅན་ཡོད་དེ། བུ་རང་ཚགས་གྱིས་ལ་སྦོས་ཤིག་གསུངས། དེ་འོག་ཁང་ན་ཤཱཀྱ་རྒྱལ་མཚན་ཡོད་པས་ཚོར་ཏེ། ཡི་ཆད་ནས་པོ་ཏི་བསྭེ་གླེགས་ཅན་ཡོད་པ་ཁྱེར་ནས་བྲོས་ཕྱིན། སྙེ་ཕུའི་གནས་བྱ་བ་ན་ཡབ་ཀྱི་སློབ་མ་གནང་ཧཱུྃ་ཀ་ར་བྱ་བ་ཞིག་ཡོད་པ་དེའི་སར་ཕྱིན་ཏེ་ཡབ་ནི་གྲོངས་སུ་ཆ་བ་ཡོད། ཚུལ་ལེ་ལ་ཞལ་ཆེམས་གསུངས་པས་ཡི་ཆད་པའི་ཚུལ་སྨྲས་པས། གནང་ཧཱུྃ་ཀ་ར་ཧ་ལས་ཏེ་སློབ་དཔོན་གྲོངས་སུ་ཆ་ན། པོ་ཏི་ཁྱེར་ནས་བྲོས་ན་དམ་ཚིག་ཉམས་ནས་འགྲོ་བས་ནངས་པར་རང་རེ་གཉིས་ཀ་འདོང་། ཆོས་ནུ་བོ་ལ་ཡང་སྦྱིན་དགོས་ཟེར། ནངས་པར་ཕྱིན་ཙ་ན་ཡབ་གྲོངས་ནས་འདུག །དེར་གནང་ཧཱུྃ་ཀ་རས་སྤུན་གཉིས་མཐུན་པར་བྱས་སོ། །དེ་ནས་དུས་རེ་ཞིག་ན་བཤགས་པ་མང་པོ་བྱས། ཚོགས་ཀྱི་འཁོར་ལོ་མང་པོ་བསྐོར། དེ་ནས་དབེན་ས་རུ་མཆེད་གཉིས་ཀྱིས་བསྙེན་སྒྲུབ་མཛད་པས། རྟགས་དང་མཚན་མ་མང་པོ་ནི་བྱུང་། ནུབ་ཅིག་མར་མེ་མི་གསལ། སྒྲ་སྙན་མང་པོ་གྲགས་པ་དང་། ཤཱཀྱ་རྒྱལ་མཚན་སྤྱན་མི་གསལ་བས། ཚུལ་ལེ་ལ་མར་མེ་དེ་འཆོས་དང་གསུངས། ཚུལ་ལེས་མར་མེ་འཆོས་པར་ཕྱིན་པས། སྒྲ་སྙན་མང་པོ་ཐོས་ཤིང་། དཀྱིལ་འཁོར་དུ་བཀོད་པའི་ལྷ་ཕུར་ཚོ་བྲོ་པ་དོ་རར་ཞུགས་པ་བཞིན་ཅོད་པན་ཟང་ཟིང་འཁྲབ་མེ་སྟག་ཕྲམ་ཕྲམ་འདུག་གོ། །གཅེན་ལ་འདི་ལྟར་གདའ་བྱས་པས། རུང་གསུངས་ནས་ཟངས་ནག་ཆེན་པོ་གཅིག་བསྣམས་ནས། ཕྱག་ཏུ་རྦ་མཁར་དངུལ་མགོ་བསྣམས་ནས་ས་ལ་བཙུགས་ཏེ། མཆེད་གཉིས་ཀྱིས་བསྟོད་པ་མཛད་དེ་དངོས་གྲུབ་བླངས་སོ། །དེ་ནས་རིང་ཞིག་ན། སློབ་དཔོན་ཤཱཀྱ་རྒྱལ་མཚན་གྱིས་ཚོང་པ་མང་པོའི་དཔོན་མཛད་དེ་ལྡོང་ཁ་ན་ཕར་བྱོན་པས། འདར་ནག་པོའི་རྟ་པ་ཉི་ཤུ་རྩ་གཅིག་གིས་ཚོང་པ་ཐམས་ཅད་བཅོམ། དེར་རྟིང་རིས་གཤེགས་ནས་གཟིགས་པས་ནོམ་པ་བགོ་བ་མཐོང་ནས་བེར་སྔོན་པོ་དེ་ཕུད་ནས། ལྷ་བོས་ཀླུ་བོས་ནས་བརྡབས་པས། མི་རྒན་གཅིག་གདོང་དུ་བྱུང་ནས་ལུང་པ་འདིའི་ས་གཉན་རྡོ་གཉན་དེ་ཚུགས་མ་བྱེད་ཟེར། གཉན་ས་ཁོ་ན་འདོང་མི་རུང་བ་ཁོ་ན་འདོང་གསུང་། དེའི་ནུབ་མོ་མི་ཉལ་ཙམ་པའི་དུས་ཚོད་ལ་ངུ་ཅོ་དིར་བ་གཅིག་བྱུང་ནས། རྟ་པ་གསུམ་ཤོར་སོང་། ནངས་པར་ཉན་ཙ་ན་ཚོང་དཔོན་གྱི་བུའི་མགོ་ལ་སློབ་དཔོན་གྱི་རྟ་ཡིས་འཕྲ་རྒྱབ་སྟེ་ཤི་རུ་ཆ་ཟེར་སྐད། དེར་སློབ་དཔོན་འཁོར་བཅས་ཀྱིས་ནུབ་མོ་བྲོས་ནས་ཕྱིན། ཕྱི་དེ་ལོ་དུས་ན་རྟ་པ་བཅུ་དགུ་ཤིའོ། །གཉིས་ཀྱིས་སློབ་དཔོན་ཅན་དུ་འོངས་ནས་འབངས་བྱས་སོ། །དེར་ཉང་ནག་བེར་སྔོན་ཅན་ཞེས་ཕྱོགས་ཀུན་ཏུ་གྲགས་སོ། །དབེན་ས་སྙམ་སྙམ་བྲག་ཕུག །གསང་མཚན་རྡོ་རྗེ་གཤོག་རྒོད་རྩལ། བརྡབས་པ་བེར་སྔོན་པོ་བརྡབས་པས། ཐེབས་པ་འདར་ནག་པོ་ལ་ཐེབས་སོ། །འདིའི་སློབ་མ་ལྷན་གྱི་སློབ་དཔོན་དྲག་པོ། དབེན་ས་ལྷན་གྱི་སྟག་ལུང་གྲོགས་པོ། གསང་མཚན་རྡོ་རྗེ་བདེ་ཆེན་རྩལ། ཐེབས་པ་ཞང་པོ་ཉང་ནད་ལ་ཐེབས། དེ་ཡང་གནུབས་ཡུལ་རོང་གི་སའི་ཆ་འགྲོགས་བྱ་བར་འཁྲུངས། མི་རྨང་པོ་ཉེ་རིས་མེད་པ་གཅིག་ཡིན། ཆུང་ངུ་ལ་ཕ་མ་ཤི་ནས། ཞང་པོ་ཉང་ནད་ཀྱིས་རིས་བནྡེ་འཕན་པོ་མང་པོ་ཡོད་པས་དེ་རྣམས་ཀྱི་ནོར་རྫས་ཐམས་ཅད་ཕྲོགས་ནས་སྤྲང་དུ་བཏང་ངོ་། །དེར་སློབ་དཔོན་ཤཱཀྱ་རྒྱལ་མཚན་དང་མཇལ། ལོ་བཅོ་བརྒྱད་ནས་སུམ་ཅུའི་བར་དུ་བླ་མའི་གནག་རྫིའུ་བྱས། བླ་མས་གསང་སྔགས་ཀྱི་སྣོད་དུ་རུང་བར་གཟིགས། ཤེས་རབ་ཆེ་བས་ཕྱུགས་སྐྱོང་རིན་ལ་མན་ངག་ཐམས་ཅད་གནང་། ཕྱག་བཞེས་ཐམས་ཅད་ལ་མཁས་པའི་ཕུལ་དུ་ཕྱིན། དེར་བླ་མའི་ཞལ་ནས། ད་ནི་ངས་ཀྱང་ལོ་བརྒྱད་ཅུ་གྱ་ལྔ་ལོན། སྣང་བ་ཡལ་དུ་ཆ། རྒྱུད་འགྲེལ་འདི་ཚོ་ཞལ་བཤུས་གསུངས། དེར་སློབ་དཔོན་དྲག་པོ་ལ་ཡུལ་ན་ནོར་བག་ཙམ་ཡོད་པས་དེར་འབྲིའམ་ཞུས་པས། ལེགས་ཀྱི། འདིར་བུ་གཉིས་པོ་ཕྲག་དོག་སྐྱེས་པ་སྲིད་དོ་གསུངས། དེར་པུ་སྟི་ཀུན་གནང་ནས་ཡུལ་དུ་འབྲི་གིན་ཡོད་ཙ་ན། སློབ་དཔོན་གྱི་སྲས་ཆེ་བ་ཆོས་ཚུལ་བྱ་བ་བྱོན་ནས། ཨ་ཕོ་དྲག་པོ་ཡབ་ནི་གྲོངས་ནས་མེད། པོ་ཏི་བསྭེ་གླེགས་ཅན་ཡང་མི་འདུག །དེ་སུ་ལ་འདུག་པ་གཅིག་ལ་མགོ་སྐྱེལ་པ་ལ་ཟེར། སློབ་དཔོན་གྲོངས་པས་མི་དགའ། ཧ་ལས་པའི་སྟེང་དུ། པུ་སྟི་བསྭེ་གླེགས་ཅན་སུ་ལ་འདུག་པ་ལ་མགོ་སྐྱེལ་ཟེར་བས་ཡང་དང་ཡང་དུ་མ་དགའ། པུ་སྟི་ང་ལ་ཡོད་ཟེར་ནི་མ་ཕོད། དེར་བླ་དཔེ་སློབ་དཔོན་དྲག་པོ་ལ་ལུས་སོ། །དེ་ཙ་ན་བླ་མ་དྲག་པོའི་ཞང་པོ་ནོར་འཕྲོག་མི་ཀུན་གྱིས་སླར་ཡང་འདི་ཉང་ནག་བེར་སྔོན་ཅན་གྱི་མཐུས་བསྙེམས་པ་ཡིན་ནམ། ཁྱོད་ལ་ཟོ་ཞིག་ཅི་ནུས་པ་རེམས་ཤིག་ཟེར་ཁ་སྨྲས་བྱེད་དོ། །དེ་ནས་སློབ་དཔོན་གྱིས་ལྷན་དུ་བྱོན་ཏེ། བུད་མེད་གཅིག་ལ་ཡུལ་ཞིང་བསྟེན་ཐུབ་ཙམ་ཅིག་འདུག་པས། དེ་དང་ལྷན་དུ་བསྡད། དེར་ལྷན་གྱི་སྟག་ལུང་གྲོགས་པོར་དབེན་ས་བྱས་ཏེ་སྒྲུབ་པ་མཛད་པས་རྟགས་མཚན་མང་དུ་བྱུང་། ཞང་པོ་དྲེགས་པ་ཅན་དེ་ཀུན་གྱིས་བསྡུམས་བྱེད་དུ་མ་འདོད་པའི་ཁར། ཟླ་བ་གཅིག་ན་སློབ་དཔོན་དྲག་པོ་མཐུས་བཀྲོངས་ཀྱིས་བཏང་གིས་ཟེར། གཡས་རུ་གཙང་པོའི་འགྲམ་རྩ་ན་བྲག་ཕུག་ཡོད་པ་དེར་ཉང་ནད་བནྡེ་བཅུ་གསུམ་ཞུགས་ནས་མཐུ་བྱེད་དོ། །སློབ་དཔོན་གྱིས་ཀྱང་སྟག་ལུང་གྲོགས་པོར་དྲག་ལས་བྱས་པས། དེ་ནས་ཟླ་བ་གསུམ་ན་ཉང་ནད་བནྡེ་བཅུ་གསུམ་པོ་ལ་གློ་ཚད་ཐེབས་ནས་ཀུན་ཤིའོ། །ཕྱིས་འགྲོགས་ལུང་པར་ལྟད་མོ་ཆེན་པོ་གཅིག་བྱུང་བ་ལ་སློབ་དཔོན་དྲག་པོས་ཟང་ནག་ཆེན་པོ་ཞིག་གྱོན། དྲེའུ་གཅིག་ལ་ཆིབས། འཁོར་མང་པོས་བསྐོར་ཏེ་ལྟད་མོ་ལ་བྱོན་པས། ཞང་ནེ་མོ་ཀུན་གྱིས་ས་གཏོར་ཏེ། ཞང་མི་རྨང་པོ་ངན་པ་བྱུང་ངོ་ཟེར་ཞིང་འ་ཙི་འ་ཙི་ཟེར་བ་ལ། ཁྲོམ་པ་ཀུན་ན་རེ། འ་ཙི་བྱ་བ་ཁྱེད་རང་ཡིན་མོད། དང་པོ་ཡུལ་ཞིང་ཕྲོགས། བར་དུ་བསྡུམས་མི་བྱེད་པར་མཐུ་བྱེད། ཐ་མ་བནྡེ་བཅུ་གསུམ་པོ་སྲོག་དང་བྲལ་ནས་ཕུང་། འ་ཙི་བྱ་བ་ཁྱེད་རང་ཚོ་ཡིན་མོད་ཟེར་ཞིང་ཡ་ག་བསྒྲགས་སོ། །སློབ་དཔོན་དྲག་པོ་འདིས་དགོངས་རྒྱུད་སྐོར་ལ་མི་མཁྱེན་པ་མེད་ཅིང་། མཐུ་དང་སྐུ་བསོད་ཆེ་བས་དབུས་གཙང་གི་མཁས་བཙུན་ཐམས་ཅད་ཀྱིས་ཞབས་ལ་གཏུགས་སོ། །འདི་མར་པ་ལོ་ཙཱ་དང་དུས་མཚུངས་ཡིན། དེ་ཙ་ན་སྣ་ནམ་ཤེས་རབ་ཚུལ་ཁྲིམས་ལ་སྲས་གཉིས་ཡོད་པའི་ཆེ་བ་སྣ་ནམ་འབྲེ་བན་ལ་སྐུ་དགྲ་གཅིག་བྱུང་ནས། དགྲ་དེ་དག་གི་མཐུ་བཟློག་པ་ལ་གནུབས་ཟམ་ནག་སྟོང་པའི་ཇོ་བོ་སྟག་རམ་སྤྱན་དྲངས་སོ། །ལན་གཅིག་སྣ་ནམ་འབྲེ་བན་དང་། གནུབས་སྟག་རམ་ཟམ་ཁ་གཅིག་ཏུ་མཇལ་བ་དང་། སྣ་ནམ་གྱིས་ཇོ་བོ་སྟག་རམ་ལ་ཕྱག་བྱས་ཏེ་དགེ་བཤེས་པ་མི་འདི་པས་བདག་ལ་མི་འཚམས་པའི་ལས་མང་པོ་བགྱིས་པས། ཐུགས་དམ་ལ་དགོངས་ལ་འདི་པའི་བསྲུང་བ་མི་མཛད་པར་ཞུ་བྱས་པས། གནུབས་སྟག་རམ་གྱི་ཞལ་ནས། ལང་ལབ་བྱང་ཆུབ་རྡོ་རྗེའི་ཕུར་ཐུང་རེས་སྦོས་པ། ངས་མཐུ་བཟློག་བྱེད་ཀྱི། ཅི་ནུས་རེམས་ཟེར། སྣ་ནམ་ཁྲོས་ནས་གོས་བརྡབས། ངས་མ་ཉེས་མ་ཡོ་བྱས་སོ། །དེ་ནས་དུས་བཏབ་སྟེ། གཉིས་ཀ་ཕུག་ཏུ་ཞུགས་པས། ཟླ་བ་གསུམ་ན་གནུབས་སྟག་རམ་ཁྲག་སྐྱུགས་ཏེ་ཤིའོ། །གཤིན་རྗེ་མཁན་པོ་ཕུར་པ་ལ་རྡུགས། བྱ་བ་དུས་དེར་ཡང་གྲགས་ལ། དེར་སྣ་ནམ་གྱིས་ཆང་མང་པོ་བཙོས་ཏེ། ཉང་རོའི་བནྡེ་ཕུར་པ་ཤེས་ཚད་སྤྱན་དྲངས་ཏེ་ཚོགས་འཁོར་བྱས་སོ། །གཏང་རག་ཆེན་པོ་བཏང་། གྲལ་དུ་གླུ་འདི་བླངས་སོ། །རྡོ་རྗེ་གཞོན་ནུའི་གཞུ་མོ་ལ། །འཁོར་ལོ་རྒྱས་འདེབས་རྒྱུད་ཀྱིས་བརྒྱུས། །ཁྲོ་བོ་ཕ་བཅུའི་མདའ་སྨྱུག་ལ། །ཁྲོ་མོ་མ་བཅུའི་སྒྲོ་ཡིས་སྒྲོན། །ཕུར་པ་སྲས་མཆོག་གི་མདེའུ་བཙུག །དམ་ཅན་རྣམ་གསུམ་གྱི་རྒྱུས་པས་དཀྲིས། །བསྭེ་ལྕགས་ཤེལ་གསུམ་གྱི་ངར་ཅིག་བླུད། །འཕང་ནི་ཟངས་ནག་གི་ཕྱོགས་སུ་འཕངས། །ཕོག་པ་ཇོ་བོ་སྟག་རམ་ལ་ཕོག །མདའ་ཚབས་མི་ཆུང་ཆེ་བར་གདའ། །ཞེས་གླུ་བླངས་སོ། །དེ་ནས་དར་ཆེས་པས་ཕུར་པ་རྩ་དུམ་འཆལ་ཆེས་ཏེ། ཉང་རོའི་རྒྱལ་ཁམས་ཙམ་དུ་ལད་དོ། །ཞེས་ཟེར་ཏེ། བདག་ཅག་ལ་ནི་ཆ་མེད་ལ། དེ་ཇི་ལྟར་ལད་འཆད་པ་ན་སྣ་ནམ་ཤེས་ཚུལ་གྱི་སློབ་མ་རྒྱ་སྟོན་སངས་རྒྱས་བྱ་བས། ཤངས་ཀྱི་ལུང་པར་ཕུར་པ་རྒྱུད་འགྲེལ་གཞན་བཀབ་ནས་རྩ་དུམ་ལ་བརྟེན་པའི་སྒྲུབ་ཐབས་མང་པོ་བརྩམས། ཇོ་མོ་མཁར་ཆེན་བཟའི་གདམས་ངག་ཅན་གྱིས་བལྟས་པ་ན་བསྲེས་ཀྱང་མི་འདྲེས་སྐད་དོ། །གདམས་ངག་དང་མི་ལྡན་པས་ནི་བསྲེས་པ་དང་བསླད་པ་མི་ཤེས། རྒྱ་སྟོན་སངས་རྒྱས་ཀྱི་སློབ་མ་རྒྱ་རྩགས་ཤེས་རབ་རྒྱལ་མཚན་གྱིས་ཀྱང་རྩ་དུམ་གྱི་སྒྲུབ་གཞུང་མང་པོ་བརྩམས། ཤངས་པ་དགོན་སྟོན་གྱིས་ཀྱང་བརྩམས། དེའི་སློབ་མ་སྒྲོ་སྟོན་དར་རྩུག་གིས་ཀྱང་སྒྲུབ་ཐབས་མང་དུ་བྱས། ལ་ལ་གསང་སྐོར་གྱིས་བསླད། ལ་ལ་མདོ་སྐོར་གྱིས་བསླད། དེ་དག་གི་སྒྲུབས་ཐབས་ཀྱི་མིང་ནི་མན་ངག་དྲུག་པ་དང་། མན་ངག་གསུམ་པ་དང་། རྨའི་ཁུག་ཆོས་དང་། བསྐྱེད་པ་སྐུའི་ཐེམས་ཡིག་དང་། ལས་བཞིའི་འཕྱོང་དྲུག་དང་། ཕུར་པ་གནུབས་ལུགས་དང་། དམེ་ཕུར་ནག་པོ་དང་། ཕུར་པ་འདུལ་བཞི་ལ་སོགས་པ་མཚམས་གྱི་རྣམ་གྲངས་མང་པོ་བཏགས་སྐད། དུས་དེར་ཙ་ན་ཇོ་བོ་སྟོན་པ་ཀུན་ན་རེ། ངའི་འདི་ཇོ་མོ་མཁར་ཆེན་བཟའི་ཐུགས་དམ་ཡིན། གཞན་མ་ཡིན་ཟེར་ཞིང་། གཅིག་ལ་གཅིག་མི་མགུ་སྐད། སྤྱིར་དང་པོར་སྤྲངས་ཕུར་བུ་མགོས་སྒྲུབ་གཞུང་མང་པོ་བརྩམས། བར་དུ་རྒྱ་སྟོན་སངས་རྒྱས་ལ་སོགས་པས་ཤངས་ལུང་བར་གཞུང་མང་པོ་བརྩམས། ཐ་མར་གང་ཟག་ཤེས་རབ་ཅན་རྣམས་ཀྱིས་ལེགས་སུ་རེ་བས་མང་པོ་བྱས་ནས་མིང་ཕུར་པ་རྩ་དུམ་དུ་བཏགས་ནས་མི་འདྲ་བ་གྲངས་ལས་འདས། བཀའ་དང་བརྒྱུད་པ་མན་ངག་མ་ཆད་པ་ཆོས་མ་བསླད་པ་མན་ངག་ཐོབ་པ་གཅིག་གིས་བལྟས་ན་འཆལ་བ་ཡིན་པར་ཤེས། བོད་དུ་བསྒྱུར་བའི་ཆོས་ལ་ཕུར་པ་རྩ་དུམ་འཆལ་ཆེ་སྐད། ཕུར་པ་རྩ་དུམ་ལྷད་མེད་ཡོད་པ་སློབ་དཔོན་དྲག་པོ་ཡིན། ཞེས་འབྱུང་ངོ་། །ཁོ་བོ་ནི། གོང་གི་དེ་དག་ལང་ལབ་ཀྱི་ཁྱད་ཆོས་ཇོ་མོ་མཁར་ཆེན་བཟའི་ཐུགས་ཏིག་འདི་མ་གྲགས་པ་ཡིན་གྱི། དེ་དག་གི་བརྒྱུད་པ་རྣམས་ལ་གང་ཟག་བཟང་པོ་ཤ་སྟག་བྱོན་པ་ཡིན་པས། རང་རང་གི་སྒྲུབ་གཞུང་དེ་དག་ལ་འཆལ་བའི་སྐྱོན་ཡོད་པར་མི་སེམས་ལ། ཡང་སྒྲུབ་ཐབས་ཁ་ཅིག་ནི་སྦྱོར་དངོས་རྗེས་གསུམ་མ་ཚང་བ་དང་། མ་འགྲེལ་བ་དང། ནོར་བ་ལ་སོགས་པ་ཁ་ཡར་སྣང་མོད་ཀྱི། དེང་སང་ནུབ་ནས་ཉམས་ལེན་བྱེད་པ་མི་འདུག་པས། ཞིབ་ཏུ་འབྲི་མ་དགོས་སོ། །སློབ་དཔོན་དྲག་པོ་ལ་སློབ་མ་མང་ཡང་། ཐུགས་ཀྱི་སྲས་སུ་གྱུར་པ་ནི་གཉིས་ཡིན་ཏེ། ཉང་རོ་རྒྱན་མཁར་གྱི་སེ་སྟོན་ཁྲི་རྒྱལ་དང་། ཉང་སྟོན་གྱི་ལྕེ་སྟོན་ཤཱཀྱ་རྒྱལ་མཚན་གཉིས་སོ། །དེ་ལ་ལྕེ་སྟོན་ཤཱཀྱ་རྒྱལ་མཚན་ནི། སྟོན་པ་ཆེན་པོ་གཅིག་ཡིན་པས། འཁོར་མང་པོས་བསྐོར་ཏེ་གདུགས་སྤུར་ཏེ་བྱོན་ཏེ། སློབ་དཔོན་དྲག་པོ་མཇལ་བས་མཁྱེན་པ་ལ་ཐུགས་མཉེས་ནས་རྒྱུད་འགྲེལ་ཐམས་ཅད་གནང་ཡང་སྟོན་པ་འདི་སྐུ་བསོད་ཆེ་བས་ལག་ལེན་མ་ལོབས་ཏེ་མི་མཁས། རྒྱུད་འགྲེལ་གྱི་བཤད་པ་ནི་མཁས་སོ། །ཕྱིས་ལག་ལེན་དང་མན་ངག་ཞུ་བསམ་སྟེ་བྱོན་ཙ་ན་སློབ་དཔོན་དྲག་པོ་ནི་གྲོངས་ནས་མི་བཞུགས། སློབ་དཔོན་གྱི་ཇོ་མོ་སྐྱིད་གུ་རང་གི་ཡུལ་དུ་སྤྱན་དྲངས་ནས་དབྱངས་ཚོ་ཚོད་ཙམ་བྱུང་། མན་ངག་གི་བརྒྱུད་པ་མ་ཟིན་ནོ། །ལྕེ་སྟོན་གྱི་སློབ་མ་སྐྱི་ཆུང་པ་ཤེས་རབ་གྲགས་པ་བྱ་བ་ཤེས་རབ་ཅན་ཞིག་གིས་དགོངས་རྒྱུད་བཅོས་ནས་ལ་སྟོད་དུ་མང་པོ་སྤེལ། འགོ་བ་བྱ་ཡེས་ཀྱང་རྒྱུད་ལ་བཅོས་སྐད། དེར་དགོངས་རྒྱུད་ལ་གཉིས་བྱུང་། ལྕེ་སྟོན་གྱིས་མན་ངག་མེད་པར་རྒྱུད་འགྲེལ་གཞན་གྱིས་བསླད་ནས་མང་དུ་བཤད་དོ། །སློབ་དཔོན་དྲག་པོའི་ཆོས་བརྒྱུད་ཟིན་པའི་སློབ་མ་ནི་སེ་སྟོན་ཁྲི་རྒྱལ་ཁོ་ན་ཡིན་ཏེ། རྒྱུ་འགྲེལ་མན་ངག་ཀུན་ལ་མཁས། དབེན་ས་རྒྱན་མཁར་གྱི་ངོ་དམར་བྲག་ཕུག །གསང་མཚན་རྡོ་རྗེ་གཏེར་སྒྲུབ་རྩལ། རྟགས་དང་མཚན་མ་ཕུལ་དུ་ཕྱིན། ཕུར་པ་དགྲ་བགེགས་གཉིས་ལ་ཐེབས་སོ། །འདིའི་སློབ་མ་ལྷ་རྗེ་ཕུར་སྟོན་རིང་མོ་ཡིན་ཏེ། ཞབས་ཏོག་གིས་བླ་མ་མཉེས་པ་མང་པོ་མཛད་དེ་གདམས་པ་མ་ལུས་པ་ཐོབ། སྐུ་གཞོན་ནུའི་ཚེ་སློབ་དཔོན་དྲག་པོ་ལ་ཡང་རྩ་བ་ཚར་གཉིས་ཞུས། དབེན་ས་ཁྲ་རིའི་རྡོ་རྗེ་གནམ་རྫོང་། གསང་མཚན་རྡོ་རྗེ་ལས་རབ་རྩལ། དགྲ་དང་བགེགས་ལ་ཐེབས། རྟགས་མཚན་མང་དུ་ཐོན། བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྲས་ཡུམ་བཅུ་བདུན་བཞེངས་པ་ལ་སོགས་དགེ་བའི་ལས་རྒྱ་ཆེ་མཛད། ཁྲ་རི་གནམ་རྫོང་བྱ་བ་དེ་ལ་སྟོད་རྒྱལ་གྱི་རྩིབས་རིའི་བྱང་ནས། རྒྱངས་ཙམ་སོང་བའི་རི་ལ་བྲག་སེང་གེ་གནམ་དུ་མཆོང་བ་འདྲ་བ་གཅིག་ཡོད། དེའི་སྟེང་ན་རྫོང་བར་སྣང་ལ་ལིང་ངེ་འདྲ་བ་ཞིག་ཡོད། དེ་རུ་བསྒྲུབས་པས་རྟགས་དང་མཚན་མ་ཐོབ་བོ། །དེའི་སློབ་མ་རྒྱ་སྟོན་ནམ་མཁའ་རྒྱལ་པོས་ཁྲ་རི་གནམ་རྫོང་དུ་བླ་མ་མཉེས་པར་བྱས་ནས་གདམས་པ་མན་ངག་ཚང་བར་ཞུས་ཀྱང་དབང་མ་ཐོབ་པས། ཕྱིས་རང་གི་གཅེན་སྨྱོས་སྟོན་ཉི་མ་རྡོ་རྗེ་བྱ་བ་ལྷ་རྗེ་ཕུར་གྱི་ཐུགས་སྲས་ལ་ཞུས། དབེན་ས་དིང་རི་བྲག་ཉེའི་དབང་སྟེང་དགོན་བར་བླ་མ་སྨྱོས་དང་། རྒྱ་སྟོན་གཉིས་ཀས་བསྒྲུབས་པས་རྟགས་དང་མཚན་མ་མཐའ་རུ་ཕྱིན། གསང་མཚན་གཉིས་ཀ་མཐུན་པར་རྡོ་རྗེ་དྲག་པོ་རྩལ། དགྲ་བགེགས་གཉིས་ཀ་ལ་ཐེབས། དེ་ལྟར་གཉིས་ཀས་ལྷ་རྗེ་ཕུར་ལ་ཐུག་ཀྱང་དབང་བརྒྱུད་གཙོ་ཆེ་བས། ལྷ་རྗེ་སྨྱོས་སྟོན་ཉི་མ་རྡོ་རྗེ། རྒྱ་སྟོན་ནམ་མཁའ་རྒྱལ་པོ་ཞེས་འདོད་དོ། །ནམ་མཁའ་རྒྱལ་པོའི་སློབ་མ་རང་གི་སྲས་གཉིས་ལས། སྲས་ཆུང་བ་ཉི་མ་རྒྱལ་མཚན་པ་ལ་རྒྱུད་འགྲེལ་གདམས་ངག་ཚང་བར་གནང་། ཆུང་ངུ་ནས་ཡབ་ཀྱི་དྲུང་དུ་ཕྱག་ཕྱིར་ལག་ལེན་མང་པ་མཛད་པས་ལག་ལེན་དབྱངས་དང་བཅས་པ་ལ་ཤིན་ཏུ་མཁས། ཡབ་ཀྱིས་བསྙེན་སྒྲུབ་ལ་བཅུག་པས་རྟགས་དང་མཚན་མ་མང་པོ་བརྙེས། དགྲ་བགེགས་གཉིས་ཀ་ལ་ཐེབས། དངོས་གྲུབ་རླབས་ཅན་དུ་གྲགས་སོ། །དེའི་སློབ་མ་ཉང་བན་ཤུ་མངས་ལུང་པ་ཆེན་པོ་ཡིན་ཏེ། བླ་མ་ལ་དབང་དང་རྒྱུད་འགྲེལ་མན་ངག་ཚང་བར་ཞུས། དབེན་ས་རོང་རྒྱན་མཁར་གྱི་ཐོག་ཕུག །གསང་མཚན་རྡོ་རྗེ་དབང་འདུས་རྩལ། དགྲ་བགེགས་གཉིས་ལ་ཐེབས། དེའི་སློབ་མ་འཛམ་གླིང་པཎྜི་ཏ་ནག་པོ། འདི་ནི་མི་ཆེ་བས་ཉང་སྟོད་ཀྱི་བྱ་ཆོས་མཁར་པོ་ཆེ་ལ་སོགས་པ་མཁར་གསུམ་གྱི་བདག་པོར་གྱུར། རོང་དུ་རྨུ་བསམ་གླིང་གི་ལྷ་ཁང་བཞེངས། དབེན་ས་མོན་མོ་གཙུག་རུམ། གསང་མཚན་རྡོ་རྗེ་འདུས་པ་རྩལ་དང་། དགྲ་བགེགས་གཉིས་ལ་ཐེབས། ལྷ་འདྲེ་བྲན་དུ་འཁོལ་བ་ལ་སོགས་པའི་ཡོན་ཏན་མངའ་འོ། །དེའི་སློབ་མ་ཤངས་རྡོ་རྗེ་གླིང་པ་བླ་ཆེན་རྡོ་རྗེ་རིན་པོ་ཆེ་ཡིན་ཏེ། འདི་ནི་མཁས་བཙུན་བཟང་པོའི་ཡོན་ཏན་དུ་མ་དང་ལྡན། སྐུ་ལ་ཚུལ་ཁྲིམས་ཀྱི་དྲི་འཕྲོ། བླ་མ་འཛམ་གླིང་པ་རང་གི་དགོན་པར་སྤྱན་དྲངས་ནས་དབང་དང་གདམས་པ་ཞུས། དབེན་ས་རྒོད་ཚང་བྲག །དགྲ་འདྲེ་གཉིས་ཀ་ལ་ཐེབས། དེའི་སློབ་མ་ཆུ་བར་ཉི་ཕུག་པ་ཆེན་པོ་ཡིན་ཏེ། དབེན་ས་བྲེལ་ཕུ་བསམ་གཏན་ཕུག །གསང་མཚན་རྡོ་རྗེ་ཐོག་འབེབས་རྩལ། དགྲ་ཕ་སྤུན་པོ་དང་། རྒྱལ་པོ་ལ་ཐེབས། དེའི་སློབ་མ་གཙང་ཉ་རི་བན་གྲོང་གི་སྟོན་པ་གསང་སྔགས་རྡོ་རྗེ་ཡིན་ཏེ། དུས་ཕྱིས་བྱོན་པའི་སྔགས་པ་ལ་མཁྱེན་པ་དང་ནུས་མཐུ་གཉིས་ཀ་ཆེ། སློབ་དཔོན་པདྨས་མཆིམས་རྡོ་རྗེ་སྤྲེའུ་ཆུང་གི་སྐྱེ་བར་ལུང་བསྟན། བོད་ལ་ཕན་པའི་རྟེན་འབྲེལ་མང་པོ་འདུག་པ། མངའ་རི་རྫོང་ཁའི་ཆོས་རྒྱལ་གྱི་གདུང་བརྒྱུད་རྣམས་ཀྱིས་མཐུན་རྐྱེན་སྦྱར་ཏེ་སྣ་འགའ་རེ་ཡང་གྲུབ། རྫོང་ཁ་རྒྱལ་པོའི་སྐུ་རིམ་གྱི་ནུབ་རེའི་ཐུན་གཏོར་འཕངས་པའི་ཚེ་མེ་དངོས་སུ་འགྲོ་བ་སྐྱེ་བོ་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་སོགས་མཐུའི་ནུས་པའི་གྲགས་པ་ཐོན། རྫོང་ཁར་ཡི་དམ་མང་པོའི་ཞལ་གཟིགས། འདིས་སྐུ་གཞོན་ནུའི་དུས་སུ་སྒྲོ་ཕུག་གི་དུས་སུ་དབེན་སར་ཕུར་པའི་སྒྲུབ་པ་ཞག་བདུན་མཛད་པས། རྡོ་རྗེ་གཞོན་ནུ་ཞལ་གཟིགས། ཕུར་པ་དགྲ་བགེགས་གཉིས་ཀ་ལ་ཐེབས་སོ། །དེ་ལ་མང་ཡུལ་སྐྱིད་གྲོང་གི་ཐུགས་རྗེ་ཆེན་པོ་དངོས་དང་མཚུངས་པ་འཕགས་པ་ཝ་ཏི་བཞུགས་པའི་ལྷ་ཁང་དུ། བདག་ཅག་གི་བླ་མ་དམ་པ་གྲུབ་པའི་དབང་ཕྱུག་ཆེན་པོ་དེས་གསན་པ་ཡིན་ཏེ། འདི་ནི་ཆུ་ཕོ་རྟའི་ལོ་ལ་མི་ཉག་འགའ་དང་ཉེ་བའི་སར་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་ལོན་པའི་ཚེ་ས་གཡོས་ཀྱི་འཇིགས་པས་ནང་མི་དང་གྲོང་པ་ཀུན་ཤི་བས་ཐུགས་སྐྱོ་སྟེ་དབུས་གཙང་དུ་ཆོས་ལ་བྱོན། དེར་ཡར་ཀླུགས་བཙན་ཐང་དུ་གོང་མ་གྲགས་པ་འབྱུང་གནས་པས་དམར་སྟོན་རྒྱལ་མཚན་འོད་ཟེར་སྤྱན་དྲངས་བཙན་ཐང་མ་མོ་ཆེར་གྲགས་པའི་ཆོས་འཁོར་བསྐོར་བ་དང་ཐུག་སྟེ་སྔགས་གསར་མའི་དབང་བཀའ་དང་། རྒྱུད་འབུམ་གྱི་ལུང་གསན། རྗེ་འགོས་ལོ་ཙཱ་བ་ལ་སྦྱོར་དྲུག་གི་ཁྲིད་གསན་པས་ཟླ་བ་དྲུག་བསྒོམས་པ་ལ་ཡོན་ཏན་ཐམས་ཅད་རྫོགས་པས་རྗེ་ཉིད་ཤིན་ཏུ་དགྱེས་ཏེ། ཁྱོད་ཆོས་འདི་ལ་བག་ཆགས་སད་པ་གཅིག་འདུག་གསུངས། སྐབས་དེར་རྡོ་རྗེའི་ཟམ་པ་གནང་བ་དང་ཐུག་པས་སྔགས་རྙིང་མའི་ཆོས་སྐོར་ལ་དད་པ་མཆི་མ་འཁྲུག་པ་ཙམ་སྐྱེས། ཆོས་ཐམས་ཅད་ཐོབ་པ་ཞིག་བྱ་དགོས་སྙམ་པ་ཤར། སུ་ལ་ཡོད་དྲིས་པས། དབུ་རུ་ན་ཞོགས་ཐར་པ་གླིང་བྱ་བ་ན་སངས་རྒྱས་དབོན་པོ་ལ་ཡོད་ཟེར། དེར་བྱོན་ཏེ་རྫོགས་པ་ཆེན་པོ་བཀའ་གཏེར་ཕལ་ཆེར་གསན། འབྲི་གུང་དུ་ཆོས་རྗེ་ཀུན་དགའ་རིན་ཆེན་ལ་འབྲི་གུང་པའི་སྐོར་ཡོངས་རྫོགས་གསན། ཆོས་རྗེའི་སྐུ་མདུན་དུ་གསང་ཕུ་བའི་ཀ་བཅུ་པ་བསྟན་གསལ་བྱ་བས། དགོང་གཅིག་ལ་དགག་པ་མང་པོ་བྱས་པ་ལ། ལན་བཏབ་པས། ཆོས་རྗེ་དང་བཀའ་བཅུ་པ་གཉིས་ཀ་དགྱེས། བཀའ་བཅུ་པ་ན་རེ། ཁམས་པ་ཁྱོད་འདི་འདྲའི་ཤེས་རབ་ཆེ་བ་ལ་མདོ་ཕྱོགས་བསླབ་ན་ས་སྐྱ་པཎྜི་ཏ་འདྲ་བ་ཞིག་ཡོང་བར་འདུག་ཟེར། དེར་བན་སྒར་པ་འཇམ་དཔལ་བཟང་པོ་འབྲི་གུང་དུ་བྱིན། ཁོང་ལ་པཎ་ཆེན་ནགས་རིན་གྱི་ཆོས་སྐོར་ཞུས། འབྲི་གུང་ཆོས་རྗེས། ཁྱེད་ལ་བཀའ་བརྒྱུད་ཀྱི་བསྟན་འཛིན་ཅིག་རེ་བས་སྟག་ལུང་དུ་སོང་གསུང་། བཀའ་ཤོག་དང་བཅས་བརྫངས། སྟག་ལུང་ངག་དབང་གྲགས་པ་ལ། བོ་དོང་པའི་ཆོས་བཀའ་ཙམ་ལས་བཀའ་བརྒྱུད་མ་ཐོབ་ཀྱང་། ལོ་བཞི་བཞུགས་ཏེ་ཐུགས་རྩིས་ཆེ། སླར་འབྲི་གུང་དུ་བྱོན་པ་ན་ཆོས་རྗེ་གཤེགས། དབོན་པོ་ཀུན་རིན་པ་རྟེན་བཞེངས་ཀྱི་འབུལ་སྡུད་ལ་མྱང་ལོང་ལ་བྱོན་སོང་འདུག་པས་ཡར་ཀླུངས་སུ་བྱོན། འོན་མཐིང་མ་བ་སྔགས་འཆང་གཡུ་འབྲུག་རྡོ་རྗེ་ལ་མདོ་དབང་དང་སེམས་ཕྱོགས་གསན། དེ་ནས་སྤ་གྲོ་སྟག་ཚང་དུ་ཀཿཐོག་པ་ཡེ་ཤེས་འབུམ་པ་ལ་རྒྱུད་འབུམ་གྱི་ལུང་དང་། བཀའ་མའི་ཆོས་བཀའ་མང་པོ་ཞུས། རཏྣ་གླིང་པའི་དྲི་ལན་མཛད་ཀྱིན་འདུག་པས་དེ་ཁྱེར་ནས་ལྷོ་བྲག་ཤར་དུ་རཏྣ་གླིང་པ་ལ་ཕུལ། ཁོང་གི་གཏེར་ཆོས་ཡོངས་རྫོགས་དང་། ཡང་དགོན་པའི་རི་ཆོས། ཕུར་པ་བཀའ་མ་ཁ་ཡར་ཐོབ། དེ་ནས་ལ་སྟོད་བྱང་དུ་བྱོན། རྒྱལ་མཁར་སེ་སྟོན་པ་ལ་ཞི་ཁྲོ་ཕུར་གསུམ་གྱི་སྐོར་དང་། མ་མོ་ལྷོ་འགྲིམས། བྱང་འགྲིམས། སྒང་ཤར་སོགས་མ་མོའི་རྒྱུད་ལུང་མང་པོ་དང་། ཚེ་བདག་བད་ལུགས། ཨུར་མོ་ཁ་ཐུན། གཤིན་རྗེ་གདོང་དྲུག་པ། གཤིན་རྗེ་དམར་པོ་ལ་སོགས་པ་ཁོང་ལ་བཞུགས་ཚད་ཀྱི་ཆོས་གསན་བས། པུ་སྟི་ཕྱེད་དང་སུམ་བརྒྱ་ཙམ་གྱི་དབང་ལུང་ཐོབ། བླ་མ་འདིས་ལྟོ་གོས་ཆོས་གསུམ་ཀ་གནང་། ལྷག་པར་བསྟན་པའི་ཁུར་ཆེ་བས་འདི་བས་ལྷག་པའི་བླ་མ་མེད་གསུངས། ལོ་རྒྱུས་གསུངས་པ་ནའང་སྤྱན་ཆབ་འབྱིན། དེ་ནས་བལ་པོ་དང་། གར་ཞ་དང་། ན་གར། ཀོ་ཊ་ལ་སོགས་པའང་གཟིགས་པར་བྱོན། ལ་སྟོད་ལྷོར་སྔགས་འཆང་ནམ་བཀྲས་པ་ལ་བཀའ་བརྒྱད་བཀའ་གཏེར་མི་གཅིག་པ་བདུན་དང་། རྫོགས་ཆེན་ཨ་རོའི་སྐོར་ཕལ་ཆེ་བ་དང་། ཁ་རག་སྐོར་གསུམ། ཕྱག་ཆེན་བརྡ་རྩ། དོ་ཧ་སྐོར་གསུམ། གྲུབ་སྙིང་ཨ་མ་ར་ཎ་སི་ཀ་རའི་སྐོར། དོ་ཧ་མཛོད་འཇམ་དབྱངས་རྡོ་རྗེའི་ཆོས་བསྐོར་ལ་སོགས་པ་མང་པོ་གསན། དེ་ནས་ཡར་ཀླུངས་སུ་བྱོན། ཁྲུས་ཁང་ལོ་ཙཱ་བ་ལ་རྔོག་དཀྱིལ་བདུན་གྱི་སྐོར་གསན། ཆག་ལོ་རིན་ཆེན་ཆོས་རྒྱལ་ལ་སྟེའུ་རའི་ཆོས་སྐོར་རྫོགས་པ་དང་། ཆོས་རྗེ་ནམ་བཀྲས་པ་ལ་བཀའ་གདམས་ཀྱི་སྐོར་མང་པོ་གསན། ཞྭ་དམར་བ་བཞི་པ་ལ་ཀརྨ་པའི་ཆོས་སྐོར་མཐའ་དག་དང་། ཡབ་ཏུ་བྱང་སེམས་ཆེན་པོ་ལ་ཞི་བྱེད་སྐོར། གཙང་སྨྱོན་ལ་རས་ཆུང་པའི་སྙན་བརྒྱུད་ལ་སོགས་པ་མང་པོ་དང་། ཟིང་པ་སྟག་མགོར་སངས་རྒྱས་རྒྱལ་མཚན་པ་ལ་ཀུན་མཁྱེན་ཀློང་ཆེན་པའི་ཆོས་སྐོར། དོལ་བ་སྒྲུབ་ཆེན་མ་ལ་གཅོད་ཡུལ་དང་། བླ་མ་དགོངས་འདུས་ལ་སོགས་པ་སངས་རྒྱས་གླིང་པའི་ཆོས་སྐོར་མ་ལུས་པ་དང་། བསམ་གཏན་གླིང་པ་ལ་ཁོང་རེའི་ཨ་ཏི་སྐོར་དང་། ས་སྐྱ་བཀའ་འབུམ། ལམ་འབྲས་ལ་སོགས་པ་མང་པོ་དང་། རྒྱལ་དབང་ཆོས་རྗེ་ཀུན་དགའ་དཔལ་འབྱོར་བ་ལ་འབྲུག་ཕྱོགས་མཐའ་དག་ཐོབ་ཅིང། ཤངས་འབའ་ར་ནམ་མཁའ་རྒྱལ་མཚན་པ་ལ་སྟོད་འབྲུག་དང་འབའ་ཆོས་མཐའ་དག་དང་། འཇག་པ་ལ་ཤངས་པ་བཀའ་བརྒྱུད་སྐོར་དང་། སྐུ་དྲུང་ཉི་ཟླ་བ་ལ་ཀུན་སྐྱོང་གླིང་པའི་ཆོས་སྐོར་དང་། ངོར་དུ་ཆོས་རྗེ་འདྲེན་མཆོག་ལ་ལམ་འབྲས་དང་། དབང་མང་པོ་གསན། ཞྭ་ལུ་བ་དཀོན་མཆོག་བཟང་པོ་ལ་ཡོ་ག་དང་ཞྭ་ལུ་པའི་ཆོས་བཀའ་ཕལ་ཆེར་གསན། ཆོས་རྗེ་བྱང་ཆེན་པ་ལ་འཆིམས་ནས་བརྒྱུད་པའི་དབུ་མའི་ཁྲིད་སོགས་སྣར་ཐང་པའི་ཆོས་སྐོར་དང་། གཏུམ་ཤུལ་དུ་མངའ་བདག་གི་གདུང་དང་སློབ་བརྒྱུད་རྣམས་ལ་ཉང་ལུགས་ཀྱི་ཆོས་མང་པོ་དང་། གནས་རྙིང་བསམ་གཏན་སྒང་པ་ལ་ཆོས་དབང་རིན་པོ་ཆེའི་གཏེར་ཆོས་སོགས་མང་དུ་གསན་ཅིང་། མདོར་ན་བོད་དུ་དར་བའི་ཆོས་ལ་མ་གསན་པ་མེད་པ་ལྟ་བུ་ཡོད་ཀྱང་བདག་གིས་ཀྱང་བརྗོད་པར་མི་ནུས་སོ། །དེ་ནས་གྲ་ཐང་དུ་ཞྭ་ལུ་ལོ་ཙཱ་བའི་དྲུང་དུ་བྱོན་པས། སྒྲ་སློབ་བམ། གསང་འདུས་རིམ་ལྔའི་ཁྲིད་ཞུ་གསུང་བ་ལ། རིམ་ལྔ་ཞུས་པས་རླུང་ལྔའི་ཁ་དོག་སོ་སོར་གཟིགས། མནལ་ལམ་བཟུང་ནས་ཞིང་ཁམས་མང་པོ་བསྒྲོད། བར་སྲིད་ཐོགས་མེད་དུ་གཟིགས། སློབ་མ་དང་ཡོན་བདག་དམ་ཚིག་གཙང་བ་རྣམས་ཀྱི་བདེ་སྡུག་མཁྱེན་པའི་མངོན་པར་ཤེས་པ་མངའ་བ་སོགས་ཡོན་ཏན་དུ་མ་བྱུང་བས། སྣ་འགའ་རེ་གསུངས་པ་ལ་བརྟེན་ནས་མི་ཀུན་གྱིས་ཀྱང་བསྙེན་བཀུར་དང་འབུལ་བ་རྒྱ་ཆེན་བྱས་ཤིང་། ཐུགས་དམ་བརྟགས་པ་ཞུ་བ་མང་བས་གཡེངས་པ་ལ་ཐུགས་སུན་ཞིང་། ཚེ་གཅིག་གིས་སངས་རྒྱས་བསྒྲུབ་པར་དགོངས་ནས་བྱ་བྲལ་ལ་བཞུགས་ཏེ། མོན་ཡུལ་དུ་བྲོས་ནས་འཚོ་བ་ངན་ངོན་ལ་བརྟེན་ཏེ་ཚེ་དང་སྒྲུབ་པ་མཉམ་པ་དང་། སྣོད་ལྡན་གྱི་སློབ་མ་བྱུང་ན་ཆོས་ཀྱི་སྦྱིན་པ་ལྷུག་པར་སྩོལ་བའི་དམ་བཅའ་མཛད། མཁར་ཆུར་ལོ་བདུན་སྒྲུབ་པ་མཛད་པས། ཞྭ་ལུ་ལོ་ཙཱ་བ་ལ་སྐུ་ཚེའི་བར་ཆད་དྲུག་ཅུ་རྩ་གཅིག་གི་དགུང་སྟེངས་སུ་འདུག་པ་དེ། ཉིད་ཀྱི་ཕུར་པའི་བསྙེན་སྒྲུབ་མཛད་ན། སླར་སུམ་ཅུའི་བར་ཕྱིར་ནུར་ཏེ་དགུང་ལོ་དགུ་ཅུ་རྩ་གཅིག་བཞེས་པར་འགྱུར་ཞེས། རེ་མ་ཏིས་ལུང་བསྟན་བྱུང་བ་ལ། དེའི་ནངས་པར་རང་དཀྱིལ་འཁོར་བཞེངས་ནས་ཟླ་བ་དགུ་སྒྲུབ་པ་ལ་བཞུགས། དེ་དུས་བསྙེན་ཕུར་གྱི་ཞལ་ནས་མེ་སྟག་འཕྲོ་འཕྲོ་བྱུང་བ་དང་། ང་ལ་དགྲ་ཅིག་ཡོད་ན་བསྒྲལ་ཆོག་པ་ལ་དགྲ་མེད་དགོངས་པ་བྱུང་། ཡང་སྒུ་ཆུལ་ལ་ཕྱུག་པོ་ལ་བསོད་སྙོམས་ཀྱི་ནས་བཅོལ་བ་མ་སྤྲད་པའི་ཁར། བླ་མ་ལ་དུག་བཏང་། ཡོན་བདག་ཀུན་དང་ཕྲ་མ་བཅུག་པ་དེ་ཐུགས་ཀྱིས་དྲན་པས་ཕུར་པ་ལྡེག་ལྡེག་པ་དང་། མེ་ལྷབ་ལྷབ། དུ་བ་སྔོ་ཕྱུར་ཕྱུར་བྱུང་། དེར་ངའི་བླ་མའི་སྐུ་ཚེ་འཐུད་ཡོད་དམ། ཕུར་པ་ནི་གྲུབ་བྱུང་དགོངས་ནས། ཐུག་སྡོར་གྱི་ཕག་ཤ་སྐམ་པོ་ཚལ་པ་གཅིག་ཡོད་པ་དེ་ཚོགས་འཁོར་བྱས། གཏོར་མ་རྒྱས་པར་བསྔོས་ནས། མནལ་ལམ་བརྟགས་པས། དཀྱིལ་འཁོར་གྱི་ནང་ནས་ཡིན་བསམ་པ་ལ། ཡང་རེ་སྒྲུབ་ཁང་ནས་ཡིན་བསམ་པའི་བུད་མེད་རྟ་པ་མང་པོས་ཤིང་གི་ཕུར་པ་དཀར་པོ་དང་། གྲོད་པ་མང་པོ་ཁུར་ནས་སྒུ་ཆུལ་གཞིས་ཀར་སོང་ནས་གྲོད་པ་ནས་ཁྲག་མང་པོ་གཏོར་བ་ཞིག་རྨིས། དེ་ནས་ཞྭ་ལུ་ལོ་ཙཱ་བའི་དྲུང་དུ་བྱོན་ཙ་ན་འབུལ་བ་ཅང་མེད་ནས་སྐུ་ཕྲག་མྱུལ་བས་ཨ་རུ་ར་རློན་པ་སུམ་ཅུ་སོ་གཅིག་བྱུང་བ་བླ་མ་ལ་ཕུལ་བས། ཤིན་ཏུ་དགྱེས་ཏེ་ཕྱག་ཏུ་བཞེས། གཅིག་ཚུར་གནང་ནས་ང་རང་གི་ཁར་བཅུག་པ་རྨིས། གཉིད་སད་ཙ་ན། བླ་མའི་སྐུ་ཚེ་འཐུད་འདུག་སྟེ། ང་ལ་གཅིག་གནང་བ་དེས་ལོ་གཅིག་གིས་ཉུང་ངུ་སོང་བ་འདྲ་སྙམ་པ་བྱུང་སྟེ། ཕྱིས་དེ་ཀ་རང་བྱུང་སྟེ་དགུང་ལོ་དགུ་བཅུ་བཞུགས་པ་ཡིན། དེ་ནས་ཟླ་བ་གཅིག་ཙ་ན་སྒུ་ཆུལ་བ་ཚོ་ལ་བཤལ་རིམས་བྱུང་ནས་རང་རེ་ལ་སེམས་གནག་ཚད་ཤི། དུག་གཏོང་མི་ཕྱུག་པོ་ཚང་གི་གྲོང་རྐང་སྟོངས། ཕུར་པ་འདིས་ངའི་བླ་མའི་སྐུ་ཚེ་འཐུད་དེ། ང་ངན་སོང་དུ་དེའི་སྐྱུར། དེ་ནས་ཞི་ཁྲོ་དང་། གཙུག་དགུ་དང་། མི་འཁྲུངས་པ་དང་། ཀུན་རིག་དང་། གཙུག་གཏོར་དྲི་མེད་རྣམས་ཀྱི་སྒྲིབ་སྦྱོང་ལ་ལོ་རེ་རེ་སྟེ་ལོ་ལྔ་ལ་མཚམས་བསྡོམ། མི་ཆེ་ཆུང་ལྔ་བཅུ་ཙམ་ཤི་བ་འགྲོངས་ཨེ་ཡོད་ཡིན་ཏེ་སྐྱོན་ཆེ་གསུངས། སྤྱིར་བླ་མ་འདིའི་མཁས་བཙུན་བཟང་གསུམ། གྲུབ་པ་ཐོབ་ལུགས། ཐོས་བསམ་སྒོམ་གསུམ་ལ་ཐུགས་རྩོམ་མཛད་ལུགས་སོགས་ནི་སེམས་ཅན་གྱི་བློར་ཤོང་བ་དཀའ་ཞིང་ཡོན་ཏན་དེ་དག་གི་ཆ་ཤས་ཙམ་ཡང་བདག་ལྟ་བུས་བརྗོད་པར་མི་ནུས་ལ། རྣམ་ཐར་མདོ་ཙམ་ཞིག་འདྲི་བར་ཞུས་པས་མ་གནང་། ཕག་ཏུ་ཟིན་བྲིས་བཏབ་པ་ཞིག་ཡོད་པ་དེ་ཡང་མངོན་ཤེས་ཀྱིས་དགོངས་ནས་ལོང་ཤོག་གསུངས། དྲུང་དུ་ཕུལ་བས། ཁྱེད་རང་དང་དད་པ་ཆེ་སྟེ། དུས་ངན་གྱི་སེམས་ཅན་ཚོ་སྡིག་པ་གསོག་ལུགས་འདིས་ཆོག་པ་འདུག་པ་ལ། ང་ལ་བརྟེན་ནས་སྡིག་པ་ཐེབ་གསོག་ཏུ་མ་འཇུག །མ་དད་པ་སྐྱེས་ན་སྡུག་གེ་ཚོ་དམྱལ་བར་སྐྱེ། ང་ལ་ཡོན་ཏན་ཡོད་ཚུལ་སུ་ལ་ཡང་མ་ལབ་གསུངས་ནས་ཟིན་བྲིས་མེ་ལ་བཏབ། བཀའ་རྒྱ་དམ་པས་བརྗོད་དུ་ཡང་མེད་ལ། ཕྱིས་སྐུ་ཐིམ་པར་ཉེ་བ་ན། ད་ལོའི་འབྲུམ་ནད་འདི་ལ་ང་ཐག་རིང་གཅིག་ལ་བྲོས་འགྲོ་གསུངས་ནས། སྐབས་ཤིག་ཏུ་གར་སོང་ཆ་མེད་དུ་སོང་། དེ་ནས་མེ་ཏོག་གི་ཆར་དང་། ནམ་མཁའ་ལ་འཇའ་དང་ས་གཡོ་བ་དང་ཉི་མ་བདུན་བསྟུད་མར་བྱུང་། ཤར་ཕྱོགས་སུ་སྒྲ་ཆེན་པོ་གྲགས་པ་སོགས་ཀྱི་ལྟས་ལ་བརྟེན་ནས། སློབ་མ་རེ་གཉིས་དང་ཡོན་བདག་ཆོས་ཉམས་ལྡན་པ་དག་ནི་སྐུ་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་སམ་ཞེས་ཟེར་རོ། །དེ་ལྟར་ཡོངས་འཛིན་དམ་པ་ནི་དགུང་ལོ་ཇི་ཙམ་བཞེས་ཞེས་ཞུས་པ་ན། བརྒྱ་ཅུ་རྩ་ལྔ་ཙམ་ཨ་མི་ལོན། ད་རྒས་ནས་བརྗེད་དེ་མི་གདའ། ཞེས་ཐམས་ཅད་ལ་གསུངས་པ་ཞིག་ཡིན་མོད་ཀྱི། གོང་མ་གྲགས་འབྱུང་། རྗེ་འགོས་ལོ། །དམར་སྟོན་སོགས་ཀྱི་དྲུང་དུ་ཆོས་གསན་པ་དང་ཐོག་མཚུངས་པ་ཡིན་པས། མི་ཡུལ་དུ་ལོ་ཉིས་བརྒྱ་ལྷག་ཙམ་བཞུགས་པ་འདྲ་ཞིང་། ཡོན་ཏན་གཞན་རྣམས་སྨྲ་རུ་མེད་ཀྱང་། རྡོ་རྗེ་ཕུར་པ་ལ་བརྟེན་ནས་དངོས་གྲུབ་བརྙེས་ཚུལ་ཕུར་པ་བརྒྱུད་པའི་ལོ་རྒྱུས་འདིར་མེད་ན་མི་རུང་བས་ཅུང་ཟད་བྲིས་པ་ལ་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་རྒྱལ་མཁའ་འགྲོའི་ཚོགས་དང་བཅས་པས་གནང་བ་བསྩལ་ཏེ་བདག་ཅག་གི་ལམ་དང་དངོས་གྲུབ་ཀྱི་གེགས་སུ་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟར་ལྷ་མཆོག་ཕུར་པའི་སྒོར་ཞུགས་པས། །རིག་འཛིན་གྲུབ་ཐོབ་རིམ་པར་བྱོན་པའི་ཚུལ། །རྒྱ་བལ་བོད་དུ་བགྲང་གིས་མི་ལང་ལ། །སྔོན་བྱུང་ལོ་རྒྱུས་ཇི་བཞིན་འཆད་ནུས་པའི། །བློ་གྲོས་སྤོབས་པ་བདག་ལ་མ་མཆིས་མོད། །དེ་ལྟ་ན་ཡང་རང་གིས་ཐོས་པ་ཙམ། །ཡི་གེའི་ལམ་དུ་གསལ་བར་མ་བྱས་ན། །དེང་སང་རྒྱུད་གཞུང་མཁྱེན་པ་སྨོས་ཅི་དགོས། །གཏམ་ཙམ་རྣ་བར་སྒྲོག་པ་མི་སྣང་བས། །ནུབ་པར་འཕངས་ནས་དགེ་བའི་སེམས་ཀྱིས་བཀོད། །ནོངས་ན་བླ་མ་ལྷ་ལ་བཟོད་པར་གསོལ། །ཨེ་མ་རྒྱལ་བའི་བསྟན་པ་རིན་པོ་ཆེ། །སྔོན་ཆད་བོད་འདིར་དར་ལ་རྒྱ་ཆེ་ཞིང་། །བསྟན་འཛིན་མཁས་གྲུབ་ཚད་མར་གྱུར་པ་དང་། །ཉམས་ལེན་མཛད་པའི་གང་ཟག་བསམ་མི་ཁྱབ། །དེང་སང་དུས་ན་ནམ་ལངས་སྐར་མ་བཞིན། །བསྟན་ལ་ཕན་པ་ཐམས་ཅད་ཞིང་གཞན་གཤེགས། །གསང་སྔགས་འཛིན་པར་འདོད་པ་འགའ་ཞིག་ཀྱང་། །འཕྲལ་དགོས་ཟ་ཆོག་སློབ་པར་མི་ནུས་ན། །རྒྱ་ཆེན་རྒྱུད་འགྲེལ་ལག་ལེན་ལྟ་ཅི་སྨོས། །མིང་དང་རྟགས་ཙམ་འཛིན་པ་ཉིད་དུ་གྱུར། །ཐོས་བསམ་སྒྲོ་འདོགས་གཅོད་པའི་བློ་མེད་ཅིང་། །བསྙེན་སྒྲུབ་མཐའ་རུ་འདོན་པའི་འདུན་པ་བྲལ། །བཟང་བརྫུ་འུག་པ་སྦོས་པ་ལྟར་འགྱིང་བའི། །གང་ཟག་མཐོང་བས་རང་སེམས་ལྷག་པར་སྐྱོ། །ཕྱི་ཚུལ་བཟང་པོའི་གོས་ཀྱིས་རྣམ་སྤུད་ཅིང་། །ནང་དུ་ཁྱིམ་པའི་སེམས་དང་མི་འབྲལ་ལ། །བསྟན་དང་འགྲོ་བའི་དོན་ལ་རྒྱབ་ཀྱིས་ཕྱོགས། །འདི་འདྲའི་བསྟན་འཛིན་མཐོང་ཚེ་སྙིང་ནས་སྐྱོ། །འཛུམ་པའི་ཞལ་ནས་བསྟན་པ་སྤེལ་ཞེས་ལོ། །ཁ་བགྲད་མིག་ཚུམས་སེམས་ཅན་སྙིང་རྗེ་སྐད། །ཞེ་ནས་ལག་ལེན་རང་གི་བསྙེན་བཀུར་བསྒྲུབ། །བསྟན་འགྲོའི་བྱ་བ་བཤོལ་འདི་སྙིང་ནས་སྐྱོ། །མང་པོས་བཀུར་བའི་ཟས་ནོར་གྱིས་ཅི་བྱ། །རང་གི་སེམས་ལ་རང་གིས་མི་ཁྲེལ་བའི། །སློབ་གཉེར་བསྙེན་སྒྲུབ་ལམ་རྟགས་ཐོན་ཙམ་རེ། །མེད་ན་རང་ལ་རང་གིས་མ་བསླུས་སམ། །བདག་ནི་འདོད་པའི་ལྷ་ཡི་བདུད་དབང་གིས། །ཉིན་མཚན་དལ་མེད་གྲོང་ཆོག་བོན་ལྟར་རྒྱུག །དཀོར་གྱི་ཕུང་པོས་ཤེས་རྒྱུད་སྒྲིབ་པས་ནོན། །ཡོན་ཏན་གསར་དུ་སྐྱེ་བ་ལྟ་ཅི་ཞིག །སྔར་ཤེས་སྐྱབས་འགྲོ་ཙམ་ཡང་བརྗེད་དེ་ཐལ། །དལ་འབྱོར་དོན་མེད་རྣམ་གཡེངས་དབང་དུ་སོང་། །འདི་འདྲས་འགྲོ་ལ་ཕན་པ་མི་འགྲུབ་པས། །ད་ནི་དབེན་པར་དོན་གཉིས་བསྒྲུབ་པར་སྨོན། །འདི་ལྟར་སྣོད་བཅུད་ཉམས་པའི་དུས་དབང་གིས། །སངས་རྒྱས་བསྟན་དང་སྐྱེ་རྒུའི་བདེ་སྐྱིད་རྣམས། །རང་དང་གཞན་གྱི་སྤྱོད་ཚུལ་མཐའ་དག་ལ། །བསམ་བཞིན་བསམ་བཞིན་སྐྱོ་བ་གཏིང་ནས་སྐྱེས། །ད་ནི་གཞན་སྐྱོན་སེམས་བརྗོད་ཉེས་དམིགས་ཆེ། །རང་སྐྱོན་འདོན་པ་དམ་པའི་སྤྱོད་པ་ལགས། །དེ་ཕྱིར་རང་དྲིན་རང་ལ་ཆེ་བའི་ཐབས། །ལེགས་ཉེས་ཡིན་མིན་ཁ་འཁྱམས་མི་སྨྲ་བར། །ཐོས་བསམ་སྒོམ་གསུམ་བརྩོན་པའི་ལམ་ཞུགས་ཏེ། །རིང་པོར་མི་ཐོགས་རང་བཙན་ཟིན་པར་སྨོན། །རང་དོན་བསླུ་བའི་གཞན་དོན་ལྟར་སྣང་འདིས། །སྔར་ཡང་དོན་མེད་བྱ་བ་མང་དུ་བྱས། །ད་ནི་སོལ་བ་འབད་དེ་མི་བཀྲུ་བར། །སྐལ་ལྡན་སྲིད་ན་དེ་དོན་བྱེད་པར་སྨོན། །ཡུན་རིང་སྲིད་པར་འགྲོ་དོན་བརྩོན་པ་དང་། །ཁྱད་པར་དམ་ཆོས་ཉམས་པ་དེ་གསོ་བའི། །ལུགས་འདི་རྒྱལ་སྲས་རྣམས་ཀྱི་སྤྱོད་པ་ལགས། །དེ་ཕྱིར་ཆོས་རྣམས་ཅི་ནུས་སྤེལ་བར་སྨོན། །དེས་ན་མདོ་རྒྱུད་མན་ངག་རྒྱ་མཚོ་དང་། །ཁྱད་པར་ལམ་བཟང་རྡོ་རྗེ་ཕུར་པའི་གཞུང་། །མ་ལུས་མི་ནུབ་གསལ་བར་སྟོན་ནུས་པར། །སྐྱེ་བ་འདི་དང་བརྒྱུད་མར་འགྱུར་བར་སྨོན། །འོན་ཀྱང་དམན་པ་བདག་འདྲའི་སྤྱོད་ཚུལ་གྱིས། །རྒྱ་ཆེན་ལམ་བཟང་སྣང་བར་མ་ནུས་ན། །དེ་སླད་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ཡིས། །འགྲོ་ཀུན་སྔགས་ཀྱི་སྣོད་དུ་འགྱུར་བར་ཤོག །ཀུན་ཀྱང་མང་དུ་ཐོས་པའི་མཐར་སོན་ཏེ། །བསམ་པས་དོན་རིག་སྒོམ་པས་དངོས་གྲུབ་ཐོབ། །རིག་འཛིན་རྣམ་བཞི་རིམ་གྱིས་མངོན་འགྱུར་ཏེ། །སྐྱོབ་པ་པདྨ་རྒྱལ་པོ་དེ་མཚུངས་ཤོག །མར་གྱུར་དྲིན་ཅན་མཐའ་ཡས་སེམས་ཅན་རྣམས། །ལས་དང་དུས་ཀྱི་སྦྱོར་བ་ལས་བྱུང་བའི། །མི་མཐུན་རྒུད་པ་མཐའ་དག་ཉེར་ཞི་ནས། །བསྐལ་པ་རྫོགས་ལྡན་བཞིན་དུ་བདེ་བར་ཤོག །རྡོ་རྗེ་ཕུར་པའི་ཆོས་ཚུལ་ཉི་འོད་ཀྱིས། །བསྟན་དགྲ་མུན་ཚོགས་མཐའ་དག་དྲུང་ཕྱུང་སྟེ། །སྲིད་པ་བདུན་གྱི་སྦྱོར་བ་ལས་གྱུར་པ། །ཆོས་ཀྱི་བར་ཆད་མ་ལུས་ཞི་བར་ཤོག །རྟ་གདོང་ཀུན་ནས་ཚ་བའི་མེ་དང་ནི། །གང་གཱའི་ཀླུང་དང་པཀྵུའི་རྒྱུན་བཞིན་དུ། །རྒྱུན་མི་ཆད་པ་སྲིད་པ་ཇི་སྲིད་བར། །དམ་པའི་ཆོས་ནི་མི་ནུབ་དར་བར་ཤོག །ཐུབ་དབང་བསྟན་པའི་གཞི་མ་དགེ་འདུན་ཏེ། །དེ་ཡང་བདག་རྐྱེན་བྱེད་ལ་རག་ལུས་པས། །གང་ཞིག་བསྟན་པ་མཆོད་པའི་སྦྱིན་བདག་ཡང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །འདིས་མཚོ ན་བདག་གིས་ཇི་སྲིད་སངས་རྒྱས་པར། །དགེ་ཚོགས་ཇི་སྙེད་གང་ཞིག་ཐོབ་གྱུར་པ། །ཤེལ་དང་ཟླ་བ་ཀུནྡ་ལྟར་དཀར་བ། །དེས་ནི་འགྲོ་འདིས་ཕུར་པ་འགྲུབ་གྱུར་ཅིག །དཔལ་ལྡན་རྡོ་རྗེ་ཕུར་པའི་ཆོས་ཀྱི་བྱུང་ཚུལ་ལོ་རྒྱུས་ངོ་མཚར་རྒྱ་མཚོའི་རྦ་རླབས་ཞེས་བྱ་བ། རང་དང་སྐལ་བ་མཉམ་པ་རྣམས་ཀྱི་བརྗེད་བྱང་དུ། ཤཱཀྱའི་བཙུན་པ་ནམ་མཁར་སྤྱོད་པ་ཞེས་བྱ་བས་ས་མོ་བྱའི་ལོ་དབོའི་ཉ་བའི་གང་བ་དང་པོའི་ཚེས་ལ་རྫོགས་པར་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པ་དང་། འགྲོ་བ་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ལ་དུས་ཀུན་ཏུ་སྤྱོད་པར་གྱུར་ཅིག། །།

དཔལ་རྡོ་རྗེ་ཕུར་པའི་ལས་བྱང་ཆོག་ཁྲིགས་དངོས་གྲུབ་རྒྱ་མཚོ།

དཔལ་རྡོ་རྗེ་ཕུར་པའི་ལས་བྱང་ཆོག་ཁྲིགས་ཆོས་འབྱུང་དང་ལས་བྱང་འདི་གཉིས་ཇོ་མོ་ལུགས་དང་རོང་ཟོམ་ལུགས་གཉིས་ཀར་འཇུག་གསུངས། མཆན། དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །ན་མོ། གུ་རུ་བཛྲ་ཀཱི་ལ་ཡ་མཎྜ་ལ་དེ་ཝ་བྷྱཿ མི་གནས་མི་དམིགས་ཆོས་སྐུ་དག་པ་ལས། །བདུད་འདུལ་ཁྲོ་རྒྱལ་འཇིགས་པའི་སྐུར་བཞེངས་པ། །འཇིག་རྟེན་གསུམ་ལས་རྒྱལ་བ་ཧེ་རུ་ཀ །འབར་བའི་གར་མཛད་དེ་ལ་ཕྱག་འཚལ་ལོ། །ཡི་དམ་ལྷ་ལ་བདག་གིས་ཕྱག་བཙལ་ནས། །བསྟན་པ་བསྲུང་བའི་ཕྲིན་ལས་མངོན་སྤྱོད་འདི། །དཔྱང་ཐག་ཆད་པ་ཐུགས་རྗེས་བཟུང་སླད་དུ། །སྒྲུབ་ཐབས་འདི་ནི་བདག་གིས་བཤད་པར་བྱའོ། །དེ་ལ་དང་པོ་རྟེན་དང་མཆོད་པ་ཚུལ་བཞིན་དུ་བཤམས་ནས། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་སྔོན་དུ་འགྲོ་བས། རང་ལྷའི་ང་རྒྱལ་གྱིས་བགེགས་གཏོར་བྱིན་གྱིས་བརླབས་ལ། ༀ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ་གཞན་དུ་བསྐྲད་དོ། །དེ་ནས་མཚམས་བཅད་པ་ནི། རང་ཉིད་ཁྲོ་བོ་གནོད་མཛེས་རྡོ་རྗེའི་ཐོ་བ་དང་ལྕགས་ཀྱུ་འཛིན་པར་བསྐྱེད་ལ། ཧཱུྃ་སྥར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཐུགས་ཀ་ནས་མ་དམར་པོ་འཕྲོས། མ་སཱུརྻ་མཎྜ་ལ། ཞེས་པས་ཉི་མའི་གདན་དུ་གྱུར། ༀ་ཤྲཱི་ཧཱུྃ་ཀཱ་ར་བཛྲ་མཎྜ་ལ་ཧཱུྃ་ཕཊ། ཧཱུྃ། ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །དབྱར་གྱི་འཆར་སྤྲིན་ལྟ་བུའི་མདོག །བསྐལ་པའི་མེ་དཔུང་བཞིན་དུ་འབར། །དོར་སྟབས་ཚུལ་དུ་ཞབས་བགྲད་ཅིང་། །སྨིན་མཚམས་ཁྲོ་གཉེར་འབར་བ་ཅན། །ཞལ་གསུམ་མཆེ་གཙིགས་རྣམ་པར་གྱུར། །ཕྱག་གཉིས་ཧཱུྃ་གི་རྒྱ་བཅིངས་ནས། །རྡོ་རྗེ་དང་ནི་དྲིལ་བུ་དང་། །གཡས་གཉིས་ལྕགས་ཀྱུ་རལ་གྲི་དང་། །གཡོན་གཉིས་དགྲ་སྟྭ་ཞགས་པ་བསྣམས། །བསྒོ་བའི་བཀའ་རྣམས་མཉན་པར་བྱོས། །ༀ་སུམྦྷ་ནི་སོགས་བརྗོད། ཁྲོ་བོ་རྡོ་རྗེ་གནོད་མཛེས་ཀྱིས་ཧཱུྃ་ཀཱ་ར་ལ་ཕྱོགས་བཅུར་ཁྲོ་བཅུའི་གདན་བཤམས་པའི་བཀའ་བསྒོས་ཏེ་ཐུགས་ཀ་ནས་ཐོ་བ་དང་ལྕགས་ཀྱུ་སྤྲོས་ཏེ་ཧཱུྃ་ཀཱ་ར་ལ་གཏད་པར་བསམ། ༀ་ཤྲཱི་ཧཱུྃ་ཊཀྐི་རཱ་ཛ་བཛྲ་མ་ཧཱ་ཀྲོ དྷ་ཧཱུྃ་ཕཊ། འདོད་རྒྱལ་སྔོ་སྐྱ་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་དང་པོས་རང་གི་ཕྱག་རྒྱ་བཅིངས། །བར་པ་གཉིས་ཀྱིས་ལྕགས་ཀྱུ་ཞགས་པ་དང་། །ཕྱག་གཡས་ཐ་མ་མདའ་གཞུ་འཛིན་ལ་བརྩོན། །ཕྱག་གཡོན་ཐ་མ་ཉི་མའི་གདན་བསྣམས་གྱུར། །མ་སཱུརྻ་མཎྜ་ལ། ༀ་སུམྦྷ་ནི་སོགས་བརྗོད། འདོད་རྒྱལ་གྱི་ཐུགས་ཀ་ནས་མ་བཅུ་ཕྱོགས་བཅུར་འཕྲོས་པས་ཉི་མའི་གདན་བཅུར་གྱུར། ཧཱུྃ། ཁྲོ་བོའི་རྒྱལ་པོ་འདི་དག་ནི། །བགེགས་ཀྱི་ཚོགས་རྣམས་ཀུན་ནས་བཤིག །བློ་ལྡན་རབ་ཏུ་སྦྱར་བ་ཡི། །ཆོ་ག་བཞིན་དུ་ཕུར་བུས་གདབ། །ཅེས་བརྗོད་པས། ཁྲོ་བོ་འདོད་པའི་རྒྱལ་པོ་ཕྱོགས་བཅུར་ཕྱིན་ཏེ་ཕྱོགས་སྐྱོང་བཅུ་ལྕགས་ཀྱུས་བཟུང་ཐོ་བས་བརྡུངས་ཏེ་ཕྱོགས་བཅུའི་ཉི་གདན་གྱི་སྟེང་དུ་བསྣོལ་ནས་བཞག་པར་བསམ། ཧཱུྃ། གདན་སྟེང་ཁྲོ་རྒྱལ་ཆེན་པོ་རྣམས། །ཞེ་སྡང་རྡོ་རྗེའི་དཀྱིལ་འཁོར་ནས། །ཁྲོ་ཆེན་རྔམས་བརྗིད་སྤྲུལ་པའི་སྐུ། །ཉི་མའི་གདན་ལ་བཞུགས་སུ་གསོལ། །ཞེས་པས་ཁྲོ་བོ་བཅུ་སྤྱན་དྲངས་ཏེ། འདོད་རྒྱལ་ཧཱུྃ་ཀཱ་ར་ལ་ཐིམ། །དེ་ནས་ཧཱུྃ་ཀཱ་རས་ཧཱུྃ་བཅུ་བརྗོད་ལ། གཟུགས་ཆེན་འབར་བ་འཇིགས་བྱེད་པ། །ཁྲོ་བོ་བཅུ་དག་བྱུང་ནས་ནི། །ཧཱུྃ་ལས་བསྐྱེད་པའི་ཉི་མའི་གདན། །སྨད་ནི་རྩེ་མོའི་རྣམ་པར་བསམ། །ཕྱོགས་བཅུའི་དཀྱིལ་འཁོར་ཕྱོགས་རྣམས་སུ། །རིམ་པ་བཞིན་དུ་ཀུན་ཏུ་འཁོད། །བགེགས་རྣམས་ཐམས་ཅད་བཤིག་པའི་ཕྱིར། །གནོད་མཛེས་བཀའ་བྱུང་ཕུར་པས་བཏབ། །ༀ་གྷ་གྷ་གྷཱ་ཏ་ཡ་གྷ་ཏ་ཡ། སརྦ་དུཥྚཾ་མཱ་ར་ཡ་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་བཾ་ཕཊ་ཕཊ། ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི། སརྦ་བིགྷྣན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བསྐུལ་ཞིང་། གནོད་མཛེས་ཀྱིས་ཀྱང་། ཧཱུྃ། ཐོ་བ་ཕྱག་ན་བསྣམས་པའི་མཆོག །གནོད་མཛེས་རྒྱལ་པོའི་རྣམ་པར་བསམ། །ཧཱུྃ་བརྗོད་འབར་བའི་བལྟ་བ་ཡིས། །བགེགས་ཀྱི་ཚོགས་རྣམས་བཤིག་པའི་ཕྱིར། །གནོད་མཛེས་བཀའ་སྩལ་ཕུར་པས་ཐོབ། །གྷ་ཏ་ཡ། ཞེས་བརྗོད་ཅིང་། ཡང་གནོད་མཛེས་ཀྱིས། ཧཱུྃ། ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་བཅུ། །རྡོ་རྗེ་ཕུར་བུ་ཉིད་གནས་པ། །ཨུཏྤལ་སྔོན་པོའི་མདོག་འདྲ་བ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །ལྟེ་བ་མན་ཆད་ཆོས་རྣམས་ནི། །རྩེ་མོ་ལྟ་བུའི་རྣམ་པ་ལ། །སྐུ་སྟོད་ཁྲོ་བོ་ཆེན་པོ་སྟེ། །ཞལ་གསུམ་པ་ལ་ཕྱག་དྲུག་པ། །བགེགས་ཀྱི་ཚོགས་རྣམས་འོག་ཏུ་གཟིར། །དེ་ཡི་སྔགས་ནི་བརྗོད་བྱས་ནས། །རྡོ་རྗེ་ཕུར་པ་ངེས་བཏབ་ན། །བགེགས་ལུས་ཤིན་ཏུ་མི་གཡོའོ། །ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་བི་ཛ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཡ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ྄། ཧཱུྃ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོཊ་ཧཱུྃ་ཕཊ྄། གྷ་ཏ་ཡ་བརྗོད་དོ། །དེ་ནས་ཁྲོ་བོ་རྣམས་རིམ་པ་བཞིན་ཕྱོགས་བཅུའི་ཕྱོགས་སྐྱོང་རྣམས་ཀྱི་སྙིང་གར་བབས་པས། ལུས་ཕུག་སྟེ་འོག་གི་ཉི་མའི་གདན་ལ་སྦྲགས་པར་བསམ་ལ། བསྟོད་ཅིང་ཕྱོགས་བཅིང་བ་ནི། ཧཱུྃ། ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅུའི། །ཁྲོ་བོའི་རྒྱལ་པོའི་བདུད་ཆེན་རྣམས། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་སྟེ། །ཡ་མཚན་ཆེ་བའི་དབུ་རྒྱན་ཅན། །དབུ་སྐྲ་ཁམ་ནག་རལ་པ་ནི། །གྱེན་ལ་འཁྱིལ་ཞིང་སྲིད་རྩེར་འབར། །སྤྱན་དམར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟངས་ཡག་རྣོན་པོ་གཙིགས། །རྐན་སྒྲ་གཏོགས་པས་ཁམས་གསུམ་འཁྲུགས། །བདུད་རྒྱལ་རྣམས་ཀྱིས་ཞབས་ལ་བཏུད། །མཛེས་པའི་ལྷ་མོ་མང་པོ་ཡིས། །སྙན་པའི་གླུ་དབྱངས་དུ་མས་བསྟོད། །བཅོམ་ལྡན་འདས་ཀྱི་སྤྲུལ་པ་སྟེ། །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །ཤར་ཕྱོགས་འབྱུང་པོ་ཐབས་ཀྱིས་འདུལ། །ལྷོ་ཕྱོགས་གཤིན་རྗེ་ཞབས་ཀྱིས་གནོན། །ནུབ་ཕྱོགས་ཀླུ་ཡི་གདོན་རྣམས་གཟིར། །བྱང་ཕྱོགས་གནོད་སྦྱིན་བརླག་པར་མཛད། །ཤར་ལྷོ་མེ་ལྷ་ཟིལ་གྱིས་གནོན། །ལྷོ་ནུབ་སྲིན་པོ་གདན་དུ་བཏིང་། །ནུབ་བྱང་རླུང་ལྷ་འཆིང་མཛད་ཅིང་། །བྱང་ཤར་དབང་ལྡན་གནོན་པའི་བདག །སྟེང་གི་ལྷ་རྣམས་དབང་དུ་བསྡུས། །འོག་གི་ས་བདག་རྡུལ་དུ་རློག །ཕྱོགས་མཚམས་ཕུར་པས་གཏམས་བྱས་ནས། །སྟེང་འོག་ཡང་དག་བྱིན་གྱིས་རློབས། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །ༀ་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ྄། ཡང་རང་གི་ཐུགས་ཀ་ནས་མཚོན་ཆ་སྣ་ཚོགས་པའི་ཆར་འཕྲོས་ཏེ་སྲིད་པ་གསུམ་གྱི་བགེགས་རྣམས་བཅོམ་སྟེ། ཚུར་འདུས་པས་ཁྲོ་བོ་རྣམས་ཀྱི་ཕྱི་རོལ་དུ་མཚོན་ཆའི་གུར་ར་བར་གྱུར་པར་བསམ་ལ། ཧཱུྃ། ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། །ཁྲོ་བོའི་བྱིན་རླབས་ལས་བྱུང་བའི། །རྡོ་རྗེ་འཁོར་ལོ་ཕུར་པ་དང་། །ཐོ་བ་རལ་གྲི་ལ་སོགས་པའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་བསྲུང་། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། ༀ་བཛྲ་ཡུ་དྷ་རཀྵ་རཀྵ་ཧཱུྃ་ཕཊ྄། ཕྱི་རོལ་ཀུན་ཏུ་འོད་འཕྲོས་པས། །བདུད་དཔུང་ངེས་པར་བསྲེག་བྱེད་པའི། །ས་དང་ནམ་མཁའ་ཡོངས་གང་བ། །འབར་བ་མེ་ཡི་ཕུང་པོར་གྱུར། །ༀ་བཛྲ་ཛྭ་ལ་རཾ་རཀྵ་རཀྵ་ཧཱུྃ་ཕཊ྄། འཇིགས་བྱེད་འབར་བ་ང་ཡི་དཀྱིལ་འཁོར་དུ། །འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར། །ཞེ་སྡང་འཇོམས་པའི་མེ་ནི་དཀར་ནག་འབར། །གཏི་མུག་འཇོམས་པའི་མེ་ནི་མཐིང་ནག་འབར། །ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར། །ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར། །དབང་དྲག་གདུག་རྩུབ་མེ་ནི་སྨུག་ནག་འབར། །འབར་བ་མེ་ཡི་མཚམས་ལས་བགེགས་མ་འདའ། །ༀ་བཛྲ་ཨགྣེ་ཡེ་ཛྭ་ལ་རཾ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་པས་དེའི་ཕྱི་རོལ་དུ་མེ་དཔུང་གི་གུར་དུ་གྱུར་པར་བསམ། ཧཱུྃ། མཚམས་བཅད་ནང་འདི་ཚུན་ཆད་དུ། །སུ་ཡང་འདའ་བར་མ་བྱེད་ཅིག །གལ་ཏེ་འདའ་པར་གྱུར་པ་ན། །ཐོ་བ་ལྕགས་ཀྱུ་འཁྲིལ་བ་ཡིས། །སྙིང་ནས་དྲངས་ཏེ་བརྡུང་བར་བྱའོ། །ༀ་བཛྲ་ཨཾ་ཀུ་ཤ་ཡ་ཛཿ བཛྲ་མུདྒ་ར་ཨ་ཀོ་ཊཱ་ཡ་ཨཱ་ཀོ་ཊཱ་ཡ་ཧཱུྃ་ཕཊ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་རང་བཞིན་གྱི་གནས་ནས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ། ཡན་ལག་བདུན་པ་འབུལ་ཞིང་དམ་བཅའ་བ་ནི། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་། ༀ་བཛྲ་ས་མཱ་ཛཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུའི་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ༀ། རྣལ་འབྱོར་དབང་ཕྱུག་ཆེན་པོ་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེའི་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་གྱུར་ཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །ཧཱུྃ་ༀ། བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་མཆོག་གི་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་གསང་སྔགས་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །ཧཱུྃ་ༀ། བདག་ནི་མཐོ་རིས་རྒྱལ་སྲིད་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་སྒྲུབ་པ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ཉིད་དཔང་དུ་གྱུར། །ཧཱུྃ་ༀ། མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱོད་ཀྱིས་མཁྱེན། །ཁྱེད་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ། །སུན་པར་མི་བགྱིད་མགོན་ཁྱོད་བསླུ་མ་ལགས། །ཧཱུྃ་ༀ། བདག་ནི་དེང་ནས་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །བདག་དོན་གཅིག་པུ་སེམས་ལ་མི་བཞག་སྟེ། །རྣམས་འབྱོར་སྤྱོད་པ་རླབས་ཆེན་བདག་གིས་བརྩམ། །ཧཱུྃ་ༀ། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་བདག་གིས་བསླབ་པར་བགྱི། །ཧཱུྃ་ༀ། སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་ལུས་གཏུབས་ན་ཡང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱོད་ནི་ཡོངས་མི་སྤོང་། །ཧཱུྃ་ༀ། རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་དང་། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །འདི་དག་སྲོག་གི་ཕྱིར་ཡང་ཅི་ནུས་བཟུང་། །ཧཱུྃ་ༀ། འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་བྱེད་པར་སྤྲོ། །ༀ་ཧཱུྃ། གཞན་དོན་སྤྱོད་ཅིང་འཁོར་བར་གནས་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །རྒྱུ་དྲུག་སེམས་ཅན་ཀུན་ལ་ཕན་སླད་དུ། །རང་གི་དབང་དུ་སྐྱེ་བ་བདག་གིས་བླང་། །ཧཱུྃ་ༀ། བདག་ནི་ཡོངས་སུ་དག་པའི་འཇིག་རྟེན་དུ། །སངས་རྒྱས་རིངས་ཤིང་སྤྲོ་བས་མ་མཆིས་ཏེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི། །ཧཱུྃ་ༀ། སྲིད་པར་ཡུན་རིང་འགྲོ་དོན་བརྩོན་པ་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ལགས། །ཅི་སྲིད་ངན་སོང་སྟོངས་པར་མ་གྱུར་བར། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཧཱུྃ་ༀ། ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བྱེད་པ། །སྙིང་རྗེའི་ལོངས་སྤྱོད་དེ་ལས་མ་མཆིས་པས། །དམྱལ་སེམས་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང་། །ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །ཧཱུྃ་ༀ། འགྲོ་ལ་ཐུགས་བརྩེས་དཔལ་གྱི་མགུར་ནས་གསུང་། །རྣལ་འབྱོར་ཐེག་ཆེན་དམ་ཆོས་བདུད་རྩི་མཆོག །བདག་གིས་འཇིག་རྟེན་ཐུག་པ་མ་མཆིས་ཀྱང་། །འཇིག་རྟེན་འཚམས་པ་བཞིན་དུ་རྒྱས་པར་བགྱིའོ། །ཧཱུྃ་ༀ། སྲིད་པར་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དུ་དམ་ཆོས་འཇིགས་པ་དེ་དང་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བསྲུང་། །ཧཱུྃ་ༀ། བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེས་བུ་ལ། །ཚེ་རབས་བགྲངས་པའི་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་སྐོང་། །ཧཱུྃ་ༀ། དམ་པའི་ཆོས་དང་སྒྲུབ་ལ་གེགས་བྱེད་པ། །མི་དང་མི་མིན་གདུག་པ་གང་ཡང་རུང་། །བདག་གིས་ཞི་ཁྲོའི་ཐབས་ཚུལ་སྣ་ཚོགས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །ཧཱུྃ་ༀ། རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་ན་མེད། །དཔལ་མཆོག་ཧཱུྃ་མཛད་ཁྱོད་ལ་བརྟེན་ནས་ནི། །སངས་རྒྱས་ཞིང་སྦྱོང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །ཧཱུྃ་ༀ། བདག་གིས་འཕགས་མཆོག་ཕྱག་རྒྱ་མངོན་སྤྲུལ་ཏེ། །གལ་ཏེ་སྐལ་མེད་འཆི་བའི་དུས་བབས་ན། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། །ཁྱེད་ཀྱི་སྐུ་གསུང་ཐུགས་ནི་མྱུར་དུ་བསབ། །ཧཱུྃ་ༀ། སྲིད་པར་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་ཚོགས་མེ་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་བར་བདག་བརྩོན་ན། །དམ་པ་རྣམས་ཀྱིས་ངེས་པའི་མཐུ་རྩལ་སྩོལ། །ཧཱུྃ། ཞེས་དམ་བཅས་ལ་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། ཛཿཧཱུྃ་བཾ་ཧོཿ དེ་ནས་བྱིན་དབབ་པ་ནི། ཧཱུྃ། གདལ་བ་ཆེན་པོ་ཆོས་དབྱིངས་ཕོ་བྲང་ནས། །རྡོ་རྗེ་འཛིན་རྒྱལ་སངས་རྒྱས་འདུས་པའི་རྗེ། །བྱིན་རླབས་འདོད་རྒུའི་ཆར་ཆེན་འབེབས་མཛད་པ། །ཕུར་བ་གྲུབ་པའི་རིག་འཛིན་བརྒྱུད་པར་བཅས། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །མཐུ་དབང་བྱིན་རླབས་དངོས་གྲུབ་སྩོལ་བའི་ཕྱིར། །དབྱིངས་ནས་འདིར་གཤེགས་དཀྱིལ་འཁོར་བྱིན་ཕོབ་ཅིག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་བ་རི་ཝཱ་ར་བཛྲ་ཨ་བེ་ཤ་ཡ་ཨ་ཨ་ཨ། མཆོད་པ་བྱིན་གྱིས་བརླབ་པ་ནི། ཨ་མྲྀ་ཏས་བདུད་རྩི་གཏོར་བའི་རྩེ་ལ་ཁྲོ་བོ་སྤྲོས་པས་བགེགས་བསྐྲད། ཧཱུྃ། རང་ཉིད་ལྷ་ཡི་ཐུགས་ཀ་ནས། །རྃ་འཕྲོས་མཆོད་རྫས་དངོས་འཛིན་བསྲེགས། །ཡྃ་ལས་རླུང་བྱུང་བག་ཆགས་གཏོར། །ཁྃ་འཕྲོས་ཆུ་ཡིས་གཉིས་འཛིན་བཀྲུས། །རྃ་ཡྃ་ཁྃ་སྭཱ་ཧཱ། བྷྲཱུྃ་འཕྲོས་བྷནྡྷའི་སྣོད་རྣམས་སུ། །ཧཱུྃ་སྔོན་སྤྲོས་ཏེ་རྣམ་རྟོག་སྦྱངས། །ཨཱཿདམར་ཡེ་ཤེས་བདུད་རྩིར་གྱུར། །ༀ་དཀར་འདོད་ཡོན་སྣང་སྲིད་གང་། །ཧྲཱིཿཡིག་ཁ་དོག་ལྔ་ལྡན་སྤྲོས་ཏེ་ཞུ། །ལྷ་རྣམས་དགྱེས་པའི་རྫས་སུ་གྱུར། །ༀ་ཨཱཿཧཱུྃ་ཧྲཱིཿ ཨ། ཐོད་པ་སྣང་སྲིད་ཀུན་ཁྱབ་གཞལ་ཡས་སུ། །རིགས་ལྔ་ཡབ་ཡུམ་སྦྱོར་བའི་བྱང་སེམས་འཁྱིལ། །འོད་འཕྲོས་འཇིག་རྟེན་འདས་དང་མ་འདས་པའི། །བདུད་རྩི་བཀུག་ཐིམ་ལྷ་རྣམས་བདུད་རྩིར་ཞུ། །དེ་ལས་ཆུ་བུར་ཚུལ་དུ་རྟ་མགྲིན་དབང་། །ཡུམ་བཞིར་བཅས་པ་དག་ཏུ་གྱུར་པ་ཡང་། །ཞུ་བས་ཁ་དོག་དྲི་དང་རོ་ལྡན་ཞིང་། །ནུས་མཐུ་ཕུན་ཚོགས་བདུད་རྩིའི་རྒྱ་མཚོ་ཆེ། །ཆོས་དབྱིངས་ནམ་མཁའི་ཁམས་ཀུན་གང་བར་གྱུར། །ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ ཨ། བྷནྡྷ་སྟོང་གསུམ་ཁྱབ་པའི་སྣོད་ནང་དུ། །ཉོན་མོངས་འགྲོ་བ་བསྒྲལ་བའི་རཀྟ་དང་། །རྟེན་འབྲེལ་བཅུ་གཉིས་མཱུ་ལ་རཀྟ་དང་། །མཁའ་དབྱིངས་རྣམ་དག་པདྨ་རཀྟ་དང་། །དགྲ་བགེགས་བསྒྲལ་བའི་ཁྲག་ཆེན་རྒྱ་མཚོར་བསྐྱིལ། །ར་ལས་བྱུང་བའི་ལྷ་མོ་རཀྟ་མོ། །འབྲུ་གསུམ་སྦྱོར་བས་ཞུ་ནས་བདུད་རྩིར་བརླབ། །ༀ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱཿ ཨ། སྣང་བ་སྣོད་ཀྱི་འཇིག་རྟེན་ཀ་པཱ་ལར། །ཤ་ལྔ་བདུད་རྩིའི་རང་བཞིན་རི་ལྟར་སྤུངས། །ཡི་གེ་གསུམ་གྱིས་བཞུ་བས་བདུད་རྩིའི་མཚོ། །ཆོས་དབྱིངས་ནམ་མཁའི་མཐའ་ཀླས་གང་བར་གྱུར། །ༀ་ཨཱཿཧཱུྃ་མ་ཧཱ་བ་ལིང་ཏ་ཏེ་ཛོ་བ་ལིངྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱཿ མཆོད་ཡོན་ཞབས་བསིལ་བདུད་རྩིའི་རྒྱ་མཚོར་འཁྱིལ། །ལྷ་རྫས་མེ་ཏོག་ས་དང་བར་སྣང་ཁྱབ། །སྤོས་ཀྱི་དུད་སྤྲིན་གནམ་ས་བར་ཀུན་འཁྲིགས། །མར་མེའི་ཕྲེང་བ་སྟོང་གསུམ་འོད་ཀྱིས་འབར། །སྤོས་ཆུའི་རྫིང་བུ་སྣང་སྲིད་ཀུན་ཏུ་བསྐྱིལ། །ཞལ་ཟས་བདུད་རྩིའི་བཅུད་ཀྱིས་སྟོང་ཁམས་བཀང་། །ལྷ་མིའི་རོལ་མོ་སྒྲ་སྙན་སྲིད་གསུམ་འཁྲོལ། །ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོར་གྱུར། །ཨ་རྒྷཾ། པཱདྱཾ། བཛྲ་པུཥྤེ། བཛྲ་དྷཱུ་པེ། བཛྲ་ཨཱ་ལོ་ཀེ། བཛྲ་གནྡྷེ། བཛྲ་ནཻ་ཝི་དྱ། བཛྲ་ཤཔྡ་པྲ་ཏཱི་ཙྪ་ཧོཿ ཁམས་གསུམ་རྣམ་དག་དུར་ཁྲོད་གནས་མཆོག་ཏུ། །དབང་པོ་ལྔ་ཡི་མེ་ཏོག་རི་ལྟར་སྤུངས། །གསུར་ཆེན་དུད་པའི་སྤྲིན་ཕུང་ཀུན་ཏུ་འཁྲིགས། །ཞུན་ཆེན་མར་མེ་དུས་མཐའི་མེ་ལྟར་འབར། །མཆོག་ཆེན་ཞག་གི་བྱུག་བའི་མཚོ་རུ་བསྐྱིལ། །ཤ་ཆེན་བདུད་རྩིའི་ཞལ་ཟས་འཇིག་རྟེན་གང་། །སྲིད་གསུམ་ཁྱབ་པའི་ཀེང་རུས་བྲག་ལྟར་འཚེར། །གོ་རོ་ཙ་ན་ནམ་མཁའི་རྒྱ་ཁྱོན་བཀང་། །རྐང་གླིང་ཐོད་རྔའི་སྒྲ་དབྱངས་སྟོང་གསུམ་སྒྲོག །དཔག་ཡས་ནང་གི་མཆོད་པ་བླ་ན་མེད། །རོལ་པའི་ཡེ་ཤེས་རྫས་སུ་བྱིན་གྱིས་བརླབ། །ༀ་མ་ཧཱ་རཀྟ་ཀིཾ་ནི་རི་ཏི་མ་ཧཱ་པཉྩ་པཱུ་ཛ་ཧོཿ སྒྲོལ་མཆོད་ཀྱི་ཕྱིར་ལིདྒ་ལ་དགྲ་བགེགས་དགུག་གཞུག་བྱ་སྟེ་མཆོད་པ་བྱིན་གྱིས་བརླབ་པའི་རིམ་པའོ། །དེ་ཡན་ཆད་ནི་སྔོན་འགྲོ་ཡིན་ལ། ༈ །གཉིས་པ་དངོས་གཞི་ནི། སློབ་དཔོན་ཆེན་པོས་རྩ་བ་ལས། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཆོས་ཉིད་ཀྱི་དོན་གཏན་ལ་ཕབ། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་གྱིས་ཁྱབ་པའི་སྙིང་རྗེ་བསྐྱེད། རྒྱུའི་ཏིང་ངེ་འཛིན་གྱིས་སེམས་ཀྱི་འབྲས་བུ་བཙལ། དབང་ཆེན་གྱི་དཀྱིལ་འཁོར་ལྔས་འབྱུང་བ་ལྔ་ཆ་མཉམ། བྷྲཱུྃ་དང་བ་དང་ཨེ་ལས་ཡེ་ཤེས་ལྷའི་བཞུགས་གནས་དང་། གདན་བཤམས། ཞེས་འབྱུང་བས། དང་པོ། ཏིང་ངེ་འཛིན་གསུམ་ནི་དབྱངས་དང་བཅས་ཏེ་དོན་དྲན་བཞིན་པས། ཧཱུྃ། ཆོས་རྣམས་སྟོང་ཞིང་བདག་མེད་པ། །ནམ་མཁའ་ལྟ་བུའི་ངང་ཉིད་ལས། །བདེ་ཆེན་སྤྲོས་མེད་ཐིག་ལེ་ཆེ། །མ་རྟོགས་རང་ལ་རང་འཁྲུལ་པའི། །འགྲོ་དྲུག་སེམས་ཅན་སྙིང་རེ་རྗེ། །སྟོང་སྙིད་སྙིང་རྗེའི་ངང་ཅན་དེས། །འགྲོ་དོན་རྫོགས་པར་བྱ་བའི་ཕྱིར། །རྒྱུ་ཡི་རིག་པ་ཧཱུྃ་དུ་ཤར། །ཧཱུྃ་ལས་འོད་འཕྲོས་སྣོད་བཅུད་སྦྱངས། །སྟོང་པ་ཆེན་པོའི་ངང་དུ་གྱུར། །ཨེ་ཡྃ་རྃ་ཁྃ་སུ་ཀེཾ་བ་བྷྲཱུྃ། སྥ་ར་ཎ་ཕཊ། སྃ་ཧ་ར་ཎ་ཧཱུྃ། ཕོ་བྲང་གཞལ་ཡས་ཁང་གི་གནས། །ནམ་མཁའ་སྔོ་སྐྱ་གྲུ་གསུམ་པར། །རླུང་ནག་རྡོ་རྗེ་རྒྱ་གྲམ་གཏམས། །ཐམས་ཅད་འདེགས་པའི་ཤུགས་དང་ལྡན། །མེ་ཡི་དཀྱིལ་འཁོར་གྲུ་གསུམ་འབར། །ཁྲག་གི་རྒྱ་མཚོ་རྦ་རླབས་འཁྲུག །ཞིང་ཆེན་སྨུག་པོའི་ས་གཞི་བརྡལ། །ཀེང་རུས་ཆེན་པོའི་རི་རབ་ལ། །རྡོ་རྗེའི་བྲག་ཆེན་སྲ་བའི་སྟེང་། །བ་ལས་དུར་ཁྲོད་རབ་འཇིགས་པའི། །དབུས་སུ་ཡེ་ཤེས་གཞལ་ཡས་ཁང་། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པ། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །རྩིག་པ་ཕ་གུ་དྲྭ་ཕྱེད་དང་། །ཤར་བུ་དང་ནི་མདའ་ཡབ་མཛེས། །སྟེགས་བུ་འདོད་ཡོན་ལྷ་མོས་གང་། །གྲུ་ཆད་བཞི་དང་ལྡན་པ་སྟེ། །གྲུ་བཞི་སྒོ་བཞི་རྟ་བབས་མཛེས། །འབར་བའི་བར་ཁྱམས་གཉིས་དང་ལྡན། །ཐོད་སྦྲུལ་སྣ་ཚོགས་ཉི་ཟླས་བརྗོད། །རྒྱན་རྣམས་ཀུན་གྱི་ལེགས་པར་བརྒྱན། །འཇིག་པའི་ཁྲོ་བོ་མང་པོ་འཁྲུག །ཕྱི་ནང་གཉིས་སུ་མི་དམིགས་ཀྱང་། །འགག་མེད་ཡེ་ཤེས་རང་སྣང་ལ། །ནང་ནི་དུར་ཁྲོད་གཞལ་ཡས་ཁང་། །ཐོད་པ་སྐམ་རློན་རྩིག་པ་ལ། །ཀུན་ཀྱང་མིག་ནས་མེ་འབར་ཞིང་། །སྣ་ནས་དུད་པའི་སྤྲིན་ཕུང་འཐུལ། །ཁ་ནས་ཁྲག་གི་ཞམ་ཆུ་འབབ། །བར་མཚམས་ཤ་ཆེན་འཇིམ་ཞལ་བྱས། །ས་བདག་ཕོ་མོའི་ཀ་གདན་ལ། །མཆོག་ཆེན་བརྒྱད་ཀྱི་ཀ་བ་བྱས། །ཉི་ཟླ་འབར་བའི་ཀ་གཞུ་ལ། །ཚངས་པའི་གདུང་བཞི་མིག་མང་བྲིས། །ཞིང་ཆེན་ཞིང་ཆུང་གྲལ་ལྕམ་བྱས། །ཞིང་ལྤགས་ཐོག་དང་བླ་བྲེས་ལ། །རྒྱུ་རློན་ལྡ་ལྡི་དོན་སྙིང་འཕྱང་། །ཀེང་རུས་ཐོད་ཚལ་དྲྭ་བས་བརྒྱན། །སྒོ་བཞི་སྦྲུལ་ནག་རེ་གཞི་ལ། །ནམ་མཁའ་ལྡིང་དང་རུས་སྦལ་གྱི། །ཡ་ཐེམ་མ་ཐེམ་རབ་ཏུ་བརྗིད། །ཆུ་སྲིན་གདུག་པའི་ལྕིབ་ཁུང་དུ། །ཞིང་གི་ལྤགས་པས་སྒོ་གླེགས་བྱས། །ཞིང་ཆེན་རྒྱལ་མཚན་ཕྱོགས་བཞིར་སྒྲེང་། །གཡང་གཞི་རློན་པའི་བ་དན་ཕྱར། །རྒྱུ་མའི་དར་དཔྱངས་ཕྱོགས་བཅུར་གཡོ། །ཙིཏྟ་རློན་པའི་ཏོག་གིས་མཚན། །ཡེ་ཤེས་ལྔ་ཡི་མེ་དཔུང་འབར། །རྡོ་རྗེ་འབར་བའི་ར་བས་བསྐོར། །འཇིགས་པའི་དུར་ཁྲོད་ཆེན་པོ་བརྒྱད། །གསར་དང་རྙིང་པ་རོ་ཡིས་གང་། །རོ་ལངས་མང་པོ་གར་བྱེད་ཅིང་། །ཀེང་རུས་མེ་འབར་རྒྱུག་ཅིང་མཆོང་། །གསལ་ཤིང་དག་གིས་ཕུག་པའི་རོ། །ཤིང་ལ་དཔྱངས་དང་རེངས་པ་དང་། །རུས་དང་མྱགས་དང་མེས་འཚིག་དང་། །མགོ་དང་ཤ་རུས་ལྷུ་དུམ་འཐོར། །དུར་བྱ་གཤོག་བརྡབ་ལྕེ་སྤྱང་འཁྲུག །ཕྱོགས་སྐྱོང་ཞིང་སྐྱོང་ལྷ་དང་ཀླུ། །འདྲེ་དང་ཤ་ཟ་སྲིན་པོ་དག །འཇིགས་པའི་ཅ་ཅོ་ཆེར་སྒྲོག་ཅིང་། །མེ་ཆུ་ཤིང་དང་མཆོད་རྟེན་སྤྲིན། །ཁྲག་མཚོ་ཁོལ་མ་དག་དང་བཅས། །མཁའ་འགྲོ་མ་ཡིས་བདག་བྱས་ཤིང་། །རབ་འཇིགས་ཀུན་ཏུ་སྐྱི་གཡའ་བ། །གྲུབ་པའི་རྣལ་འབྱོར་རྒྱུ་བའི་གནས། །འབར་བ་བརྒྱད་ཀྱིས་བསྐོར་བ་ཡི། །དཀྱིལ་འཁོར་ཆེན་པོ་ལྷུན་གྱིས་གྲུབ། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷཉྫ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱྃ། དེ་དབུས་མཐིང་ནག་གྲུ་གསུམ་ཨེ། །ཟླ་གམ་ཁྲག་མཚོ་གསུམ་དང་ལྡན། །འབར་བའི་འཁོར་ལོ་རྩིབས་བཅུ་པ། །མུ་ཁྱུད་ཐོད་པའི་ར་བར་བཅས། །ཧཱུྃ་བཞིའི་སྔགས་དང་། ཐུགས་ཀ་ནས་ཁྲོ་བོ་ལྕགས་ཀྱུ་དང་ཐོ་བ་ཐོགས་པ་མང་པོ་འཕྲོས་ནས། དབང་ཕྱུག་ཕོ་མོ་དང་། ཕྱོགས་སྐྱོང་རྣམས་ཀྱི་སྙིང་ག་ནས་ལྕགས་ཀྱུས་བཟུང་། ཐོ་བས་ཉལ་གྱིས་བརྡུངས་ནས་དབུས་དང་རྩིབས་བཅུར་བཞག་པར་བསམ་ལ། ཛཿ བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །འབར་བ་ཁྲོ་བོའི་འཕྲོ་འདུ་ཡིས། །ལྷ་ཆེན་དྲེགས་པ་ཁྱོ་ཤུགས་དང་། །ཕྱོགས་སྐྱོང་འབྱུང་པོ་གདན་དུ་བཏིང་། །པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་སཱུ་རྱ་མཎྜ་ལ། མ་ཧཱ་དེ་ཝ་ཛཿ ཨུ་མ་དེ་ཝི་ཛཿ བྲཧྨ་ཛཿ ཨིནྡྲ་ཛཿ ཨགྷེ་ཛཿ ཡ་མ་ཛཿ ནཻ་རི་ཏྱེ་ཛཿ ཝ་རུ་ཎ་ཛཿ ཝ་ཡ་ཝེ་ཛཿ ཀུ་བཻ་ར་ཛཿ ཨི་ཤྭ་ན་ཛཿ བྷཱུ་མི་བ་ཏི་ཛཿ མཱ་ར་ཛཿ ཞེས་པས་མ་ཧཱ་དེ་ཝ་ཕོ་མོ་དབུས་སུ་གཙོ་བོའི་གདན་དང་། ཕྱོགས་སྐྱོང་རྣམས་རྩིབས་སྟེང་དུ་ཁྲོ་བོ་རྣམས་ཀྱི་གདན་དུ་བཏིང་ལ། དེ་ནས་བདག་རྩ་བའི་དཀྱིལ་འཁོར་བསྐྱེད་པ་ནི། རྩ་བ་ལས། ཆོ་ག་རྣམ་པ་གསུམ་གྱིས་བདག་ཉིད་རྩ་བའི་དཀྱིལ་འཁོར་བསྐྱེད། ཅེས་པས། ཧཱུྃ་བཛྲ་ཀཱི་ལ་ཡ། ཆོས་ཉིད་སྟོང་པའི་རང་སྒྲ་ལས། །རྒྱུ་ཡི་ཏིང་འཛིན་ཡི་གེ་ཧཱུྃ། །རྡོ་རྗེ་ཧཱུྃ་གིས་མཚན་པར་གྱུར། །དེ་ཉིད་དབུས་ཀྱི་གདན་སྟེང་བབས། །འོད་འཕྲོས་དོན་གཉིས་བྱས་འདུས་པས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཾ་བཾ་ཧཱུྃ་ཕཊ། སྣང་སྟོང་རྡོ་རྗེའི་ཆོས་ཀྱི་སྐུ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །མཐིང་ནག་དཀར་དམར་འཇིགས་པའི་ཞལ། །རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་། །མེ་དཔུང་དང་ནི་ཁ་ཊྭཱཾ་ཐོགས། །རི་རབ་བརྗིད་པའི་ཕུར་པ་འདྲིལ། །རབ་འཇིགས་སྲིན་པོ་ཁྲོས་པའི་གཟུགས། །དུར་ཁྲོད་འབར་བའི་ཆས་དང་ལྡན། །རྡོ་རྗེའི་གཤོག་པ་ནམ་མཁར་གདེངས། །དཀར་དམར་ལྗང་ནག་སྦྲུལ་ཆེན་གྱིས། །དབུ་རྒྱན་སེ་རལ་སྐེད་ཆིངས་དང་། །ཕྱག་དང་ཞབས་རྣམས་རྣམ་པར་སྤྲས། །དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས། །ཞབས་བཞི་དོར་སྟབས་དྲེགས་པ་བརྫིས། །ཡེ་ཤེས་བསྐལ་པའི་མེ་ཀློང་བཞུགས། །གར་དགུའི་ཉམས་ལྡན་དཔའ་བོ་ཆེ། །ཐུགས་ཀར་རང་འདྲའི་སེམས་དཔའ་ནི། །སྨུག་ནག་འབར་བ་ཚོན་གང་བའི། །ཐུགས་ཀར་རྡོ་རྗེ་ཧཱུྃ་དང་ལྡན། །མཐའ་མར་ཀཱི་ལ་ཡ་ཡིས་བསྐོར། །ཐུགས་ནི་རིན་ཆེན་ཟུར་བརྒྱད་པ། །ཟླ་གམ་གནམ་སྒོ་གཅིག་པ་ཡི། །སྒོ་སྲུང་རྟ་མགྲིན་རྒྱལ་པོར་གསལ། །བདག་གི་ཕུང་ཁམས་སྐྱེ་མཆེད་དང་། །སྐྲ་དང་བ་སྤུ་བཅས་པ་ཀུན། །རང་འདྲའི་རྡོ་རྗེ་གཞོན་ནུ་ནི། །ཀཱི་ལ་ཡ་ཡི་སྒྲ་སྒྲོག་ཅིང་། །གོ་མཚམས་མེད་པར་གཏམས་པར་གྱུར། ༀ་ཏིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། །འཁོར་ལོ་ཐོད་ཁྲག་ཡབ་ལ་འཁྱུད། །གཟིག་ཤམ་ཕྱག་རྒྱ་ལྔ་ཡིས་སྤྲས། །ཐོད་སྐམ་དབུ་རྒྱན་དོ་ཤལ་འཕྱང་། །ཁྲོ་མོའི་ཆས་རྣམས་རྫོགས་པར་གསལ། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། །སྣོད་བཅུད་གཞལ་ཡས་ལྷ་རུ་གྱུར། །ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་སྒྲུབ་པར་མཛོད། །ༀ་སྥ་ར་ཎ་ཕཊ྄། སྃ་ཧ་ར་ཎ་ཧཱུྃ། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་འགྲུབ་པར་མཛོད། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་པས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱི་རྣམ་པར་བྱོན་ནས། བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོར་གསལ་བ་དེ་དག་ལ་བསྟིམ་པས་སྣོད་བཅུད་དག་པ་ཆེན་པོར་གྱུར། རང་གི་ཡེ་ཤེས་སྤྱན་དྲངས་པ་ནི། །ཧཱུྃ། བདག་གི་གནས་གསུམ་འབྲུ་གསུམ་ལས། །འོད་ཀྱིས་ཕྱོགས་བཅུ་རབ་འབྱམས་ཀྱི། །སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཀུན། །མ་ལུས་སྤྱན་དྲངས་ཐིམ་པ་ལས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གྱུར། །ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་སྦྱར་ཏེ་ཝཱ་ཀ །ཙིཏྟ་ཞེས་བརྗོད་ལ། ཧཱུྃ། ཡབ་ཀྱི་གསང་གནས་མི་དམིགས་པད་ཟླ་ཉིར། །རྡོ་རྗེ་ཧཱུྃ་དང་རྭ་ལ་འབྲུ་ལྔས་མཚན། །ཡུམ་གྱི་མཁའ་གསང་ཉི་ཟླ་པདྨའི་སྟེང་། །གྲུ་གསུམ་མཐིང་ནག་ཨེ་ཡིས་མཚན་པར་གྱུར། །ༀ་ཨཱཿཧཱུྃ་ཕཊ། ༀ་ཧཱུྃ་སྭཱ་ཨཱྃཿཧཱ། ཧྲཱི་མ་ཡ། ཧཱུྃ་ལས་འོད་འཕྲོས་ཁྲོ་བོའི་རྗེ། །རིགས་ལྔ་མཁའ་ལ་སྤྱན་དྲངས་ཏེ། །མ་ཧཱ་སརྦ་པཱུ་ཛ་ཧོཿ མཆོད་པ་ཆེན་པོས་དགྱེས་བྱས་ནས། །ཧཱུྃ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པ། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་ཆུ་ཡིས་དབང་བསྐུར་བས། །དྲི་མ་སྦྱོར་སྟེ་ལུད་པ་ལས། །རིགས་ལྔ་ཡབ་ཡུམ་ཧེ་རུ་ཀས། །དབུ་ལ་རབ་ཏུ་བརྒྱན་པར་གྱུར། །ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ། ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རཱི་སྟྭཾ། ཞེས་པས་བདག་རྩ་བའི་དཀྱིལ་འཁོར་བསྐྱེད་པའོ། །གཉིས་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་ནི། རྩ་བ་ལས། ཧཱུྃ་ཟུང་བཅུས་ཕྱོགས་བཅུའི་ཁྲོ་བོའི་དཀྱིལ་འཁོར་བསམ། ཞེས་པས། ཡུམ་གྱིས་ས་མ་ཡ་སྟྭཾ། ཞེས་བསྐུལ། ཡབ་ཀྱིས་ས་མ་ཡ་ཧོཿ ཞེས་པ་དང་། བཛྲ་ཨཉྫ་ལི། ཧཱུྃ། ཡབ་ཡུམ་གཉིས་མེད་སྦྱོར་བའི་བྱིན་རླབས་ལས། །བྱང་སེམས་སྤྲིན་འཕྲོས་འགྲོ་རྣམས་བདེ་ལ་བཀོད། །ཚུར་འདུས་གདན་ཐོག་བཅུ་རུ་ཐིག་ལེ་བཅུ། །ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་བསྒྲིགས་མ་བཅུ། །འཕྲོས་ནས་ཐིག་ལེ་བཅུ་ཡི་ནང་དུ་ཞུགས། །ཁྲོ་བཅུ་ཡབ་ཡུམ་སྤྲུལ་པར་བཅས་པ་གསལ། །ཧཱུྃ། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །བྱུང་བའི་ཕྱོགས་བཅུའི་ཁྲོ་བོ་ནི། །ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། །སྤྱན་དགུ་ཞབས་ཀྱང་བཞི་པ་སྟེ། །དུར་ཁྲོད་འབར་བའི་ཆས་ཀྱི་བརྒྱན། །རྩ་བའི་ཕྱག་གཉིས་དག་གིས་ནི། །རྡོ་རྗེ་དུང་དམར་དཀྲུག་ཅིང་གསོལ། །མཐའ་གཉིས་རི་རིབ་ཕུར་པ་བསྒྲིལ། །བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ྄། འདི་ལྟར། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཞེས་པས་ཁྲོ་བོ་ཡབ་དང་། ཧཱུྃ་ཞེས་པས་ཡུམ་དང་། གརྫ་གརྫ་ཞེས་པས་ཕྲ་མེན་གཉིས་བསྐྱེད་ལ། ཧཱུྃ་ཕཊ་ཅེས་པས་དེ་དག་བསྐུལ་ཏེ་གདན་ལ་འཁོར་པར་བསམ་པ་སྟེ་འོག་མ་རྣམས་ལའང་སྦྱར་རོ། །སྟེང་ཕྱོགས་ཁྲོ་བོ་ཧཱུྃ་མཛད་སྔོ། །གཡས་དཀར་གཡོན་དམར་སྒྲ་འབྱིན་ཡུམ། །བར་པ་ཕྱག་གཉིས་མདའ་གཞུ་འགེངས། །སྤྲུལ་པ་ཕག་དང་རྩངས་པའི་མགོ། །ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ཤར་ཕྱོགས་ཁྲོ་བོ་རྣམ་པར་རྒྱལ། །དཀར་དམར་སྔོ་ཞིང་སྙེམས་མ་ཡུམ། །བར་པ་རྡོ་རྗེ་འཁོར་ལོ་འཛིན། །སྤྲུལ་པ་སྟག་དང་བྱ་རྒོད་མགོ། །ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ྄། ཤར་ལྷོ་ཁྲོ་བོ་དབྱུག་སྔོན་སྔོ། །གཡས་དཀར་གཡོན་དམར་སྡེར་མོ་ཡུམ། །བར་པ་དབྱུག་ཏོ་མེ་ད བལ་བསྣམས། །སྤྲུལ་པ་གཡག་དང་བྱ་རོག་མགོ། །ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ལྷོ་རུ་གཤིན་རྗེེ་གཤེད་པོ་མཐིང་། །གཡས་དཀར་གཡོན་དམར་དུར་ཁྲོད་ཡུམ། །བར་པ་དགྲ་སྟྭ་དབྱུག་ཏོ་འཛིན། །སྤྲུལ་པ་ཤབ་འུག་པའི་མགོ། །ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ལྷོ་ནུབ་ཁྲོ་བོ་མི་གཡོ་སྨུག །གཡས་དཀར་གཡོན་ལྗང་གཏུམ་ཁུང་ཡུམ། །བར་པ་རལ་གྲི་ཞགས་པ་འཛིན། །སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ། །ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄། ནུབ་ཏུ་ཁྲོ་བོ་རྟ་མཆོག་དམར། །གཡས་དཀར་གཡོན་མཐིང་གཏུམ་མོ་ཡུམ། །བར་པ་རལ་གྲི་སྦྲུལ་ཞགས་འཛིན། །སྤྲུལ་པ་བྱི་ལ་པུ་ཤུད་མགོ། །ༀ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛི་ཧཱུྃ་ཕཊ྄། ནུབ་བྱང་ཁྲོ་བོ་འདོད་རྒྱལ་དམར། །གཡས་དཀར་གཡོན་ལྗང་མདའ་སྙེམས་ཡུམ། །བར་པ་དབྱུག་ཏོ་རྔ་ཡབ་འཛིན། །སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ། །ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༴ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄། བྱང་དུ་བདུད་རྩི་འཁྱིལ་བ་ལྗང་། །གཡས་དཀར་གཡོན་དམར་རླུང་འབྱིན་ཡུམ། །བར་པ་རྒྱ་གྲམ་དབྱུག་ཏོ་འཛིན། །སྤྲུལ་པ་སེང་གེ་ཕ་ཝང་མགོ། །ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ། བིནྡྷ་བིནྡྷ་ཧཱུྃ་ཕཊ། བྱང་ཤར་ཁྲོ་བོ་བགེགས་འདུལ་སེར། །གཡས་མཐིང་གཡོན་ལྗང་གསོད་བྱེད་ཡུམ། །བར་པ་རྡོ་རྗེ་ཏྲི་ཤུལ་འཛིན། །སྤྲུལ་པ་དྲེད་དང་སྲེ་མོང་མགོ། །ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། འོག་ཕྱོགས་སྟོབས་ཆེན་དུད་ཁའི་མདོག །གཡས་དཀར་གཡོན་དམར་རིགས་བྱེད་ཡུམ། །བར་པ་ཐོ་བ་གཏུན་ཤིང་འཛིན། །སྤྲུལ་པ་དོམ་དང་བྱི་བའི་མགོ། །ཡབ་རྣམས་ཆ་ལུགས་གཙོ་དང་མཐུན། །རང་རང་ཡུམ་རྣམས་སྐུ་མདོག་དང་། །ཆ་ལུགས་གཙོ་མོ་དག་དང་མཚུངས། །ཕྱག་མཚན་དྲིལ་བུ་དུང་དམར་འཛིན། །སྤྲུལ་པ་ལྕམ་དྲལ་སྐུ་མདོག་ནི། །གཡས་གཡོན་ཞལ་གྱི་ཁ་དོག་འཛིན། །ཕྱག་མཚན་སྣ་ཚོགས་ཕུར་བུ་ཐོགས། །རྔམ་བརྗིད་འབར་བའི་སྐུ་རུ་བསྐྱེད། །ཛཿ ཤར་གྱི་སྒོ་བ་པུ་ཤུད་མགོ། །མཐིང་ནག་གཡས་པས་ལྕགས་ཀྱུ་འཛིན། །ཧཱུྃ། ལྷོ་ཡི་སྒོ་བ་སྐྱ་ཀའི་མགོ། །སེར་མོ་གཡས་པས་ཞགས་པ་འཛིན། །བྃ། ནུབ་ཀྱི་སྒོ་བ་སྲིན་བྱའི་མགོ། །དམར་ནག་གཡས་པས་ལྕགས་སྒྲོག་འཛིན། །ཧོཿ བྱང་གི་སྒོ་བ་ཁྲ་ཡི་མགོ། །ལྗང་ནག་གཡས་པས་དྲིལ་བུ་འཛིན། །ཀུན་ཀྱང་གཡོན་པས་ཕུར་བུ་ཐོགས། །རྒྱན་དང་ཆ་ལུགས་རྫོགས་པར་བསྐྱེད། །དེ་ནས་དམ་ཅན་འདུས་པའི་དཀྱིལ་འཁོར་བསྐྱེད་དེ། །ཕོ་བྲང་གཞལ་ཡས་ཕྱི་རོལ་དུ། །ཁྲག་ཁྱམས་ཞིང་སྐམ་གདན་སྟེང་དུ། །དབང་ཕྱུག་ཆེན་པོ་ཉི་ཤུ་བརྒྱད། །སྨུག་ནག་སེར་ནག་དམར་ནག་དང་། །ལྗང་ནག་བདུན་ཉིད་ཕྱོགས་བཞིར་བསྐྱེད། །ཁྲག་ཁྱམས་ཕྱི་རོལ་ལྷ་སྣམ་གཉིས། །མི་རོ་རྟ་རོས་གང་བའི་སྟེང་། །ནང་ངོས་ཕུར་སྲུང་བཅུ་གཉིས་དང་། །ཕྱི་རོལ་མིང་པོ་གིང་རྣམས་གསལ། །ཤར་སྒོར་དུང་གི་སྐྱེས་བུ་དང་། །ལྷོ་སྒོར་ལྕགས་ཀྱི་སྐྱེས་བུ་དང་། །ནུབ་སྒོར་བསྭེ་ཡི་སྐྱེས་བུ་དང་། །བྱང་སྒོར་ཏ་ཀི་ནག་པོ་བསྐྱེད། །གཞན་ཡང་བར་ཁྱམས་འཁོར་ཡུག་ལ། །མཁའ་འགྲོ་ཆེན་པོ་སུམ་ཅུ་གཉིས། །གིང་ཆེན་ཕོ་མོ་བཅོ་བརྒྱད་དང་། །འབར་བའི་ཕོ་ཉ་མ་མོ་བདུན། །སྲིང་བཞི་བརྟན་མ་བཅུ་གཉིས་དག །དགེ་བསྙེན་ཉི་ཤུ་རྩ་གཅིག་རྣམས། །འཁོར་བཅས་མ་འདྲེས་ཡོངས་རྫོགས་བསྐྱེད། །དེ་ནས་ཕུར་པ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་པ་ནི། རྩ་བ་ལས། ཕྲིན་ལས་རྣམ་བཞིའི་ཕུར་པས་ཕུར་པ་རྫས་ཀྱི་དཀྱིལ་འཁོར་བསམ། །ཞེས་པས། གཞན་གསུམ་ལོགས་སུ་བལྟ་ལ། འདིར་དྲག་པོའི་ཕུར་པ་ལས། ཨེ་སྥར་ཎ་ཕཊ྄། བདག་གི་ཐུགས་ཀའི་འོད་ཟེར་གྱིས། །ཕུར་གདན་ཆོས་འབྱུང་འབར་བ་རུ། །སྲིད་གསུམ་གདུག་པ་བཀུག་ནས་ནི། །གན་རྐྱལ་ཁ་སྦུབ་བསྒྱེལ་བར་གྱུར། །ཞེས་པས་ཕུར་གདན་ཨེ་ལས་བསྐྱེད་ལ། དེར་དགྲ་བགེགས་ནྲྀ་ཏྲི་ལས་བསྐྱེད་དེ་དགུག་གཞུག་བྱ། བྱིན་གྱིས་བརླབ་པ་ལ་དོན་བརྒྱད་དེ། སྐུ་གསུམ་དུ་བྱིན་གྱིས་བརླབ་པ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་བྱིན་གྱིས་བརླབ་པ་དང་། སྐུ་གསུང་ཐུགས་དང་། ཐུགས་ཡེ་ཤེས་རྩེ་གཅིག་པ་དང་། རིགས་སོ་སོའི་ཁྲོ་བོ་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་དང་། ཕུར་པ་བདག་ཉིད་ཆེན་པོར་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་དང་། བདག་ཉིད་ཆེན་པོར་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་དང་། རྫས་ཀྱིས་བྱིན་གྱིས་བརླབ་ཅིང་དབང་བསྐུར་བའོ། །དང་པོ་ནི་དོན་དྲན་བཞིན་པས། ཧཱུྃ། སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །བྱང་ཆུབ་སེམས་ཀྱི་ཕུར་པ་སྟེ། །ཕུར་པའི་རང་བཞིན་གདོན་ནས་དག །བློ་བྲལ་ཆོས་ཀྱི་སྐུ་རུ་གསལ། །ཧཱུྃ། སྐྱེ་མེད་འགགས་པ་མེད་པའི་རང་རྩལ་ལས། །ཧཱུྃ་ལས་སྐྱེས་པའི་དྲག་པོའི་ཕུར་པ་སྟེ། །རྒྱ་མདུད་དང་པོ་བྷྲཱུྃ་ལས་གཞལ་ཡས་ཁང་། །འབྲུ་ལྔ་ཡོངས་གྱུར་ཁྲག་འཐུང་རིགས་ལྔ་ལ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཧཱུྃ། ཇི་ལྟར་ཤེལ་ལ་ཚོན་གྱིས་བསྒྱུར་བ་ལྟར། །ལོངས་སྤྱོད་རྫོགས་ལས་ཐུགས་རྗེས་སྤྲུལ་པའི་སྐུ། །ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །སྐུ་སྟོད་ཁྲོ་བོ་སྨད་ཕུར་གཤོག་པ་ཅན། །ཁམ་ནག་རལ་པ་ཟུར་གསུམ་སྟབས་སུ་སྒྲེང་། །སྦྲུལ་ཆེན་འཇིགས་པས་ཐོད་རློན་བཅིངས་ཤིང་སྤྲས། །སྤྱན་གསུམ་སྡང་མིག་རབ་བགྲད་ཕྱོགས་བཅུར་གཟིགས། །གཏུམ་རྔམས་མཆེ་གཙིགས་མེ་དཔུང་ཀློང་ན་བཞུགས། །ཕྱག་བཞིའི་གཡས་ན་སྟྭ་རེ་ལྟག་པར་འཕྱར། །འོག་མ་རྡོ་རྗེ་རི་རབ་གནོན་སྟབས་འཛིན། །ཁ་ཊྭཱྃ་འཁྲོལ་བས་ཁམས་གསུམ་འཇིགས་པར་མཛད། །ཕུར་བུ་བཏབ་པས་ངན་སོང་གསུམ་པོ་འཇིག །ཁྱོད་ཀྱི་ནུས་མཐུ་སྟོབས་དང་དྲག་རྩལ་ནི། །ཁྲོ་བོ་ཐམས་ཅད་འདུས་པ་བས་ཀྱང་ཆེ། །བརྟག་པ་ཆེན་པོ་སྤྲུལ་སྐུར་བྱིན་བརླབས་པའི། །གནས་ལྔར་དཔའ་བོ་འབྲུ་ལྔས་མཚན་པར་བསམ། །ༀ་ཨཱཿཧཱུྃ་སྭཱ་ཧཱ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་བྱིན་གྱིས་རླབས་པའོ། །ཡང་ན་དེ་ཡི་སྤྱི་མགྲིན་རྩེ་མོ་རུ། །ༀ་དང་ཧྲཱིཿདང་ཕཊ྄་ཀྱིས་མཚན་པ་ལས། ཨོཾ་ཧྲཱིཿཕཊ྄། སྐུ་དང་གསུང་དང་ཐུགས་སུ་བྱིན་གྱིས་བརླབ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པའོ། །དབལ་གསུམ་ཕཊ྄་གསུམ་ངོས་གསུམ་ཧཱུྃ་གསུམ་མཚན། །ཐུགས་རྗེ་ཡེ་ཤེས་རྩེ་མོར་གཅིག་པར་བརླབས། །བདག་ཉིད་རྩ་བའི་ཐུགས་ཀའི་འོད་ཟེར་གྱིས། །རིགས་ཀྱི་ཁྲོ་བོ་ཐམས་ཅད་སྤྱན་དྲངས་ཏེ། །མ་ཧཱ་པཱུ་ཛ་ཧོཿ ཞེས་ཡིད་ཀྱིས་རྒྱས་པར་མཆོད་ནས། །མཆོད་པས་དགྱེས་མཛོད་འདི་ལ་དབང་བསྐུར་སྩོལ། །ༀ་ཧཱུྃ་ཏྲཱྃ་ཏྲིཿཨཱཿ ཤྲཱི་ཧེ་རུ་ཀ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་རོལ་པ་ཁྲོ་བོའི་ལྷ་ཚོགས་རྣམས། །ཕྱོགས་བཅུར་སྤྲུལ་པ་འཕྲོས་ཏེ་ཚུར་འདུས་ནས། །ཧཱུྃ་ཕཊ་འཇིགས་པའི་གད་རྒྱངས་ཆེར་སྒྲོག་ཅིང་། །ཕུར་པ་ལ་ཐིམ་དབང་དང་བྱིན་རླབས་རྫོགས། །རིགས་སོ་སོའི་ཁྲོ་བོས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའོ། །ཧཱུྃ། བདག་ཉིད་རྩ་བའི་ཕྱག་གཡས་མ་ལས་ཉི་སྟེང་ཧཱུྃ། གཡོན་པར་ཨ་ལས་ཟླ་སྟེང་ཡི་གེ་ཨཱཿ གཡས་སོར་ལྔ་ལ་ཉི་དཀྱིལ་རེ་རེའི་སྟེང་། །ཧཱུྃ་ཏྲཱྃ་ༀ་ཧྲཱིཿཨཱཿ མཐེ་བོང་ནས་བརྩམས་ཡིག་འབྲུ་རེ་རེར་གསལ། །གཡོན་སོར་ལྔ་ལ་ཟླ་དཀྱིལ་རེ་རེ་ལ། །ལཱྃ་མཱྃ་མཱུྃ་པཱྃ་ཏཱྃ། མཐེ་བོང་ནས་བརྩམས་ཡིག་འབྲུ་རེ་རེ་གསལ། །དེ་དག་ཡོངས་གྱུར་རིགས་ལྔ་ཡབ་ཡུམ་བཅུ། །སྐུ་མདོག་ཆ་ལུགས་རྒྱན་རྣམས་རྫོགས་པར་གྱུར། །དེ་ནས་ཐལ་མོ་མཉམ་པར་སྦྱར་ལ། སུ་ར་ཏ་སྟྭྃ། བཛྲ་ཨཉྫ་ལི་ཧཱུྃ། སོར་མོ་ཅུང་ཟད་བསྣོལ་ལ། ༀ་བཛྲ་བནྡྷ་བྃ་ཧཱུྃ། སོར་མོ་རྒྱབ་ཏུ་བསྣོལ་བ་བསྡམས་ལ། ས་མ་ཡ་སྟྭྃ། ཕུར་པ་བླངས་ལ་ཆངས་བར་བཅུག །ལག་པའི་རྟིང་པའི་མཁྲིག་མ་བསྙལ་ཏེ་མཐོ་བོང་གཉིས་དང་སྲིན་ལག་དང་མཐེའུ་ཆུང་གི་བར་དུ་ཕུར་པ་གཞུག །མཐེ་བོང་ཅུང་ཟད་བསྒུལ་བས་འདྲིལ་ལ། ༀ་བཛྲ་ཨ་བེ་ཤ་ཡ་ཨ་ཨཱ། ཕྱོགས་བཅུ་དུས་གསུམ་རྒྱལ་སྲས་འཁོར་དང་བཅས། །སྔོན་གྱི་ཐུགས་དམ་སྡོང་གྲོགས་རྗེས་དགོངས་ནས། །བུ་ཡུག་འཚུབས་ལྟར་གཤེགས་ནས་ཕུར་པར་ཐིམ། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེན་པོར་བརླབས། །ཕུར་པ་བདག་ཉིད་ཆེན་པོར་བྱིན་གྱིས་བརླབས་ཤིང་དབང་བསྐུར་བའོ། །དེ་ནས་སོར་མོ་རྒྱབ་ཏུ་བསྣོལ་ལ། གུང་མོ་གཉིས་གཤིབ་ནས་བསྒྲེངས་པའི་བར་དུ་ཕུར་པ་བཅུག་ལ། ༀ་བཛྲ་སཏྭ་ར་ཛ་ཧཱུྃ། དེ་ནས་སོར་མོ་པུག་པུག་བོར་བྱས་ལ། ལག་པའི་རྟིང་པས་ཕུར་པ་བཟུང་ལ། ༀ་ཧྲཱིཿཀཱི་ལ་ཡ་ཧཱུྃ་ཕཊ། དེ་ནས་སོར་མོ་རྒྱབ་ཏུ་བསྣོལ་ཏེ་མཐེ་བོང་གཤིབས་ནས་ཕུར་པ་བཟུང་སྟེ། ༀ་ཚིནྡྷ་ཚིནྡྷ་ཧ་ན་ཧ་ན་ཧཱུྃ་ཕཊ། དཱིཔྟ་ཙཀྲ། ཞེས་འདྲིལ། བདག་ཉིད་ཆེ་རྣམས་ཐམས་ཅད་ཀྱང་། །གཉིས་མེད་སྦྱོར་བའི་གཟི་བྱིན་རྣམས། །ཕུར་པ་ལ་ནི་ཞུགས་པ་ཡིས། །སྟོང་ཁམས་གང་བའི་མེ་སྟག་འཕྲོས། །དམིགས་པའི་ལས་རྣམས་ངེས་འགྲུབ་པའི། །དབང་ཆེན་ལྡན་པར་བྱིན་གྱིས་བརླབས། །ཞེས་དོན་དྲན་བཞིན་པས་མདུན་གྱི་ཨེ་སྟེང་དུ་བཞུགས་སུ་གསོལ། དེ་ནས་ཡུངས་ཀར་རྒྱལ་པོ་གཏོར་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཡཀྴ་ཀྲོ་དྷ་ཚལ་པ་ཧཱུྃ་ཕཊ྄། གཟི་མདངས་བསྐྱེད། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷཱུ་པེ་ཏ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། གུ་གུལ་སྦྱར་མས་ནུས་པ་བསྐྱེད། །རཀྟ་རྣམ་པ་གསུམ་གཏོར་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄། དེས་ཆགས་པ་བསྐྱེད་དོ། །ཧཱུྃ། དཱིཔྟ་ཙཀྲ་ཕུར་པའི་ལྷ། །མཐིང་ནག་གཅེར་བུ་རལ་པ་ཅན། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །ལྟེ་བ་མན་ཆད་ཕུར་པའི་དབལ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས། །ཐུགས་ལ་རྡོ་རྗེ་གཞོན་ནུ་འབར། །ཡེ་ཤེས་མེ་དཔུང་ཀློང་ན་བཞུགས། །དྲག་པོར་གྱུར་པའི་ཕུར་པ་སྟེ། །བཏབ་ན་ལྷ་ཡང་བརླག་གྱུར་ན། །གནོད་བྱེད་རྣམས་ལ་སྨོས་ཅི་དགོས། །དགྲ་བགེགས་སྙིང་ལ་ཀཱི་ལ་ཡ། །ཞེས་ཆེ་བ་བརྗོད། མཆོད་པ་བསྡུས་པ་འབུལ། ཕྲིན་ལས་བཅོལ་ལོ། །འདི་ནི་བྱིན་རླབས་ཕུན་སུམ་ཚོགས་པའོ། །དགོས་པ་ནི་དངོས་གྲུབ་མྱུར་དུ་འབྱུང་བ་དང་། དབང་བསྐུར་བ་དང་། ཕྲིན་ལས་མྱུར་དུ་འགྲུབ་པ་དང་། བར་ཆད་སེལ་ནུས་པའི་ཕྱིར་གལ་ཤིན་ཏུ་ཆེའོ། །རྒྱུན་གྱི་ལས་བྱང་ནར་མ་ལ་འདིས་ཆོག་ལ། ལྷ་ཕུར་ཚང་བའི་བྱིན་རླབས་ནི་སྒོམ་ཁོག་ཏུ་བལྟའོ། །དེ་ནི་ཕུར་པ་རྫས་ཀྱི་དཀྱིལ་འཁོར་རོ། །དེ་ནས་རྩ་བ་ལས། ཡེ་ཤེས་ཀྱི་འོད་ཟེར་གྱིས་དཀྱིལ་འཁོར་གསུམ་ལ་སྲོག་ཡེ་ཤེས་སུ་དབང་བསྐུར་ཞེས་པས། བདག་རྩ་བ་ལ་དང་། ཕུར་པ་རྫས་ལ་ནི་སྔར་གྱི་དེས་གོ་ཆོད་པས་མི་དགོས་ལ། ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་སྒོ་མ་དང་བཅས་པ་རྣམས་ཀྱི་གནས་གསུམ་དུ་ༀ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་བསམ་ཞིང་། དང་པོ་སྤྱན་དྲངས་ཏེ་རྩ་བ་ལས། དོན་གྱི་མན་ངག་གིས་མན་ངག་གི་འཁྲུགས་བསྡེབས། ཞེས་པའི་དོན་ནོ། །དེ་ཡང་བདག་བསྐྱེད་གཙོ་འཁོར་རྣམས་ཀྱི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་རང་ཞིན་གྱི་གནས་ནས་རྡོ་རྗེ་གཞོན་ནུ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་ཕུར་པའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་ལ། ཧཱུྃ། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་འདྲེན་ནོ། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བ། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །སྙིང་པོའི་དཀྱིལ་འཁོར་ལྷུ ན་གྱིས་རྫོགས། །སྲིད་པ་ཕུར་པར་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ༀ་བཛྲ་ས་མཱ་ཛཿ དམ་ཚིག་པས་ཡེ་ཤེས་པ་ལ་ཕྱག་འཚལ་བ་ནི། སྲིད་གསུམ་གདུག་པ་འདུལ་བ་དང་། །ང་རྒྱལ་ཞེན་པ་གཞོམ་པའི་ཕྱིར། །རྡོ་རྗེ་སྲིན་པོ་འཁོར་བཅས་ལ། །རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱི་ཙྪ་ཧོཿ ཞེས་ཕྱག་བྱའོ། །ༀ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ཨཱ་ས་ན་ཏིཥྛནྟུ། ཞེས་པས་ཞབས་བསིལ་ཞིང་གདན་ལ་བཞུགས། མ་ཧཱ་པཱུ་ཛ་ཧོཿ ཞེས་མཆོད་པ་ཐམས་ཅད་ཀྱིས་མཆོད་ལ། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་བསྟིམ། བདག་གི་ཐུགས་ཀྱི་ཡེ་ཤེས་ལས། །སྤྲུལ་པའི་རིགས་ལྔ་ཧེ་རུ་ཀ །བུམ་པ་ཐོགས་ཏེ་འདི་སྐད་དུ། །ཧཱུྃ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །རྗེ་བཙུན་ཡེ་ནས་ཡིན་པའི་ཕྱིར། །སྐུ་གསུང་ཐུགས་སུ་བྱིན་རླབས་ཤིང་། །ཡེ་ཤེས་ལྔ་ཡི་དབང་བསྐུར་རོ། །ༀ་ཨཱཿཧཱུྃ་སྭཱ་ཧཱ། འཁོར་གྱི་ལྷ་རྣམས་ཐམས་ཅད་ལ། །གཙོ་བོ་ཡིས་ནི་དབུ་བརྒྱན་ཅིང་། །དམ་ཅན་ཕུར་སྲུང་ཚོགས་རྣམས་ལ། །དབང་རྟགས་རྡོ་རྗེས་མཚན་པར་གྱུར། །ཧཱུྃ། དག་ཅིང་དྲི་མེད་མཆོད་ཡོན་དམ་པ་དང་། །མེ་ཏོག་བདུག་སྤོོས་སྣང་གསལ་བྱུག་པ་དང་། །ཞལ་ཟས་སྒྲ་སྙན་ལ་སོགས་མཆོད་པའི་སྤྲིན། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པ། །ཆོས་དབྱིངས་ནམ་མཁའི་ཁམས་རྣམས་ཡོངས་བཀང་སྟེ། །ཟག་མེད་བདེ་བསྐྱེད་ཀུན་བཟང་མཆོད་པའི་སྤྲིན། །སྲིད་པ་ཇི་སྲིད་འབྱུང་བར་བྱིན་བརླབས་ཏེ། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ་ལ་འབུལ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། བདག་གི་ཐུགས་ཀ་ནས་འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པ་བྱུང་སྟེ་ས་དང་ནམ་མཁའི་རྒྱ་ཁྱོན་གང་བས་མཆོད་པར་བསམ་ལ། ཧཱུྃ། གཟུགས་ཀྱི་ལྷ་མོ་ཡིད་འོང་མ། །དཀར་མོ་མཛེས་མ་མེ་ལོང་འཛིན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །སྤྱན་གྱི་མཆོད་པས་མཉེས་གྱུར་ཅིག །སྒྲ་ཡི་ལྷ་མོ་ཡིད་འོང་མ། །སེར་མོ་དབྱངས་སྙན་པི་ཝཾ་འཛིན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །སྙན་གྱི་མཆོད་པས་མཉེས་གྱུར་ཅིག །དྲི་ཡི་ལྷ་མོ་ཡིད་འོང་མ། །སྔོན་མོ་མཛེས་མ་སྤོས་ཕོར་འཛིན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཤངས་ཀྱི་མཆོད་པས་མཉེས་གྱུར་ཅིག །རོ་ཡི་ལྷ་མོ་ཡིད་འོང་མ། །དམར་མོ་མཛེས་མ་ཞལ་ཟས་འཛིན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ལྗགས་ཀྱི་མཆོད་པས་མཉེས་གྱུར་ཅིག །རེག་བྱའི་ལྷ་མོ་ཡིད་འོང་མ། །ལྗང་གུ་པཉྩ་ལི་ཀ་འཛིན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །སྐུ་ཡི་མཆོད་པས་མཉེས་གྱུར་ཅིག །ཆོས་ཀྱི་ལྷ་མོ་ཡིད་འོང་མ། །མཐོང་ག་ཆོས་ཀྱི་འབྱུང་གནས་འཛིན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུམ། །ཐུགས་ཀྱི་མཆོད་པས་མཉེས་གྱུར་ཅིག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར། རཱུ་པ། ཤཔྡ། གྷནྡྷེ། ར་ས། སྤཪྴེ། དྷརྨཱ་ཀཱ་མ་གུ་ཎ་པཱུ་ཛ་ཧོཿ དེ་ནས་ཕྱག་རྒྱའི་མཆོད་པ་ནི། །ཕྱག་རྒྱ་རྣམས་རིམ་པར་བསྒྱུར་ཞིང་། །ཧཱུྃ། ཁྲག་འཐུང་རྒྱལ་པོ་གར་ལ་དགྱེས། །སྐུ་མདོག་ཞལ་ནི་རབ་བསྒྱུར་ཞིང་། །སྐུ་ཡི་གར་སྟབས་གློག་འགྱུ་བས། །འབར་བའི་ཁྲོ་བོ་མཉེས་བྱ་སྟེ། །ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །ཞེས་ལྷ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་ལམ་གྱིས་གསལ་བས་རུང་ལ། ཅུང་ཟད་རྒྱས་པར་བྱེད་ན། ཧཱུྃ། ཁྲོ་བོ་རྒྱལ་པོའི་ཕྱག་རྒྱ་ནི། །མཐིང་ནག་འཇིགས་པའི་ཆ་ལུགས་ཅན། །མཐིང་དཀར་དམར་བའི་ཞལ་གསུམ་པ། །རྡོ་རྗེ་རྩེ་དགུ་མེད་དཔུང་འབར། །རྡོ་རྗེ་རྩེ་ལྔ་ཁ་ཊྭཱྃ་ཀ །ཐ་མ་རི་རབ་ཕུར་པ་འདྲིལ། །བརྐྱང་བསྐུམ་གྱད་ཀྱི་དོར་ཐབས་བཞུགས། །འདི་ནི་ཁྲོ་བོ་རྒྱལ་པོ་ཡི། །ཕྱག་རྒྱ་ཡིན་པར་དཔའ་བོས་བཤད། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ནི། །ཧཱུྃ་ཀཱར་མཐིང་སྐྱ་མདའ་གཞུ་འགེངས། །རྣམ་རྒྱལ་རྡོ་རྗེ་འཁོར་ལོ་འཛིན། །དབྱུག་སྔོན་དབྱུག་ཏོ་མེ་དབལ་བསྣམས། །གཤིན་རྗེ་དགྲ་སྟྭ་དབྱུག་པ་འཛིན། །མི་གཡོ་རལ་གྲི་ཞགས་པ་ཐོགས། །རྟ་མགྲིན་རལ་གྲི་སྦྲུལ་ཞགས་བསྣམས། །འདོད་རྒྱལ་དབྱུག་ཏོ་རྔ་ཡབ་ཐོགས། །བདུད་རྩི་རྒྱ་གྲམ་དབྱུག་ཏོ་འཛིན། །བགེགས་འདུལ་རྡོ་རྗེ་རྩེ་གསུམ་འཛིན། །སྟོབས་ཆེན་ཐོ་བ་གཏུན་ཤིང་འཛིན། །ཀུན་ཀྱང་དང་པོ་རྡོ་རྗེ་བྷན་དམར་དཀྲུག །གཡས་གཡོན་ཐ་མ་རི་རབ་ཕུར་པ་འདྲིལ། །ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །ཁྲོ་མོ་ཡུམ་རྣམས་ཕྱག་རྒྱ་ནི། །གཡས་པས་དྲིལ་བུ་གཙོ་ལ་འཁྱུད། །གཡོན་པས་དུང་དམར་གཙོ་ལ་སྟོབ། །ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །ཟ་བྱེད་ཡབ་ཀྱི་ཕྱག་རྒྱ་ནི། །ཕག་གི་མགོ་ཅན་རྡོ་རྗེ་ཐོགས། །གཡོན་པས་དྲག་པོའི་ཕུར་པ་འདྲིལ། །སྟག་གི་མགོ་ཅན་ལྕགས་ཀྱུ་ཐོགས། །གཡོན་པའི་ཕྱག་གིས་ཕུར་པ་འདྲིལ། །གཡག་གི་མགོ་ཅན་དབྱུག་ཏོ་ཐོགས། །གཡོན་པའི་ཕྱག་གིས་ཕུར་པ་འདྲིལ། །ཤ་བའི་མགོ་ཅན་རྡོར་དབྱུག་ཐོགས། །གཡོན་པའི༴ གཟིགས་གི་མགོ་ཅན་རལ་གྲི་ཐོགས། །གཡོན་པའི༴ བྱི་ལའི་མགོ་ཅན་པདྨ་ཐོགས། །གཡོན་པའི༴ ལྕེ་སྤྱང་མགོ་ཅན་རྡོ་རྗེ་ཐོགས། །གཡོན་པའི༴ སེང་གེའི་མགོ་ཅན་རྒྱ་གྲམ་ཐོགས། །གཡོན་པའི༴ དྲེད་ཀྱི་མགོ་ཅན་རྡོ་རྗེ་ཐོགས། །གཡོན་པའི༴ དོམ་གྱི་མགོ་ཅན་ཐོ་བ་ཐོགས། །གཡོན་པའི༴ ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །གསོད་བྱེད་ཡུམ་གྱི་ཕྱག་རྒྱ་ནི། །རྨིག་བུའི་མགོ་ཅན་དྲིལ་བུ་བསྣམས། །གཡོན་པའི༴ བྱ་རྒོད་མགོ་ཅན་རྔ་ཡབ་ཐོགས། །གཡོན་པའི༴ བྱ་རོག་མགོ་ཅན་མེ་དཔུང་ཐོགས། །གཡོན་པའི༴ འུག་པའི་མགོ་ཅན་དགྲ་སྟྭ་ཐོགས། །གཡོན་པའི༴ ཁྭ་ཏའི་མགོ་ཅན་ཞགས་པ་ཐོགས། །གཡོན་པའི༴ པུ་ཤུད་མགོ་ཅན་སྦྲུལ་ཞགས་བསྣམས། །གཡོན་པའི༴ ཁྲ་ཡི་མགོ་ཅན་འཁོར་ལོ་ཐོགས། །གཡོན་པའི༴ ཕ་ཝང་མགོ་ཅན་བེ་ཅོན་ཐོགས། །གཡོན་པའི༴ སྲེ་མོང་མགོ་ཅན་རྩེ་གསུམ་ཐོགས། །གཡོན་པའི༴ བྱི་བའི་མགོ་ཅན་གཏུན་ཤིང་ཐོགས། །གཡོན་པའི༴ ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །ཤར་གྱི་སྒོ་མ་ལྕགས་ཀྱུ་ཐོགས། །ལྷོ་ཡི་སྒོ་མ་ཞགས་པ་ཐོགས། །ནུབ་ཀྱི་སྒོ་མ་ལྕགས་སྒྲོག་ཐོགས། །བྱང་གི་སྒོ་མ་དྲིལ་བུ་ཐོགས། །ཀུན་ཀྱང་གཡོན་པས་ཕུར་པ་འདེབས། །ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །ཨ་ལ་ལ་ཏེ་མཆོད་པ་བཞེས། །ཞེས་ཕྱག་རྒྱ་བཅིང་ངོ་། །གསང་མཆོད། རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ། །ཡིད་འོང་ལྷ་མོའི་མཆོད་པ་འབུལ། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བའི། །བདག་ཉིད་མཉེས་པས་མཉེས་པར་མཆོད། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡ་ཧོཿ ཨ་ནུ་རཱ་ག་ཡ་མྱེ། ཛཿཧཱུྃ་བྃ་ཧོཿ ཧཱུྃ་བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། དེ་ནས་བདུད་རྩི་འཐོར་ཞིང་། ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རོ་རྡོ་རྗེ་མས་ཐོད་པ་བདུད་རྩིས་བཀང་ནས་མཆོད་པ་བྱེད་པར་བསམ་ལ། ཧཱུྃ། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་གྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོར། །བདག་ཅག་དད་པས་འབུལ་ལགས་ཀྱིས། །བཞེས་ནས་འཕྲུལ་གྱི་དངོས་གྲུབ་སྩོལ། །རྒྱལ་བ་ཀུན་དངོས་རྩ་བའི་བླ་མ་དང་། །རིག་འཛིན་བརྒྱུད་པའི་བླ་མ་ཐམས་ཅད་དང་། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །འཇིགས་བྱེད་ཆེན་པོ་ཁྲོ་རྒྱལ་ཡབ་ཡུམ་བཅུ། །ཟ་བྱེད་གསོད་བྱེད་ཁྲ་ཐབས་བཅུ་ཕྲག་གཉིས། །ཕོ་བྲང་སྲུང་བའི་སྒོ་མ་བཞི་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ལས་བཞིའི་ཕྲིན་ལས་མཛད་པའི་ཕོ་བྲང་དུ། །སྲས་མཆོག་ཕུར་པའི་ལྷ་ཚོགས་ཐམས་ཅད་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུས། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་རྩོལ། །ཕྱི་ནང་མཁའ་འགྲོ་འཁོར་བཅས་ཐམས་ཅད་དང་། །དམ་ཅན་བཅུ་གཉིས་གིང་དང་བཅས་པ་དང་། །གིང་ཆེན་བཅོ་བརྒྱད་གིང་ཕྲན་འབུམ་རྣམས་དང་། །དགེ་བསྙེན་ཉེར་གཅིག་བརྟན་མ་བཅུ་གཉིས་སོགས། །ཕུར་པའི་སྲུང་མ་ཞལ་བཞེས་ཐམས་ཅད་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སྡོམ་ལ་གནས་ཤིང་རིག་འཛིན་སྒྲུབ་བ་པོ། །ལྷ་དང་ལྷ་མིན་ཕྱོགས་བཅུའི་རྣལ་འབྱོར་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །རྡོ་རྗེ་ཅན་གྱི་ཧཱུྃ་བསྒོམས་ཏེ། །བདུད་རྩི་ལྔ་ལས་སྦྱར་བའི་སྨན། །ཟོས་པས་དངོས་གྲུབ་གསུམ་ཐོབ་འགྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧོཿ རཀྟ་འབུལ་བ་ནི། ཧཱུྃ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་འཁྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་བཞེས་ནས་བསྣམས་སུ་གསོལ། །སརྦ་དུཥྚཾ་རུ་ཏྲ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་ཟ་བ་དང་། །གདུལ་དཀའ་རབ་ཏུ་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ཧཱུྃ། ང་ནི་ཁྲག་འཐུང་ཆེན་པོ་སྟེ། །འཁོར་བའི་ར་བར་ཆགས་པ་ཡི། །དམར་ཆེན་ཁྲག་གི་ཨརྒྷཾ་ལ། །འཁོར་གྱི་མཁའ་འགྲོ་རྣམས་དང་རོལ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར། མཧཱ་རཀྟ། མ་ཧཱ་མཱཾ་ས། མ་ཧཱ་ཙིཏྟ། མཧཱ་བ་སུ་ཏ། མ་ཧཱ་གོ་རོ་ཙ་ན། མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི། མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ ཁ་ཁ་ཁ་ལེ་ལེ་ལེ། ཧཱུྃ་བྷྱོ་ཧཱུྃ་བྷྱོ་ཧཱུྃ་བྷྱོ། དེ་ནས་སྒྲོལ་མཆོད་ནི། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ས་བདག་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །བསྒྲལ་བར་བྱ་བའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་བྱེད་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ༀ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན། མོ་ཧ་གྷ་ཏ་ཡ་བྷ་ག་ཝཱན། ཤཱི་ཀྲི་བི་ཀྲི་བཛྲ་ཧཱུྃ་ཀཱ་ར་ཧཱུྃ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ སརྦ་བིགྷྣཱཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄། བདུད་དང་བར་ཆད་བྱེད་པའི་བགེགས། །སྡུག་བསྔལ་སེམས་ལ་མཉམ་སྦྱར་བའི། །ཆྒཻ་མོ་ཞེས་བྱ་བ་འདི། །ཟུངས་ཤིག་ཆིངས་ཤིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ཧཱུྃ་པ་ར་བིད་དན་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄། བིནྡྷ་བིནྡྷ་ཧཱུྃ་ཕཊ྄། གྲྀཧྞ་གྲྀཧྞ་ཧཱུྃ་ཕཊ྄། ཧ་ན་ཧ་ན་ཧཱུྃ་ཕཊ྄། བནྡྷ་བནྡྷ་ཧཱུྃ་ཕཊ྄། ཏྲཱ་ས་ཡ་ཏྲཱ་ས་ཡ་ཧཱུྃ་ཕཊ྄། ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ྄། ཤྲཱི་ཀྲི་ཨཱ་ན་ཡ་ཧཱུྃ་ཕཊ྄། ཛྭ་ལ་ཡ་ཛྭ་ལ་ཡ་ཧཱུྃ་ཕཊ྄། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ྄། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་ལྟར་ཁས་བླངས་བ། །མངོན་སྤྱོད་ཕྲིན་ལས་ཚུལ་བཞིན་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཊ་ཡ་ཀ་ཊ་ཡ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ། མཱ་ར་སྱ་ན་པྲ་མ་རྟ་ན་ཡེ་ཧཱུྃ་ཕཊ྄། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུྃ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་ནན་དྷ་དྷི་མ་མ་ཤྲཱི་གྷྲཾ་ཀ་ར་ཡེ་ཧཱུྃ་ཕཊ྄། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུངས་ཤིག་ལྷ་མིན་ལྷ་ཡང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །སརྦ་ཨཱ་ན་ཡ་ཧཱུྃ་ཕཊ྄། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་བརྡུང་། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བརླག་པར་བྱའོ། །ཁ་ཏཾ་ཁ་ཏཾ་ཁ་ཏཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄། བཛྲ་ཡཀྴ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། ཅེས་བསྒྲལ་ལ་གཏོར་མར་སྦྲན་དམར་སྦྲེང་། །མ་ཧཱ་མཱཾ་ས། རཀྟ། ཙིཏྟ། བ་སུ་ཏ། ཀིཾ་ནི་རི་ཏི། གོ་རོ་ཙ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བསྟབ། ལྷ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མ་གསོལ་བར་བསམ་ཞིང་། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་མང་པོས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་ནས་ཀྱང་། །བདག་ལ་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་ཨི་དཾ། པུཥྤེ། དྷཱུ་པེ། དཱི་པ། གནྡྷཾ། བ་ལིདྟ། པཱུ་ཛ་ཧོཿ པྲ་ཏཱིཙྪ་ཁཱ་ཧི། གྲྀ་ཧྞ་ཁཱ་ཧི། བཛྲ་ཡཀྴ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལྷ་ཐམས་ཅད་དགྱེས་ནས་ཧ་ཧ་ཞེས་བཞད། ཧཱུྃ་ཧཱུྃ་ཞེས་གསུངས་ནས་བདག་ལ་བྱིན་གྱིས་བརླབས། ཕཊ྄་ཕཊ྄་ཅེས་གསུངས་ནས་དགྲ་བགེགས་བསྒྲལ་ཏེ་ཆོས་ཉིད་དུ་གནས་སྤར་བར་བསམ་མོ། །དེ་ནས་བསྟོད་པ་ནི། ཧཱུྃ། དཔལ་ལྡན་ཆེ་བའི་ཆེ་མཆོག་ལྷ་ཡི་ལྷ། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །ཕྲིན་ལས་ཐམས་ཅད་རྫོགས་པའི་དཔལ་ཆེན་པོ། །ཧེ་རུ་ཀ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད། །འཇིགས་བྱེད་འདས་པའི་དུས་ན་སྔོན་བྱུང་བ། །སྐུ་གསུམ་རྫོགས་པའི་ཁྲོ་རྒྱལ་ཕུར་པའི་ལྷ། །སྲིད་རྩིའི་བདག་འཛིན་རུ་ཏྲ་སྡེ་གསུམ་འདུལ། །རྩལ་ཆེན་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་བརྗིད་པ་འགྱིང་ཞིང་སྒེག་པའི་སྐུ། །བདུད་ཚོགས་སྡེ་བཅས་འདུལ་བའི་དཔའ་བོ་ཆེ། །མི་སྡུག་སྲིན་པོ་ཁྲོས་འདྲའི་ཆ་ལུགས་ཀྱིས། །སྲིད་གསུམ་གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བཞད་སྒྲ་འབྲུག་སྟོང་ལྡིར་འདྲའི་གད་རྒྱངས་ཅན། །དྲག་ཤུལ་ཆེན་པོས་རི་རབ་ཐལ་བར་བརླག །འཇིགས་རུང་རྩལ་གྱིས་ཁམས་གསུམ་དུས་གཅིག་སྒྲོལ། །དཔལ་ཆེན་ཁྲོ་བོའི་དབང་ཕྱུག་ཁྱོད་ལ་བསྟོད། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ཆེན་པོ་ཡིས། །འགྲོ་ཀུན་བྱང་ཆུབ་སྙིང་པོར་འདྲེན་མཛད་ཅིང་། །ཐུགས་རྗེའི་དབྱིངས་ནས་ཁྲོས་པའི་རྔམས་སྟབས་ཀྱིས། །འཁོར་བ་གཏན་ནས་རླག་བྱེད་ཁྱོད་ལ་བསྟོད། །གདུག་ཅན་དྲག་པོས་འདུལ་བར་ཉེར་དགོངས་ནས། །འབར་བའི་ཁྲོ་ཚུལ་དུ་མའི་གར་མཛད་ཀྱང་། །ཆོས་དབྱིངས་ཞི་བའི་ངང་ལས་མི་གཡོ་བ། །དཔལ་ཆེན་མངོན་རྫོགས་རྒྱལ་པོ་ཁྱོད་ལ་བསྟོད། །ནམ་མཁའི་ཁམས་ཀུན་ཡོངས་སུ་ཁྱབ་པའི་སྐུ། །གླིང་བཞི་རི་རབ་ཉི་ཟླ་གཟའ་སྐར་ཡང་། །སྐུ་ཡི་རྒྱན་དུ་ཆེ་བའི་དཔལ་ཆེན་པོ། །ཆེ་བཙན་འགྲན་ཟླ་བྲལ་བ་ཁྱོད་ལ་བསྟོད། །གཉེན་པོ་ཡེ་ཤེས་གཞོམ་གཞིག་མི་མངའ་བས། །ཉོན་མོངས་རྟོག་པའི་བདུད་ཚོགས་ཚར་གཅོད་ཕྱིར། །ཕྱག་གཡས་རྡོ་རྗེ་རྩེ་དགུ་འཕྱར་བ་ཡིས། །རི་རབ་ཆེན་པོ་ཀུན་ཀྱང་ཐལ་བར་རློག །བདུད་དང་འབྱུང་པོ་ཀུན་གྱི་ཀླད་པ་འགེམས། །སྲིད་པའི་འགོང་པོ་སྤུན་དགུ་རྡུང་དུ་རློག །འགྲོ་རྣམས་ཐེག་པ་དགུ་ཡི་ལམ་ལ་འདྲེན། །བར་པ་རྡོ་རྗེ་རྩེ་ལྔ་བསྣམས་པ་ཡིས། །ཉོན་མོངས་དུག་ལྔ་གཏན་ནས་བརླག་བྱེད་ཅིང་། །དོན་དམ་སྤྲོས་མེད་བྱང་སེམས་རྣམ་པ་ལྔས། །རྒྱུད་ལྔའི་སེམས་ཅན་ཐར་པའི་ལམ་ལ་སྦྱོར། །བདུད་དང་དམ་སྲི་ནག་པོའི་ཕྱོགས་རྣམས་ཀུན། །ཀུན་ཏུ་བསྡིགས་ཤིང་ཐལ་བར་བརླག་བྱའི་ཕྱིར། །དུས་མཐའི་མེ་ལྟར་རབ་ཏུ་ཆེར་འབར་བའི། །ཡེ་ཤེས་མེད་དཔུང་འབར་བའི་སྡིགས་མཛུབ་གདེངས། །སྲིད་གསུམ་གདུག་པ་མཐའ་དག་ཚར་བཅད་ནས། །དུག་གསུམ་སྐུ་གསུང་ཐུགས་སུ་སྒྲོལ་བྱེད་ཅིང་། །འཁོར་བའི་གཡུལ་ངོ་གཏན་ནས་ཕམ་མཛད་པའི། །དཔའ་བོ་རྒྱལ་རྟགས་ཁ་ཊྭཱྃ་རྩེ་གསུམ་ཐོགས། །ཁྲོ་རྒྱལ་མ་ལུས་འདུས་པའི་རྩལ་འཆང་ཞིང་། །མི་བཟད་སྟོང་ཁམས་བསྲེག་པའི་མེ་སྟག་འཕྲོ། །བཏབ་ན་ཡེ་ཤེས་ལྷ་ཡང་ཐལ་བར་རློག །འབར་བའི་ཕྲེང་བ་འཁྲིགས་པའི་འོད་ཟེར་ཅན། །རི་རབ་བརྗིད་པའི་ཕུར་པ་དྲག་ཏུ་འདྲིལ། །ཁམས་གསུམ་ཡོངས་སྒྲོལ་དཔའ་བོ་ཆེ་ལ་བསྟོད། །གར་གྱི་དབང་ཕྱུག་རྣམ་པར་འགྱུར་བའི་སྐུ། །དཔལ་དང་དུར་ཁྲོད་ཆས་རྣམས་ཡོངས་རྫོགས་ཤིག །ཞབས་བཞི་བརྐྱང་བསྐུམ་གྱད་ཀྱི་དོར་སྟོབས་ཀྱིས། །དྲེགས་པ་ལྷ་ཆེན་གནོན་མཛད་ཁྱོད་ལ་བསྟོད། །ཧཱུྃ། མཆེ་བ་ཟངས་ཡག་གཙིགས་པའི་ཟ་བྱེད་ཆེ། །རབ་འབར་ཉི་མ་འབུམ་གྱི་འོད་ཟེར་འཕྲོ། །ཁྲོ་གཉེར་གློག་སྟོང་འཁྱུག་འདྲའི་རྔམས་སྟབས་ཅན། །མི་བཟད་སྐུ་ཡི་དངོས་པོ་ཤིན་ཏུ་འགྱུར། །རྔམས་པའི་ང་རོ་འབྲུག་སྟོང་ལྡིར་བ་བཞིན། །ཐུག་ཆོམ་རི་རབ་འབུམ་ཕྲག་བསྙིལ་བའི་སྐད། །གད་རྒྱངས་དྲག་པོས་འཇིག་རྟེན་གཡོ་ཞིང་འདེགས། །སྤྱུགས་པའི་འཐོར་རླུང་ཀུན་ཏུ་གཡེངས་བ་ཆེ། །ཧོཿ ཁྲོ་བོ་ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཡེ་ཤེས་ཆེན་པོའི་འོད་ཟེར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་མ་རིག་མུན་པ་འཇོམས། །སྙིང་པོ་ཡེ་ཤེས་སྣ་ཚོགས་ཐིག་ལེ་ཆེ། །ཧོཿ ཡེ་ཤེས་དཀྱིལ་འཁོར་ཁྲོ་བོའི་སྤྲིན་ཆེན་པོ། །འཕྲོས་པས་དཀྱིལ་འཁོར་ཀུན་གྱི་ཆར་ཆེན་འབེབས། །ཕྱོགས་བཅུའི་དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །རྣམ་པ་སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ། །ཧོཿ བདུད་རྣམས་ཀུན་གྱི་བདུད་དེ་བདུད་ཆེན་པོ། །འཇིགས་བྱེད་འཇིགས་པའི་ཚོགས་ཀྱང་འཇིགས་པར་བྱེད། །སྲིད་ཞིའི་འཆིང་བ་ཐམས་ཅད་འཇོམས་མཛད་པ། །དུས་མཐའི་མེ་ལྟར་འབར་ལ་ཕྱག་འཚལ་བསྟོད། །ཧཱུྃ། འཇིགས་པའི་བཙུན་མོ་འཁོར་ལོ་རྒྱས་འདེབས་མ། །ཀུན་ཏུ་བཟང་མོ་དཀྱིལ་འཁོར་ཀུན་གྱི་ཡུམ། །གདུག་པ་འདུལ་ཕྱིར་སྲིན་མོ་ཁྲོས་པའི་གཟུགས། །སྲིད་པའི་འཁོར་ལོ་ཡེ་ཤེས་རྒྱ་ཡིས་འདེབས། །གཉིས་མེད་དོན་ལྡན་ཡབ་ལ་དགྱེས་པར་འཁྲིལ། །ཕྱག་གཡས་འཁོར་ལོས་བདུད་ཀྱི་མགོ་ལུས་གཤོག །གཡོན་པས་ཐོད་ཁྲག་འཁོར་འདས་དབང་དུ་སྡུད། །འཇིགས་པའི་སྐུ་ལ་ཕྱག་རྒྱ་ལྔ་ཡིས་སྤྲས། །དྲག་པོའི་ང་རོས་འཇིག་རྟེན་གཡོ་ཞིང་འཁྲུགས། །རྒྱུད་ལྔའི་སེམས་ཅན་ཐུགས་རྗེས་དབྱིངས་སུ་སྒྲོལ། །སྲིད་གསུམ་གདུག་པའི་ཚོགས་རྣམས་ཐལ་བར་རློག །མཁའ་འགྲོ་ཡོངས་ཀྱི་གཙོ་མོ་ཁྱོད་ལ་བསྟོད། །ཧཱུྃ། ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་ན། །ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་སྐུ། །འཇིགས་བྱེད་འབར་བའི་ཁྲོ་རྒྱལ་ཆེན་པོ་བཅུ། །མི་དགེ་བཅུ་སྤངས་དགེ་བཅུ་རྫོགས་པའི་སྐུ། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་གཏུམ་ལ་རྔམས། །ཕྱོགས་སྐྱོང་དྲེགས་པ་ཕོ་མོ་ཐམས་ཅད་འདུལ། །དབུ་སྐྲ་རལ་པ་སྲིད་པའི་རྩེ་མོར་འབར། །མི་སྡུག་ཁྲོ་གཉེར་སྨིན་མཚམས་གཡོ་བ་ཅན། །སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཟིགས། །ལོག་པར་ལྟ་བ་རྩད་ནས་གཅོད་ཅིང་སྒྲོལ། །མཆེ་བ་ཟངས་ཡག་སྐྱེ་ཤི་རྩད་ནས་གཅོད། །གདུག་པ་འདུལ་མཛད་འབར་བའི་ཕྱག་མཚན་བསྣམས། །དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་ཆེ། །རྡོ་རྗེ་རིན་ཆེན་གཤོག་པ་ནམ་མཁར་གདེངས། །རྔམས་པའི་ཞལ་གདངས་ལྗགས་འདྲིལ་རྐན་སྒྲ་རྡེབ། །ཀུན་ཀྱང་ཕུར་པ་འདྲིལ་ཞིང་ཕྱོགས་བཅུར་འདེབས། །ཐབས་དང་ཤེས་རབ་གཉིས་མེད་ཡུམ་དང་འཁྲིལ། །གཡས་གཡོན་དག་ཏུ་སྤྲུལ་པའི་ཁྲ་ཐབས་ནི། །མགོ་བརྙན་མཆེ་གཤོག་རྫུ་འཕྲུལ་མཐུ་སྟོབས་ལྡན། །འབར་བའི་ཁྲོ་རྒྱལ་མ་བཅོས་རྫོགས་པའི་སྐུ། །སྒྲ་ལས་འདས་པ་གྲགས་སྟོང་ཧཱུྃ་སྒྲ་གསུང་། །བསམ་དང་བྲལ་བ་སྒྲོལ་བྱེད་སྙིང་པོའི་ངང་། །ཡོན་ཏན་ཕྲིན་ལས་ཐམས་ཅད་རྫོགས་པའི་དཔལ། །སྤྲུལ་པ་ཆེན་པོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཧཱུྃ། གཉིས་མེད་སྐུ་ལ་འཁྲིལ་བའི་གཟུངས་མཆོག་མ། །རྔམས་བརྗིད་འཇིགས་པ་ཁྲོ་མོའི་ཆ་ལུགས་ཅན། །ཕ་རོལ་ཕྱིན་པ་བཅུ་ཡི་ངོ་བོ་ཉིད། །བདུད་འདུལ་ཡུམ་གྱི་ཚོགས་ལ་ཕྱག་འཚལ་བསྟོད། །ཧཱུྃ། རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །དགྲ་བགེགས་གདུག་པ་འགུག་འཆིང་སྡོམ་ཞིང་རྡེག །ཤར་ལྷོ་ནུབ་བྱང་སྒོ་སྲུང་དྲག་ཤུལ་ཅན། །སྒོ་མ་ཆེན་མོ་བཞི་ལ་ཕྱག་འཚལ་བསྟོད། །ཧཱུྃ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །དཔལ་གྱི་སྲས་མཆོག་འཇིགས་བྱེད་ཀཱི་ལ་ཡ། །མཐིང་ནག་ཁྲོས་པ་ཞལ་གཅིག་ཕྱག་བཞི་པ། །ཕྱག་གཡས་དང་པོས་སྟྭ་རེ་ལྟག་པར་འཕྱར། །འོག་མས་རྡོ་རྗེ་རི་རབ་གནོན་སྟབས་འཛིན། །གཡོན་པའི་ཕྱག་ན་ཁ་ཊྭཱྃ་ག་འཁྲོལ་ཞིང་། །འོག་མས་ཕུར་བུ་དགྲ་བགེགས་སྙིང་ལ་འདེབས། །རིགས་ལྔའི་དབུ་རྒྱན་ཐུགས་སྲོག་ཧཱུྃ་དུ་འབར། །སྙན་ནས་འབྲུག་སྒྲོག་སྤྱན་ནས་མེ་འོད་འཕྲོ། །ཤངས་ནས་རླུང་འཚུབས་ཞལ་ནས་ཐོག་སེར་འབེབས། །མཆེ་བ་གཙིགས་ཤིང་ཨག་ཚོམ་མེ་ལྟར་འབར། །ཁྱོད་ཀྱི་ལྟེ་བ་མན་ཆད་ཆས་རྣམས་ནི། །ལྕགས་ཕུར་ཟུར་གསུམ་མེ་སྟག་ཕྱོགས་བཅུར་འཕྲོ། །དགྲ་བགེགས་གདུག་པའི་ཚོགས་རྣམས་སྐད་ཅིག་སྒྲོལ། །མི་གཡོ་ཆེ་མཆོག་སྐུ་གསུང་ཐུགས་ཀྱི་ངང་། །ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །སྲིད་པར་འཁྱམས་པའི་སེམས་ཅན་ཐམས་ཅད་ཀུན། །ཐབས་ཀྱིས་བསྒྲལ་བའི་སྐལ་དང་མི་ལྡན་ཡང་། །ཤུགས་ཀྱིས་སྒྲོལ་བའི་ཕྲིན་ལས་མཛད་སླད་དུ། །དབྱེར་མེད་སྐུ་གསུང་ཐུགས་སུ་སྒྲོལ་མཛད་པ། ། སྲས་མཆོག་ཀཱི་ལ་ཡ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །དེ་ནས་འཛབ་བཟླས་ཏེ། སྒྲུབ་ཐབས་ལྟར་འཕྲོ་འདུའི་ཏིང་ངེ་འཛིན་དང་ལྡན་པས། གཙོ་བོ་ལ་སྟོང་རྩ་བརྒྱད་དང་། །འཁོར་ལ་བརྒྱ་རྩ་བརྒྱད། སྲུང་མ་ལ་ཉི་ཤུ་རྩ་གཅིག །དབང་མོ་ལ་བྷྱོ་བདུན་ཕྲག་བཞི་སོགས་ཅི་རིགས་བཟླས་སོ། །དེ་ནས་སྐབས་འགར་ཕོ་ཉ་འགུག་འདྲེན་གྱི་འཕྱོང་གཏོང་བར་འདོད་ན། ཧཱུྃ། སྟེང་གི་ཕྱོགས་ནས་དགྲ་དང་བགེགས་འགུག་པ། །ཧཱུྃ་མཛད་སྒྲ་འབྱིན་ཕག་དང་རྨིག་བུའི་མགོ། །དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །སྟེང་གི་ཕྱོགས་ནས་དགྲ་དང་བགེགས་དྲོངས་ཤིག །དེས་འགྲེ་སྟེ། ཤར་གྱི་ཕྱོགས་ནས་དགྲ་དང་༴ རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་མགོ། །དབུ་གསུམ་ཕྱག་དྲུག༴ ཤར་གྱི་ཕྱོགས་ནས་དགྲ༴ ལྷོ་ཡི་ཕྱོགས་ནས༴ གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ། །དབུ་གསུམ་ཕྱག་དྲུག༴ ལྷོ་ཡི་ཕྱོགས་ནས་དགྲ༴ ནུབ་ཀྱི་ཕྱོགས༴ རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་མགོ། །དབུ་གསུམ་ཕྱག ༴ ནུབ་ཀྱི༴ བྱང་གི༴ བདུད་རྩི་རླུང་འབྱིན་སེང་གེ་ཕ་ཝང་མགོ། །དབུ་གསུམ ༴ བྱང་གི༴ ཤར་ལྷོ་མཚམས ༴ དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ། །དབུ་གསུམ༴ ཤར་ལྷོ༴ ལྷོ་ནུབ་མཚམས༴ མི་གཡོ་གཏུན་ཁུང་གཟིག་དང་ཁྭ་ཏའི་མགོ། །དབུ་གསུམ། ལྷོ་ནུབ༴ ནུབ་བྱང་མཚམས༴ འདོད་རྒྱལ་མདའ་སྙེམས་སྤྱང་ཀི་ཁྲ་ཡི་མགོ། །དབུ་གསུམ༴ ནུབ་བྱང་༴ བྱང་ཤར་མཚམས༴ བགེགས་འདུལ་གསོད་བྱེད་དྲེད་དང་སྲེ་མོང་མགོ། །དབུ་གསུམ༴ བྱང་ཤར༴ འོག་གི་ཕྱོགས་ནས༴ སྟོབས་ཆེན་བསྐྱོད་བྱེད་དོམ་དང་བྱི་བའི་མགོ། །དབུ་གསུམ༴ འོག་གི་ཕྱོགས་ནས་དགྲ་དང་བགེགས་དྲོངས་ཤིག །ཤར་གྱི་སྒོ་བ་པུ་ཤུད་མགོ་བོ་ཅན། །དམ་ཉམས་དགྲ་བགེགས་ལྕགས་ཀྱུས་འདེབས་ཤིང་འཛིན། །ཤར་གྱི་ཕྱོགས་ཀྱི་དགྲ་དང་བགེགས་དྲོངས་ཤིག །ལྷོ་ཡི་སྒོ་བ་སྐྱ་ཀའི་མགོ་བོ་ཅན། །དམ་ཉམས་དགྲ་བགེགས་ཞགས་པས་འཆིང་བར་བྱེད། །ལྷོ་ཡི༴ ནུབ་ཀྱི་སྒོ་བ་སྲིན་བྱའི་མགོ་བོ་ཅན། །དམ་ཉམས་དགྲ་བགེགས་སྒྲོག་གིས་སྡོམ་པར་བྱེད། །ནུབ༴ བྱང་གི་སྒོ་བ་ཁྲ་ཡི་མགོ་བོ་ཅན། །དམ་ཉམས་དགྲ་བགེགས་དྲིལ་བུས་མྱོས་ཤིང་འཕུལ། །བྱང་གི་ཕྱོགས་ཀྱི་དགྲ་དང་བགེགས་དྲོངས་ཤིག །ཅེས་འཕྱོང་བཏང་། ༈ ཚོགས་བྱིན་གྱིས་བརླབ་པ་ནི། བདུད་རྩི་ཚོགས་ལ་གཏོར་ལ། བདུད་རྩིའི་ཟེར་ལས་ཁྲོ་བོ་སྤྲོས་ཏེ་བགེགས་བསྐྲད་ཅིང་། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་བི་ཤུདྡྷེ་ཨ་མྲྀ་ཏེ་ཧཱུྃ་ཕཊ྄། ༀ་དྷརྨ་ཨ་མྲྀ་ཏེ་ཧཱུྃ་ཕཊ྄་ཀྱིས་བསང་། མ་སཱུརྻ་མཎྜ་ལ། ཚོགས་ཀྱི་ཡོ་བྱད་རྣམས་ཀྱི་སྟེང་། །ཉི་མའི་དཀྱིལ་འཁོར་ཧཱུྃ་མཐིང་མཚན། །དེ་གཉིས་འོད་ཞུ་ཐིམ་པ་ལས། །དག་པ་ཆོས་དབྱིངས་ངང་དུ་བརླབ། །པྃ་པདྨ་མཎྜ་ལ། པདྨའི་སྟེང་དུ་ཨྃ་དམར་པོ། །འོད་ཞུ་ཐིམ་པས་བདུད་རྩིར་གྱུར། །ཨ་ཙནྡྲ་མཎྜ་ལ། ཟླ་བ་ༀ་དཀར་འོད་དུ་ཐིམ། །འདོད་ཡོན་ལྔ་ཡིས་གང་བར་གྱུར། །ༀ་ཨཱཿཧཱུྃ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས། །ཁྲོ་བོའི་རྒྱལ་པོ་མཐའ་ཡས་པ། །མ་མོ་མཁའ་འགྲོའི་ཚོགས་དང་བཅས། །ལྷ་དང་ལྷ་མིན་རྣལ་འབྱོར་པ། །ཐུགས་དང་མཐད་པའི་གནས་མཆོག་འདིར། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །ཀུན་བཟང་མཆོད་སྤྲིན་རོལ་པར་མཛོད། །དམ་ཚིག་བཞིན་དུ་ཅི་བདེར་བཞེས། །མ་ཧཱ་སརྦ་པཱུ་ཛ་ཧོཿ ཧཱུྃ། ཕྱོགས་བཅུ་དུས་གསུམ་རྒྱལ་བ་མཆོད་པ་དང་། །རྣལ་འབྱོར་དབང་ཕྱུག་ཐུགས་དམ་བསྐང་བའི་ཕྱིར། །སྒོ་གསུམ་གཡོ་སྒྱུ་མེད་ཅིང་གུས་ལྡན་པས། །ཡོ་ག་གསང་བའི་མཆོད་པའི་རྣམ་གྲངས་འབུམ། །སྣང་སྲིད་ཆོས་དང་རྒྱལ་སྲིད་རིན་པོ་ཆེ། །ཕྱག་རྒྱ་བཞི་དང་ཉོན་མོངས་རྣམ་པ་ལྔ། །ཏིང་འཛིན་ཆོས་དང་བདུད་རྩི་རྣམ་པ་ལྔ། །འདོད་པའི་ཡོན་ཏན་མང་པོ་གླུ་དང་གར། །རྟོག་མེད་དོན་གྱི་མཆོད་པ་ལ་སོགས་འབུལ། །ཕོ་བྲང་བཞུགས་གནས་ཞིང་ཁམས་ཐམས་ཅད་དུ། །མཆོད་པའི་སྤྲིན་གྱིས་གཏིབས་ཤིང་རྒྱས་གྱུར་ཅིག །སྣང་སྲིད་ཚོགས་ཀྱི་མཆོད་པར་བསྔོ་བ་ནི། །ཧཱུྃ། ཡེ་ཤེས་ཁྲོ་བོ་རོལ་པའི་ཞལ་ཆེན་པོར། །སྣོད་བཅུད་མ་ལུས་མཆོད་པ་ཆེན་པོར་སྦྱོར། །དབྱིངས་དང་ཡེ་ཤེས་རོལ་པའི་མཆོད་པ་རུ། །སོ་སོར་ཕྱེས་ཏེ་སྣོད་བཅུད་མཆོད་པར་འབུལ། །ཀུན་ཏུ་དབྱེར་མེད་པའི་མཆོད་པ་ནི། ཧཱུྃ། རྒྱལ་བ་མ་ལུས་ཡེ་ཤེས་ཁྲོ་བོའི་སྐུ། །དྭངས་སྙིགས་མི་ཕྱེད་གཉིས་མེད་མཉམ་པའི་ངང་། །དུག་གསུམ་སྐྱོན་བྲལ་དབྱིངས་ཀྱི་མཆོད་པ་འདི། །འདུ་འབྲལ་མེད་པ་སྲིད་གསུམ་མཆོད་པར་རོལ། །ཐམས་ཅད་མཉམ་པ་ཉིད་ཀྱི་མཆོད་པ་ནི། མཐའ་དང་དབུས་མེད་མཉམ་པའི་མཆོད་པ་ནི། །ང་དང་བདག་མེད་མཁའ་ལྟར་དག་པ་ཡི། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་མཆོད་པ་འདི། །གཉིས་མེད་བདེ་ཆེན་མཉམ་པའི་མཆོད་པར་རོལ། །འདོད་ཡོན་གྱི་མཆོད་པ་ནི། སྙིང་པོ་བྱང་ཆུབ་རོལ་པ་ལོངས་སྤྱོད་སྤྲུལ་པའི་སྐུ། །འདོད་པའི་ཡོན་ཏན་ལྷ་མོའི་མཆོད་པ་འདི། །སྣང་སྲིད་མ་ལུས་འདོད་རྒུར་བསྒྱུར་བྱས་ཏེ། །མཁའ་ལྟར་དག་པའི་དབྱིངས་སུ་ཡེ་ཤེས་རོལ། །དེ་ནས་ཚོགས་གསུམ་དུ་བཅད་ལ། །དང་པོ་མཆོད་པ་ནི། ཧཱུྃ། རང་བྱུང་མ་བཅོས་དབྱིབས་དང་ཁ་དོག་བྲལ། །རྣམ་པར་རྟོག་པའི་ཉོན་མོངས་ཅིར་སྣང་ཡང་། །གདོད་ནས་དག་པས་འཁོར་བ་དབྱིངས་སུ་རྫོགས། །ཡེ་ཤེས་ཁྲོ་རྒྱལ་ཐུགས་དམ་བསྐང་བའི་ཕྱིར། །ཁམས་གསུམ་མ་ལུས་འདུས་པའི་མཆོད་པ་འདི། །དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ་པོ་བཞེས། །བླ་མ་རིག་འཛིན་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ། དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མིའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་ཞལ་དུ་མ་ཧཱ་ག་ཎ་ཙཀྲ་ཁཱ་ཧི། མ་ཧཱ་ཛ་གད་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ། མ་ཧཱ་རཀྟ། མ་ཧཱ་མཱཾ་ས། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་ཀིཾ་ནི་རི་ཏི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་སརྦ་པཱུ་ཛ་ཧོཿ བར་པ་བཤགས་པ་ནི། ཐོག་མེད་དུས་ནས་ད་ལྟ་ཐུག་གི་བར། །མ་རིག་དབང་གིས་དམ་ལས་འགལ་གྱུར་ཏེ། །ལུས་ཀྱིས་སྡིག་བྱས་སྤྱོད་པ་ངན་དུ་སྤྱད། །ངག་གིས་ཚིག་འཁྱལ་སྨྲ་བ་ངན་དུ་བརྗོད། །སེམས་ཀྱི་བློོ་ནོར་ལོག་པར་བསམ་ལ་སོགས། །འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ། །བཀྲ་བའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་འཁོར་དུ་གཏོགས་པའི་དམ་ཅན་རྣམས། །མི་ཡི་སྐྱོན་མཐོང་ཙམ་ན་ཆད་པས་གཅོད། །འགལ་འཁྲུལ་ནོངས་པ་ཅི་མཆིས་མཐོལ་ལོ་བཤགས། །བཟོད་པར་བཞེས་ནས་ཚངས་པར་སྩལ་དུ་གསོལ། །ཞེས་པ་དང་ཡི་གེ་བརྒྱ་པ་ཚུལ་བཞིན་བཟླས་སོ། །ཐ་མ་བསྒྲལ་བ་ནི། ལིདྒ་ལ་དགྲ་བགེགས་དགུག་གཞུག་བྱས་ལ། བཏབ་ཕུར་གཅིག་གམ། བཅུ་གཅིག་གམ། བཅོ་ལྔ་ལ་སོགས་པ་མདུན་དུ་བཀོད་ལ། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ལ་སོགས་པའི་སྔགས་ཀྱིས་སྤྱི་བོར་ཧཱུྃ་ཀཱ་ར། རྒྱ་མདུད་གོང་མ་ལ་ཕྱོགས་ཀྱི་ཁྲོ་བོ། འོག་མ་ལ་མཚམས་ཀྱི་ཁྲོ་བོ། ཟུར་བཞི་ལ་སྒོ་མ། ཆུ་སྲིན་ཁ་ལ་སྟོབས་པོ་ཆེ། དབལ་ལ་དམ་ཅན་བསྐྱེད་ལ། དེ་རྣམས་ཀྱི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས། མཆོད་པས་མཆོད་ལ་བསྟིམ་ཞིང་། དབང་བསྐུར་སྤྲོ་ན། རྡོ་རྗེ་ཐལ་མོས་ཕུར་པ་འདྲིལ་ཞིང་དཔྲལ་བར་བཟུང་ལ། ཧ་ན་ཧ་ན་ཏིཔྟ་ཙཀྲ་ༀ། མགྲིན་པར་བཟུང་ལ། ཤྲཱི་བཛྲ་ཀཱི་ལ་ཡ་ཨཱཿ སྙིང་གར་བཟུང་ལ། ༀ་བཛྲ་སཏྭ་རཱ་ཛ་ཧཱུྃ་གིས་རིམ་པ་བཞིན་དུ་སྐུ་དང་གསུང་དང་ཐུགས་ཀྱི་སྒོ་ནས་ཁམས་གསུམ་སྒྲོལ་བའི་མཐུ་དང་ལྡན་པར་བསམ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བེ་ཏ་ལི་མཎྜ་ལ་རཀྴ་ཧཱུྃ་ཕཊ྄། ཕུར་པ་ལ་ཡུངས་ཀར་གཏོར་ཞིང་མཐུ་དང་ལྡན་པར་བསམ། ཀཱི་ལ་ཡ་དང་། མ་གུ་ཏ་ལ་པྲ་ཏ་ལ་ཨཥྛི་མ་ཧཱུྃ་ཕཊ྄། གུ་གུལ་གྱིས་བདུག་ཅིང་གཟི་མདངས་དང་ལྡན་པར་བསམ། ཀཱི་ལ་ཡ་དང་། མ་ཧཱ་རཀྟ་ཛྭ་ལ་ནི་ཧཱུྃ་ཕཊ྄། རཀྟ་གཏོར་ལ་ཆགས་པ་དང་ལྡན་པར་བསམ། དེ་ནས་དཀྱིལ་འཁོར་གསུམ་དང་དམ་ཅན་གྱི་བསྟོད་བསྐུལ་རྒྱས་བསྡུས་གང་རིགས་བྱ། དེ་ནས་ཕོ་ཉ་འགུག་པའི་འཕྱོང་བཏང་། གསེར་སྐྱེམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ། ཧོཿ བདུད་རྩི་ཕུད་ཀྱི་མཆོད་པ་འདི་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། ཀུན་ཏུ་བཟང་པོ་ནས་རྩ་བའི་བླ་མའི་བར་གྱི་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། སངས་རྒྱས་ཆོས་དང་དགེ་འདུན་གསུམ་གྱི་ཞལ་དུ་ༀ་ཨཱཿཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། ཡབ་དཔལ་ཆེན་རྡོ་རྗེ་གཞོན་ནུ། ཡུམ་འཁོར་ལོ་རྒྱས་འདེབས་མ། འཇིགས་པའི་ཁྲོ་བོ་ཡབ་ཡུམ་ཉི་ཤུ། སྤྲུལ་པ་སྟག་གི་མགོ་ཅན་ལ་སོགས་པ་མཆེ་བ་ཅན་གྱི་ཚོགས། བྱ་རྒོད་ཀྱི་མགོ་ཅན་ལ་སོགས་པའི་གཤོག་པ་ཅན་གྱི་ཚོགས། མཐར་བྱེད་སྒོ་མ། སྤྲུལ་པ་སྲས་མཆོག །དམ་ཅན་སྲུང་མ། གིང་ཆེན་དགེ་བསྙེན་རྣམས་ཀྱི་ཞལ་དུ༴ གཞན་ཡང་ཞི་བ་སངས་རྒྱས་བཞི་བཅུ་རྩ་གཉིས། འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་ཕྲིན་ལས། མ་མོ་རྦོད་གཏོར། རིག་འཛིན་སློབ་དཔོན། འཆི་མེད་ཚེ། འཇིགས་རྟེན་མཆོད་བསྟོད། དྲག་སྔགས་དམོད་པ། སྒྲུབ་ཆེན་སྡེ་དགུ། བཀའ་བརྒྱད་ཡོངས་རྫོགས། འདུས་པ་མདོ། སྒྱུ་འཕྱུལ་རྒྱན། ལྷུན་གྱིས་གྲུབ་པའི་རིག་འཛིན་རྣམས་ཀྱི་ཞལ་དུ༴ གཞན་ཡང་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་སོགས་པ་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ༴ མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། གཞན་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མགོན་པོ་སོགས་དང་། སྒོས་ཀྱི་ཆོས་སྐྱོང་། གཞན་ཡང་ཕྱོགས་སྐྱོང་། ཞིང་སྐྱོང་། ལྷ་ཆེན། ཀླུ་ཆེན། འཇིགས་བྱེད་གཟའ་སྐར། རྒྱལ་ཆེན་སྡེ་བཞི་ལ་སོགས་པ་མགོན་པོ་བདུན་ཅུ་རྩ་ལྔའི་ཞལ་དུ༴ སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག །དཀོན་མཆོག་གི་དབུ་འཕང་བསྟོད་ཅིག །ཁྱད་པར་དུ་ཡང་བསྟན་པ་སྤྱིའི་དགྲ། བླ་མའི་སྐུ་དགྲ། དམ་ཚིག་ཅན་གྱི་སྡང་དགྲ། རྣལ་འབྱོར་པའི་སྒོས་དགྲ། སེམས་ཅན་ཡོངས་ལ་འཚེ་བའི་དགྲ་བགེགས་གདུག་པ་ཅན་འདི་བསྒྲལ་བའི་ཕྲིན་ལས་མཛོད་ཅིག །གཞན་ཡང་སྡེ་བརྒྱད་སྡེ་བཅུ་གཞི་བདག་སོགས་ཀྱི་ཞལ་དུ༴ ཁྱེད་རྣམས་ལ་ཕུར་པའི་དབལ་མི་སྟོན། ཡུངས་ཀར་གྱི་ཐུན་མི་འཕེན། ཁྲག་གི་ཟོར་མི་བརྡེག །དྲག་པོའི་ཕོ་ཉ་མི་འགྱེད་པས། མཐོ་བ་རྣམས་ཀོ་ལོང་དང་ཕྲག་དོག་མ་བྱེད། དམའ་བ་རྣམས་མ་འཇིགས་མ་སྐྲག་པར་རང་རང་སོ་སོའི་གནས་སུ་འདུག་ལ། རྣལ་འབྱོར་པའི་སྡོང་གྲོགས་གྱིས་ལ་དགྲ་བགེགས་བསྒྲལ་བའི་གྲོགས་མཛོད་ཅིག །མཐུ་དང་སྟོབས་མེད་ན་ཆོས་ཐམས་ཅད་བསམ་པའི་ཁྱད་པར་ཡིན་པས་བསམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱིས་ཤིག །གཞན་ཡང་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་བསྔོའོ། །ཞེས་སྨོན་ལམ་གདབ། བར་འདིར་གཟུ་དཔང་བྱ་བ་ནི་ལོགས་སུ་གསལ་ལོ། །དེ་ནས་དངོས་གཞི་སྤྲུལ་པ་སྤྲོ་བ་ནི། ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ྄་ཕཊ྄་ཧ་ལ་ཧ་ལ་ཧཱུྃ་ཕཊ྄། བདག་གི་ཐུགས་ལས་འཕྲོས་པའི་ཕོ་ཉ་ནི། །ཁྲོ་བོ་འཆོལ་བ་དཔག་ཏུ་མེད་པ་བྱུང་། །སྲིད་པས་གར་ཁྱབ་གནམ་ས་བར་སྣང་ཀུན། །རས་བལ་རླུང་གིས་གཏོར་བཞིན་ཁྱབ་པར་གྱུར། །སྐབས་འདིར་ཡང་དགུག་གཞུག་བྱའོ། །གདབ་ལས་དངོས་ནི། རྩ་བ་ལས། གབ་པའི་སྔགས་དྲུག་གིས་བསད་པའི་ལས་བྱ། སྦས་པའི་འཕྱོང་དྲུག་གིས་དྲག་པོའི་ལས་གཞུང་བསྲང་། ཚེ་ལུང་དང་ཁྲུས་ལུང་གིས་དགོངས་པ་ཕུལ་དུ་བྱུང་། གནོད་པའི་དགྲ་བགེགས་བསྒྲལ་བའི་ཕྱིར། ཕུར་པ་བཏབ་ལ་ཁམས་གསུམ་དུས་གཅིག་ཏུ་བསྒྲལ་བའི་མཆོད་པ་བྱ། ཡེ་ཤེས་ཀྱི་ལྷ་དགྱེས་པ་བསྐྱེད་བའི་ཕྱིར། ཁ་ཊྭཱྃ་གྱི་ཕྱག་རྒྱས་ཤ་ཁྲག་ཞལ་དུ་བསྟབ་ཅིང་ཁོའི་རྣམ་ཤེས་བདག་ལ་བསྡུས་ལ་སྐུར་འདོན། བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ་བཅས་བསྐྱེད་རྫོགས་རྣམ་གསུམ་གྱིས་དགྲ་བགེགས་གནས་བསྟབ། དོན་ཆོས་ཉིད་ལས་མི་འདའ་བའི་ཕྱིར། ཆོས་ཉིད་ཀྱི་བདེན་པ་བདར། ཅེས་པས། དང་པོ་ངན་སྔགས་དྲུག་གིས་དགུག་གཞུག་བྱ་བ་ནི་དྲུག་སྟེ། རྫས་དང་ལྷ་དང་སྨོན་ལམ་དང་། །བསྐུལ་དང་སྔགས་དང་ཏིང་འཛིན་ཏེ། །ཀུན་ལ་འདྲེས་ཏེ་སུམ་ཅུ་དྲུག །ཅེས་པས་དང་པོ་རྫས་ནི་གུ་གུལ་གྱིས་བདུག་ཅིང་ལྷ་མོའམ་སྲས་མཆོག་གང་རུང་འདོན་པ་བསྒྱུར་ལ། ཧཱུྃ། སྲས་མཆོག་གུ་གུལ་ཕྱག་ན་བསྣམས། །དགྲ་བགེགས་འགོ་བའི་ལྷ་དང་ཕྲོལ། །སྐྱོབ་པའི་གྲོགས་དང་བྲལ་བར་གྱིས། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བྃ་ཧོཿ མོ་ཧ་ག་ཡ། ཆེ་གེ་མོ་ཧ་ས་ཡ་ར་ཧ་ས་ཡ་ར། ཤཱི་ཀྲམ་ཀཱ་ར་ཡ། མཱ་ར་སེ་ནྱ་པྲ་མརྔྷ་ན་ཡེ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ྄། སྲས་མཆོག་དེ་ཡི་ཐུགས་ཀ་ནས། །རང་འདྲ་དཔག་མེད་ཐོན་ནས་ཀྱང་། །གུ་གུལ་སྦྱར་མའི་དུད་སྤྲིན་གྱིས། །དགྲ་བགེགས་འགོ་བའི་ལྷ་ཀུན་བྱེར། །ཁོ་རང་གཅིག་པུར་འཁྱམས་པར་གྱུར། །གཉིས་པ་གཟུགས་ལ་དབབ་པ་ལ་དྲུག་ལས། རྫས་ནི་ལྕགས་ཀྱུ་ཐོགས་པའམ་ཕྱག་རྒྱ་བཅས་ལ། ཧཱུྃ། སྲས་མཆོག་ཕྱག་ན་ལྕགས་ཀྱུ་ཐོགས། །དགྲ་བགེགས་རྣམ་ཤེས་རྟེན་ལ་ཕོབ། །བབ་བརྒྱད་དང་། རྡོ་རྗེ་གསང་བའི་སོགས་ཚིག་དྲུག་གི་མཇུག་ཏུ། ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཏྲི་ཡཾ་ཛཿ ནྲི་ཡཾ་ཛཿ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མོ་ཧ་ག་ཡ་ཆྒཻ་མོ་ཤཱི་ཀྲི་ཀ་ར་ཡ་མཱ་ར་སེ་ན་པྲ་མརྡྷ་ན་ཡེ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ྄། སྲས་མཆོག་དེ་ཡི་ཐུགས་ཀ་ནས། །རང་འདྲ་དཔག་མེད་ཐོན་ནས་ཀྱང་། །ཧཱུྃ་དང་ཕཊ྄་ཀྱི་སྒྲ་སྒྲོག་ཅིང་། །ལྕགས་ཀྱུས་བཟུང་ཞིང་མཚོན་ཆས་བསྡིགས། །སྐད་ཅིག་ཡུད་ལ་བཀུག་ནས་བསྟིམ། །པྲ་བེ་ཤ་ཡ་ཕཊ྄། ཨ་བེ་ཤ་ཡ་ཨ། གསུམ་པ་བྱང་དུ་གཞུག་པ་ལ་དྲུག་གི་དང་པོ་རྫས་ནི་ཚོན་སྐུད་ཐོགས་ལ། ཧཱུྃ། སྲས་མཆོག་ཕྱག་ན་ཞགས་པ་ཐོགས། །དགྲ་བགེགས་ལུས་ངག་དམ་དུ་སྡོམ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་འབྱུང་བའི་དུས་བབ། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཟུགས་ཤིག་ཆིངས་ཤིག་རྣམ་པར་སྡོམས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཆྒཻ་མོ་ཤཱི་ཀྲི་ཨ་ན་ཡ་ཧཱུྃ་ཕཊ྄། སྲས་མཆོག་དེ་ཡི་ཐུགས་ཀ་ནས། །རང་འདྲ་དཔག་མེད་ཐོན་ནས་ཀྱང་། །ཉམས་པའི་དགྲ་བགེགས་ལུས་ཀྱི་ཆ། །གྲུ་གུ་ཐུལ་དུ་བཅིངས་པར་གྱུར། །བཞི་པ་སྨྱོ་རུ་གཞུག་པ་ལ་དྲུག་གི་དང་པོ་རྫས་ནི་དུག་ཐུན་ཐོགས་ལ། ཧཱུྃ། སྲས་མཆོག་ཕྱག་ན་དུག་ཐུན་ཐོགས། །དགྲ་བགེགས་སྨྱོ་ཞིང་འབོག་ཏུ་ཆུག །བབ་བརྒྱད་དང་། ཚིག་དྲུག་གི་རྗེས་སུ། རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ༀ་བཛྲ་ཀ་ལི་ཀི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མོ་ཧ་ག་ཡ་ཆྒཻ་མོ་ཛྭ་ལ་པ་ཡ། ཛྭ་ལ་པ་ཡ་ཧཱུྃ་ཕཊ྄། དགྲ་བགེགས་སྨྱོ་ཞིང་འབོག་ནས་ཀྱང་། །ཅི་བྱས་ཐོལ་ཐོལ་སྨྲ་བར་གྱུར། །ལྔ་པ་བརྡུང་བ་ལ་དྲུག་གི་དང་པོ་རྫས་ནི་ཐོ་གཏུན་ཐོགས་ལ། ཧཱུྃ་སྲས་མཆོག་ཕྱག་ན་ཐོ་བ་ཐོགས། །དགྲ་བགེགས་ལུས་ངག་རྡུལ་དུ་རློག །བབ་བརྒྱད་དང་། ཚིག་དྲུག་གི་རྗེས་སུ། ལུས་ངག་རྡུལ་ཕྲན་བཞིན་དུ་བརྡུང་། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མོ་ཧ་ག་ཡ་ཆྒཻ་མོ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄། སྲས་མཆོག་ཐོ་བ་ཐོགས་པ་ཡིས། །དགྲ་བགེགས་ཉིལ་ཉིལ་འདྲེས་པར་བརྡུང་། །དྲུག་པ་རྡུལ་དུ་བྱས་ལ་འབུལ་བ་ནི། ཕུར་གདབ་བྱས་པའི་རྗེས་སུ་འབྲེལ་བས་འོག་ཏུ་སྟོན་ནོ། །བསྒྲལ་བ་དངོས་ལ་དྲུག་གི། དང་པོ་ཀུན་གཞི་རྩད་ནས་བཅད་དེ་བསྒྲལ་བ་དང་། ཉོན་མོངས་པ་སྐྱེ་བའི་སྒོ་ལྔ་དག་པར་བསྒྲལ་བ་དང་། ཚོགས་བརྒྱད་དག་པར་བསྒྲལ་བ་དང་། དགེ་སྡིག་ཆ་མཉམ་དུ་བསྒྲལ་བ་དང་། མ་བདུད་ཀྱི་དམོད་པས་བསྒྲལ་བ་དང་། གཏུན་དུ་བརྡུང་སྟེ་བསྒྲལ་བ་དང་དྲུག་གོ། །དང་པོ་ནི། བདག་ཉིད་གསལ་བ་གསུམ་དང་ལྡན་པས། བསྟོད་བསྐུལ་ནས་དགུག་གཞུག་གི་བར་བྱེད་པ་དེ་ཕྱག་སྲོལ་ལ་འདུག་པས་སླར་ཡང་བྱ་ཞིང་། རྔམ་སྟབས་འཆམས་ཚུལ་བྲུབ་འཆམས་ལྟར་རྫོགས་པར་བྱས་ལ། ཕུར་པ་འདྲིལ་ཞིང་། ཧཱུྃ། སྲིད་པ་ཕུར་པར་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །བབ་བརྒྱད་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་བྱེད་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ༀ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནཱཾ་མོ་ཧ་ག་ཏ་ཡ་བྷ་ག་ཝཱན། ཤཱི་ཀྲི་བི་ཀྲི་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ སརྦ་བིགྷྣཱཾ། བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཨ། ཞེས་ཕུར་པ་སྙིང་གར་བཏབ། ཡོད་ན་བྱབས་ཕུར་གྱིས་ཀྱང་བཏབ་ཅིང་། སྡིགས་ཕུར་གྱིས་བཏབ་ལ་བསྡིག །དབང་ཕུར་བཏབ་ནས་དབང་དུ་བྱས། སྒྲོལ་ཕུར་གྱིས་བསྒྲལ་ལོ། །དེ་ནས་ཚེ་ལུང་ཁྲུས་ལུང་གི་དགོངས་པ་ནི། ཧཱུྃ་ཨ། དཀྱིལ་འཁོར་གསུམ་གྱི་གནས་གསུམ་ཨ་དཀར་ལས། །ཨ་དཀར་འོད་ཟེར་ཕྲ་མོ་གྲངས་མེད་འཕྲོས། །དུས་གསུམ་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། །ཨ་ཡི་རང་བཞིན་ཉིད་དུ་ཐམས་ཅད་ཞུ། །བདག་དང་ཁྲོ་བོ་ཕུར་པ་ལ་ཐིམ་པས། །ལུས་ངག་ཡིད་ཀྱི་ཤེས་བྱའི་སྒྲིབ་པ་སྦྱངས། །ཕྱག་རྒྱ་ཆེན་པོར་གསལ་ཏེ་བདག་གི་ཁྲུས། །ཨ། བདག་གི་གནས་གསུམ་ཨ་ལས་འོད་འཕྲོས་པས། །རྒྱལ་བ་མཆོད་ཅིང་འགྲོ་དྲུག་སྡིག་སྒྲིབ་སྦྱངས། །སྲིད་གསུམ་ཨ་ཡི་རང་བཞིན་བྱང་ཆུབ་སེམས། །འོད་ཀྱི་གོང་བུར་གསལ་ཏེ་སྣང་སྲིད་ཁྲུས། །ཨ། ཐམས་ཅད་བྱང་སེམས་གྱུར་ཏེ་འོད་གསལ་བ། །མཐའ་ནས་རིམ་གྱིས་འདུས་ཏེ་གཟས་པོ་ཡི། །སྒོ་གསུམ་ཐིམ་ནས་ལུས་ངག་ཡིད་སྒྲིབ་སྦྱངས། །ཨ་ཡི་རང་བཞིན་བྱང་ཆུབ་སེམས་སུ་ཞུ། །འོད་ཀྱི་གོང་བུར་གྱུར་ཏེ་གཟས་པོའི་ཁྲུས། །དེ་ལྟར་ཁྲུས་ལུང་རྣམ་པ་གསུམ་པོ་རྫོགས། །དེ་ནས་ཚེ་ལུང་འདི་ལྟར་གསལ་བཏབ་ཏེ། །ཧཱུྃ། གཟས་པོའི་སྙིང་དཀྱིལ་པདྨ་འདབ་བཞིར་གྱེས་པ་ཡི། །བཞི་མདོར་རྩ་ཡི་དྭངས་མ་འདུས་དེའི་ནང་། །ཁྲག་གི་དྭངས་མ་བྱེའུ་ཡི་ནི་མགོ་བོ་ཙམ། །དེ་ལ་དབུགས་དང་འོད་ཀྱི་དྭངས་མ་ཆགས་ཤིང་གནས། །འོད་ཀྱི་ཐག་པ་ཚེ་ཚད་དང་མཉམ་རིང་ཐུང་གིས། །བ་ཐག་ལྟ་བུར་དྲྭ་བས་བསྟུམས་ཏེ་གནས་པ་ལ། །དེ་རྣམས་དབུས་ན་རྣམ་ཤེས་རྟེན་ནི་འོད་དུ་གནས། །དེ་ཡང་པད་འདབ་བཞི་ནི་ཉོན་མོངས་རྣམ་ཤེས་ཐམས་ཅད་འབྱུང་བའི་གཞི་སྟེ་དེ་ལས་ནི། །རྩ་བཞིར་གྱེས་པའི་ཆོས་ཉིད་རང་བྱུང་རྩ་ནི་རྩ་ཡི་དྭངས་མ་ལ་བརྒྱུད་ཀུན་གཞིའི་རྣམ་ཤེས་རྒྱུ་བའི་རྩའོ། །གཉིས་མེད་ཆོས་ཀྱི་རྩ་ནི་དབུགས་ཀྱི་དྭངས་མ་ལ་བརྒྱུད་དེ་ལ་ཡིད་ཀྱི་རྣམ་ཤེས་རྒྱུ། གློ་བུར་རྒྱུད་འཛིན་རྩ་ནི་ཁྲག་གི་དྭངས་མ་ལ་བརྒྱུད་དེ་ལ་ཉོན་མོངས་ཅན་ཡིད་རྒྱུ། །སྐྱོན་ཡོན་དབང་པོ་དྭངས་བྱེད་རྩ་ནི་དབང་པོ་དྭངས་མ་ལ་བརྒྱུད་སྒོ་ལྔའི་རྣམ་ཤེས་རྒྱུའོ། །དེ་རྣམས་མདོ་ནི་རྩའི་དྭངས་མ་འདུས་ནས་གནས་པ་ཁ་དོག་དར་དཀར་སྐུད་པ་བཞིན། །སྦོམ་ཕྲ་དག་ནི་རྟ་རྔ་བཅུར་བཀས་ཙམ་གྱི་ཚད་ལ་ཉོན་མོངས་ཞེ་སྡང་རྒྱུ་བའོ། །དེའི་ནང་ན་ཁྲག་གི་དྭངས་མ་བྱེའུ་ལེན་པའི་མགོ་ཙམ་སྦལ་པའི་དབྱིབས་ཅན་ནང་ན་འདོད་ཆགས་རྒྱུ། །དྲོད་དང་དབུགས་ཀྱི་དྭངས་མ་གནས་ཀྱང་ཁ་དོག་རྫས་སུ་གྲུབ་པ་མེད་པ་ཉིད་དུ་གནས་པ་སྟེ། །ས་འོག་གསེར་བཅུག་རླངས་པ་ཙམ་གནས་དེ་ལ་ཉོན་མོངས་ཕྲག་དོག་རྒྱུའོ། །དེ་ལ་འོད་ཀྱི་དྭངས་མ་ཆགས་ཏེ་སྣ་ཚོགས་འོད་ནི་སེམས་ཀྱི་ཡུལ་ལ་ཁྱབ་པར་གནས། །དེ་ལ་ཚེ་ཡི་རྟེན་ཉིད་གནས་ཏེ་སྡོམ་ཐག་དབྱིབས་ཅན་དཀར་པོ་དག་ལ་གཏི་མུག་རྒྱུ། །དེ་དབུས་སེམས་ནི་འོད་ལྔ་ལྡན་པ་ཆེ་ཆུང་མ་ངེས་པ་སྟེ་ཐམས་ཅད་དེ་ལས་ཕྱུང་རིགས་བྱ། །ཞེས་དེ་ལྟར་ཕུར་པ་བཏབ་པའི་ཡུལ་ངེས་པར་བྱས་ལ། ༀ་ལཾ་གྱི་སྔགས་ཀྱིས་ཕུར་པ་སྙིང་གར་བཏབ་ལ་ཏིང་འཛིན་གསལ་ཏེ་འདི་ལྟར་བསྒོམ་པར་བྱའོ། །ཧཱུྃ། ཕུར་པའི་འོད་ཀྱིས་པདྨ་འདབ་མ་བཞི། །བྱ་སྒྲོ་མེར་བཅུག་ལྟ་བུར་ཐུལ་གྱིས་བསྲེགས། །འབྱུང་བ་བཞི་ལ་བཏབ་པ་ཞེས་བྱའོ། །རྩ་བཞི་ཆོན་ཐག་བསྡུས་པ་བཞིན་དུ་གྱུར། །དེ་ནི་འབྱུང་བའི་རྒྱུ་བཞིར་བཏབ་པའོ། །རྩ་བཞིའི་དྭངས་མ་འདུས་པ་ཕུར་རྩེ་ལ། །སྦྲུལ་འཁྱུད་ལྟ་བུ་ཧྲིལ་གྱིས་འདྲིལ་གྱུར་ནས། །དེ་ནི་རྒྱུ་བཞིའི་དྭངས་མ་ཞེ་སྡང་བཅད། །དེ་ཡི་དབུགས་རྟ་དྲོད་ཀྱི་དྭངས་མ་དེ། །མེ་ལ་ཆུ་བླུགས་བཞིན་དུ་ཞི་གྱུར་ཅིང་། །དབུགས་ཀྱི་རྟ་བསྒྲལ་ཕྲག་དོག་རྩད་བཅད་པའོ། །དེ་ལ་འོད་ཀྱི་དྭངས་མ་ཆགས་པ་དེ། །ཁབ་ལེན་རྡོ་བཞིན་ཕུར་པ་ལ་འདུས་པས། །རྡོ་ཚན་ཁ་བ་བབས་ལྟར་བསྐམ་པར་བསམ། །སེམས་ཀྱི་ཡུལ་ཕྱུང་ང་རྒྱལ་རྩད་བཅད་པའོ། །དེ་ཡི་ཁྲག་གི་དྭངས་མ་སྦལ་པའོ། །ལྕགས་བསྲེགས་ཆུ་ཐིག་ཕོག་བཞིན་བསྐམ་པར་བསྒོམ། །དྭངས་མ་གནས་སླེབ་འདོད་ཆགས་རྩད་བཅད་པའོ། །ཚེ་སྐུད་བ་ཐག་དྲྭ་བས་བསྟུམས་པ་དེ། །རྩ་སྤུར་མེ་ལྕེ་འཕྲད་པ་ལྟ་བུར་ཚིག །ཚེ་ཡི་རྟེན་ཕྲལ་གཏི་མུག་རྩད་བཅད་པའོ། །དེ་རྣམས་དབུས་ཀྱི་ཚེ་ཡི་རྟེན་གྱུར་པ། །ཨ་ཞེས་བརྗོད་པས་ཨར་གྱུར་ཕུར་རྩེར་སྦྱར། །བོ་དྷི་ཙིཏྟ་ༀ། བོ་དྷི་ཙིཏྟ་ཨཱཿ བོ་དྷི་ཙིཏྟ་ཧཱུྃཿ བདག་ལ་བསྟིམ། བདག་ལ་བསྟིམས་པས་བདག་ཉིད་ལྷག་པར་ཡང་། །སྐུ་གསུང་ཐུགས་ཀྱི་གཟི་བྱིན་ཆེར་རྒྱས་ཏེ། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས་པ་ནི། །བཀྲག་མདངས་འཕྲོག་པ་བདག་གི་ཚེ་ལུང་ངོ་། །ཁོ་ཡི་རྣམ་ཤེས་བདག་གི་ཐུགས་ཀ་རུ། །ཨ་རུ་གནས་པ་ཚིགས་པའི་ལམ་ལས་ཕྱུངས། །རླུང་སྒྲོམ་ཤངས་ནས་དུང་ཁང་གཞལ་ཡས་སོང་། །རྒལ་ཚིགས་རྟ་བརྒྱུད་རྡོ་རྗེའི་ལམ་ནས་ཕྱུངས། །འཁོར་ལོ་རྒྱས་འདེབས་ཡུམ་གྱི་མཁའ་རུ་བབས། །ཧཱུྃ་གསུམ་གྱུར་པ་ཕཊ྄་གསུམ་གྱིས་འཕངས་པས། །འོག་མིན་རྒྱལ་བ་རིགས་ལྔའི་སྦྱོར་མཚམས་ཐིམ། །ཧཱུྃ་དེ་རྡོ་རྗེ་དེ་ལས་རྡོ་རྗེ་སེམས། །ཡེ་ཤེས་རང་བཞིན་གནས་པ་ཁོའི་ཚེ་ལུང་། །དེའང་རྒྱུད་ལས། རྣམ་ཤེས་ཡེ་ནས་དག་པ་རྒྱལ་བའི་སྲས། །དུག་ལྔ་གནས་སུ་དག་པ་ཡེ་ཤེས་ལྔ། །དེ་ཁོ་ན་ལ་ཁོ་ཡི་ཚེ་ལུང་བསྟན། །ཅེས་སོ། །དེ་ནས་ཐུན་གསུམ་གྱིས་བྲབ། མཚོན་ཆའི་ཆར་ཕབ། ཕུར་པ་ལ་བདུད་རྩིའི་སྐྱེམས་ཕུལ་ལ་ལིང་ག་ལ་བཏབ་ལ་བཞག་གོ། །གཉིས་པ་ཉོན་མོངས་པ་སྐྱེ་བའི་སྒོ་ལྔ་དག་པར་བསྒྲལ་བ་ནི། ཕུར་པ་གཞན་ཡོད་ན་རིམ་པས་བླངས། མེད་ན་གཅིག་པོ་བླངས་ལ་བཏབ་སྟེ། དངོས་གྲུབ་བར་ཆད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ཧཱུྃ་པ་ར་བི་དན། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄། བིནྡྷ་བིནྡྷ་ཧཱུྃ་ཕཊ྄། གྲྀཧྣ་གྲྀཧྣ་ཧཱུྃ་ཕཊ྄། ཧ་ན་ཧ་ན་ཧཱུྃ་ཕཊ྄། བནྡྷ་བནྡྷ་ཧཱུྃ་ཕཊ྄། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄། ཧ་ས་ཡ་ར་ཧྲི་ཏ་ན་ཧཱུྃ་ཕཊ྄། ཤྲཱི་ཀྲི་ན་ཨ་ན་ཡེ་ཧཱུྃ་ཕཊ྄། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ྄། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ྄། བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ྄། ཅེས་པ་ཕུར་པ་གཅིག་སྙིང་གར་བཏབ་སྟེ་དྲན་པ་སྐྱེ་བའི་སྒོ་བཀག །དཔྲལ་བར་བཏབ་སྟེ་ཚེ་སྐྱེ་བའི་སྒོ་བཀག །དེ་བཞིན་དུ་མགུལ་པ་དང་། ལྟེ་བ་དང་། གསང་གནས་སུ་བཏབ་སྟེ། ངག་དང་། ལུས་དང་། སྲིད་པར་སྐྱེ་བའི་སྒོ་བཀག་གོ། །གསུམ་པ་ཚོགས་བརྒྱད་དག་པར་བསྒྲལ་བ་ནི། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་ལྟར་དམ་བཅས་པས། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཡེ་ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ། ཨ་པ་ར་ཛི་ཏེ། མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ྄། ཅེས་དབང་པོ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་གཞི་ལྟེ་བ། ཀུན་གཞི་སྙིང་གི་དཀྱིལ། ཉོན་ཡིད་སྙིང་རྩ་གཡོན། ཡིད་ཀྱི་རྣམ་ཤེས་སྙིང་རྩ་གཡས་སུ་བཏབ་བོ། །བཞི་པ་དགེ་སྡིག་ཆ་མཉམ་སྟེ་བསྒྲལ་བ་ནི། གདུག་ཅིང་སྡང་སེམས་ལྡན་པ་ཡི། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །སརྦ་ཨཱ་ན་ཡ་ཧཱུྃ་ཕཊ྄། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄། སྤྱི་བོ་ནས་གསང་བར་ཐལ་ཕྱུང་དུ་བཏབ། རྐང་མཐིལ་གཉིས་ནས་སྤྱི་བོར་ཐལ་ཕྱུང་དུ་བཏབ་བོ། །ལྔ་པ་མ་བདུད་ཀྱི་དམོད་པས་བསྒྲལ་བ་ནི། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུྃ་མ་མ་པ་ཤཾ་ཀུ་རུ་མ་ཏང་ཉ་ཀ་ར་ཨི་དན་དྷ་ཏི་མ་མ་ཤཱི་ཀྲང་ཀ་ར་ཡེ་ཧཱུྃ་ཕཊ྄། ཅེས་དཔྲལ་བ་ནས་ལྟག་པར་ཐལ་ཕྱུང་དུ་བཏབ། ལྟག་པ་ནས་དཔྲལ་བར། རྣ་ལྟག་གཡས་ནས་གཡོན་དུ། གཡོན་ནས་གཡས་སུ་ཐལ་ཕྱུང་དུ་བཏབ་སྟེ། དབང་པོ་ཐམས་ཅད་ཀྱི་རྟེན་མེད་པར་བྱའོ། །དྲུག་པ་དེ་ནས་རྡུལ་དུ་བྱ་བ་ནི། ཕུར་པ་ཁྲོ་བོ་རྣམས་ཀྱི་ཐོ་བར་དམིགས་ཤིང་། ཨེ་ཁྲོ་མོ་རྣམས་ཀྱི་མཁའ་དབྱིངས་སུ་དམིགས་ནས་ལྷག་མ་མེད་པར་བརྡུངས་ཏེ། ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་བརྡུང་། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བརླག་པར་བྱ། །ཁ་ཏམ་ཁ་ཏམ་ཁ་ཏམ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ྄་ཕཊ྄་ཕཊ྄། ཅེས་བཏབ། ཁ་ཊྭཱྃ་གྱི་ཕྱག་རྒྱས་ཀྱང་མནན་ནོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བཟའ་བར་བྱ་སྟེ། དེའི་སྟེང་དུ་མཆེ་བའི་ཕྱག་རྒྱ་བཅའ་ཞིང་། བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ྄་ཕཊ྄་ཕཊ྄། ཅེས་བརྗོད་དེ། བདག་རྡོ་རྗེ་གཞོན་ནུ་རྡོ་རྗེ་གནོད་སྦྱིན་དུ་སྣང་བ་འཁོར་དང་བཅས་པས་ཕུང་པོ་ཤ་ཁྲག་མ་ལུས་པ་གསོལ་ཞིང་ལྷ་ཚོགས་དགྱེས་པའི་སྒྲ་སྒྲོགས། བདག་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། དགྲ་བགེགས་ཀྱི་རྣམ་ཤེས་དཀྱིལ་འཁོར་གསུམ་གྱི་ཐུགས་ཀར་འཕངས་ཏེ་དབྱེར་མེད་དུ་གྱུར་པར་བསམ་ལ། ལིང་རོ་གཏོར་མ་ལ་བསྟབ་ཅིང་། སྲས་མཆོག་གིས་དགྲ་བགེགས་ཀྱི་ཤ་རུས་ཐོགས་པ་བསྟབ་པར་བསམ་ལ། ཧཱུྃ། ཁྲག་འཐུང་ཆེན་པོ་འཁོར་བཅས་ཀྱི། །འབར་བ་ཆེན་པོའི་ཞལ་ཧོམ་དུ། །བསྟན་པ་འཇིག་པའི་དགྲ་དང་བགེགས། །ངས་བསྟབ་ཁྱོད་ཀྱིས་ཡུད་ལ་རོལ། །ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་བས། །མི་རྟག་མཚན་ཉིད་བསྟན་པའི་ཕྱིར། །ཟ་བྱེད་ཁྲོ་བོ་ཞལ་ཕྱེས་ཤིག །ལྷག་མ་མེད་པར་བཞེས་ནས་ཀྱང་། །དགྲ་བགེགས་བག་ཆགས་ཀུན་བྱང་སྟེ། །ནམ་མཁའི་ཁྲོ་བོ་ཟ་བྱེད་ཆེའི། །ཞལ་གྱི་དབྱིངས་སུ་སྟོང་ཁམས་ཐིམ། །ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཡེ་ཤེས་ཐབས་ཀྱི་སྤྲུལ་པ་ཁྲོ་བོ་བཅུ། །ཤེས་རབ་དབྱིངས་ལས་ཤར་བའི་ཁྲོ་མོ་བཅུ། །ཟ་བྱེད་གསོད་བྱེད་ཕྲ་མེན་མཆེ་གཤོག་ཚོགས། །མཐར་བྱེད་ཆེན་མོ་ཡེ་ཤེས་སྒོ་མ་བཞི། །གདུག་པ་སྒྲོལ་བའི་སྲས་མཆོག་ཕུར་བུའི་ཚོགས། །གནམ་ས་གདངས་པ་ལྟ་བུའི་ཞལ་ཕྱེས་ལ། །ཟླ་གམ་གློག་དམར་འཁྱུག་འདྲའི་ལྗགས་རྐྱོངས་ཏེ། །གངས་རིའི་ཕྲེང་བ་ལྟ་བུའི་ཚེམས་འདོར་ལ། །བསྟན་པ་བཤིག་པའི་དགྲ་བགེགས་ཞལ་དུ་བསྟབ། །ཞལ་དུ་བསྟབ་པོ་བཞེས་ཤིག་ཁ་རཾ་ཁཱ་ཧི། །དཀྱིལ་འཁོར་དེ་ཡི་ཕྱི་རིམ་བར་ཁྱམས་ནས། །དབང་ཕྱུག་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། །གསོད་པའི་ལས་མཛད་སྲུང་མ་བཅུ་གཉིས་དང་། །གིང་ཆེན་གིང་ཕྲན་དགེ་བསྙེན་ཉེར་གཅིག་སོགས། །ཕུར་པའི་སྲུང་མར་ཞལ་བཞེས་ཐམས་ཅད་ཀྱང་། །རྔམས་པའི་ཞལ་གདངས་འབར་བའི་ལྗགས་རྐྱོངས་ལ། །སྐྱེ་འགྲོ་རྩད་ནས་གཅོད་པའི་ཚེམས་འདོར་ལ། །བསྟན་པ་འཇིག་པའི་དགྲ་བགེགས་ཞལ་དུ་བསྟབ། །ཞལ་དུ་བསྟབ་པོ་བཞེས་ཤིག་ཁ་རཾ་ཁཱ་ཧི། །འདོད་ཆགས་ཁྲག་ལ་ལྗིབ་ལྗིབ་དགྱེས་པར་རོལ། །ཞེ་སྡང་རུས་ལ་ཧྲུམ་ཧྲུམ་དགྱེས་པར་རོལ། །གཏི་མུག་ཤ་ལ་ཆེམ་ཆེམ་དགྱེས་པར་རོལ། །ང་རྒྱལ་མཁྲིས་པའི་ཕུང་པོའི་མཆོད་པར་བཞེས། །ཕྲག་དོག་གློ་སྙིང་རོལ་ཅིག་ཁ་རཾ་ཁཱ་ཧི། །དུག་ལྔ་བསྒྲལ་བའི་མཆོད་པ་འདི་བཞེས་ལ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས། །དངོས་གྲུབ་ཐམས་ཅད་དུས་འདིར་སྩལ་དུ་གསོལ། །མ་ཧཱ་མཱཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་ཀིཾ་ནི་རི་ཏི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། ཞེས་བསྟབ། བཻ་ཌཱུར་སྔོན་པོའི་རིན་ཆེན་རི་རབ་ལ། །ཉི་མ་སྟོང་གི་འོད་ཟེར་གདལ་བ་ལྟར། །སེམས་དཔའ་སྔོན་པོ་འོད་ཀྱི་དཀྱིལ་འཁོར་འབར། །དཔལ་ཆེན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །འོད་ཕུང་སྟུག་པོ་སྤྲིན་ལྟར་འཁྲུགས་པའི་དབུས། །འཇིགས་བྱེད་རྔམས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཟ་བྱེད་བསྐལ་པའི་མེ་དཔུང་བཞིན་དུ་འབར། །གདུག་པ་ཐམས་ཅད་རྡོ་རྗེའི་ཞལ་དུ་འདྲེན། །མི་བཟད་མཆེ་བ་གཙིགས་པའི་ཞལ་གདངས་ཤིང་། །སྲིད་གསུམ་ཟ་བར་བྱེད་པའི་རྐན་སྒྲ་ཅན། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་བསྲེགས་པར་མཛད་ལ་ཕྱག་འཚལ་བསྟོད། །ཅེས་ཆེ་བའི་ཡོན་ཏན་གྱིས་བསྟོད་དོ། །དེ་ནས་རྔ་གདེང་པ་རེ་དང་བཅས་པས། །ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་བརླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཞེས་ཆོས་ཉིད་ཀྱི་བདེན་པ་བརྡར་རོ། །དེ་ནས་ཚོགས་ལ་ལོངས་སྤྱོད་པ་ནི། ཧཱུྃ། འོག་མིན་ལྟེ་བའི་གཞལ་ཡས་སུ། །དཀྱིལ་འཁོར་ལྷ་རྣམས་སྤྱན་དྲངས་ནས། །ཡེ་ཤེས་ཆེན་པོའི་མེ་སྦར་ཏེ། །ཧོམ་གཟར་ལག་པས་མཆོད་རྫས་བསྟབ། །ཧ་ཧ་རུ་ལུ་བཞེས་སུ་གསོལ། །ཞེས་གསལ་བཏབ་ཅིང་ལྷ་མཆོད་པར་བསམ་ལ་རོལ་ལོ། །དེ་ནས་ལྷག་མ་བསྡུས་ལ་ཁ་ཆུས་བྲན་ཏེ། ཡ་རྐན་ལ་ནི་རྟ་མགྲིན་ཚོན་གང་བ། །མ་རྐན་གཏུན་ཁུང་ཡུམ་གསལ་བྱང་སེམས་རྒྱུན། །མུ་ཏིག་ལྟར་བསྒོམ་ཛ་གད་མཁུར་བཀང་གིས། །ལན་གསུམ་བྲན་པས་བདུད་རྩིའི་རྒྱ་མཚོ་ཆེ། །འདོད་ཡོན་སྤྲིན་འཕྲོ་མི་ཟད་གཏེར་དུ་བསམ། །ༀ་གུ་རུ་ཏྲ་ཧ་ཀ་ས་མ་ཡ་བག་ཤ་སུ་གན་སུ་ཏྲི་ཤི་ཏྲི་ལ་ཏིཥྛ་ཐངས་ལ་ས་མ་ཡ་སྭཱ་ཧཱ། ཧཱུྃ། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །ལས་ཀྱི་རྡོ་རྗེ་བྱེད་པར་དབང་བསྐུར་ནས། །ལྷག་མ་ཁ་ཆུའི་དམ་ཚིག་མངའ་མཛད་རྣམས། །དམ་ཚིག་ཚུལ་བཞིན་མཆོད་ཀྱིས་གཤེགས་སུ་གསོལ། །རྟ་མགྲིན་གྱི་ཕྱག་རྒྱས་དབང་དུ་བསྡུས་ལ། འདར་ཕྲི་ལི་ལི་བཀའ་ཉན་པར་བསམ་ལ། ཛཿཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀི་ནཱི་ཨཱ་ཀཀྵ་ཡ་ཧཱུྃ་ཛཿ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ། ༀ་ཌཱ་ཀི་ནཱི་ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། མོ་ཧ་ཡ། མོ་ཧ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཾ། ཧྲཱི་ད་ཡཾ་ཧཱུྃ་ཛཿཧཱུྃ་བྃ་ཧོཿ ཌཱ་ཀི་ནཱི་ཧཱུྃ་ཛཿ བདག་དཔལ་གྱི་སྐུའི་གཟི་བྱིན་གྱི་ཟིལ་གྱིས་མནན་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཾ་ས་མ་ཡ་མུ་ཏྲ། པྲ་བྷན་ཙཀྲ་ཡ། བི་ཏྭན་ས་མ་ཡ་ཧོཿ བྷ་ག་ཝན། བུདྡྷ་ཀྵེ་ཏྲ་པྲ་ཏཱིཙྪ་ཡ་ཧཱུྃ་ཕཊ྄། ༀ་བནྡྷ་པ་ཊ་མུ་ཁ་ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། མོ་ཧ་ཡ། མོ་ཧ་ཡ། སརྦ་བཛྲ་ཌཱ་ཀི་ནཱིནཾ། ཧྲཱི་ད་ཡ། ཧ་ཧ་ཧ། ཧི་ཧི་ཧི། ༀ་ཨཱཿཧཱུྃ། ༀ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིདྟ་ཧཱུྃ་ཕཊ྄། ༀ་བུདྡྷ་ཌཱ་ཀིནཱི་པྲ་ཏཱིཙྪ་མཾ་བ་ལིདྟ་ༀ་ཕཊ྄། ༀ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིདྟ་སྭཱ་ཕཊ྄། ༀ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིདྟ་ཨཱྃ་ཕཊ྄། ༀ་ཀརྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིངྷ་ཧཱ་ཕཊ྄། ཁཱ་ཧི་ཁཱ་ཧི། སྨན་མཆོད་སྦྲེང་། ༀ་གུ་རུ་ཀྲོ་དྷ་ཧ་ཁ་རཏྣ་ས་མ་ཡ་བྲི་ཤ་ཀ་ཁ་ལ་བྷཀྵ་སུ་ཀ་ན་བུདྡྷ་ཀྵེ་ཏྲ་པྲ་ཏི་ཏི་པ་ལ་ཁཱ་ཧི། ཞེས་དམར་སྦྲེང་། ཧཱུྃ། རྣམ་དག་ཆོས་དབྱིངས་ཞི་བ་ལས། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་འབྱུང་། །ཐབས་ཤེས་ཟླ་གསང་ཐིག་ལེ་ལས། །ཡལ་གམ་ཅན་རྣམས་འདུ་བར་མཛོད། །ཧཱུྃ། རྡོ་རྗེ་ནམ་མཁར་འགྲོ་མ་རྣམས། །ཡི་དྭགས་རྟ་ལ་ཡང་དག་ཞོན། །གདུག་པའི་སེམས་ཀྱིས་བསྡིག་བྱེད་ཅིང་། །དཔའ་བོ་བརྗིད་པའི་གཟུགས་འཛིན་པ། །སྐལ་ལྡན་རང་གི་ལག་ཆར་ལྡན། །ཤ་ཁྲག་དང་ནི་རྒྱུ་མ་དང་། །རྐང་དང་ཚིལ་བུ་ཟ་ཞིང་བྱོན། །དགའ་བར་བྱེད་དང་འདྲེན་བྱེད་མ། །གཟི་བརྗིད་ཆེ་དང་འབར་བྱེད་མ། །འཇོམས་བྱེད་མ་དང་བོང་བུའི་མགོ། །ཆགས་བྱེད་མ་དང་ཆགས་བྲལ་མ། །འཁོར་ལོ་མ་དང་རྒྱས་འདེབས་མ། །སྣ་ཚོགས་ལུས་དང་བསྲུང་བའོ། །ཚོགས་ཀྱི་དཀྱིལ་འཁོར་བསྲུང་བར་བྱེད། །གནོད་སྦྱིན་མོ་སྟེ་ཡང་དག་འཕྲོག །བྱ་རོག་གདོང་སྟེ་མིག་འབྲུ་ཞིང་། །འཇིགས་པའི་གདོང་ཅན་འཇིགས་པའི་མིག །སྣ་ཚོགས་མཆོག་གི་གདོང་འཛིན་ཅིང་། །ལག་ན་གྲི་དང་མཁར་གཞོང་ཐོགས། །བཞད་དང་འུག་པའི་གདོང་རིགས་ཅན། །ཁྲོས་པས་ཁྱི་དང་ཕག་གི་གདོང་། །གསུས་པོ་ཆེ་ལ་ལྟོ་འཕྱང་མ། །རྔ་མོང་བོང་བུའི་གཟུགས་འཛིན་ཅིང་། །ཁྲོས་པས་ར་དང་བྱི་ལའི་གདོང་། །རྒྱུ་མའི་མགོ་ནས་ཟ་བྱེད་ཅིང་། །ཀེང་རུས་དཀར་མོ་འཛིན་པ་སྟེ། །ཁྲོས་པས་རུས་པའི་ཕྲེང་བས་ཀླུབས། །ཕན་ཚུན་འཐབ་ཅིང་རྩོད་པ་སྟེ། །ལྕེ་སྤྱང་ཁྲོ་གཏུམ་རྔམས་པའི་ཚོགས། །འཇིགས་བྱེད་གདོང་ནི་མཆེ་བ་གཙིགས། །རྣམ་པར་འགྱུར་བའི་གཟུགས་འཛིན་པ། །ཤར་ཉིད་དུ་ནི་བུམ་སྣ་མ། །ནུབ་ཏུ་དྷ་ཤ་གྷྲྀ་བའོ། །ལྷོ་རུ་རྣམ་པར་འཇོམས་མ་སྟེ། །བྱང་ཉིད་དུ་ནི་འབོད་སྒྲོགས་སོ། །ཀུན་ཀྱང་སྨུག་ནག་རལ་གྲི་དང་། །བནྡྷ་ཁྲག་བཀང་ལག་ན་ཐོགས། །མདོར་ན་ཡེ་ཤེས་ལས་གྲུབ་པའི། །རྡོ་རྗེ་ནམ་མཁར་འགྲོ་མ་རྣམས། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་པ། །སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ། །འདིར་གཤེགས་མཆོད་ཀྱི་ཕྲིན་ལས་མཛོད། །མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱི་ཞལ་དུ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིདྟ་ཁཱ་ཧི། ཧཱུྃ། དཔའ་བོའི་ཚོགས་ཀྱི་ལས་རྣམས་ཀུན་བྱེད་པ། །ཁྲོ་བོ་ཆེན་པོ་བཛྲ་གིང་ཀ་ར། །ཁྲོ་མོ་ཆེན་མོ་ཁམས་གསུམ་དབུགས་སྡུད་བཅས། །ཏ་ན་ག་ནའི་ཕྲིན་ལས་དུས་ལ་བབ། །རྡོ་རྗེ་གནོད་སྦྱིན་རྡོ་རྗེ་སྲིན་པོ་དང་། །རྡོ་རྗེ་འབྱུང་པོ་རྡོ་རྗེ་སྤྱང་ཀི་དང་། །རྡོ་རྗེ་གཤིན་རྗེ་རྡོ་རྗེ་རོ་ལངས་དང་། །རྡོ་རྗེ་འཆི་བདག་རྡོ་རྗེ་དུས་མཚམས་བསྲུང་། །དབང་སྡུད་ལྕགས་ཀྱུས་འདྲེན་པ་ཆེན་མོ་དང་། །གར་གྱི་གློག་སྟོང་འགྱུར་བ་ཆེན་མོ་དང་། །གཟུགས་མེད་རླུང་ལྟར་རྒྱུ་བ་ཆེན་མོ་དང་། །ཁམས་གསུམ་གཡབ་མོས་འདེབས་པ་ཆེན་མོ་དང་། །རྦོད་གཏོང་ལེན་པར་བྱེད་པ་ཆེན་མོ་དང་། །རྣ་ཉན་ཕྲ་མ་ཟེར་བ་ཆེན་མོ་དང་། །ཁམས་གསུམ་སྙིང་རྗེས་བསྒྲལ་བ་ཆེན་མོ་དང་། །ཚོགས་ཀྱི་ཕྱག་ཚང་མཛད་པ་ཆེན་མོ་དང་། །རྡོ་རྗེ་བྱི་ནུབ་ཕོ་མོ་འཁོར་དང་བཅས། །ཀུན་ཀྱང་སྔོ་སྐྱ་རལ་གྲི་ལྕགས་ཀྱུ་ཐོགས། །ཁམས་གསུམ་སྒྲོལ་བའི་གིང་ཆེན་བཅོ་བརྒྱད་རྣམས། །ཏ་ན་ག་ནའི་ཚོགས་ཀྱི་གནས་ཆེན་འདིར། །སྔོན་གྱི་ཐ་ཚིག་ཚུལ་བཞིན་གཤེགས་ནས་ཀྱང་། །བདུད་རྩི་ལྔ་ཡི་མཆོད་པ་འདི་བཞེས་ལ། །དགྱེས་པའི་གར་གྱིས་རོལ་ཅིང་ཕྲིན་ལས་མཛོད། །ༀ་བཛྲ་གིང་ཀ་ར་ཧ་ཧ་བྷྱོ། རུ་ལུ་རུ་ལུ་བྷྱོ། མ་ཧཱ་པཉྩ་སོགས། ལྷ་དབང་བརྒྱ་བྱིན་བུ་མོ་སྟེ། །འབར་མ་ཉི་མའི་ཞགས་པ་ཅན། །འཛིན་བྱེད་ཆེན་མོ་གཤེགས་སུ་གསོལ། །མེ་ལྷ་དྲང་སྲོང་བུ་མོ་སྟེ། །འབར་མ་མེ་ཁྱེར་གློག་མ་སྲིན། །བསྐུལ་བྱེད་ཆེན་མོ་གཤེགས་སུ་གསོལ། །གཤིན་རྗེའི་རྒྱལ་པོའི་བུ་མོ་སྟེ། །འབར་མ་གཤིན་རྗེ་སྐར་མདའ་འཕེན། །ཟ་བྱེད་ཆེན་མོ་གཤེགས་སུ་གསོལ། །སྲིན་པོའི་རྒྱལ་པོའི་བུ་མོ་སྟེ། །འབར་མ་ཁྱུང་གི་ཁྲམ་ཐོགས་མ། །གསོད་བྱེད་ཆེན་མོ་གཤེགས་སུ་གསོལ། །གནོད་སྦྱིན་རྒྱལ་པོའི་བུ་མོ་སྟེ། །འབར་མ་གནོད་སྦྱིན་བ་ལང་སྣ། །ཐོགས་མེད་ཆེན་མོ་གཤེགས་སུ་གསོལ། །རླུང་ལྷའི་རྒྱལ་པོའི་བུ་མོ་སྟེ། །འབར་མ་རླུང་ནག་རལ་གྲིའི་སྐྲ། །སྒྲོལ་བྱེད་ཆེན་མོ་གཤེགས་སུ་གསོལ། །ཚོགས་ཀྱི་བདག་པོའི་བུ་མོ་སྟེ། །འབར་མ་མིག་འབྱིན་སྙིང་བསྲེག་མ། །འཇོམས་བྱེད་ཆེན་མོ་གཤེགས་སུ་གསོལ། །ཀླུ་ཡི་རྒྱལ་པོའི་བུ་མོ་སྟེ། །འབར་མ་ཀླུ་མོ་ལྕེ་འབེབས་མ། །སྙིང་འགེམས་ཆེན་མོ་གཤེགས་སུ་གསོལ། །འབར་མ་ཆེན་མོ་ཁྱེད་རྣམས་ཀྱང་། །བཀའ་ཡི་གཏོར་མ་འདི་ལོངས་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །མ་ཧཱ་པཉྩ་སོགས། ཕོ་ཉ་ཆེན་མོ་ཐམས་ཅད་ཀྱང་། །ཤར་གྱི་ཕྱོགས་ན་འབྱུང་བ་ནི། །ཤེལ་གྱི་མ་མོ་དྲུག་ཅུ་དང་། །ལྷོ་ཡི་ཕྱོགས་ན་འབྱུང་བ་ནི། །མཆོང་གི་མ་མོ་དྲུག་ཅུ་དང་། །ནུབ་ཀྱི་ཕྱོགས་ན་འབྱུང་བ་ནི། །བསྭེ་ཡི་མ་མོ་དྲུག་ཅུ་དང་། །བྱང་གི་ཕྱོགས་ན་འབྱུང་བ་ནི། །གཡུ་ཡི་མ་མོ་དྲུག་ཅུ་དང་། །སྟེང་གི་ཕྱོགས་ན་འབྱུང་བ་ནི། །ལྕགས་ཀྱི་མ་མོ་དྲུག་ཅུ་དང་། །འོག་གི་ཕྱོགས་ན་འབྱུང་བ་ནི། །གསེར་གྱི་མ་མོ་དྲུག་ཅུ་སྟེ། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་རྣམས། །བྱེ་བ་ཕྲག་ཁྲིག་འཁོར་དང་བཅས། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །མ་ཧཱ་པཉྩ་སོགས། རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས། །དཔལ་ལྡན་ཤུགས་སྒྲོལ་གཙོ་མོ་སྟེ། །ནག་མོ་ཆེན་མོ་རལ་པ་ཅན། །རི་རབ་བསྙིལ་བའི་རྔམས་སྟབས་ཅན། །ཁ་ནས་མེ་འབར་རྒྱ་མཚོ་སྐེམས། །རྡོ་རྗེ་ཀུན་གྲགས་གཤེགས་སུ་གསོལ། །ཁྲོ་མོ་ཆེན་མོའི་དཀྱིལ་འཁོར་ནས། །མཛེས་པའི་ཚུལ་གྱི་འོད་འཕྲོ་མ། །འཇིག་རྟེན་ཁམས་ཀྱི་གཟི་འཕྲོག་མ། །ཀུན་ཏུ་བཟང་མོ་གཤེགས་སུ་གསོལ། །ཕྱག་རྒྱ་འབར་བའི་དཀྱིལ་འཁོར་ནས། །ནམ་མཁའ་སྟོང་ལ་དབང་སྒྱུར་མོ། །བདུད་དཔུང་དྲེགས་སྙེམས་ཀུན་འདུལ་མ། །རྡོ་རྗེ་དྲེགས་སྙེམས་གཤེགས་སུ་གསོལ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནས། །ཕོ་ཉ་མོ་ནི་དྲུག་ཅུའི་ཚོགས། །ཤ་ཆེན་ཁྲག་ལ་ལོངས་སྤྱོད་ཅིང་། །གདུག་པ་མ་ལུས་ཀུན་འདུལ་མ། །རྡོ་རྗེ་མོ་སྟེ་ཡེ་ཤེས་མཆོག །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །ཁྲག་གི་རྒྱ་མཚོའི་དཀྱིལ་འཁོར་ནས། །ཁྲོ་མོ་གཏུམ་ཆེན་ཟ་བྱེད་མ། །རྡོ་རྗེ་དྲྭ་བའི་ཕྲེང་ཐོགས་མ། །བྱང་ཕྱོགས་རང་གི་འཁོར་འདུ་ཞིང་། །རྡོ་རྗེ་འོད་ཆགས་གཤེགས་སུ་གསོལ། །དབང་ཕྱུག་ཆེན་མོའི་དཀྱིལ་འཁོར་ནས། །ལྕགས་ཀྱུ་འབར་བའི་འཕྲོ་འ དུ་ཅན། །དམ་ཚིག་ཉམས་པའི་སྙིང་བསྲེག་མ། །བཀའ་ལས་འདའ་བའི་སྙིང་འབྱིན་མ། །རྡོ་རྗེ་གཡུ་སྒྲོན་གཤེགས་སུ་གསོལ། །མ་མོ་ཆེན་མོ་ཁྱེད་རྣམས་ཀྱང་། །ཀུན་ཀྱང་ནག་མོ་རལ་པ་ཅན། །ཀུན་ཀྱང་ཁ་ནས་མེ་འབར་མ། །ཀུན་ཀྱང་མིག་ནས་ཁྲག་འཛག་མ། །ནག་མོ་རལ་གྲི་ཐོད་ཁྲག་འཛིན། །གསེར་སྦྲུལ་མང་པོའི་ཁྲི་སྟེང་ནས། །དམ་ཚིག་ཅན་ལ་བརྩེར་དགོངས་ལ། །མཆོད་པ་དམ་པ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །མ་ཧཱ་པཉྩ་སོགས། གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་། །ཤར་གྱི་མགྱོགས་མ་གཤེགས་སུ་གསོལ། །མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །ལྷོ་ཡི་མགྱོགས་མ་གཤེགས་སུ་གསོལ། །དམར་མོ་གཡག་ཐོད་ཀླུ་ཡི་སྲིང་། །ནུབ་ཀྱི་མགྱོགས་མ་གཤེགས་སུ་གསོལ། །ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་། །བྱང་གི་མགྱོགས་མ་གཤེགས་སུ་གསོལ། །སྲིང་མོ་བཞི་ཡང་གནས་འདིར་བྱོན། །དམ་དགོངས་མཆོད་དོ་ཕྲིན་ལས་མཛོད། །དེ་ས་དེ་པ་བྷྱོ། ཨ་པ་ར་ལན་ཏ་བྷྱོ། དྷ་ལ་དུ་ན་བྷྱོ། མ་མ་ཡཀྵ་བྷྱོ། མ་ཧཱ་པཉྩ་སོགས། ཧཱུྃ། དབང་ཕྱུག་ཆེན་པོ་ཉི་ཤུ་བརྒྱད། །སྙིང་རྗེ་བྱམས་པའི་སྤྱོད་ཡུལ་ཅན། །ཚངས་མ་ལ་སོགས་མ་སྲིན་ཚོགས། །འཇིག་རྟེན་ཁམས་ཀྱི་སྲིན་མོ་ཏེ། །ལག་ན་གློ་སྙིང་ནང་ཁྲོལ་དང་། །མཁལ་མ་ཁྲག་རྣམས་སྙིམ་པར་ཐོགས། །སྤུ་གྲིའི་སོ་ལ་སྒྲ་གཡེངས་མ། །མཆེ་བ་གཙིགས་ཤིང་འབྲུ་ཚུགས་བལྟ། །གད་རྒྱངས་སྒྲ་འབྱིན་དུར་ཁྲོད་མྱུལ། །གསོད་པའི་ལས་རྣམས་ཀུན་ལ་བརྩོན། །རྒྱལ་མོ་བློན་མོ་དེད་དཔོན་ཆེ། །གཡོག་མོ་དང་ནི་ཡང་གཡོག་མོ། །བྲན་དང་ཡང་བྲན་འཁོར་དང་བཅས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །བཀའ་ཡི་གཏོར་མ་འདི་ལོངས་ལ། །ད་ལྟ་ཁྱོད་ཀྱི་གཟུགས་མཆོག་རྣམས། །མངོན་དུ་བསྟན་ལ་སིདྡྷི་ཕུལ། །ཇི་སྲིད་སིདྡྷི་མ་ཕུལ་བར། །ཁྱེད་རྣམས་མངོན་པར་མ་གྱུར་གྱི། །བར་དུ་བརྟེན་པའི་གནས་འདི་རུ། །འདུག་ལ་ལས་རྣམས་ཀུན་གྱིས་ཤིག །མ་མོ་ཆེན་མོ་ཁྱེད་རྣམས་ཀྱང་། །འདས་པའི་དུས་ན་མངོན་འབྱུང་བ། །དེའི་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། །སྒྲུབ་པ་པོ་ཡི་ལས་བྱ་ཞེས། །དམ་ལས་མ་འདའ་ཕྲིན་ལས་མཛོད། །བྷྱོ་ཉེར་བརྒྱད་ཀྱི་རྗེས་སུ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིངྟ་ཁཱ་ཧི། ཧཱུྃ། དམ་ཅན་ཆེན་མོ་བཅུ་གཉིས་དང་། གིང་ཆེན་གིང་ཕྲན་འབུམ་ཕྲག་ཚོགས། །དགེ་བསྙེན་ཆེན་པོ་ཉི་ཤུ་གཅིག །དེ་སོགས་ཕུར་སྲུང་དམ་ཅན་རྣམས། །འདིར་བྱོན་ལྷག་མའི་མཆོད་པ་བཞེས། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །གཏི་མུག་ཤ་ཡི་ལྷུ་དུམ་ཉི་ལི་ལི། །འདོད་ཆགས་ཁྲག་གི་རྒྱ་མཚོ་ཁྱི་ལི་ལི། །ཞེ་སྡང་རུས་པའི་ཕུང་པོ་ཁྲ་ལ་ལ། །འདོད་ཡོན་སྤྲིན་ཕུང་རྫ་ལྟར་ཉིལ་ལི་ལི། །རྨད་བྱུང་མཆོད་པ་རྒྱ་མཚོ་བཞེས་ནས་ཀྱང་། །ཡིད་ལ་བརྣག་པའི་འབྲས་བུ་མཆིས་པར་མཛོད། །མ་ཧཱ་པཉྩ་སོགས་ཀྱིས་མཆོད་དེ། ལྷག་མའི་ཆོ་གའོ། །བར་འདིར་ཕུར་སྲུང་མཆོད་པ་ནི་ལོགས་སུ་བལྟའོ། །དེ་ནས་རིག་འཛིན་བསྐུལ་བ་དང་། དཀྱིལ་འཁོར་གྱི་ལྷ་རྣམས་བསྐུལ་ཏེ་ལོགས་སུ་བལྟའོ། །དེ་ནས་གཏོར་མ་ཕྱིར་བཏེགས་ཏེ་བརྟན་མ་སྐྱོང་བ་ནི། ཐུགས་ཀའི་འོད་ཀྱིས་མགྲོན་དེ་དག་བཀུག་ལ། ཛཿཧཱུྃ་བྃ་ཧོཿ ཌཱ་ཀི་ནཱི་ཧཱུྃ་ཛཿ ཨེ་ཨ་ར་ལླི་ཧྲིང་ཧྲིང་། ཞེས་ཁྱུང་གཤོག་གི་ཕྱག་རྒྱས་དགུག་ཅིང་ཟིལ་གྱིས་མནན། ཧཱུྃ། བཀའ་ཡི་ཚོགས་དང་བཅས་ཉིད་དུ། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་བྱོན་དམ་དགོངས་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །འགྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་མོ་ཆེན་མོ་ཁྱེད་བཞི་ཡང་། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །བྲན་གཡོག་མང་པོའི་འཁོར་དང་བཅས། །འདིར་གཤེགས་དམ་དགོངས་ཕྲིན་ལས་མཛོད། །ཤ་མེད་གངས་དཀར་རྡོ་རྗེ་གཡུ་སྒྲོན་མ། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་རླུང་མོ་དང་། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །གནོད་སྦྱིན་ཆེན་མོ་ཁྱེད་བཞི་ཡང་། །ལྷབ་ལྷུབ་མང་པོའི༴ སིལ་སྣན་རོལ་མོའི༴ བྲན་གཡོག་མང་པོའི ༴ འདིར་གཤེགས་དམ་དགོངས༴ ཀོང་བཙུན་དེ་མོ་རྡོརྗེ་བོད་ཁམས་སྐྱོང་། །བཙན་ལ་ལ་རོལ་རྡོ་རྗེ་སྨན་གཅིག་མ། །གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་མ། །སྨན་བཙུན་ཨུག་ཆོས་རྡོ་རྗེ་དབྱར་མོ་བསིལ། །སྨན་བཙུན་ཆེན་མོ་ཁྱེད་བཞི་ཡང་། །ལྷབ་ལྷུབ་མང་༴ སིལ་སྙན་རོལ༴ བྲན་གཡོག་མང་པོའི༴ འདིར་གཤེགས་དམ་དགོངས༴ ཧཱུྃ། བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱང་། །སློབ་དཔོན་པདྨ་འབྱུང་གནས་དང་། །བཤེས་གཉེན་རླངས་ཆེན་དཔལ་སེང་གེས། །ལག་ཏུ་རྡོ་རྗེ་བྱིན་ནས་ཀྱང་། །ཨ་མྲྀ་ཏ་ནི་ལྕེ་ལ་བཞག །ཐར་པ་ཐོབ་པའི་མིང་ཡང་བཏགས། །རྡོ་རྗེ་འཆང་གི་གྲལ་དུ་བཞག །བོད་དུ་མུ་སྟེགས་རྟག་ཆད་ཀྱི། །ཆོས་ལོག་མ་གཏོང་ཁྱེད་ཀྱི་སྲུངས། །གསང་སྔགས་སྤྱོད་པའི་རྣལ་འབྱོར་ལ། །བར་ཆད་མ་བཏང་ཁྱེད་ཀྱིས་སྲུངས། །བོད་ཡུལ་གླིང་དགུའི་ལྗོངས་འདི་རུ། །མཐའ་དམག་མ་གཏོང་ཁྱེད་ཀྱིས་སྲུངས། །དབུས་གཙང་ནང་འཁྲུག་ཞི་བར་བསྒྱུར། །བོད་ཁམས་རྟག་ཏུ་བདེ་བ་དང་། །བདག་ཅག་རྣལ་འབྱོར་ཡོན་མཆོད་ལ། །ཅི་ལས་གྱུར་པའི་གདོན་དང་ནད། །ཡུད་ཙམ་གྱིས་ནི་ཞི་བ་དང་། །དགྲ་བགེགས་གནོད་པ་བཟློག་པར་མཛོད། །དམ་ཚིག་འདི་ལ་ཁྱོད་མ་འདའ། །དམ་ཚིག་འདི་ལས་འདས་གྱུར་ན། །རྡོ་རྗེ་གནོད་སྦྱིན་ཁྲོ་བོ་ཡིས། །སྙིང་གི་དཀྱིལ་ནས་ཁྲག་དྲངས་ཏེ། །འོ་དོད་འབོད་པར་གདོན་མི་ཟ། །དེ་བས་དམ་ཚིག་ཐུབ་པར་སྲུངས། །བཀའ་ཡི་གཏོར་མ་འདི་ལོངས་ལ། །བཅོལ་པའི་ལས་རྣམས་འགྲུབ་པར་གྱིས། །མ་མ། ཁ་ཁ། ལ་ལ། ལེ་ལེ། ཏཾ་ཏཾ། ཏེ་ཏེ། ཁ་རཀྨ། མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ། བ་ལིདྟ་ཁ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། དེ་ནས་གཏོར་མ་དགྲ་ཕྱོགས་སུ་འཕངས་ཏེ། ཧཱུྃ། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་རྣམས། །མཐོ་བ་རྣམས་ནི་ཞབས་སྐུམས་ཤིག །དམའ་བ་རྣམས་ནི་དབུ་ཆུམས་ཤིག །བར་པ་རྣམས་ནི་སྐུ་བཟུར་ཅིག །ཕྱོགས་འདིར་ཟོར་གྱི་ལམ་ཕྱེས་ཤིག །གཏོར་ཟོར་ཁྱེད་ལ་མི་འཕེན་ནོ། །བདག་གི་གཏོར་ཟོར་གཉན་པོ་འདི། །གང་ལ་བབས་ཀྱང་གཅོད་ཅིང་སྒྲོལ། །དགྲ་བགེགས་གདུག་པའི་སྙིང་ལ་འཕེན། །དགྲ་བགེགས་སྲོག་ལ་གཏོར་ཟོར་རྒྱོབ། །མི་ནོར་ཕྱུགས་ལ་གཏོར་ཟོར་རྒྱོབ། །བདུན་བརྒྱུད་རྩད་ནས་ཆོད་ཅིག་ཡྃ། །དགུ་བརྒྱུད་རླུང་ལ་སྐུར་ཅིག་ཡྃ། །ཞེས་དང་། དྷ་ཏིའི་སྔགས་བཟླས་ལ་འཕངས་པས་དགྲ་བགེགས་ཁ་ཕུང་དུ་བརླག་པར་བསམ། རྩ་བ་ལས། བར་འདིར་ཕུར་པ་གསོ་བར་གསུངས་ཀྱང་། ད་ནི་དགྲ་བགེགས་བསྒྲལ་ཟིན་ནས་བྱ་བ་ཡིན་གྱིས། སྔས་ན་ཕྲིན་ལས་མི་འགྲུབ་པས་བརྟགས་ཏེ་ཤེས་པར་བྱའོ། །ཕྲིན་ལས་རྣམ་པ་བཞི་མཐར་ཕྱིན་པར་བྱ་བའི་ཕྱིར། མནན་གཟིར་དྲག་ཏུ་བྱ། ཞེས་པས་ནང་དུ་ལོག་ལ་གཏོར་གཞོང་ཁ་སྦུབ་པའི་འོག་ཏུ་དགྲ་བགེགས་འགུགས་གཞུག་བྱས་ལ། ཧཱུྃ་ཧ་ཧེ་ཕཊ྄་བྷྱོ་རྃ། ཛཿཧཱུྃ་བྃ་ཧོཿ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །འདོད་ཆགས་རྡོ་རྗེ་འཁོར་དང་བཅས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །སྐད་ཅིག་ཡུད་ལ་དབང་དུ་བསྡུས། །དབང་མཛད་ལྷ་ལ་ཕྱག་འཚལ་བསྟོད། །ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། འཁོར་འདས་ཀྱི་ཆོས་ཐམས་ཅད་བདག་རྡོ་རྗེ་ཆྒཻ་མོའི་དབང་དུ་གྱུར་ཅིག །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཞེ་སྡང་རྡོ་རྗེ་འཁོར་དང་བཅས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཤིན་ཏུ་གདུག་པའི་སེམས་ཅན་ལ། །ཞེ་སྡང་ཆེན་པོའི་ཏིང་འཛིན་གྱིས། །སྐད་ཅིག་ཉིད་ལ་བརླག་མཛད་དེ། །བརླག་པར་མ་གྱུར་གང་ཡང་མེད། །བརླག་མཛད་ལྷ་ལ་ཕྱག་འཚལ་ལོ། །མཱ་ར་ཡ་ཕཊ། བདག་ལ་སྡང་བའི་དགྲ། གནོད་པའི་བགེགས། གདུག་པའི་དབལ། རྣོ་བའི་མཚོན། སྦྱོང་བའི་དུག །ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་བརླག་པར་གྱུར་ཅིག །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །གཏི་མུག་རྡོ་རྗེ་འཁོར་དང་བཅས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཤིན་ཏུ་རྨོངས་པའི་སེམས་ཅན་ལ། །གཏི་མུག་ཆེན་པོའི་ཏིང་འཛིན་གྱིས། །སྐད་ཅིག་ཡུད་ལ་ཞི་མཛད་དེ། །ཞི་བར་མ་གྱུར་གང་ཡང་མེད། །ཞི་མཛད་ལྷ་ལ་ཕྱག་འཚལ་ལོ། །ཕྱིའི་དགྲ་བགེགས་ཐམས་ཅད་ཞི་བར་གྱུར་ཅིག །ནང་གི་ཉོན་མོངས་དུག་ལྔ་ཞི་བར་གྱུར་ཅིག །ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ང་རྒྱལ་རྡོ་རྗེ་འཁོར་དང་བཅས། །སྟོང་གི་འཇིག་རྟེན་རབ་འབྱམས་ན། །ཤིན་ཏུ་དྲེགས་པའི་སེམས་ཅན་ལ། །ང་རྒྱལ་ཆེན་པོའི་ཏིང་འཛིན་གྱིས། །སྐད་ཅིག་ཡུད་ལ་རྒྱས་མཛད་དེ། །རྒྱས་པར་མ་གྱུར་གང་ཡང་མེད། །རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ། །བདག་ཅག་རྣམས་ཀྱི་ཚེ་དང་བསོད་ནམས་དཔལ་དང་འཁོར་དང་ལོངས་སྤྱོད་དང་ཟག་པ་མེད་པའི་ཡེ་ཤེས་ཐམས་ཅད་རྒྱས་པར་གྱུར་ཅིག །པུཥྚིང་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་དངོས་གྲུབ་བླང་བ་ནི། ཧཱུྃ། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ་ཚོགས་དགོངས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །བྱིན་རླབས་དབང་དང་དངོས་གྲུབ་མ་ལུས་སྩོལ། །དྲག་པོའི་སྟོབས་ཀྱིས་དགྲ་བགེགས་བསྒྲལ་བ་དང་། །དངོས་གྲུབ་ཐམས་ཅད་དུས་འདིར་སྩལ་དུ་གསོལ། །ཞེས་དང་། གང་འདོད་གསོལ། ཕྲིན་ལས་བཅོལ་བ་ནི། ཧོཿ བཅོམ་ལྡན་འདས་དཔལ་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱིས་དཔལ་ལྡན་བླ་མ་དམ་པས་གཙོར་མཛད། སངས་རྒྱས་ཀྱི་བསྟན་པ་འཛིན་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་སྐུ་ཚེ་དང་ཕྲིན་ལས་ཀྱི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་དམ་ཚིག་ཉམས་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། མཐོ་རིས་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་བར་དུ་གཅོད་པ། མི་དགེ་བ་དང་། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། གནས་སྐབས་སུ་ལས་དང་ཉོན་མོངས་པའི་དབང་གིས་འབྱུང་བའི་གནོད་པ་དང་། སྡུག་བསྔལ་གྱི་བྱེ་བྲག་གདོན་ཆེན་པོ་བཅོ་བརྒྱད་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། ལོག་འདྲེན་དང་། གཟའ་དང་། རྒྱུ་སྐར་དང་། བྱད་སྟེམས་དང་། ཕ་རོལ་གྱི་རིགས་སྔགས་ལས་གྱུར་པའི་གནོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། མེ་དང་། ཆུ་དང་། ས་གཡོ་བ་ལ་སོགས་པ་འབྱུང་བ་ལས་གྱུར་པའི་གནོད་པ་དང་། ལོ་ཉེས་དང་དགྲའི་གནོད་པ་ལ་སོགས་པ་འཇིགས་པ་ཆེན་པོ་བཅུ་དྲུག་དང་། མི་གེ་དང་། མི་ནད་དང་། ཕྱུགས་ནད་དང་། ནད་བཞི་བརྒྱ་རྩ་བཞི་དང་། དབུལ་ཞིང་ཕོངས་པ་དང་། དུས་མ་ཡིན་པར་འཆི་བའི་སྡུག་བསྔལ་དང་། དེ་དག་གི་རྒྱུ་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཁྱད་པར་དུ་ཡང་ཆྒཻ་མོ་ཞེས་བྱ་བའི་སྔོན་གྱི་ལས་ལས་གྱུར་ཀྱང་རུང་། འཕྲལ་གྱི་རྐྱེན་ལས་གྱུར་ཀྱང་རུང་སྟེ། ཕྱི་ནང་གི་ཉེ་བར་འཚེ་བ་ལུས་སེམས་ལ་གནོད་པར་བྱེད་པའི་གདོན་བགེགས་དང་། ནད་ལ་སོགས་པ་ལུས་ཀྱི་སྡུག་བསྔལ་བ་ཐམས་ཅད་དང་། སེམས་ཀྱི་ཡིད་མི་བདེ་བ་དང་། སྐལ་བ་ངན་པ་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། ལུས་དང་། སྲོག་དང་། ལོངས་སྤྱོད་དང་། སྐལ་བ་དང་། དགེ་བ་སྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། འཇིག་རྟེན་གྱི་ཁམས་འདིར་དུས་ཀྱི་འཁྲུགས་པ་ཞི་བ་དང་། མཚོན་གྱི་བསྐལ་པ་ཉམས་པ་དང་། མཐའི་དམག་དཔུང་བཟློག་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། ཆར་ཆུ་དུས་སུ་འབབ་པར་མཛད་དུ་གསོལ། མདོར་ན་བདག་དང་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་སུ་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་ནས། འོག་མིན་གྱི་མཐར་ཐུག་གི་འཇིག་རྟེན་པའི་དངོས་གྲུབ་མཐའ་དག་འགྲུབ་པ་དང་། མཐར་ཐུག་སྒྲིབ་གཉིས་བག་ཆགས་དང་བཅས་ཞི་བའི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་དར་ཞིང་རྒྱས་པར་མཛད་དུ་གསོལ། འཁོར་འདས་ཀྱི་དཔལ་དང་ཕུན་སུམ་ཚོགས་པ་ཐམས་ཅད་བདག་གི་དབང་དུ་འདུ་བར་མཛད་དུ་གསོལ། བདུད་དང་དགྲ་བགེགས་ནག་པོའི་ཕྱོགས་ཐམས་ཅད་ད་ལྟ་ཉིད་དུ་ཐལ་བར་བརླག་པར་མཛད་དུ་གསོལ། ཞེས་སོགས་འདོད་དོན་གསོལ། བཟོད་པར་གསོལ་བ་ནི། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་སོ་སོའི་སྐྱེ་བོར་གྱུར་པས་སེམས་ཅན་ཉོན་མོངས་པ་ཅན་དུ་གྱུར་ནས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉོན་མོངས་པ་དང་འདྲེས་ཏེ་བག་མེད་པར་གྱུར་པ་དང་། རྣལ་འབྱོར་ལ་དབང་མ་ཐོབ་པས་བྱིང་བ་དང་རྒོད་པའི་དབང་དུ་གྱུར་ཏེ་ཏིང་འཛིན་མི་གསལ་བ་དང་། སྙིགས་མ་ལྔའི་དུས་ཀྱི་དབང་གིས་ཉེ་བར་མཁོ་བའི་ཡོ་བྱད་མ་འབྱོར་པས་མཆོད་རྫས་མ་ཚང་ཞིང་ངན་པ་དང་། བརྗེད་ངེས་པ་དང་། ཤེས་བཞིན་མ་ཡིན་པའི་དབང་དུ་གྱུར་ནས། ཆོ་ག་ལ་ལྷག་པ་དང་། ཆད་པ་དང་། སེར་སྣའི་དབང་གིས་མཆོད་པ་ངན་ཞིང་ཆུང་བ་དང་། གཏི་མུག་གི་དབང་གིས་རྒྱུད་སྡེ་ནས་བྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པ་ཐམས་ཅད་བཟོད་པར་བཞེས་ནས་བདག་ཅག་གི་ལམ་དང་དངོས་གྲུབ་ཀྱི་བར་ཆད་དུ་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ལ། སོ་སོའི་སྐྱེ་བོར་གྱུར་གང་དང་། །རྣལ་འབྱོར་མ་ཐོབ་དབང་གིས་དང་། །ཉེ་བར་མཁོ་བ་མེད་པ་དང་། །བརྗེད་དང་ཤེས་བཞིན་མ་ཡིན་པས། །ཅུང་ཞིག་ཆོ་ག་ཉེར་མ་ཚང་། །དེ་དག་བཀྲུ་ཞིང་བཟོད་པར་གསོལ། །ཞེས་བཟོད་པར་གསོལ་ལོ། །དེ་ནས་རྩ་བ་ལས། དོན་ཆོས་ཉིད་ལས་མི་འདའ་བའི་ཕྱིར་སྐུ་མཆོག་ཤིན་ཏུ་ལེགས་པ་བརྟན། ཅེས་པས། ཡེ་ཤེས་ལྷ་རྣམས་གཤེགས་སུ་མི་གསོལ་ཏེ། །དཀྱིལ་འཁོར་གསུམ་གྱི་ལྷ་རྣམས་ཧཱུྃ་གསུམ་གྱུར། །ཕཊ་སྒྲ་གསུམ་གྱིས་དེ་ལས་འོད་འཕྲོས་ཏེ། །དོན་གཉིས་བྱས་འདུས་ཧཱུྃ་ཡིག་གསུམ་ལ་ཐིམ། །གཉིས་པོ་བདག་ཉིད་རྩ་བའི་ཧཱུྃ་ལ་ཐིམ། །དེ་ཡང་ཞབས་ནས་ནཱ་དའི་བར་དུ་ཐིམ། །ནཱ་ད་ཆོས་དབྱིངས་དག་པའི་ངང་དུ་ཐིམ། །དེ་ཡང་སློབ་དཔོན་ཆེན་པོས་རྩ་བ་རྣལ་འབྱོར་ལམ་གྱི་རིམ་པ་ལས། རང་བཞིན་སེམས་ཀྱི་ཆོས་ཉིད་ནི། །མ་བཅོས་ལྷུག་པར་གནས་པའི་དོན། །རྟག་ཆད་དངོས་པོའི་མཐའ་སྤངས་ཤིང་། །བརྗོད་བྲལ་མུ་བཞི་ལས་འདས་པ། །རྩོལ་མེད་གནས་པའི་ཆོས་ཉིད་དེ། །ཕུར་པ་ཞེས་ནི་དེ་ལ་བྱ། །ཞེས་གསུངས་པའི་དོན་ལ་གནས་པར་བྱའོ། །རྩ་བ་ལས། རྟག་པ་ཆེན་པོ་རྒྱུན་གྱི་ཏིང་འཛིན་བསྒོམ། །ཞེས་པས་དེ་ལྟ་བུའི་ཆོས་ཉིད་ཀྱི་ངང་ནས། །ཧཱུྃ་ཧཱུྃ་ཞེས་པས་ཧཱུྃ་ཡིག་བསྒྲིག་མར་གྱུར། །འོད་འཕྲོས་དོན་བྱས་འདུས་ནས་ཧཱུྃ་ཡིག་གཉིས། །གཙོ་བོ་ཡབ་ཡུམ་གྱུར་པའི་སྤྱི་བོ་རུ། །ཟླ་སྟེང་ཧ་བསམ་རྒྱ་གྲམ་ཕྱག་རྒྱ་བཅིངས། །ཀརྨ་སཏྭ་ཧ་ཧ། རང་ལུས་རྡོ་རྗེའི་གོ་ཆས་གཏམས་པར་བསམ། །མཛུབ་མོ་གཉིས་ལ་ཉི་དལ་རེ་རེའི་སྟེང་། །རྡོ་རྗེ་གནོད་སྦྱིན་སྔོན་པོ་མཆེ་བ་འཛིན། །བདུད་རྩི་ཐབས་སྦྱོར་དམར་པོ་རྒྱ་གྲམ་བསྣམས། །བཛྲ་ཀཱ་ཝཱ་ཙི་ཡཀྵ་རཀྵ་ཧཱུྃ། མཛུབ་མོ་ལྟེ་བར་བཏུད་པས་ཁྲོ་བོ་གཉིས། །རྒྱབ་སྤྲོད་བཞུགས་ནས་བར་ཆད་བསྲུང་བར་མོས། །དྲུག་མདོ་སྙིང་ག་སོག་པ་མཚོག་མ་ལྟག །རེག་ཅིང་ཁྲོ་བོ་རྒྱབ་སྤྲོད་བཞུགས་པར་བསམ། །རཏྣ་མུ་ཀུ་ཊཾ། རིན་ཆེན་ཕྱག་རྒྱ་མགོ་བོའི་གནས་ལྔར་གཏུག །རིན་པོ་ཆེ་ཡི་དབུ་རྒྱན་ཉིད་དུ་བསམ། །ཏུཥྱ་ཧོ་ཞེས་དགྱེས་པའི་ཐལ་མོ་བརྡབ། །ལེ་བརྒན་དམར་མཐིང་གིས་ནི་དབང་བསྐུར་བསམ། །ཨཱ་ལི་ཀཱ་ལི་དང་ཡི་གེ་བརྒྱ་པ་བརྗོད་ལ་ལྷག་ཆད་བསྐང་། འདིར་བླ་མ་ཇོ་ལྕམ་ལ་སོགས་པ་སློབ་དཔོན་སྔ་རབས་པ་དག །རྟག་པ་ཆེན་པོ་རྒྱུན་གྱི་ཏིང་ངེ་འཛིན་ཞེས་པ་དེ་ལུས་བསྲུང་བ་ལ་འདོད་པ་ལྟར་བྲིས་པ་ཡིན་ལ། རང་ལུགས་ལ་ནི་ལུས་བསྲུང་བ་དང་། དེའི་རྗེས་བསྔོ་བའི་བར་ཟིན་པ་དང་། རྒྱུན་གྱི་རྣལ་འབྱོར། སྣོད་ཀྱི་འཇིག་རྟེན་རྡོ་རྗེ་ཕུར་པའི་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ཐམས་ཅད་རྡོ་རྗེེ་གཞོན་ནུ་ཡབ་ཡུམ། སྒྲ་གྲགས་ཐམས་ཅད་ཀཱི་ལ་ཡའི་རང་སྒྲ། སེམས་ཀྱི་དྲན་རྟོག་ཐམས་ཅད་སྟོང་གསལ་རྗེན་པ་སྟེ། རྡོ་རྗེ་གཞོན་ནུའི་ཐུགས་སུ་ལམ་དུ་ཁྱེར་བ་ལ་འདོད་པ་ཡིན་ནོ། །དེ་ནས་བསྔོ་བ་ནི། ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལེའུ་བཅུ་བདུན་པ་ལས། ཁྲག་འཐུང་རིགས་སུ་སྐྱེས་ནས་ཀྱང་། །མཉམ་མེད་རྡོ་རྗེ་གཞོན་ནུ་སྟོན། །སྙིང་རྗེ་ལྡན་ཞིང་བླ་མར་གུས། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་ན་རྡོ་རྗེ་ཕུར་བུ་འཛིན། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་དང་། དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན། །བདུད་ལས་ནམ་རྒྱལ་བར་ཆད་ཀུན་ཞི་ཞིང་། །རྡོ་རྗེ་གཞོན་ནུ་མྱ་ངན་འདས་པའི་སར། །འབྲས་བུ་བྱང་ཆུབ་ངེས་པར་བརྙེས་གྱུར་ཅིག །ཅེས་དགེ་བ་བསྔོ། དེ་ནས་བཀྲ་ཤིས་རྒྱས་པར་བྱའོ། །དེ་ལྟར་དཔལ་ལྡན་རྡོ་རྗེ་ཕུར་བུ་ཡི། །ལས་བྱང་ཆོབ་ཁྲིགས་གསལ་བར་བཀོད་པ་འདི། །ཨོ་རྒྱན་ཆེན་པོའི་རྩ་བ་ལ་བརྟེན་ཅིང་། །ཇོ་ལྕམ་གྱིས་ཕྱུང་ལང་ལབ་སྣ་ནམ་དང་། །ཁྱད་པར་མཁས་བའི་མཁས་པ་རོང་ཟོམ་གྱིས། །གཞུང་ལས་བཏུས་ཏེ་ཡི་གེར་བཀོད་པ་འདི། །ཚུལ་འདིར་མོས་པའི་བནྡེ་མ་ཏིས་སྦྱར། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །ལམ་མཆོག་རྡོ་རྗེའི་ཐིག་ལེའི་སྒོར་ཞུགས་ཏེ། །རྒྱལ་བ་དགྱེས་པའི་ཕྲིན་ལས་མཐར་དབྱུང་ནས། །རྡོ་རྗེ་གཞོན་ནུའི་གོ་འཕང་མྱུར་ཐོབ་ཤོག །རྡོ་རྗེ་ཕུར་པའི་ལས་ཀྱི་བྱང་བུ་འབྲིང་པོར་བཀོད་པ་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ། རིག་པ་འཛིན་པའི་དགེ་སློང་ནམ་མཁར་སྤྱོད་པས་ཡོས་བུའི་ལོ་མཆུ་ཉ་བའི་ཚེས་ཉེར་ལྔ་ལ་རྫོགས་པར་བཀོད་པའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པ་དང་། སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ལ་དུས་ཀུན་ཏུ་ལོངས་སྤྱོད་པར་གྱུར་ཅིག། །།

དཔལ་རྡོ་རྗེ་ཕུར་པའི་གཞུང་ཕྱོགས་གཅིག་གི་བཀོལ་བྱང་ལུགས་གཅིག

དཔལ་རྡོ་རྗེ་ཕུར་པའི་གཞུང་ཕྱོགས་གཅིག་གི་བཀོལ་བྱང་ལུགས་གཅིག་བཞུགས་སོ། །ཕུར་བུ་སྒྲུབ་པའི་རྣལ་འབྱོར་བ་རྣམས་ཀྱི་བྱ་བ་རྣམ་པ་གསུམ་སྟེ། བསྙེན་པ་དང་། སྒྲུབ་པ་དང་། ལས་ལ་སྦྱར་བའོ། །དེ་ལ་བསྙེན་པའི་ཚེ་དང་པོ་དབང་དང་དམ་ཚིག་མནོས་ཏེ། དེ་ནས་དུས་སམ་གྲངས་སམ་མཚན་མ་ལ་དམ་བཅའ་སྟེ། དེ་ཡང་དུས་ལ་འཆའ་ན་རང་གི་ནུས་པ་དང་སྦྱར་ནས། ལོ་ཟླའི་གྲངས་ཚད་འདི་ཙམ་ཞིག་ཏུ་བསྙེན་པ་བྱའོ་ཞེས་དམ་བཅས་ལ། ཁས་ཇི་ལྟར་བླངས་པ་ལས་ཅུང་ཟད་ཀྱང་མ་ཉམས་པར་བྱའོ། །དེའི་དུས་སུ་ཉིན་ཞག་རེ་ལ་མཆོད་པ་དང་བཟླས་བརྗོད་ཏིང་ངེ་འཛིན་གསུམ་ཡང་དང་པོ་ནུས་ཐང་གི་ཚད་གཅིག་བཟུང་ལ་དེ་ལས་མ་ཉམས་པར་བྱའོ། །གལ་ཏེ་གྲངས་ལས་དམ་འཆའ་ན་ས་ཡ་མན་ཆད་ནས་བྱེ་བ་ཕྲག་གཅིག་གམ། གལ་ཏེ་དངོས་གྲུབ་ཆེན་པོ་འདོད་ན་དབྱེ་བ་ཕྲག་ལྔའི་བར་དུ་བཟླས་སོ་ཞེས་འབྱུང་ངོ་། །མཚན་མ་ལ་དམ་འཆའ་ན། ཏིང་ངེ་འཛིན་གྱི་མཚན་མའམ། ཕྱི་རོལ་གྱི་རྟགས་གཅིག་མ་ཐོན་བར་དུ་བསྙེན་པ་མི་བཏང་བ་སྟེ། འདི་ནི་གང་ཟག་རབ་ཀྱི་སྤྱོད་ཡུལ་ལོ། །དེ་དག་གི་དུས་སུ་ཡང་མཆོད་པ་དང་ཏིང་ངེ་འཛིན་དང་བཅས་པའོ། །དེ་ལྟར་བསྙེན་པ་རྫོགས་ནས་སྒྲུབ་པ་ལ་འཇུག་པར་བྱ་སྟེ། དུར་ཁྲོད་དམ་རི་བོ་འདུས་པའི་རྩེ་ལ་སོགས་པ་བཀྲ་ཤིས་པའི་གནས་སུ་དུས་ཚོད་དང་སྦྱོར་བ་བཟང་པོ་ལ་དཀྱིལ་འཁོར་ཚུལ་བཞིན་བྲིས་ཏེ། དབུས་སུ་ཕུར་པ་བཀོད་ནས་དང་པོར་མཆོད་པ་ཆེན་པོར་བྱས་ཏེ། དེ་ནས་བཟླས་བརྗོད་ཏིང་ངེ་འཛིན་འབའ་ཞིག་ལ་ཞུགས་ནས་ཟླ་བ་དྲུག་ཏུ་གཡེང་བ་མེད་པར་བཟླས་པ་བྱའོ། །དེ་ནས་ནུབ་ཐ་མའི་ཐོ་རངས་སྐྱ་རེངས་ཤར་ཙ་ན། གལ་ཏེ་དངོས་གྲུབ་རབ་ཏུ་ཐོབ་ན་ནི་ཕུར་པ་འཕར་ཞིང་མེ་ལྟར་འབར་བར་འགྱུར་ཏེ། དེའི་ཚེ་ཡིད་གཉིས་མེད་པར་བྱས་ཏེ། རྡོ་རྗེ་གཞོན་ནུ་ལ་ཕྱག་བཙལ་ནས་རང་གི་ལུས་ཕུལ་ཏེ་ཕུར་པ་ལག་པ་གཡས་པར་བླང་བས་རིག་འཛིན་གྱི་རྒྱལ་པོར་འགྱུར་ཏེ། སངས་རྒྱས་རྣམས་ཀྱི་ཞལ་མཐོང་བ་ལ་སོགས་པར་འགྱུར་རོ། །གལ་ཏེ་དུ་བ་བྱུང་ན་ནི་མི་སྣང་བ་ལ་སོགས་པ་ཐོབ་བོ། །གལ་ཏེ་དྲོ་བར་གྱུར་ན་ནི་རྐང་མགྱོགས་ལ་སོགས་པ་ཐོབ་བོ། །གལ་ཏེ་གྲུབ་པར་མ་གྱུར་ན་ཡང་ལས་ཕྲ་མོ་འགྲུབ་པར་འགྱུར་ཏེ། ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་ལ་སོགས་པ་བཏབ་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །དངོས་གྲུབ་འདོད་པ་རྣམས་ཀྱི་ནི་དང་པོ་གྲུབ་པར་མ་གྱུར་ཀྱང་སྤོགས་པའི་ཆོ་ག་ལན་གསུམ་དུ་བསྐྱར་བས་འབྱུང་ངོ་། །འདི་ནི་སྒྲུབ་པའི་ཆོ་གའོ། །ལས་ལ་སྦྱར་བ་ནི། དངོས་གྲུབ་ཐོབ་པ་རྣམས་ཀྱི་ནི་བསམ་པ་ཙམ་དང་། ཕུར་པ་བཏབ་པ་ཙམ་གྱིས་ཇི་ལྟར་འདོད་པ་བཞིན་འགྱུར་རོ། །ལས་ཕྲ་མོ་གྲུབ་པ་རྣམས་ཀྱིས་ནི་དང་པོ་ལྷ་ལ་མཆོད་པ་བྱ་སྟེ། དེ་ནས་སྔགས་བརྒྱ་རྩ་བརྒྱད་དམ། སྟོང་རྩ་བརྒྱད་དམ། འབུམ་ཡན་ཆད་བཟླས་ཏེ་བསྒྲུབ་བྱའི་གཟུགས་བརྙན་ལ་ཕབ་པས་ཞི་བ་དང་དྲག་པོ་ལ་སོགས་པའི་ལས་འགྲུབ་པར་འགྱུར་རོ། །ཚུལ་འདི་རྣམས་ནི་བཀའ་བཞིན་བྱེད་ནུས་པའི་གང་ཟག་གི་དབང་དུ་བྱས་པ་ཡིན་ནོ། ༈ །ད་ནི་གང་ཟག་དམན་པ་རྣམས་ཀྱི་བྱ་བ་བཤད་པ་སྟེ། དེ་ལ་གང་ཟག་ནུས་པ་ཆུང་བ་ཡུན་རིང་པོར་སྒྲུབ་མི་ནུས་པ་རྣམས་ཀྱི་ནི། དང་པོར་བསྙེན་སྒྲུབ་གོ་ཆུ་རུབ་ཏུ་བྱ་སྟེ་དབང་དང་དམ་ཚིག་མནོས་པའི་རྗེས་ལ་ལོ་ཟླ་ཇི་ཙམ་ནུས་པ་གཅིག་ཏུ་ཉིན་ཞག་རེ་ལ་ཡི་དམ་ནར་མ་ནས་འབྱུང་བ་བཞིན་དུ་སྒོམ་པ་དང་མཆོད་པ་དང་བཅས་བཟླས་བརྗོད་ཇི་ལྟར་ནུས་པའི་གྲངས་ཚད་བཟུང་ལ་བྱའོ། །དེའི་དུས་སུ་དཀྱིལ་འཁོར་དང་ཕུར་བུ་ནི་ལྷག་པར་རྟེན་དུ་བཙུགས་ཀྱང་ཉེས་སྐྱོན་མེད་ལ། འབྱོར་ན་རྡུལ་ཚོན་གྱི་དཀྱིལ་འཁོར་སྟེང་དུ་སྐུ་གཟུགས་བཀྲམ་སྟེ་མདུན་དུ་ཕུར་བུ་བཀོད་ན་ཡང་ལྷག་པར་བཟང་ངོ་། །དེ་ལྟར་དམ་བཅས་པ་རྫོགས་ནས། གལ་ཏེ་དགྲ་བགེགས་ལྟ་བུ་འདུལ་དུ་ཡོད་ན་ནི་དེ་ཉིད་ཀྱི་རྗེས་ལ་ལས་ལ་སྦྱར་བར་བྱའོ། །གདུག་པ་འདུལ་དུ་མེད་ན་ནི་དེའི་ནུབ་ཐ་མ་ལ་དངོས་གྲུབ་བླངས་ཏེ། ཕུར་པ་ལག་ཏུ་བླངས་ནས་དེ་ནས་ས་ལ་མི་བཞག་པར་དར་མཐིང་ག་ལ་སོགས་པ་གོས་བཟང་པོས་དྲིལ་ཏེ་གབ་ཙེ་ལ་སོགས་པ་སྣོད་བཟང་པོར་སྦས་ལ། གནས་གཉན་རིས་སུ་བཞག་ནས་ཕྱིས་དོན་ཆེན་པོའི་ལས་ལ་སྦྱར་བར་བྱས་ཏེ། བྱ་བ་ཕྲན་ཚེགས་ལ་མི་སྤྱོད་དོ། །བཟླས་བརྗོད་ཀྱི་སྔགས་འཕྲལ་གྱི་བྱ་བ་ཕྲན་ཚེགས་ལ་སྤྱད་ན་དོན་ཆེན་པོ་ལ་མཐུ་ཆུང་བར་འགྱུར་རོ། །སྒྲུབ་པའི་ལྷ་དང་བསྙེན་པའི་སྲུང་མ་རྣམས་ཀྱང་བྱ་བ་ཕྲ་མོ་མང་པོ་ལ་བསྐུལ་ན་དོན་ཆེན་པོ་ལ་མཐུ་ཆུང་བར་འགྱུར་རོ། །འདི་ནི་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཡིན་ཏེ། སྒྲུབ་པའི་རྗེས་ལ་ཡང་ཡི་དམ་ནར་མར་བཟུང་སྟེ་བསྲུང་བ་དང་གསོ་བའི་ཆོ་ག་བྱའོ། ༈ །ད་ནི་དངོས་གྲུབ་མ་ཐོབ་ཅིང་དམན་པ་རྣམས་ཀྱི་ལས་ལ་སྦྱོར་བའི་ཆོ་ག་བཤད་དེ། དེ་ལ་དྲག་པོ་ཕྲིན་ལས་ཀྱི་གནས་ནི། སྔོན་གཡུལ་ཆེན་པོ་བཅས་ཤིང་སྐྱེ་བོ་མང་པོ་བསད་པའི་གནས་སམ། སྔོན་གྱི་ལམ་རྒྱ་གྲམ་མམ། ཤིང་རྐང་གཅིག་དང་། ལིདྒ་གཅིག་པ་དང་། མ་མོའི་གནས་ལ་སོགས་པ་འབྱུང་པོ་གནས་པའི་ས་དང་། གནམ་སའི་དབྱིབས་ཀྱང་གྲུ་གསུམ་དང་། ལྟོ་རལ་དང་གཅན་གཟན་གདུག་པའི་ཁ་འདྲ་བ་ལ་སོགས་པ་རྣམས་སུ་སྦྲ་གུར་ལ་སོགས་པ་བཅས་ཏེ་བྱའོ། །ཡང་ན་དེའི་ཉེ་འཁོར་གཅིག་ཏུ་ལས་ལ་སྦྱར་བར་བྱ་སྟེ། དེར་མནན་པ་བྱས་ན་ཡང་བཏུབ་བོ། །དེ་ལ་ལས་ཀྱི་གོ་རིམ་ནི། དང་པོར་གནས་དེར་བཅས་ཏེ། མཆོད་པ་རྣམ་པ་ལྔ་དང་སྦྱིན་གཏོར་དང་། ཆང་ཕུད་རིན་པོ་ཆེ་དང་བཅས་པ་བཤམས་ཏེ་འཕགས་པ་མཆོད་པ་དང་། འགྲོ་བ་སྤྱིར་སྦྱིན་གཏོང་བ་དང་། བགེགས་རིགས་ལ་སྤྱི་གཏོར་བསྔོ་བ་དང་། བསྒྲུབ་བྱའི་ཕོ་ལྷ་དང་སྲོག་ལྷ་སོགས་ལྷ་རྣམས་ལ་སྦྱིན་གཏོར་བསྔོས་ཏེ། མ་ཉེས་པའི་དཔང་གཟུགས་ཤིང་བསྒྲུབ་བྱའི་སྟོང་གྲོགས་མི་བྱེད་པར་བཀའ་བསྒོའོ། །གནས་དེའི་བགེགས་ལ་ཡང་ཁྱད་པར་དུ་སྦྱིན་གཏོར་མང་པོ་སྩལ་ཏེ་བདེན་པ་བརྡར་ལ། ཁྱོད་ཀྱི་གནས་འདི་ནི་དུས་ཚོད་འདི་ཙམ་ཞིག་ཏུ་བདག་ལ་གཡར་དགོས་ཀྱི། དེའི་བར་དུ་བདག་ལ་ཕྲག་དོག་མ་བྱེད་པར་བདག་གི་ལས་ཀྱི་གྲོགས་གྱིས་ཤིག །ལས་གྲུབ་མ་ཐག་ཏུ་རང་གི་གནས་མྱུར་དུ་སྦྱིན་ནོ་ཞེས་བསྒོའོ། །དེ་ནས་ལས་སྒྲུབ་སྤྱི་དང་མཐུན་པར་རྒྱལ་པོ་ཆེན་པོ་བཞི་ལ་ཕྱི་མཚམས་བཅོལ་བ་དང་། ནང་མཚམས་དག་ཅི་རིགས་བགྱིས། ས་བྱིན་གྱིས་བརླབ་པ་དང་། དཀྱིལ་འཁོར་ཆག་ཆག་བཏབ་པ་ཡན་ཆད་སྤྱི་དང་མཐུན་པར་ཅི་ནུས་བགྱིས། དེ་ལ་དལ་བྲི་བའི་དུས་ནི། དུས་ནུབ་མོ་བྲི་ཞེས་འབྱུང་ནའང་གནས་དང་དུས་སྐབས་ཀྱིས་སྦྱར། དེ་ལ་ཐིག་བཏབ་པས། འཁོར་ལོ་རྩིབས་བརྒྱད་ཁམས་གཅིག་སྒོ་དང་བཅས་པའི་ཐིག་བཏབ། ཚོན་དགྱེ་བ་ནི། དབུས་ཀྱི་མ་ལྟེ་བ་ནག་པོ་བྱ་སྟེ། དབུས་སུ་དམར་ནག་གྲུ་གསུམ་གཅིག་བྱ། འཁོར་ལོ་རྩིབས་རིགས་དང་བསྟུན་ལ། དཀྱིལ་དུ་དམར་ནག་གྲུ་གསུམ་རེ་གྲུ་ཆད་དུ་བྱ། དབལ་ཀ་དམར་པོ་བྱ་སྟེ། དེ་ལ་ཡང་དམར་ནག་གྲུ་གསུམ་རེ་བྱ། གྲུ་ཆད་རཀྟའི་རྒྱ་མཚོ་བྲིས། ཁྱམས་སེར་པོ་བྱ། སྒོ་ཕྱོགས་དང་བསྟུན། ཕྱི་རོལ་ལ་ལྕགས་རི་དང་མེ་རི་བྱའོ། །དེ་ནས་ཕྱག་རྒྱ་དགོད་པ་ནི། ཡུམ་རྣམས་ཀྱི་ཕྱག་རྒྱ་ནི་དམར་ནག་གྲུ་གསུམ་ཉིད་ཡིན་པས་གུད་དུ་དགོད་མི་དགོས་ཞེས་བཤད། ཡབ་ཉི་ཤུ་རྩ་གཅིག་དང་སྒོ་མ་བཞིའི་ཕུར་པ་ལ་དར་ལེ་བརྒན་གྱི་ཅོད་པན་བཏགས་ཏེ། དེ་ལ་དབུས་སུ་གཙོ་བོའི་ཕུར་པ་དགོད། རྩིབས་བརྒྱད་ལ་ཕྱོགས་ཀྱི་ཁྲོ་བོའི་ཕུར་པ་དགོད། དབལ་ཁ་བརྒྱད་ལ་ཕྱོགས་ཀྱི་ཟ་བྱེད་ཀྱི་ཕུར་པ་བཀོད། སྟེང་འོག་གི་ཁྲོ་བོ་ཟ་བྱེད་དང་བཅས་པ་ནི་ཤར་ནུབ་ཀྱི་རྩིབས་ལྟེ་བའི་མདུན་རྒྱབ་ཏུ་དམར་ནག་གྲུ་གསུམ་རེའི་སྟེང་དུ་བཀོད། ཤར་ལྷོར་བྱབས་ཕུར་ཏེ་བྱ་རྒོད་ཀྱི་གཤོག་ཟུར་གྱི་ཕུར་པ་བཀོད། ལྷོ་སྒོར་བསྡིགས་ཕུར་ཏེ་སྐྱེར་ཕུར་བཀོད། ནུབ་སྒོར་དབང་ཕུར་ཏེ་ཟངས་སམ་ཤིང་དམར་པོའི་ཕུར་པ་བཀོད། བྱང་དུ་སྒྲོལ་ཕུར་ཏེ་མཆོག་ཕུར་བཀོད། ཁྱམས་ལ་ཕུར་བུའི་སྲུང་མ་རྣམས་ཀྱི་རྟེན་བཀོད་དེ་ལྷག་པར་ཡང་བསྭེའི་ལྷ་མོ་རྣམས་ཀྱི་རྟེན་བསྭེ་ཕོར་བཞིའི་ནང་དུ་མཚམས་བཞིར་ཁྲག་དང་ཞག་དང་མར་ཁུ་དང་འོ་མ་རྣམས་སོ་སོར་བཀང་སྟེ་བཞག་གོ། །ལྕགས་རི་ལ་དབང་ཕྱུག་མའི་རྩང་བཀོད་ཀྱང་ཉེས་པ་མེད་དེ། སྤྱིར་དཔལ་གྱི་འཁོར་གྱི་མཁའ་འགྲོ་མ་མོའི་གཙོ་མོ་ཡིན་པས་སོ་ཞེས་ཀྱང་བཤད། ཕུར་བུའི་དལ་གྱི་ལྷར་མ་སྨྲོས་པས་ལྷག་པར་མ་བཀོད་ཀྱང་ཉེས་པ་མེད། ཕྱག་རྒྱ་འདི་རྣམས་བཀོད་པ་སོ་སོའི་དལ་གྱི་སྙིང་པོ་བརྗོད་ཅིང་དགོད་པའམ། ལྷ་བཞུགས་སུ་གསོལ་བའི་སྐབས་ནས་འབྱུང་བའི་ཚིག་དང་། སྔགས་ཀྱིས་དགོད་པ་ཅི་དགར་བྱའོ། །ལིདྒ་དང་བྲུབ་ཁུང་བཅའ་བ་ནི། གང་དུ་མནན་པའི་ས་ཉིད་དུ་གནས་བཅས་པ་ཡིན་ན་ནི། དང་པོ་དལ་བྱེད་པའི་ཚེ། དལ་གྱི་དབུས་སུ་དང་པོ་གྲུ་གསུམ་ཁྲུ་གང་པ་ཅིག་བརྐོས་ཏེ། དེ་ལ་ཁ་ཁྱེར་བཏགས་པ་དེ་ལ་བསྐོར་ཏེ་འཁོར་ལོའི་ལྟེ་བ་བྱའོ། །གཞན་དུ་གནོན་ན་ནི་སྔ་མ་བཞིན་དུ་བྱའོ། །ལྷོ་ནུབ་ཀྱི་གྲར་བྲུབ་ཁུང་གཅིག་བྱ་སྟེ། དེར་ཚོགས་མཆོད་ཀྱི་དུས་སུ་བསྟབ་པའི་ལས་བྱའོ། །ལིདྒའི་རྒྱུ་ཡང་རྣམ་པ་གཉིས་ཡིན་ཏེ། མནན་པའི་ལིདྒ་ནི་ཕུན་སུམ་ཚོགས་པ་ནས་འབྱུང་བ་བཞིན་དུ་བྱ་སྟེ་དཀར་ནག་གིས་བཏགས་ནས། དབུས་ཀྱི་ཨེའི་སྟེང་མགོ་ལྷོ་ནུབ་ཏུ་བསྟན་ཁ་སྦུབ་དུ་བཞག་སྟེ་མགོ་བོ་གིང་ཕུར་ལ་གཏད་དོ། །ནང་ནུབ་ཚོགས་མཆོད་ཀྱི་དུས་སུ་བསྟབ་པའི་ལིདྒ་ནི། གྲོ་གའམ་ཤིང་ལོའམ་ཤོག་ཤོག་ལ་སོགས་པར་བྲིས་ཏེ་ལྷོ་ནུབ་ཀྱི་བྲུབ་ཁུང་དུ་བཅུག་ལ། ཚོགས་མཆོད་རེ་རེ་ཞིང་ལིདྒ་གསར་པ་རེ་རེ་ལ་འགུགས་འདྲེན་བྱ་ཞིག་ཕུར་པ་གཞན་གྱི་བཏབ་སྟེ། མཇུག་ཐོན་ཁར་གཏོར་མ་ཆ་གཅིག་སྦྱིན་སྲེག་བྱེད་པའི་སྐབས་སུ་ཧོམ་དུ་བསྲེག་གོ། །དབུས་ཀྱི་ལིདྒ་ནི། ནུབ་ཐ་མ་ལ་སྒྲུབ་ཕུར་ཉི་ཤུ་རྩ་གཅིག་བཏབ་སྟེ་ཕུར་པ་དང་བཅས་ནས་མནན་པ་བྱས་ལ། དེ་ཡང་སྟབས་བདེ་ན་མནན་པ་བྱས་པའི་ས་ཉིད་དུ་དཀྱིལ་འཁོར་བྱ་སྟེ། དེའི་དཀྱིལ་དུ་གྲུ་གསུམ་བྱས་པའི་ནང་དུ་དང་པོ་ཁ་སྦུབ་ཏུ་བཞག་པ་དེ། ནུབ་ཐ་མ་ལ་འདེབས་ཁར་གན་རྐྱལ་དུ་བཞག་སྟེ་ཕུར་པ་བཏབ་ལ། དེ་ཉིད་དུ་ཕུར་པ་དང་བཅས་ནས་ཕུན་སུམ་ཚོགས་པ་ནས་འབྱུང་བ་བཞིན་དུ་མནན་པ་བྱས་ཏེ་བཞག་གོ། །ནམ་རྟགས་འབྱུང་བ་དང་སླར་ཕྱུང་སྟེ་གསོ་བའི་ཆོ་ག་བྱའོ། །དམ་རྫས་ནི་བདུད་རྩི་རྣམ་པ་ལྔ་དང་། ཚོགས་ཀྱི་མཆོད་པ་དང་། རྨད་དུ་བྱུང་བའི་གཏོར་མ་དང་། སྤྱིའི་ཡོ་བྱད་ཇི་ལྟར་འབྱོར་པ་བཞིན་དུ་བཤམ་མོ། །དམ་ཚིག་གི་སྲུང་མ་རྣམས་ཀྱི་ཁྱད་པར་གྱི་རྫས་འབྱོར་ཡང་བཟང་ངོ་། །དེ་ལྟར་སྤྱིའི་ལས་མདེའུ་བརྐོོས་ཙམ་བསྟན་ནས། ཆོ་ག་ལ་འཇུག་པའི་རིམ་པ་བསྟན་ཏེ། ཡང་མཚམས་བཅད་པ་དང་། དམ་ཚིག་གི་ཕྱག་རྒྱ་དང་། སྒོ་དབྱེ་བ་དང་། མཆོད་རྫས་བྱིན་གྱིས་བརླབ་པ་དང་། མཆོད་པ་དལ་དུ་བཀོད་པ་རྣམས་སྤྱིའི་ཆོ་ག་ཡིན་པས་ཇི་ལྟར་ནུས་ཤིང་འཚམས་པ་ལྟར་བགྱིས་པའི་རྗེས་ལ་ཆོ་ག་གཞུང་ལ་ཞུགས་ཏེ་བདག་རྩ་བའི་དལ་དང་། ཕྱོགས་བཅུ་ཁྲོ་བོའི་དལ་བསྐྱེད་པའི་རྗེས་ལ་ལྕགས་སྣ་ལྔ་ལས་བྱས་པའམ། སེང་ལྡེང་ངམ་ཤིང་གདུག་པ་ལ་བྱས་པའི་ཕུར་པ་སོར་བཅུ་གཉིས་པ་ཉི་ཤུ་རྩ་གཅིག་ཤིང་ཤུན་ནམ་བནྡེའི་དབུས་སུ་བཞག་སྟེ། བྱིན་གྱིས་བརླབ་པ་ཕུན་སུམ་ཚོགས་པ་ནས་འབྱུང་བ་བཞིན་དུ་བྱ་སྟེ་ཚོན་སྐུད་ཀྱིས་བཅིངས་ལ། དབུས་ཀྱི་ཨེའི་ནང་གི་ལིདྒའི་སྟེང་དུ་རྩེ་མོ་ཅུང་ཟད་མ་རེག་པ་ཙམ་དུ་བྱས་ཏེ་བཞག་གོ། །དེ་ནས་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། སྨན་མཆོད་ཡན་བགྱིས་ལ། དེ་ནས་ཚོགས་ཀྱི་མཆོད་པ་ཕུལ་ཏེ། ཚོགས་ལ་རོལ་ཁར་ཚོགས་དེ་ཡང་བསྒྲུབ་བྱར་བྱིན་གྱིས་བརླབས་ལ་བསྒྲལ་ལ་ཕུད་བཀྲོལ་ཏེ་ཆ་གསུམ་དུ་བཅད་ལ། དང་པོ་མཆོད་པར་འབུལ། ཆ་གཉིས་པ་བཤགས་པར་འབུལ། ཆ་གསུམ་ལྷོ་ནུབ་མཚམས་ཀྱི་བྲུབ་ཁུང་དུ་བླུག་སྟེ། རྣལ་འབྱོར་པ་རྣམས་ཀྱིས་ཕོ་ཉ་དྲག་ཏུ་བསྐུལ་ཞིང་འགུག་འདྲེན་བྱས་ལ། ཕུར་པ་ཐ་མལ་པ་གཞན་གྱིས་ལིདྒ་དང་ཟས་སུ་བཅས་པ་ལ་བསྟབ། དེ་ནས་ཕུར་པ་ཕྱུངས་ཏེ་ལིདྒའི་དུམ་བུ་བྲུབ་ཁུང་དུ་བཞག་ལ་ཟས་རྣམས་ཕྱུངས་ཏེ་གཏོར་མར་བསྟབ་པར་བྱའོ། །དེ་ནས་རྣལ་འབྱོར་པ་རྣམས་ཚོགས་ལ་རོལ་ཏེ། རྗེས་ཆད་དབུགས་ཕྱུང་བ་དང་གཏོར་མ་མཚམས་སྦྱར་ཏེ། སྔ་མ་བཏང་ཕྱི་མ་དལ་དུ་ཕུལ་ལ། གཏོར་མ་བཏང་བ་ལ་ལྷག་མའི་མཆོད་སྦྱིན་བཟང་པོར་སྦྱར་ཏེ། གཏོར་མའི་མགྲོན་གྱི་གནས་རྣམས་རེ་རེ་ལ་ཡང་དམར་གྱི་ཨརྒྷ་སྦྲེང་ཞིང་སྤྱན་དྲངས་པ་དང་། མཆོད་པ་འབུལ་བ་དང་། བཤགས་པ་བྱ་བ་དང་། ཕྲིན་ལས་བཅོལ་བ་རྣམས་བྱའོ། །ཕྲིན་ལས་ལ་ཡང་ཕོ་ཉ་དགུག་ཅིག་གཏོར་མ་ལ་ཡང་བསྒྲུབ་བྱ་བསྟིམ་པ་དང་། ཕུར་པ་བཏབ་པ་དང་། ཞལ་དུ་བསྟབ་པ་དང་། སྨོན་ལམ་བཏབ་པ་རྣམས་འཚམས་པར་བྱའོ། །དེ་ལྟར་ཉིན་ཞག་ཕྲུག་གཅིག་ལ་དུས་མཚམས་བཞིར་མཆོད་པ་བཞི་བྱ། ནམ་གྱི་མཐར་གཏོར་མ་རེ་བཏང་། སྲོད་དང་སྔ་དྲོ་ལ་དབུས་ཀྱི་སྒྲུབ་ཕུར་ཉི་ཤུ་རྩ་གཅིག་ལ་བྱིན་རླབས་ཐེབས་རེ་བྱ་སྟེ། གུ་གུལ་སྦྱར་མས་བདུག་ཅིང་སྔ་མ་བཞིན་དུ་དབུས་སུ་བཞུགས་སུ་གསོལ། དེ་ལྟར་ཞག་གསུམ་མམ་ལྔ་བྱས་པའི་ནུབ་ཐ་མ་ལ་ཚོགས་ཀྱི་མཆོད་པ་ལ་ལྷོ་ནུབ་མཚམས་ཀྱི་བསྟབ་པ་དང་བཏབ་པ་བྱ་མི་དགོས་ཏེ། དབུས་ཀྱི་སྒྲུབ་ཕུར་རྣམས་བླངས་ཏེ་བྱིན་རླབས་སྔ་མ་བཞིན་བགྱིས་ལ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །ཅེས་པའམ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་པ་ནས་མར་གཞུང་བསྲང་། །དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པས་ཐུགས་དམ་དྲག་ཏུ་བསྐུལ་ཞིང་། ཤར་སྒོའི་བྱབས་ཕུར་སྒྲིལ་ཞིང་བསྐོར་ཏེ་ཕོ་ཉ་དྲག་ཏུ་བསྐུལ། དེ་ནས་བསྡིགས་པ་དང་། དབང་དུ་བྱ་བ་དང་། སྒྲོལ་ཕུར་བཏབ་ལ་མངགས་གཞུགས་ཀྱི་ལས་རྫོགས་པ་དང་། སྒྲུབ་ཕུར་ཉི་ཤུ་རྩ་གཅིག་གཞུང་བཞིན་བཏབ། དེ་ནས་དེ་ཉིད་དུ་མནན་པ་བྱེད་ན་མནན་པ་ཡན་ཆད་རྫོགས་པར་བྱ་སྟེ། དེ་ནས་ཚོགས་ལ་རོལ། མནན་པ་གཞན་དུ་བྱེད་ན་ཕུར་པ་བཏབ་པའི་རྗེས་ལ་ཚོགས་ལ་རོལ་ལ་གཏོར་མ་བསྐྱལ་བ་དང་། མནན་པ་དུས་གཅིག་ཏུ་བྱ། དེ་ལྟར་ཚོགས་ལ་རོལ་ཟིན་ནས་གཏོར་མ་བཏང་བ་ནི་འགྲུབ་ན་ཆ་གཅིག་གཏེར་དུ་སྦ། ཆ་གཅིག་ལ་སྦྱིན་སྲེག་བྱའོ། །ཆ་གཅིག་ལ་མཁའ་འགྲོ་མ་བསྐྱང་ངོ་། །མ་འགྲུབ་ན་གཉིས་སུ་བཅད་དེ་གཏེར་དུ་སྦ་མི་དགོས་སོ། །སྦྱིན་སྲེག་གི་དུས་སུ་ལྷོ་ནུབ་མཚམས་ཀྱི་བྲུབ་ཁུང་གི་ལིདྒའི་སྨན་དུམ་རྣམས་བསྡུས་ཏེ་ཧོམ་དུ་བསྟབ་ཅིང་བསྲེག་གོ། །ཡང་མ་གྲུབ་ན་ནི་གཏོར་མས་མཁའ་འགྲོ་མ་བསྐྱང་བ་ཙམ་བྱས་ལ། ལིདྒའི་སྨན་དེ་རྣམས་དབུས་ཀྱི་ལིདྒ་དང་ལྷན་ཅིག་ཏུ་མནན་པ་བྱས་ཏེ་བཞག་གོ། །ཕྲིན་ལས་འདིའི་དུས་སུ་ཨེ་ཀ་ཙ་ཏིའི་ཟོར་ཐུན་དང་བསྭེ་མོ་བཞིའི་ཟོར་ཐུན་དག་བྱས་ཏེ་འཕངས་ཀྱང་བཟང་ངོ་། །དེ་ལྟར་ལས་རྫོགས་པའི་རྗེས་ལ་དལ་བསྡུ་བའི་ཚེ། དཔལ་རྡོ་རྗེ་གཞོན་ནུའི་ཕུར་པ་ལ་སོགས་པའི་ལྷ་དལ་དུ་བཀོད་པའི་ལྷའི་རྟེན་གྱི་ཕུར་པ་ཉི་ཤུ་གཅིག་བསྡུས་ཏེ་བདག་གི་ཐུགས་ཀར་བཟུང་ལ། ལྷ་རྣམས་བདག་གི་ཐུགས་ཀར་བསྡུས་ཏེ་དལ་བསྡུའོ། །དེ་ཉིད་ནི་དངོས་གྲུབ་བླང་བའང་ཡིན་ནོ། །བསྙེན་སྒྲུབ་དང་ལས་ཀྱི་བཟླས་བརྗོད་ཀྱི་ཏིང་འཛིན་ནི་ཕུར་པ་མ་བཀོད་པའི་དུས་སུ་གསང་ཕྲེང་བཞིན་ནམ། ཡང་ན་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་བཟླས་པའི་ཡི་གེ་བསྒོམས་ཏེ་བྱའོ། །ཏིང་འཛིན་གསལ་ན་འཕྲོ་འདུ་དང་བཅས་པ་བྱའོ། །ཕུར་པ་དལ་དུ་བཀོད་ནས་ནི་ཕུན་སུམ་ཚོགས་པ་ལྟར་བྱའོ། །དེ་ཚེ་འཕྲོ་བའི་གཞི་ནི་རྩ་བའི་དལ་དང་། དབང་ཕྱུག་ཁྲོ་བོའི་དཀྱིལ་འཁོར་རོ། །བསྡུ་བའི་གནས་ནི་ཕུར་པ་རྫས་ཀྱི་དལ་ཏེ་དབུས་ཀྱི་སྒྲུབ་ཕུར་ཉི་ཤུ་རྩ་གཅིག་གོ། །ཉི་ཤུ་རྩ་གཅིག་ཀྱང་བཏབ་པའི་གནས་ཀྱི་དབྱེ་བ་ཙམ་སྟེ། རང་བཞིན་གཅིག་སྟེ། རྡོ་རྗེ་གཞོན་ནུའི་ཕྱག་ཐ་མའི་ཕུར་པ་ཉིད་ཀྱི་རང་བཞིན་ནོ། །ཕུར་བུའི་གཞུང་ཕྱོགས་གཅིག་གི་བཀོལ་བྱང་རྫོགས་སོ།། ༈ །།འདིའི་ཆ་རྐྱེན་དུ་མེད་དུ་མི་རུང་བ་ནི། ལས་བྱང་ནར་མ་ཆུང་ངུ་དང་འབྲིང་པོ་ཙམ། མཇུག་བསྟབ་པའི་ཕྲིན་ལས་དང་གསུམ་ཡིན་ནོ། །འདེབས་པའི་ཚེ་ཐུགས་དམ་བསྐུལ་ཞིང་ཕོ་ཉ་བཏང་བ་ནི། ཕུར་པ་སྤྱིའི་ཆོ་ག་ལ་ལྟོས་སུ་རུང་ངོ་། །ཚོགས་ཀྱི་མཆོད་པ་དང་། གཏོར་མ་གཏོང་བ་དང་། སྤྱིའི་ལས་མདེའུ་རྣམས་ནི་ལས་སྒྲུབ་སྤྱི་ལ་ལྟོས་པས་ཆོག་གོ། །ཨེ་ཀ་ཛཱ་ཏི་དང་བསྭེ་མོའི་ཐུན་ནི་སོ་སོའི་སྒོས་སྒྲུབ་ནས་འབྱུང་བའི་ཐུན་ཟོར་ལ་ལྟོས་བས་ཆོག་གོ། །ཨཐྎ། འདི་བླ་མ་མཁས་གྲུབ་རོང་ཟོམ་གྱིས་མཛད་དོ།། །།

རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལས་གསུམ་གྱི་ཐོ་བྱང་རོང་ཟོམ་གྱིས་མཛད་པ།

རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལས་གསུམ་གྱི་ཐོ་བྱང་རོང་ཟོམ་གྱིས་མཛད་པ་བཞུགས་སོ། །ཕྲིན་ལས་རྡོ་རྗེ་གཞོན་ནུའི་སྒྲུབ་ཐབས་འདི་ལ་སྤྱི་དོན་གསུམ་སྟེ། བསྙེན་པ་དང་། སྒྲུབ་པ་དང་། ལས་ལ་སྦྱར་བའོ། །དེ་ཡང་བསྙེན་པའི་སྐབས་སུ་བིདྱོཏྟ་མ་ལས། གླིང་བཞི་པ་ཡི་བྷཉྫ་ལ། །འཁོར་ལོ་རྩིབས་བརྒྱད་ཨེ་དང་བཅས། །ཕུར་བུ་སྤུངས་ལ་བསྙེན་པ་བྱ། །བསྐྱེད་དང་སྤྱན་དྲངས་བཞུགས་སུ་གསོལ། །མཆོད་བསྟོད་ལ་སོགས་རྫོགས་པར་བྱ། །དེ་ནས་རྩ་བའི་སྙིང་པོ་ལ། །གསུམ་གྱི་བསྙེན་པ་གང་ཡང་རུང་། །གཅིག་གི་དམ་བཅས་རྫོགས་པ་དང་། །སྒྲུབ་པ་ཆེན་པོ་བརྩམས་པ་ནི། །གོང་གི་ས་ཆོག་བཞི་རྗོགས་ནས། །གནས་ཚོད་སྦྱར་ལ་མཎྜལ་བརྩིགས། །ལྔ་ཡི་གོ་ཡེ་གཉིས་ཀྱི་ཐིག །ཚོན་ལྔ་འབྲུ་ལྔས་བྱིན་གྱིས་བརླབས། །དེ་ནས་དཀྱིལ་འཁོར་བྲི་བ་ནི། །ཨེ་ཁྲམ་འཁོར་ལོ་རྩིབས་ཁྱམས་བཅས། །ཉིས་བརྩིགས་སྒོ་དང་ལྡན་པར་བྲི། །འདོད་ཡོན་ཕ་གུ་དྲྭ་བ་དང་། །དར་བུ་ཀད་དང་ལྡན་པར་བྲི། །རྟ་བབས་གདུགས་དང་བཅས་པ་དང་། །ར་བ་མེ་སོགས་ལྡན་པར་བྲི། །དེ་ལྟར་དཀྱིལ་འཁོར་རྫོགས་ནས་ནི། །ལྷ་གྲངས་ཚང་བའི་ཕུར་པ་ལ། །བདུན་གཉིས་གསུམ་གྱི་ལས་རྫོགས་ནས། །དཀྱིལ་འཁོར་ཉིད་དུ་དགོད་པར་བྱ། །མདའ་དང་མཚོན་གྱིས་བྲི་བར་བྱ། །དར་དང་མེ་ལོང་རལ་གྲི་དང་། །རྒྱན་ལ་སོགས་པ་ཚང་བར་བཀྲམ། །དེ་ནས་མཆོད་པའི་ཡོ་བྱད་ནི། །ཚེ་གལ་སོགས་པའི་བ་ལིང་དང་། །ཛ་གད་རཀྟར་བཅས་པ་འབུལ། །དེ་ནས་བྱ་བ་རྫོགས་ནས་ཀྱང་། །སློབ་མ་ཕྱིར་ལ་བཞག་ནས་ནི། །སྔ་བའི་ལྷ་ལ་མཆོད་པ་འབུལ། །འདྲེས་པ་བསྲེ་བ་ཟིན་ནས་ཀྱང་། །མ་འདྲེས་པ་རྣམས་བསྲེ་བ་ནི། །ཕྱི་རུ་བུམ་ཁྲུས་བྱས་ནས་ཀྱང་། །དར་ལ་སོགས་པས་མིག་བཀབ་སྟེ། །དེ་ནས་དྲངས་པའི་ཆོ་ག་བྱ། །དོར་བས་གར་བབས་ལྷ་ཡང་སྦྱིན། །དམ་ཚིག་བསྒྲགས་ལ་དམ་ཆུ་བླུད། །གསང་མཚན་བཏགས་ཏེ་གྲལ་དུ་བཞག །དེས་ཀྱང་དེ་ལ་གཏང་རག་གཏོང་། །དེ་ནས་སྡིག་བཤགས་ལ་སོགས་བགྱིས། །དཀྱིལ་འཁོར་རྫོགས་པར་བསྐྱེད་ནས་ཀྱང་། །མཆོད་བསྟོད་ལ་སོགས་རྫོགས་པར་བྱ། །དེ་ནས་འཛབ་ལ་འཇུག་པ་ནི། །སོ་སོའི་བསྐུལ་དང་བཅས་པ་ཡི། །གཙོ་ནས་འཁོར་དུ་རྐང་ཐོན་དུ། །བཤགས་དང་བཅས་ཏེ་རྫོགས་པར་བྱ། །དངོས་གྲུབ་དམ་པ་བླངས་བར་བྱ། །དབང་ཡང་རིམ་པ་བཞིན་དུ་བསྐུར། །སྒྲུབ་པ་ཆེན་པོ་རྫོགས་ནས་ནི། །ལས་ལ་སྦྱར་བ་བརྩམ་པར་བྱ། །དང་པོ་དྲུག་གི་འཁོར་ལོ་བསྐོར། །ཁྲི་ཁྲི་ཐོན་ནས་སྨོན་ལམ་བཏབ། །འཁོར་ལོ་རྫོགས་ནས་བཏབ་པ་ནི། །གོ་ཡེ་ཐིག་དང་ཚོན་བརླབས་པ། །དང་པོ་དག་དང་མཐུན་པའོ། །དེ་ནས་དཀྱིལ་འཁོར་བྲི་བ་ནི། །ཨེ་ཁྲམ་བཅུ་གཉིས་གཅིག་དང་བཅས། །ཁྱམས་དང་སྒོར་ནི་ལྡན་པར་བྲི། །དེ་ཉིད་ཡུམ་གྱི་མཁར་བྱིན་རླབས། །དེ་ལ་སྲས་མཆོག་བཞུགས་སུ་གསོལ། །འཁོར་ལོ་ལིང་ག་དེ་དབུས་གཏོད། །བསྐྱེད་མཆོད་ལ་སོགས་གོང་དང་མཐུན། །ཕོ་ཉས་དུས་བཞིར་དག་ཏུ་དགུག །དེ་རེ་ལ་ཡང་གཟིར་མནན་བྱ། །རྩ་སྔགས་འདུས་པ་བཞི་ཡི་སྔགས། །བཟླས་ཤིང་བསྒྲུབ་བྱ་ཉིད་ལ་བཏབ། །དེ་ལྟར་བཟླས་པ་ཚང་ནས་ནི། །ཉི་ཤུ་རྩ་གཅིག་ཕུར་བུ་ཡིས། །ཉི་ཤུ་རྩ་གཅིག་གནད་ལ་བཏབ། །གཏུབས་དང་བརྡུངས་སོགས་རྫོགས་ནས་ནི། །དེ་ཉིད་དུམ་བུ་གསུམ་དུ་བཅད། །ཆ་གཅིག་བསྟབ་པ་བྱ་བར་གསུངས། །ཆ་གཅིག་ཨགྣེའི་ཞལ་དུ་འབུལ། །ཆ་གཅིག་མནན་པའི་ལས་བྱའོ། །པོ་དེ་བཞི་དང་ལྡན་པ་ཡི། །གསོ་བ་གསུམ་གྱི་ཆོ་ག་བྱ། །ལྷ་གཤེགས་བསྡུས་ལ་མི་དམིགས་པའི། །ངང་དུ་བསྒོམས་ཏེ་མ་དལ་བསྡུས། །ཡི་གེ་བརྒྱ་པའི་བཤགས་པ་བྱ། །དེ་ནས་སྟོང་པའི་ངང་ལས་ནི། །མཐིང་ནག་ཧཱུྃ་དུ་བསྒོམ་པར་བྱ། །དེ་ལས་ཞེ་སྡང་རྡོ་རྗེར་བདག །བསྐྱེད་ལ་རྒྱུན་གྱི་ཡི་དམ་བྱ། །བསྙེན་སྒྲུབ་གསུམ་གྱི་ཐོ་བྱང་འདི། །གང་ཟག་བློ་དམན་རྣམས་ལ་ཕན་ཕྱིར་བརྩམས། །ཉེས་འགལ་ནོངས་པར་གྱུར་པ་ཅི་མཆིས་པ། །འཕགས་དང་མཁས་པ་དགེ་བའི་བཤེས་གཉེན་ལ། །བཟོད་པར་གསོལ་ལོ་ཚངས་པར་སྩལ་དུ་གསོལ། །ཨཐྎ།། །།

ཕུར་པའི་འཛབ་དགོངས།

ཕུར་པའི་འཛབ་དགོངས་བཞུགས་སོ། །ཡི་གེ་འབྲུ་དགུ་དོན་མང་ན་ཡང་སྐབས་འདིར། སྒྲུབ་པའི་དཀྱིལ་འཁོར་བསྡུ་ཞིང་དངོས་གྲུབ་བླང་བའི་སྐབས་འདིར། དོན་རྣམ་པ་གསུམ་གྱིས་བསྟན་ཏེ། ཕྲ་མོའི་ཏིང་འཛིན་ཕྱག་རྒྱ་གསལ་ཙམ་ཉིད་ནས་ཆོས་ཉིད་ལས་མ་གཡེངས་པར། རིག་པ་ཡིད་ལ་གསལ་བས་རང་གི་གནས་སྦྱངས་པ་དང་། བཟླས་བརྗོད་བསྙེན་པའི་འཕྲོ་འདུས་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་དང་། གསང་བ་བྱང་ཆུབ་སེམས་ཀྱི་དངོས་ཀུན་གཞི་བྱང་ཆུབ་སེམས། གྲུབ་ཡུམ་གྱི་མཁའ་ལས་བླངས་པའོ། །དེ་ལ་རང་གི་གནས་སྦྱངས་པ་ནི། བདག་གིས་མི་གནས་པའི་ཡེ་ཤེས་ཕྱག་རྒྱ་གསལ་བ་ཙམ་ཉིད་ན་རང་བཞིན་མེད་པ། ཀྱི་དཔལ་ཆེན་པོའི་སྐུ་ཕྱག་རྒྱ་ཆེན་པོ་བསྒོམས་ལ། ཐུགས་ཀར་རིན་པོ་ཆེ་ཟླ་བ་རྒྱས་པའི་དཀྱིལ་ན་ཡེ་ཤེས་ཀྱི་ཧེ་རུ་ཀ་ཚོན་གང་བ་གཅིག །དེའི་ཐུགས་ཀར་གཞལ་ཡས་ཁང་གའུ་ཟུར་བརྒྱད། དབུས་དང་དགུ་ན་ཉི་མའི་དལ་སྲན་མ་ཟླུམ་པོ་ཙམ་དགུའི་སྟེང་ན། དབུས་ཀྱི་ལྟེ་བ་ལ་ༀ། མཐིང་ནག །ཟུར་བརྒྱད་ལ་བཛྲ། ཤར་སྨུག་པོ། ཀཱི་ལི་ཀཱི་ལ་ཡ། ལྷོ་སེར་པོ། སརྦ། ནུབ་དམར་པོ། བིགྷ་ནན། བྱང་ལྗང་གུ། བཾ། ཤར་ལྷོར་དཀར། ཧཱུྃ། ལྷོ་ནུབ་སེར། ཧཱུྃ། ནུབ་བྱང་དཀར། ཕཊ། བྱང་ཤར་དམར། འབྲུ་བརྒྱད་ཀྱིས་བསྐོར་བར་བསྒོམ། ཡི་གེ་འབྲུ་དགུ་པོ་དེ་བཟླས་བརྗོད་ཀྱི་དུས་ན་གཅིག་ལ་གཅིག་འཕྲོ་ཞིང་འདུ་བར་བསྒོམ་པ་ནི། དྲོད་གསུམ་ལས་ཏིང་འཛིན་གསལ་བའི་དྲོད་ཅེས་བྱའོ། །འཕྲོ་འདུ་གསལ་ཞིང་ལས་སུ་རུང་བའི་དུས་ནའོ། །དཔལ་ཆེན་པོར་ལྷང་ངེར་ཤིན་ཏུ་གསལ་བར་བསྒོམས་པ་དེའི་ལྗགས་ཀྱི་དཀྱིལ་དུ་པྃ་ལས་པདྨ་འདབ་མ་བརྒྱད་པ་དབུས་ཀྱི་ལྟེ་བ་དང་དགུ་ན་ཡི་གེ་འབྲུ་དགུ་གོང་མ་ལྟར་བཀོད་དོ། །དེའི་དོན་ཡིད་ལ་བྱ་བའི་ཕྱིར་འདི་སྐད་དོ། །སྐྱེ་མེད་དབྱིངས་ལས་འབར་བའི་སྐུར་སྣང་བ། །འཇིགས་བྱེད་ཆེན་པོ་དཔལ་ཆེན་ཧེ་རུ་ཀའི། །ཐུགས་ཀྱི་དཔལ་བེའུ་རིན་ཆེན་གའུ་ལས། །ཡི་གེ་འབྲུ་དགུ་དོན་གྱི་ཕྲ་བཀོད་པ། །གུག་སྐྱེད་ཀླད་ཀོར་ཚེག་བར་ཟུར་ཕྱིན་ཏེ། །ལྗགས་ལ་པདྨའི་འབྲུ་དགུ་གསལ་བར་བསྒོམ། །རྣམ་གསུམ་དུས་གཅིག་ཡིད་ལ་གསལ་ལ་གྱུར་པ། །བདག་ཡེ་ཤེས་སེམས་དཔའ་ཀཱི་ལ་ཡ་འབྲུ་དགུ། ར་རི་ཁ་ཁོལ་མེད་པར་དྲན་གསལ་ཞིང་། །ཆོས་ཉིད་རྡོ་རྗེ་གསུང་གི་གླུ་བླངས་པས། །ཨ་ནི་མ་སྐྱེས་དོན་གྱི་གསུང་དུ་རིག །ཡིད་ཀྱི་སྔགས་ཚིག་བར་ཆད་མེད་པར་བཟླས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བྃ་ཧཱུྃ་ཧཱུྃ་ཕཊ། ཨཱོཾ། ཙིཏྟ་རིན་ཆེན་ཟུར་བརྒྱད་ཀྱི། །གསང་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས། །བྱང་ཆུབ་སེམས་ཡིག་འབྲུ་དགུ་པོ། །གུ་ཧྱ་གསང་བའི་ལམ་དུ་བྱུང་། །ཡང་གསང་དབུགས་ཀྱི་རླུངས་གིས་བསྐྱོད། །པདྨ་འདབ་བརྒྱད་ད་ལ་རུ། །གསང་བའི་ཡི་གེ་ཧཱུྃ་གིས་དྲངས། །ཀླད་པ་དུང་གི་གཞལ་ཡས་སུ། །ཡི་གེ་འབྲུ་དགུ་འཕྲོ་འདུས་གསལ། །ཤངས་ཀྱི་རླུང་སྒྲོམ་ཆེན་པོ་ནས། །རྡོ་རྗེ་ཧཱུྃ་རིང་སྒྲ་ལས་དྲངས། །ཞེས་བརྗོད་པས། ཐུགས་ཀའི་འོད་དང་ལྗགས་ཀྱི་འོད་བསྣོལ་མར་བསྟིམ་ནས་ཡང་འདི་སྐད་དོ། །རིན་ཆེན་གསེར་གྱི་དེ་ཡང་ཧཱུྃ་ལས་དང་པོ་སྤྲོས། སྐུད་པ་ལས། ཡི་གེ་འབྲུ་དགུའི་ཕྲ་བརྒྱུས་པས། །དྲིལ་བུའི་སྒྲ་ལྟར་རྒྱུན་མི་ཆད། །ཕར་སྤྲོས་པས་ནི་ཐུགས་དམ་བསྐུལ། །ཚུར་འདུས་པས་ནི་ཚོགས་ཆེན་རྫོགས། །དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས། །ཡེ་ཤེས་ཡི་གེ་འབྲུ་དགུ་པོ། །ལྗགས་ལས་གསལ་བར་པ་ཕྲ་བཀོད་ནས། །མཁུར་བ་དབུགས་ཀྱི་རླུང་གིས་བསྐྱེད། །ཀླད་པ་གཞལ་ཡས་ཁང་དུ་སྤྲོ། །རིགས་ལྔ་དཔལ་གྱི་སྐུ་ལ་ཐིམ། །དེ་ལས་འོད་ཟེར་ཕར་འཕྲོས་པས། །ཡི་གེ་འབྲུ་དགུས་སྟོང་ཁམས་གང་། །སླར་བསྡུས་པས་ནི་ཐུགས་ཀར་འདུས། །ཐུགས་ཀའི་དཔལ་བེའུ་ཟུར་བརྒྱད་ཀྱི། །ༀ་གྱི་མཐའ་མར་འཁོར་བར་བསྒོམ། །ཕར་འཕྲོས་ཚུར་འདུས་རྒྱུན་མི་ཆད། །གནས་ཀྱི་བསྙེན་པ་ཞེས་བྱའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཡེ་ཤེས་ལྷ་རྣམས་བསྙེན་པ་ནི། །བདག་ཉིད་དཔལ་གྱི་སྐུར་བསྒོམས་ནས། །དེ་ཡི་ཐུགས་ཀྱི་དཀྱིལ་འཁོར་ན། །ཡེ་ཤེས་སེམས་དཔའ་ཧེ་རུ་ཀ །ཁྲོ་བོའི་ཚུལ་དུ་གསལ་བར་བསྒོམས། །དེ་ཡི་ཐུགས་ཀྱི་དཀྱིལ་འཁོར་ན། །དཔལ་བེའུ་རིན་ཆེན་ཟུར་བརྒྱད་ལ། །ཡི་གེ་འབྲུ་དགུ་ཕྲ་བཀོད་དེ། །སྤྲོ་ཞིང་བསྡུ་བའི་འོད་ཟེར་ནི། །གསེར་གྱི་བ་ཐག་གཟེངས་པ་བཞིན། །སྤྲོས་པས་མེར་མེར་སྟོང་ཁམས་གང་། །ཕར་འཕྲོས་པས་ནི་ཐུགས་དམ་བསྐུལ། །སླར་བསྡུས་པས་ནི་དཔལ་བེའུ་བཀང་། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ༀ། དཔལ་བེའུ་རིན་ཆེན་ཟུར་བརྒྱད་ལས། །ཡི་གེ་འབྲུ་དགུའི་འོད་ཟེར་འཕྲོ། །ཕར་འཕྲོས་པས་ནི་ཐུགས་ཀར་ཐིམ། །ཡེ་ཤེས་ལུང་གིས་བསྐྱེད་ནས་ཀྱང་། །ཤངས་ཀྱི་རླུང་སྒྲོམ་ཆེན་པོར་འབྱུང་། །སླར་འདུས་པས་ནི་དཔལ་བེའུ་བཀང་། །མགལ་མེ་ཀླད་ལ་བསྐོར་བ་བཞིན། །ཕར་འཕྲོས་ཚུར་འདུས་རྒྱུན་མི་ཆད། །ༀ་བཛྲ་ཀཱི་ལི་ཀཱི་ལ༴ ༀ། ཡིད་བཞིན་རིན་ཆེན་ཟུར་བརྒྱད་ལས། །ཡི་གེ་ཡིད་བཞིན་འབྲུ་དགུ་འཕྲོ། །ལྕགས་ཀྱི་ཚྭ་ཚྭ་བརྡབས་པ་བཞིན། །ལྗགས་ཀྱི་རྩེ་ལ་གཏོར་ནས་ཀྱང་། །ཕར་འཕྲོས་པས་ནི་ལྗགས་ལ་ཐིམ། །སླར་འདུས་པ་ནི་ཐུགས་ཀའི་དཀྱིལ། །ཡེ་ཤེས་སེམས་དཔའི་ཐུགས་ཀར་ཐིམ། །འདི་ནི་ཐུགས་ཀྱི་བསྙེན་པའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ༴ བདག་ཉིད་དཔལ་ཆེན་སྐུར་བསྒོམས་ཏེ། །དེ་ཡི་ཐུགས་ཀྱི་ད་ལ་རུ། །ཡེ་ཤེས་སེམས་དཔའ་ཧེ་རུ་ཀ །དེ་ཡི་ཐུགས་ཀྱི་ད་ལ་རུ། །ཡིད་བཞིན་རིན་ཆེན་ཟུར་བརྒྱད་པ། །ཡི་གེ་འབྲུ་དགུ་ཕྲ་བཀོད་དེ། །ལྗགས་ཀྱི་པདྨའི་ད་ལ་རུ། །ཡང་ནས་ཡང་དུ་ཕར་འཕྲོས་པས། །སྤྲོས་པས་མེར་མེར་སྟོང་གསུམ་གང་། །སྟོང་གི་འཇིག་རྟེན་རབ་འབྱམས་ན། །ཁྲག་འཐུང་འབར་བ་སྤྲིན་ཕུང་བཞིན། །ཐུགས་ཀྱི་བསྙེན་པའི་འགྲེལ་བསྟན། དེ་ཡི་ཐུགས་ཀྱི་ད་ལ་ནས། དོན་གྱི་ཡི་གེ་འབྲུ་དགུ་པོ། །ལྗགས་ཀྱི་རྩེ་ལ་གཏོར་ནས་ནི། །ལྕགས་ཀྱི་ཚྭ་ཚྭ་བརྡབས་པ་བཞིན། །བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །ཡེ་ཤེས་ཡི་གེ་འབྲུ་དགུ་པོ། །འོད་ཟེར་བཞིན་དུ་རབ་འཕྲོས་ཏེ། །ཕར་སྤྲོ་བ་དང་ཚུར་བསྡུ་བ། །གསེར་གྱི་བ་ཐག་གཟིངས་པའམ། །མགལ་མེ་ཀླད་ལ་བསྐོར་བ་བཞིན། །འོད་ཟེར་སྤྲོ་བསྡུ་རྒྱུན་མི་ཆད། །ཐུགས་ནས་ལྗགས་ཀྱི་དཀྱིལ་དུ་སྤྲོ། །འབྲུག་གི་སྒྲ་ལྟར་རབ་བསྒྲགས་པས། །གདུག་པའི་ཚོགས་རྣམས་ཟིལ་གྱིས་གནོན། །འདི་ནི་གསུང་གི་བསྙེན་པའོ། །བསྙེན་པའི་དུས་ནི་རྒྱང་མ་རིང་། །སྒྲུབ་པའི་དུས་ནི་མཐུ་མ་ཆུང་། །ཡང་བསྙེན་ཡང་ནི་ཡང་བསྙེན་ན། །ཡེ་ཤེས་སེམས་དཔའ་ཧེ་རུ་ཀ །དམ་ཚིག་སེམས་དཔའི་སྐུ་ལ་ཐིམ། །ཡེ་ཤེས་སེམས་དཔའི་ཡུམ་རྣམས་ཀྱང་། །དམ་ཚིག་སེམས་དཔའི་ཡུམ་ལ་ཐིམ། །ཡེ་ཤེས་སེམས་དཔའི་འཁོར་རྣམས་ཀྱང་། །དམ་ཚིག་སེམས་དཔའི་འཁོར་ལ་ཐིམ། །གཉིས་སུ་མེད་པར་གྱུར་པ་ནི། །འདི་ནི་སྐུ་ཡི་བསྙེན་པའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ༴ བྱང་ཆུབ་སེམས་ནི་དངོས་གྲུབ་མཆོག །དེ་རིག་བྱང་ཆུབ་རིག་པས་རིག །ཆགས་པའི་བདག་ཉིད་དཔལ་གྱི་ཡུམ། །ཡུམ་གྱི་མཁའ་ལ་བླང་བ་ནི། །ར་ནི་རཱ་གའི་སྒྲ་དྲངས་ནས། །སྐྱེ་ཤི་ལེན་པའི་ཁྲག་ཡིན་ཏེ། །ར་ནི་རཱ་གའི་སྒྲ་དྲངས་ནས། །འདོད་པའི་དབང་མོ་ཡུམ་གྱི་མཁའ། །སངས་རྒྱས་ཀུན་གྱི་སྐྱེད་མོས་ཚལ། །གྲུ་གསུམ་དགྱེས་པའི་ཕོ་བྲང་མཆོག །ཨ་ལས་ཟླ་བའི་དལ་ལ་རུ། །བྱང་ཆུབ་སེམས་ནི་ཨཱྃ་དམར་དུ་སྣང་། །སྤྲོས་པ་མེད་པའི་བྱང་ཆུབ་སེམས། །མི་གནས་ཡེ་ཤེས་དཔལ་ཆེན་པོ། །ཉི་མའི་ད་ལ་གསང་སྦུབས་གང་། །ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ། །བྱང་ཆུབ་སེམས་ནི་ༀ་དཀར་པོ། །ག་བུར་ཤེལ་གྱི་ད་ལ་སྟེ། །གསང་བ་བརྡ་ཡིས་མཚོན་ནས་ཀྱང་། །ༀ་དང་ལྃ་གྱིས་བྱིན་རླབས་ནས། །དཀར་དམར་བསྣོལ་མར་བསྟིམ་པ་ལས། །ཡི་གེ་འབྲུ་དགུའི་འཕྲོ་འདུར་གསལ། །ༀ་བཛྲ་ཀའི་ལི་ཀཱི་ལ་ཡ༴ གཉིས་མེད་འཁྱིལ་བའི་ཕྱག་རྒྱ་ལས། །ཡི་གེའི་འཕྲོ་འདུ་རྒྱུན་མི་ཆད། །མགལ་མེ་ཀླད་ལ་བསྐོར་བ་བཞིན། །རྡོ་རྗེ་རྩེ་ལྔའི་གསང་སྦུབས་ནས། །པདྨའི་དཀྱིལ་དུ་འཕྲོ་ཞིང་འདུ། །སྐུ་ཡི་གསང་བརྒྱུད་ཤངས་གཡོན་ནས་ཕྱུང་། །ཐབས་ཆེན་ཡབ་ཀྱི་ཤངས་གཡས་སུ་ཐིམ། །སྐུ་ཀླད་པའི་རྒྱས་སུ་ཕྱུང་། མཆོག་ཕྱག་རྒྱའི་གསང་དུ་དྲངས། །ཡེ་ཤེས་རྡོ་རྗེའི་ལམ་དུ་ཕྱུངས། །པདྨའི་གཞལ་ཡས་ཁང་དུ་སྤྲོ། །མགལ་མེ་ཀླད་ལ་བསྐོར་བ་བཞིན། །རྒྱུན་མི་ཆད་པར་བསྒོམ་པར་བྱ། །གཉིས་སུ་མེད་པའི་དབྱིངས་ཉིད་ལས། །ཡི་གེ་འབྲུ་དགུའི་འོད་དུ་འཕྲོ། །དབང་ཕྱུག་ཁྲོ་བོ་ཡབ་ཡུམ་གྱི། །མདུན་གྱི་ནམ་མཁར་ཟླ་གམ་འབར་བའི་གཞལ་ཡས་ཁང་ན་དཔལ་ཁྲག་འཐུང་གི་ཚོགས་སྤྲིན་ཕུང་འཁྲིགས་པ་ལྟར། སྦྱོར་བའི་མཚམས་སུ་ཐིམ་ནས་སྤྲོས། །ཁྲོ་མོ་གསར་བའི་དབྱིངས་སུ་ཐིམ། །ཡེ་ཤེས་སྐུ་ཡི་གསང་དུ་ཕྱུང་། །རྡོ་རྗེ་ལྔའི་ལམ་དུ་དྲངས། །ཁྲོ་མོའི་གསང་བའི་དབྱིངས་སུ་ཐིམ། །བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས། །ཡི་གེ་འབྲུ་དགུའི་ཕྱག་རྒྱར་གསལ། །ཕྱག་རྒྱའི་ད་ལ་སྤྲིན་ཕུང་བཞིན། །ཡི་གེ་འབྲུ་དགུའི་དབྱིངས་སུ་ཐིམ། །ཡི་གེ་ཕྱག་རྒྱ་འོད་དུ་སྤྲོས། །ཡབ་ཡུམ་གསང་བའི་དབྱིངས་སུ་ཐིམ། །མུ་ཏིག་ཕྲེང་བ་བརྒྱུས་པ་བཞིན། །གསལ་ཤིང་འཚེར་བར་གྱུར་པ་དང་། །དངོས་གྲུབ་རྣམས་གསུམ་ཚུལ་བཞིན་བླངས། །ཟླ་གམ་ལྗགས་ཀྱི་ད་ལ་རུ། །དམ་ཚིག་ཕྱག་རྒྱའི་དངོས་གྲུབ་བླངས། །པདྨ་རཱ་གའི་འོད་ཀྱི་ད་ལ་ནས། །ཡི་གེ་འབྲུ་དགུ་གྲུ་གསུམ་ཕྱག་རྒྱའི་ཚོགས། །གེ་སར་སྟོང་གིས་བརྒྱན་པའི་ད་ལ་ན། །དཔལ་ཆེན་ཧེ་རུ་ཀའི་ཐུགས་རིན་པོ་ཆེ། །ཐམས་ཅད་མ་ལུས་བདེ་ཆེན་དབྱིངས་སུ་རྫོགས། །མཚན་མའི་སྤྲོས་བྲལ་བདེ་ཆེན་དབྱིངས་སུ་ཐིམ། །ཞེས་བརྗོད་ལ། གསང་བའི་དབང་ལ་སོགས་པ་རིམ་པར་བླང་ངོ་། །ཨཐྎ། ༈ བར་འདིར་འཛབ་དབྱངས་ཞེས་པ་ཞིག་གསན་ཡིག་ལ་བཞུགས་ཀྱང་དཔེ་རྒྱུན་འདི་ལ་མ་བྱུང་བས་འདི་རིགས་དཔེ་རྒྱུན་རྙེད་ན་གལ་ཆེ་བ་ཡིན་ནོ། །

ཕུར་པའི་ཚེ་ཆོག་སློབ་དཔོན་པདྨས་མཛད་པ།

ཕུར་པའི་ཚེ་ཆོག་སློབ་དཔོན་པདྨས་མཛད་པ་བཞུགས་སོ། །ཕུར་པའི་ཚེ་འགུགས་པའི་ལས་བྱ་ན། དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་པ་བྱས་ལ་དེར་ལྷ་རྣམས་བཀོད་དེ། སྨན་སྣ་ཚོགས་པ་དང་། སྤོས་སྣ་ཚོགས་པ་དང་། རིན་པོ་ཆེ་སྣ་ཚོགས་པ་དང་། འབྲུ་སྣ་ཚོགས་པ་མར་རྙིང་པ་དང་བསྲེས་ལ། སྐུ་གསུང་ཐུགས་ཀྱི་རིལ་བུ་གསུམ་བྱས་ལ་རིན་པོ་ཆེའི་བུམ་པའི་ནང་དུ་བསྩལ་ལ་ཁ་དར་ཚོན་སྣ་ལྔས་གཟུངས་ཐག་བཏགས་ལ་དེ་དལ་གྱི་དབུས་སུ་བཞག་ལ། སྨན་ཕུད་དང་གཏོར་མ་དང་རཀྟ་དང་མེ་ཏོག་དང་། རྒྱན་གཞན་ཡང་དགྲམ། དེ་ནས་རྡོ་རྗེ་ཁྲོས་པ་ནས་མར་གཞུང་བསྲངས་ལ་བསྐྱེད་པའི་རིམ་པ་ཟིན་པ་དང་། སྤྱན་དྲངས་བ་དང་ཕྱག་དང་མཆོད་བསྟོད་ལ་སོགས་པ་རྫོགས་པར་བྱས་ལ། ཏིང་ངེ་འཛིན་དང་བཅས་པས་འཛབ་བགྲང་སྟེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བྃ་ཧཱུྃ་ཕཊ྄། ཨཱ་ཡུ་ཛྙཱ་ན་ནི་ཧཱུྃ། ༀ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་ལོ་ཙ་ནི་ཧཱུྃ་སརྦ་ཨཪྠ་སིདྡྷི་ནི་ཤང་ཀ་རི་ཤང་ཀ་རི་ཧཱུྃ། ཞེས་བགྲངས། དེ་ནས་ཚེའི་ཕོ་ཉ་བསྐུལ་བ་ནི། ཧཱུྃ། དབུས་ཀྱི་ཕྱོགས་ནས་ཚེ་འགུགས་པ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་སྟེ། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །ལྷ་ཆེན་གདན་ལ་ཡང་དག་བཞུགས། །འཁོར་ལོ་རྒྱས་འདེབས་གསང་བའི་ཡུམ། །གཡས་པས་ཚེ་ཡི་བུམ་པ་བསྣམས། །གཡོན་པ་ཚེ་འགུགས་ལྕགས་ཀྱུ་བསྣམས། །མ་ཆགས་མདངས་ཀྱིས་གཙོ་ལ་འཁྲིལ། །ཡབ་ཡུམ་རོལ་པའི་བྱིན་རླབས་ལས། །འཇིགས་བྱེད་བསྐལ་པའི་འཁོར་རྣམས་ཕྱུང་། །དབུས་ཀྱི་ཕྱོགས་ནས་ཚེ་ཁུག་ཅིག །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །དོ་ནུབ་ཚེ་འགུག་ཕྲིན་ལས་མཛོད། །ཚེ་དབང་ཐམས་ཅད་འདིར་སྩོལ་ཅིག །བཀྲ་ཤིས་རྒྱལ་པོ་ཚེ་ཡི་ཡབ། །བཀྲ་ཤིས་རྒྱལ་མོ་ཚེ་ཡི་ཡུམ། །ཡབ་ཡུམ་གཉིས་མེད་ཐུགས་ཀ་རུ། །ཉི་ཟླ་གའུ་ཁ་སྦྱར་ནས། །རིན་ཆེན་ཚེ་ནི་ཅིར་ཡང་མ་ངེས་ཏེ། །ག་བུར་བཞིན་དུ་དཀར་ལ་འཚེར། །ཤ་རི་རམ་བཞིན་སྣུམ་ལ་འགྲིལ། །མུ་ཏིག་བཞིན་དུ་འོད་ཟེར་འཕྲོ། །འཚེར་འཚེར་དེ་ནི་འགྲིལ་འགྲིལ་ནས། །སྐུ་གསུང་ཐུག་ལ་ཐིམ་གྱུར་ཅིག །ཚེ་ཚད་མེད་པ་ལྷ་ཡི་བུ། །བཅོམ་ལྡན་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད། དེ་ནས། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ྄། ཨཱ་ཡུ་ཛྙཱ་ན་ནི་ཧཱུྃ། ༀ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་ལོ་ཙ་ནི་ཧཱུྃ། སརྦ་ཨཪྠ་སིདྡྷི་ནི་ཤང་ཀ་རི་ཤང་ཀ་རི་ཧཱུྃ། ཞེས་བགྲངས་ལ། ཧཱུྃ། སྟེང་གི་ཕྱོགས་ནས་ཚེ་འགུགས་པ། །ཁྲོ་བོ་ཆེན་པོ་ཧཱུྃ་ཀཱ་ར། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །ཚངས་པའི་གདན་ལ་ཡང་དག་བཞུགས། །རྡོ་རྗེ་སྒྲ་འབྱིན་གསང་བའི་ཡུམ། །གཡས་པས་ཚེ་ཡི་བུམ་པ་བསྣམས། །གཡོན་པ་ཚེ་འགུགས་ལྕགས་ཀྱུ་བསྣམས། །མ་ཆགས་ཐབས་ཀྱིས་གཙོ་ལ་འཁྲིལ། །ཡབ་ཡུམ་རོལ་པའི་བྱིན་རླབས་ལས། །སྤྲུལ་པའི་ཕྲ་མེན་གཉིས་བྱུང་བ། །ཕག་གི་མགོ་དང་རྨིག་བུའི་མགོ། །སྟེང་ཕྱོགས་ཚངས་པའི་གནས་ནས་ཚེ་ཁུག་ཅིག །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །དོ་ནུབ་ཚེ་འགུག་ཕྲིན་ལས་མཛོད། །ཚེ་སྲོག་ཐམས་ཅད་འདིར་སྩོལ་ཅིག །བཀྲ་ཤིས་རྒྱལ་པོ་ཚེ་ཡི་ཡབ། །ནས། བཅོམ་ལྡན་ཚེ་ཡི་དངོས་གྲུབ་སྩོལ། །ཞེས་པའི་བར་འགྲེའོ། །དེ་ལྟར་ཁྲོ་བོ་བཅུ་ཀའི་སྔགས་ཀྱི་ཤམ་བུ་ལ་ཚེའི་སྙིང་པོ་བགྲང་བ་སོགས་བྱ། དེ་ཡང་དྲི་ཟའི་གདན་ལ་ཡང་དག་བཟུགས། སོགས་འགྲེ་ཤེས་པར་བྱ། དེ་ནས་སྐུ་གསུང་ཐུགས་སུ་དབང་བསྐུར་བ་ནི། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། དེས་འགྲེ། དེ་ནས་སློབ་མ་རྣམས་ལ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས། སྐུ་འགྱུར་བ་མེད་པ་དང་། གསུང་འགག་པ་མེད་པ་དང་། ཐུགས་སྐྱེ་ཤི་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་ཡེ་ཤེས་ལྔའི་དབང་བསྐུར་བ། ༀ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་ལ་སོགས་པ་ཡང་འགྲེ། རིགས་ཀྱི་བུ་ཁྱོད་ལ་ཡེ་ཤེས་ལྔའི་དབང་བསྐུར་བས་སྐུ་ལྔ་ཡེ་ཤེས་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཆོས་ཉིད་སྐྱེ་བ་མེད་པའི་རང་བཞིན་ལས། །སྐྱེ་བའི་ཆོ་འཕྲུལ་གཟུགས་ཀྱི་སྐུར་སྟོན་པ། །རྡོ་རྗེ་གསང་ཚོགས་ཁྲོ་བོའི་དཀྱིལ་འཁོར་དུ། །འབར་བ་མི་བཟད་ཁྲོ་བོའི་སྐུ་བསྐྱེད་དེ། །དུས་གསུམ་འགྱུར་མེད་ཁྲོ་རྒྱལ་ཕུར་བུ་འདིས། །གནོད་པའི་དགྲ་བགེགས་རྡུལ་ཕྲན་བཞིན་དུ་རློག །ཉིན་མཚན་མེད་པར་བཀྲ་ཤིས་ཁྲོ་བོའི་སྐུ། །བསྐལ་པར་འབར་བས་གནོད་པའི་དགྲ་བགེགས་མི་ལྡང་བ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་ལ། སློབ་དཔོན་གྱིས་འབྲངས་རྒྱས་བཅད་ལ། བོ་དྷི་ཙིཏྟ་ༀ་ཞེས་མགོ་ལ་བསྐུ། ཁར་བཞག །སྙིང་གར་བསྐུ། དེ་བཞིན་དུ་རྣལ་འབྱོར་པ་ཀུན་ལ་བྱ། ཕུར་པའི་ཚེ་ཆོག་རྫོགས་སོ།། །།པདྨ་འབྱུང་གནས་བདག་གིས་ཀྱང་། །རྡོ་རྗེ་ཚེ་ཡི་མན་ངག་འདི། །སྐལ་ལྡན་མཚོ་རྒྱལ་མོ་ལ་གཏད། །བསྟན་པ་བཞིན་དུ་སེམས་ལ་ཞོག །ཅེས་གསུངས་ནས་སྲིན་པོའི་ཡུལ་དུ་བཞུད་དོ།། ༈ །།འདི་མཚམས་ཕུར་པ་རྫས་ཀྱི་མན་ངག་ཞེས་པ་དང་། ཕུར་པའི་འཛབ་སྐོང་ཞེས་པ་དེ་གཉིས་མ་བྱུང་ངོ་། །

གབ་པའི་སྔགས་དྲུག་གི་ཁོག་སྡེབས།

གབ་པའི་སྔགས་དྲུག་གི་ཁོག་སྡེབས་བཞུགས་སོ། །ན་མོ་ཤྲཱི་བཛྲ་ཀུ་མཱ་ར་ཡེ། ཕྲིན་ལས་རྡོ་རྗེ་གཞོན་ནུ་ལས། བསྒྲལ་བ་གནད་ཀྱི་མན་ངག་ལ་དོན་དྲུག་སྟེ། དང་པོ་ལྷ་དང་དབྲས་བར་བྱ། །གཉིས་པ་གཟུགས་ལ་དབབ་པར་བྱ། །གསུམ་པ་བྱད་དུ་གཞུག་པ་དང་། །བཞི་པ་སྨྱོ་རུ་གཞུག་པར་བྱ། །ལྔ་པ་རྡུལ་དུ་བརླག་བྱ་སྟེ། །དྲུག་པ་ཞལ་དུ་བསྟབ་པར་བྱ། །སྔགས་དྲུག་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་མཱ་ར་ཡ་ཧ་ས་ཡ་ར་ཧྲི་ད་ན་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་མཱ་ར་ཡ་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་མཱ་ར་ཡ་ཤཱི་ཀྲིང་ཨཱ་ན་ཡ་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་མཱ་ར་ཡ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་མཱ་ར་ཡ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་མཱ་ར་ཡ་བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ྄། ཏིང་ངེ་འཛིན་དྲུག་ལས། ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གུ་གུལ་ཐོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་བས་དགྲ་བགེགས་ཀྱི་ཕོ་ལྷ་ལ་སོགས་པ་བྱ་རོག་ལ་རྡོ་འཕངས་པ་ལྟར་བྱེད་པར་བསམ་མོ། །ལྷ་རྣམས་ལས་སྤྲུལ་པ་གྲངས་མེད་པ་འཕྲོས་པས་དགྲ་བགེགས་གང་ཡིན་པ་བཀུག་ནས་ཤེས་པ་ལིདྒ་ལ་ཐིམ་པར་བསམ། གཟས་པ་པོའི་ལུས་པོ་ཚོན་སྣ་ལྔའི་སྐུད་པས་གྲུ་གུ་ཐུལ་དུ་བཅིངས་པར་བསམ། གཟས་པ་པོ་གནོང་ཞིང་འགྱོད་ནས་རང་དབང་མེད་པར་ཐོལ་ཐོལ་སྨྲ་བར་བསམ། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་འཚོགས་པ་འཚོགས་པར་བརྡུངས་པར་བསམ། ལྷ་རྣམས་ཀྱི་ཞལ་དུ་གསོལ་བར་བསམ་མོ། །འཕྱོང་དྲུག་ལས། ལྷ་དང་ཕྲལ་བའི་འཕྱོང་ནི། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཞེས་སོ། །གཟུགས་ལ་དབབ་པའི་ནི། ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཞེས་པའོ། །བྱད་དུ་གཞུག་པའི་ནི། ཟུངས་ཤིག་ཆིངས་ཤིག་རྣམ་པར་སྡོམས། །ཞེས་པའོ། །སྨྲར་གཞུག་པའི་ནི། རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཞེས་པའོ། །རྡུལ་དུ་བརླག་པའི་ནི། ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཞེས་པའོ། །ཞལ་དུ་བསྟབ་པའི་འཕྱོང་ནི། བཛྲ་ཡཀྵ་ཀྲོ་ཏ་བི་ཛ་ཡ་ཁཱ་ཧི། ཞེས་པའོ། །རྫས་དྲུག་ལས། ལྷ་དང་ཕྲལ་བའི་རྫས་ནི། གུ་གུལ། ཚིལ་ཆེན། འབོག་གུ། ཁྱི་ལུད་དོ། །གཟུགས་ལ་བསྐུ་བའི། ཡུངས་ཀར་ཡུང་ནག་གིས་བསྐུ་བའོ། །བྱད་དུ་གཞུག་པའི། ཨདྒུ་ཤ་དཀར་ནག་དང་། ཚོན་སྣ་ལྔའི་སྐུད་པའོ། །སྨྱོར་གཞུག་པའི། དུག་དང་གཏོར་མ་བསྡིགས་ཕུར་རོ། །རྡུལ་དུ་བརླག་པའི། ཡུངས་ཀར། སྐེ་མཚེ་དང་། གདབ་ཕུར་ཉེར་གཅིག་དང་། ལྕགས་ཕྱེ་དང་། ཟངས་ཕྱེ། རྡོ་ཕྱེའོ། །ཞལ་དུ་བསྟབ་པའི། བྲ་མའི་ཧོམ་ཆགས་གང་པ་གཅིག་ལ་སྦྱིན་སྲེག་གཞུང་བཞིན་བྱའོ། །སྨོན་ལམ་དྲུག་ལ། གུ་གུལ་ལ་སོགས་པའི་རྫས་རྣམས་ལག་ཏུ་ཐོགས་ལ། དཀྱིལ་འཁོར་གྱི་ལྷ་རྣམས་རིམ་པར་སྨྲོས་ནས་དམ་ཉམས་ཆྒཻ་མོའི་ལྷ་དང་ཕྲོལ་ཅིག །ཅེས་བརྗོད། དཀར་ནག་གི་སྐུད་པ་ཐོགས་ལ། ཛཿཧཱུྃ་བྃ་ཧོཿའི་ཕྱག་རྒྱ་དང་། དཀྱིལ་འཁོར་ལྷ་རྣམས་སྨྲོས་ནས་དམ་ཉམས་ཆྒཻ་མོ་འདི་ལིདྒ་ལ་ཕོབ་ཅིག །ཕུང་ཁམས་སྐྱེ་མཆེད་ལིདྒ་ལ་ཕོབ་ཅིག །ཅེས་དང་། ཚོན་སྣ་ལྔའི་སྐུད་པ་ཐོགས་ལ། དལ་ལྷ་ཚོགས་བརྗོད་ལ། དམ་ཉམས་པ་ཆྒཻ་མོ་འདི་བྱད་དུ་ཆུ་ག་ཅིག །ལུས་གྲུ་གུ་ཐུལ་དུ་ཆིངས་ཤིག་པའོ། །དུག་གི་གཏོར་མ་ཐོགས་ལ། དལ་ལྷ་རྣམས་སྨྲོས་ལ། དམ་ཉམས་པ་ཆྒཻ་མོ་འདི་སྨྱོར་ཆུག་ཅིག །ཕུར་པ་བཏབ་པའི་ལས་བྱས་ལ། ལྕགས་ཕྱེ་ཟངས་ཕྱེ་དང་རྡོ་ཕྱེ་ཐོགས་ལ། དལ་ལྷ་རྣམས་སྨྲོས་ནས། དམ་ཉམས་པ་ཆྒཻ་མོ་འདིའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་རྡུལ་དུ་རློགས་ཤིག །དེ་ནས་ལིདྒ་ཚོ་གསུམ་དུ་བཅད་ལ། ཆ་གཅིག་བྲ་མའི་ཧོམ་ལ་རྩ་བའི་ལྷ་བཞི་བཅུ་རྩ་དྲུག་ལ་སྦྱིན་སྲེག་བྱའོ། །ཚོ་གཅིག་དལ་གྱི་ལྷ་རྣམས་ལ་བསྟབ་པར་བྱའོ། །ཚོ་གཅིག་ལ་མནན་པ་བྱའོ། །གཟིར་མནན་དྲག་པོའི་ཆོ་ག་བདུན་དང་། ཕྲིན་ལས་རྣམ་བཞིའི་བྲོ་ལ་སོགས་པས་མནན། རབས་ཆད་ནག་པོའི་ཐོད་པའམ། གྲིར་ཤི་བའི་ཐོད་པའི་ནང་དུ་བཅུག་ལ། ལམ་རྒྱ་གྲམ་མམ། ལུང་གསུམ་གྱི་མདོའམ། ལྷ་ཁང་ངམ། འགྲམ་ག་ན་ཡོད་པར་མནན་པ་གཞུང་བཞིན་བྱའོ། །དམ་ཉམས་ནས་གནོད་པས་བསྒྲགས་ཤིང་མི་བསྟན་ནོ། །གབ་པའི་སྔགས་དྲུག་གི་ཁོག་སྡེབས་རྫོགས་སོ།། །།

དགྲ་འཛབ་ཀྱི་དགོངས་པ།

དགྲ་འཛབ་ཀྱི་དགོངས་པ་བཞུགས་སོ། །འཛབ་ཀྱི་དགོངས་པ་ལ་གཉིས། ལྷ་འཛབ་དང་དགྲ་འཛབ་བོ། །དགྲ་ལ་ཡང་གཉིས་ཏེ། ཐུན་མོང་དང་ཁྱད་པར་རོ། །ཁྱད་པར་ནི་དབང་གི་གནས་དྲུག་ཅེས་བྱ་སྟེ། ཕོ་ཉ་དང་། དཀྱུས་ཚིག་དང་། སྔགས་དང་། རྫས་དང་། ཏིང་ངེ་འཛིན་དང་། སྨོན་ལམ་མོ། །དེ་ཡང་གཏོགས་དང་བྲལ་བ་ལ་དྲུག་སྟེ། ཕོ་ཉ་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པས་གཙོ་བོ་ཡབ་ཡུམ་བསྐུལ། དཀྱུས་ཚིག་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །ཞེས་པ་ནས། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཞེས་པའི་བར་དུའོ། །སྔགས་ནི། ཧ་ས་ཡ་ར་ན་ཏ་ཐཱ་ཡ་ཧཱུྃ་ཕཊ྄། ཅེས་པའོ། །རྫས་ནི། གུ་གུལ་ལོ། །ཏིང་ངེ་འཛིན་སྟོང་གྲོགས་བྱེད་པ་རྣམས་བྱ་རོག་རྡོས་གཏོར་བ་ལྟར་བསམ་མོ། །སྨོན་ལམ་ནི། གཙོ་བོ་ཡབ་ཡུམ་ནས་སྒོ་བ་དམ་ཅན་ཡན་ཆད་ཀྱི་མཚན་ནས་བརྗོད་ཅིང་མཱ་ཱར་ཡ་འདི་ལ་སྟོང་གྲོགས་བྱེད་པ་དང་ཕྲོལ་ཅིག་གོ། །གཟུགས་ལ་དབབ་པ་ལ་དྲུག་སྟེ། ཕོ་ཉ་ནི། སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཅེས་པའོ། །དཀྱུས་ཚིག་ནི། ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཞེས་པའོ། །སྔགས་ནི། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ྄། ཅེས་པའོ། །རྫས་ནི་ཡུངས་ཀར་རོ། །གཏིང་ངེ་འཛིན་ཅི་འདྲ་བ་གསལ་བའོ། །སྨོན་ལམ་ནི། ལྷ་རྣམས་ཀྱི་མཚན་འགྲེ་ཤེས་པས་ལིདྒ་ལ་ཕོབ་ཅིག་གོ། །བྱད་དུ་གཞུག་པ་ལ་དྲུག་སྟེ། ཕོ་ཉ་ནི། ཕྱག་བརྙན་ཆེན་མོའི་དུས་ལ་བབ། །ཅེས་པའོ། །དཀྱུས་ཚིག་ནི། ཟུངས་ཤིག་ཆིངས་ཤིག་རྣམ་པར་སྡོམས། །ཞེས་པའོ། །སྔགས་ནི། ཤཱི་ཀྲི ང་ཨཱ་ན་ཡ་ཧཱུྃ་ཕཊ྄་དོ། །རྫས་ནི་སྔོ་དམར་རོ། །ཏིང་ངེ་འཛིན་གྲུ་གུ་ཐུལ་དུ་བཅིངས་པར་བསམ། སྨོན་ལམ་ནི། གཟུགས་ཕུང་ཆིངས་ཤིག་པའོ། །སྨྱོ་རུ་གཞུག་པ་ལ་དྲུག་སྟེ། ཕོ་ཉ་ནི། ཤྭ་ན་མུ་ཁའི་དུས་ལ་བབ། །ཅེས་པའོ། །དཀྱུས་ཚིག་ནི། རིངས་པར་ཁུག་ལ་སྨྲར་ཆུག་ཅིག་པའོ། །སྔགས་ནི། ཛྭ་ལ་པ་ལ་ཛྭ་ལ་པ་ཡ་ཧཱུྃ་ཕཊ྄་དོ། རྫས་ནི་ཉུངས་ཀར་རོ། །ཏིང་ངེ་འཛིན་ནི་འབོག་ཅིག་སྨྱོ་བར་བསམ། སྨོན་ལམ་ནི། སྨྱོ་འབོག་དྲན་པ་ཉམས་པར་གྱུར་ཅིག་པའོ། །རྡུལ་དུ་བརླག་པ་ལ་དྲུག་སྟེ། ཕོ་ཉ་ནི། བདག་ཉིད་ཆེན་མོའི་དུས་ལ་བབ། །ཅེས་པའོ། །དཀྱུས་ཚིག་ནི། ལུས་ངག་རྡུལ་ཕྲན་བཞིན་དུ་རློག །སྔགས་ནི། ད་ཧ་ཡ་ད་ཧ་ཡ་ཧཱུྃ་ཕཊ། ཅེས་པའོ། །རྫས་ནི། རྡོ་རྗེའི་ཐོ་བ་དང་གཏུན་ཁུང་ངོ་། །ཏིང་ངེ་འཛིན་ནི། དམིགས་བྱ་རྡུལ་དུ་རླག་པར་བསམ། སྨོན་ལམ་ནི། དགྲ་བགེགས་ཐལ་བའི་རྡུལ་དུ་རློག་ཅིག་པའོ། །ཞལ་དུ་བསྟབ་པ་ལ་དྲུག་སྟེ། ཕོ་ཉ་ནི། ས་བདག་ཆེན་མོའི་དུས་ལ་བབ། །ཅེས་པའོ། །དཀྱུས་ནི། བཛྲ་ཡཀྴ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྔགས་ནི། བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ྄། ཅེས་པའོ། །རྫས་ནི། ཧོམ་གཟར་རོ། །ཏིང་ངེ་འཛིན་ནི། དགྱེས་པའི་རྐན་སྒྲ་དང་བཅས་རོལ་པར་བསམ། སྨོན་ལམ་ནི། དགྲ་བགེགས་ཀྱི་ཤ་ཁྲག་ལྷག་མ་མེད་པར་རོལ་ཅིག་པའོ། །གབ་པའི་སྔགས་དྲུག་གི་ཁོག་སྡེབས་ཀྱི་མན་ངག་རྫོགས་སོ།། ༈ །།དྲག་པོའི་ཕུར་བསྐོར་བྱ་བ་ལ། གཡས་བསྐོར་བ་ནི། དམ་ཚིག་ཅན་ཕོ་རྒྱུད་བསྐུལ་ཞིང་གཡས་བསྐོར་བ་དང་། མོ་རྒྱུད་བསྐུལ་ཞིང་གཡོན་བསྐོར་བའོ། །དེ་ཅིའི་ཕྱིར་ཞེ་ན། འདི་སྐད་དུ། ཕོ་དང་མོ་ཡི་ནུས་མཐུ་ནི། །འགྲོ་བ་ཆོས་བཞིན་མྱུར་དུ་སྤྱོད། །ཅེས་འབྱུང་བས། ཕོ་རྣམས་ཀྱི་གཅོད་འདོར་ནི་གཡས་ཀྱི་ཡན་ལག་མྱུར་ལ། མོ་རྣམས་ནི་གཡོན་མྱུར་བ་འགྲོ་བའི་ཆོས་ཉིད་ཡིན་པས། དེ་བཞིན་དུ་གཡས་བསྐོར་གཡོན་བསྐོར་གྱི་ནུས་མཐུ་རྟེན་འབྲེལ་གྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་འབྱུང་བར་ཤེས་པར་བྱའོ། །དཀྱིལ་འཁོར་སྤྱི་བསྐོར་བ་ནི། དཀྱིལ་འཁོར་དང་དམ་ཚིག་ཅན་ཐུགས་དམ་གནད་ནས་བསྐུལ་བས་དགུག་པར་བྱ་བ་མྱུར་དུ་བཀུག་ཅིང་སྒྲོལ་བའོ། །བདག་ཉིད་ལ་བསྐོར་བ་ནི། རྣལ་འབྱོར་པའི་ཏིང་ངེ་འཛིན་དང་གསང་སྔགས་ཀྱི་ནུས་མཐུ་བསམ་གྱིས་མི་ཁྱབ་པས་བྱིན་གྱིས་བརླབ་པ་དེས་བསྐོར་བ་ཙམ་གྱིས་ལུས་རྡོ་རྗེའི་གོ་ཆས་གཏམས་པར་འགྱུར་པས། སྒྲུབ་གྲོགས་ལ་ཡང་དེ་བཞིན་དུ་བསྐོར་ན་བར་ཆད་མི་འབྱུང་སྟེ་མན་ངག་གོ།། །།

ཕུར་པ་རྩ་བའི་སྨད་ཐོའི་ལག་ལེན།

ཕུར་པ་རྩ་བའི་སྨད་ཐོའི་ལག་ལེན་བཞུགས་སོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །ཕུར་བུའི་སྨད་ལས་འདི་ལ་དོན་གསུམ་སྟེ། དངོས་གྲུབ་བླང་བ་དང་། དབང་བསྐུར་བ་དང་། དྲག་པོའི་ལས་ལ་སྦྱར་བའོ། །དྲག་པོའི་ལས་ལ་སྦྱར་བའི་ཕུར་པ་གདབ་པ་འདི་ལ་གཞན་དུ་མཛད་པའི་འཕྱོང་གདམས་ངག་ཏུ་གབ་པ་འདི་ལ་དོན་གསུམ་སྟེ། འཁོར་ལོ་བསྐོར་བ་དང་། གདབ་པ་དང་། མནན་པ་བྱ་བའོ། །དེ་ལ་འཁོར་ལོ་བསྐོར་བ་ལ་གཉིས་ཏེ། ལིདྒ་ལ་ཡི་གེའི་འཁོར་ལོ་བསྐོར་བ་དང་། གཟིར་བའི་འཁོར་ལོའོ། །གདབ་པ་ལ་གསུམ་སྟེ། གབ་པའི་སྔགས་དྲུག་གིས་གདབ་པ་དང་། དམ་ཅན་གྱི་དྲག་སྔགས་ཀྱིས་གདབ་པ་དང་། ཕུར་པས་གདབ་པའོ། །མནན་པ་ལ་གཉིས་ཏེ། གཉེན་པོ་དང་བཅས་པ་དང་། གཉེན་པོ་མེད་པའོ། །གདམས་ངག་ལ་རག་ལས་སོ། །དེ་ལ་གབ་པའི་སྔགས་དྲུག་གིས་གདབ་པ་འདི་ལྟར་བྱ་སྟེ། བསྐུལ་བ་གཉིས་ལས་སྐབས་དང་སྦྱར་རོ། །དེ་ནས་བྱབས་ཕུར་བཞེངས་ལ་འདིས་གཟིར་རོ། །ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄། ཧ་ས་ཡ་ར་ཧྲི་ད་ན་ཧཱུྃ་ཕཊ྄། ཤཱི་ཀྲོང་ཨ་ན་ཡ་ཧཱུྃ་ཕཊ྄། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ྄། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ྄། བིནྡྷ་ཡ་བནྡྷི་ཡ་ཧཱུྃ་ཕཊ྄། དེ་ནས་བསྡིགས་ཕུར་གྱིས་བསྡིགས་ཏེ་བརྒྱལ་དུ་གཞུག་གོ། །དེ་ནས་དབང་ཕུར་གྱིས་དབང་དུ་བསྡུའོ། །དེ་ནས་སྒྲོལ་ཕུར་གྱིས། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་བསྐུལ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་པ་ར་བིད་དན་གདུག་པའི་དགྲ་བགེགས། ༀ་ལཾ་ཧཱུྃ་ལཾ་སྟྭམ་བྷ་ཡ་ནན། མོ་ཧ་ག་ཡ་བྷ་ག་ཝཱན་ཤྲཱི་ཀྲི་བི་ཀྲི་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། ཛཿཧཱུྃ་བཾ་ཧོཿ སརྦ་བིགྷྣཱཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། བཛྲ་ཧཱུྃ་ཀཱ་ར་ཨཱ། གདུག་པའི་དགྲ་བོ་མཱ་ར་ཛཿ ཞེས་གདབ་སྟེ་ཚེ་ལུང་གི་སྐབས་སོ། །དངོས་གྲུབ་ཅེས་པ་ནས། བསྒོ་བའི་བཀའ་ཞེས་པས་བསྐུལ་ལ་གདབ་པ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་པ་ར་བིད་དན་གདུག་པའི་དགྲ་བོ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་པ་ར་བིད་དན་གདུག་པའི་དགྲ་བོ་བིན་དྷ་བིན་དྷ་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་པ་ར་བིད་དན་གདུག་པའི་དགྲ་བོ་གྲྀཧྞ་གྲྀཧྞ་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་པ་ར་བིད་དན་གདུག་པའི་དགྲ་བོ་ཧ་ན་ཧ་ན་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་པ་ར་བིད་དན་གདུག་པའི་དགྲ་བོ་བནྡྷ་བནྡྷ་ཧཱུྃ་ཕཊ྄། དེ་ནས་གབ་པའི་སྔགས་སྤྱིར་ཤེས་པར་བྱའོ། །དེ་ནས་བྲན་དང་ཞེས་པ་ནས། མངོན་སྤྱོད་ཅེས་པ་ཡན་ཆད་བསྐུལ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་པ་ར་བིད་དན་གདུག་པའི་དགྲ་བོ་ཧ་ན་ཧ་ན་བཛྲ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཆྒཻ་མོ་ད་ཧ་ད་ཧ་བཛྲ། ཧཱུྃ་བཛྲ་ཀཱི་ལི་ཀཱི་ལི་ཡ༴ ཆྒཻ་མོ་པ་ཙ་པ་ཙ་བཛྲ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཆྒཻ་མོ་མ་ཐ་མ་ཐ་བཛྲ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཆྒཻ་མོ་ཛྭ་ལ་ཛྭ་ལ་བཛྲ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཆྒཻ་མོ་སུ་རུ་སུ་རུ་བཛྲ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཆྒཻ་མོ་མུ་རུ་མུ་རུ་བཛྲ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་པ་ར་བིད་དན་གདུག་པའི་དགྲ་བོ་ཀ་ཏང་ཀ་ཏེ་ཛ་ཡེ་བི་ཛ་ཡེ་ཨ་ཙི་ཏེ་ཨ་པ་ར་ཙི་ཏེ་མ་ར་སེ་ན་པྲ་མར་དྷ་ནི་ཡེ་ཧཱུྃ་ཕཊ྄། དེ་ནས་ཡང་རྡོ་རྗེ་གསང་བའི་བཀའ་ལས་ནི། །ཞེས་པ་ནས། མེད་པར་གྱིས། བར་དུ་བསྐུལ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་པ་ར་བིད་དན་གདུག་པའི་དགྲ་བོ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ་ཀཱ་ར་ཨི་ནན་དྷ་ཏི་མ་མ་ཀརྨ་ཤཱི་ཀྲང་ཀ་ར་ཡེ་ཧཱུྃ་ཕཊ྄། ང་ལ་བར་ཆད་བྱེད་པའི་ཞེས་པ་ནས། མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །ཡན་ཆད་ཀྱིས་བསྐུལ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་པ་ར་བིད་དན་གདུག་པའི་དགྲ་བོ་སརྦ་ཨ་ན་ཡ་ཧཱུྃ་ཕཊ྄། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄། དེ་ནས་རྡུངས་ཤིག་ནས་བརླག་པར་གྱུར། ཡན་ཆད་ཀྱིས་བསྐུལ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་པ་ར་བིད་དན་གདུག་པའི་དགྲ་བོ་ཁ་ཐཾ་ཁ་ཐཾ་ཁ་ཐཾ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ྄་ཕཊ྄་ཕཊ྄། ཅེས་ལན་ཉི་ཤུ་རྩ་གཅིག་བཟླས་སོ། །སྐུ་གསུང་ཐུགས་ཀྱི་སྔགས་དང་། རྡོ་རྗེའི་དགོངས་པ་ནས་དགྱེས་པ་ཡན་ཆད་གདམས་ངག་ཏུ་བརྒྱུད་པའོ། །བྱང་ཆུབ་སེམས་བཞིས་བདེན་པའི་དམིགས་པའི་ཡུལ་བསྟན་པའོ། །དེ་ནས་གསོ་བ་གསུམ་གྱི་དགོངས་པ་འབྱུང་སྟེ། གཟས་པ་པོ་གསོ་བ་ནི། སྙིང་རྗེ་བྱང་ཆུབ་སེམས་དང་འབྲལ་དུ་མི་རུང་བས། དྲག་པོའི་ལས་ཀྱི་སྒྲུབ་པས་བསྒྲུབ་བྱ་ལ་ཕན་གདགས་པའི་ཕྱིར་རོ། །ཕུར་བུ་གསོ་བ་ནི། ཕྱག་རྒྱའི་ལྷ་རྣམས་མནན་གཟིར་གྱི་ལས་ཀྱིས་དམེ་བའི་ལས་ལ་སྦྱར་བས་བསོད་ནམས་ཀྱི་དོན་དུ་མི་འགྱུར་བ་བཟོད་པར་གསོལ་བའི་ཕྱིར་རོ། །བདག་གསོ་བ་ནི། དྲག་པོའི་ལས་ཀྱི་རྣམ་པར་སྨིན་པས་བདག་གི་རྒྱུད་ལ་མི་གོས་པར་བྱ་བའི་ཕྱིར་རོ། །དེ་ཡང་འདི་རྣམས་དང་ལྡན་པར་བྱའོ། །ཧཱུྃ་ཧཱུྃ་ཧཱུྃ། ཕཊ྄་ཕཊ྄་ཕཊ྄། ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄། ཅེས་པས་ཕུར་པ་གསོ་བ་སྟེ། མན་ངག་གི་ལས་བདུན་དང་། བྱིན་རླབས་སྐོར་བདུན་གྱིས་གསོ་བ་སྟེ། རྫས་གསུམ་གྱིས་གསོས་ལ་དར་གྱིས་ཁུག་མར་སྦ་བར་བྱའོ། །ཀཱི་ལི་ཀཱི་ལ་ཡ་ཞེས་པ་ནི་གཟས་པ་པོ་གསོ་བ་སྟེ། ཀུན་གཞི་རྩད་བཅད། སེམས་ཀྱི་དབྱིངས་ཕྱུང་། བྱུང་ཚོར་གྱི་སྒོ་བཀག་སྟེ། ངན་སོང་གསུམ་གྱི་སྒོ་འགག་སྐུ་གསུང་ཐུགས་སུ་བསྡུས། ཡབ་ཡུམ་གྱི་མཁའ་ལ་སྤར། སྐྱེ་བ་མེད་པར་བྱའོ། །ཀཱི་ལི་ཀཱི་ལ་ཡ་ཞེས་བདག་གསོ་བ་སྟེ། ཆོས་ཉིད་སྐྱེ་མེད་དུ་ལ་བཟླ་བ་དེ་ལས་སྐྱེ་བའི་ཆོ་འཕྲུལ་དཔལ་གྱི་སྐུ་བསྐྱེད་ལ། འགྲོ་བ་སེམས་ཅན་གྱི་དོན་བྱའོ། །ཧཱུྃ་ཧཱུྃ་ཧཱུྃ། ཕཊ྄་ཕཊ྄་ཕཊ྄། ཧཱུྃ་གསུམ་ཕཊ྄་གསུམ་ལ་འོད་ལྗང་གུ་དང་། དམར་པོ་དང་། མཐིང་ག་གསུམ་ལས། ལྗང་གུ་ལས་ཀྱི་ས་བོན་ཏེ། །དམར་པོ་ཐུགས་ཀྱི་ངོ་བོ་ཉིད། །མཐིང་ག་བདག་པོ་ཉིད་དུའོ། །ཧཱུྃ་ཧཱུྃ། ཕཊ྄་ཕཊ྄། ཧཱུྃ་གཉིས་ཕཊ྄་གཉིས་ལ། གཅིག་ཐབས་གཅིག་ཤེས་རབ། ཐབས་ཀྱང་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱི་སྐུར་སྣང་བའོ། །ཧཱུྃ་ཕཊ྄། ཧཱུྃ་ཅིག་ཕཊ྄་གཅིག་ནི་ཐུགས་ཡང་དག་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བའོ། །སྨད་ཐོ་ལ་གསུམ་ལས་དངོས་གྲུབ་བླང་བའི་སྨད་ལས་དང་། དབང་བསྐུར་བའི་ཐབས་ཀྱི་སྨད་ལས་དང་། དྲག་པོའི་ལས་ཀྱི་གཟིར་མནན་གདབ་པའི་ལས་ཀྱི་རིམ་པ་གསུམ་ལས། འདིར་གཟིར་མནན་དྲག་པོའི་ལས་ཀྱི་སྨད་ཐོ་ལགས་ཏེ། དེ་ལ་བཏབ་པའི་ལས་ཀྱི་ཁྲིགས་མགོ་གནོན་དང་། འཕྱོང་གདགས་པ་དང་། དཀྱུས་ཀྱི་ཚིགས་དང་གསུམ་ཆར་པྲ་ཁྲིད་དུ་བསྡེབས་ནས་མན་ངག་གི་དོན་ལེགས་པར་བཀོད་དེ་གསལ་བར་བྱས་པའོ། །དངོས་གྲུབ་དང་། དབང་གི་སྨད་ལས་མན་ངག་ལས་ཤེས་པར་བྱའོ། །ཕུར་བུ་རྩ་བའི་མན་ངག་གི་བཅུད་ཕྱུངས་ནས་གུ་རུ་པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་བརྣག་པའོ། །ཕུར་བུ་རྩ་བའི་སྨད་ཐོའི་ལག་ལེན་རྫོགས་སོ།། །།

དྲག་པོའི་སྔགས་བྱང་།

དྲག་པོའི་སྔགས་བྱང་བཞུགས། །ༀ་ལཾ། རི་རབ་ལྟ་བུར་བྱིན་གྱིས་བརླབས་པའི་ཕུར་པ། ཧཱུྃ་ལཾ། རྨོངས་པར་བྱེད་པ། སྟྭཾ་བྷ་ཡ་ནན། མོ་ཧ་གྷ་ཡ། བྷ་ག་བཱན། བཅོམ་ལྡན་འདས་ཀྱི་བྱིན་རླབས་ཀྱིས། ཤཱི་ཀྲི་བི་ཀྲི། དཔལ་གྱི་རིག་པ། བཛྲ་ཧཱུྃ་ཀཱ་ཱར། རྡོ་རྗེ་ཧཱུྃ་མཛད། ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། བཛྲ་ཀཱི་ལི་ཀཱི་ལ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། ཛཿཧཱུྃ་བཾ་ཧོཿ སརྦ་བིགྷ་ནཱཾ། བཛྲ་ཀཱི་ལི་ཀི་ལ་ཡ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། བཛྲ་ཧཱུྃ་ཀཱ་ར་ཨ། ཧཱུྃ་པ་ར་བིད་དན་ཕ་རོལ་གྱི་རིག་པ་འཕྲོག་པ། ཚིནྡྷ་ཆོད་ཅིག་ཆོད་ཅིག །ཚིནྡྷ་ཧཱུྃ་ཕཊ྄། བྷིནྡྷ་བྷིནྡྷ་ཕུག་ཅིག་ཕུག་ཅིག་ཧཱུྃ་ཕཊ྄། ཁམས་གསུམ་རྣམ་པར་རྒྱལ་བ། གྲྀ་ཧྞ་གྲྀ་ཧྞ་ཧཱུྃ་ཕཊ྄། ཟུངས་ཤིག་ཟུངས་ཤིག་རྟ་མགྲིན། ཧ་ན་ཧ་ན་རྒྱོབ་ཅག་རྒྱོབ་ཅིག །ཧཱུྃ་ཕཊ྄། རྣམ་པར་རྒྱལ། བནྡྷ་བནྡྷ་ཆིངས་ཤིག་ཆིངས་ཤིག །ཧཱུྃ་ཕཊ྄། མི་གཡོ་བ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄། གཏོགས་ཤིག་གཏོགས་ཤིག །ཧ་ས་ཡ་ར་ཧ་ཏ་ཡ་ན་ཧཱུྃ་ཕཊ྄། ཤཱི་ཀྲིང་ཨ་ན་ཡ་ཧཱུྃ་ཕཊ྄། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ྄། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ྄། བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ྄། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏི་ཨ་པ་ར་ཙི་ཏེ། མ་ར་སེ་ན་པྲ་མ རྟ་ནི་ཡེ་ཧཱུྃ་ཕཊ྄། ཧཱུྃ་ཧཱུྃ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་ནན། དྷ་ཏེ་མ་མ་ཀརྨ་ཤཱི་ཀྲང་ཀཱ་ཱར་ཡེ་ཧཱུྃ་ཕཊ྄། སརྦ་ཨ་ན་ཡ་ཧཱུྃ་ཕཊ྄། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄་ཁ་ཐཾ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ྄་ཕཊ྄་ཕཊ྄། བཛྲ་ཡཀྵ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ྄་ཕཊ྄་ཕཊ྄། ཧཱུྃ་ཧཱུྃ་ཧཱུྃ། ཕཊ྄་ཕཊ྄་ཕཊ྄། བཛྲ་ཀཱི་ལི་ཀཱི་ལ་ཡ། ཀཱི་ལི་ཀཱི་ལ་ཡ། ཀཱི་ལི་ཀཱི་ལ་ཡ། ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། ཧཱུྃ་ཕཊ྄། ༈ ཕུར་པའི་ཛཔ྄་བཤགས་བཞུགས་སོ། །འཛབ་བཤགས་ལ། ཧཱུྃ། ཆོས་སྐུ་རང་བྱུང་ཐིག་ལེ་གསལ་བ་ལས། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །ཐིག་ལེའི་དབྱིངས་ལས་བྱུང་བ་དོན་མ་རྟོགས། །བཀའ་དང་གཞུང་ལས་འགལ་བ་མཐོལ་ལོ་བཤགས། །ཆོས་ཉིད་ངང་གིས་གསལ་བའི་བདག་ཉིད་མ། །ཀྲོ་དྷཱི་ཤྭ་རཱི་འཁོར་ལོ་རྒྱས་འདེབས་སྐུ། །པདྨའི་དབྱིངས་ལས་ཤར་བའི་དོན་མ་རྟོགས། །བཀའ་དང་གཞུང་ལས་འགལ་བ་མཐོལ་ལོ་བཤགས། །སྟོང་ཉིད་ཐིག་ལེའི་ཡེ་ཤེས་རང་གསལ་ལས། །དྲེགས་པ་བདུད་འདུལ་ཁྲོ་རྒྱལ་ཡབ་ཡུམ་སྐུ། །ཡེ་ཤེས་དབྱིངས་ལས་ཤར་བར་དོན་མ་རྟོགས། །བཀའ་དང་གཞུང་ལས་འགལ་བ་མཐོལ་ལོ་བཤགས། །ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ཕྲ་མེན་མ། །གདུག་པའི་མགོ་ཅན་དབང་དྲག་ལས་མཛད་པ། །དྲག་ཤུལ་ཕྲ་མེན་ཐུགས་དང་ཅི་འགལ་བ། །བཀའ་དང་གཞུང་ལས་འགལ་བ་མཐོལ་ལོ་བཤགས། །ཀུན་བཟང་བདེ་ཆེན་བྷ་གའི་ཕོ་བྲང་ནས། །དུས་གསུམ་རྒྱལ་བའི་ཡེ་ཤེས་ཆེན་པོ་ནི། །ཉོན་མོངས་སྒྲོལ་མཛད་སྲས་མཆོག་ཀཱི་ལ་ཡ། །བཀའ་དང་གཞུང་ལས་འགལ་བ་མཐོལ་ལོ་བཤགས། །ཡེ་ཤེས་ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི། །ཚེམས་རྣོ་མཆེ་གཙིགས་ཡིད་ལ་མགྱོགས་པ་ཡིས། །དགྲ་བགེགས་སྒྲོལ་མཛད་ཤྭ་ན་མུ་ཁ་མ། །བཀའ་དང་གཞུང་ལས་འགལ་བ་མཐོལ་ལོ་བཤགས། །མི་མངོན་དབྱིངས་ནས་ལེགས་ཉིས་སྟངས་འཛིན་ཅིང་། །གསུར་ཆེན་ཁྲག་གི་དྲི་སྣོམ་གུཧྱ་གསང་ཆེན་མ། །བདག་ཉིད་ཆེན་མོ་ནག་མོ་འཁོར་བཅས་ཀྱིས། །བཀའ་དང་གཞུང་ལས་འགལ་བ་མཐོལ་ལོ་བཤགས། །བཀའ་གསང་གཞུང་མནོས་རྡོ་རྗེ་ལྷོ་བལ་ཚོགས། །ཐེག་ཆེན་བསྐྱངས་ཤིང་ཉམས་བསྒྲལ་ཞལ་མཆིས་མ། །སིདྷ་ཆེན་མོ་འཁོར་དང་བཅས་པ་ཡི། །བཀའ་དང་གཞུང་ལས་འགལ་བ་མཐོལ་ལོ་བཤགས། །བཟོད་པར་གསོལ་ནས་ཚངས་པར་སྩལ་དུ་གསོལ། །ཞེས་བཤགས་སོ།། །།

ཕུར་པ་སྨད་ལས་ཀྱི་སྙན་བརྒྱུད་མངའ་བདག་རྒྱལ་པོ་ལ་གནང་བ།

ཕུར་པ་སྨད་ལས་ཀྱི་སྙན་བརྒྱུད་མངའ་བདག་རྒྱལ་པོ་ལ་གནང་བ་བཞུགས་སོ། །བཅོམ་ལྡན་འདས་ཕྲིན་ལས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་གཞོན་ནུའི་མན་ངག་འདི་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཡན་ཆོད་དུ་སྙན་ཁུང་དུ་རིམ་པར་བརྒྱུད། ཡི་གེར་མ་བཀོད་དོ། །དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མ་འོངས་པའི་རྣལ་འབྱོར་པ་རྣམས་ལ་ཕན་གདགས་ཤིང་། དུས་ཀྱི་ཐ་མར་སངས་རྒྱས་ཀྱི་བསྟན་པ་གཉན་པ་བསྲུང་བའི་ཆེད་དུ་མན་ངག་ཐུགས་ལས་བརྟོལ་ནས་ཡི་གེར་བཀོད་དེ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་ལ་གཏད་པ་ལགས་སོ། །དེ་ལ་དང་པོར་གསང་བ་མན་ངག་གི་རིམ་པ་མཐའ་དག་དོན་གསུམ་དུ་འདུས་པར་བསྟན་པ་ནི། རྣལ་འབྱོར་མན་ངག་གདེངས་ལྡན་པས། །བསྙེན་པས་ཉེ་བར་གྱུར་པ་དང་། །བསྒྲུབས་ནས་ལས་ལ་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པས། གསང་བ་མན་ངག་གི་རིམ་པ་ཇི་སྙེད་པ་བཀོད་པ་ཡང་། བསྙེན་པ་དང་། སྒྲུབ་པ་དང་། ལས་ལ་སྦྱོར་བ་དང་གསུམ་དུ་འདུས་པར་གསུངས་ལ། དེ་དག་གི་མན་ངག་དང་ལྡན་ན་ཕྲིན་ལས་གང་བསྒྲུབ་ཀྱང་འགྲུབ་སྟེ་འདི་ལ་ཐེ་ཚོམ་མི་ཟའོ། །གལ་ཏེ་ཐེ་ཚོམ་ཅན་དུ་གྱུར་ན་བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་བས་བཞག་པར་རིགས་སོ། །དེས་ན་ཕྱིན་ཅི་མ་ལོག་པར་ཡང་དག་པའི་ལྟ་བ་ལ་གནས་པས། བྱེད་སྤྱོད་ཐམས་ཅད་ཀྱང་ཚོགས་གཉིས་སུ་འགྱུར་པར་བསྟན་པའི་ཕྱིར་འདི་སྐད་དུ། སེམས་ཉིད་རྡོ་རྗེ་ཀཱི་ལ་ཡ། །ཡེ་ཤེས་རྩེ་མོ་ཐམས་ཅད་འདེབས། །དེ་ཡིས་སྣོད་བཅུད་རྣམ་པར་དག །བྱེད་སྤྱོད་ཐམས་ཅད་ཚོགས་གཉིས་འགྱུར། །ཞེས་འབྱུང་བས། སེམས་ཀྱི་གནས་ལུགས་ཇི་བཞིན་པ་ཉིད་ནི་སེམས་ཉིད་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་དེའོ། །དེའི་རང་བཞིན་མི་འགྱུར་མི་ཤིགས་པ་རྡོ་རྗེའོ། །དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཤེས་རབ་ནི་ཡེ་ཤེས་ཏེ། དེ་ཆོས་ཐམས་ཅད་སྟོང་ཉིད་ལས་གཞན་མ་ཡིན་པར་རིག་པས་ན་འདེབས་ཤེས་བྱའོ། །དེ་ལྟར་རྟོགས་ན་ནི་ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱང་ཀུན་རྫོབ་སྒྱུ་མ་ཙམ་དུ་ཕུར་པ་རྫས་ཀྱི་ཕྱག་རྒྱར་སྣང་ལ། དོན་དམ་པར་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་རྟོགས་པ་ནི། རྣམ་པར་རྟོག་པ་ཐམས་ཅད་ལ་ཡེ་ཤེས་རྩེ་མོས་བཏབ་པ་ཡིན་ནོ། །དམིགས་པ་རྩེ་གཅིག་ཏུ་བྱེད་ཅིང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་ནི། དེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། ཡེ་ཤེས་ཐམས་ཅད་ཀྱི་ནང་ནས་ཀྱང་དམ་པར་གྱུར་པས་ན་རྩེ་མོའི་མཆོག་ཡིན་ནོ། །ཅིའི་ཕྱིར་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་ཕུར་པ་ཞེས་བྱ་ཞེ་ན། དམིགས་པའི་རྣམ་རྟོག་དངོས་པོ་ཀུན། །ཡེ་ཤེས་རྩེ་མོས་འདེབས་ཕྱིར་ཡིན། །ཞེས་གསུངས་སོ། །དེ་ལྟར་ལྟ་བུའི་ངང་ལ་སེམས་རྩེ་གཅིག་ཏུ་གནས་པ་ནི་སྤྱོད་ལམ་ཐམས་ཅད་དུ་ཅི་བྱས་ཀྱང་ཚོགས་གཉིས་རྫོགས་པར་འགྱུར་རོ། །ཞེས་བསྟན་ཏོ། །དེ་ནས་ཕྲིན་ལས་ཐོག་མར་སྒྲུབ་པའི་དལ་གཟུགས་བརྙན་དུ་བཞེངས་སུ་གསོལ་བ་ནི་འདི་སྐད་དོ། །དབུས་ན་ཕོ་བྲང་ཨེ་ཡི་ད་ལ་ནི། །ཟླ་གམ་དབང་ཆེན་རཀྟའི་རྒྱ་མཚོ་འཁྲུག །ཆོས་སྐུ་སྤྲོས་མེད་མུ་ཁྱུད་ཟླུམ་པོར་འཁྱིལ། །ཡེ་ཤེས་བཞི་ལྡན་གྲུ་ཆད་བཞི་ཡིས་བརྒྱན། །མཁའ་དབྱིངས་བཅུ་དྲུག་ཨེ་ཡི་མཐའ་བསྐོར་ཏེ། །སྐུ་གསུམ་ལྡན་པས་ཐོད་པ་ཚར་གསུམ་དང་། །མི་འགྱུར་བརྟན་པས་རྡོ་རྗེའི་ར་བས་བསྐོར། །འབར་བའི་བར་ཁྱམས་དང་ནི་སྒོ་བཞིར་ལྡན། །ཕྱི་རིམ་ལྕགས་རི་བསྐལ་པའི་མེ་རིས་བསྐོར། །ཞེས་འབྱུང་བས་དེ་ཉིད་ལ་བརྟག་སྟེ་ཤེས་པར་བྱའོ། །ཡང་འདི་སྐད་དུ། གྲུ་བཞི་སྒོ་བཞི་ལྡན་པ་ལ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །བར་ཁྱམས་སྒོ་ཁྱུད་རྟ་བབས་ལ། །ཐོད་སྦྲུལ་ལ་སོགས་རྒྱན་གྱིས་མཛེས། །གཅིག་གི་བཅུ་གཅིག་ཉི་ཤུ་གཅིག །བདག་ཉིད་གང་སྒྲུབ་འདོད་པ་ཡི། །ཨེ་ཡིད་ལ་མདུན་དུ་བྲི། །ཞེས་འབྱུང་བས་དེ་ཉིད་ལ་བརྟག་གོ། །དེ་ནས་བྲུབ་ཁུང་ལས་ཀྱི་དལ་བཅའ་བ་ནི་འདི་སྐད་དུ། དབང་ལྡན་མེ་དང་བདེན་བྲལ་དུ། །བྲུབ་ཁུང་ལས་ཀྱི་ད་ལ་ནི། །ཁྲུ་གང་ཚད་དང་འཚམས་པ་ལ། །གྲུ་གསུམ་སུམ་བརྩེགས་ཁ་ཁྱེར་ཅན། །ཟ་བྱེད་ཞལ་དང་མདའ་གཞུར་བཅས། །ཞེས་འབྱུང་བས། དབང་ལྡན་མཚམས་སུ་བསྟབ་པ་ལས་ཀྱི་ད་ལ་གྲུ་གསུམ་ཕྱོགས་རེ་ལ་ཁྲུ་རེ་བ། ཟབས་སུ་ཕྱོགས་གཅིག་གི་ཕྱེད་འགྱུར་བྲུའོ། །ནང་དུ་རོ་སྲེག་པའི་སོལ་བ་ཁྲག་ཆེན་དང་སྦྱར་བས་བྱུག་གོ། །དེར་མིའི་སྙིང་པོ་ནྲྀ་བྲིའོ། །ཁ་ཁྱེར་གྱི་ཟུར་གསུམ་ལ་ཟ་བྱེད་ཀྱི་ཞལ་ནང་དུ་གདངས་པ། གཞན་ཡང་ཝ་སྤྱང་ལ་སོགས་པ་ཁ་ནང་དུ་གདངས་པ་བྲིའོ། །བསད་པ་ལས་ཀྱི་དཀྱིལ་འཁོར་ནི། ལྷོ་ནུབ་མཚམས་སུ་རྒྱ་དང་ཞབས་གོང་དང་འདྲ་བ་ལས་ལོགས་ལ་མདའ་གཞུ་བཀང་བ་གསུམ། ཟུར་ལ་ཟ་བྱེད་ཀྱི་ཞལ་བྲིའོ། །བང་རིམ་སུམ་བརྩེགས་ཀུན་ཏུ་སོར་བཞི་པ་བྱས་པ་ལ་ཕུར་བུ་བཅུ་གཅིག །རྩང་དྲུག་ཅུ་རྩ་གཉིས། མཚོན་ཆ་རྣམས་རིམ་པ་བཞིན་དུ་དགོད་པར་བྱའོ། །དེར་རྐང་རྗེས་ལ་སོགས་པ་ལས་བྱས་པའི་ལིདྒ་ལ་མིང་རུས་སྙིང་གར་གླན། སྔགས་དྲུག་པོ་བཀོད་ལ་ནང་དུ་གཞུག་གོ། །སྦྱིན་སྲེག་ལས་ཀྱི་དལ་ནི་ཤར་ལྷོ་མཚམས་སུ་བཅའ་སྟེ་དེ་ཉིད་ཀྱི་སྐབས་ན་གསལ་བས་འདིར་མ་བྲིས་སོ། །དེ་ནས་ཕུར་པ་དགོད་པའང་འདི་སྐད་དུ། ཉི་ཤུ་རྩ་གཅིག་ཨེ་དཀྱིལ་ནི། །ཤེས་རབ་ཡུམ་གྱི་རང་བཞིན་ལས། །དྲག་པོའི་ཕུར་པ་ཉི་ཤུ་གཅིག །ཐབས་ཀྱི་ཕྱག་རྒྱའི་ངོ་བོ་རུ། །རང་རང་མདུན་དུ་དགོད་པར་བྱ། །གཟས་པ་པོ་ཡི་མིང་རུས་ནི། །ཡབ་ཡུམ་གཉིས་མེད་མཁའ་ལ་བསྟིམ། །ཞེས་འབྱུང་བས། ཨེ་ཉི་ཤུ་རྩ་གཅིག་ནི་ཡུམ་གྱི་རང་བཞིན་ཤེས་རབ་ལ། སྲས་མཆོག་ཉི་ཤུ་རྩ་གཅིག་ནི་ཡབ་རྣམས་ཀྱི་ངོ་བོ་སྟེ་ཐབས་ཀྱི་རང་བཞིན་ནོ། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་མཁའ་དབྱིངས་སུ་མིང་རུས་ལ་བརྟེན་ཏེ་བསྒྲུབ་བྱའི་རྣམ་པར་ཤེས་པ་གནད་ལ་དབབ་པར་བྱའོ། །དེ་རྣམས་ཀྱང་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ལ་སོགས་པ་ཡབ་ཡུམ་གྱི་མདུན་དུ་རང་རང་གི་སྤྲུལ་པའི་ཚུལ་དུ་དགོད་པར་བྱའོ། །བྱིན་གྱིས་བརླབ་པའི་ཆོ་ག་ནི། ཕུན་སུམ་ཚོགས་པ་ནས་གསལ་བས་དེར་ཤེས་པར་བྱའོ། །བྲུབ་ཁུང་ལས་ཀྱི་ལྷའི་ཕུར་པ་དགོད་པ་ཡང་འདི་སྐད་དུ། རྡོ་རྗེ་ཕུར་པ་བཅུ་གཅིག་གིས། །གྲུ་ཆད་གྲུ་གསུམ་བསྐོར་བར་བྱ། །ཞེས་འབྱུང་བས་ཕུར་པ་བཅུ་གཅིག་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་དང་ཁྲོ་བོ་བཅུའི་ངོ་བོར་རང་རང་གི་ལས་སྔགས་དང་བཅས་པས་བྱིན་རླབས་ཅན་དུ་བྱས་ཏེ་གསོད་པ་ལས་ཀྱི་དཀྱིལ་དུ་དགོད་དོ། །གཞན་ཡང་གྲོགས་ཀྱི་ཕུར་པ་བཀོད་པ་ནི་འདི་སྐད་དུ། གསེར་དང་ལྕང་མཆོག་སྐྱེར་ལྡེང་དང་། །གཤོག་པ་ཟངས་དང་རྭ་འཕངས་རྣམས། །ཕྲིན་ལས་སྒོ་བཞིར་དགོད་པར་བྱ། །ཞེས་འབྱུང་བས། དེ་རྣམས་ནི་ཕྲིན་ལས་སྒོ་བཞིའི་བདག་ཉིད་ཡིན་པས་ཁ་དོག་གི་རིགས་ལས་ཕྱེ་སྟེ་སྒོ་བཞིར་དགོད་པར་བྱའོ། །བྱིན་གྱིས་བརླབ་པའི་སྔགས་ནི་གཞན་ན་གསལ་བས་འདིར་མ་བྲིས་སོ། །གནས་བསྲུང་བ་དང་། གནད་ལ་དབབ་པ་ནི་འོག་ནས་འབྱུང་ངོ་། །ཕུར་པ་དེ་རྣམས་ཀྱང་དོན་བདུན་དུ་འདུས་བར་བསྟན་པ་ནི། མེད་དུ་མི་རུང་བའི་ཕུར་པ་བདུན། ཞེས་བྱ་སྟེ། དེ་ཡང་འདི་སྐད་དུ། བསྐྲད་པ་མཚམས་ཀྱི་ཕུར་པ་དང་། །བཀོད་པ་རྫས་ཀྱི་ཕུར་པ་དང་། །མངགས་པ་ཕོ་ཉའི་ཕུར་པ་དང་། །དབང་དུ་བསྡུ་བའི་ཕུར་པ་དང་། །གདབ་པ་ལས་ཀྱི་ཕུར་པ་དང་། །མི་གཏོང་འཛིན་པའི་ཕུར་པ་དང་། །གནས་སྲུང་བ་ཡི་ཕུར་པའོ། །ཞེས་འབྱུང་བས་དེ་རྣམས་ཀྱང་ངོས་བཟུང་ན། བསྐྲད་པ་མཚམས་ཀྱི་ཕུར་པ་ནི། ཕུར་པ་བཅུ་ཁྲོ་བོ་བཅུར་བྱས་ཏེ་ཕྱོགས་མཚམས་བསྲུང་བའི་ཕྲིན་ལས་བཅོལ་བའོ། །མངགས་པ་ཕོ་ཉའི་ཕུར་པ་ནི། སྒོ་བཞིར་བཀོད་པའོ། །དབང་དུ་བསྡུ་བའི་ཕུར་པ་ནི། དམ་ཅན་གནད་ལ་འབེབས་པའི་ཕུར་པ་ལ་བྱའོ། །གདབ་པ་ལས་ཀྱི་ཕུར་པ་ནི། གསོད་ཕུར་ལ་བྱ་སྟེ། བསྒྲལ་བའི་གིང་ཞེས་ཀྱང་འབྱུང་། མི་གཏོང་འཛིན་པའི་ཕུར་པ་ནི། བསྙེན་ཕུར་ལ་བྱའོ། །གནས་བསྲུང་བའི་ཕུར་པ་ནི་གོ་སླའོ། །བཀོད་པ་རྫས་ཀྱི་ཕུར་པ་ནི། ལྷ་ཕུར་དང་དེ་དག་ཐམས་ཅད་ལ་ཡང་བྱ་སྟེ། དེ་དག་དོན་གཅིག་ཏུ་འདུས་པར་ཡང་བསྟན་ཏོ། །སྤྱིར་ན་དེ་དག་རེ་རེ་ལ་སྒྲ་དུ་མ་འཇུག་པ་ཡང་ཡོད་དེ། དེ་ལྟར་བསྟན་པའི་ཕྲིན་ལས་དང་། དོན་ཕྱོགས་རེ་རེ་མཚོན་ནས་ཕྱེ་བར་ཟད་དོ། །དེ་ནས་ཡང་བསྙེན་སྒྲུབ་ལྷའི་འཛབ་ཅེས་བྱ་སྟེ་གསལ་བ་གསུམ་དང་ལྡན་པས་བཟླས་ན་མཆོད་པ་ལ་སོགས་པ་དེ་ཉིད་ཡིན་པར་བསྟན་པའི་ཕྱིར་འདི་སྐད་དུ། གསང་བའི་སྔགས་ཀྱིས་རབ་བསྐྱེད་དེ། །བདག་ཉིད་གསལ་བ་ལ་སོགས་ནི། །མཆོད་དང་བསྟོད་པའི་བདག་ཉིད་ཅན། །སྟོང་པའི་གོ་ཆ་བླ་ན་མེད། །ཅེས་འབྱུང་བས། གསང་བ་སྔགས་ཀྱི་ཀཱི་ལ་ཡ་ཟློས་ཤིང་འོད་ཟེར་གྱི་འཕྲོ་འདུས་ལས། སྐུ་ཕྱག་རྒྱ་དང་གཉིས་སུ་མེད་པ་དང་རང་བཞིན་མེད་པར་གསལ་བ་ལ་གནས་པ་ནི་ཐུགས་མཉེས་པའི་མཆོད་པ་དང་། བསྟོད་པ་ཡང་དེ་ཉིད་ཀྱིས་འགྱུར་ལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ། །དེ་ལྟ་བུའི་དོན་ལ་གནས་པ་ནི། བཀའ་ནན་དང་། གོ་ཆའི་སྦྱོར་བ་ཐམས་ཅད་ཀྱི་ནང་ནས་ཀྱང་མཆོག་ཡིན་ནོ། །དེ་ནས་སྒྲོལ་བ་ལས་ཀྱི་འཛབ་བྱ་སྟེ། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ལ་ཞེ་སྡང་རྗེས་སུ་དྲན་པ་བསྐུལ་ནས་བསྒྲུབ་བྱ་དབང་དུ་བསྡུ་བའི་ཕྱིར་འདི་སྐད་དུ། གསལ་བ་གསུམ་དང་ལྡན་པ་ཡི། །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཞེ་སྡང་རྗེས་སུ་དྲན་པ་ཡི། །ཁམས་གསུམ་ཁྲོ་བོས་གང་བར་མཛོད། །ཅེས་འབྱུང་བས། སྔ་མ་བཞིན་དུ་གསལ་བ་གསུམ་དང་ལྡན་པའི་སྒོ་ནས་གསང་བའི་སྔགས་མཱ་ར་ཡ་དང་བཅས་པ་བཟླས་པས་དཔལ་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་པ། སྐེད་པ་རྒྱ་མདུད་མན་ཆད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ་རྣོ་བ་སོལ་མལ་ནས་ཕྱུངས་པ་ལྟ་བུ་དམར་ཙར་རེ་ཐོན་ནས་དཀྱིལ་འཁོར་གསུམ་དང་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་ཐུགས་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་རྗེས་སུ་དྲན་པ་ཙམ་གྱིས་སྐུ་གོང་མ་ལྟ་བུར་གྱུར་བ་གཟས་པོའི་སྙིང་གར་ཐིམ་པས་ལུས་ངག་ཡིད་གསུམ་གྱི་བག་ཆགས་བསྒྲལ། རྣམ་པར་ཤེས་པ་ཕྲོགས་ནས་ལིདྒ་ལ་པྲ་བེ་ཤ་ཡ་ཕཊ྄་ཀྱིས་སྙིང་ཁ་ཕྱེས། ཨ་བེ་ཤ་ཡ་ཨས་བསྟིམས་ནས་གཟུགས་ཀྱི་ཕུང་པོ་རྩྭ་སྒྱེ་སྟོང་པ་འདྲ་བ་དེ་ལྷག་མ་མ་ལུས་པར་དྲངས་ཤིང་བསྟིམ་པ་ནི་དབང་དུ་བསྡུ་བའི་མཆོག་ཡིན་ནོ། །དེ་ནས་ཁྱད་པར་གྱི་བཟླས་པ་ཞེས་བྱ་བ་སྟེ། བསྒྲུབ་བྱ་བསོད་ནམས་དང་ལྡན་ནས་ཚེའི་དུས་བྱེད་དུ་མ་འདོད་ན་ལྷ་དང་བྲལ་བ་ལ་སོགས་པའི་ལས་བྱ་བའི་ཕྱིར་འདི་སྐད་དུ། དང་པོ་ལྷ་དང་བྲལ་བར་བྱ། །གཉིས་པ་གཟུགས་ལ་དབབ་པར་བྱ། །གསུམ་པ་བྱད་དུ་གཞུག་པར་བྱ། །བཞི་པ་སྨྱོ་རུ་གཞུག་པར་བྱ། །ལྔ་པ་རྡུལ་དུ་བརླག་པར་བྱ། །དྲུག་པ་ཞལ་དུ་བསྟབ་པར་བྱ། །ཞེས་པས་ལྷ་དང་དབྲལ་བ་ལ་སོགས་པའི་སྐབས་སུ་གསང་བའི་སྔགས་ཀྱི་ཀཱི་ལ་ཡ་ནི་ལོག་གནོན་ཞེས་བྱ་སྟེ་ཐམས་ཅད་ཀྱི་འགོ་ལའོ། །ཐུན་མོང་གི་སྔགས་ནི་ལས་གྲུབ་པར་བྱེད་པ་ཡིན་པས་ཁོང་ཁྲའོ། །ཁྱད་པར་གྱི་སྔགས་ནི་ལས་ལ་བསྐུལ་བ་ཡིན་པས་ཀུན་གྱི་མཇུག་ལའོ། །དེ་ལྟར་གདབ་པའི་སྔགས་ཚན་དྲུག་ནི་མན་ངག་ཅེས་བྱ་སྟེ་རང་གི་ལས་གྲུབ་པར་བྱེད་པ་ལ་ཐེ་ཚོམ་མེད་དོ། །ཕྲིན་ལས་ཀྱི་སྟོབས་ནི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་བྱས་ལ། ལྷ་དང་བྲལ་བའི་བསམ་གཏན་ལ་གནས་པས་དེའི་ངན་སྔགས་ཁྲི་ཚོ་རེ་སྨྲ་བ་བཅད་པས་བཟླས་ཤིང་། བར་སྐབས་སུ་མངགས་པ་ཕོ་ཉའི་ཕུར་པ་བསྐོར་ཞིང་། དུས་ལ་བབ་དྲུག་གིས་ཕོ་ཉ་གསུམ་བསྐུལ་ཏེ་དེའི་སྔགས་བཟླས་ནས་དགུག་པའི་བསམ་གཏན་ལ་གནས་པས་བསྒྲུབ་བྱའི་རྣམ་ཤེས་ལིདྒ་ལ་དགུག་གཞུག་བྱའོ། །གཞན་ཡང་ཧ་ས་ཡ་ར་དང་། ཨ་བེ་ཤ་ཡ་དང་། ཤཱི་ཀྲིང་དང་། ཛྭ་ལ་པ་ཡ་ཡང་དེའི་གྲོགས་ཙམ་དུ་བཟླ་བར་བྱའོ། །དམ་ཚིག་ཅན་གྱི་སྲོག་སྙིང་ལ་སོ་སོའི་ཐུན་སྔགས་བཏགས་ལ། ཉུངས་དཀར་ཉུངས་ནག་གི་ཐུན་དང་། ཁྲག་དང་། དུག་དང་། ཟངས་ཕྱེ། ལྕགས་ཕྱེ། རྡོ་ཕྱེའི་ཐུན་དང་། ཕུར་ཐུན་རྣམས་དབབ་པར་བྱའོ། །གདུགས་སྦྱངས་ཀྱི་རྫས་ལ་བསྐྱངས་ཤིང་ལས་བཅོལ་བར་བྱའོ། །ལས་ལ་མ་ཚུད་ན་གནད་ལ་ཕབ་ལ་ལས་ལ་གཟུད་པར་བྱ་སྟེ་མན་ངག་བཀོལ་བ་ལས་ཤེས་པར་བྱའོ། །དེ་ལྟར་བྱ་བ་ཡང་རྒྱུད་ལས་འདི་སྐད་དུ། ཁྲོ་བོའི་ད་ལ་དམ་ཚིག་ཅན། །བཀུག་ནས་བ་ལིཾ་སྦྱིན་པར་བྱ། །ལས་ལ་གཟུད་ཅིང་ཐུན་རྣམས་དབབ། །གལ་ཏེ་དགོས་པ་མི་བསྒྲུབ་ན། །ཁྲོ་བོའི་ང་རྒྱལ་དང་ལྡན་པས། །བསྙེན་ཅིང་དུས་དེར་གནད་ལ་དབབ། །སླར་དྲན་པས་ནི་དགོས་པ་རྣམས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །ཉིན་གུང་མཚན་གུང་གི་དུས་སུ་བསྟབ་པའི་ལས་ཅི་རིགས་སུ་བྱ་བ་ཡང་རྒྱུད་ལས། བདུད་རྩི་ལྔའམ་ཟས་ལྔ་ལ། མཚན་མ་མིང་དུ་བཅས་པ་ནི། །བཀུག་ནས་རྡོ་རྗེ་ཕུར་པས་བཏབ། །རྡུལ་དུ་བྱས་ལ་ཚོགས་ལ་འབུལ། །ཞེས་གསུངས་པས་ཚོགས་ཀྱི་ཞལ་ཟས་ལ་བརྟེན་ཏེ་ཕོ་ཉས་དགུག་གཞུག་བྱས་ལ་ཕུར་པ་བཏབ་པ་ལ་སོགས་པ་ཚོགས་ཀྱི་ཕྲིན་ལས་ཀྱི་སྐབས་ནས་ཤེས་པར་བྱའོ། །ཕོ་ཉས་བཀུག་པ་ནས་ཚོགས་ཀྱི་ཕྲིན་ལས་ཀྱི་བར་ནི་སྒྲུབ་པ་ལ་ཞུགས་ཕན་ཆད་ཉིན་གུང་མཚན་གུང་མཚན་གུང་མཐའ་དག་ཏུ་བྱའོ། །དེ་ནས་ལྷ་དང་དཔྲལ་བའི་རྫས་ཀྱིས་བསྣུན་པ་དང་། དམོད་མོའི་སྨོན་ལམ་གདབ་སྟེ་ཕུར་པ་དབང་གི་གནས་དྲུག་ཏུ་བལྟའོ། །དེ་བཞིན་དུ་གཟུགས་ལ་དབབ་པ་དང་། བྱད་དུ་གཞུག་པ་དང་། སྨྱོ་རུ་གཞུག་པ་ཡང་དེས་ཤེས་པར་བྱའོ། །དེ་ལྟར་བསྙེན་སྒྲུབ་ཀྱིས་ལས་ཀྱི་གདབ་པའི་དྲོད་ཚད་ལ་བབ་པར་ཤེས་ནས་གདབ་པའི་ལས་བྱ་སྟེ་དེ་ཡང་འདི་སྐད་དུ། འབུམ་ཕྲག་གཅིག་གམ་ས་ཡའམ། །བྱེ་བ་བཟླས་ཏེ་དབང་བསྐུར་ནས། །ཏིང་འཛིན་བསྙེན་པ་རྫོགས་བྱས་ཏེ། །གཟིར་མནན་བྱས་ལ་གདབ་པར་བྱ། །ཞེས་གསུངས་ཏེ་གྲངས་ཀྱི་བསྙེན་པ་དེ་རྫོགས་པས་བཟླས་བརྗོད་བསྙེན་པའི་དྲོད་ཚད་ཅེས་བྱ་སྟེ། གདབ་པའི་དུས་ལ་བབ་པའོ། །གཞན་ཡང་དུས་དང་ཏིང་ངེ་འཛིན་གསལ་བ་དང་། ཕོ་ཉས་ཁུག་པའི་རྟགས་མཐོང་ནས་ངེས་པར་གདབ་པའི་ཕྲིན་ལས་བརྩམ་ཞེས་འབྱུང་བས། སྒྲུབ་པ་ལ་ཞུགས་ནས་ལོའམ་ཟླ་བའམ་ཞག་བདུན་གྱི་དུས་ལ་བསྐྱར་བའམ། བསྒྲུབ་བྱ་མངོན་སུམ་དུ་འདྲ་བར་གསལ་བའམ། ཕོ་ཉས་ཁུག་སྟེ་ལིདྒ་འཕར་བ་ལ་སོགས་པའི་རྟགས་བྱུང་ན་གདབ་པའི་དྲོད་ལ་བབ་པར་ཤེས་པར་བྱའོ། །དེ་ནས་དམིགས་ཀྱི་གདབ་པའི་དུས་བསྟན་པ་ནི། ཚེས་བརྒྱད་ཉ་དང་ཉི་ཤུ་གཉིས། །གནམ་སྟོང་དག་ལ་རྟག་པར་ཤིས། །ཞེས་འབྱུང་བས། གཞན་ཡང་བཅུ་བདུན་ཉེར་གཅིག་དང་། །ལྔ་དང་དགུ་དང་མར་གྱི་ངོ་། །ནམ་དང་ཉི་མའི་གུང་རྣམས། །བརྟུལ་ཞུགས་ལྡན་པས་ལས་རྣམས་བསྟུན། །ཞེས་འབྱུང་བས། དབྱར་ཟླ་ར་བ་དང་། སྟོན་ཟླ་ཐ་ཆུང་གི་བརྒྱད་ལའོ། །དབྱར་འབྲིང་དང་། སྟོན་ར་དང་། སྟོན་ཐ་དང་། དགུན་ར་དང་། དེ་རྣམས་ཀྱི་ཉ་ལའོ། །དཔྱིད་ཐ་ཆུང་གི་ཉི་ཤུ་གཉིས་ལའོ། །དགུན་འབྲིང་རྩ་གཅིག་རྩ་གཉིས་རྩ་དགུ་ལའོ། །དགུན་ཐ་བཅུ་བདུན་དང་རྩ་དགུ་ལའོ། །གནམ་སྟོང་ཐམས་ཅད་ཀྱི་ཐུན་མོང་སྟེ། དཔྱིད་ཐ་གནམ་སྟོང་ནི་བཟློག་གོ། །དེ་རྣམས་ཀྱི་ཉིན་གུང་མཚན་གུང་ལ་བཏབ་བོ། །དེ་ནས་ཕུར་པ་གདབ་པ་ལ་རྣམ་པ་གཉིས་ཏེ། ཁ་མི་བཟློག་པར་བྱ་བའི་ཕྱིར་གདབ་བ་དང་། ལིདྒ་ལ་གདབ་པའོ། །ཁ་མི་བཟློག་པར་བྱ་བའི་ཕྱིར་གདབ་པ་ཡང་འདི་སྐད་དུ། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །དཔལ་ལྡན་གཙོ་བོ་ཉིད་མཚུངས་ལས། །གནས་བསྲུངས་པ་འདི་ཤར་གྱི་སྒོ། །ཡེ་ཤེས་ལྷ་ལ་གདབ་པར་བྱ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་སྟེ། །དཔལ་ཆེན་ཀུན་ཏུ་རྟ་མགྲིན་རྒྱལ། །ལོག་འདྲེན་བགེགས་ཀྱི་དཔུང་ཚོགས་རྣམས། །བྱང་ཤར་མཚམས་སུ་གཟིར་བར་བྱ། །ཞེས་འབྱུང་བས། ཕུར་པ་གཉིས་ལས་གཅིག་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་བདག་ཉིད་དུ་བྱས་ལ་ལས་འདི་མ་གྲུབ་ཀྱི་བར་དུ་ཐུགས་དམ་ལས་མ་འདའ་བར་གནས་སྲུངས་ཤིག་བྱས་ལ་ཤར་གྱི་སྒོར་གདབ། ཕུར་པ་གཅིག་ཁྲོ་བོ་རྟ་མགྲིན་གྱི་བདག་ཉིད་དུ་བྱས་ལ། ལས་འདི་མ་གྲུབ་ཀྱི་བར་དུ་ཁྱོད་ཀྱིས་བགེགས་གནད་ལ་ཕོབ་ལ་ལས་ལ་ཚུད་ཅིག་བྱས་ལ་དཀྱིལ་འཁོར་གྱི་བྱང་ཤར་མཚམས་སུ་གདབ་བོ། །དེ་ནི་ཁ་མི་བཟློག་པར་བྱ་བའོ། །དེ་ནས་ལིདྒ་ལ་བཏབ་པ་ལ་གཉིས་ཏེ། ཀུན་རྫོབ་དང་། དོན་དམ་མོ། །དོན་དམ་པའི་དགོངས་པ་ལ་ཡང་འདི་སྐད་དུ། དེ་ནས་ཡུལ་ཤེས་གཉིས་མེད་དེ། །བསྐྱོད་པ་མེད་པའི་རི་རབ་ཀྱིས། །མཁའ་ཡི་གཏུན་ཁུང་བདེ་གནས་ན། །གཏིང་དཔག་མེད་པའི་དབྱིངས་ཉིད་དུ། །ཡེ་ཤེས་སྐུ་ཡི་ཁྱབ་གདལ་བས། །མ་ལུས་ཕུར་པ་ཐབས་ཤེས་བྱ། །ཞེས་འབྱུང་བས། ཡོ་ག་རྣམ་པ་གསུམ་དང་སྦྱར་ན། ཐབས་དང་ཤེས་རབ། དབྱིངས་དང་ཡེ་ཤེས། ཡུལ་ཤེས་གཉིས་སུ་མེད་པ་ཞེས་བྱ་སྟེ། དངོས་སུ་ན་ཆོས་ཉིད་སྟོང་པ་ཉིད་ལ་རིག་པའོ། །ཡེ་ཤེས་སྟོང་པས་གདབ་པའོ། །ཀུན་རྫོབ་ཏུ་གདབ་པའི་དགོངས་པ་ནི་འདི་སྐད་དུ། བདག་ཉིད་ཁྲོ་བོའི་ང་རྒྱལ་ཅན། །གསལ་བ་གསུམ་དང་རབ་ལྡན་པས། །གབ་པའི་སྔགས་དང་སྡོམ་སྔགས་དང་། །སྦས་པའི་ཚིག་དྲུག་ཁོག་སྡེབས་དང་། །མན་ངག་རྩ་བའི་དམ་ཚིག་གིས། །གདབ་ན་དེ་ཉིད་བརླག་པར་འགྱུར། །ཞེས་འབྱུང་བས། ལས་ལ་སྦྱར་བའི་སྐབས་སུ་དམ་ཅན་གནད་ལ་དབབ། དམ་ཚིག་ཆེན་པོའི་དུས་ལ་བབ། མཐུ་རྩལ་དབྱུང་བའི་ཞེས་པའི་འཕྱོང་གདགས། ཀཱི་ལ་ཡ་དྲག་ཏུ་བཟླ། ཏ་ཐཱས་གཏོགས་ཤིག །ཧ་སས་ཕྱེས་ཤིག །ཤཱི་ཀྲི་ང་གྱིས་ཆིངས་ཤིག །ཨ་བེ་ཤ་ཡས་གཟུགས་ལ་སྟིམས་ཤིག །ཛྭ་ལ་པ་ཡས་གཟིར་ཅིག །རྦད་པའི་སྔགས་ཏེ་ༀ་ཕཊ་ཀྱིས་གཟིར་བར་གྱིས་ཤིག །ཀུན་གཞི་རྩད་བཅད་པ་དང་། སེམས་ཀྱི་དབྱིངས་ཕྱུང་བར་གྱིས་ཤིག །སངས་རྒྱས་ཀྱི་བདེན་པའོ། །ཞེས་བདེན་པའི་བྱིན་རླབས་ཆེན་པོས་དམིགས་ཤིག །སྤྲུལ་པ་ཆེན་པོ་ལས་ཀྱི་ཁོག་སྡེབས་གོང་བཞིན་གྱིས་ཤིག །ཕྱག་བརྙན་ཆེན་མོ་ལས་ཀྱི་ཁོག་སྡེབས་གོང་བཞིན་གྱིས་ཤིག །ཤྭ་ན་མུ་ཁ་ལས་ཀྱི་ཁོག་སྡེབས་གོང་བཞིན་གྱིས་ཤིག །བདག་ཉིད་ཆེན་མོ་ལས་ཀྱི་ཁོག་སྡེབས་གོང་བཞིན་གྱིས་ཤིག །ས་བདག་ཆེན་མོ་ལས་ཀྱི་ཁོག་སྡེབས་གོང་བཞིན་གྱིས་ཤིག །མན་ངག་ཚིགས་གསུམ་དང་སྒོ་བཞིའི་ཕུར་པ་གོ་སླའོ། །དེ་ནས་བསད་ཕུར་གྱིས་གདབ་པ་ནི། མན་ངག་གསུམ་གྱི་ཁོག་སྡེབས་ཤེས་པར་བྱ་སྟེ། གབ་པའི་སྔགས་དགུ་སྡོམས་སྔགས་ཞེས་བྱ་བ་ནི་སྔགས་སྡོམ་མོ། །མན་ངག་ཅེས་བྱ་བ་ནི་གསལ་བ་གསུམ་མོ། །གབ་པའི་ཚིག་ནི་རྩ་བའི་ཚིག་བཤད་དེ། དེ་གསུམ་བསྡོམས་ནས་གདབ་པའི་ལས་བྱས་ན་བརླག་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །དེའི་རིམ་པ་ཡང་། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །ཞེས་པ་དང་། སྡོམ་སྔགས་ཀྱི་ཚན་དང་པོར་སྡེབས་པ་གསལ་བ་གསུམ་དང་ལྡན་པ་ནི། སྐྱེ་བའི་སྒོ་ལྔ་དག་པར་བྱ་བའོ། །བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཞེས་པ་དང་། སྔགས་ཚན་གཉིས་པ་གསལ་བ་གསུམ་དང་ལྡན་པ་ནི། ཉོན་མོངས་པའི་གནས་བཞི་དག་པར་བྱ་སྟེ་བསྒྲལ་བའོ། །གདུག་ཅིང་སྡང་སེམས་ལྡན་པ་ཡི། །ཞེས་པ་དང་། ཏ་ཐཱ་ཡ་གསལ་བ་གསུམ་དང་ལྡན་པ་ནི་མཐུ་དང་རྫུ་འཕྲུལ་ཕྲོགས་ཏེ་བསྒྲལ་བའོ། །སརྦ་ཨ་ན་ཡ་དེ་བཞིན་དུ་སྡེབས་པ་ནི་དགེ་སྡིག་ཆ་མཉམ་པའི་ཕྱིར་གདབ་པའ ོ། །གདབ་པའི་གནས་ནི་འདི་སྐད་དུ། ལོང་བུ་པུས་མོ་དཔྱི་དང་ལག་པའི་མཁྲིག །ཅེས་བྱ་བ་ལ་སོགས་པའམ། གཞན་ཡང་། ཐམས་ཅད་འབྱུང་བའི་རྒྱུ་ཡིན་པས། །ཞེ་སྡང་དྲེགས་པ་སྙིང་ལ་སྒྲིལ། །ཅེས་འབྱུང་བས་གདབ་པའི་གནས་སོ་སོར་སྨོས་པའམ། ཡང་ན་ཐམས་ཅད་ཀྱི་རྩ་བ་ཡིན་པས་དཀར་ནག་མཚམས་སུ་སྒྲིལ་ལོ། །དེ་ནས་དམ་ལས་མི་འདའ་བ་དང་། ལས་ལ་གཟུད་པར་བྱ་སྟེ། གནད་ལ་བོར་ལ་བྱ་བ་ནི་ཕུན་སུམ་ཚོགས་པར་བལྟའོ། །དེ་ནས། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །ཞེས་བྱ་བ་ལ་སོགས་པ་དང་། རྩ་བའི་སྔགས་ཏ་ཐཱ་ཡ་དང་། ཁ་ཐཾ ཧཱུྃ་ཕཊ། ཅེས་པ་དང་བཅས་པས་བརྡུང་བར་བྱའོ། །ཐུན་དབབ་པ་དང་། ཕུར་པ་གདབ་པ་དང་། བརྡུང་བའི་ལས་ཀྱི་རྡུལ་དུ་བརླག་པར་བྱས་ནས། བསྒྲུབ་བྱའི་ཕུང་པོ་ཆ་གསུམ་དུ་བགོས་ལ། ཆ་གཅིག་བདག་ཉིད་ཆེན་མོ་འཁོར་དང་བཅས་པའི་ཞལ་དུ་བསྟབ་པར་བྱའོ། །ཆ་གཅིག་སྦྱིན་སྲེག་བྱའོ། །ཆ་གཅིག་མནན་པ་བྱ་སྟེ། །དེ་ཡང་། ཕུང་པོ་མཆོད་པའི་རྫས་སུ་སྤྱད། །སེམས་ནི་བསྐལ་པའི་མཐའ་རུ་མནན། །བྱང་ཆུབ་སེམས་ནི་སྐྱེས་ན་བཏང་། །བྱང་ཆུབ་སེམས་ནི་མི་ལྡན་ན། །ནམ་ཡང་ཐར་བའི་དུས་མེད་དོ། །ཞེས་འབྱུང་བས་སོ། །བསྟབ་སྲེག་མནན་གསུམ་གྱི་ལས་ནི་མན་ངག་བཀོལ་བ་ལས་བལྟའོ། །དེ་ནས་ཡང་གནས་སྤར་བ་ནི་འདི་སྐད་དུ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་ལ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་འབྱུང་བས། གཞན་ཡང་། ལས་ལ་ཐེ་ཚོམ་མེད་ཅིང་བློ་ལྡན་པས། །རྣམ་ཤེས་འཆི་མེད་རྒྱལ་བའི་སྲས་སུ་བསྐྱེད། །ཅེས་འབྱུང་བས། ངེས་པར་ལས་གྲུབ་པར་ཤེས་ནས་གནས་ཀྱི་ཆོ་ག་མ་བྱས་ན་དམ་ཚིག་ཉམས་པ་ཡིན་པས། གནས་ཀྱི་ཆོ་ག་ཇི་ལྟ་བ་བཞིན་བྱ་དགོས་སོ། །ལས་མ་གྲུབ་པར་གནས་ཀྱི་ཆོ་ག་བྱས་ན་ཡང་དམ་ཚིག་ཉམས་པ་དང་ལས་མི་འགྲུབ་པ་ཡིན་པས་ཉམས་སུ་བླང་བར་མི་བྱའོ། །སྲུང་བ་མན་ངག་གི་རིམ་པ་འདི་ནི་ལུང་དང་སྦྱར་ནས་མན་ངག་གི་རིམ་པར་ཡི་གེར་བཀོད་པ་ཡིན་པས། བུ་ལའང་དམ་ཚིག་གནད་ལ་བོར་ལ་གཏད་པར་བྱའོ། །འདི་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་ལས་བཏོལ་ནས་བཙད་པོ་ཁྲི་སྲོང་ལྡེའུ་བཙན་ལ་གཏད། བཙད་པོས་ཀྱང་རྒྱ་མ་ལས་ཀྱི་མན་ངག་ཏུ་སློབ་དཔོན་བཻ་རོ་ཙ་ན་ལ་དམ་ཚིག་གནད་ལ་བོར་ནས་གཏད་པ་ཡིན། མ་འོངས་རྣལ་འབྱོར་པས་ཀྱང་དེ་བཞིན་དུ་བྱ་བར་རིགས་སོ། །གསང་ངོ་། །ཨཐྎ།། །།

ཕུར་པའི་སྨད་ལས་ཀྱི་རིམ་པ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ལུགས།

ཕུར་པའི་སྨད་ལས་ཀྱི་རིམ་པ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ལུགས་བཞུགས་སོ། །ཕྲིན་ལས་དྲག་པོའི་དཀྱིལ་འཁོར་འདི་ལ་སྤྱི་དོན་གཉིས་ཀྱིས་བསྟན་ཏེ། དཀྱིལ་འཁོར་གྱི་བཅའ་གཞི་བསྟན་པ་དང་། ཕྲིན་ལས་ཀྱི་ཁོག་གཞུང་བསྟན་པའོ། །ཁོག་གཞུང་བསྟན་པ་ལ་གཉིས་ཏེ། བྱིན་གྱིས་རླབས་པ་བསྟན་པ་དང་། ལས་སོ་སོ་བསྟན་པའོ། །ལས་སོ་སོ་བ་བསྟན་པ་ལ་བཞི་སྟེ། མན་ངག་རྣམ་པ་གསུམ་བསྟན་པ་དང་། དྲོད་རྣམ་པ་གསུམ་བསྟན་པ་དང་། སྦས་པའི་ཚིག་དྲུག་བསྟན་པ་དང་། ཧེ་རུ་ཀ་ལས་ཀྱི་བཟླས་པ་བསྟན་པའོ། །མན་ངག་གསུམ་ལས། ཀུན་གཞི་རྩད་བཅད་པ་དང་། སེམས་ཀྱི་དབྱིངས་ཕྱུང་བ་དང་། གསང་བའི་སྒོ་དགག་པའོ། །དྲོད་གསུམ་ལ། ཏིང་འཛིན་གསལ་བའི་དྲོད་དང་། ཕོ་ཉ་འགུགས་བྱེད་ཀྱི་དྲོད་དང་། གདབ་པ་ཕྲིན་ལས་ཀྱི་དྲོད་དང་གསུམ་མོ། །ཏིང་ངེ་འཛིན་གསལ་བའི་དྲོད་ལ་ཡང་གསུམ་སྟེ། རང་ཉིད་རྩ་བའི་དཀྱིལ་འཁོར་དུ་གསལ་བ་དང་། ཕུར་པ་ཡཀྴ་ཁྲོ་བོའི་དལ་དུ་གསལ་བ་དང་། གཟས་པ་པོ་བཀྲག་དང་གཟི་མདངས་སུ་གསལ་བའོ། །ཕོ་ཉ་འགུག་བྱེད་ལ་ཡང་གསུམ་སྟེ། མགྱོགས་པ་ཡེ་ཤེས་ཀྱི་ཕོ་ཉ་དང་། ཐུགས་རྗེ་སྤྲུལ་པའི་ཕོ་ཉ་དང་། བསྐུལ་བ་ཕྲིན་ལས་ཀྱི་ཕོ་ཉའོ། །གདབ་པ་ཕྲིན་ལས་ལ་བཞི་སྟེ། སྐྱེ་བའི་སྒོ་ལྔ་དག་པར་བྱས་ཏེ་བསྒྲལ་བ་དང་། རྣམ་པར་ཤེས་པའི་ཚོགས་བརྒྱད་དག་པར་བྱས་ཏེ་བསྒྲལ་བ་དང་། རྣམ་པར་ཤེས་པའི་རྟེན་མགོ་དག་པར་བྱས་ཏེ་བསྒྲལ་བ་དང་། མཐུ་དང་རྫུ་འཕྲུལ་ཕྲོག་སྟེ་བསྒྲལ་བ་དང་བཞིའོ། །སྦས་པའི་ཚིག་དྲུག་ནི། གབ་པའི་སྡོམ་པ་བཟུང་བ་དང་། ཉི་ཤུ་རྩ་གཅིག་བཟླས་པ་དང་། དམ་ཅན་གནད་ལ་དབབ་པ་དང་། གཟིར་མནན་དྲག་པོས་བརྡུང་བ་དང་། རྩ་བས་ཁམས་གསུམ་བསྒྲལ་བ་དང་། བསྒྲལ་ནས་མཆོད་པ་དང་བསྟབ་པ་དང་དྲུག་གོ། །ཕྲིན་ལས་དྲག་པོའི་དཀྱིལ་འཁོར་ནི། གྲུ་གསུམ་ཟླ་གམ་མེ་འབར་བཅས། །དབུས་སུ་གྲུ་གསུམ་སུམ་བརྩིགས་ཅན། །རྒྱ་གྲམ་དུག་ཤིང་རྩང་གིས་བསྐོར། །གསུམ་པོ་དག་ནི་བརྒྱན་པའོ། །དེ་ཡི་ཕྱི་རམ་གྲུ་གསུམ་གསུམ། །གསུམ་པོ་སྦྲགས་ནས་ཉི་ཤུ་གཅིག །དྲག་པོའི་ཕུར་བུ་ཉི་ཤུ་གཅིག །མཱ་ར་བསད་པའི་གདན་དང་བཅས། །དབང་གི་ཟླ་གམ་གསུམ་པོ་ལ། །ཕུར་བུའི་སྲུང་མ་རྣམ་གསུམ་བཀོད། །དྲག་པོའི་ལས་རྣམས་དགྲམ་པར་བྱ། །སྒོ་གཞིར་ཉིན་མཚན་ཕུར་བུ་བཀོད། །སྐབས་སུ་དྲག་པོའི་ལས་རྣམས་བྱའོ། །དབུས་ཀྱི་གྲུ་གསུམ་ནང་དུ་ནི། །མཱ་ར་བསད་པའི་ལིདྒ་ནི། །མཚན་མ་དྲུག་ལས་བྱས་པའོ། །བལ་ཚོན་ལྔ་ཡིས་བྱད་དུ་གཞུག །མགོ་བོ་ལྷོ་ཡི་ཕྱོགས་སུ་བསྟན། །ལྡང་མི་ནུས་པར་གན་རྐྱལ་བཞག །ཅེས་སོ། ༈ །ཕྲིན་ལས་འདིའི་གཟུང་གི་སྤྱི་དོན་རྣམ་པ་གསུམ་སྟེ། ཏིང་ངེ་འཛིན་གསལ་བའི་དྲོད་དང་། བཟླས་བརྗོད་བསྙེན་པའི་དྲོད་དང་། སྦས་པ་གབ་པའི་དྲོད་དོ། །ཏིང་ངེ་འཛིན་གསལ་བའི་དྲོད་ནི་གསུམ་སྟེ། བདག་ལྷའི་སྐུར་གསལ་བ་དང་། གཟས་པ་པོ་བཀྲག་དང་གཟི་མདངས་དང་ལྡན་པར་དབང་པོའི་མངོན་སུམ་དུ་གསལ་བ་དང་། ཕུར་པ་སྲས་མཆོག་རི་རིབ་ཏུ་གསལ་བའོ། །བཟླས་བརྗོད་བསྙེན་པའི་དྲོད་ལ་གཉིས་ཏེ། སྔོན་དུ་བྱ་བ་དང་། ཕོ་ཉ་དགུག་པའི་བསྙེན་པའོ། །ཕོ་ཉས་དགུག་པ་ལ་གསུམ་སྟེ། མགྱོགས་བྱེད་ཡེ་ཤེས་ཀྱི་ཕོ་ཉ་དང་། ཐུགས་རྗེ་སྤྲུལ་པའི་ཕོ་ཉ་དང་། བསྐུལ་བ་ཕྲིན་ལས་ཀྱི་ཕོ་ཉ་དང་གསུམ་མོ། །དེ་ལ་མགྱོགས་བྱེད་ཡེ་ཤེས་ཀྱི་ཕོ་ཉ་ནི། ཧེ་རུ་ཀ་ལས་ཀྱི་རྒྱལ་པོ་འདི་བཞེངས་སུ་གསོལ་བའི་དུས་སུ་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་གྱུར། དྲེགས་པ་ཅན་གདན་དུ་བཏིང་བའི་དུས་སུ། བདག་ཉིད་དཀྱིལ་འཁོར་རྣམ་གསུམ་གསལ་བའི་དུས་ན། ཆོས་ཉིད་གཏིང་མཐའ་མེད་པ་ནས་སྐྱེ་འགྲོ་གཟུགས་སུ་སྣང་བ་ཐམས་ཅད་ཕུར་བུའི་སྐུར་མ་གྱུར་པ་གང་ཡང་མེད་པའི་དུས་ན་འདི་ལྟར་དགུག་སྟེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཛཿཧཱུྃ་བཾ་ཧོཿ ཆྒཻ་མོ་མཱ་ར་ཡ་ཕཊ྄། ཅེས་པས་བདག་གི་ཐུགས་ཀ་ནས་དཔལ་རྡོ་རྗེ་གཞོན་ནུ་འཇིག་རྟེན་གྱི་ཁམས་སུ་འཕྲོས་པས། དཔེ་ཅི་འདྲ་ན་གྲོག་ཚང་སློག་པའམ། ཉི་རྡུལ་བར་སྣང་འཁྲུག་བཞིན་འཕྲོས་ཏེ། དེ་དག་གི་ཐུགས་ཀ་ནས་ཀྱང་ལྷ་མོ་དམར་མོ་བྱུ་རུའི་མདོག །ལྕགས་ཀྱུ་ཅན་དང་། ཞགས་པ་ཅན་དང་། ལྕགས་སྒྲོག་ཅན་དང་། དྲིལ་བུ་ཅན་དང་། དེ་རེ་རེའི་ཐུགས་ཀ་ནས་ཀྱང་དེ་དང་འདྲ་བ་བཏོན་ལ། གང་དགུག་པའི་སྙིང་ག་ནས་ལྕགས་ཀྱུས་བཟུང་། ཞགས་པས་བཅིངས། ལྕགས་སྒྲོག་གིས་ཆུ་སྲིན་གྱི་ཁ་བཞིན་དུ་བསྡམས། དྲིལ་བུས་མྱོས་པ་ཙམ་དུ་བྱའོ། །གྱད་ཆེན་གྱིས་སྡོང་གོག་བསྐྱུར་བ་བཞིན་དུ་འདྲུད་འདྲུད་དམ། ཕུར་པའི་འོག་ཏུ་ཧྲིལ་ཧྲིལ་སོང་བའོ། །ཐུགས་རྗེ་སྤྲུལ་པའི་ཕོ་ཉ་ཡང་ཁྲོ་བོ་དང་ཁྲོ་མོ་དང་ཕོ་ཉ་ཉི་ཤུ་ལ་བྱའོ། །བསྐུལ་བ་ཕྲིན་ལས་ཀྱི་ཕོ་ཉ་ནི། ཤྭ་ན་མུ་ཁ་དང་། བདག་ཉིད་ཆེན་མོ་དང་། ས་བདག་ཆེན་མོ་དང་། མ་བདུན་དང་། སྲིང་བཞི་དང་། གིང་དང་། ཕྱག་བརྙན་ཡན་ཆད་དོ། །དེ་རྣམས་ནི་སྔོན་སློབ་དཔོན་པདྨའི་སྤྱན་སྔར་དམ་བཅས་པ་ཡིན་པས་ཐུགས་དམ་ལ་འབྱོན་ནོ། །དེ་ནི་དྲོད་ཚད་གསུམ་མོ། །དེ་དག་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྤྲུལ་པས་ཁམས་གསུམ་གང་བར་བསམ་ལ་དབང་དུ་བསྡུའོ། །སྦས་པ་གབ་པའི་དྲོད་ནི། དེ་ལ་མན་ངག་གི་ཚིག་གསུམ་ནི། ཀུན་གཞི་རྩ་བཅད་པ་དང་། སེམས་ཀྱི་དབྱིངས་ཕྱུང་བ་དང་། གསང་བའི་སྒོ་དགག་པ་དང་གསུམ་མོ། །དེ་དངོས་སུ་དག་པར་བྱ་སྟེ། དྲོད་གསུམ་ཡང་གསལ་བར་བྱས་ལ། གཟས་པ་པོ་དེའི་ཕུང་པོའི་ནང་ན་ཙིཏྟའི་དཀྱིལ་ན་འོད་ཚོན་གང་བ་གཅིག་གནས། དེའི་ནང་ན་ཉོན་མོངས་པ་ཁྲག་གི་སྦལ་པ་བྱེའུ་ལན་པའི་མགོ་ཙམ་གཅིག་གནས། དེ་རྩ་ལ་ནི་ཞོན། ཁྲག་ལ་ནི་རྒྱུ། དབུགས་ཀྱི་རྟ་བྱེད་དོ། །དེ་ལ་ཚེ་དང་བཀྲག་དང་རྩི་བཅུད་བལ་རྒྱ་འདྲ་བ་གཅིག་ན་སྦས་ནས་འདུག་གོ། །དེ་སྙིང་པོ་གསུམ་གྱིས་གཟིར་ཏེ། ༀ་སྤུ་ཏ་སྤུ་ཏ་སྤུ་ཏ། ནི་ར་ནི་ར་ནི་ནི། སཏྭ་ནཱ་ག་ནི། ས་ར་ས་ར། ནི་ར་ནི་ར་ནི་ནི། བཛྲ་ཙིཏྟ་ནི་ར་ནི་ར་ནི་ནི། ཞེས་གཟིར་ཏེ་རི་རབ་ཕུར་བུའི་དགོངས་པ་བྱའོ། །ༀ་ལཾ་ཞེས་པ་ནས་བཛྲ་ཧཱུྃ་ཀཱ་ར་ཞེས་པས་བཏབ་པས་གཏིང་ཕྱིན། གནད་སླེབ། ཐོག་རྫིས། ཀློགས་ཕབ་དོན་གྱི་འགྱུར་དུ་མེད་པར་བཏབ་པས་ཚེ་བལ་རྒྱ་འདྲ་བ་དེ་ཐལ་ཕྱུང་། ཀུན་གཞི་འོད་དང་འདྲ་བ་དེ་ཐལ་ཕྱུང་། ཁྲག་དང་ཤ་རྡོ་ཚན་ལ་ཆུ་འདུས་པ་བཞིན་དུ་བསྐམས་ནས། མ་རིག་པ་དང་ཉོན་མོངས་པ་ལྷང་ཚན་ལ་སྦུར་མ་མི་ཆགས་པ་བཞིན་དུ་བསྲེགས་ཏེ་ཀུན་གཞི་རྩད་བཅད་པ་དེ་ལ་བྱའོ། །དོན་དབྱིངས་དང་ཡེ་ཤེས། རྟགས་ཐབས་དང་ཤེས་རབ། འབྲས་བུ་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པའོ། །དེ་ལྟར་ཐབས་ཤེས་རབ། ཚེ་དང་ཡེ་ཤེས། བཀྲག་དང་གཟི་མདངས་ཐམས་ཅད་ཕུར་པའི་རྩེ་མོ་ལ་འདུས་ཏེ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་དཀར་ཙ་ར་ར་འདུག་པ་དེ་བདག་ལ་བསྟིམ་པས་བདག་ཀྱང་ཚེ་ཡི་དངོས་གྲུབ་ཐོབ་ལ། ཐམས་ཅད་ཀྱང་དབང་དུ་འདུས་པའི་རྟགས་སོ། །སེམས་ཀྱི་དབྱིངས་ཕྱུང་ཞེས་ཀྱང་དེ་ལ་བྱའོ། །གསང་བའི་སྒོ་དགག་པ་ནི། དབུགས་ཀྱི་རྟ་ལ་ཞོན་ནས་ཕྱིར་ཕྱུངས་ནས་ཕུར་བུ་བཞི་བཏབ་སྟེ། དམ་ཅན་མ་བཞིའི་སྙིང་པོ་དང་། ༀ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན་མོ་ཧ་གྷ་ཡ། ཞེས་གདབ་བོ། །ༀ་ལཾ་ནི་ཡིད་ཀྱི་རྣམ་པར་ཤེས་པ་འཁོར་བའི་སྒོ་དགག །འདོད་ཆགས་རྩད་ནས་ཕྱུངས། ཧཱུྃ་ལཾ་ནི་ཀུན་གཞི་འཁོར་བའི་རྒྱུད་བག་ཆགས་ལ་སོགས་པའི་གཞི་སྟེ་ཀུན་གཞི་འཁོར་བའི་རྩད་བཅད། ཞེ་སྡང་རྩད་ནས་ཕྱུངས། སྟྭྃ་བྷ་ཡ་ནན་ནི་ཉོན་མོངས་པ་བག་ལ་ཉལ་བའི་འཁོར་བའི་སྒོ་བཀག་ང་རྒྱལ་རྩད་ནས་ཕྱུངས། མོ་ཧ་གྷ་ཡ་རུས་དེའི་ནང་ནས་ཁོའི་མིང་རང་བཞིན་གྱིས་གནས་ཏེ། མིའི་སྙིང་པོ་ལྗང་གུ་འཁོར་བའི་དྲུང་ནས་ཕྱུངས། གཏི་མུག་རྩད་ནས་བཅད། དེ་ལྟར་བསྟན་པས་ན། དེ་མན་ཆད་ལ་གཡག་རོ་ལ་ཚབ་བྱེད་པ་དང་འདྲའོ། །མནན་པར་འདེབས་པ་ཙམ་དུ་བས་སོ། ༈ །སྦས་པའི་ཚིག་དྲུག་ནི། གབ་པའི་སྡོམ་པ་བཟུང་བ་དང་། །སྙིང་པོ་རྩ་གཅིག་བཟླས་པ་དང་། །གཟིར་མནན་དྲག་པོས་བརྡུང་བ་དང་། །དམ་ཅན་གནད་ལ་དབབ་པ་དང་། །རྩ་བས་ཁམས་གསུམ་བསྒྲལ་བ་དང་། །བསྒྲལ་ནས་མཆོད་པར་བསྟབ་པའོ། །གབ་པའི་སྡོམ་པ་བཟུང་བ་ལ་གཉིས་ཏེ། ཕུར་པ་རྫས་ཀྱི་སྙིང་པོ་བཟླས་པ་དང་། །གབ་པའི་སྔགས་དགུ་བཟླས་པའོ། །དེ་ལ་ཕུར་རྫས་ཀྱི་སྙིང་པོ་ནི་དང་པོ་ལ། བྱབས་ཕུར་གྱི་སྙིང་པོ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུྃ་ཕཊ྄། བསྡིགས་པ་སྐྱེར་ཕུར་གྱི་སྙིང་པོ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་སུ་རུ་ཧཱུྃ་ཕཊ྄། མཆོག་ཕུར་གྱི་སྙིང་པོ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བིང་བིང་ཧཱུྃ་ཕཊ྄། ལྕགས་ཕུར་གྱི་སྙིང་པོ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མཿས་མནྟ་བིཾ་བིཾ་ཆྒཻ་མོ་མཱ་ར་ཡ་ཧཱུྃ་ཕཊ྄། གང་ལ་དམིགས་པ་མཇུག་ལ་བཏགས་སོ། །གབ་པའི་སྔགས་དགུ་བསྟན་པ་ནི། །གཙོ་བོའི་སྐུ་གསུང་ཐུགས་ཀྱི་སྙིང་པོ་དང་། །ཕྲིན་ལས་ཀྱི་སྔགས་དྲུག་གོ། །སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ནི། སྐུའི་སྙིང་པོ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། སྤུ་ཏ་སྤུ་ཏ། སརྦ་ན་ས་ཨ་པ་ན་ཡེ་ཧཱུྃ་ཕཊ྄། གསུང་གི་སྙིང་པོ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། བྱ་ཀྲི་པ་ལ་སརྦ་དུཥྚཾ་ཧྲི་ཤོ་དྷ་ཡ་ཧཱུྃ་ཕཊ྄། ཐུགས་ཀྱི་སྙིང་པོ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄། དེ་ལྟར་སྐུ་གསུང་ཐུགས་ཀྱི་སྙིང་པོ་བརྗོད་པ་དང་། ཕྲིན་ལས་བཅོལ་ཞིང་བསྟབ་པའི་ལས་ཀྱི་སྙིང་པོ་སྟོང་བམ་བྱ། མཚམས་སུ་ཉུངས་ཀར་གྱིས་བརྡེག །གུ་གུལ་གྱིས་བདུག་གོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄། གཏོགས་ཤིག་པའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་ཧ་ས་ཡ་ར་ཧྲི་ད་ན་ཧཱུྃ་ཕཊ྄། སྡོང་གྲོགས་དང་ཕྲོལ་ཅིག་པའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཤྲཱི་ཀྲིང་ཨ་ན་ཡ་ཧཱུྃ་ཕཊ྄། ཡན་ལག་ཆིངས་ཤིག་པའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཛྭ་ལ་པ་ཡ་ཛྭ་ལ་ཡ་ཧཱུྃ་ཕཊ྄། སྨྲར་ཆུག་ཅིག་པའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ྄། སེམས་ལིདྒ་ལ་ཕོབ་ཅིག་པའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ བིན྄་དྷ་ཡ་བིན྄་དྷ་ཡ་ཧཱུྃ་ཕཊ྄། ཤ་ཁྲག་ལ་རོལ་ཅིག་པའོ། །ཉི་ཤུ་རྩ་གཅིག་བཟླས་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་པ་ར་བིད་དན་ཧཱུྃ་ཕཊ྄། སྲིད་པ་ཆགས་པའི་རྟེན་ལྟེ་བ་ལའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཙིཏྟ་ཙིཏྟ་ཧཱུྃ་ཕཊ྄། སྙིང་ལའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ བིན྄་དྷ་བིན྄་དྷ་ཧཱུྃ་ཕཊ྄། དཔྱི་ལའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ གྲྀཧྞ་གྲྀཧྞ་ཧཱུྃ་ཕཊ྄། དཔུང་པ་ལའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཧ་ན་ཧ་ན་ཧཱུྃ་ཕཊ྄། གསང་གནས་སུའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ བན྄་དྷ་བན྄་དྷ་ཧཱུྃ་ཕཊ྄། མགོ་ལའོ། །སྟོང་བམ་བྱའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཧ་ན་ཧ་ན་ཧཱུྃ་ཕཊ྄། མིག་ལའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ད་ཧ་ད་ཧ་ཧཱུྃ་ཕཊ྄། རྣ་བ་ལའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ པ་ཙ་པ་ཙ་ཧཱུྃ་ཕཊ྄། སྣ་ལའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ མ་ཐ་མ་ཐ་ཧཱུྃ་ཕཊ྄། ལུས་ལའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཛྭ་ལ་ཛྭ་ལ་བཛྲ་ཧཱུྃ་ཕཊ྄། ལྕེ་ལའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ སུ་རུ་སུ་རུ་བཛྲ་ཧཱུྃ་ཕཊ྄། ལིདྒ་ལའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ མ་རུ་མུ་རུ་བཛྲ་ཧཱུྃ་ཕཊ྄། མོ་མཚན་ལའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཨ་ཙི་ཏེ་ཨ་པ་ར་ཙི་ཏེ་ཧཱུྃ་ཕཊ྄། ཀུན་གཞི་ལ་སྙིང་དཀར་ནག་མཚམས་སུའོ། །ༀ་བཛྲ་ཀ་ལི་ཀཱི་ལ་ཡ༴ ཛ་ཡེ་བི་ཛ་ཡེ་ཧཱུྃ་ཕཊ྄། ཡིད་ཀྱི་རྣམ་པར་ཤེས་པ་སྙིང་རྩ་གཡས་པ་ལའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཀ་ཏང་ཀ་ཏེ་ཡེ་ཧཱུྃ་ཕཊ྄། ཉོན་མོངས་པ་ཅན་གྱི་ཡིད་སྙིང་རྩ་གཡོན་པ་ལའོ། །སྟོང་བམ་བྱའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཧཱུྃ་ཕཊ྄། དཔྲལ་བ་ནས་ལྟག་པར་རོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཨི་ནན་དྷ་ཏི་ཧཱུྃ་ཕཊ྄། རྣ་ལྟག་གཡས་ནས་གཡོན་དུའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ མ་མ་ཀརྨ་ཤཱི་ཀྲང་ཀ་ར་ཡ་ཧཱུྃ་ཕཊ྄། རྣ་ལྟག་གཡོན་ནས་གཡས་སུའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄། སྤྱི་གཙུག་ཏུའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་སརྦ་ཨཱ་ན་ཡ་ཧཱུྃ་ཕཊ྄། རྐང་མཐིལ་ལའོ། །སྟོང་བམ་བྱའོ། །བར་བར་དུ་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་རྡེག་གོ། །དམ་ཅན་གནད་ལ་དབབ་པ་ནི། ཤྭ་ན་མུ་ཁ་དང་། བདག་ཉིད་ཆེན་མོ་དང་། ས་བདག་ཆེན་མོ་གནད་ལ་དབབ་པའོ། །དེ་རྣམས་ཀྱིས་དགྲ་བོ་གནད་ལ་འབེབས་སོ། །དེ་ཡང་ཇི་ལྟར་གནད་ལ་དབབ་པ་ནི། །ལོགས་སུ་བྲིས་པས་དེར་བལྟའོ། །གཟིར་མནན་དྲག་པོས་བརྡུང་བ་ནི་གཏུན་ཁུང་རྣམ་གཉིས་སོ། །རྩ་བས་ཁམས་གསུམ་བསྒྲལ་བ་ནི། །ཧཱུྃ་ཧཱུྃ་དང་ཕཊ྄་ཕཊ྄་བརྗོད་པས་སོ། །བསྒྲལ་ནས་མཆོད་པར་བསྟབ་པ་ནི། སྒྲོལ་གིང་ནས་མཆོད་པའོ། །དམ་ཚིག་རིན་པོ་ཆེ་རྣམ་པ་གསུམ་དང་། གྲུབ་པའི་མཐའ་གཅིག་བྱའོ། །ཕྲིན་ལས་དྲག་པོའི་ལས་རྫོགས་སོ།། །།

ཕུར་པའི་སྨད་ལས་ཀྱི་རིམ་པ་རོང་ཟོམ་གྱིས་མཛད་པ།

ཕུར་པའི་སྨད་ལས་ཀྱི་རིམ་པ་རོང་ཟོམ་གྱིས་འདི་གཏེར་ཆེན་གསན་ཡིག་ཏུ་མེད་པ་འདྲ། མཆན། མཛད་པ་བཞུགས་སོ། །སྤྱིར་ཕུར་པ་བཏབ་པའི་དུས་ནི་ལས་ལ་སྦྱོར་ཀའི་ཞག་གྲངས་ཚང་བའི་བསྙེན་སྒྲུབ་ཀྱི་དུས་ཀྱི་ནུབ་ཐ་མ་ཚོགས་བསྟབ་པའི་དུས་སམ། ཡང་ན་གློ་བུར་གྱི་དགྲ་བགེགས་བསྟབ་པ་ཡིན་ཏེ། དེ་ལ་ནུབ་ཐ་མའི་ཚེ་ན་དང་པོར་སྒོམ་པ་དང་མཆོད་པ་དང་བཟླས་པ་རྣམས་རྫོགས་པར་བྱས་ལ། དེ་ནས་གདུག་པ་བསྒྲལ་བའི་ཕྲིན་ལས་བརྩམ་པའི་ཕྱིར། ཡང་དཀྱིལ་འཁོར་རྣམ་པ་གསུམ་བསྐྱེད་དེ། རྡོ་རྗེ་ཁྲོས་པ་ནས། བྱི་བའི་མགོ་ཅན་གྱིས་གཏམས་པའོ་ཞེས་པའི་བར་གྱི་དཀྱིལ་འཁོར་རྣམ་གཉིས་བསྐྱེད་པའི་རྗེས་ལ། དཀྱིལ་འཁོར་གྱི་དབུས་ཨེ་ཡི་གདན་ལ་གནས་པའི་སྒྲུབ་ཕུར་ཉི་ཤུ་རྩ་གཅིག་བླངས་ཏེ། ཕུན་སུམ་ཚོགས་པ་ནས་འབྱུང་བ་བཞིན་དུ་སྐུ་གསུམ་དུ་བྱིན་གྱིས་བརླབ་པ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེན་པོ་ཉིད་དུ་བྱིན་གྱིས་བརླབ་ཅིང་དབང་བསྐུར་བའི་བར་ཆོ་ག་བཞིན་བྱས་ལ། ཡུངས་ཀར་རྒྱལ་པོ་དང་གུ་གུལ་སྦྱར་མས་གཏོར་ཞིང་བདུག་སྟེ་ཨེའི་གདན་ལ་བཞག །དེ་ནས་བསྒྲུབ་བྱ་དགུག་པའི་ཕྱིར་ཐུགས་དམ་བསྐུལ་ཞིང་ཕོ་ཉ་བཏང་སྟེ། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཞེས་བརྗོད་ནས། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་བརྗོད་པའི་རྗེས་ལ། དཔལ་ལྡན་རྡོ་རྗེ་གཞོན་ནུ་ཉིད་ཀྱི་ཐུགས་དམ་བསྐུལ། དེ་བཞིན་དུ། སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཅེས་བརྗོད་ནས་ཁྲོ་བོ་ཕ་བཅུ་མ་བཅུའི་ཐུགས་དམ་བསྐུལ། ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཅེས་ཁྲ་ཐབས་བསྐུལ། ཡང་ན་དེ་གཉིས་དུས་གཅིག་ཏུ་བསྐུལ། ཤྭ་ན་མུ་ཁའི་དུས་ལ་བབ། །ཅེས་ཕྱག་བརྙན་མ་ཟངས་ཀྱི་ཝ་མོ་དག་བསྐུལ། བདག་ཉིད་ཆེན་མོའི་དུས་ལ་བབ། །ཅེས་ཕུར་བུའི་སྲུང་མ་རྡོ་རྗེ་ཀུན་གྲགས་མ་བསྐུལ། ས་བདག་ཆེན་མོའི་དུས་ལ་བབ། །ཅེས་བསྭེའི་ལྷ་མོ་བསྐུལ། ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། །མཐུ་རྩལ་ཅེས་ཀུན་གྱི་མཇུག་ལ་གདགས། དེ་ནས་གཟུགས་ལ་དབབ་ཅིང་དགུག་པའི་ཕྱིར། ཚིག་དང་སྔགས་འདི་དག་བརྗོད་པར་བྱ་སྟེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ༀ་ལཾ་ཧཱུྃ་ལཾ་སྟྭམྦྷ་ཡ་ནན། མོ་ཧ་ག་ཡ། བྷ་ག་བཱན། ཤཱི་ཀྲི་བི་ཀྲི་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ སརྦ་བིགྷྣཱན་བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཨ། ཞེས་བརྗོད་ཅིང་ཤར་སྒོའི་བྱབས་ཕུར་ཡང་སྒྲིལ། ལྕགས་ཀྱུའི་ཕྱག་རྒྱས་དགུག་པ་དང་། དབབ་པའི་ཕྱག་རྒྱས་གཟུགས་ལ་དབབ་པ་དང་། དེ་བཞིན་དུ་ཞུགས་པས་བཅིང་བ་དང་། ལྕགས་སྒྲོག་གིས་བསྡམས་པ་དང་། དྲིལ་བུའི་དབང་དུ་བྱ་བ་རྣམས་ཀྱང་བྱ། ལྷོའི་བསྡིགས་ཕུར་བླང་སྟེ། སྙིང་གར་སྒྲིལ་ལ་བསྡིག །དེ་ནས་ནུབ་ཀྱི་དབང་ཕུར་བླང་སྟེ། དེ་བཞིན་དུ་དབང་བསྡུས། དེ་ནས་བྱང་གི་སྒྲོལ་ཕུར་བླང་སྟེ་སྙིང་གར་བཏབ་པས་ཀུན་གཞི་གཏིང་ནས་བླངས་ནས་འཚོ་བའི་དབང་པོ་དང་ཕྲལ་ཏེ་ལུས་སོལ་དུམ་མམ་སྡོང་གོག་ལྟ་བུར་གྱུར་པར་བསམ་མོ། །འདི་ནི་མན་ངག་གི་སྤྱིར་བསྒྲལ་བ་ཡིན་ཏེ། འོག་ནས་བཏབ་པ་རྣམས་ཀྱང་མནན་པ་ཙམ་དུ་ཟད་དེ། སྒྲུབ་པའི་གྲོགས་མཆོག་ཏུ་ཡོད་པ་རྣམས་ཀྱིས་ནི། ཕུར་བསྐོར་བྱ་ཞིང་། དང་པོ་སྐྱེ་བའི་སྒོ་ལྔ་དགག་པར་བྱས་ཏེ་བསྒྲལ་བ་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲ་རུ་ཆུག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ཧཱུྃ་པ་ར་བིད་དན་ཚིན྄་དྷ་ཚིན྄་དྷ་ཧཱུྃ་ཕཊ྄། བྷིན྄་དྷ་བྷིན྄་དྷ་ཧཱུྃ་ཕཊ྄། གྲྀཧྞ་གྲྀཧྞ་ཧཱུྃ་ཕཊ྄། ཧ་ན་ཧ་ན་ཧཱུྃ་ཕཊ྄། བན྄་དྷ་བན྄་དྷ་ཧཱུྃ་ཕཊ྄། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄། ཧ་ས་ཡ་ར་ན་ཧྲཱི་ཏ་ན་ཧཱུྃ་ཕཊ྄། ཤཱི་ཀྲིང་ཨ་ན་ཡ་ཧཱུྃ་ཕཊ྄། ཛྭ་ལ་པ་ཡ་ཛྭ་ལ་ཡ་ཧཱུྃ་ཕཊ྄། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ྄། བིན྄་ད་ཡ་བིན྄་ད་ཡ་ཧཱུྃ་ཕཊ྄། ཅེས་བརྗོད་ཅིང་ཕུར་པ་གཅིག་སྙིང་གར་བཏབ་སྟེ་དྲན་པ་སྐྱེ་བའི་སྒོ་བཀག །དེ་བཞིན་དུ་དཔྲལ་བར་བཏབ་སྟེ་སྐྱེ་བའི་སྒོ་བཀག །དེ་བཞིན་དུ་མགུལ་བ་དང་། ལྟེ་བ་དང་། གསང་གནས་སུ་བཏབ་སྟེ། ལུས་དང་ངག་དང་ཡིད་དང་སྲིད་པ་སྐྱེ་བའི་སྒོ་བཀག་པར་དམིགས་སོ། །དེ་ནས་ཕུར་པ་བརྒྱད་ཚན་གཅིག་བླངས་ཏེ་ཕུར་བསྐོར་བྱ་ཞིང་རྣམ་པར་ཤེས་པའི་ཚོགས་བརྒྱད་དག་པར་བྱས་ཏེ་བསྒྲལ་ལ་འདི་སྐད་དུ། བྲན་དང་དཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་དམ་བཅས་པ། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ། མ་ར་སེ་ན་པྲ་མརྟ་ནི་ཧཱུྃ་ཕཊ྄། ཅེས་བརྗོད་ཅིང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་གཞི་ལྟེ་བར་བཏབ། ཀུན་གཞི་སྙིང་གི་དཀྱིལ་དུ་བཏབ། ཉོན་མོངས་པའི་ཡིད་ཀྱི་སྙིང་རྩ་གཡོན་དུ་བཏབ། ཡིད་ཀྱི་རྣམ་ཤེས་སྙིང་རྩ་གཡས་སུ་བཏབ། དེ་ནས་ཕུར་པ་བཞི་ཚན་གཅིག་བླངས་ཏེ་ཕུར་བསྐོར་བྱ་ཞིང་། དབང་པོའི་རྟེན་མགོ་དག་པར་བྱ་སྟེ་བསྒྲལ་བའི་ཕྱིར། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཆེན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། མ་མ་པཱ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་དན་དྷ་ཏི་མ་མ་ཀརྨ་ཤཱི་ཀྲང་ཀ་ར་ཡེ། ཞེས་བརྗོད་དེ་དཔྲལ་བ་ནས་ལྟག་པར་ཐལ་ཕྱུང་། དེ་བཞིན་དུ་ལྟག་པ་ནས་དཔྲལ་བར། རྣ་ལྟག་གཡས་ནས་གཡོན་དུ། གཡོན་ནས་གཡས་སུ་ཐལ་ཕྱུང་སྟེ་དབང་པོ་ཐམས་ཅད་ཀྱི་རྟེན་མེད་པར་བྱའོ། །དེ་ནས་ཕུར་པ་གསུམ་བླངས་ཏེ་མཐུ་དང་རྫུ་འཕྲུལ་འཕྲོག་ཕྱིར་དུ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆོད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། སརྦ་ཨ་ན་ཡ་ཧཱུྃ་ཕཊ྄། ཅེས་བརྗོད་དེ། སྤྱི་བོ་ནས་གསང་བར་ཐལ་ཕྱུང་། རྐང་མཐིལ་གཉིས་ནས་སྤྱི་བོར་ཐལ་ཕྱུང་སྟེ་ནུས་པ་ཅུང་ཟད་ཀྱང་མེད་པར་བྱས་སོ། །དེ་ནས་ལྷག་མ་མ་ལུས་པར་གཏུན་དུ་བརྡུངས་ཏེ། ཕུར་པ་གཅིག་བླངས་ཏེ་ཁྲོ་བོ་རྣམས་ཀྱི་ཐོ་བར་དམིགས་ལ། ཨེ་ཉིད་ཁྲོ་མོ་རྣམས་ཀྱི་མཁའ་དབྱིངས་སུ་དམིགས་ནས་ལྷག་མ་མ་ལུས་པར་བརྡུང་བར་དམིགས་ཤིང་། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་བརྡུང་། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེའི་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། །ཁ་ཐཾ་ཁ་ཐཾ་ཁ་ཐཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄། ཅེས་བརྗོད་དེ་གཅིག་བཏབ་ལ། ཡང་ནས་ཡང་དུ་བཏབ་ཀྱང་རུང་སྟེ། ཁ་ཐཾ་གྱི་ཕྱག་རྒྱས་ཀྱང་མནན་ནོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བཟའ་བར་བྱ་སྟེ། དེའི་སྟེང་དུ་མཆེ་བའི་ཕྱག་རྒྱ་བཅས་ལ། བཛྲ་ཡཀྵ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄། ཅེས་བརྗོད་དེ། བདག་རྡོ་རྗེ་གཞོན་ནུ་རྡོ་རྗེ་གནོད་སྦྱིན་དུ་སྣང་བ་འཁོར་དང་བཅས་པས་ཕུང་པོ་ཤ་ཁྲག་མ་ལུས་པར་གསོལ་བར་བསམ་མོ། །དེ་ནས་ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་བི་ཙརྱའི་དུས་ལ་བབ་པའོ། །བརྣག་པ་དེ་ཁོ་ན་ལའོ། །ཞེས་བརྗོད་པས། བདེན་པའི་བྱིན་རླབས་འདི་དག་གི་བཀའ་མི་འགྱུར་བར་དམིགས་ལ། བར་འདིར་ཕུན་སུམ་ཚོགས་པ་ནས་འབྱུང་བའི་གཟིར་མནན་དག་ཀྱང་བྱས་ན་བཟང་སྟེ། དེ་ནས་དེ་ཉིད་དུ་མནན་པ་བྱས་ལ་བཞག་གོ། །དེ་ནས་གཏོར་མ་བཏང་། དཀྱིལ་འཁོར་བསྡུས་ལ་ནར་མའམ། གློ་བུར་བ་ལ་བསྟབ་པ་བྱ། ཧོམ་གྱི་སྐབས་སུ་བསྟབ་ལ་སྲེག་ལས་མ་གྲུབ་ཀྱི་བར་དུ་གསོ་བར་མི་བྱའོ། །ཕུར་བུ་གསོ་བའི་དུས་ནི་ཕྲིན་ལས་ཤིན་ཏུ་ནར་མ་དག་རྩོམ་པའི་དུས་སུ་ནམ་ལས་གྲུབ་པ་དང་དེ་ནས་གདོད་གསོ་བར་བྱའོ། །ལས་མ་གྲུབ་པར་གསོ་བ་སྔས་ན་ལས་མྱུར་དུ་མི་གྲུབ་པའི་རྒྱུ་ཡིན་ནོ། །ཞེས་བླ་མའི་མན་ངག་གོ། །ཡི་དམ་ནར་མ་བྱེད་པའི་དུས་སུ་བསྒྲུབ་བྱ་གུད་པ་མེད་ན་ཕུར་བུ་བཏབ་པའི་རྗེས་ཉིད་ལ་གསོ་བར་བྱའོ། །ཕུར་བུ་གསོ་བའི་ཡུལ་ནི་གསུམ་སྟེ། གཟས་པ་པོ་གསོ་བ་དང་། བདག་གསོ་བ་དང་། ཕུར་པ་གསོ་བའོ། །གསོ་བའི་དགོས་ཆེད་ཀྱང་གསུམ་སྟེ། གཟས་པ་པོ་གསོ་བ་ནི། སྙིང་རྗེ་བྱང་ཆུབ་སེམས་དང་འབྲལ་དུ་མི་རུང་བས། དྲག་པོའི་ལས་ཀྱི་བསྒྲལ་བའི་བསྒྲུབ་བྱ་རྣམས་ལ་ཕན་གདགས་ཤིང་སྐྱབས་པའི་ཕྱིར་རོ། །ཕུར་པ་གསོ་བ་ནི། ཕྱག་རྒྱའི་ལྷ་རྣམས་མནན་གཟིར་གྱི་ལས་ཀྱིས་དམེ་བའི་ལས་ལ་སྦྱར་བས། བསོད་ནམས་ཀྱི་དོན་དུ་མི་རུང་བས་བཟོད་པར་གསོལ་བའོ། །བདག་གསོ་བ་ནི། དྲག་པོའི་ལས་ཀྱི་རྣམ་པར་སྨིན་པས་བདག་གི་རྒྱུད་ལ་མི་གོས་པའི་ཕྱིར་རོ། །གསོ་བའི་ཐབས་ཀྱང་གསུམ་སྟེ། ལས་དང་བྱ་བས་གསོ་བ་དང་། །ཏིང་ངེ་འཛིན་གྱིས་གསོ་བ་དང་། །མན་ངག་གིས་གསོ་བའོ། །དེ་ལ་ལས་དང་བྱ་བས་གསོ་བ་ནི། ཀཱི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ་ལས་འབྱུང་བའི་ཆོ་ག་ཞིབ་མོ་ལྟ་བུ་ཡིན་ཏེ། དེ་ལྟར་ལས་གྲུབ་པ་དང་ཕུར་པ་བཏབ་པ་རྣམས་སླར་བཏོན་ཏེ། རིགས་ཀྱི་ཡུམ་རྣམས་དང་། འཕགས་པ་ཐབས་སྦྱོར་གྱི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་བུམ་པས་ཕུར་བུ་རྣམས་ལ་ཡང་སྐུ་ཁྲུས་གསོལ། མཆོད་པ་དང་བཤགས་པ་དང་བཟོ་གསོལ་བྱ། བསྒྲུབ་བྱའི་གཟུགས་བརྙན་ལ་ཁྲུས་བྱ་སྟེ། བགེགས་ཡིན་ན་དམ་བསྒྲགས་ལ་དེ་ཚུན་ཆད་ཞི་བའི་བཀའ་བསྒོ་བྱའོ། །ཕྱོགས་སྐྱོང་ལ་སོགས་པ་བགེགས་ཆེན་པོ་ཡིན་ན་ཕུར་བུ་དང་འདྲ་བར་བཟོད་པར་གསོལ་བའི་ཆོ་ག་བྱ། དགྲ་ལ་ངན་སོང་སྦྱོང་བའི་སྙིང་པོ་ལྟ་བུས་དེའི་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་ཁྲུས་དང་བཟླས་བརྗོད་དང་། སྦྱིན་སྲེག་དག་གིས་དེ་ལ་ཕན་གདགས་པའི་སྦྱོར་བ་དག་བྱ། བདག་ཉིད་ཀྱང་དྲག་པོའི་ལས་ཀྱི་ཉེས་པས་མི་གོས་པར་བྱ་བའི་ཕྱིར་རྣམ་པར་མི་རྟོག་པ་སྒོམ་པ་དང་། སྲོག་འདོན་བྱ་བ་དང་། གླེགས་བམ་ཀློག་པ་དང་། མཆོད་རྟེན་བཏབ་པ་ལ་སོགས་བྱའོ། །ཏིང་ངེ་འཛིན་གྱི་གསོ་བ་ནི། ཕྲིན་ལས་རྡོ་རྗེ་གཞོན་ནུ་ཉིད་ནས་འབྱུང་བ་ལྟ་བུ་ཡིན་ཏེ། དང་པོ་བསྒྲུབ་བྱའི་སྙིང་གར་ཕུར་པ་སྒྲིལ་ཏེ། ཀཱི་ལི་ཀཱི་ལ་ཡ་ཞེས་ལན་བཅོ་བརྒྱད་བཟླས་པས། ཕུར་བུའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་བསྒྲུབ་བྱའི་ལས་དང་ཉོན་མོངས་པའི་དྲི་མ་ཐམས་ཅད་དག་ནས། སེམས་དྲི་མ་མེད་པའི་འོད་ཀྱི་ཚུལ་དུ་ཕུར་པ་ལ་འདུས་པས་གཟས་པ་པོ་ཁམས་གསུམ་དུ་གཏན་མི་འཁོར་བར་བསྒོམ། དེ་ནས་ཕུར་པ་ནམ་མཁའ་ལ་བསྐོར་ཏེ། ཀཱི་ལི་ཀཱི་ལ་ཞེས་ལན་ཉི་ཤུ་རྩ་གཅིག་བཟླས་པས་ཕུར་པའི་གཟི་བྱིན་བསྐྱེད་དེ་ཁམས་གསུམ་གང་བར་དམིགས་ནས། ཡེ་ཤེས་ཀྱི་འོད་འབར་བར་བསྒོམས་པས་ཕྱག་རྒྱའི་ལྷ་རྣམས་ལ་ཉེས་པས་མ་གོས་པས་གཟི་བྱིན་ཆེན་པོ་དང་ལྡན་པར་བསྒོམ་མོ། །དེ་ནས་ཕུར་པ་བདག་གི་ཐུགས་ཀར་བཟུང་ལ་ཀཱི་ལི་ཀཱི་ལ་ཡ་ཞེས་བརྒྱ་རྩ་བརྒྱད་བཟླས་པས་ཕུར་པ་ཡེ་ཤེས་ཀྱི་འོད་ཟེར་དུ་གྱུར་ཏེ་བདག་གི་ཐུགས་ཀར་ཐིམ་པས། བདག་གི་ལུས་ངག་ཡིད་གསུམ་གྱིས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །མན་ངག་གིས་གསོ་བ་ནི། བྱི་ཏོ་ལས་གསུངས་པ་ལྟ་བུ་ཡིན་ཏེ། དང་པོ་ཕུར་བུ་བཏབ་ཅིང་གཏུན་གྱིས་བརྡུངས་པའི་ཤ་ཁྲག་ཁམས་གསུམ་གང་བར་དམིགས། དེའི་སྟེང་དུ་ཡི་གེ་ཧཱུྃ་ནམ་མཁའ་གང་བར་བཀོད་ནས་ཕཊ་ཅེས་དྲག་ཏུ་བརྗོད་པས། ལས་དང་ཉོན་མོངས་པའི་ཤ་ཁྲག་དེ་དག་ཧཱུྃ་གིས་བསྡུས་ཤིང་ཕཊ་ཀྱིས་གཏོར་བས་སྒྲིབ་པའི་དྲི་མ་ཡོངས་སུ་དག་སྟེ་གཟས་པོའི་བྱང་ཆུབ་སེམས་ཀྱི་རང་བཞིན་འོད་ལྗང་གུ་ཚོན་གང་བས་ནམ་མཁའི་ཁམས་གང་བར་བསྒོམ་མོ། །དེ་གསལ་བར་གྱུར་པ་དང་། དེའི་དཀྱིལ་དུ་ཕུར་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་འོད་ལེ་བརྒན་ཚོན་གང་བ་གཅིག་དམིགས་ལ། འོད་ལྗང་གུ་དེ་དག་ལེ་བརྒན་ལ་ཐིམ་པར་བསྒོམ། འོད་ལེ་བརྒན་དེས་ཀྱང་ནམ་མཁའི་ཁམས་གང་བར་བསྒོམ། དེ་གསལ་བར་གྱུར་པ་དང་། དེའི་དཀྱིལ་དུ་བདག་གི་བྱང་ཆུབ་སེམས་ཀྱི་རང་བཞིན་འོད་མཐིང་ག་ཚོན་གང་བ་གཅིག་བསྒོམ་སྟེ། དེ་དག་ལ་འདུས་ནས་འོད་དེས་ཀྱང་ནམ་མཁའི་ཁམས་གང་བར་བསྒོམ་མོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ་དབྱེར་མེད་པའི་རྟགས་སུ་འོད་རྣམ་པ་གསུམ་དབྱེར་མེད་པས། དེ་ཡང་འོད་ཀྱི་ཐིག་ལེ་གཅིག་ཏུ་འདུས་ཏེ། དེ་ཡང་མི་དམིགས་པར་གྱུར་ནས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ལ་རང་བཞིན་གྱིས་གནས་པར་བསྒོམ། འདི་དག་ནི་གསོ་བའི་ཆོ་གའོ།། །།

སྦས་པའི་ཚིག་དྲུག་གི་མན་ངག་གསང་མཛོད།

སྦས་པའི་ཚིག་དྲུག་གི་མན་ངག་གསང་མཛོད་བཞུགས་སོ། །གབ་པའི་གཏེར། སྦས་པའི་ཚིག །སྔགས་ཀྱི་ཐེམས། ལུང་གསུམ། མན་ངག་གསུམ། གྲུབ་པའི་མཐའ་གཅིག །སྦས་པའི་ཚིག་དྲུག །གབ་པའི་སྔགས་དགུ། སྔགས་ཀྱི་འཕྱོང་དྲུག །ལས་ཀྱི་གདབ་སྔགས་བཅུ་དགུ། མནན་ཏེ་གདབ་པ་ཉི་ཤུ་རྩ་གཅིག །དམ་ཅན་གནད་ལ་དབབ་པ་ལ། དམ་ཚིག་ཆེན་པོའི་དུས་ལ་བབ། །མཐུ་རྩལ་ཅེས་བྱ་བའི་འཕྱོང་ཐོགས། སྙིང་པོ་དྲག་ཏུ་བཟླས་པ་ལ་གཟུ་དང་དཔང་དུ་གསོལ། ལྷ་དང་རྒྱབ་བརྟེན་ཏ་ཐཱ་ཡ་ཏ་ཐཱ་ཡས་གཏོགས་ཤིག །གསང་སྔགས་ཀྱི་ཚིག་གཅིག་ཧ་སས་ཕྱེ། ཤཱི་ཀྲིང་ཨ་ན་ཡ་ཡིས་ཁུག་ལ་ཆིངས་ཤིག །ཨ་བེ་ཤ་ཡས་གཟུགས་ལ་བསྟིམ། ཛྭ་ལ་པ་ཡས་གཟིར། བིན྄་དྷ་ཡས་དབང་དུ་སྡུས། རྦད་པའི་སྔགས་ཏེ་ༀ་གྱིས་གཟིར། །དྲན་པའི་གཞི་ལ་མན་ངག་གི་ཚིག་གསུམ། བདེན་པའི་བྱིན་རླབས་ཆེན་པོ་དམིགས་ཤིག །སྦས་པའི་ཚིག་གཅིག །སྤྲུལ་པ་ཆེན་པོ། གཟུ་དཔང་གསོལ་བ། གབ་པའི་སྔགས་ལྔ། རིམ་བཞིན་ཐོགས་ཤིག །མཐུ་རྩལ་ཞེས་པའི་འཕྱོང་ཐོགས་ཤིག །རྦད་པའི་སྔགས་ཏེ་ༀ་ཕཊ྄་ཀྱིས་གཟིར། དྲན་པའི་གཞི་ལ། མན་ངག་ཚིག་གསུམ་བདེན་པའི་བྱིན་རླབས་ཆེན་པོས་དམིགས་ཤིག །སྦས་པའི་ཚིག་གཅིག །ཕྱག་བརྙན་ཆེན་མོ་ལས་ཀྱི་ཁོག་སྡེབས་གོང་བཞིན་གྱིས་ཤིག །སྦས་པའི་ཚིག་གཅིག །ཤྭ་ན་མུ་ཁ་ལས་ཀྱི་ཁོག་སྡེབས་གོང་བཞིན་གྱིས་ཤིག །སྦས་པའི་ཚིག་གཅིག །བདག་ཉིད་ཆེན་མོ་ལས་ཀྱི་ཁོག་སྡེབས་གོང་བཞིན་གྱིས་ཤིག །སྦས་པའི་ཚིག་གཅིག །ས་བདག་ཆེན་མོ་ལས་ཀྱི་ཁོག་སྡེབས་གོང་བཞིན་གྱིས་ཤིག །ཀཱི་ལ་ཡ་ཡི་སྒོ་བཞིའི་ཕུར་པ་ཤར་ནས་དྲངས། གཡས་བསྐོར། གཡོན་བསྐོར། མཇུག་ཏུ་བྱང་གི་ཕུར་པས་སྒྲོལ། སྒྲོལ་གིང་ཁྲོ་བོར་བསྐྱེད་པ་སྟེ། མཐིང་ནག་ཞལ་གསུམ་ཕྱག་དྲུག་པའོ། །སྤྱིར་གདབ་སྔགས་དྲུག་འདི་ལྟར་སྦྱར་བར་བྱ་སྟེ། སྐྱེ་བའི་སྒོ་ལྔ་ལ། རྣམ་པར་ཤེས་པའི་ཚོགས་བརྒྱད་ལ། རྣམ་ཤེས་བརྟེན་པའི་མགོ་དག་པར་བྱ་བའི་ཕྱིར། ཉོན་མོངས་པའི་གནས་གཞི་དག་པར་བྱ་བའི་ཕྱིར། མཐུ་དང་རྫུ་འཕྲུལ་ཕྲོགས་ནས་བསྒྲལ་བ་དང་། །དགེ་སྡིག་ཆ་ནི་མཉམ་པར་བྱ་བའི་ཕྱིར། །བིན྄་དྷས་སྤྱི་གཙུག་མཐིལ་དུ་གདབ་པའི་གྲོགས། །གབ་པའི་སྔགས་རྣམས་མཁས་པས་དཔེ་ལྟར་སྤྱད། །སྲས་མཆོག་ཕུར་པ་བདུན་ཚན་གསུམ་གྱིས་གདབ། །འདི་དང་བརྣག་པའི་ལས་ཀྱང་གཞུག་ལ་བྱ། །མནན་ཏེ་གདབ་པའི་སྔགས་ནི་ཉི་ཤུ་གཅིག །ལོང་བུ་པུས་མོ་དཔྱི་དང་ལག་པའི་མཁྲིག །གྲུ་མོ་དཔུང་པ་སོག་པ་དཔྲལ་བའི་དབྱེས། །ལྟག་ཁུང་མགྲིན་པ་ཕོ་བ་སྙིང་གི་དཀྱིལ། །གསང་གནས་སྲིད་པའི་རྟེན་དུ་རིམ་བཞིན་གདབ། །གདབ་སྔགས་གཙོ་བོའི་སྔགས་དང་ཡབ་ཡུམ་བཅུ། །ཀཱི་ལ་ཡ་ཞེས་གོང་མིང་སྦྱར་བྱས་ལ། །མཱ་ར་ཡ་ཞེས་ཧཱུྃ་ཕཊ྄་མཐའ་བརྟེན་གདབ། །ཤཱི་ལ་མཉྫུའི་གཞུང་ནི་འདི་ལྟ་སྟེ། །ཕོ་ཉའི་སྔགས་ལ་གོང་བཞིན་སྦྱར་ཏེ་སྡེབས། །ཡང་ན་གནས་རེར་རྩ་གཅིག་དྲིལ་ཏེ་གདབ། །གདབ་པའི་ལྷ་ཕུར་འདེབས་པ་དག་གི་གཞུང་། །གདབ་པའི་ཐེབས་རེར་ཉི་ཤུའི་གཏུན་དུ་བརྡུང་། །བརྡུང་ཞིང་ཚིག་བདུན་དག་ཏུ་འདི་སྐད་བསྐུལ། །འཁོར་ལོ་རྒྱས་འདེབས་གཏུན་ཁུང་དུ། །རྡོ་རྗེའི་ཐོ་བས་བརྡུངས་བྱས་ན། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། །ཏ་ཐཱ་ཡ་ཡི་སྔགས་ཀྱིས་བརྡུང་། །ཉི་ཤུ་དག་ལ་འདེབས་ཞེས་བྱ། །བརྡུང་ཞིང་བཏགས་པའི་རེ་རེ་ལ་ཡང་། །ཉི་ཤུ་རྩ་གཅིག་ཞལ་དུ་བསྟབ། །མན་ངག་གསུམ་གྱི་ཁོག་སྡེབས་ལ། །འཆི་ཁ་མ་ཡི་མན་ངག་སྙིང་ལ་བཞག །ལས་ཀྱི་རྟག་པ་བསྒོམ་པར་བྱ། །རྡོ་རྗེ་བདུད་འཇོམས་བདག་གིས་ཀྱང་། །བླ་མའི་གདམས་ངག་སྟེང་ནས་བཀྲོལ། །དབང་དང་དམ་ཚིག་ཡོངས་སུ་མནོས། །བསྙེན་སྒྲུབ་ཡན་ལག་མཐའ་རུ་དབྱུང་། །ཕྱི་རབས་འབྱུང་བའི་རྣལ་འབྱོར་པས། །དེ་ལྟར་སེམས་ལ་བཞག་པར་རིགས། །རྫོགས་སོ།། །། ༈ གབ་པའི་སྔགས་དགུའི་གསལ་བྱེད་ཡོད་དོ། །དེ་ལ་གབ་པའི་སྔགས་དགུ་ནི་ཚིག་ཏུ་ཡང་འདི་སྐད་དོ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས་ནས། བཀའ་རྣམས་ཉན་པར་གྱིས། ཏ་ཐཱ་ཡ་ཧཱུྃ་ཕཊ྄། གཏོགས་ལ་ཐལ་བར་ལྷོགས་ཤིག་པའོ། །ཧ་ས་ཡ་ར་ཧྲི་ད་ན་ཧཱུྃ་ཕཊ྄། གང་ཡིན་པ་སྡོང་གྲོགས་ཕྲོལ་གཅིག་པའོ། །ཤཱི་ཀྲིང་ཨ་ན་ཡ་ཧཱུྃ་ཕཊ྄། རིངས་པར་ཁུག་ལ་ཆིང་ཤིག་གོ། །ཛྭ་ལ་པ་ཡ་ཧཱུྃ་ཕཊ྄། སྨྲ་ཞིང་སྨྱོ་རུ་ཆུག་གོ། །ཨ་བེ་ཤ་ཡ་ཧཱུྃ་ཕཊ྄། གཟུགས་དང་རིས་མོ་ལ་ཕོབ་ཅིག་གོ། །བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ྄། དབང་དུ་བསྡུས་ལ་ཐལ་ཕྱུངས་ཤིག་གོ། །མཱ་ར་སེ་ན་སོད་ལ་ཁྲག་ཏུ་སྐྱུག་ཏུ་ཆུག་ཅིག་གོ། །པྲ་མར་ཏ་ནི་ཕུར་པ་སུས་ཀྱང་མི་ཕྱིན་པའི་དོན་ནོ། །སརྦ་ཨ་ན་ཡ་ཧཱུྃ་ཕཊ྄། ཉེ་བར་འོངས་པ་ཐམས་ཅད་བཀའ་ཉོན་ཅིག་པའོ། །སྤྱིར་བཏབ་སྔགས་དྲུག་དང་། གབ་པའི་སྔགས་དགུའི་དབྱིབས་སྡོམ་སྔགས་ཞེས་བྱ་བས་བསྟན་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་པ་ར་བིད་ཏྭན་ཚིན྄་དྷ་ཚིན྄་དྷ་མཱ་ར་ཡ་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་བིད་ཏྭན་བིན྄་དྷ་བིན྄་དྷ་མཱ་ར་ཡ་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་བིད་ཏྭན་གྲྀ ཧྞ་གྲྀཧྞ་མཱ་ར་ཡ་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་བིད་ཏྭན་ཧ་ན་ཧ་ན་མཱ་ར་ཡ་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་བིད་ཏྭན་བན྄་དྷ་བན྄་དྷ་མཱ་ར་ཡ་ཧཱུྃ་ཕཊ྄། མ་ར་སེ་ན་པྲ་མརྟ་ན་ཡ་ཧཱུྃ་ཕཊ྄། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐཱ་མ་ཐཱ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཏེ་བཛྲ། ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ་ཨ་པ་རཱ་ཙི་ཏེ། སྔགས་ཀྱི་འཕྱོང་དྲུག་གོང་བཞིན་ཐོགས་ཤིག །སུ་རུ་མུ་རུ་སྤྲེལ་བ་ལ་ཡང་སྔགས་འཕྱོང་དྲུག་གོང་བཞིན་ཐོགས། ཧཱུྃ་མ་མ་པཱ་ཤཾ་ཀ་རུའི་ཚན་ལ་ཡང་གོང་བཞིན་བཏགས། ཏ་ཐཱ་ཡ་བཅུག་ནས་སྔ་མའི་གནས་སུ་འབྱིན་པ་ལ་སྔགས་ཀྱི་འཕྱོང་དྲུག་གོང་བཞིན་ཐོགས་ཤིག །རྫོགས་སོ།། །།

གབ་པའི་སྔགས་དགུའི་གསལ་བྱེད།

གབ་པའི་སྔགས་དགུའི་གསལ་བྱེད་བཞུགས། གཏེར་ཆེན་གསན་ཡིག་ཏུ་མི་སྣང་། མི་གཡོ་རེངས་པར་དགུག་པ་སྟེ། །བན྄་དྷ་རྣམས་ནི་བརྗོད་བྱས་ལ། །ཕོ་ཉ་གང་ཡིན་ཁུག་པར་བྱ། །སྟོབས་ཆེན་བཏགས་པའི་ལས་ཤིས་ཏེ། །ཏ་ཐཱ་ཡ་ཞེས་རབ་བརྗོད་ལ། །གཏུན་དུ་ལན་གཅིག་བརྡུང་བར་བྱ། །དབྱུག་པ་སྔོན་པོས་དབྱེ་བར་བྱ། །ཧ་ས་ཞེས་བརྗོད་གུ་གུལ་བདུག །རྣམ་པར་རྒྱལ་བས་བཟུང་བ་སྟེ། །བིན྄་དྷ་ཞེས་བརྗོད་བསྒྲུབ་བྱ་བཟུང་། །མ་མོ་རྣམས་ཀྱིས་བཅིང་བར་བྱ། །ཤཱི་ཀྲིང་ཞེས་བརྗོད་བྱད་དུ་གཞུག །གཤིན་རྗེ་གཤེད་པོས་བསྡིག་པ་སྟེ། །ཛྭ་ལ་པ་ཞེས་སྨྲ་རུ་གཞུག །རྟ་མགྲིན་རྒྱལ་པོས་དབང་བསྡུས་ཏེ། །གྲྀཧྞ་ཞེས་བརྗོད་དབང་དུ་བསྡུ། །གཞན་གྱིས་མི་ཐུབ་གཟིར་བ་སྟེ། །ཧ་ན་ཧ་ནས་གཟིར་བར་བྱ། །བདུད་རྩི་འཁྱིལ་བས་བཏབ་པ་སྟེ། །ཚིནྡྷ་ཚིནྡྷ་ཞེས་བཏབ་བྱ། །ཁམས་གསུམ་རྣམ་པར་རྒྱལ་བ་ཡིས། །བིནྡྷ་བིནྡྷ་ཞེས་བརྗོད་ལ། །བསྒོ་བའི་བཀའ་འདི་ཉན་པར་གྱིས། །འདི་རྣམས་བྲུབ་ཁུང་ལས་ཀྱི་ལྷ། །སྒྲུབ་པའི་དུས་སུ་བཀོད་པ་སྟེ། །ཐུགས་ཀྱི་སྤྲུལ་པ་བཅུ་གཅིག་སྟེ། །རྒྱུད་ལས་གབ་པའི་དོན་འདིར་ཕྱུང་། །གང་ན་གནས་ཀྱང་བྲུབ་ཁུང་ལྷ། །སྒོ་བཞིའི་ཕུར་པ་བཞི་པོ་དང་། །ཟངས་ཕུར་ཙནྡན་ཕུར་པ་ཡང་། །གྲོགས་ཀྱི་ཕུར་པར་ཤེས་པར་བྱ། །ཨཐྎ། སྦས་པའི་ཚིག་དྲུག་ནི། དམ་ཅན་གནད་ལ་དབབ་པ་དང་། རྩ་བས་ཁམས་གསུམ་བསྒྲལ་བ་དང་། གཟིར་མནན་དྲག་པོས་བརྡུང་བ་དང་། བསྒྲལ་ནས་མཆོད་པར་བསྟབ་པ་དང་། སྙིང་པོ་དྲག་ཏུ་བཟླས་པ་དང་། གབ་པའི་སྡོམ་པ་བཟུང་བ་དང་དྲུག་གོ། །དམ་ཅན་གནད་ལ་དབབ་པ་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པ་ནས་མར་རོ། །རྩ་བས་ཁམས་གསུམ་བསྒྲལ་བ་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །ཞེས་པ་ནས་མར་རོ། །གཟིར་མནན་དྲག་པོས་བརྡུང་བ་ནི། རྡུངས་ཤིག་རྡོ་རྗེ་འབར་བའི་གཏན་བྱ་བ་ནས་མར་རོ། །བསྒྲལ་ནས་མཆོད་པར་བསྟབ་པ་ནི། བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་བྱ་བ་ནས་མར་རོ། །སྙིང་པོ་དྲག་ཏུ་བཟླས་པ་ནི། བཛྲ་ཀཱི་ལི་ཀཱི་ལ་ཡ་ཉི་ཤུ་རྩ་གཅིག་བཟླས་པ་ནས་མར་རོ། །གབ་པའི་སྡོམ་པ་བཟུང་བ་ནི། ཆོས་ཉིད་ཀྱི་བདེན་པའོ། །ཞེས་བྱ་བ་ནས་མར་རོ། །རྫོགས་སོ།། །། ༈ དེ་ལྟ་བུའི་མན་ངག་ཟབ་མོ་ལ་གསང་མ་ཐུབ་ན་བཀའ་རྐུན་དམ་ཉམས་པ་ཡིན་པས། ཁྲོ་བོ་མེད་དབལ་གྱིས་ལུས་དང་རྣམ་པར་ཤེས་པ་ཚིག་པས་ཉེན་རབ་ཏུ་ཆེའོ། །སྣོད་མ་ཡིན་པ་ལ་མི་སྤེལ་ལོ། །མན་ངག་གསང་བའི་མཛོད་ཅེས་བྱ་བ་རྫོགས་སོ།། །།

གདབ་ལས་ཀྱི་མདེའུ་ཁ་གསལ་བྱེད།

གདབ་ལས་ཀྱི་མདེའུ་ཁ་གསལ་བྱེད་བཞུགས་སོ། །ནུབ་དང་པོ་ལ་ཟངས་ཕུར་ལ་སོགས་པ་རྡོ་རྗེ་གཞོན་ནུའི་སྐུར་བསྐྱེད་ལ་སྐུ་གསུང་ཐུགས་སུ་དབང་བསྐུར། ལྕགས་རིའི་ནང་དུ་རིམ་པས་བཙུགས་ལ། དེ་ནས་ཆོ་ག་གཞུང་བསྲངས་ཏེ་འཛབ་ཐོན་པ་དང་། ལས་ཀྱི་སྦྱོར་ཁ་ལས་འབྱུང་བ་བཞིན་དུ་ཕོ་ཉས་ཁུག་པར་བྱས་ལ་ཟངས་ཕུར་སྒྲིལ་ཞིང་། ན་མོ། རྡོ་རྗེ་གཞོན་ནུ་འཇིགས་བྱེད་འབར་བའི་དཀྱིལ་འཁོར་ཕོ་ཉ་དང་ཡང་སྤྲུལ་དང་བཅས་པའི་བཀའ་བདེན་པ་དང་། ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། བདག་ཅག་གི་དགྲ་བོ་དང་དམ་ཉམས་པ་ཆེ་གེ་མོ་འདི་ཟངས་ཕུར་གྱིས་རྣམ་པར་ཤེས་པ་གནས་ནས་ཁུག་པར་གྱུར་ཅིག །ཅེས་བརྗོད་དེ་སྔགས་བཟླས་པས། ཏིང་ངེ་འཛིན་གྱི་ཕུར་པ་རྡོ་རྗེ་གཞོན་ནུའི་སྐུར་གསལ་བ་ལས། སྤྲུལ་པ་ལྕགས་ཀྱུ་ཐོགས་པ་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་པས་གཟས་པོའི་སྙིང་གར་གཟུང་ནས་བྲུབ་ཁུང་གི་ཁར་དངོས་སུ་འོང་བར་བསམ་མོ། །དེ་ནས་ཙནྡན་གྱི་ཕུར་པ་སྒྲིལ་ཞིང་བདེན་པ་བདར་ལ། བདག་གིས་དགྲ་བོ་དམ་ཉམས་པའི་བླ་འདི་བདག་གི་དབང་དུ་འདུས་པར་གྱུར་ཅིག །ཅེས་བརྗོད་དེ། ཕུར་པའི་སྐུར་གསལ་བ་ལ་ཕྱག་རྒྱ་བཞིའི་སྤྲུལ་པ་གྲངས་མེད་པ་འཕྲོས་པས་བླ་གང་ཡིན་པ་ཁུག་སྟེ་བྲུབ་ཁུང་གི་ཁར་འོང་བར་བསམ་མོ། །དེ་ནས་རྩ་བས་བསྐུལ་ཏེ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྣམ་པར་གཏོགས་པར་གྱིས། །ཞེས་བརྗོད་དེ། ཏ་ཐཱ་ཱཡའི་སྔགས་ཀྱིས་བཏབ་པས་ནུས་པ་རྨས་པར་བསམ་མོ། །བདེན་པ་འགྲེ། བདག་ཅག་གིས་དགྲ་བོ་ཆེ་གེ་མོ་འདིའི་ནུས་པ་རྨས་པར་གྱུར་ཅིག །ཅེས་ཕྱག་རྒྱ་བཅས་ཏེ་སྔགས་བརྗོད་པས་གཟུགས་དང་བླ་ནུས་པ་རྨས་པར་བསམ་མོ། །དེ་ནས་ཡང་། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཧཱུྃ། དབྱེ་བའི་རྫས་ལྔ་སྦྱར་ཞིང་གྲུབ་པའི་རྫས། །ཞེས་པས། བསྟོད་ལ་བདེན་པ་བསྒོའོ། །ཆྒཻ་མོའི་སྲུང་བའི་ཕོ་ལྷ་དང་དགྲ་ལྷ་ལ་སོགས་པ་སྡོང་གྲོགས་བྱེད་པ་རྣམས་དང་ཕྲོལ་ཅིག །ཅེས་བརྗོད་ལ་བྱབས་ཕུར་གྱིས་གྱེན་དུ་བྱབས་པ་དང་། གུ་གུལ་གྱིས་བདུག་ནས། ཏིང་འཛིན་ཕུར་པ་རྡོ་རྗེ་གཞོན་ནུར་གསལ་བ་ལས་སྤྲུལ་པའི་ལྷ་མོ་གུ་གུལ་མ་འཕྲོས་པས། ཁོའི་སྟོང་གྲོགས་བྱེད་པའི་ལྷ་དཔག་ཚད་བགྲང་བ་ལས་འདས་པའི་ཕོ་རོལ་ཏུ་བསྐྱལ་ནས་ལྷ་དང་བྲལ་བར་བསམ་མོ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུངས་ཤིག་ཆིངས་ཤིག་རྣམ་པར་ཆིངས། །འཁྲིལ་བྱེད་ཆེན་མོས་ད་ཁྲིལ་ཅིག །ལ་སོགས་པས་ལས་བཅོལ་ལོ། །མ་མ་པཱ་ཤཾ་དང་། ཤཱི་ཀྲིང་ཨ་ན་ཡ་བརྗོད་དེ་ཞགས་པའི་ཕྱག་རྒྱ་དང་བདེན་པ་བརྗོད། ཆྒཻ་མོ་འདི་བྱད་དུ་ཆུག་ཅིག་བྱས་ལ་སྔགས་བཟླས། ཏིང་ངེ་འཛིན་ཡེ་ཤེས་ཀྱི་ཞགས་པ་སྔོན་དམར་གྱིས་ཅག་ཏ་དཀྲིས་སུ་བཅིངས་ནས་བྱད་དུ་བཅུག་ནས་རྐང་པའི་མཐའི་བར་དུ་བཅིངས་ནས་མི་འཆོར་བར་བསམ་མོ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །རིངས་པར་ཁུག་ལ་རྣམ་པར་ཕོབ། །ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཨ། བྲུབ་ཁུང་ན་བྱད་བཞིན་གསལ་བར་འདུག་བར་བསམ་མོ། །བདེན་པ་བརྗོད། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །གཟིར་ཅིག་རྣམ་པར་སྨྲར་ཆུག་ཅིག །བདེན་པ་བརྗོད། ཆྒཻ་མོ་འདི་སྐྱེར་ཕུར་གྱིས་བསྡིགས་པས་བྲེད་ཅིང་སྐྲག་བསྔངས་པར་གྱུར་ཅིག །ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཞེས་བསྒྲིལ་བས་སྐྱེར་ཕུར་སྐུར་གསལ་བ་ལས། རྡོ་རྗེ་གཞོན་ནུར་གསལ་བས་རྐང་པ་གཡས་པས་མནན་པ་ལྟར་བྱ་ཞིང་བཏབ་ཚུལ་བསྟན་པས། གཟས་པ་པོ་བྲེད་ཅིག་འདར་ཡེད་ཡེད་འདུག་པར་བསམ་མོ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ང་ཡི་དབང་དུ་གྱུར་ནས་ནི། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ཞེས་མཆོག་ཕུར་བསྒྲིལ་ཞིང་། བདེན་པ་བརྗོད། ཆྒཻ་མོ་འདི་མཆོག་ཕུར་གྱིས་དབང་དུ་འདུས་པར་གྱུར་ཅིག །བྷིན྄་དྷ་ཡབྷིན྄་དྷ་ཡ། ཞེས་བཟླས་ཏེ་བདག་གིས་དགྲ་བོ་དབང་དུ་འདུས་པར་བསམ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །མནན་ཅིང་རྣམ་པར་གཟིར་བར་གྱིས་ཤིག་བྱས་ལ་དང་པོ་ལྕགས་ཕུར་བསྒྲིལ། ཕུར་པ་སྐུར་གསལ་བ་ལས་འོད་འབྱུང་བས་གཟིར་ཞིང་ཟིལ་གྱིས་མནན་ནས་གར་ཡང་འབྲོས་པའི་ནུས་པ་མེད་དེ་དེ་ཉིད་ན་འདུག་པར་བསམ་མོ། །ༀ་ལཾ་ཧཱུྃ་ལཾ་གི་དགོངས་པས་ཟིལ་གྱིས་མནན་པ་གཞན་དུ་བལྟའོ། །དེ་ནས་དྲག་པོའི་ཕྲིན་ལས་ལ་སྦྱོར་ནས་ལས་ཀྱི་བཟླས་པ་བྱ་སྟེ། མཆོད་བསྟོད། གསེར་སྐྱེམས་བཏང་། བདུག་པས་བདུག །ཉུངས་ཀར་གྱིས་བྲབ། རིམ་པ་བཞིན་དུ་གནས་ཉི་ཤུ་རྩ་གཅིག་ཏུ་དཀྱུས་ལས་འབྱུང་བ་བཞིན་བྱས་ཏེ་བཏབ། དེ་ཡན་ཆད་ནི་བསམ་རྒྱུད་དེ། གཟུགས་བརྙན་བཅའ་བའི་རྒྱུ་ནི་དོན་བསྡུས་པའི་ཞབས་སུ་ཤེས་པར་བྱའོ། །ཡི་གེ་བཀོད་པ་ནི། ཏ་ཐཱ་ཡ་སྤྱི་བོ་ལའོ། །ཧ་ས་དཔྲལ་བ་ལའོ། །ཛྭ་ལ་ལྕེ་ལའོ། །ཨ་བ་ཤ་སྙིང་ལའོ། །ཤཱི་ཀྲིང་ཡན་ལག་ལའོ། །བྷིན྄་ད་ཡ་གསང་བར་རོ། །ཨང་གུ་ཤ་མགྲིན་པར་བཀོད་དོ། །དེ་རྣམས་ཀྱི་མགོ་ལ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་ཞེས་བྱ་བ་བཏགས་སོ། །ཨཐྎ།།

དྲག་པོའི་མན་ངག་གི་ཁོག་སྡེབས།

དྲག་པོའི་མན་ངག་གི་ཁོག་སྡེབས་བཞུགས་སོ། །མན་ངག་གི་ཁོག་སྡེབས། སྦས་པའི་དོན་ལ། ཕོ་ཉ་དྲུག །རྩ་བའི་ཚིག་དྲུག །གབ་པའི་སྔགས་དྲུག །སྦས་པའི་ཚིག་དྲུག །དེའི་སྒོམ་པ་དྲུག །གསང་བའི་རྫས་དྲུག་སྟེ་དྲུག་དྲུག་སུམ་ཅུ་རྩ་དྲུག་གི་མན་ངག་གོ། །གབ་པའི་སྔགས་དགུ་དང ། སྦས་པའི་ཚིག་དྲུག་དང་། མན་ངག་ཚིག་གསུམ་ནི་སློབ་དཔོན་གྱི་ཐུགས་ལ་གབ་པར་གསུངས་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། སྤུ་ཏ་སྤུ་ཏ། སརྦ་ན་ས་ཨ་པ་ན་ཡེ་ཧཱུྃ་ཕཊ྄། བདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ངོ་བོ་ཉིད་ཀྱི་སྙིང་པོ་ཉིད་དོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། བྱ་ཀྲི་པ་ལ་སརྦ་དུཥྚན་ཧྲཱི་ཤོ་དྷ་ཡ་ཧཱུྃ་ཕཊ྄། གསུང་གི་སྙིང་པོ་ཉིད་དོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཚིན྄་དྷ་ཚིན྄་དྷ་ཧཱུྃ། ཐུགས་ཀྱི་སྙིང་པོ་ཉིད་དོ། །ༀ་བཛྲ་ལྕགས་ཕུར་གྱི་ཀཱི་ལི་ཀཱི་ལ་ཡ་སརྦ་དུ་ཥྚན་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྐྱེར་ཕུར། སུ་རུ་སུ་སུ། པྲ་སུ་རུ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ྄། ༀ་མཆོག་ཕུར་བཛྲ་ཀཱི་ལི་ཀཱི་ལ་ཡ་བིང་བིང་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་མ་ཨང་གུ་ཤ་ཙནྡན་གྱི་ཕུར་པ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྱ་རྒོད་ཀྱི་གཤོག་ཕུར་གྱི། མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ྄། ༀ་བཛྲ་ཟངས་ཕུར་གྱི། ཀཱི་ལི་ཀཱི་ལ་ཡ་ན་མཿས་མནྟ་བི་ཤོ་དྷ་ཡ་བེ་ར་བེ་ར་ཧཱུྃ་ཕཊ྄། དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄། དེ་ནི་གབ་པའི་སྔགས་དགུའོ། །རབ་ཏུ་གསང་ངོ་། ། ཨཐྎ།།

རྡོ་རྗེ་ཕུར་པའི་དོན་བསྡུས་པ།

རྡོ་རྗེ་ཕུར་པའི་དོན་བསྡུས་པ་བཞུགས་སོ། །མན་ངག་འདི་དོན་བདུན་དུ་འདུས་ཏེ། ཕུར་པ་སྒྲུབ་པའི་ཐབས་དང་། བསྙེན་པ་དང་། ཕྲིན་ལས་དང་། མཆོད་པ་དང་། རྟེན་བཅའ་བ་དང་། བཏབ་པ་དང་། མཇུག་གནས་བསྟན་པ་དང་བདུན་ནོ། །དེ་ལ་ཕུར་པ་སྒྲུབ་པ་ནི། ལོ་གཅིག་ཟླ་བ་རེ་རེ་ཞིང་ཞག་བདུན་བདུན་སྒྲུབ་བོ། །བསྙེན་པ་ནི། རུས་ཆེན་དང་། རྣོ་ལྕགས་དང་། སེང་ལྡེང་དང་། གཤོག་རུས་ལ་སོགས་པ་ལ་བྱིན་གྱིས་བརླབ་ཅིང་། འཛབ་དང་སྙིང་པོ་བཟླས་ཤིང་བསྙེན་པ་བགྲང་ངོ་། །ཕྲིན་ལས་ནི། རྡོ་རྗེ་གཤོན་ནུའི་མན་ངག་གི་གོ་རིམ་བྱའོ། །མཆོད་པ་ནི། སྤྱན་དྲངས་ཤིང་རྒྱུན་མི་ཆད་པར་འབུལ་ལོ། །རྟེན་བཅའ་བ་ནི། དགྲ་གང་ལ་བྱ་བའི་རྗེས་ས་དང་། སྐྲ་ཤད་དང་། ལུད་པ། གཅིན་རྟུག་པ་ལ་གཟུགས་བྱ། མིང་རུས་ཀྱང་བྲི་བའོ། །བཏབ་པ་ནི། དཀར་ནག་གི་མཚམས་དང་། དཔྲལ་བའི་མཚམས་དང་། ལྟེ་བ་དང་། གསང་གནས་དང་། རྐང་ལག་ཚིགས་དང་། དབང་པོ་ཀུན་ལ་བཏབ་བོ། །མཇུག་གི་གནས་ནི། འོག་མིན་གྱི་གནས་སུ་རྒྱལ་བའི་སྲས་སུ་ལྷའི་སྐུར་བསྐྱེད་དེ་བཏང་ངོ་། །ཕྲིན་ལས་རྣམ་པ་བཞིའི་བྲོ་གཞན་དང་མཐུན་ནོ། །

ཕུར་ནག་ཆིག་ཆོད་ཀྱི་རྩ་བ།

ཕུར་ནག་ཆིག་ཆོད་ཀྱི་རྩ་བ་བཞུགས་སོ། །ཕུར་ནག་ཆིག་ཆོད་ཅེས་ཀྱང་བྱ། །ཕུར་ཐུན་ནག་པོ་ཞེས་ཀྱང་བྱ། །ཕུར་ཟོར་ནག་པོ་ཞེས་ཀྱང་བྱ། །ཕུར་ནག་བཏབ་པར་གཟས་ཙམ་ན། །གནོད་སྦྱིན་ཕོ་མོ་རེངས་པར་གྱུར། །ཕུར་པ་འདེབས་པས་ཐུན་ཞེས་བྱ། །དངོས་སུ་ཕུར་ནག་གཅིག་པུ་བཏབ་པས་གོ་ཆོད་པས་གཅིག་ཆོད་ཅེས་ཀྱང་བྱའོ། །རང་གིས་མ་ཕྱིན་པའི་ཡུལ་དུ་བྱེད་ན་སྔགས་རྣམ་པ་ལྔ་དང་། མནན་པ་རྣམ་པ་ལྔ་དང་། ཕུར་སྔགས་ལྔ་ཡང་བཏབ་ལ་ཕྱོགས་སུ་འཕངས་ན། གནོད་སྦྱིན་ཐམས་ཅད་ཀྱང་ཕུར་ནག་རེ་རེ་འཕེན་ཏེ་ནམ་མཁའ་གང་བར་འོང་བས་ལྷ་འདྲེ་ཐམས་ཅད་མི་དགའ་སྟེ། མགོ་བཞུར་ལུས་བཞུར་ཡན་ལག་བྲེགས་ཏེ་གཏོང་བས་མི་དགའ་སྟེ་རབ་ཏུ་གནོད་དོ། །སྲོག་ལ་བབ་ན་འཕངས་པ་ལས་སུ་ལའང་མི་རུང་ངོ་། །ཕུར་བུ་ནག་པོ་གཅིག་ལ་རྒྱ་མདུད་གོང་མ་ལ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿ ཞེས་རྡོ་རྗེ་གཞོན་ནུ་བཞུགས། རྒྱ་མདུད་བར་མ་ལ་བྷྲཱུྃ་ལས་གཞལ་ཡས་ཁང་། ཏྲིག་ཏྲིག་མ་དུ་ཡ། ཞེས་ལྷ་མོ་ལག་པ་གཡས་ན་ཁྲག་གི་ཟོར་ཐོག་པ། གཡོན་ཡུངས་ཀར་གྱི་མདའ་ཐོགས་པ་འབྱུང་། རྩེ་ཟུར་གསུམ་ལ་བྷྱོ་རིལ་ཐུམ་སོད་བྲིས། གནོད་སྦྱིན་ཐམས་ཅད་འབོད་པའི་སྔགས། རིའུ་རིའུ་ཏྲི་མ་དུ་ཤ་ཤ་ཛཿ ཞེས་འབོད་དོ། །བན་དྷེ་ལ་འདེབས་ན། མ་ཏྲི་ཨ་རུ་ནན་ཤ་རྦད། བོན་པོ་ལ་འདེབས་ན། ཡུག་ཏྲི་ཨ་རུ་ནན་པྲི་དུ་རྦད། ཡ་རབས་ལ་འདེབས་ན། ལི་ཡུལ་པ་ཨ་རུ་ཨ་རུ་ནན་རི་ཡ་རྦད། སྐྱེ་བོ་ལ་འདེབས་ན། ཤིག་ཏྲི་ཤིག་ཏྲི་ཨ་རུ་ནན་ཏོ་ཡ་རྦད། བུད་མེད་ལ་འདེབས་ན། རུ་མ་དུ་བྱ་བའི་དགྲ་རྣམས་ལི་ཁ་ཨ་རུ་ནན་ག་དུ་རྦད། ལས་རྒྱུད་འདི་ལ། གཏན་ཚིགས་འབྱུང་ཁུངས་སྐྱེ་རྒྱུད་མཁས། །ཉོ་ཚོང་ཤ་ཡི་ཁང་བུག་ནས། །ངན་ཐབས་རྣམ་པ་ཞག་དགུ་ཕྱུང་། །ངན་སེམས་བྱ་བའི་དགྲ་རྣམས་ལ། །ལས་ནི་ནམ་པ་ལྔ་རུ་བསྟན། །མནན་དང་ཕོ་ལྷའི་རྫས་དང་ལྔ། །གྲངས་ལྔ་ཕུར་བའི་གྲངས་ལྔ་བསྟན། །ལྔ་ཚོ་ཕུར་པ་དྲུག་དྲུག་དབྱེ། །སྦྱིན་སྲེག་བཞི་པོ་སྒོ་སྒོར་གདགས། །རྣོ་ལྡན་ལེའུ་དོག་སྒོར་གདགས། །འབོད་པ་རྣམས་པ་གཉིས་ཀྱིས་འབོད། །རྦད་པ་རྣམ་པ་གཉིས་ཀྱིས་རྦད། །ནུབ་རེ་ལས་རྣམས་འཚོགས་པ་སྟེ། །སྦྱོར་ཤེས་ཕྲིན་ལས་རྫོགས་པ་ནི། །མི་འགྲུབ་མི་སྲིད་ཐེ་ཚོམ་མེད། །རྫོགས་སོ།། །།

གཟུ་དཔང་།

གཟུ་དཔང་བཞུགས། ཧཱུྃ། སྟེང་གི་ཕྱོགས་སུ་ཁ་བལྟས་ཏེ། །མི་མཇེད་ཚངས་པ་འཁོར་བཅས་ལ། །ལྟ་བའི་དོན་གྱི་འབྲེལ་པ་ལ། །རྡོ་རྗེ་གཞོན་ནུའི་བྱིན་རླབས་ཀྱིས། །སྣང་སྲིད་ཁྲོ་བོར་དབང་བསྐུར་ནས། །སྒུལ་སྐྱོད་ཕུར་པའི་རང་བཞིན་ལས། །ཚངས་པ་མི་མཇེད་འཁོར་བཅས་ཀྱང་། །དབང་མེད་འདར་ཞིང་སྐྲག་སྲིད་པས། །རྡོ་རྗེ་གཞོན་ནུའི་བྱིན་རླབས་ཀྱིས། །དམིགས་པ་པོ་ལ་མ་གཏོགས་པ། །ཚངས་པ་འཁོར་ལ་མི་འདེབས་ཀྱི། །དོ་ནུབ་གཟུ་དང་དཔང་མཛོད་ཅིག །ༀ་ཏྲི་མརྟ་པྲ་ནི་ད་ལ་འགི་ན་འགི་ཏི་ས་མ་ཡ་ཧཱུྃ། རྣམ་པར་རྒྱལ་བའི་ཁང་བཟང་ན། །ལྷ་ཡི་དབང་པོ་བརྒྱ་བྱིན་དང་། །ཉེ་དབང་སུམ་ཅུ་འཁོར་བཅས་ཀྱང་། །སྣང་སྲིད་ཁྲོ་བོར་བདག་བསྒོམས་པས། །དེ་ཀུན་འདར་ཞིང་སྐྲག་སྲིད་པས། །རྡོ་རྗེ་གཞོན་ནུའི་བྱིན་རླབས་ཀྱིས། །དམིགས་པ་པོ་ལ་མ་གཏོགས་པ། །བརྒྱ་བྱིན་གནས་སུ་མི་འདེབས་ཀྱི། །དོ་ནུབ་གཟུ་དང་དཔང་མཛོད་ཅིག །ངོས་བཞིའི་རྒྱལ་ཆེན་རིགས་བཞི་ཡང་། །སྣང་སྲིད་ཁྲོ་བོར་བདག་བསྒོམས་པས། །སྒུལ་སྐྱོད་ཐམས་ཅད་ཕུར་པ་སྟེ། །རྡོ་རྗེ་གཞོན་ནུའི་བྱིན་རླབས་ཀྱིས། །དམིགས་པ་པོ་ལ་མ་གཏོགས་པ། །རྒྱལ་ཆེན་བཞི་ལ་མི་འདེབས་ཀྱིས། །དོ་ནུབ་གཟུ་དང་དཔང་མཛོད་ཅིག །འོག་གི་ཀླུ་རྒྱལ་འཁོར་བཅས་ཀྱང་། །སྣང་སྲིད་ཁྲོ་བོར་བདག་བསྒོམས་པས། །སྒུལ་སྐྱོད་ཕུར་པའི་རང་བཞིན་པས། །ས་བདག་ཀླུ་གཉན་འདར་སྲིད་པས། །རྡོ་རྗེ་གཞོན་ནུའི་བྱིན་རླབས་ཀྱིས། །དམིག་པ་པོ་ལ་མ་གཏོགས་པ། །ས་བདག་ཀླུ་ལ་མི་འདེབས་ཀྱིས། །དོ་ནུབ་གཟུ་དང་དཔང་མཛོད་ཅིག །བར་སྣང་ཁམས་ན་གནས་པ་ཡི། །གཟའ་དང་རྒྱུ་སྐར་འཁོར་བཅས་ཀྱང་། །སྣང་སྲིད་ཁྲོ་བོར་བདག་བསྒོམས་པས། །རྡོ་རྗེ་གཞོན་ནུའི་བྱིན་རླབས་ཀྱིས། །དམིགས་པ་པོ་ལ་མ་གཏོགས་པ། །ཁྱེད་ལ་ཕུར་བུ་མི་འདེབས་ཀྱི། །དོ་ནུབ་གཟུ་དང་དཔང་མཛོད་ཅིག །སྲིད་པའི་ལྷ་འདྲེ་ལ་དེ་སྐད་བྱ། ཕུད་བཏང་ཞིང་བདེན་པ་བདར་རོ། །སྦས་པའི་ཚིག་དྲུག་གི་སྡེབས་དང་། གབ་སྔགས་དགུ་སྡོམས་སྔགས་དང་། སྔགས་ཉི་ཤུ་རྩ་གཅིག་གིས་གནས་ཉི་ཤུ་རྩ་གཅིག་ཏུ་གདབ་པ་དང་། དབྱུང་ཞིང་གསོ་བ་བསྟན་པའོ། །རྫོགས་སོ།། །།

དཔལ་རྡོ་རྗེ་ཕུར་པའི་སྦྱིན་སྲེག་རོང་པ་ཆོས་ཀྱི་བཟང་པོས་མཛད་པ།

དཔལ་རྡོ་རྗེ་ཕུར་པའི་སྦྱིན་སྲེག་རོང་པ་ཆོས་ཀྱི་བཟང་པོས་མཛད་པ་བཞུགས་སོ། །སྤྱིར་སྦྱིན་སྲེག་གི་ལས་བགྱིའོ་འཚལ་ལ་དང་པོ་མེ་ལྷ་མཆོད་ནས་དེ་ནས་འདོད་པའི་ལྷ་མཆོད་པར་གྲགས་པ་ལས། བྱ་བ་དང་རྣལ་འབྱོར་གྱི་རྒྱུད་རྣམས་ཀྱི་ནང་ནས་མེ་ལྷ་མཆོད་པའི་ཚུལ་སྣང་སྟེ། ཁ་ཅིག་ལས་ནི་མེ་ལྷའི་སྔགས་ཀྱིས་བཏབ་པའི་མེ་ཏོག་ཐབ་ཏུ་བོར་བས་དེ་ཉིད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་བས། དེ་ནས་མེ་ལྷ་ལ་སྲེག་བླུགས་ཕུལ་ཏེ་འདོད་པའི་དོན་གསོལ་ནས་མེ་བསངས་ཏེ་ལྷ་རིམ་བཞིན་མཆོད་ཅེས་གྲགས། ཁ་ཅིག་ལས་ནི་ཐབ་ཏུ་དམ་ཚིག་གི་མེ་ལྷ་བསྐྱེད་དེ་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ཏེ་བསྟིམ། མཆོད་པ་རྫོགས་ནས་མེ་ལྷ་དེ་ཉིད་ཀྱང་མེ་འབར་བའི་རྣམ་པར་བསྒྱུར་བར་བྱ་ཞེས་གྲགས། ཁ་ཅིག་ལས་ནི་མེ་ལྷའི་ཐུགས་ཀར་ལྷའི་གཞལ་ཡས་ཁང་བསྒོམ་ཞེས་ཀྱང་གྲགས། ཞལ་དྲུག་ཁྲོ་བོའི་རྒྱལ་པོའི་རྒྱུད་ལས། ཕྱོགས་གཅིག་ཏུ་ནི་བཞག་ནས་ནི། །ཞེས་ཀྱང་འབྱུང་སྟེ། སྤྱིར་བསྔགས་པ་ཉིད་ཇི་ལྟར་འཐད་པ་བཞིན་བྱས་པ་ལ་ཉེས་པ་མེད་དོ། །གསང་སྔགས་རྣལ་འབྱོར་ཆེན་པོས་གཞུང་དུ་མེ་ལྷམ་ཆོད་པའི་ཚུལ་ནི་རྡོ་རྗེ་བཀོད་པ་ལས། མེ་ལྷ་སྣང་བ་མཐའ་ཡས་ཡབ་ཡུམ་གྱིས་བྱ་ཞེས་འབྱུང་། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་ནི་གཞུང་སྤྱི་དང་མཐུན་པར་འབྱུང་སྟེ་འདི་དག་གང་ལྟར་ཡང་འགལ་བ་མེད་དོ། །སྤྱིར་མེ་ལྷ་ལ་སོགས་པ་ཡེ་ཤེས་ཀྱི་ལྷ་དང་འཇིག་རྟེན་གྱི་ལྷ་ཐུན་མོང་དུ་གྲགས་པ་རྣམས་ལ་ཡོངས་སུ་དག་པའི་ལྷ་དང་། ཡོངས་སུ་མ་དག་པའི་ལྷ་ཞེས་ཟུང་ལྡན་དུ་ཡོད་པར་གྲགས་ལ། དེ་ལ་ཡེ་ཤེས་ཀྱི་ལྷ་ལ་མཆོད་པའི་སྐབས་སུ་མེ་ལྷ་ཡང་ཟུང་ལྡན་དུ་བྱ་ཞེས་བཞེད་དོ། །དེས་ན་ཚུལ་གཉིས་གཅིག་ཏུ་བསྲེག་མི་དགོས་ཏེ། ཚུལ་གཅིག་ཉིད་འཇིག་རྟེན་པའི་ཚུལ་དུ་འབྱུང་བ་དེ་ཉིད་ཡོངས་སུ་དག་པའི་ལྷར་ཡང་དམིགས་པས་ཆོག་གོ། །དེ་ལ་ཁྲོ་བོའི་སྐབས་སུ་ཅུང་ཟད་ཁྲོ་བོའི་རྣམ་པར་བསྒོམ། མཆོད་པའི་རྫས་ནི་གསང་བ་ནང་གི་སྐབས་སུ་བདུད་རྩི་རྣམ་པ་ལྔ་དང་ཤ་རྣམ་པ་ལྔས་གཞི་བཟུང་ལ་ཚོགས་ཀྱི་མཆོད་པ་ཉིད་དུ་གང་དག་འབྱོར་པ་ཐམས་ཅད་ཀྱིས་མཆོད་པར་བྱའོ། །དེ་ཡང་གཙོ་བོར་མེ་འབར་བར་གྱུར་པའི་རྫས་རྣམས་ལ་གཞི་བླང་བར་བྱའོ། །སྤྱིར་གྲགས་པ་མེ་འབར་བའི་རྫས་དང་། མེ་བསང་བའི་རྫས་དང་། མེ་སྦར་བའི་རྫས་དང་། ལྷ་མཆོད་པའི་རྫས་དང་། ལས་གྲུབ་པར་བྱ་བའི་རྫས་ལྟ་བུ་འབྱུང་བ་ལས། འདིར་བསང་བའི་རྫས་ཐམས་ཅད་ནི་བདུད་རྩི་ཉིད་ཀྱིས་བསངས་པས་ཆོག་གོ། །ཡང་ན་ཚོགས་མཆོད་སྤྱི་དང་མཐུན་པར་དྲི་ཆབ་ལ་ཁྲོ་མོ་དབང་ཕྱུག་མའི་སྔགས་ཀྱིས་བསངས་པས་ཀྱང་རུང་ངོ་། །ལས་གྲུབ་པར་བྱ་བའི་རྫས་ནི། དྲག་པོ་ལ་དགྲ་བགེགས་ཀྱི་ལིདྒ་དང་། ལྕགས་ཕྱེ་རྡོ་ཕྱེ་དང་དུག་དང་སྐེ་མཚེ་དང་། ཉུངས་ནག་དང་འབྲུ་ནག་པོའི་ཆན་ལ་རཀྟས་སྦྱར་བ་དག་གོ། །མེ་ནི་ལྕགས་ནག་པོ་ལས་བྱུང་བའམ། བཤན་པའི་ཁྱིམ་ནས་བླངས་ལ་བྱའོ། །ཐབ་ཁུང་དམར་ནག་གྲུ་གསུམ་དུ་བྱ། བུད་ཤིང་ལ་ཡང་དུག་དང་ཁྲག་གི་ཆུས་གཏོར། སྔགས་པ་རྡོ་རྗེ་སྐྱིལ་མོ་ཀྲུང་ངམ་རུས་སྦལ་གྱི་འདུག་སྟངས་སུ་འདུག་སྟེ་ཁ་ལྷོར་བལྟས་ལ་སྦྱིན་སྲེག་གི་རྫས་གཡས་སུ་བཞག །བསང་གཏོར་གྱི་ཆུ་གཡོན་དུ་བཞག །མདུན་དུ་དགང་གཟར་བླུགས་གཟར་བཞག །མེ་སྤར་ཏེ། དང་པོ་མཚམས་བཅད་དེ། དེ་ནས་རྫས་བསངས། དྲི་ཆབ་ལ་ལས་ཐམས་ཅད་པའི་སྔགས་དེ་བཟླས་ཏེ་བསངས་པའམ། ཡང་ན་ཁྲོ་མོ་དབང་ཕྱུག་མའི་སྔགས་སམ། ཡང་ན་རྡོ་རྗེ་བདུན་རྩིའི་སྔགས་ཀྱིས་བསང་། དེ་ལ་ༀ་ཨ་མྲྀ་ཏ་ཀུནྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ལས་ཐམས་ཅད་པའོ། །ༀ་བཛྲ་ཀྲོ་དྷཱི་སརྦ་དྲ་བྱཾ་བི་ཤོ་དྷ་ནི་ཧཱུྃ་ཕཊ། ཁྲོ་མོ་དབང་ཕྱུག་མའོ། །ༀ་བཛྲ་ཨ་མྲྀ་ཏེ་ཧཱུྃ་ཧྲཱིཿཋཱཿ རྡོ་རྗེ་བདུད་རྩིའོ། །དེ་དག་གང་ཡང་རུང་བས་བསངས་ཏེ་མཆོད་རྫས་བྱིན་གྱིས་བརླབ་པ་ཚོགས་སྤྱི་དང་མཐུན། དེ་ནས་ཐབ་ཏུ་བྷྲཱུྃ་ལས་གཞལ་ཡས་ཁང་བསྐྱེད་ཀྱང་རུང་། ཡང་ན་མེའི་དཀྱིལ་དུ་ཡི་གེ་རཾ་དམར་པོ་ལས་དམ་ཚིག་མེ་ལྷ་གསུས་པ་ཆེ་བ་ཞལ་གསུམ་པའམ་གདོང་བཞི་པ། མིག་གསུམ་པ། ལག་པ་བཞི་པ། མདོག་དམར་པོ་རལ་པའི་ཐོར་ཚུགས་ཅན་གདན་མེ་འབར་བའི་དབུས་ན་བཞུགས་པ། དྲག་པོའི་ལས་ཀྱི་འོད་ཟེར་སྨུག་ནག་ཏུ་འཕྲོ་བ། ཅུང་ཟད་ཁྲོ་བ། ཕྱག་གཡས་དང་པོ་མཆོག་སྦྱིན། གཉིས་པ་བགྲང་ཕྲེང་། གཡོན་དང་པོ་རིལ་བ་སྤྱི་བླུག །གཉིས་པ་བེ་ཅོན་དྲང་སྲོང་གི་ཆ་བྱད་ཅན་རྒྱན་མེད་པ། འཁོར་དྲང་སྲོང་རྣམས་ཀྱིས་བསྐོར་བ་བསྐྱེད་ལ། ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་པ་ཡང་ཚུལ་འདི་ལྟ་བུ་ཞིག་གིས་སྤྱན་དྲངས་པར་བྱའོ། །དེ་ལ་ལག་པ་གཡས་པ་མི་འཇིགས་པའི་ཕྱག་རྒྱ་བཅས་ལ་མཐེ་བོང་བསྐྱོད་ཅིང་གསང་སྔགས་འདིས་སྤྱན་དྲང་ངོ་། །ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་ནང་དུ་བཞུགས་སུ་གསོལ། །ༀ་ཨགྣེ་ཡེ་དི་བྱ་དི་བྱ་ཨ་བི་ཤ་མ་ཧཱ་རི་ཥེ་ཡེ་ཨ་བྱ་ཀ་བྱ་བྷ་ཧ་ན་ཡེ་སྭཱ་ཧཱ། ཞེས་བརྗོད་དོ། །ལག་པ་གཡོན་པའི་རྡོ་རྗེས་མེ་ལ་བསང་གཏོར་བྱས་ཏེ། ཉེ་བའི་མཆོད་པ་ལྔ་དྲག་པོའི་ཚུལ་དང་མཐུན་པར་བྱས་ཏེ་འབུལ། གསང་སྔགས་ནི་འདི་ཉིད་ཀྱིས་སྦྱར་བའོ། །དེ་ནས་མར་ལ་སོགས་པ་བསྲེག་རྫས་རྣམས་ལ་ཡང་གསང་སྔགས་དེ་ཉིད་ཀྱིས་ལན་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་ལ་སོགས་ཇི་ལྟར་འབྱོར་པ་ཕུལ་ལ་བསང་གཏོར་བྱ་སྟེ། བསྟོད་པ་དང་། ཕྲིན་ལས་བཅོལ་བ་དང་། བཟོད་གསོལ་བྱའོ། །དེ་ཡང་འདི་སྐད་དོ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྤྱན་གསུམ་ལྡན་ཞིང་འགྱིང་བག་ཅན། །ཞལ་གསུམ་དང་ནི་ཕྱག་བཞིར་ལྡན། །ཞལ་ནས་རིག་བྱེད་སྨྲང་འདོན་ཞིང་། །འོད་དམར་རལ་པ་ཐོར་ཚུགས་ཅན། །མེ་ཡི་དཀྱིལ་འཁོར་གདན་ལ་བཞུགས། །ལས་ཀྱི་འོད་ཟེར་རྣམ་པར་འཕྲོ། །དང་པོའི་ཕྱག་ནི་མཆོད་སྦྱིན་མཛད། །གཉིས་པའི་ཕྱག་ནི་བགྲང་ཕྲེང་འཛིན། །གཡོན་ན་རིལ་པ་སྤྱི་བླུག་སྟེ། །གཉིས་པ་དོན་གྲུབ་བེ་ཅོན་བསྣམས། །མདོག་དམར་རྒྱན་ནི་མེད་པ་ལ། །དྲང་སྲོང་རྣམས་ཀྱིས་ཡོངས་བསྐོར་ཞིང་། །ཀུན་ནས་ཡོངས་སུ་བསྟོད་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སྔོན་གྱི་རྒྱལ་བའི་སྤྱན་སྔ་རུ། །སྦྱིན་པ་ལྷ་ལ་སྟོབ་མཛད་པར། །ཇི་ལྟར་ཞལ་གྱིས་བཞེས་པ་བཞིན། །དེ་ཉིད་འགྲུབ་པར་མཛད་དུ་གསོལ། །ཆོ་ག་ལྷག་ཆད་གྱུར་པ་དང་། །རྫས་དང་ཡོ་བྱད་མ་དག་པ། །ཐུགས་རྗེས་བཟོད་པར་བཞེས་ནས་ཀྱང་། །ཚངས་པ་ཡིད་བཞིན་སྩལ་དུ་གསོལ། །ཅེས་བརྗོད་དེ། དེ་ནས་མེ་ལྷ་འབར་བ་ཉིད་དུ་གྱུར་པར་བྱའོ། །གསང་སྔགས་ཐམས་ཅད་ཀྱང་དྲག་ཅིང་རྒྱུན་ཆགས་སུ་བཟླས་ཏེ་ཁྲོས་པའི་བསམ་པས་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་པར་བྱའོ། །ཐབ་ཀྱི་ནང་དུ་བྷྲཱུྃ་ལས་གཞལ་ཡས་ཁང་ཁྲོ་བོའི་ལུགས་སུ་བསྐྱེད་ལ། དེ་ནས་ཡེ་ཤེས་ཀྱི་ལྷ་རྣམས་སྤྱན་དྲངས་ཏེ་ཕྱག་འཚལ་བ་དང་སྤྱིའི་མཆོད་པ་འབུལ་བའི་རྗེས་ལ། དྲག་པོའི་ཕྲིན་ལས་ལ་སྦྱར་བར་བྱ་སྟེ། དེ་ཡང་ལས་བྱ་བའི་ཚུལ་དང་རིམ་པ་འདི་སྐད་དུ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བ་གཏུམ་ཆེན་རྔམས་པ་ལ། །ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་བ་བྱ། །བཀུག་ལ་རྡོ་རྗེ་ཕུར་པས་བཏབ། །དུམ་བུར་བྱས་ལ་ཞལ་དུ་བསྟབ། །རྡུལ་དུ་བྱས་ལ་ཚོགས་ལ་འབུལ། །ཞེས་གསུངས་ཏེ། དྲག་པོའི་དཀྱིལ་འཁོར་དུ་ཁྲོ་བོ་དང་ཁྲོ་མོ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་དམར་གྱི་ཨ་རྒས་གཞི་བཟུང་བའི་མཆོད་པ་སྣ་ཚོགས་ཕུལ་ལ། དེ་ནས་ཕྲིན་ལས་ཀྱི་དུས་སུ་ཕོ་ཉ་དྲག་ཏུ་བསྐུལ་ཏེ་གཟུགས་སམ་རི་མོ་ལ་ཕབ་ལ་ཕུར་པ་བཏབ་ནས་མཚོན་ཆ་རྣོན་པོས་གཏུབས་ཏེ་ཕྱེ་མར་གྱུར་པ་དང་། ལྕགས་ཕྱེ་དང་དུག་ལ་སོགས་པ་དང་སྦྱར་ཏེ། ཕྲིན་ལས་བཅོལ་བའི་ཚིག་དང་སྔགས་ཀྱིས་བསྐུལ་ཞིང་ལྷའི་ཞལ་དུ་བསྟབ་སྟེ་མེ་ཐབ་ཏུ་བསྲེག་པར་བྱ་སྟེ། དེ་ནི་དྲག་པོ་སྤྱིའི་ཚུལ་ལོ། ༈ །ད་ནི་སྐབས་འདི་ནས་མར་ལ་ཕྲིན་ལས་ཕུར་བུའི་གཞུང་ལ་བརྟེན་ཏེ་དགྲ་བགེགས་འདུལ་བའི་ལས་དྲག་པོའི་སྦྱིན་སྲེག་ཅུང་ཟད་ཙམ་བསྟན་པར་བྱ་སྟེ། དེ་ལ་འདིའི་ཚུལ་ནི་འགྲུབ་ན་ཕྲིན་ལས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གཞུང་བཞིན་དུ་བྲིས་ལ། དབུས་སུ་དམར་ནག་གྲུ་གསུམ་གྱི་ཐབ་ཁུང་བཅས་ལ་དེར་སྦྱིན་སྲེག་བྱ། དེ་ཡང་དང་པོ་སྤྱིའི་མཆོད་པ་རྫོགས་པའི་རྗེས་ལ། ཕྲིན་ལས་ཀྱི་སྐབས་སུ་དཀྱིལ་འཁོར་གྱི་ལྷ་མེ་ཐབ་ཏུ་གཞལ་ཡས་ཁང་དུ་བསྡུས་ལ། དེ་ནས་དགྲ་བགེགས་གང་ཡང་རུང་བའི་གཟུགས་སམ་རི་མོ་ལ་བསྟིམས་ལ་ཕུར་པ་བཏབ། མཚོན་ཆས་གཏུབས་ལ་ལས་ཀྱི་རྫས་དང་སྦྱར་ཏེ་གོང་དུ་སྨྲོས་པ་བཞིན་དུ་འབུལ་ལོ། །མ་འགྲུབ་ན་མེ་ཐབ་གྲུ་གསུམ་པ་བཅས་ཏེ་མཎྜལ་རཀྟའི་གཏོར་མ་དེར་དབུལ་ལོ། །དེ་ལ་དཀྱིལ་འཁོར་གྱི་ལྷ་བསྐྱེད་པ་དང་། སྤྱན་དྲངས་ཤིང་མཆོད་པ་འབུལ་བ་དང་། ཕོ་ཉས་འགུགས་འདྲེན་བཏང་བ་རྣམས་ནི་གཞུང་སྤྱི་ལ་བརྟེན་པས་ཆོག་གོ། །ཕུར་པ་བཏབ་པ་ཡང་མཐུན། མཚོན་ཆས་གཏུབ་པ་ནི་འདི་སྐད་དུ། ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཡེ་ཤེས་མཚོན་ཆེན་རྣོན་པོ་ཡིས། །སྡང་དགྲ་གནོད་བགེགས་མ་ལུས་ཀུན། །ཡར་ཆོད་མར་ཆོད་བསྲེགས་ལ་ཆོད། །ཕར་ཆོད་ཚུར་ཆོད་བསྣོལ་མར་ཆོད། །ཧ་ན་ཧ་ན་བཛྲ་ན། ས་ར་ས་ར་ད་ན་ད་ན། མ་ར་མ་ར་ཁ་དགེ་ན། ཚ་དེ་ཡ་ཚ་དེ་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་། མཚོན་གྱིས་དུམ་བུ་དུམ་བུར་གཏུབས་ལ་བསྟབ་ཅིང་སྲེག་གོ། །དེ་ལ་གཞི་བསྟོད་དང་སྦྱར་ཏེ། དེ་ལ་རྡོ་རྗེ་གཞོན་ནུ་ནི་རྡོ་རྗེ་སྲིན་པོ་ཉིད་ཡིན་གྱི། སྐུའི་ཡན་ལག་བསྡུས་པར་ཟད་དེ། དེ་བས་རྡོ་རྗེ་སྲིན་པོ་ཉིད་ཀྱི་བསྟོད་པ་ཡང་རུང་། ཅུང་ཟད་སྐབས་དང་སྦྱར་ནས་འདི་སྐད་དུ། ཧཱུྃ། ཤིན་ཏུ་མི་བཟད་དཔལ་ཆེན་རྡོ་རྗེ་སྐུ། །ཞེ་སྡང་ཐུགས་མཆོག་རཀྴ་ཧེ་རུ་ཀ །སྐུ་མདོག་མཐིང་ནག་བསྐལ་པའི་མེད་དཔུང་འབར། །དབུ་གསུམ་ཕྱག་དྲུག་ཞབས་བཞིས་ལྷ་ཆེན་བརྫིས། །དབུ་གསུམ་རྣམ་ཐར་དུག་གསུམ་ཞལ་དུ་གསོལ། །ཕྱག་དྲུག་ཡེ་ཤེས་དྲུག་གིས་འགྲོ་དྲུག་སྒྲོལ། །ཞབས་བཞི་ཕྲིན་ལས་བཞི་ཡིས་སྐྱེ་ཤི་གཅོད། །གདུག་པ་འཇོམས་མཛད་རཀྴ་ཧེ་རུ་ཀ །རྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་སྦྱར་བའི་མཆོད་པ་འདི། །རཀྴ་དཔལ་གྱི་སྐུ་ལ་མཆོད་པར་འབུལ། །དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛད་དུ་གསོལ། །འབྱུང་པོའི་ཤ་ཁྲག་རུས་པ་རྣམས། །དུག་གསུམ་ཞལ་ཟས་མཆོད་པ་བཞེས། །རྡོ་རྗེ་ཚེམས་ཀྱིས་ཆེམ་ཆེམ་གསོལ། །འབར་བའི་ཞལ་དུ་ཟད་པར་རྔུབས། །རྡུལ་ཆ་ཙམ་ཡང་མེད་པར་མཛོད། །ཅེས་བསྟབ་ཅིང་བསྲེག །ཁྱད་པར་དུ་བྱེད་ན་དགྲ་བགེགས་ཆེ་གེ་མོ་ཞེས་མིང་རུས་ནས་སྨྲོས་ནས་བསྟབ་པར་བྱའོ། །བགེགས་ལ་བྱེད་ན་མིང་དམིགས་ཀྱིས་མི་བཟུང་བར་འདི་སྐད་དུ། ང་ལ་བར་ཆད་བྱེད་པའི་བགེགས། །ཤི་ཤི་རྨ་མེད་ཞལ་དུ་བསྟབ། །གོད་གོད་དབུལ་བྱེད་ཞལ་དུ་བསྟབ། །ཟ་ཟ་ཁ་དམར་ཞལ་དུ་བསྟབ། །ཉལ་ཉལ་འཛིའུ་དོག་ཞལ་དུ་བསྟབ། །རྡོ་རྗེ་ཚེམས་ཀྱིས་ཆེམ་ཆེམ་གསོལ། །འབར་བའི་ཞལ་དུ་ཟད་པར་རྔུབས། །རྡུལ་ཆ་ཙམ་ཡང་མེད་པར་མཛོད། །ཁ་ཁ་ཁཱ་ཧི་ཁཱ་ཧི་ཁ་རཾ་ཁ་ལེ་ལེ། ཞེས་བསྟབ་ཅིང་ཕུལ་པའི་རྗེས་ལ། ལྕགས་ཕྱེ་དང་དུག་ཕྱེ་དང་ཉུངས་ནག་དང་སྐེ་མཚེ་རྣམས་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཧཱུྃ། སྡང་དགྲ་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླས་ཤིང་ཐབ་ཏུ་གཏོར། ཡང་ན་དགྲ་བགེགས་གང་རུང་གཞུག །དེ་ལྟར་སྔགས་ཅི་འགྲུབ་གཅིག་གིས་ཕྲིན་ལས་བསྐུལ་ནས། དེ་ནས་ལྷ་གཞན་ཡང་དེ་དང་མཐུན་པར་གཞི་བསྟོད་ཀྱི་རྗེས་སུ་བསྐུལ་ཚིག་ཐམས་ཅད་སྔ་མ་བཞིན་དུ་མཐུན་པར་སྦྱར་རོ། །དེ་ནས་ཡུམ་ཨེ་ཀ་ཛ་ཊཱི་མ་ལ་བསྟབ་པ། རྣམ་ཐར་གསུམ་ལས་སྐུ་གསུམ་ཕྲིན་ལས་འབྱུང་། །སྤྱོད་པ་རྣམ་དག་སྨོན་ལམ་སྟོབས་ཀྱིས་རོལ། །རབ་གཟིགས་སྤྲུལ་པས་འགྲོ་དོན་རྩེ་གཅིག་རོལ། །བཅོ་བརྒྱད་བསྟན་པ་མཉེས་མཛད་ཛ་ཏི་མ། རྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོ་མ་ཁུང་དུ། དམ་རྫས་བདུད་རྩི་སྦྱར་བའི་མཆོད་པ་འདི། །འཁོར་ལོ་རྒྱས་འདེབས་སྐུ་ལ་མཆོད་པར་འབུལ། །དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛད་དུ་གསོལ། །འབྱུང་པོའི་ཤ་ཁྲག་རུས་པ་རྣམས། །དུག་གསུམ་ཞལ་དུ་མཆོད་པར་བཞེས། །རྡོ་རྗེ་ཚེམས་ཀྱིས་ཆེམ་ཆེམ་གསོལ། །འབར་བའི་ཞལ་དུ་ཟད་པར་རྔུབས། །རྡུལ་ཆ་ཙམ་ཡང་མེད་པར་མཛོད། །ཁ་ཁ་ཁཱ་ཧི་ཁཱ་ཧི་ཁ་རཾ་ཁ་ལེ་ལེ། ཞེས་བསྟབ་ལ་གོང་ལྟར་ལྕགས་ཕྱེ་ལ་སོགས་རྫས་རྣམས་ལ། ཏིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། སྡང་དགྲ་གནོད་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ཐབ་ཏུ་གཏོར། ཡང་ན་དགྲ་བགེགས་གང་རུང་གི་མིང་རུས་དང་ལིདྒ་གཞུག །དེ་ལྟར་སྔགས་ཅི་འགྲུབ་གཅིག་གིས་ཕྲིན་ལས་བསྐུལ་ནས་ཐམས་ཅད་ལ་གཞི་བསྟོད་ཀྱི་ཚིག་དང་ཅུང་ཟད་རེ་མི་འདྲ་བར་སྣང་ངོ་། །གོང་བཞིན་རྫོགས་པ་དང་། རོལ་པའི་སྟབས་ཀྱིས་གཟའ་སྐར་ཚར་གཅོད་ཅིང་། །འདོད་ཆགས་སྐྱོན་སྤངས་སྐུ་ཡི་དབང་ཕྱུག་ཆེ། །ཡེ་ཤེས་མཐར་ཕྱིན་ཉི་ཟླའི་འོད་བཞིན་གསལ། །སྐྱེ་བཞི་མོས་ལ་དབང་མཛད་ཧཱུྃ་ཀཱ་ར། །རྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་སྦྱར་བའི་མཆོད་པ་འདི། །ཧཱུྃ་ཀཱ་ར་ཡི་ཀཱ་ལ་མཆོད་པར་འབུལ། །དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛད་དུ་གསོལ། །འབྱུང་པོའི་ཤ་ཁྲག་རུས་པ་རྣམས། །དུག་གསུམ་ཞལ་ཟས་མཆོད་པ་བཞེས། །རྡོ་རྗེ་ཚེམས་ཀྱིས་ཆེམ་ཆེམ་གསོལ། །འབར་བའི་ཞལ་དུ་ཟད་པར་རྔུབས། །རྡུལ་ཆ་ཙམ་ཡང་མེད་པར་མཛོད། །ཅེས་བསྟབ་ཅིང་བསྲེག །ཁྱད་པར་དུ་ཡང་དགྲ་བགེགས་ཆེ་གེ་མོ་ཞེས་མིང་རུས་ནས་སྨྲོས་ཤིང་བསྟབ། བགེགས་ལ་བྱེད་ན་ཡང་མིང་དམིགས་ཀྱིས་མི་བཟུང་བར་གོང་ལྟར། ང་ལ་བར་ཆད་བྱེད་པའི་བགེགས། །ཤི་ཤི་རྨ་མེད་ཅེས་པ་ནས། །རྡུལ་ཆ་ཙམ་ཡང་མེད་པར་མཛོད། །ཅེས་རིགས་འགྲེ་ལ། ཁ་ཁ་ཁཱ་ཧི་ཁཱ་ཧི་ཁཱ་རཾ་ཁ་ལེ་ལེ། ཞེས་བསྟབ། ལྕགས་ཕྱེ་དང་དུག་ཕྱེ་ལ་སོགས་པའི་རྫས་ལ། ༀ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། སྡང་དགྲ་གནོད་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླས་ཤིང་ཐབ་ཏུ་གཏོར། ཡང་ན་དགྲ་བགེགས་གང་ཡིན་གྱི་མིང་རུས་གཞུག །དེ་ལྟར་སྔགས་བཟླས་ཤིང་ཕྲིན་ལས་བསྐུལ་ནས། དེ་ནས་ཡང་། བཟློག་པའི་སྟབས་ཀྱིས་ལྷ་རྣམས་ཚར་གཅོད་ཅིང་། །མ་བྱིན་ལེན་པ་སྤངས་པའི་བདག་ཉིད་ཆེ། །རབ་ཏུ་ཤེས་པས་ཤེས་རབ་མཐར་ཕྱིན་པ། །སེམས་ལ་དབང་མཛད་འཇིགས་བྱེད་རྣམ་པར་རྒྱལ། །རྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུན་རྩི་སྦྱར་བའི་མཆོད་པ་འདི། །རྣམ་པར་རྒྱལ་བའི་སྐུ་ལ་མཆོད་པར་འབུལ། །དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛད་དུ་གསོལ། །འབྱུང་པོའི་ཤ་ཁྲག་རུས་པ་རྣམས། །དུག་གསུམ་ཞལ་ཟས་མཆོད་པ་བཞེས། །རྡོ་རྗེ་ཚེམས་ཀྱིས་ཆེམ་ཆེམ་གསོལ། །འབར་བའི་ཞལ་དུ་ཟད་པར་རྔུབས། །རྡུལ་ཆ་ཙམ་ཡང་མེད་པར་མཛོད། །ཅེས་བསྟབ་ཅིང་བསྲེག །ཁྱད་པར་དུ་བྱེད་ན་དགྲ་བགེགས་ཆེ་གེ་མོ་ཞེས་བྱ་བའི་མིང་རུས་ནས་སྨྲོས་ཤིང་བསྟབ་པར་བྱའོ། །བགེགས་ལ་བྱེད་ན་ཡང་གོང་གི་གདམས་ངག་གིས་ཟིན་པར་བྱས་ལ། ང་ལ་བར་ཆད་བྱེད་པའི་སོགས་ནས། རྡུལ་ཆ་ཙམ་ཡང་མེད་པར་མཛོད། །ཁ་ཁ་ཁཱ་ཧི་ཁཱ་ཧི་ཁཱ་རཾ་ཁ་ལེ་ལེ། ཞེས་བསྟབ་ཅིང་ཕུལ་ལ། ལྕགས་ཕྱེ་ལ་སོགས་པའི་རྫས་ལ། ༀ་བཛྲ་ཀྲོ་དྷ་བཱི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། སྡང་དགྲ་གནོད་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླས་ཤིང་ཐབ་ཏུ་གཏོར། ཡང་ན་དགྲ་བགེགས་གང་རུང་མིང་རུས་གཞུག །དེ་ལྟར་སྔགས་བཟླས་ཤིང་ཕྲིན་ལས་བསྐུལ་ནས། དེ་ནས་ཡང་། བྱོན་ཚུལ་སྟབས་ཞེས་པ་ནས། ཡེ་ཤེས་དབང་མཛད་དབྱུག་པ་སྔོན་པོ་ཅན། །རྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་སྦྱར་བའི་མཆོད་པ་འདི། །དབྱུག་པ་སྔོན་པོའི་སྐུ་ལ་མཆོད་པར་འབུལ། །དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛད་དུ་གསོལ། །འབྱུང་པོའི་ཤ་ཁྲག་རུས་པ་རྣམས། །དུག་གསུམ་ཞལ་ཟས་མཆོད་པ་བཞེས། །རྡོ་རྗེ་ཚེམས་ཀྱིས་ཆེམ་ཆེམ་གསོལ། །འབར་བའི་ཞལ་དུ་ཟད་པར་རྔུབས། །རྡུལ་ཆ་ཙམ་ཡང་མེད་པར་མཛོད། །ཅེས་བསྟབ་ཅིང་བསྲེག །ཁྱད་པར་དུ་བྱེད་ན་དགྲ་བགེགས་ཆེ་གེ་མོ་ཞེས་མིང་རུས་ནས་སྨྲོས་ནས་བསྟབ་པར་བྱའོ། །བགེགས་ལ་བྱེད་ན་མིང་དམིགས་ཀྱིས་མི་བཟུང་བར་འདི་སྐད་དུ། ང་ལ་བར་ཆད་བྱེད་པའི་བགེགས། །ཤི་ཤི་རྨ་མེད་ཞལ་དུ་བསྟབ། །གོད་གོད་དབུལ་བྱེད་ཞལ་དུ་བསྟབ། །ཟ་ཟ་ཁ་དམར་ཞལ་དུ་བསྟབ། །ཉལ་ཉལ་འཛིའུ་དོག་ཞལ་དུ་བསྟབ། །རྡོ་རྗེ་ཚེམས་ཀྱིས་ཆེམ་ཆེམ་གསོལ། །འབར་བའི་ཞལ་དུ་ཟད་པར་རྔུབས། །རྡུལ་ཆ་ཙམ་ཡང་མེད་པར་མཛོད། །ཁ་ཁ་ཁཱ་ཧི་ཁཱ་ཧི་ཁ་རཾ་ཁ་ལེ་ལེ། ཞེས་བསྟབ་ཅིང་ཕུལ་བའི་རྗེས་ལ། །ལྕགས་ཕྱེ་དང་དུག་ཕྱེ་དང་ཉུངས་ནག་དང་སྐེ་མཚེ་རྣམས་ལ། ༀ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། སྡང་དགྲ་གནོད་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླས་ཤིང་ཐབ་ཏུ་གཏོར། ཡང་ན་དགྲ་བགེགས་གང་རུང་གི་མིང་རུས་གཞུག །དེ་ལྟར་སྔགས་བཟླས་ཤིང་གོང་གི་བྱ་བ་རྣམས་སངས་ཀྱིས་རྫོགས་པ་དང་། ཡང་། འཇིགས་བྱེད་སྟབས་ཀྱི་འཆི་བདག་ཟིལ་གྱིས་གནོན། །ཅེས་པའི་ཚིག་ལ། རྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་སྦྱར་བའི་མཆོད་པ་འདི། །གཤིན་རྗེ་གཤེད་པོའི་སྐུ་ལ་མཆོད་པར་འབུལ། །དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛད་དུ་གསོལ། །འབྱུང་པོའི་ཤ་ཁྲག་རུས་པ་རྣམས། །དུག་གསུམ་ཞལ་ཟས་མཆོད་པ་བཞེས། །རྡོ་རྗེ་ཚེམས་ཀྱིས་ཆེམ་ཆེམ་གསོལ། །འབར་བའི་ཞལ་དུ་ཟད་པར་རྔུབས། །རྡུལ་ཆ་ཙམ་ཡང་མེད་པར་མཛོད། །ཅེས་བསྟབ་ཅིང་བསྲེག །ཁྱད་པར་དུ་བྱེད་ན་དགྲ་བགེགས་ཆེ་གེ་མོ་ཞེས་མིང་རུས་ནས་སྨྲོས་ནས་བསྟབ་པར་བྱའོ། །བགེགས་ལ་བྱེད་ན་མིང་དམིགས་ཀྱིས་མི་བཟུང་བར་འདི་སྐད་དུ། ང་ལ་བར་ཆད་བྱེད་པའི་བགེགས། །ཤི་ཤི་རྨ་མེད་ཞལ་དུ་བསྟབ། །གོད་གོད་དབུལ་བྱེད་ཞལ་དུ་བསྟབ། །ཟ་ཟ་ཁ་དམར་ཞལ་དུ་བསྟབ། །ཉལ་ཉལ་འཛིའུ་དོག་ཞལ་དུ་བསྟབ། །རྡོ་རྗེ་ཚེམས་ཀྱིས་ཆེམ་ཆེམ་གསོལ། །འབར་བའི་ཞལ་དུ་ཟད་པར་རྔུབས། །རྡུལ་ཆ་ཙམ་ཡང་མེད་པར་མཛོད། །ཁ་ཁ་ཁཱ་ཧི་ཁཱ་ཧི་ཁ་རཾ་ཁ་ལེ་ལེ། ཞེས་བསྟབ་ཅིང་ཕུལ་བའི་རྗེས་ལ། ལྕགས་ཕྱེ་དང་དུག་ཕྱེ་དང་ཉུངས་ནག་དང་སྐེ་ཚེ་རྣམས་ལ། ༀ་བཛྲ་ཀྲོདྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། སྡང་དགྲ་གནོད་བགེགས་མཱ་ར་ཡ་ཧཱུྃ་ཕཊ། རྡེག་པའི་སྟབས་ཀྱིས་སྲིན་པོ་ཚར་གཅོད་ཅིང་། །ཞེས་པའི་རྗེས་ལ། རྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་སྦྱར་བའི་མཆོད་པ་འདི། །མི་གཡོ་དཔལ་གྱི་སྐུ་ལ་མཆོད་པར་འབུལ། །དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛད་དུ་གསོལ། །འབྱུང་པའི་ས་ཁྲག་རུས་པ་རྣམས། །དུག་གསུམ་ཞལ་ཟས་མཆོད་པ་བཞེས། །རྡོ་རྗེ་ཚེམས་ཀྱིས་ཆེམ་ཆེམ་གསོལ། །འབར་བའི་ཞལ་དུ་ཟད་པར་རྔུབས། །རྡུལ་ཆ་ཙམ་ཡང་མེད་པར་མཛོད། །ཅེས་བསྟབ་ཅིང་བསྲེག །ཁྱད་པར་དུ་བྱེད་ན་དགྲ་བགེགས་ཆེ་གེ་མོ་ཞེས་མིང་རུས་ནས་སྨྲོས་ནས་བསྟབ་པར་བྱའོ། །བགེགས་ལ་བྱེད་ན་མིང་དམིགས་ཀྱིས་མི་བཟུང་བར་འདི་སྐད་དུ། ང་ལ་བར་ཆད་བྱེད་པའི་བགེགས། །ཤི་ཤི་རྨ་མེད་ཞལ་དུ་བསྟབ། །གོད་གོད་དབུལ་བྱེད་ཞལ་དུ་བསྟབ། །ཟ་ཟ་ཁ་དམར་ཞལ་དུ་བསྟབ། །ཉལ་ཉལ་འཛིའུ་དོག་ཞལ་དུ་བསྟབ། །རྡོ་རྗེ་ཚེམས་ཀྱི་ཆེམ་ཆེམ་གསོལ། །འབར་བའི་ཞལ་དུ་ཟད་པར་རྔུབས། །རྡུལ་ཆ་ཙམ་ཡང་མེད་པར་མཛོད། །ཁ་ཁ་ཁཱ་ཧི་ཁཱ་ཧི་ཁ་རཾ་ཁ་ལེ་ལེ། ཞེས་བསྟབ་ཅིང་ཕུལ་བའི་རྗེས་ལ། ལྕགས་ཕྱེ་དང་དུག་ཕྱེ་དང་ཉུངས་ནག་དང་སྐེ་མཚེ་རྣམས་ལ། ༀ་བཛྲ་ཀྲོ་དྷ་ཨརྻ་ཨ་ཙ་ལ་ཧཱུྃ། བྷིནྡྷ་བིནྡྷ་ཧཱུྃ་ཕཊ། སྡང་དགྲ་གནོད་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླས་ཤིང་ཐབ་ཏུ་གཏོར། ཡང་ན་དགྲ་བགེགས་གང་རུང་གི་མིང་རུས་གཞུག །དེ་ལྟར་སྔགས་བཟླས་ཤིང་ཕྲིན་ལས་བསྐུལ་ནས། དེ་ནས་ཡང་ཞེས་པ་ཁྲོ་བོ་བཅུ་ཡོ་ཀ་ལ་དེ་ཁོ་ན་བཞིན་དུ་རྫོགས་པར་བཏང་། ཡེ་ཤེས་ཐུགས་རྗེས་ཟིན་པས་ཞེས་པ་ནས། རྡོ་རྗེ་སྙེམས་མའི་སྐུ་ལ་མཆོད་པར་འབུལ། །ཞེས་པས་ཁྲོ་མོ་ཡོ་ཡང་དེས་འགྲེའོ། །ཁམས་གསུམ་ཐུགས་རྗེས་མི་བཟད་ཕྲིན་ལས་དཔལ། །ཞེས་བྱ་བ་ནས། དེ་ཕྱིར་མྱོས་བྱེད་ཕྲ་མེན་ཨུ་ཀ་ར། །ཞེས་བྱ་བ་དང་། ཕག་གི་མགོ་ཅན་སྐུ་ལ་མཆོད་པར་འབུལ། །བྱ་བ་ཡན་ཆད་འགྲེ། ཡིད་གཡོ་ལས་ཅན་ནས། དེ་ཕྱིར་མྱོས་བྱེད་ཕྲ་མེན་འུ་ཤི་ན། །རྨིག་བུའི་མོག་ཅན་སྐུ་ལ་མཆོད་པར་འབུལ། །འབྱུང་པོའི་ཤ་ཁྲག་རུས་པ་རྣམས། །བྱ་བ་མན་ཆད་ཡོ་བཏགས་སོ། །སྒོ་མ་བཞི་ནི་རྡོ་རྗེ་གཞོན་ནུའི་གཞུང་ལས་མི་འབྱུང་བས་ལྷག་པར་སྨྲོས་མི་དགོས་སོ། །བརྗོད་ཀྱང་འགལ་བ་མེད། བརྗོད་ན་འདི་སྐད་དུ། འཁོར་བ་རྡོ་རྗེ་བརྗོད་པས་མྱ་ངན་འདས། །ཞེས་པ་ནས། དེ་ཕྱིར་བརླག་བྱེད་བཛྲ་མཱ་ར་ན། །རྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་སྦྱར་བའི་མཆོད་པ་འདི། །རྡོ་རྗེ་བརླག་བྱེད་སྐུ་ལ་མཆོད་པར་འབུལ། །དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛད་དུ་གསོལ། །འབྱུང་པོའི་ཞེས་པ་མན་ཆད་གདགས་སོ། །གོང་ནས་འབྱུང་བ་ལྟར་ཀུན་ལ་འགྲེ་ཤེས་པར་བྱའོ། །ཕུར་བུའི་སྲུང་མ་ཤྭ་ན་མུ་ཁ་དང་། བདག་ཉིད་ཆེན་མོ་དང་། བསྭེ་ཡི་ལྷ་མོ་བཞི་ལ་གཞི་བསྟོད་གུད་དུ་ཕྱུངས་པ་མེད་པས། རང་རེའི་གཞུང་གི་མཆོད་པ་གང་ཡིན་པ་ལ་བསྟབ་པའི་ཚིག་བཏགས། སྔགས་ཀྱང་ལྷ་ཐམས་ཅད་ལ་ཐུན་མོང་དུ་གོང་དུ་བསྟན་པའི་སྤྱི་སྔགས་ཉིད་ཀྱིས་ཆོག་གོ། །རང་རེས་འགྲུབ་ཅིང་མོས་ན་ལྷ་སོ་སོའི་སྔགས་ལ་བསྐུལ་ཚིག་བརྗོད་ཅིང་བཟླས། སྤྱི་སྔགས་ཀྱིས་ཀྱང་མཇུག་བསྡུས་ན་རུང་ངོ་། །སྦྱིན་སྲེག་ཟིན་ནས་ཐལ་བ་མནན་པ་བྱ་སྟེ། དེའང་ཐབ་ཁུང་དེར་སྦྱིན་སྲེག་མི་བྱེད་ཅིང་མིས་འབྲུ་བའི་དོགས་པ་མེད་ན་ཧོམ་ཁུང་དེ་ཉིད་དུ་མནན་པར་བྱའོ། །དེ་ལྟ་བུ་མ་ཡིན་ན་ཐལ་བ་དེ་བླངས་ལ་ལམ་པོ་ཆེར་དོང་རིང་པོར་བྲུས་ཏེ་མནན་པ་བྱ། གལ་ཏེ་མནན་པ་དེ་ཕྱིས་མི་ལ་སོགས་པས་འབྱིན་པའི་སྐྱོན་ཡོད་ན་ནི། དུས་དེར་བགེགས་སྡང་བས་ངང་བསྲིང་བསྒུག་སྟེ་མནན་པ་མི་བྱ། གལ་ཏེ་དགྲ་ལ་བྱེད་ན་ཐལ་བ་དེ་ཡང་བགེགས་ཆེན་པོ་གནས་པའི་ས་རུ་དོང་མཐོ་དོ་ལས་མི་རིང་བ་ཙམ་དུ་སྦས་ལ་བཞག །བགེགས་ཀྱི་མནན་པ་བགེགས་ཀྱི་ས་རུ་སྦས་ན་བགེགས་དེ་དང་བསྡོང་ནས་གནོད་དུ་འོང་ངོ་། །བགེགས་ལམ་པོ་ཆེའི་བཞི་མདོར་མནན་ན་སྐྱེ་བོ་མང་པོའི་རྐང་པས་མནན་པས་བགེགས་མཐུ་མེད་པར་འགྱུར་རོ། །སྦྱིན་སྲེག་གི་ལས་རྫོགས་སོ། །ཡོལ་དགེ་བསྙེན་གྱིས་བླ་མ་རོང་པ་ཆོས་ཀྱི་བཟང་པོའི་གདམས་པ་ཐམས་ཅད་དོན་དང་བཅས་པར་གཟིགས་ཏེ། ཡི་གེ་འདི་ཉིད་ཀྱང་ལེགས་ཤིང་དོན་དང་ལྡན་པར་གཟིགས་ནས་བྲིས་སོ། །སྣོད་ངན་པ་ལ་བསྡོམས་ན་བཟང་ངོ་། །ཁོང་གིས་སྟོང་སྒོམ་ལ་གནང་བའོ།། ཨཐྎ།།

སྟོབ་པའི་རིམ་པ།

སྟོབ་པའི་རིམ་པ་བཞུགས། ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ནས། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡང་། །བསྐལ་པའི་མེ་ལྟར་འབར་བའི་སྐུར་སྟོན་པ། །འཁོར་ལོ་རྒྱས་འདེབས་དཔལ་གྱི་སྐུ་ལ་འཁྲིལ། །ཡུམ་དང་གཉིས་མེད་རོལ་པ་ཐུགས་ཀྱི་སྲས། །འཇིགས་བྱེད་ཁྲོ་བོ་ཕ་བཅུ་མ་བཅུ་ཡིས། །གདུག་རྩུབ་འབར་བ་དགྲ་བོའི་སྙིང་ཕྱུངས་ལ། །དཔལ་ཆེན་ཡབ་ཡུམ་ཞལ་དུ་ཁ་རཾ་ཁཱ་ཧི། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །འཇིགས་བྱེད་ཆེན་པོ་ཡེ་ཤེས་ཁྲོ་རྒྱལ་བཅུ། །ཡུམ་ཆེན་ཁྲོ་མོ་རྣམས་ཀྱི་སྐུ་ལ་འཁྲིལ། །ཡབ་ཡུམ་གཉིས་མེད་རོལ་པའི་ཐུགས་ཀྱི་སྤྲུལ་པ་ལས། །མཁའ་ལ་རླུང་ལྟར་རྒྱུ་བའི་མགོ་བརྙན་མ། །གདུག་རྩུབ་འབར་བ་དགྲ་བོའི་སྙིང་ཕྱུངས་ལ། །ཁྲོ་རྒྱལ་ཡབ་ཡུམ་ཞལ་དུ་ཁ་རཾ་ཁཱ་ཧི། །ཞེ་སྡང་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །ཐུགས་ལས་སྐྱེས་པའི་སྲས་མཆོག་ཀཱི་ལ་ཡ། །དགྲ་བགེགས་དཀར་ནག་དཀྱིལ་དུ་རྒྱབ་བྱས་ནས། །གདུག་རྩུབ་འབར་བའི་དགྲ་བགེགས་སྙིང་ཕྱུངས་ལ། །ཁམས་གསུམ་མ་ལུས་བསྒྲལ་བའི་ཤ་ཁྲག་འདི། །དཔལ་ཆེན་ཡབ་ཡུམ་ཚོགས་ལ་མཆོད་པ་འབུལ། །བསྟན་པ་འཇིག་པའི་དགྲ་བོ་ལས་ངན་འདི། །མིང་བྱང་གཏོར་མར་མི་བསྟབ་ཏུ། །རྣལ་འབྱོར་པ་ཡི་སྐུ་དགྲར་བྱུང་། །བག་ཆགས་དྲག་པོའི་ཧོམ་དུ་སྲེག །ཧོམ་ནི་ཟ་བྱེད་ཞལ་གྱི་ཧོམ། །ཟ་བྱེད་ཆེན་པོའི་ཞལ་ཧོམ་དུ། །ཡེ་ཤེས་ཆེན་པོའི་མེ་སྦར་ཏེ། །བག་ཆགས་སྒྲིབ་པ་བསྲེག་པར་བྱ། །ཛྭ་ལ་རཾ་ཁཱ་ཧི། ཛྭ་ལ་འབར་བའི་ཞལ་དུ་སྲེག་བྱེད་རཾ། །ཁཱ་ཧི་གསོལ་ཅིག་རྣམ་ཤེས་དབྱིངས་སུ་སྦར། །དང་པོ་བསྐྱེད་ཀྱང་རྣམ་ཤེས་དབྱིངས་ནས་བསྐྱེད། །ད་ལྟར་གནས་ཀྱང་རྟག་ཆད་མཐའ་ལ་གནས། །རྟག་ཆད་མཐའ་ལ་གནས་པའི་ཉོན་མོངས་འདི། །ཐ་མར་བསྒྲལ་ཡང་ཆོས་ཀྱི་དབྱིངས་སུ་བསྒྲལ། །མ་ཧཱ་ཙིཏྟ་ཁ་རཾ་ཁཱ་ཧི། མ་ནི་འབྱུང་བ་ལྔ་ཡི་ངང་། །ཧཱ་ནི་རིག་པ་ཡེ་ཤེས་ཏེ། །ཙིཏྟ་རྣམ་ཤེས་བྱང་ཆུབ་སེམས། །ཁ་རཾ་བག་ཆགས་གསོལ་བ་ཡིན། །ཞེས་བསྟབ་བོ། །

དཔལ་རྡོ་རྗེ་ཕུར་པའི་གཏོར་ཆོག

དཔལ་རྡོ་རྗེ་ཕུར་པའི་གཏོར་ཆོག་བཞུགས་སོ། །དེ་ནས་མངའ་བདག་དབུ་རྩེའི་ཤར་སྒོ་ན་བཞུགས་པའི་དུས་སུ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་གཏོར་མའི་མན་ངག་གནང་། གཏོར་མ་བཟང་ཞིང་གྲངས་མང་བར་བཏང་ན་བྱིན་རླབས་ཆེ་ཞིང་བཀྲ་ཤིས་སོ། །དེ་ལ་གཏོར་མ་ཆེན་པོ་ནི་ཉ་དང་སྟོང་དང་ཚེས་བརྒྱད་དང་ཉི་ཤུ་གཉིས་དང་། སྒྲུབ་པ་ཐོན་པའི་དུས་དང་། ཚོགས་ཀྱི་འཁོར་ལོའི་དུས་དང་། དབང་གི་དུས་སུ་བཏང་ངོ་། །གཏོར་ཕྲན་ནི་ཉི་མའི་དམར་ཐག་དང་ནམ་གུང་ལ་རྒྱུན་དུ་བྱའོ། །གཏོར་མའི་གོང་དུ་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ། ཏིང་ངེ་འཛིན་གྱིས་བསྡུས་ཏེ་ལྷ་རྣམས་འོད་དུ་ཞུ་ནས་འཁོར་གཙོ་བོ་ལ་འདུས། གཙོ་བོ་ཐུགས་ཀའི་ཧཱུྃ་ལ་འདུས། ཧཱུྃ་ཐིག་ལེར་འདུས། ཐིག་ལེ་མྱ་ངན་ལས་འདས་པར་བསམ་མོ། །དེ་ནས་བདག་ལས་ཀྱི་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀ་ནས་གཏོར་མ་ལ་ཧཱུྃ་སྔོན་པོ་སྤྲོས། དེ་ནས་གཏོར་མ་དེ་ཁོ་ན་ཉིད་ཀྱི་བློ་དམ་པས་བཟུང་ལ་དག་པར་བསམ་མོ། །ཡང་བདག་གི་ཐུགས་ཀ་ནས་ཨཱཿདཀར་པོ་སྤྲོས། དེ་ནས་གཏོར་མའི་བདུད་རྩི་འཕེལ་ཏེ་འོ་མའི་མདོག་ཅན་རོ་མཆོག་བརྒྱ་དང་ལྡན་པའི་རྒྱ་མཚོར་བསམ། ཡང་བདག་གི་ཐུགས་ཀ་ནས་ༀ་ཁ་དོག་སྣ་ཚོགས་པ་སྤྲོས་པས་གཏོར་མ་ལ་འོད་ཟེར་སྣ་ཚོགས་བྱུང་། འོད་ཟེར་ལ་འདོད་པའི་ཡོན་ཏན་ལྔ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ། ནམ་མཁའི་ཁམས་གང་བར་བསམ་མོ། །ལག་པ་གཡོན་པའི་སོར་མོ་གསུམ་གདེངས་ཏེ་གཏོར་མ་ལ་བསྟན་ལ། ༀ་ཨཱཿཧཱུྃ་སྭཱ་ཧཱ། ཅི་ནུས་བརྗོད་པས། གཏོར་མ་ལ་ཡིག་འབྲུ་ལྔ་བཀོད་པས། དེ་ལས་འོད་ཟེར་ཀུན་ཏུ་འཕྲོས། ཡེ་ཤེས་ཀྱི་ལྷ་ཐམས་ཅད་ལ་ཕོག་ཡེ་ཤེས་ལྔའི་འོད་ཟེར་སྣ་ཚོགས་དང་། སངས་རྒྱས་ཀྱི་ཞལ་གྱི་དངོས་གྲུབ་རོ་བྲོ་བའི་མཆོག་ཅེས་བྱ་བ་འབྲས་རྡོག་པོ་གཅིག་ལ་སངས་རྒྱས་གྲངས་མེད་པས་གསོལ་ཡང་མི་ཟད་ཅིང་། བདུད་རྩིའི་ངོ་བོར་གྲུབ་པ་དེ་ལྟ་བུའི་ཡེ་ཤེས་ཀྱི་བཅུད་བསྡུས་པས་གཏོར་མ་ལ་ཐིམ་པས་མང་ཞིང་བཅུད་ཕུན་སུམ་ཚོགས་པ་མི་ཟད་པར་བསམ་ལ། ཧཱུྃ། བཅོམ་ལྡན་རྡོ་རྗེ་སྲིན་པོ་བདེ་གཤེགས་ཀུན་གྱི་དངོས། །རྩ་བ་མངའ་བདག་སྤྲུལ་པ་ཕྱག་བརྙན་མ། །ཡེ་ཤེས་སྒོ་མ་ལས་བཞིའི་བདེ་གཤེགས་ལ། །ཡེ་ཤེས་གཏོར་མ་འབུལ་ལོ་རྣམ་པར་རོལ། །ༀ་ཨེ་ཧྱེ་ཧི་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ ཨི་དན། དྷཱུ་པེ། པུཥྤེ། དཱི་པ། གནྡྷེ། ནཻ་ཝི་དྱ། ན་ན་ཁ་དྷེ། པཉྩ་པཱུ་ཛ་བ་ལིདྟ་གྷྲྀ་ཧྞ་གྷྲྀ་ཧྞ་ཁཱ་ཧི་ཁ་ཧི་ཧཱུྃ་ཕཊ་ཀྱིས་ཕུལ། ཧཱུྃ། བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །སྤྲུལ་པའི་ཁྲོ་རྒྱལ་ཡབ་ཡུམ་དང་། །ཡང་སྤྲུལ་ཟ་བྱེད་མགྱོགས་བྱེད་དང་། །དཀྱིལ་འཁོར་གསང་བའི་སྒོ་མ་བཞི། །མཆོད་སྦྱིན་གཏོར་མ་བཞེས་ནས་ཀྱང་། །བདག་ཅག་རྣལ་འབྱོར་སྤྱོད་པ་ལ། །མི་མཐུན་རྐྱེན་དང་བར་ཆད་བགེགས། །སྐེག་དང་ཟོར་ཁ་བཟློག་ཏུ་གསོལ། །བྷྱོ་ཞེས་གཏོར་མར་རཀྟ་སྦྲེང་། ཡེ་ཤེས་ཀྱི་ལྷ་རྣམས་ཀྱིས་གསོལ་བས་ཚིམ་པར་བསམས་ནས་གཏོར་མ་དལ་ནས་ཕབ་སྟེ་ཕྱར་བ་ནག་པོ་ཟུར་གསུམ་གྱི་སྟེང་དུ་བཞག །ལྷ་རྣམས་དཔལ་རྡོ་རྗེ་གཞོན་ནུའི་ཐུགས་ཀར་ཧཱུྃ་ཞེས་པས་བསྡུས་ལ། གཏོར་མ་དེ་བྱིན་རླབས་ཅུང་ཟད་གསོས་ཏེ། བ་དན་རྩེ་གསུམ་པའི་ཕྱག་རྒྱ་ལག་པ་གཡོན་པའི་མཐེ་བོང་དང་མཐེའུ་ཆུང་གཉིས་བསྐུམ་ལ་སོར་མོ་གསུམ་ཕྲལ་ལ་གཏོར་མར་བསྟན། ༀ་ཨཱཿཧཱུྃ་སྭཱ་ཧཱ། ལན་ལྔ་བརྗོད། ལྷ་སྔར་ལྟར་ཅུང་ཞིག་བསྒོམ། ལྷག་མའི་ཕུད་ལོགས་སུ་བསགས་པ་རྣམས་བྱིན་གྱིས་བརླབས་ཏེ། རང་གི་ཡ་རྐན་ལ་དཔལ་རྟ་མགྲིན་ཚོན་གང་བ། མ་རྐན་ལ་ཡུམ་རྡོ་རྗེ་གཏུན་ཁུང་མ། དེ་གཉིས་རོལ་པའི་བྱང་ཆུབ་ཀྱི་སེམས་བདུད་རྩི་མུ་ཏིག་ལྟར་བསམས་ཏེ་ཛ་གད་ཀྱིས་མཁུར་བ་བཀང་བ་ལན་གསུམ་ལྷག་མར་བྲན། ལྷག་མ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་འོད་ཟེར་འཕྲོ་བ་ཟད་མི་ཤེས་པར་བསམ། ཁ་ཆུའི་སྔགས་འདིས་སོ། །ༀ་གུ་རུ་ཏྲ་ཧ་ཀ་ས་མ་ཡ་བཀྴ་སུ་གན་སུ་ཏྲི་ཤི་ཏྲི་ལ་ཏིཥྛ་ཐངས་ཡ་ས་མ་ཡ་སྭཱ་ཧཱ། བཀའི་ཕམ་ཕབས་ལ་གདགས་པའི་ཚུལ་ལོ། །བྱང་ཆུབ་སེམས་ཀྱི་སྤྲིན་ཕུང་ལས། །བདུད་རྩི་དག་པའི་ཆར་ཕབ་སྟེ། །འཁོར་གྱི་མ་མོ་མ་ལུས་ལ། །དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ། །ཞེས་སོ། །གཏོར་མ་གོང་མ་ནས་ལྷག་གཏོར་དུ་དུམ་ཞིག་བླུགས་ལ་བསྲེས་ཚུལ་ནི་རྟོག་པ་སྤངས་ཤིང་གཉིས་མེད་ཀྱི་བརྡའི་ཚུལ་ལོ། །དེ་ནས་མཁའ་འགྲོ་མ་རྣམས་བཀུག་སྟེ། བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་འཕྲོས། ཞིང་ཁམས་ཐམས་ཅད་དང་སྔོན་གྲུབ་པའི་གནས་ཀུན་ནས་མཁའ་འགྲོ་ཕོ་མོ་དམ་ཚིག་ཅན་བཀུག་སྟེ། མདུན་དུ་དུར་ཁྲོད་ཀྱི་གནས་ལ་གནས་པར་མོས་ལ་སྔགས་འདིས་དགུག་གོ། །ༀ་ཨེ་ཧྱེ་ཧི་སརྦ་ཌཱ་ཀི་ནི་སརྦ་ཡོ་གི་ནཱི་རུ་ལུ་རུ་ལུ་ས་མ་ཡ་ཛཿཛཿ ཞིང་ཁམས་སྒྲུབ་གནས་དུར་ཁྲོད་མཐའ་དག་ནས། །དམ་ལ་གནས་པ་ཇི་སྙེད་བཞུགས་སོ་འཚལ། །གསང་བའི་དཀྱིལ་འཁོར་གནས་འདིར་སྤྱན་འདྲེན་ན། །ཐུགས་དམ་དབང་གིས་མ་ལུས་གཤེགས་སུ་གསོལ། །གསུར་ཆེན་བཏང་། ཐོད་རྔ་བརྡུང་། ལྕང་ལོས་གཡབ་མོ་བྱའོ། །ཐལ་མོ་དང་བཤུགས་པའི་བརྡ་བྱ། དེ་ནས་འཁོར་ཟིལ་གྱིས་མནན་ཏེ། བདག་གི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་རེ་རེ་ལས་རྡོ་རྗེ་གཞོན་ནུ་ཚོན་གང་བ་དུ་མ་སྤྲུལ་པ་འཁོར་རྣམས་ཀྱི་སྤྱི་བོར་བཞག་སྟེ། ས་མ་ཡ་རཀྵ་ཐམ་ཞེས་ཟིལ་གྱིས་མནན། སྔགས་འདིས་གཏོར་མ་སྦྱིན་ནོ། །ༀ་ཨེ་ཧྱེ་ཧི། ཀ་ཏང་ཀ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ་ཡ། མ་ར་ས་ནི་པྲ་མརྟ་ནི་ཡ། མ་མ་པཱ་ཤམ་ཀུ་རུ་ཡ། མ་ཏ་ད་ཉ་ཀཱ་ར་ཡ། ཨི་ནན་ཡ། དྷ་ཏི་མ་མཱ་ཡ། ཤཱི་ཀྲང་ཀརྨ་ཀཱ་ར་ཡ། མ་ཐ་མ་ཐ་བཛྲ་ཡ། ཛྭ་ལ་ཛྭ་ལ་བཛྲ་ཡ། སུ་རུ་སུ་རུ་བཛྲ་ཡ། སརྦ་ཌཱ་ཀི་ནཱི། སརྦ་ཡོ་གི་ནཱི། གིང་ཀ་ར་ཚ་རི། ཧ་ཧ་ཧ། ཨི་དན། དྷཱུ་པ། པུཥྤེ། དཱི་པ། གནྡྷ། ནཻ་ཝི་ཏེ། ན་ན་ཁ་དྷེ། བ་ལིནྟ། མ་ཐ་མ་ཐ་མ་ཡ། རཀྟ། ཆེ་གེ་མོའི་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ། བྷན་དྷ་ཙཀྲ་པྲོ་ཏ། གྷྲྀཧྞ། ཛི་ཧ། ཨོ་ད་པཉྩ་སྐན་དྷ། སམྦུ་རཾ། གྷྲྀཧྞ་ཁཱ་ཧི་ཁཱ་ཧི་ཕཊ་ཕཊ་ཕཊ། ཧཱུྃ། བདག་ཉིད་ཆེན་མོ་མཆེད་བཞི་དང་། །དམ་ཅན་བསྭེ་ཡི་ལྷ་མོ་བཞི། །ཤྭ་ན་མུ་ཁ་མཆེད་བཞི་དང་། །མཁའ་འགྲོ་མ་དང་གིང་གི་ཚོགས། །དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད། །བློན་མོ་བྲན་མོ་མངགས་གཞུག་བཅས། །བྲན་དང་གཡོག་དང་ཡང་བྲན་བཅས། །བཀའ་ཡི་གཏོར་མ་འདི་ལོངས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །རྣལ་འབྱོར་དབང་ཕྱུག་བདག་ཅག་ལ། །དམ་ཉམས་དགྲ་དང་བར་ཆད་བགེགས། །སྐེག་དང་མི་མཐུན་གཞན་གྱི་ཟོར། །བཟློག་ཅིང་བརླག་པར་མཛད་དུ་གསོལ། །བྷྱོ་བྷྱོ་ཞེས་བསྐུལ་ལོ། །དེ་ནས་ཐོད་རྔ་ཁྱེར་ལ་རྐང་གི་གླིང་བུ་དང་ཐོད་རྔ་འཁྲོལ་ཤིང་གནས་ཀྱི་ཕྱི་རོལ་ཏུ། བརྟན་མ་བཅུ་གཉིས་ལ་གཏོར་མ་བསྔོས་ཏེ། ཧཱུྃ། དམ་ལ་གནས་པའི་བརྟན་མའི་ཚོགས། །གནམ་གྱི་རྒྱལ་མོ་དཔལ་འབར་མ། །གནམ་ལྷ་དཀར་མོ་ཡང་དག་ཤེས། །ཁ་རག་ཁྱུང་བཙུན་དཔལ་གྱི་ཡུམ། །ཀོང་བཙུན་དེ་མོ་བོད་ཁམས་སྐྱོང་། །གངས་ཀྱི་ཡུམ་ཆེན་གཡུ་བུན་མ། །འབྲོག་གནས་མ་མོ་མེ་སྟག་མ། །འབྲོག་གི་རྒྱལ་མོ་ཟ་འོག་མ། །བྱང་གི་རྒྱལ་མོ་ཟླ་འོད་མ། །བྱང་སྨན་རྒྱལ་མོ་གསེར་ཐང་མ། །གངས་དཀར་ཤ་མེད་ཀུན་ཏུ་བཟང་། །ས་བདག་ཆེན་པོ་ཤཱིནྟཾ་དཔལ། །ཀླུ་ཡི་བུ་མོ་གཟི་འབར་མ། །མི་བསྲུན་རྫུ་འཕྲུལ་བྱིན་རླབས་ཅན། །མཛེས་པའི་སྐུ་ལ་རིན་ཆེན་བརྒྱན། །དར་གྱི་ལེའུ་མུ་ཏིག་དང་། །དྲིལ་བུ་གཡེར་ཀའི་རྒྱན་ཆ་ལྡན། །སྨན་བྲན་འབུམ་གྱི་གཙོ་མོ་མཛད། །ཁྲོས་པས་མི་སྡུག་གཟུགས་འཆང་ཞིང་། །གཅན་དང་འཕྲོ་རྒོད་ཞི་ཞིང་རྒྱུ། །བྲན་གཡོག་འཁོར་བཅས་གཏོར་མ་ལོངས། །བདག་ཅག་རིག་འཛིན་སྒྲུབ་པ་ལ། །དགྲ་བགེགས་སྐེག་དང་ཟོར་ཁ་དང་། །མི་མཐུན་ཕྱོགས་རྣམས་ཇི་སྙེད་པ། །བཟློག་ཅིང་ཞི་བར་མཛད་དུ་གསོལ། །ཅེས་མཆོད། དེ་ནས་དུར་ཁྲོད་དམ་ཆུ་གླིང་ལ་སྟངས་ལྟབས་ཀྱིས་གཏོར་མ་འཕེན་ཚུལ་བྱ་ཞིང་ཕུད་གཏོར་དཔང་གཟུག །ཧཱུྃ། བར་སྣང་ལྷ་སྲིན་སྡེ་བརྒྱད་གསོན། །གནམས་ས་བར་གྱི་ལྷ་འདྲེ་གསོན། །འགོ་བའི་ལྷ་ལྔ་ཐམས་ཅད་གསོན། །མཆོད་སྦྱིན་གསེར་ཆུང་བཞེས་སུ་གསོལ། །གཏོར་མའི་ཤུལ་ཕྱེས་སྐུ་བཟུར་ཅིག །དགྲ་བགེགས་དཔུང་གཉེན་མ་མཛད་ཅིག །དམ་ཉམས་དགྲ་བགེགས་ངན་པ་འདིས། །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །རྣམ་པར་གྲུབ་པའི་དམ་སྲི་བྱས། །ནམ་ཡང་བཏང་བར་མི་བྱ་བར། །དགྲ་བགེགས་གནས་ཁྱིམ་བླ་སྲོག་ལ། །ཟོར་དམག་དྲང་བའི་དུས་ལ་བབ། །ནད་རིམས་ཡུགས་ཀྱི་དམོད་མོ་ཡིས། །དགྲ་བགེགས་བླ་སྲོག་རླུང་ལ་སྐུར། །གཏོར་ཟོར་ཁྲག་ཟོར་དགྲ་ལ་བྷྱོ་བྷྱོ་བྷྱོ། །བྱས་ལ་གཏོར་མ་དགྲ་ཕྱོགས་སུ་ཁྲོས་ཐབས་སུ་འཕང་ངོ་། །གོས་བརྡབ། སྟངས་སྟབས་བྱ། ཏིང་ངེ་འཛིན་གྱིས་དགྲ་བགེགས་ལ་མཁའ་འགྲོ་ཕོ་མོས་དམག་དྲངས་ཏེ། མཚོན་ཆ་སྣ་ཚོགས་ཐོགས་ནས་དགྲ་བགེགས་ཀྱི་ལུས་ལ་ཤ་འབུས་གཡེང་བ་ལྟར་བསམ་མོ། །གཏོར་མ་ཆེན་པོ་དང་གཏོར་ཕྲན་སྟངས་སྟབས་དེ་ལྟར་བྱ་འགྲུབ་ན་ཤིན་ཏུ་ལེགས་སོ། །རྩ་བ་ནས། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཞེས་པས་བཀའ་བརྟན་བསྐྱང་བ་འདི་གསུངས་སོ། །ཞེས་མངའ་བདག་ལ་སློབ་དཔོན་པདྨས་གནང་བའོ། །རྡོ་རྗེ་ཕུར་པའི་གཏེར་ཆོག་རྫོགས་སོ།། །།

ཡི་དམ་ནར་མར་བྱ་བའི་རིམ་པ།

ཡི་དམ་ནར་མར་བྱ་བའི་རིམ་པ་བཞུགས་སོ། །ན་མོ་ཤྲཱི་བཛྲ་ཀུ་མཱ་ར་ཡེ། རྡོ་རྗེ་གཞོན་ནུའི་ཡི་དམ་ནར་མར་བྱེད་པ་ནི། མཆོད་པ་དང་། བཟླས་པ་ཙམ་བྱེད་པ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡི། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །ཞེས་བརྗོད་ལ་རྣམ་པར་མི་རྟོག་པའི་ངང་ལས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་སྟོང་པ་ཉིད་དུ་གསལ་བ་ལས། རང་གི་བྱང་ཆུབ་ཀྱི་སེམས་འོད་ཀྱི་ཐིག་ལེ་རྟེན་དང་བཅས་པའི་རང་བཞིན་ཡི་གེ་ཧཱུྃ་གཅིག་བསྒོམ་མོ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་བརྗོད་པས་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྟོགས་ཏེ་ལྷུན་གྱིས་གྲུབ་པའི་སྙིང་རྗེ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པས་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས་སྙིང་རྗེ་ཆེན་པོའི་དབང་དང་། གསང་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་རྡོ་རྗེ་གཞོན་ནུའི་སྐུ་ལེ་བརྒན་ཚོན་གང་བ་གཞལ་ཡས་ཁང་དང་བཅས་པར་བསྐྱེད་དོ། །དེ་ནས་དབང་དང་བྱིན་རླབས་དང་ལྡན་པའི་ཡོངས་སུ་རྫོགས་པའི་སྐུར་བསྐྱེད་པར་བྱ་བའི་ཕྱིར། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེར་སྒྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་སྒྲུབ་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །ཐབས་ཀྱི་སྤྱོད་པར་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་བརྗོད་པས་སངས་རྒྱས་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་ཡོངས་སུ་རྫོགས་པའི་སྐུར་གྱུར་པ་ནི་འདི་ལྟར། སྐུ་མདོག་མཐིང་ནག་རི་རབ་ལྟ་བུ། དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་ན་མེ་དཔུང་འབར་བའི་ཀློང་ན་བཞུགས་པ། དུར་ཁྲོད་ཀྱི་རྒྱན་རྣམས་ཀྱིས་བརྒྱན་པ། ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ། ཞལ་གཡས་དཀར་གཡོན་དམར་དབུས་མཐིང་ནག །ཕྱག་གཡས་ཀྱི་དང་པོ་རྡོ་རྗེ་རྩེ་དགུ་པ། བར་པ་ན་རྩེ་ལྔ། གཡོན་དང་པོ་ན་མེ་དཔུང་། བར་པ་ན་ཁ་ཊྭཱྃ་ཀའི་རྒྱན། ཐ་མ་གཉིས་ཀྱིས་རི་རབ་ལྟར་བརྗིད་པའི་ཕུར་བུ་འདྲིལ་བ་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་བསྒོམ། ཡུམ་འཁོར་ལོ་རྒྱས་འདེབས་མ་ཞལ་གཅིག་ཕྱག་གཉིས་གཡས་པ་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་དུང་དམར་གཙོ་ལ་སྟོབ་པ་གཅིག་ལུས་དང་གྲིབ་མའི་ཚུལ་དུ་རང་བྱུང་བར་བསྒོམ་མོ། །དེ་ནི་བདག་རྩ་བའི་དཀྱིལ་འཁོར་བསྐྱེད་པ་ཞེས་བྱའོ། །དེ་ནས་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་ནི། གཙོ་བོ་ཡབ་ཡུམ་གཉིས་སུ་མེད་པ་ལས། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཅེས་བརྗོད་པས་ས་བོན་གྱི་ཡི་གེ་མི་དགོད་པར་ཡབ་ཡུམ་གྱི་དབང་ལས་བསྐྱེད་ཀྱང་རུང་། བྱང་ཆུབ་ཀྱི་སེམས་ཡི་གེ་ཧཱུྃ་དུ་གྱུར་པ་ལས་བསྐྱེད་ཀྱང་རུང་སྟེ་ཁྲོ་བོ་ཆེན་པོ་ཧཱུྃ་ཀཱ་ར་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་བསྐྱེད་དོ། །ཡུམ་རྡོ་རྗེ་སྒྲ་འབྱིན་མ་ཡང་ལུས་དང་གྲིབ་མའི་ཚུལ་དུ་བྱུང་བར་བསྒོམ། དེའི་སྤྲུལ་པ་ཕྲ་མེན་ཕག་གི་མགོ་ཅན་དང་རྨིག་བུའི་མགོ་ཅན་ཡང་ལུས་དང་ཡན་ལག་གི་ཚུལ་དུ་བྱུང་བར་བསམ། འདི་ནི་རྫོགས་པའི་ཚུལ་ཡིན་ཏེ། རིམ་གྱིས་བསྐྱེད་པའི་ཚུལ་ནི་ས་བོན་ཧཱུྃ་སྒྲིལ་མ་ཡོངས་སུ་གྱུར་པ་ལས། ཡབ་ཡུམ་གཉིས་ཀའི་སྔགས་ཀྱིས་བསྐུལ་བས་ཁྲོ་བོ་ཡབ་ཡུམ་བཅུ་བསྐྱེད། ཁྲོ་བོ་ཡབ་ཡུམ་བཅུ་ལས་བྱང་ཆུབ་ཀྱི་སེམས་ཡི་གེ་ཛྫ་ལྗང་གུ་སྦྲེལ་མར་གྱུར་པ་ལས་སྤྲུལ་པའི་ཕྲ་མེན་མ་ཡབ་ཡུམ་གསང་སྔགས་ཀྱིས་བསྐུལ་བ་ལས་བསྐྱེད་པར་བཞེད་དོ། །ཁྲོ་བོ་རྣམས་ནི་ཞལ་གསུམ་ཕྱག་དྲུག་གཡས་གཡོན་གྱི་དང་པོ་རྡོ་རྗེ་དང་དུང་ཆེན་དམར་གྱིས་བཀང་བ་དཀྲུག་ཅིང་གསོལ་བ། གཡས་བར་པ་ན་ཕྱོགས་སྐྱོང་གི་རྒྱལ་མཚན་རེ་རེ་རྒྱལ་རྟགས་སུ་བསྣམས་པ། གཡོན་བར་པ་ན་རང་རྟགས་ཀྱི་མཚན་མ་བསྣམས་པ། ཐ་མ་གཉིས་ཀྱིས་རི་རབ་ལྟར་བརྗིད་པའི་ཕུར་བུ་བསྣམས་པ། དུར་ཁྲོད་ཀྱི་རྒྱན་ཅན། ཞབས་བཞིར་བགྲད་པ་སྟེ། ཁ་ཅིག་ལྕགས་ཀྱི་ཕུར་པར་འདོད་པ་ནི་མཚམས་ལ་སོགས་པས་མཚོན་སྐབས་འགའ་ཞིག་ཏུ་ཁྲོ་བོའི་སྐུ་ཕུར་པར་བྱས་པ་སྟེ། འདི་ནི་འདེབས་པའི་ཕུར་པ་སྲས་མཆོག་ཕྱག་ན་ཡོད་པས། ཞབས་དཀྱུས་མ་ཉིད་དུ་རིགས་སོ། །ཡུམ་རྣམས་སྐུ་མདོག་ཕྱག་མཚན་གཙོ་དང་མཐུན་པ་དང་། ཟ་བྱེད་ཕ་བཅུ་ནི་གཡས་ན་རྒྱལ་རྟགས་ཀྱི་ཕྱག་མཚན། གཡོན་ཕུར་བུ་ཟུར་གསུམ། གསོད་བྱེད་མ་བཅུ་ནི་གཡས་རིགས་ཀྱི་རང་རྟགས་བསྣམས་པ། ཀུན་ཀྱང་ཚུལ་གཅེར་བུར་ཡང་རུང་། གྱད་ཀྱི་ཤམ་ཐབས་ཙམ་ཡང་རུང་ངོ་། །ལྷ་རྣམས་ཀྱི་གནས་དང་གོ་རིམ་ནི་གཞུང་ལྟར་རོ། །དེ་ལྟར་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་རྫོགས་ནས། སྐབས་འདིར་ལས་ནར་མ་ལྟ་བུ་ལ་བྱེད་ན་ཕུར་པ་རྫས་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་སྟེ། ཨེའི་གདན་ལ་བཞུགས་སུ་གསོལ། མཆོད་པ་དང་བཟླས་བརྗོད་ནར་མར་བྱེད་ཙ་ན་ཕུར་པ་རྫས་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་མི་དགོས་ཏེ་མཆོད་པའི་ཆོ་ག་ལ་འཇུག་གོ། །སློབ་དཔོན་ཁ་ཅིག་ཕུར་པ་བྱིན་གྱིས་བརླབ་པའི་ཆོ་ག་བདག་རྩ་བའི་དཀྱིལ་འཁོར་བསྐྱེད་པའི་རྗེས་ཐོག་ཏུ་བྱེད་པ་ཡོད་ནའང་། ཕུར་པའི་ལྷ་ཐམས་ཅད་ཀྱི་བྱིན་རླབས་ཕྱག་རྒྱ་ཡིན་པས་དཀྱིལ་འཁོར་རྫོགས་ནས་བྱ་བར་རིགས་སོ། །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་སྟོན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཅེས་ཐོད་ཕྲེང་གི་ཕྱག་རྒྱ་སྨིན་མཚམས་སུ་བཅིངས་ནས། ༀ་ཨེ་ཧྱེ་ཧི་བྷ་ག་བཱ་ན་མ་ཧཱ་ཀ་རུ་ནི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿས་མ་ཡ་སྟྭཾ། རུ་ལུ་རུ་ལུ། ཞེས་བརྗོད་ཅིང་ཐལ་མོ་བརྡབ་ཅིང་སྙིང་པོ་བརྗོད་ཅིང་བསྟིམ། ཕྱག་བྱ་སྟེ། བསྐྱེད་དང་སྤྱན་དྲངས་བྱོན་པ་ཡི། །གཉིས་མེད་དོན་གྱིས་རབ་མཛེས་པ། །འབར་བ་ཡེ་ཤེས་ཁྲོ་བོའི་སྐུ། །ཁྲོ་བོའི་སྐུ་ལ་ཕྱག་འཚལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷ་པཱུ་ཛ་ཨ་ཏི་པུ་ཧོཿ ཨ་ལ་ལ་ཧོཿ དེ་ནས་ཕྱག་རྒྱའི་མཆོད་པ་བྱ་སྟེ། སྐུ་མདོག་ཞལ་ནི་རབ་བསྒྱུར་ཏེ། །སྐུ་ཡི་གར་སྟབས་གློག་འགྱུ་བས། །འབར་བའི་ཁྲོ་བོ་མཉེས་བྱ་སྟེ། །ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །ཧཱུྃ། ཁྲོ་བོའི་རྒྱལ་པོ་ཕྱག་རྒྱ་ཅན། །མཐིང་ནག་འཇིགས་པའི་ཆ་ལུགས་ཅན། །ལྗང་ནག་དམར་ནག་མཐིང་ནག་ཞལ། །དང་པོ་རྡོ་རྗེ་རྩེ་དགུ་མེ་དཔུང་འབར། །བར་པ་རྡོ་རྗེ་རྩེ་ལྔ་ཁ་ཊྭཱྃ་ཀ །ཐ་མ་རི་རབ་ཕུར་བུ་འདྲིལ། །བརྐྱང་བསྐུམ་གྱད་ཀྱི་དོར་སྟབས་བཞུགས། །འདི་ནི་ཁྲོ་བོའི་རྒྱལ་པོ་ཡི། །ཕྱག་རྒྱ་ཡིན་པར་དཔའ་བོས་བཤད། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ནི། །ཧཱུྃ་ཆེན་མཐིང་སྐྱ་པདྨ་རྡོ་རྗེ་བསྣམས། །རྣམ་པར་རྒྱལ་བ་རྡོ་རྗེ་འཁོར་ལོ་དཀར། །དབྱུག་པ་སྔོན་པོ་མེ་དབལ་རིན་ཆེན་དབྱུག །གཤིན་རྗེ་མཐིང་ནག་བེ་ཅོན་དགྲ་སྟྭ་ཕྱར། །མི་གཡོ་སྨུག་ནག་རལ་གྲི་ཞགས་པ་སྣམས། །རྟ་མགྲིན་དམར་པོ་ཞགས་པ་སྤུ་གྲི་བསྣམས། །འདོད་རྒྱལ་དམར་སྐྱ་བ་དན་རྔ་ཡབ་བསྣམས། །བདུད་རྩི་ལྗང་སྔོན་དབྱུག་ཏོ་རྒྱ་གྲམ་བསྣམས། །ཁམས་གསུམ་རྣམ་རྒྱལ་སེར་པོ་ཏྲི་ཤུལ་མདའ་གཞུ་བསྣམས། །སྟོབས་ཆེན་དུད་ཁ་ལྕགས་ཀྱུ་ཐོ་བ་སྣམས། །ཀུན་ཀྱང་དང་པོ་རྡོ་རྗེ་བྷན་དམར་གསོལ། །གཡས་གཡོན་ཐ་མ་རི་རབ་ཕུར་བུ་འདྲིལ། །ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་ནི། །འཇིགས་ཚུལ་རྔམས་པ་གཙོ་དང་མཐུན། །ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །སྔགས་བརྗོད་ཅིང་ཕྱག་རྒྱ་བཅིང་། དེ་ནས་རང་བྱུང་ཞེས་པ་ནས། ཐུགས་དམ་དབྱིག་ཉིད་ཅེས་པས་ཡོན་ཏན་བརྗོད། རྒྱལ་བའི་དཀྱིལ་འཁོར་མ་ལུས་དང་། །དཔལ་ཆེན་རྡོ་རྗེ་གཞོན་ནུ་འཁོར་བཅས་ལ། །བདག་ཅག་དད་པས་འབུལ་ལགས་ཀྱིས། །བཞེས་ཏེ་ཀུན་ཏུ་དགྱེས་པར་མཛོད། །འཕྲུལ་གྱི་དངོས་གྲུབ་བདག་ལ་སྩོལ། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཡབ་ཡུམ་གཉིས་མེད་རོལ་པའི་ཐུགས་ལས་སྤྲུལ། །འཇིགས་བྱེད་ཆེན་པོ་ཁྲོ་བོ་བཅུ་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཁྲོ་བོའི་སྐུ་ལ་སོ་སོར་དགྱེས་པར་འཁྲིལ། །སྒྲ་འབྱིན་ལ་སོགས་ཁྲོ་མོ་བཅུ་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་རྩེ་དགོངས་དབང་དང་དངོས་གྲུབ་སྩོལ། །ཕྱོགས་བཅུའི་ཁྲོ་རྒྱལ་གཉིས་མེད་ཐུགས་ལས་སྤྲུལ། །སྤྲུལ་པའི་ཕྲ་མེན་མགོ་བརྙན་ཉི་ཤུ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །བདུད་འདུལ་མཐུ་ཆེན་ཡེ་ཤེས་ཁྲོ་བོའི་རྒྱལ། །འདུ་འབྲལ་མེད་པ་སྒྲུབ་པའི་དཀྱིལ་འཁོར་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་གྲངས་མེད་དང་། །བཀའ་ཡི་ཕོ་ཉ་འགུག་བྱེད་མ་ལུས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་རྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ངེས་པའི་ལུང་སྟོན་རྡོ་རྗེ་སློབ་དཔོན་དང་། །སྡོམ་ལ་གནས་པའི་རིག་འཛིན་སྒྲུབ་པ་པོ། །དམ་ཚིག་ཟུང་གིས་འབྲེལ་བའི་མཆེད་ལྕམ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །བདེ་གཤེགས་རྒྱ་མཚོ་བསྐུལ་ཞིང་མཆོད་པ་དང་། །རྣལ་འབྱོར་རྟོག་འཇོམས་དོན་དང་ལྡན་པ་ཡིས། །ཡོན་ཏན་མཚུངས་མེད་བྷནྡྷའི་སྣོད་ཆེན་དུ། །ཡེ་ཤེས་ལྔ་ལྡན་བདུད་རྩི་རིན་པོ་ཆེ། །ཡོངས་སུ་བཀང་བའི་གཉིས་མེད་བཅུད་ཆེན་ལ། །བདེ་གཤེགས་མཆོད་ནས་དངོས་གྲུབ་བླང་བ་ནི། །ལྕེ་ཡི་རྡོ་རྗེ་དམ་ཚིག་པདྨོ་ལ། །རྡོ་རྗེ་ཅན་གྱིས་གསལ་བར་ཧཱུྃ་བསྒོམ་ནས། །ཡེ་ཤེས་ལྔ་ལྡན་བདུད་རྩི་སྦྱར་བའི་སྨན། །ཟོས་ན་བླ་མེད་བྱང་ཆུབ་མཆོག་ཐོབ་འགྱུར། །ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་པས་དངོས་གྲུབ་བླང་ངོ་། །ཡེ་ཤེས་ཁྲོ་བོ་འབར་བའི་ཞལ་ཆེན་དུ། །སྣོད་བཅུད་མ་ལུས་མཆོད་པ་རྒྱ་ཆེར་སྦྱར། །དབྱིང་ལས་ཡེ་ཤེས་རོལ་པའི་མཆོད་པ་རུ། །སོ་སོར་མཆོད་པ་བཞེས་ཏེ་སྣོད་བཅུད་འབུལ། །རྒྱལ་བ་ཡབ་ཡུམ་ཡེ་ཤེས་ཁྲོ་བོའི་སྐུ། །དྭངས་སྙིགས་མི་ཕྱེད་མཉམ་པ་ཉིད་ཀྱི་ངང་། །དུག་གསུམ་སྐྱོན་བྲལ་དབྱིངས་ཀྱི་མཆོད་པ་འདི། །འདུ་འབྲལ་མེད་པའི་སྲིད་གསུམ་མཆོད་པར་རོལ། །མཐའ་དང་དབུས་མེད་མཉམ་པའི་མཆོད་པ་འདི། །ང་དང་བདག་མེད་མཁའ་ལྟར་དག་པའི་ཀློང་། །ཡེ་ཤེས་ལྷུན་གྲུབ་མཉམ་པའི་མཆོད་པ་འདི། །གཉིས་མེད་དོན་ཆེན་མཉམ་པའི་མཆོད་པར་རོལ། །སྙིང་པོ་བྱང་ཆུབ་ལོངས་སྤྱོད་རྫོགས་པའི་སྐུ། །འདོད་སྤྱོད་ཡོན་ཏན་ལྷ་མོའི་མཆོད་པ་འདི། །སྣང་སྲིད་མ་ལུས་འདོད་པའི་སྐུར་གྱུར་པས། །མཁའ་ལྟར་དག་པའི་དབྱིངས་སུ་ཡེ་ཤེས་རོལ། །རང་བྱུང་མ་བཅོས་དབྱིབས་དང་ཁ་དོག་བྲལ། །རྣམ་པར་ཤེས་པའི་ཉོན་མོངས་ཅིར་སྣང་ཡང་། །གདོད་ནས་དག་པས་འཁོར་བ་དབྱིངས་སུ་རྫོགས། །ཁམས་གསུམ་གདུག་པ་འདུལ་བའི་མཆོད་པ་འདི། །ཡེ་ཤེས་ཁྲོ་བོའི་ཞལ་དུ་སྟོབ་པར་འབུལ། །ཉོན་མོངས་རྩ་བ་འཁོར་བའི་ཁྲག་ཆེན་པོ། །ཆགས་པའི་དོན་གྱིས་ཁ་དོག་དམར་པོར་སྣང་། །མ་བཅོས་དབྱིངས་སུ་ཆགས་པ་དག་བྱའི་ཕྱིར། །ཡེ་ཤེས་ཁྲོ་བོའི་ཞལ་དུ་སྟོབ་པར་འབུལ། །ཞེས་མཆོད་པ་འབུལ། ཧོ་དགོངས་སུ་གསོལ། སྤྲོས་པ་མེད་པའི་དབྱིངས་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ནས་བཞེངས་ཏེ། དུས་གསུམ་ཁམས་གསུམ་མ་ལུས་པར་བཞུགས་པའི་མངའ་བདག་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གཉིས་སུ་མེད་པའི་ཁྱད་པར་ལས་སྤྲུལ་པའི་ཁྲོ་བོ་བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས་ཤིན་ཏུ་འཇིགས་འཇིགས་རྔམས་རྔམས་ལྟར་བཞུགས་པ། འཁོར་གདུག་པའི་ཚོགས་དང་བཅས་པས་བདག་ཅག་གི་སྡང་བའི་དགྲ་གནོད་པའི་བགེགས་འདི་དག་ཐལ་བ་བཞིན་དུ་བརླག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ་ལ་བཟླས་པ་ཅི་ནུས་བྱ། དཀྱིལ་འཁོར་བསྡུའོ། །བླ་མས་གབ་པའི་གཏེར་གསང་བའི་མན་ངག་རྫོགས་སོ།། །།

ཕུར་པའི་མནན་པ།

ཕུར་པའི་མནན་པ་བཞུགས་སོ། །ཕུར་པའི་ལས་མནན་པའི་རིམ་པ་ལ། དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །མནན་པ་བྱ་བ་ནི། མི་ཤིས་པའི་གནས་སུ་ཕྱིན་ལ། ལྷ་འདྲེ་ལ་གསེར་སྐྱེམས་བཏང་། བདེན་པ་བདར། གཟུ་དཔང་གཟུག །དེ་ནས་དོང་གྲུ་གསུམ་བྲུས་ལ་ཐོད་ངན་ནང་དུ་ལིདྒ་སྩལ་ལ་དོང་དུ་སྦ། གཟས་པོ་དེ་ལ་ནད་བཞི་བརྒྱ་རྩ་བཞི་བསླང་བའི་ཕྱིར་དུག་གཏོར་སྟེང་དུ་བླུག །ཛྭ་ལ་ཙཀྲ་ༀ་བྷྲཱུྃ། ཛྭ་ལ་ཙཀྲ་ཧཱུྃ་བྷྲཱུྃ། ཛྭལ་ཙཀྲ་ཏྲཱྃ་བྷྲཱུྃ། ཛྭ་ལ་ཙཀྲ་ཧྲཱིཿབྷྲཱུྃ། ཛྭ་ལ་ཙཀྲ་ཧཱ་བྷྲཱུྃ། ཞེས་པས་མཚོན་ཆའི་ཆར་འབབ་པར་བསམ། དེ་ནས་གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད། ༀ་ལཾ་གྱི་སྔགས་བརྗོད། རི་རབ་ཀྱིས་མནན་པར་བསྒོམ། དེའི་སྟེང་དུ་རྩ་བའི་སྔགས་བརྗོད་དེ། སྐད་ཅིག་གིས་ལྷ་རྣམས་བསྐྱེད་ལ་ལྷའི་ཕོ་བྲང་བཏབ་པར་བསམ། དེ་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་ཆེ་གེ་འདི། །སྟོབས་ཆེན་ཁྲོ་བོ་འཁོར་བཅས་ཀྱིས། །བྱང་ཆུབ་སེམས་ནི་མ་བསྐྱེད་པར། །ནམ་ཡང་བཏང་བར་མི་བྱའོ། །ཞེས་མནན། གནས་དེའི་ལྷ་འདྲེ་རྣམས་ལའང་ཕྲིན་ལས་བཅོལ་ལོ། །མནན་པའི་ཕྲིན་ལས་རྫོགས་སོ།། །།

ཕུར་པའི་གར་བྲོ།

ཕུར་པའི་གར་བྲོ་བཞུགས་སོ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཕྱོགས་མེད་དབུས་ཀྱི་གཞལ་ཡས་ནས། །ཀུ་བེར་བསྣོལ་བའི་གདན་སྟེངས་སུ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་ཛཱ་ཏི་འཁོར་ལོ་རྒྱས་འདེབས་མ། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་བྲོ་བརྡུངས་པས། །ཐུགས་ཀྱི་དཔལ་བེའུ་རིན་ཆེན་ཟུར་བརྒྱད་ལ། །ཀཱི་ལ་ཡ་ཡི་འོད་ཟེར་འཕྲོ་ཞིང་འདུས། །ཕར་འཕྲོས་པས་ནི་རྒྱལ་བའི་སྐུ་ལ་ཐིམ། །སླར་འདུས་པས་ནི་རྒྱལ་བའི་གསུང་ལ་ཐིམ། །གཉིས་མེད་བྱང་ཆུབ་སེམས་ལ་རབ་ཏུ་ཐིམ། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །ལྕེ་ཡི་རྡོ་རྗེ་པདྨའི་དམ་ཚིག་ལ། །ཕུར་བུའི་འཛབ་བཟླས་འབྲུག་སྟོང་དི་རི་རི། །ཕྱི་ཡི་དངོས་གྲུབ་ནང་དུ་བསྡུས། །ནང་གི་དངོས་གྲུབ་གཟུགས་ལ་ཆུད། །གསང་བའི་དངོས་གྲུབ་དབྱིངས་སུ་ཐིམ། །ཕྱི་ནང་གསང་བའི་དངོས་གྲུབ་གསུམ། །སྐུ་གསུང་ཐུགས་སུ་ཨ་ཡུ་ཤེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དེ། །སྐལ་ལྡན་རྣམས་ལ་སྩལ་དུ་གསོལ། །ཁྲོ་བཅུ་མན་ཆད་རིག་པས་དཔྱད། །སྐབས་སུ་བྱེད་པ་ཡིན། །ཕུར་པ་གར་གྱི་བྲོ་བརྡུང་ངོ་། །ཨཐྎ།།

ཁྲག་ཐུན་གྱིས་བསད་པའི་ཚུལ།

ཁྲག་ཐུན་གྱིས་བསད་པའི་ཚུལ་བཞུགས་སོ། །ཤྲཱི་བཛྲ་ཀུ་མཱ་ར་ན་མོ། ཐུན་གྱིས་བསད་པ་ནི། ཐུན་བཅའ་བ་དང་། བྱིན་གྱིས་བརླབ་པ་དང་། དྲང་དང་བསྲེ་དང་ཏིང་འཛིན་དང་། །བསྐུལ་དང་དཔང་གཟུག་ལམ་བསལ་དང་། །འཕང་དང་པྲ་བརྟག་རིམ་པའོ། །གོང་གི་དཀྱིལ་འཁོར་དེ་ཉིད་དུ། །ཐུན་གྱི་རྫས་རྣམས་བསག་བྱ་སྟེ། །སྤྱང་ཀི་མུ་སུ་ར་ཡི་མགོ། །རྭའམ་བསྲེ་ཕོར་སྣོད་རྣམས་ནི། །ནུབ་བྱང་མཚམས་ནས་རིམ་གྱིས་དགོད། །དབུས་སུ་དུམ་བུ་དྲུག་པ་བཀོད། །ཁྲག་སྣ་དུག་སྣ་ཡུངས་ཀར་དང་། །ལྕགས་ཕྱེ་ཟངས་ཕྱེ་རྡོ་རྗེ་ཕྱེ་དང་། །ཉུངས་ནག་སྐེ་མཚེ་རྣམས་ཀྱང་བསགས། །གོང་གི་ཐོད་པ་དེ་དག་ཏུ། །གང་ལ་བྱ་བའི་ལིདྒ་དེ། །མཐིང་ནག་དར་གྱིས་ཁ་བཀབ་ལ། །སྣ་ལྔའི་གཟུངས་ཐག་དག་གིས་གདགས། །བདག་གི་ཐུགས་ཀའི་ཉི་མ་ལ། །མ་ལ་གང་འདོད་སྔགས་ཀྱིས་བསྐོར། །ལྕེ་ཡི་པདྨ་ཉི་མ་ལ། །རང་རེའི་རྩ་བའི་ཡི་གེ་ལ། །གང་འདོད་རྩ་བའི་སྔགས་ཀྱིས་བསྐོར། །ཡུངས་ཀར་མཚོན་ལ་ཁྲག་ཐུན་ནད། །ལྕགས་ཕྱེ་ལ་སོགས་མཚོན་ཆར་བརླབ། །དང་པོ་དབུས་ནས་དྲང་བ་ནི། །ཡང་སྙིང་འདུས་པའི་སྔགས་ཀྱང་དྲང་། །དེ་ནས་རང་རེའི་སྒོ་སྔགས་ནི། །ནུབ་བྱང་མཚམས་ནས་ལྷོ་ནུབ་ཏུ། །མཐར་ཆགས་ངག་གིས་དྲང་བ་དང་། །མཱ་ཱར་ཡ་དང་ཐུན་ཡང་སྦྱར། །མཐའ་ནས་ལྡོག་ལ་དབུས་སུ་བསྐྱལ། །དེ་ནས་རྫས་རྣམས་དབུས་སུ་བྱའོ། །གཞི་སྙིང་དྲིལ་ལ་དྲང་བར་བྱ། །གཟུངས་ཐག་སྲོག་རྩའི་རང་བཞིན་ཏེ། །སྔགས་བཟླས་ལམ་ནས་ཐུན་ལ་བསྟིམ། །དེ་ཉིད་མ་མོའི་སྐུར་གྱུར་དེ། །དེ་ལས་འོད་འཕྲོས་མ་མོ་བསྐུལ། །མ་ལ་ཐིམ་པས་དེ་དག་ཀུན། །ཐུན་སྤྱོད་ཕུར་བུ་ཐེབས་པ་དང་། །དགྲ་བོ་འགུག་ཅིང་རོལ་པར་བསྒོམ། །དང་པོར་དབྱིངས་ནས་བསྐུལ་བ་ནི། །དཔལ་ལྡན་ཡེ་ཤེས་ལྷ་ཚོགས་བསྐུལ། །དེ་ནས་ཐུན་གྱི་མ་མོ་བསྐུལ། །ཧཱུྃ། མི་མངོན་བདེ་ཆེན་དག་པ་ནས། །གདུག་པ་འདུལ་ཕྱིར་འཇིགས་པའི་སྐུར་བྱུང་བ། །ཨེ་ཀ་ཛཱ་ཏི་རལ་གཅིག་མཐུ་མོ་ཆེ། །སྔགས་ཀྱི་སྲུང་མར་ཞལ་འཆེས་སྒྲོལ་བ་ནི། །རང་བཞིན་ལྷུན་གྲུབ་གྲུ་གསུམ་ཕོ་བྲང་ནས། །མ་བདུན་སྲིང་བཞི་འཁོར་དང་བཅས་ཏེ་གཤེགས། །དགྲ་ལ་ཁྲག་ཟོར་འཕང་གི་ད་ཚུལ་བྱོན། །ཧཱུྃ། དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །གྲུ་གསུམ་མཐིང་ནག་ཡུམ་གྱི་བྷ་ག་ལས། །གདུག་པ་འདུལ་ཕྱིར་སྲུང་མའི་སྐུར་སྟོན་པ། །ཤྭ་ན་མུ་ཁ་སྲུང་མར་དམ་བཅས་ཀྱི། །བཞེངས་ཤིག་རང་བཞིན་གྲུབ་པའི་དབྱིངས་ནས་བཞེངས། །འཁོར་གྱི་ལྕེ་སྤྱང་ཚོགས་བཅས་གཤེགས་སུ་གསོལ། །དགྲ་ལ་ཁྲག་ཟོར་འཕང་གི་ད་ཚུལ་བྱོན། །ཧཱུྃ། ཕུར་བུའི་སྲུང་མར་དམ་བཅས་རེ་མ་ཏཱི། །སྐུ་མདོག་མཐིང་ནག་དྲེའུ་ཞོན་འཇིགས་པའི་གཟུགས། །མ་མོ་ཀུན་གྱི་བདག་ཉིད་གཙོ་མོ་སྟེ། །ནག་མོ་འབུམ་དང་བཅས་ཏེ་དབྱིངས་ནས་བཞེངས། །རང་བཞིན་གནས་མཆོག་བྱང་ཤར་མཚམས་ཤེད་ནས། །དགྲ་ལ་ཁྲག་ཟོར་འཕང་གི་དམ་ལ་འདུས། །ཧཱུྃ། བྱང་ཆུབ་རིས་སུ་ཇི་ལྟར་དམ་བཅས་པ། །ཡ་བྱིན་ལ་སོགས་གསང་བའི་མ་མོ་བཞི། །རྗེ་བློན་འབངས་དང་བཅས་ཏེ་ད་བསྐྱོད་ཅིག །རང་བཞིན་གནས་མཆོག་དར་ཚའི་ཡུལ་ནས་བཞེངས། །དགྲ་ལ་ཁྲག་ཟོར་འཕང་གི་དམ་ལ་འདུས། །ཞེས་བསྐུལ་ཞིང་རཀྟ་བརླབ་བོ། །སོ་སོའི་སྲོག་གི་སྙིང་པོ་ཡང་བཟླས་སོ། །ཧཱུྃ ཨེ་ཀ་ཙ་ཏི་ནམ་མཁའི་གོ་ཟུ་ཅན། །ཐོར་ཚུགས་འབར་བའི་སྙན་ཆ་རལ་པ་ཅན། །ནམ་མཁར་གཤོག་རྡེང་ཁམས་གསུམ་ཁྱབ་པར་མྱུལ། །གཡས་པ་ཐུན་གཡོ་གཡོན་པ་ཕུར་པ་འདེབས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །ཧཱུྃ། ཤྭ་ན་མུ་ཁའི་དུས་ལ་བབ། །གཡའ་རི་གངས་རི་བྲག་ཕུག་དང་། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །ཁས་བླངས་དམ་བཅས་ཇི་བཞིན་དུ། །བསྟན་པ་འཇིག་པའི་དམ་ཉམས་རྣམས། །བདུན་བརྒྱུད་གཅོད་པའི་དུས་ལ་བབ། །ཧཱུྃ། བདག་ཉིད་ཆེན་མོའི་དུས་ལ་བབ། །སྐུ་གཅིག་མིང་དགུ་མཚན་བརྒྱ་མ། །ཅིར་ཡང་སྤྲུལ་ནས་ལས་རྣམས་མཛད། །དམ་བཅས་བཞིན་དུ་འདིར་འདུས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཧཱུྃ། ས་བདག་ཆེན་མོའི་དུས་ལ་བབ། །རྡོ་རྗེ་ཡ་བྱིན་འཕྲུལ་མོ་ཆེ། །རྡོ་རྗེ་བསྭེ་བྱིན་དབང་མོ་ཆེ། །རྡོ་རྗེ་དེ་བྱིན་རྩལ་མོ་ཆེ། །རྡོ་རྗེ་ཕག་བྱིན་སྟོབས་མོ་ཆེ། །མཚམས་བཞི་དག་ལ་གནས་བཅའ་ཞིང་། །གཟའ་བདུད་ཀླུ་བཙན་བཏུལ་བ་བཞིན། །རྗེ་བློན་བཅས་པ་ད་བསྐྱོད་ལ། །ཕུར་བུས་ཐོབ་ལ་ཁྲག་ཐུན་ཕོབ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །སྔགས་བཟླས་དམར་སྦྲེང་། གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །ཞལ་ལྕེ་ལྷ་སྲིན་ཡོངས་ཀྱིས་ཆོད། །བདག་ནི་རྣལ་འབྱོར་སྒྲུབ་པ་པོ། །སྒྲུབ་པ་པོ་ལ་དགྲ་བྱུང་ན། །ཡང་དག་དོན་ཆེན་ལྷུར་ལེན་ཅིང་། །ལྷ་ལ་གདུང་ཞིང་སློབ་དཔོན་ཁུར། །མཆེད་ལ་བརྩེ་ཞིང་དམ་ཚིག་བསྲུང་། །དམ་ཉམས་འདི་ཡིས་མ་སྟེར་ན། །ཡེ་ཤེས་ལྷ་ཚོགས་དཔང་མཛོད་ཅིག །ལྷ་སྲིན་སྡེ་བརྒྱད་དམ་ཅན་མཁའ་འགྲོ་དང་། །རིག་འཛིན་རྩལ་འཆང་དབང་མཛོད་ཅིག །ལམ་བསལ་བདེན་བདར་གསེར་སྐྱེམས་བཏང་། །བདུད་ཆས་ཞུགས་ལ་ཤ་ཆེན་མུར། །གཏོར་མ་ཐུན་རྣམས་ཁྱེར་ནས་ནི། །རི་རྩེ་བཅད་ཁ་དུར་ཁྲོད་དུ། །ཕྱིན་ཏེ་གདུག་པའི་མེ་སྤར་ལ། །གསུར་ཆེན་དུད་བཏང་ཐུན་ཡང་གཏོར། །དམ་རྫས་གཏོར་མ་ཆ་གཅིག་གིས། །སྲིད་པའི་དམ་ཅན་དམ་ལ་བསྡུས། །ཁྲོ་བོ་ཆེན་པོའི་ཏིང་འཛིན་དུ། །ཞུགས་ལ་འདི་སྐད་བརྗོད་པར་བྱའོ། །ཧཱུྃ། ང་ནི་ཁྲོ་བོ་ཀུན་གྱི་རྗེ། །ང་ནི་མ་མོ་ཀུན་གྱི་རྗེ། །ང་ནི་ཨེ་ཀ་ཛཱ་ཏི་མ། །སྣང་སྲིད་མ་མོ་དམ་ལ་འདུས། །དམར་མོ་འབུམ་ཁྲི་དམ་ལ་འདུས། །ནག་མོ་འབུམ་ཁྲི་དམ་ལ་འདུས། །ཉིས་བརྒྱ་ལྔ་བཅུ་དམ་ལ་འདུས། །ཧཱུྃ། ནག་མོ་ཁྲག་འཐུང་ཨེ་ཀ་ཙ་ཏི་མ། །འཇིགས་པའི་རལ་པ་གཅིག་ཏུ་བྱས། །རལ་གཅིག་རྒྱ་མཚོའི་གཏིང་ནས་མེ་འབར་མ། །འཇིགས་པའི་སྐུ་གཅིག་སྟོང་ཁམས་མཁའ་ལ་འཕྱོ། །གཡས་པ་ཐུན་གྱི་ཁྲག་འཕྱོ་མ། །གཡོན་པ་ཏྲི་ཤུལ་རྩེ་གསུམ་བསྣམས། །ཁྲག་ནད་ཡོངས་སུ་འཐོར་བྱེད་ཅིང་། །ནད་དང་རྒྱུ་ཡི་སྣ་འདྲེན་མ། །མཁའ་འགྲོ་འབུམ་གྱི་སྣ་ལ་འགྲོ། །སྲིན་མོའི་དམ་ཚིག་མི་ཤ་ཟ། །སྲིན་མོའི་དམ་ཚིག་མི་ཁྲག་འཐུང་། །འདོང་ངོ་ཤ་དང་ཁྲག་ལ་འདོངས། །ཉིད་ཀྱི་དམ་ཚིག་ཁྲག་མདའ་འདི། །ད་ནི་འཕང་བའི་དུས་ལ་བབ། །ཧཱུྃ། གྲུ་གསུམ་མཐིང་ནག་ཡུམ་གྱི་བྷ་ག་ལས། །འཇིགས་པའི་སྐུ་གཅིག་བྱུང་བ་ནི། །ཟངས་ཀྱི་ཝ་མོ་རྐང་གསུམ་མོ། །ཟངས་ཀྱི་མ་མོ་བཟང་མོ་ཞོན། །ཟངས་ཀྱི་རལ་པ་གྱེན་དུ་བརྫེས། །གཡས་པ་ཐུན་གྱི་ཁྲག་འཕྱོ་མ། །གཡོན་པ་ཟངས་ཀྱི་ཕུར་པ་འདྲིལ། །ཐུན་ཁྲག་བྱོས་ལ་ཕུར་བུས་ཐོབ། །ད་ནི་འཕང་བའི་དུས་ལ་བབ། །ཧཱུྃ། བྱང་ཤར་མཚམས་ཀྱི་གྲུབ་པ་མོ། །ནག་མོ་ཁྲག་འཐུང་རལ་པ་ཅན། །འཛམ་གླིང་ཀུན་གྱི་བཀོས་འདེབས་མ། །ལྷ་འ དྲེ་ཀུན་གྱི་སྣ་འདྲེན་མ། །དྲེལ་ཞོན་ནད་ཀྱི་བཀོས་བདག་མོ། །འཁོར་ནི་ནག་མོ་འབུམ་གྱིས་བསྐོར། །གཡས་ན་ཐུན་གྱི་ཁྲག་འཕྱོ་མ། །གཡོན་ན་ལྕགས་ཀྱི་ཕུར་བུ་འདྲིལ། །ཁྲག་ཐུན་བྱོས་ལ་ཕུར་བུས་ཐོབ། །ཉིད་ཀྱི་དམ་ཚིག་ཁྲག་མདའ་འདི། །ད་ནི་འཕང་བའི་དུས་ལ་བབ། །ཧཱུྃ། ཚ་བ་རོང་ནས་གྲུབ་པ་མོ། །མར་ཁུའི་མཚོ་ལས་སྐུ་བཞེངས་ཤིག །རྡོ་རྗེ་ཡ་བྱིན་འཕྲུལ་མོ་ཆེ། །མཐིང་ནག་རལ་པ་ཤ་ར་ར། །གསེར་གྱི་རྣ་ཆ་ཝངས་སེ་ཝང་། །དབང་གི་བསྭེ་ཁྲབ་སི་ལི་ལི། །ན་བཟའ་ཟ་བེར་འཇོལ་ལོ་ལོ། །ཆིབས་སུ་བདུད་རྟ་ནག་པོ་བཅིབས། །གཟུགས་ནི་མི་སྡུག་ལག་བརྒྱ་མོ། །བརྡའ་ནི་མི་འཕྲོད་ལྷོ་བལ་མོ། །སྐད་ནི་མི་མཐུན་ད་རའི་སྐད། །གཡས་རྣམས་ཐུན་གྱི་ཁྲག་འཕྱོ་མ། །གཡོན་རྣམས་ཕུར་པ་འདྲིལ་ཞིང་འདེབས། །ཉིད་ཀྱི་དམ་ཚིག་ཁྲག་མདའ་འདི། །ད་ནི་འཕང་བའི་དུས་ལ་བབ། །ཧཱུྃ། བལ་ཡུལ་གཏིང་ན་གྲུབ་པ་མོ། །སྦྲང་རྩིའི་མཚོ་ལས་སྐུ་བཞེངས་ཤིག །རྡོ་རྗེ་བསྭེ་བྱིན་དབང་མོ་ཆེ། །གསེར་གྱི་རལ་པ་ཤ་ར་ར། །གསེར་གྱི་རྣ་ཆ་ཝངས་སེ་ཝང་། །དབང་གི་བསྭེ་ཁྲབ་སི་ལི་ལི། །ན་བཟའ་ཟ་བེར་འཇོལ་ལོ་ལོ། །ཆིབས་སུ་གཟའ་རྟ་སེར་པོ་བཅིབས། །གཞན་འགྲེའོ། །ཧཱུྃ། མང་ཡུལ་བསྭེ་ནས་གྲུབ་པ་མོ། །རཀྟའི་མཚོ་ལས་སྐུ་བཞེངས་ཤིག །རྡོ་རྗེ་དེ་བྱིན་རྩལ་མོ་ཆེ། །ཁྲག་གི་རལ་པ་ཤར་ར། །དངུལ་གྱི་རྣ་ཆ་ཝངས་སེ་ཝང་། །དབང་གི་བསྭེ་ཁྲབ་སི་ལི་ལི། །ན་བཟའ་ཟ་བེར་འཇོལ་ལོ་ལོ། །ཆིབས་སུ་བཙན་རྟ་དམར་པོ་བཅིབས། །སོགས། ཧཱུྃ། སྙེ་ནམ་འགྲམ་ནས་གྲུབ་པ་མོ། །འོ་མའི་མཚོ་ལས་སྐུ་བཞེངས་ཤིག །རྡོ་རྗེ་ཕག་བྱིན་སྟོབས་མོ་ཆེ། །དུང་གི་རལ་པ་ཤ་ར་ར། །དུང་གི་རྣ་ཆ་ཝངས་སེ་ཝང་། །དབང་གི་བསྭེ་ཁྲབ་སི་ལི་ལི། །ན་བཟའ་ཟ་བེར་འཇོལ་ལོ་ལོ། །ཆིབས་སུ་ཀླུ་རྟ་སྔོན་པོ་བཅིབས། །གཟུགས་ནི་མི་སྡུག་ལག་བརྒྱ་མོ། །བརྡའ་ནི་མི་འཕྲོད་ལྷོ་བལ་མོ། །སྐད་ནི་མི་མཐུན་ད་རའི་སྐད། །གཡས་རྣམས་ཐུན་གྱི་ཁྲག་འཕྱོ་མ། །གཡོན་རྣམས་ཕུར་པ་འདྲིལ་ཞིང་འདེབས། །ཉིད་ཀྱི་དམ་ཚིག་ཁྲག་མདའ་འདི། །ད་ནི་འཕང་བའི་དུས་ལ་བབ། །འདོང་ངོ་ཤ་དང་ཁྲག་ལ་འདོངས། །འདོང་ངོ་སྲོག་དང་དབུགས་ལ་འདོངས། །སོ་སོའི་དམག་དཔུང་འཁོར་བཅས་ཆོས། །ཅོད་པན་མུན་ལྟར་གཏིབས་ཏེ་ཆོས། །མོན་མོའི་བརྡ་སྐད་བསྒྱུར་ཞིང་ཆོས། །ཙི་བི་རི་ཡི་སྒྲ་སྒྲོགས་ཆོས། །སྡང་བའི་དགྲ་བོ་བདེ་འཇོམས་འདི། །དང་པོ་ཞེ་སྡང་ཕ་ཡིས་བསྐྱེད། །བར་དུ་འདོད་ཆགས་མ་ཡི་མངལ། །དེ་ནས་དྲི་ཟ་ལྟེ་བར་འཁོར། །དེ་ནས་ཉོན་མོངས་ལྔ་ཡི་གཟུགས། །ལྔ་ཕུང་རྩད་ནས་བཅད་པའི་ཕྱིར། །ཕུང་པོ་ལྔ་ལ་ཁྲག་ཟོར་ཡ། །དབང་པོའི་བརྟེན་ས་མགོ་ཡིན་གྱི། །ཀླད་པའི་རྒྱས་སུ་ཁྲག་ཟོར་ཡ། །དྲན་པར་བྱེད་པ་སྙིང་ཡིན་གྱི། །སྙིང་གི་དཀྱིལ་དུ་ཁྲག་ཟོར་ཡ། །ལྟ་བའི་མིག་ལ་ཁྲག་ཟོར་ཡ། །ཉན་པའི་རྣ་ལ་ཁྲག་ཟོར་ཡ། །སྣོམ་པའི་སྣ་ལ་ཁྲག་ཟོར་ཡ། །སྨྲ་བའི་ལྕེ་ལ་ཁྲག་ཟོར་ཡ། །འཛིན་པའི་ལག་ལ་ཁྲག་ཟོར་ཡ། །བགྲོད་པའི་རྐང་ལ་ཁྲག་ཟོར་ཡ། །ཡུལ་མཁར་ཁྱིམ་ལ་ཁྲག་ཟོར་ཡ། །ནོར་གྱི་དབྱིགས་ལ་ཁྲག་ཟོར་ཡ། །བདུན་བརྒྱུད་རྩ་ལ་ཁྲག་ཟོར་ཡ། །མ་མ་ཨེ་བྷྱོ། བཛྲ་ཤོ་ན་ས་མ་ཡ་བྷྱོ། བཛྲ་སྙིང་ཁ་རག་མ་བྷྱོ། ཙི་བི་རི། ནཱ་ག་མ། ཨ་བེ་ཤ་ཤུ་ཤུ་ནི་ང་ར་སྙིང་ལ་བྷྱོ། ཐོད་པ་འཕངས་ལ་པྲ་བརྟག་གོ། །མཐར་ཐུག་གི་ལས་རྫོགས་སོ།། །།ཨཐྎ།

ཁྲག་ཐུན་གྱིས་བསད་པའི་ཚུལ།

དཔལ་རྡོ་རྗེ་ཕུར་པའི་དབང་གི་ཆོ་ག་ཇོ་བོ་ལང་ལབ་ཀྱི་ལུགས་བཞུགས་སོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །དེ་ནས་དབང་བསྐུར་གྲལ་བཅའ་སྟེ། །དམ་ཚིག་མནའ་ཆུ་བཅས་ནས་ནི། །ནང་དུ་བོས་ལ་འདི་སྐད་བརྗོད། །མིག་དར། མེ་ཏོག་གཏད་ལ། དམ་དཔོག །གསང་སྔགས་རྡོ་རྗེ་ཐེག་པའི་ལམ་སྒོ་འདི། །སྐལ་ལྡན་ཁྱོད་ལ་གཉེར་དུ་དཔོག་པ་ནི། །དང་པོ་ལ་ནི་མཉམ་པའི་དམ་ཚིག་སྟེ། །དེ་ལས་འདས་ན་མཐའ་གཉིས་མུན་པར་ལྟུང་། །གཉིས་པ་འགྲོ་དོན་རྫོགས་པའི་དམ་ཚིག་སྟེ། །དེ་ལས་འདས་ན་ཉན་ཐོས་ས་རུ་ལྟུང་། །གསུམ་པ་ལ་ནི་སྦྱོར་པའི་དམ་ཚིག་སྟེ། །དེ་ལས་འདས་ན་མངལ་གྱི་སྲིན་བུར་སྐྱེ། །བཞི་པ་ལ་ནི་སྤྱོད་པའི་དམ་ཚིག་སྟེ། །དངོས་སུ་སྤྱོད་ན་ལས་ཀྱི་སྲིན་པོར་སྐྱེ། །རྩ་བ་ཡན་ལག་ཇི་སྙེད་གྲགས་པ་རྣམས། །ལྟ་སྤྱོད་སྒྲུབ་དང་ལས་ཀྱི་བྱེ་བྲག་གིས། །སོ་སོའི་རིམ་པ་བཞིན་དུ་བསྲུང་ཞེས་བྱ། །ཧཱུྃ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེའི་བདུད་རྩི་ཆུ་འདིས་འགྲུབ། །ༀ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཛྙཱ་ན་ས་ཏྭ་ཨ། དེ་ནས་གཞལ་ཡས་ཁང་སྒོ་ཕྱེ་སྟེ། རྗེས་བྱང་ཆུབ་ཕུར་པའི་ལྷ་ཚོགས་ལ། །མཆོད་ཆེན་བགྱིས་པས་ཕུར་པའི་ལྷ། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ཕུར་པའི་ལྷ་ཚོགས་བདག་ལ་སྩོལ། ༈ །བུ་ཁྱོད་དགའ་བ་ཅི་ལ་དགའ། །བདག་ནི་སྐལ་ལྡན་བདེ་ཆེན་ལའོ། །རབ་དགེ་འཕྲུལ་ལ་བདག་དགའ་སྟེ། །བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །སྐལ་བ་བཟང་ལ་བདག་དགའ་འོ། །དཀྱིལ་འཁོར་དུ་འཇུག ༈ །གསང་རྗེས་བ་མཆོག་གི་དཀྱིལ་འཁོར་འདིར། །རིག་པའི་མེ་ཏོག་འདི་དོར་བས། །སྔོན་ཚེ་སྒྲུབ་པའི་ལྷ་ནི་གང་ཡིན་པ། །ད་ལྟ་ཉིད་དུ་བདག་ལ་འབབ་པར་ཤོག ༈ །དེ་རིང་མིག་དབྱེ། དད་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་དམ་པ་ལྟ་བར་གྱིས། །སྔགས་དང་ཕྱག་རྒྱ་གྲུབ་པར་བྱེད། །ༀ་བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། དེ་ནས་ཕྱག་འཚལ་བཤགས་པ་བྱ། ༈ །དཀྱིལ་འཁོར་དཀྱིལ་འཁོར་བསྟན་པ། ཆེན་པོའི་རང་བཞིན་ནི། །དབྱིངས་ལས་ཡེ་ཤེས་གསུམ་སྣང་གྲུ་གསུམ་སྟེ། །རྟག་ཆད་དབུ་མར་མངའ་བརྙེས་ཟླ་གམ་གསུམ། །འཁོར་བ་རྩད་ནས་བཅད་ཕྱིར་འཁོར་ལོར་བསྟན། །སྤྲོས་པ་མེད་པའི་ཚུལ་གྱིས་ཀུན་ནས་ཟླུམ། །ཡེ་ཤེས་ཀུན་ཏུ་རྒྱས་ཕྱིར་གྲུ་ཆད་བཞི། །འདས་དང་མ་འདས་མཚམས་སུ་བར་ཁྱམས་བསྟན། །ཡེ་ཤེས་ལྔ་ལྡན་ཐོད་པའི་གཞལ་ཡས་ཁང་། །རིག་པ་ཤར་སྒོ་ཡོན་ཏན་ལྷོ་ཡི་སྒོ། །མ་རིག་ནུབ་སྒོ་བག་ཆགས་བྱང་གི་སྒོ། །ཡོན་ཏན་མི་ཟད་སྒོ་ཁྱུད་རྣམ་ཐར་བརྒྱད། །རྟ་བབ་མི་ཕྱེད་རྡོ་རྗེ་ཕྲེང་བས་བརྒྱན། །སྐལ་ལྡན་བུ་ཡིས་དེ་ལྟར་ཤེས་པར་གྱིས། །དཀྱིལ་འཁོར་འདི་ཡི་ལྷ་རྣམས་ཀྱང་། །ཚོགས་བརྒྱད་རྣམ་དག་གཙོ་བོའི་སྐུ། །ཡུལ་ནི་ཡུམ་དུ་དག་པ་སྟེ། །ངག་ཁྱལ་པ་དང་སྲོག་གཅོད་པ། །ཕྲ་མ་ཚིག་རྩུབ་བཞི་པོ་ནི། །ཕྱོགས་བཞི་ཁྲོ་བོའི་རང་བཞིན་ནོ། །རྫུན་དང་ལོག་ལྟ་མ་བྱིན་ལེན། །གནོད་སེམས་རྣམ་པར་དག་པ་ནི། །མཚམས་ཀྱི་ཁྲོ་བོའི་རང་བཞིན་ནོ། །འདོད་ཆགས་བརྣབ་སེམས་རྣམ་དག་པ། །སྟེང་འོག་ཁྲོ་བོའི་རང་བཞིན་ནོ། །དེ་རྣམས་ཀུན་གྱི་ཡོན་ཏན་ནི། །ཆ་རྣམས་རྣམ་དག་ཡུམ་རྣམས་སོ། །འདུ་བྱེད་སེམས་ཀྱི་ཚོགས་རྣམས་ལ། །དད་དང་འདུན་པ་ལ་སོགས་པ། །རྣམ་པར་དག་པ་ཕྲ་མེན་ཚོགས། །སེམས་ཀྱི་ལས་རྣམས་འགྲུབ་པས་ན། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་ཡིན། །བདག་འཛིན་གཉིས་དང་མ་བྲལ་བས། །སྲུང་མའི་ཚོགས་སུ་བསྟན་པ་ཡིན། །དེ་ལྟ་བུ་ཡི་ལྷ་ཚོགས་ནི། །རིགས་ཀྱི་བུ་ཡིས་ཤེས་པར་གྱིས། ༈ །དེ་ནས་ལས་ཀྱི་བུམ་ཆུ་བླངས། །མཚམས་ཀྱང་དྲག་ཏུ་བཅད་བྱས་ལ། །རྡོ་རྗེ་རྣམ་འཇོམས་བརྗོད་བྱ་ཞིང་། །སློབ་མའི་མགོ་ལུས་དག་པར་བཀྲུ། །དེ་ནས་དད་ལྡན་སློབ་མ་ཡིས། །བླ་མ་མཉེས་པའི་ཡོན་ཕུལ་ཏེ། །བཟང་པོའི་གོས་གྱོན་མེ་ཏོག་ཐོགས། །དངོས་གྲུབ་འདོད་ཕྱིར་གསོལ་བ་གདབ། །ཐབས་རྗེས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི། །བྱིན་རླབས་དབང་ནི་བདག་ལ་སྩོལ། །བླ་མས་ཚིག་གསུམ་མཐུན་པ་ལས། །བྱིན་རླབས་དབང་ནི་བསྐུར་བར་བྱ། །དེ་ལྟར་བརྗོད་ལ་བྱིན་བརླབས་ཏེ། །རྡོ་རྗེ་གཞོན་ནུའི་སྐུར་བསྐྱེད་ལ། །མེ་ཏོག་ལྷ་དང་བཅས་པ་ནི། །སློབ་མའི་སྤྱིར་བཞག་འདི་སྐད་བརྗོད། །འདི་ནི་ཁྱོད་ཀྱི་བྱང་ཆུབ་སེམས། །སྲིད་པ་གསུམ་ལ་དབང་བསྒྱུར་ཞིང་། །བཅོམ་ལྡན་འདས་དང་སྐལ་བ་གཅིག །བྱང་ཆུབ་སེམས་ནི་མངོན་དུ་བསྟན། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཧཱུྃ་ཨབྷི་ཥིཉྩ་ཨ་ཨཱཿ ༀ། ཆོས་དབྱིངས་ཡུམ་གྱི་བུམ་པ་ན། །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །སྤྱི་ནས་བསྟིམ་ཞིང་དབང་བསྐུར་རོ། །ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨ། ད་ནི་ལྷ་ཚོགས་ཀྱི་དབང་བསྐུར་ཏེ། ལྷ་ཕུར་རིམ་བཞིན་བཏོན་ལ་བསྐུར་བ་ནི། །ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །ཤིན་ཏུ་མི་བཟད་རྡོ་རྗེ་གཞོན་ནུའི་སྐུ། །ཞེ་སྡང་ཐུགས་མཆོག་རཀྴ་ཧེ་རུ་ཀ །དབུ་གསུམ་ཕྱག་དྲུག་ཞབས་བཞིས་ལྷ་ཆེན་བརྫིས། །འཇིགས་བྱེད་སྐུ་ལ་དུར་ཁྲོད་རྒྱན་གྱིས་བརྒྱན། །འཁོར་ལོ་རྒྱས་འདེབས་འཇིགས་བྱེད་དཔལ་གྱི་ཡུམ། །ཡབ་ཡུམ་གཉིས་སུ་མེད་པ་ཡང་། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་དུ། །བསྐལ་པའི་མཐའ་ནས་བསྙེན་བསྙེན་པ། །རིང་པའི་དུས་ནས་བསྒྲུབ་བསྒྲུབ་པ། །བསྙེན་ཅིང་བསྒྲུབ་པའི་དོན་ལགས་ཀྱི། །སྐལ་ལྡན་རིགས་ཀྱི་བུ་མཆོག་ལ། །དགྲ་བགེགས་འདུལ་བའི་དབང་བསྐུར་རོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏིཔྟ་ཙཀྲ་ཧ་ན་ཨ་བྷི་ཥིཉྩ་ཨ། རྡོ་རྗེ་སློབ་དཔོན་བདག་གིས་སློབ་མ་ཁྱོད་ལ་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་རྣམ་པར་དག་ནས་སྐུ་གསུང་ཐུགས་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པར་གྱུར་ཅིག །དབང་ཕྱུག་ཁྲོ་བོའི་དབང་བསྐུར་ཏེ། །ཧཱུྃ། ཟ་བྱེད་རྔམས་པ་མཆེ་བ་གཙིགས་པ་ལས། །ཁྲོ་བོ་ཟ་བྱེད་རྔམས་པའི་འོད་ཟེར་ཕྱོགས་བཅུར་འཕྲོས། །ཞལ་གྱི་ཧོམ་ཁུང་ཐིག་ལེ་དམར་པོ་ནས། །ཡེ་ཤེས་ཁྲོ་བོ་མང་པོ་སྤྲུལ་པའི་ཚོགས། །ཁམས་གསུམ་ཐལ་བར་རློག་པའི་ལས་མཛད་པ། །ཡེ་ཤེས་ཁྲོ་བོ་བཅུ་ཡི་དབང་བསྐུར་རོ། །ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཨ་བྷི་ཥིཉྩ་ཨ། ཁྲོ་བོ་བཅུ་ཀ་འགྲེའོ། །ཁྲོ་བོ་ཆེན་པོ་བཅུས་དབང་བསྐུར་བས་སྟོབས་བཅུའི་སྟོབས་སུ་གྱུར་ཅིག །དབང་བཅུ་སྐུ་ལ་རྫོགས་པས་ཕྱོགས་བཅུའི་དྲེགས་པ་ཅན་མང་པོ་འདུས་ཤིང་རིན་པོ་ཆེའི་ལོ་ཀ་བརྡལ་བའི་མཐུ་སྟོབས་དང་ལྡན་པར་གྱུར་ཅིག །ཁྲོ་མོའི་དབང་བསྐུར་ཏེ། ཁྲོ་རྒྱལ་སྐུ་ལ་གཉིས་མེད་སྦྱོར་བ་མོ། །སྲིན་པོའི་མགོ་དང་སྲིན་མོའི་རལ་པ་ཅན། །སྤྲུལ་པའི་ཕོ་ཉ་ཅི་བགྱི་ཁྲོ་མོའི་ཚོགས། །ལྷ་སྲིན་མང་པོ་འདུལ་བའི་རྟགས་སུ་བྱུང་། །ཡེ་ཤེས་ཁྲོ་མོ་བཅུ་ཡི་དབང་བསྐུར་རོ། །ༀ་བཛྲ་རཀྴ་ཡ་ཏི་ཧཱུྃ་ཨ་བྷི་ཥིཉྩ་ཨ། ཁྲོ་མོ་བཅུའི་དབང་བསྐུར་བས་སྤྲུལ་པའི་ཕོ་ཉ་མང་པོ་དབྱིངས་ནས་བཏོན་ནས་མི་མཐུན་པའི་དགྲ་བགེགས་རྡུལ་དུ་རློག་པའི་དབང་དམ་པ་དང་ལྡན་པར་གྱུར་ཅིག །ཁྲ་ཐབས་ཉི་ཤུའི་དབང་བསྐུར་བ། །ཕྲ་མེན་ཚོགས་དང་སྦྱོར་བའི་བྱིན་རླབས་དང་། །འདུ་བྱེད་སྤྲུལ་པ་འབྱུང་བའི་བྱིན་རླབས་ནི། །རལ་པ་ཁམ་ནག་རྡོ་རྗེའི་མཆེ་བ་ཅན། །རོ་ལ་རྔམས་པ་ཏི་ར་འདྲད་པ་དང་། །ཞག་ལ་རྔམས་ཤིང་རུས་པ་འཆའ་བའི་ཚུལ། །སྟག་གཡག་ཤ་བ་གཟིག་གི་མགོ། །བྱི་ལ་སྤྱང་ཀི་སེང་གེའི་མགོ། །དོམ་དྲེད་ཕག་གི་མགོ་ཅན་དང་། །བྱ་རྒོད་བྱ་རོག་འུག་པའི་མགོ། །ཁྭ་ཏ་པུ་ཤུད་ཁྲ་ཡི་མགོ། །ཕ་ཝང་སེ་མོང་བྱི་བའི་མགོ། །རྨིག་བུའི་མགོ་ཅན་ཕྲ་མེན་ཚོགས། །འདབ་ཆགས་ཁྲག་འཐུང་སྡེར་མོའི་ཚོགས་དང་བཅས། །སྟོང་གསུམ་ཟད་པར་བསྒྲལ་ཡང་ཚིམ་པ་མེད། །ཁམས་གསུམ་ཡོངས་བསྒྲལ་མཛད་ཀྱང་ཚིམ་པ་མེད། །ཟ་བྱེད་རྔམས་པའི་ཚོགས་ཀྱི་དབང་བསྐུར་རོ། །ༀ་བཛྲ་ཨུ་ཀ་ར་མུ་ཁ་ཧཱུྃ། བཛྲ་ཧུ་ཤོ་ཀ་མུ་ཁ་ཧཱུྃ། ཨ་བྷི་ཥིཉྩ་ཨ། ཕྲ་མེན་མགོ་བརྙན་གྱི་དབང་བསྐུར་བས་ཁམས་གསུམ་ཡོངས་བསྒྲལ་མཛད་པ་འགུག་བྱེད་ཕོ་ཉའི་དབང་དང་ལྡན་པར་གྱུར་ཅིག །ཕུར་པ་རྫས་ཀྱི་དབང་བསྐུར་བ་ནི། ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། ཡོན་ཏན་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །མི་གཡོ་ཆོས་མཆོག་སྐུ་གསུང་ཐུགས་ཀྱི་བདག །སྡུག་བསྔལ་འཁོར་བར་འཁྱམས་པའི་སེམས་ཅན་རྣམས། །ཐུགས་རྗེས་དབྱེར་མེད་དབྱིངས་སུ་སྒྲོལ་མཛད་པ། །ཁྲོ་རྒྱལ་འབར་བའི་སིདྡྷིའི་དབང་བསྐུར་རོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཧཱུྃ་ཕཊ། ཕུར་པའི་དབང་བསྐུར་བས་ལས་རྣམ་པ་བཞི་བརྩམས་པ་ཙམ་གྱི་འགྲུབ་པའི་དབང་དང་ལྡན་པར་གྱུར་ཅིག །སྒོ་མ་བཞིའི་དབང་བསྐུར་བ། བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཚུལ། །ཉོན་མོངས་ལོག་པར་ལྟ་བའི་དགྲ་འདུལ་ཞིང་། །གཞལ་ཡས་ཕྱོགས་བཞི་ཡེ་ཤེས་ལྔ་ཡི་ངང་། །ཚད་མེད་བཞི་ཡི་ཡེ་ཤེས་འདུལ་ལ་མཁས། །ཕྲིན་ལས་རྣམ་བཞིའི་ཡེ་ཤེས་དབང་སྦྱིན་ནོ། །ཛཿཧཱུྃ་བྃ་ཧོཿ ཨ་བྷི་ཥིཉྩ་ཨ། སྒོ་མ་བཞིའི་དབང་བསྐུར་བས་ཡེ་ཤེས་བཞིའི་རིག་པ་ནང་ནས་ཤར་ནས་ཚད་མེད་པ་བཞིའི་ཕྲིན་ལས་ཏེ་ལས་རྣམས་ཇི་ལྟར་དམིགས་པ་ཙམ་གྱིས་འགྲུབ་པར་གྱུར་ཅིག །ཕུར་པའི་སྲུང་མའི་དབང་བསྐུར་བ་ནི། ཤྭ་ན་བདག་ཉིད་བསྭེ་མོ་སྲུང་མའི་ཚོགས། །སྤྲུལ་པའི་ཕོ་ཉ་བསྭེ་གདོང་མི་བཟད་པ། །ཅི་བཅོལ་ལས་བྱེད་ཕོ་ཉ་མང་པོའི་ཚོགས། །དགྲ་བགེགས་འདུལ་བའི་སྟ་གོན་ཡེ་ནས་མཛད། །རྩལ་གྱི་ཁྱད་པར་དཔག་གིས་མི་ནུས་པ། །སྤྲུལ་པས་གང་ལ་ཅི་འདུལ་ཕྲིན་ལས་མཛད། །སྤྲུལ་པ་སྣ་ཚོགས་མང་པོའི་དབང་བསྐུར་རོ། །རང་སྔགས་དང་། ཨ་བྷི་ཥིཉྩ་ཨ། ཕོ་ཉ་འབུམ་ཕྲག་མང་པོའི་དབང་བསྐུར་བས་ལས་བཞི་ལ་སོགས་པ་བྱའོ་འཚལ་བཞེད་པ་ཙམ་ལ་རག་ལས་ཏེ་ཇི་ལྟར་དམིགས་པ་སྤྲུལ་པ་ལས་ལ་འགྱེད་པའི་དབང་དང་ལྡན་པར་གྱུར་ཅིག །སྒོམ་སྒྲུབ་ཀྱི་དབང་བསྐུར་བ་ནི། སློབ་མའི་ལུས་ངག་ཡིད་གསུམ་རྡོ་རྗེ་གཞོན་ནུ་དང་དབྱེར་མེད་པར་བྱས་ནས་ལག་ཏུ་སྔགས་ཕུར་ཆེན་པོ་བྱིན་ལ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །རྒྱལ་བ་ཀུན་དང་མཉམ་སྦྱོར་ཞིང་། །སྲིད་གསུམ་ཕུར་པའི་རང་བཞིན་དུ། །བསྒོམ་ཞིང་སྒྲུབ་པའི་དབང་བསྐུར་རོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཨ། སྔགས་ཕུར་ཆེན་པོ་ལག་ཏུ་བྱིན་ཏེ་དབང་བསྐུར་བས་སྲིན་པ་གསུམ་ཀ་ཕུར་བུའི་སྐུར་རྟོགས་ནས་དཔལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་དང་དབྱེར་མེད་པར་གྱུར་ཅིག །དེ་ནས་འཆད་པའི་དབང་ནི། ཆོས་ཉིད་བདུད་རྩི་ཆོས་ཀྱི་ཆར། །སྐལ་ལྡན་འདི་ལ་དབབ་པའི་ཕྱིར། །མཐུན་པར་སྔགས་བསྒྲག་ཆོས་ཀྱི་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ༀ་ལཾ་ཧཱུྃ་དྷརྨ་ཨ་བྷི་ཥིཉྩ། དྷརྨ་ལག་ཏུ་གཏད་དེ་དབང་བསྐུར་བས་ཆོས་ཉིད་དོན་རྟོགས་ཤིང་འཆད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་ཕུར་པ་བྱིན་གྱིས་བརླབས་པའི་དབང་བསྐུར་བ་ནི། རྡོ་རྗེ་རབ་ཏུ་ཀཱི་ལ་ཡ། །ཡུམ་བཞི་ཕྱག་རྒྱ་བྱིན་བརླབས་ནས། །ཁྱོད་ཀྱི་ལག་ཏུ་འདི་བྱིན་པས། །བྱིན་གྱིས་བརླབས་པའི་དབང་བསྐུར་རོ། །ༀ་ལཾ་གྱི་སྔགས་ཀྱིས་དབང་བསྐུར་རོ། །གདབ་ཕུར་ལག་ཏུ་བྱིན་ཏེ་དབང་བསྐུར་བས་རྫས་ཀྱི་ཕུར་བུ་ཡེ་ཤེས་ཀྱི་ཁྲོ་བོ་ཆེན་པོའི་རང་བཞིན་དུ་བྱིན་གྱིས་བརླབས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་སྙིང་པོ་བཟླས་པའི་དབང་ནི། ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར། །སྒྲུབ་པའི་ཡེ་ཤེས་ཚོན་གང་བ། །གསང་བ་སྔགས་ཀྱིས་བསྐྱེད་པའི་ཕྱིར། །ཐུགས་ལ་འབར་བའི་སྲོག་ཀྱང་ཤར། །དུས་ཀུན་རྒྱུན་དུ་བཟླ་དགོས་པས། །སྙིང་པོ་འདི་ཡི་དབང་བསྐུར་རོ། །སྔགས་ཤམ་ལ། ཨ་བྷི་ཥིཉྩ་ཨ། སྔགས་བཞིའི་དོན་བསྟན་ལ། མན་ངག་གི་སྙིང་པོ་འདི་བྱིན་ཏེ་དབང་བསྐུར་བས་དེ་རིང་ཕན་ཆད་བདེ་བར་གཤེགས་པའི་གསུང་དམ་པ་ཐོབ་པར་གྱུར་ཅིག །ཅེས་དབང་བསྐུར་རོ། །ཧཱུྃ། ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར། །ཚམས་རྔམས་གཟི་བྱིན་གློག་ལྟར་འགྱུ། །ཉེས་བྱེད་གསུམ་གྱི་ཁམས་བསྲེག་ཕྱིར། །ཁམས་གསུམ་སྒྲོལ་བའི་དབང་བསྐུར་རོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ། ཡཀྴ་ཤཱི་ཧེ་རུ་ཀ་སྟ་ན་ཧཱུྃ་ཕཊ། དེ་ནས་ཕུར་བུ་ཐོ་བའི་དབང་བསྐུར་ཏེ། ཁྲོ་མོ་འབར་མའི་གཏུན་ཁུང་དུ། །ཁྲོ་བོ་འབར་བའི་གཏུན་ཚོགས་ཀྱིས། །ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར། །ཕུར་བུ་ཐོ་བའི་དབང་བསྐུར་བས། །ཐམས་ཅད་སྒྲོལ་བའི་དབང་ཐོབ་ཤོག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏ་ཐཱ་ཡ་ཏ་ཐཱ་ཡ་མུ་སྟི་ཧཱུྃ། ཨ་བྷི་ཥིཉྩ་ཨ། ཕུར་བུ་ཐོ་བ་འདི་ལག་ཏུ་བྱིན་ཞིང་དབང་བསྐུར་བས་དགྲ་བགེགས་ཐམས་ཅད་ཚར་བཅད་ནས་ཞི་ཞིང་རྣམ་པར་ཤེས་པ་མི་གནས་པའི་མྱ་ངན་ལས་འདས་པ་ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ་སྒྲོལ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་ཕུར་བུ་འདེབས་པའི་དབང་ནི། བདག་དང་ལག་པ་མཆོག་རྣམས་ཀྱིས། །རབ་ཏུ་འདྲིལ་ཏེ་གསོར་བྱས་ན། །དུག་གསུམ་རྩད་ནས་བཅད་པའི་ཕྱིར། །འདྲིལ་ནས་འདེབས་པའི་དབང་བསྐུར་རོ། །པ་ར་བི་ཏྭན་གྱི་ཤམ་ལ། མཱ་ར་ཡ་ཕཊ་ཨབྷི་ཥིཉྩ་ཨ། ཕུར་པ་འདི་ལག་ཏུ་བྱིན་ནས་དབང་བསྐུར་བས། དུག་གསུམ་གྱིས་བསྐྱེད་པའི་དགྲ་བགེགས་རྣམས་རྡུལ་ཕྲན་བཞིན་དུ་བརླག་ནས་སྒྲོལ་ཞིང་ཚར་གཅོད་པའི་མཐུ་སྟོབས་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་འདེབས་ཕུར་ལག་ཏུ་བྱིན་ནོ། །དེ་ནས་དབུ་རྒྱན་གྱི་དབང་བསྐུར་ཞིང་། སྲིད་པ་གསུམ་ལ་དབང་བསྒྱུར་ཞིང་། བྱང་ཆུབ་སེམས་ནི་མངོན་དུ་བསྟན། །ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར། །དབུ་ལ་རིགས་ལྔའི་དབང་བསྐུར་རོ། །ༀ་བུདྡྷ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་ཨཀྴོ་བྷྱ་ཨ་བྷི་ཥིཉྩ་ཧཱུྃ། ༀ་རཏྣ་སམྦྷ་བ་ཨ་བྷི་ཥིཉྩ་ཏྲཱྃ། ༀ་པདྨ་དེ་བ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཨ་མོ་གྷ་སིདྡྷི་ཀརྨ་ཨ་བྷི་ཥིཉྩ་ཨཱ་རྡོ་རྗེ་སློབ་དཔོན་བདག་གིས་སློབ་མ་ཁྱོད་ལ་བུ་རྒྱན་གྱི་དབང་བསྐུར་བས་ཕུང་པོ་ལྔ་དང་དུག་ལྔ་གནས་སུ་དག་ནས་རིགས་ལྔ་ཡེ་ཤེས་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་ཅོད་པན་གྱི་དབང་བསྐུར་ཏེ། བག་ཆགས་ཉེས་པའི་སྐྱོན་བྲལ་ཞིང་། །འཁོར་བའི་ཆོས་ཀྱིས་མ་གོས་པའི། །ཡེ་ཤེས་ལྔ་ཡི་ཅོད་པན་གྱིས། །ཁྱོད་ལ་དབང་མཆོག་བསྐུར་བར་བྱ། །བཛྲ་པ་ར་ལ་མ་པ་ན་ཨ་བྷི་ཥིཉྩ་ཧྲཱིཿ བུ་ཁྱོད་ལ་ལེ་བརྒན་གྱི་དབང་བསྐུར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གྱུར་ཅིག །མཐིང་གའི་དབང་བསྐུར་བས་ཁམས་གསུམ་གྱི་གདུག་པ་ཐམས་ཅད་འདུལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཕྲེང་བའི་དབང་བསྐུར་བ། གཟུངས་དང་ཏིང་འཛིན་རྒྱུ་འབྲས་ཆོས། །བྱང་ཆུབ་མཆོག་རྣམས་རྟོགས་པའི་རྒྱན། །མི་འཇིགས་ཆོས་དང་དཔེ་བྱད་མཚན། །འབྲས་བུའི་ཆོས་ལ་དབང་བསྐུར་རོ། །ༀ་བཛྲ་ན་མ་ཨ་བྷི་ཥིཉྩ་མཱ་ལེ་ཏྲཱྃ། རིགས་ཀྱི་བུ་ཁྱོད་ལ་རིན་པོ་ཆེའི་ཕྲེང་བའི་དབང་བསྐུར་བས་མི་བརྗེད་པའི་གཟུངས་དང་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ལ་དབང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །དམ་རྫས་བདུད་རྩི་ལྔའི་དབང་བསྐུར་ཏེ། ཧཱུྃ། དྲི་ཆེན་དང་ནི་བྱང་ཆུབ་སེམས། །མཱཾ་ས་རཀྟ་དྲི་ཆུ་ལྔ། །དེ་རིང་ཁྱོད་ལ་དབང་བསྐུར་བས། །རྟོག་སྦྱོང་བདུད་རྩིའི་དབང་ཐོབ་ཤོག །ༀ་ཧཱུྃ་སྭཱ་ཨཱྃ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ་ཨ། དམ་རྫས་བདུད་རྩི་ལྔའི་དབང་བསྐུར་བས་ཡེ་ཤེས་ལྔའི་དོན་རྟོགས་ནས་རིགས་ལྔའི་དངོས་གྲུབ་ཐོབ་སྟེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཤ་ལྔའི་དབང་ནི། ཧཱུྃ། མི་དང་བ་ལང་རྟ་ཤ་དང་། །བྱ་ཁྱི་ལ་སོགས་ཤ་རྣམས་ཀྱིས། །དེ་རིང་ཁྱོད་ལ་དབང་བསྐུར་བས། །རིག་འཛིན་གཙོ་བོར་དབང་བསྐུར་རོ། །ཧ་མཱཾ་ས་ཨ་ཡུ་ཤེ་ཧཱུྃ་ཨ། རིགས་ཀྱི་བུ་ཁྱོད་ལ་ཤ་ལྔའི་དབང་བསྐུར་བས། འབྱུང་བ་ལྔ་གནས་སུ་དག་ནས་རིགས་ཀྱི་ཡུམ་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་གསང་བའི་དབང་བསྐུར་ཏེ། བཀྲ་ཤིས་མཚན་ལྡན་གསང་བའི་ཡུམ། །བུ་མོ་ལོ་གྲངས་ཉི་ཤུ་པ། །ཆས་བྱས་རྒྱན་ལྡན་བླ་མ་ལ། །ཡོན་དང་བཅས་ཏེ་དབུལ་བར་བྱ། །བླ་མས་གདམས་ངག་དོན་བཤད་དེ། །དམ་ཚིག་ཕོག་ལ་དཀྱིལ་འཁོར་གཞུག །བྱིན་རླབས་དབང་ནི་བསྐུར་བྱ་སྟེ། །འཁོར་ལོ་རྒྱས་འདེབས་ཁྲོ་མོའི་སྐུ། །དེ་ཡི་ལུས་ཀྱི་གནས་བཅུ་ལ། །ཁྲོ་མོ་བཅུ་ཡི་དཀྱིལ་འཁོར་བཀོད། །བྷ་ག་པདྨར་བྱིན་རླབས་ཨཱཾཿ །བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུར། །གསལ་བའི་གནས་བཅུར་ཁྲོ་བོ་བཅུ། །གསང་གནས་རྡོ་རྗེའི་བྱིན་རླབས་རྩེ་མོར་ༀ། །ཛཿཧཱུྃ་བྃ་ཧོཿས་བསྡུ་བ་བྱས། །བསྡུ་དང་བརྒྱུད་དང་ཕབ་པ་ལས། །སྤྲོ་བསྡུས་སངས་རྒྱས་ཐམས་ཅད་ཀུན། །བ་སྤུའི་བུ་གར་ཐིམ་པ་ལས། །ཡབ་ཡུམ་བདེ་བའི་ངང་དུ་གསལ། །སློབ་མས་ཚིག་འདིས་གསོལ་བ་གདབ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིབས་ནས་བདག་བསྐྱེད་ཅིག །བླ་མས་སློབ་མ་བྱིན་བརླབས་ཏེ། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས། །སློབ་མའི་རྒྱུད་ལ་སྤྲོས་བྱས་བས། །ཉེ་བར་ལེན་པའི་ཕུང་པོ་སྦྱངས། །འོད་ཞུ་ཧཱུྃ་གྱུར་ཐུགས་ཀར་བསྡུ། །སྲོག་དབུགས་བརྒྱུད་དེ་ཀླད་རྒྱས་སུ། །ཕྱུངས་ནས་སྒལ་ཚིགས་བརྒྱུད་པ་ལས། །མཁའ་ལས་བྱང་སེམས་ཐིག་ལེ་གསལ། །དེ་ལས་ཡི་གེ་ཧཱུྃ་དུ་གྱུར། །དེ་ལས་རྡོ་རྗེ་གཞོན་ནུར་བསྐྱེད། །ཚིག་གསུམ་གོང་དང་འདྲ་བ་ལས། །ཚིག་འདིས་མཁའ་ལས་གདོན་པར་བྱ། །སྐུ་ཡི་དབྱིངས་ནས་བསྐྱེད་པར་བྱའོ། །ༀ་ཤྲཱི་བཛྲ་ཀུ་མཱ་ར་ཛཿ ༀ་ཨཱཿཧཱུྃ། ཉི་མའི་གདན་ལ་བཞག་ནས་ནི། །ཡབ་ཡུམ་སྦྱོར་བ་དངོས་སུ་བརྩམ། །བྱང་སེམས་ཕབ་སྟེ་མེ་ལོང་བླངས། །ཡིག་འབྲུ་གསུམ་དུ་བྱིན་བརླབས་ཏེ། །སྦོམ་བོ་དང་ནི་དབང་མོའི་རྩེར། །ཉི་ཟླ་གསལ་བས་བླང་བྱས་ཏེ། །ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཨ་མྲྀ་ཏ་སྦྱར་ལ་བྷནྡྷ་མཚན་དང་ལྡན་པར་བླུགས་ལ་བདུད་རྩིར་བྱིན་གྱིས་བརླབ། སྨན་གསོས་ཆེ་བའི་ཡོན་ཏན་བརྗོད། །སྨན་གྱི་མཆོད་པ་རྒྱས་པར་བྱ། །དང་པོ་བདག་ཉིད་དངོས་གྲུབ་བླང་། །དེ་ནས་སློབ་མར་དབང་བསྐུར་ཏེ། །ཧཱུྃ། རྣམ་རྟོག་བདུད་འཇོམས་སྨན་མཆོག་བདུད་རྩི་འདི། །དུས་གསུམ་སངས་རྒྱས་མཉེས་པའི་མཆོད་པའི་རྫས། །ཐིག་ལེའི་དབྱིངས་ནས་རང་བྱུང་ཡེ་ཤེས་ཤར། །སྐྱེ་འཆི་མེད་པའི་དབང་རྣམས་ཐོབ་པར་ཤོག །ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལཱི་སིདྡྷི་ཧཱུྃ་ཧྲཱིཿ ཋཱཿ ཧཱུྃ། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །འབར་བའི་ཁྲོ་བོ་མི་བཟད་པའི། །སྐུ་གསུང་ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཧཱུྃ། ཨེ་མ་ཧོ་ང་ནི་རང་བྱུང་བའི། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །འཁོར་ལོ་རྒྱས་འདེབས་མཉམ་པར་སྦྱོར། །གཉིས་སུ་མེད་པའི་བྱང་སེམས་ཀྱི། །དེ་རིང་ཁྱོད་ལ་དངོས་གྲུབ་སྦྱིན། །ༀ་བོ་དྷི་ཙིཏྟ་ༀ་ཨཱཿཧཱུྃ་ཨ་ཡུ་ཥེ་སིདྡྷི་ཧཱུྃ་ཨ། བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། །ཐབས་དང་ཤེས་རབ་ཀྱི་དབང་ཐོབ་སྟེ་འཁོར་བའི་ཆོས་མྱ་ངན་ལས་འདས་ཏེ་དཔལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་དབྱིག་ཐོབ་པར་གྱུར་ཅིག །ཧཱུྃ། ཡེ་ཤེས་ཁྲོ་བོ་ཧཱུྃ་ཀཱ་ར། །སྒྲ་འབྱིན་མ་དང་མཉམ་པར་སྦྱོར། །གཉིས་སུ་མེད་པའི་བྱང་སེམས་ཀྱི། །སྤྱི་བོ་ནས་ནི་དབང་བསྐུར་ཞིང་། །ལྕེ་ཡི་སྟེང་དུ་བཞག་པ་ཡིས། །ཧཱུྃ་ཆེན་ཡབ་ཡུམ་དངོས་གྲུབ་སྦྱིན། །ཁྲོ་བཅུ་ཡབ་ཡུམ་དེས་འགྲེའོ། །སྔགས་གོང་མ་འགྲེའོ། །དེ་ནས་རྡོ་རྗེ་མིང་གི་དབང་། །མཚན་མཆོག་འདི་ཡི་དབང་བསྐུར་བས། །སངས་རྒྱས་ཞིང་དུ་གྲགས་པའི་དབང་། །རིག་འཛིན་བླ་མེད་འགྲུབ་པར་ཤོག །ༀ་ཤྲཱི་བཛྲ་ན་མ་ཨ་བྷི་ཥིཉྩ་ཨ། དེ་ནས་ཚོགས་བྱིན་གྱིས་བརླབས་ནས་ཞལ་ཟས་རྣམས་གསར་ཏེ། འཇིག་རྟེན་འདི་ན་སྲིད་པའི་ཞལ་ཟས་རྣམས། །འདོད་པའི་ཡོན་ཏན་ལྔ་ཡི་གཏེར། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །ཡིད་བཞིན་འདོད་རྒུར་བསྒྱུར་བའི་དབང་བསྐུར་རོ། །ༀ་གུ་ཎ་པཉྩ་ཨ་ཡུ་ཥེ་ཧཱུྃ་ཨ། ཞལ་ཟས་ཀྱི་དབང་བསྐུར་བས་འདོད་པའི་ཡོན་ཏན་མི་ཟད་པའི་གཏེར་ལ་དབང་ཐོབ་པར་གྱུར་ཅིག །དེ་ལྟར་ཞལ་ཟས་ཀྱི་དབང་བསྐུར་ཟིན་པ་དང་། སློབ་མས་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་དང་སྲུང་མ་རྣམས་རྒྱས་པར་མཆོད་དོ། །དེ་ནས་ཛ་གད་ཀྱི་དབང་བསྐུར་ཏེ། བྷན྄་དྷར་ཛ་གད་སྩལ་ལ་བྱིན་གྱིས་བརླབས་ཏེ། ཧཱུྃ། ཛ་གད་དཔའ་བོའི་མཆོད་པ་འདི། །ཡོན་ཏན་ཡུམ་དུ་བྱིན་བརླབས་ལས། །སྟོང་ཁམས་ཀུན་གྱི་བཅུད་བསྡུས་ནས། །ཐུགས་རྗེ་ནུས་པའི་དབང་ཐོབ་ཤོག །ༀ་ཨ་ཏིསྟི་ཏ་ས་མ་མ་ཀཱི་རི་སིདྡྷི་ཧཱུྃ་ཨ་བྷི་ཥིཉྩ་ཨ། ཡང་ཕུད་རྒྱས་པར་བཏང་། བླ་མ་ལ་དྲང་། རང་བཏུང་། དེ་ནས་ཕམ་ཕབ་ཀྱི་དབང་བསྐུར་ཏེ། ཚོགས་ཀྱི་ལྷག་མ་རྣམས་བསྡུས་ལ། །ཧཱུྃ། རྒྱལ་བ་མཆོད་ནས་དམ་སྐོང་ཞིག །མཆོད་པ་ཕུལ་བས་བགེགས་ཞི་ནས། །ཕམ་ཕབ་ལོངས་སྤྱོད་བདུད་རྩིའི་བཅུད། །རྣལ་འབྱོར་ལོངས་སྤྱོད་རྒྱས་པར་ཤོག །ༀ་སརྦ་པཱུ་ཛ་ཀརྨ་ཨ་བྷི་ཥིཉྩ་ཨ། ཚེ་དབང་བསྐུར་བ་ནི། ཧཱུྃ། ཟླ་གམ་དམར་པོ་རྡོ་རྗེ་དབང་གི་ཚེ། །གཞན་གྱིས་མི་དཔོག་ཁམས་གསུམ་ཀུན་ལས་རྒྱལ། །ལྷ་མོ་དམར་མོ་རྡོ་རྗེ་འཆི་མེད་ཚེ། །ལེགས་པའི་ཡོན་ཏན་འདོད་པའི་ལོངས་སྤྱོད་རྒྱས། །མི་འགྱུར་འཆི་མེད་ཚོ་ལོ་སྟོང་ཕྲག་དང་། །རང་ཉིད་གང་འདོད་ཕུང་པོ་རྡོ་རྗེའི་ཚེ། །ཨཱ་ཡུཿདམར་པོ་ཡོངས་སུ་འགྱུར་མེད་པ། །མི་འཕྲོག་ངེས་པའི་ཚེ་མཆོག་གང་ཡིན་པ། །ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབ་བསྒྲུབས་ནས། །རྡོ་རྗེ་ཚེ་ཡི་དབང་མཆོག་གང་ཡིན་པའི། །རིགས་ཀྱི་བུ་ཡིས་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་ཧྱ་ཨཱ་ཡུཿཛྙཱ་ན་བིནྡྷུ་ཡུ་ཙི་ཤྭ་ར་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཚེ་བུམ་གྱི་དབང་བསྐུར་བས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱི་སིདྡྷི་ཐོབ་ནས་སྐྱེ་ཤི་མེད་པ་རྡོ་རྗེ་ཚེའི་དབང་ཐོབ་པར་གྱུར་ཅིག །དེ་ནས་རྣལ་འབྱོར་པ་རྣམས་དབང་རིམ་པ་སྦྱར་ལ་འདི་སྐད་དོ། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །དམ་རྫས་གཉན་པོ་མངོན་བཀྲམ་ནས། །རྡོ་རྗེ་བདག་པོ་དངོས་གྲུབ་བདག་པོ་ཡིན། །དབང་དང་དངོས་གྲུབ་རྫས་མཆོག་རྣམས། །གང་ཞིག་དངོས་གྲུབ་འདོད་པ་ང་ལས་ལོངས། །བུ་མཆོག་རྣམས་ཀྱིས་དངོས་གྲུབ་ཐོབ་པར་ཤོག །ལས་དང་སྒྲུབ་པའི་དབང་དང་བྱིན་རླབས་རྣམས། །སྒྲུབ་མཆོག་རྣམས་ཀྱིས་རིམ་བཞིན་ཐོབ་གྱུར་ཅིག །ད་ནི་བྷནྡྷའི་དབང་བསྐུར་བ་འདི་སྐད་དོ། །ཐུགས་རྗེའི་དབང་མཆོག་དཔལ་ཆེན་ཧེ་རུ་ཀ །ཏ་ཀྲྀཏ་འབར་ཚོགས་བཅས་པ་མ་ལུས་ཀུན། །སྣོད་བཅུད་དབང་བསྐུར་དབང་རྫས་འདིས། །མུ་སྟེགས་གནོད་སྦྱིན་ཐོད་ཐོགས་དབང་དུ་བསྡུས། །དཔལ་གྱི་སྣོད་ཞལ་ལྕང་ལོ་འཁྱིལ་བ་འདིས། །མཁའ་འགྲོ་འབར་བ་རོལ་པར་བྱིན་བརླབས་ལ། །དཔའ་བོའི་མགོ་ལ་རྣམ་ཤེས་སྣ་ཚོགས་པས། །ཡེ་ཤེས་རྣམ་ཤེས་བརྒྱད་ཀྱི་དངོས་གྲུབ་འདི་བྱིན་ནོ། །ཀ་པཱ་ལ་ཨ་བྷི་ཥིཉྩ་སརྦ་མ་ཏྲ། བྷནྡྷ་འཕྲུལ་གྱི་ཞལ་བུའི་དབང་བསྐུར་བས། སྤོང་ལེན་བྱེད་པའི་བྱ་བ་ལྷུན་གྱིས་རྫོགས་ཏེ་དུར་ཁྲོད་ཆེན་པོའི་གནས་སུ་སྒྲུབ་པའི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་དབང་དང་ལྡན་པར་གྱུར་ཅིག །དེ་ནས་ཆས་བརྒྱད་ཀྱི་དབང་བསྐུར་ཏེ། ཞིང་ལྤགས་བསྐོན་ལ། ཧཱུྃ། ཞིང་ལྤགས་རྟག་ཏུ་གཡོགས་པ་དུར་ཁྲོད་བདག །གཡང་གཞི་ཚིགས་སུ་སྡུད་པས་སྐུ་ལ་བཅིངས། །འཁོར་བ་མ་སྤངས་གནས་སུ་དག་པ་ཡི། །དུར་ཁྲོད་ཚོགས་ཀྱི་བདག་པོ་ཡིན་པའི་ཕྱིར། །ཞིང་ཆེན་རློན་པ་ཐབས་ལ་མཁས་པ་ཡིས། །འཁོར་བའི་གནས་ན་ཡོངས་སུ་རྒྱལ་བར་ཤོག །བཾ་སྨིག་ཏ་ཀེ་ཧཱུྃ། ཀོ་རློན་གྱི་དབང་། ཧཱུྃ། གླང་ཆེན་ཀོ་རློན་བརྗིད་དུ་ཆེ་བ་ཡི། །གཏི་མུག་མ་ལུས་གནས་སུ་དག་པའི་བརྒྱན། །ན་བཟའི་རྒྱན་གྱིས་སྐུ་ལ་མངའ་གསོལ་ཞིང་། །ཐབས་ཀྱི་ཀོ་རློན་རྒྱན་གྱི་དམ་པ་འདི། །གང་ལ་དབང་མཆོག་འདི་ཡི་དབང་བསྐུར་བས། །སྟོབས་ཀྱི་རྒྱལ་པོའི་དབང་མཆོག་ཐོབ་པར་ཤོག །ༀ་མ་དཱ་ར་ཏ་ས་ཤ་ཏ་ཧཱུྃ། སྟག་གི་ཤམ་ཐབས་ཀྱི་དབང་། ཧཱུྃ། ཞེ་སྡང་དྲག་པོ་སྟག་གི་ཤམ་ཐབས་འདི། །སྟག་ལྤགས་ཤམ་ཐབས་དཔའ་བར་ལྡན་པ་ཡི། །སུག་སྡོབ་འདོམས་སུ་བསྣོལ་བ་ཕྱི་ནང་གསང་བ་གཅིག །ཕྲག་དོག་གནས་འཇོམས་སྟག་ལྤགས་དབང་བསྐུར་བས། །ཞེ་སྡང་གནས་འཇོམས་ཕྲག་དོག་གནས་འཇོམས་པའི། །དབང་མཆོག་དམ་པ་ཁྱོད་ཀྱིས་ཐོབ་པར་ཤོག །ༀ་བཛྲ་བྱ་གྲྀ་ཙརྨ་ཨ་བྷི་ཥིཉྩ་ཧཱུྃ་ཨ། སྦྲུལ་གྱི་ཆུན་པོའི་དབང་། ཐོད་སྦྲུལ་མཉེན་ལྕུག་འཇིགས་བྱེད་རྒྱན་དུ་ཆེ། །སྦྲུལ་ནག་སྟོང་གིས་བརྒྱན་པའི་རྔམས་བརྗིད་ཅན། །སྐུ་ལ་མཆོད་ཕྱིར་སྐུ་ཡི་གནས་ལྔར་འཁྲིལ། །དུག་ལྔ་གནས་སུ་འདུལ་བའི་ཐབས་སུ་སྟོན། །མཉེན་ལྕུག་འཁྲིལ་ལྡེམ་ཞེ་སྡང་དྲག་པོ་འཇོམས། །རྫུ་འཕྲུལ་ཤུགས་ཀྱིས་ཀླུ་བརྒྱད་དབང་དུ་སྡུད། །གཏི་མུག་འདུལ་བའི་དབང་ཕྱུག་ཡིན་པའི་ཕྱིར། །སྦྲུལ་ནག་སྟོང་གི་ཆུན་པོའི་དབང་བསྐུར་བས། །ཞེ་སྡང་འབར་བ་གནས་དག་ནས། །ཐབས་མཁས་རྒྱལ་པོ་མཉེན་པའི་དབང་ཐོབ་ཤོག །ༀ་ནཱ་ག་རཱ་ཛ་ཧུ་ལུ་ཧུ་ལུ་ཧཱུྃ། ཐོད་ཕྲེང་གི་དབང་། དུང་ཆེན་ཁོང་སེང་དབང་པོ་ལྔ་དང་ལྡན། །སྐུ་གསུམ་ཚུལ་འཆང་སྐམ་པོ་ར་རིའི་ཚུལ། །འཁོར་བ་གསུམ་སྡུད་ཐབས་ཀྱི་ཕྲེང་བས་བརྒྱན། །ཁམས་གསུམ་དབང་སྡུད་ཐོད་ཕྲེང་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག །ༀ་པདྨ་བྷནྡྷ་ཀ་པཱ་ལ་ཧསྟི་ཧཱུྃ། མེ་རིའི་དབང་། ཧཱུྃ། འབར་བའི་ཕྲེང་བ་ཡེ་ཤེས་མེ་རི་ལྡན། །གདུག་པའི་ཚོགས་རྣམས་ཉོན་མོངས་དུག་བསྲེགས་པ། །བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་གནས། །ཡེ་ཤེས་གསལ་བས་ཕྱོགས་བཅུའི་མུན་ནག་སེལ། །བསྐལ་པ་མེ་རི་འབར་བའི་དབང་བསྐུར་བས། །བར་ཆད་བགེགས་ཀྱི་རྟོག་པས་མི་ཚུགས་ཤིང་། །མཚན་མ་འཛིན་རྟོག་བསྲེག་པའི་དབང་ཐོབ་ཤོག །ༀ་བཛྲ་ཛྭ་ལ་བཛྲ་ཛྭ་ལ་རྃ་རྃ་ཧཱུྃ། བྱུག་རྩི་གསུམ་གྱི་དབང་། ༈ རཀྟའི་དབང་བསྐུར་བས་འཁོར་བ་དབང་དུ་སྡུད་པར་གྱུར་ཅིག །ཐལ་ཆེན་གྱི་དབང་བསྐུར་བས་འདི་དང་ཕྱི་མ་གཉིས་སུ་དུར་ཁྲོད་ཀྱི་རྫས་ལ་ལོངས་སྤྱོད་ཅིང་དངོས་གྲུབ་རྣམ་གཉིས་ཐོབ་པའི་དབང་དང་ལྡན་པར་གྱུར་ཅིག །ཞག་གི་ཟོ་རིས་ཀྱི་དབང་བསྐུར་བས་མ་མོ་དབང་ཕྱུག་མ་ལ་སོགས་པ་རྟག་ཏུ་མི་འབྲལ་ཞིང་བསྲུང་བ་དང་སྐྱོབ་པའི་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེའི་དབང་ལ། ཆོས་ཀྱི་དབྱིངས་ཉིད་མི་འགྱུར་སྐུར་སྣང་བ། །ཡེ་ཤེས་ལྔ་ལྡན་ཐུགས་མཚན་ཀུན་གྱི་མཆོག །འཛིན་པའི་རྒྱལ་པོ་རྡོ་རྗེ་ཐུགས་མཚན་འདས། །སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་རོ། །ༀ་བཛྲ་རཀྵ་ཧཱུྃ། རྡོ་རྗེའི་དབང་བསྐུར་བས་འདུ་འབྲལ་སྐྱེ་ཤི་མེད་པར་གཡུང་དྲུང་ཚེའི་དངོས་གྲུབ་དང་སྔགས་འཆང་རྒྱལ་པོ་རྡོ་རྗེ་འཛིན་གྱི་གྲལ་ཐོབ་པར་གྱུར་ཅིག །དྲིལ་བུའི་དབང་ནི། ཐུགས་མཆོག་རྟོགས་པ་རིག་པ འི་དབང་བསྐུར་བས། །མྱ་ངན་འདས་པའི་ཆོས་ལ་སྤྱོད། །ཐབས་ལ་མཁས་པ་སྤྲུལ་པའི་སྲས། །འགྲོ་ཀུན་ཆོས་ཀྱི་དོན་ལ་འཇུག །ཚོགས་གཉིས་རྫོགས་པར་དབང་བསྐུར་རོ། །པྲ་ཛྙཱ་པ་ར་ཡོ་གི་ར་དུ། ༀ་བཛྲ་ཏིག་ན་གྷཎྜེ་ཧཱུྃ། རྔའི་དབང་བསྐུར་བ། དུས་མཐའ་མེད་པར་སྒྲོག་པ་ཆོས་ཀྱི་རྔ། །ཁམས་གསུམ་དབང་དུ་སྡུད་པའི་ཆོས་ཀྱི་སྒྲ། །ཐུགས་དམ་ཡོངས་སུ་བསྐང་བའི་རྫས་མཆོག་འདིའི། །སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་རོ། །མ་ཀ་ར་ས་ཡ་ཧཱུྃ། སྒྲུབ་པ་པོ་མིང་འདི་ཞེས་བྱ་བ་ལ་རྔའི་དབང་བསྐུར་བས་དབྱངས་ཀྱི་དངོས་གྲུབ་ཐོབ་སྟེ་འཇིག་རྟེན་ཐམས་ཅད་དུ་ཆོས་ཀྱི་སྒྲ་ཆེན་པོ་སྒྲོགས་པའི་དབང་དང་ལྡན་པར་གྱུར་ཅིག །རལ་པའི་དབང་ནི། རལ་པ་ཁམ་ནག་འཁྱིལ་བ་ཆེན་པོ་འདིར། །དབང་དྲག་མཐར་ཕྱིན་དྲག་ཤུལ་སྤྲུལ་པ་འཕྲོ། །སྐུ་མཆོག་མཐིང་ནག་ནམ་མཁའི་རྒྱན་བཞེས་པས། །ཡོན་ཏན་རྒྱས་ཤིང་ཕྲིན་ལས་འགྲུབ་པར་བསྟན། །འཁོར་བ་མ་སྤངས་རལ་པའི་རྒྱན་ཆེན་འདིའི། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ། །མ་ཧཱ་བི་དུ་བི་ཤ་ཀ་སིདྡྷི་ཧོཿ མར་མེའི་དབང་བསྐུར་བ། ཉོན་མོངས་འཁོར་བའི་བག་ཆགས་བསལ་བ་དང་། །མ་རིག་རྨོངས་པའི་མུན་པ་འཇོམས་པའི་ཕྱིར། །ཡེ་ཤེས་འོད་ལྡན་གསལ་བའི་མར་མེ་འདིའི། །སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་རོ། །རྃ་ཧ་མྱི་ཏི་བི་མ་ཧཱ་ཀུ་རུ་སྭཱ་ཧཱ། མར་མེའི་དབང་བསྐུར་བས་རྣམ་རྟོག་མི་མངའ་ཅིར་ཡང་ས་ལེར་མཁྱེན་པའི་ས་ཐོབ་ནས། ཡེ་ཤེས་ཀྱི་མེས་བག་ཆགས་ཐམས་ཅད་བསྲེག་པའི་དབང་དང་ལྡན་པར་གྱུར་ཅིག །བྱུག་བདུག་བྲབ་པའི་དབང་བསྐུར་ཏེ། ཧཱུྃ། རཀྟའི་རྒྱ་མཚོ་ཆགས་པའི་བདག་ཉིད་ནི། །དགྲ་བགེགས་ཐམས་ཅད་དབང་དུ་སྡུད་པར་བྱེད། །ཆགས་པའི་ཐུགས་རྗེས་འཁོར་བ་མི་གཏོང་བ། །ཁམས་གསུམ་དབང་དུ་སྡུད་པའི་དབང་བསྐུར་རོ། །མ་ཧཱ་རཀྟ་ཛྭ་ལ་མནྡྷ་ལ་ཧཱུྃ། ཨ་བྷི་ཥིཉྩ་ཨ། གུ་གུལ་གྱི་དབང་བསྐུར་བ། གུ་གུལ་སྦྱར་མའི་རྫས་མཆོག་དམ་པ་འདི། །སྡང་བའི་དགྲ་བོ་ལྷ་དང་ཕྲལ་བ་དང་། །གནོད་པའི་བགེགས་ནི་མྱོས་ཤིང་བསུབ་པར་བྱེད། །སྲིད་གསུམ་དབང་དུ་སྡུད་པའི་དབང་ཐོབ་ཤོག །མ་གུ་ལ་ཏ་ལ་ཏ་ལ་ཨ་ཏི་སྟི་ཧཱུྃ་ཕཊ྄། ཨ་བྷི་ཥིཉྩ་ཨ། ཡུངས་ཀར་རྒྱལ་པོའི་དབང་ནི། ཡུངས་ཀར་རྒྱལ་པོའི་རྫས་མཆོག་དམ་པ་འདི། །གསེར་མདོག་གཟི་འཕགས་རྡོ་རྗེ་འོད་ཟེར་ཕྱོགས་བཅུར་འཕྲོས། །དགྲ་བགེགས་མ་ལུས་རྡུལ་དུ་བརླག་པའི་ཕྱིར། །ཁམས་གསུམ་སྒྲོལ་བའི་བདག་པོར་དབང་བསྐུར་རོ། །ༀ་བེ་ཏ་ལི་མནྡྷ་ལ་རཀྴ་རཀྴ་ཧཱུྃ་ཕཊ྄། ཨ་བྷི་ཥིཉྩ་ཨ། དབང་རྫས་བསྡུས་ལ་སྙིང་གར་བཞག་ལ། ཧཱུྃ། ཚེ་ཡི་སྙིང་པོ་རྒྱུད་གསུམ་པོ། །སྲོག་གི་སྙིང་པོ་གཞལ་ཡས་ཁང་། །སྐྱེ་ཤི་མེད་པ་བྱང་ཆུབ་སེམས། །སྐུ་གསུམ་སྐུ་སྟེ་སྐུ་ལ་ཐིམ། །གསུང་གསུམ་གསུང་སྟེ་གསུང་ལ་ཐིམ། །ཐུགས་གསུམ་ཐུགས་ཏེ་ཐུགས་ལ་ཐིམ། །སྐུ་གསུང་ཐུགས་ལ་རབ་ཏུ་ཐིམ། །ༀ་ཨ་ཡུཿས་ལ་སིདྡྷི་སིདྡྷི་ཧཱུྃ། ཨ་བྷི་ཥིཉྩ་ཨ། ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་བསྟིམ་མོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཞལ་ཟས་ཚོ་བཞིར་བགོས་ལ་བླ་མ་ལ་མཆོད། ལྷོ་ཚོགས་མཆོད། སྲུང་མ་རྣམས་མཆོད། མཆེད་ལྕམ་ཡོངས་ལ་སྦྱིན་ནོ། །གཏོར་མ་བཏང་། གཏེར་སྦ། བྲོ་བརྡུང་། མར་མེའི་སྨོན་ལམ་བཏབ། མ་དག་པ་བཟོད་པར་གསོལ་ལོ། །བཀྲ་ཤིས་བྱ། དཀྱིལ་འཁོར་བསྡུ། དགེ་བའི་རྩ་བ་བསྔོ། སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་བྱའོ། །དཔལ་རྡོ་རྗེ་ཕུར་པའི་དབང་གི་ཆོག་ཁྲིགས་རྫོགས་སོ།། ༈ །།འདིའི་མཚམས་སུ་ཚོགས་མཆོད་དང་ཚོགས་སྐོང་ཞེས་པ་དེ་མ་བྱུང་།

དཔལ་རྡོ་རྗེ་ཕུར་པའི་སྤྱི་ཐབས་བསྡུས་པའི་མན་ངག་དོན་གྱི་སྒྲ་བཞིའི་བཤད་པ།

དཔལ་རྡོ་རྗེ་ཕུར་པའི་སྤྱི་ཐབས་བསྡུས་པའི་མན་ངག་དོན་གྱི་སྒྲ་བཞིའི་བཤད་པ་བཞུགས་སོ། །རྒྱ་གཞུང་ཡིན་ནོ། །ཕུར་བུ་དོན་གྱི་སྤྱི་ཐབས་བསྡུས་པའི་མན་ངག །བཅོམ་ལྡན་འདས་ཤྲཱི་ཧེ་རུ་ཀ་བཛྲ་ཀཱི་ལ་ཡ་བིདྱོཏྟ་མ་ལར་ཕྱག་འཚལ་ལོ། །ཡེ་ཤེས་དབྱིངས་དང་གཉིས་མེད་བྱིན་རླབས་ཀྱིས། །ཕུང་པོ་ཉོན་མོངས་འཆི་བདག་རིག་པ་ཡེ་ཤེས་ཀྱི་ཕུར་པའི་ཡོན་ཏན། ལྷ་བདུད་བཅོམ། །དེ་བཞིན་སྙིང་རྗེ་དགའ་དང་བཏང་སྙོམས་ཀྱི། །ཚད་མེད་སྙིང་རྗེའི་ཕུར་པའི་ཡོན་ཏན། གཙོར་བཟུང་བའི་གཉིས་མེད་འཕྲོ་འདུས་དེ་བཞིན་ནོ། །བྱང་ཆུབ་སེམས་ཀྱི་ཕུར་པ། ཞི་རྒྱས་དབང་དང་དྲག་པོའི་ཀྱང་དེ་བཞིན། །མཚན་མ་རྫས་ཀྱི་ཕུར་པ། ཕུར་བུ་དང་པོ་གཉིས་གསུམ་བཞི་པས་བཅོམ། །དང་པོ་དབྱིངས་དང་ཡེ་ཤེས་གཉིས་མེད་ལྡན། །གཉིས་པ་ཤེས་རབ་སྙིང་རྗེ་ཐབས་དང་ལྡན། །གསུམ་པ་ཐབས་དང་ཤེས་རབ་གཉིས་མེད་ལྡན། །བཞི་པ་བདག་ཉིད་ཁྲོ་བོ་ཕུར་པར་ལྡན། །རྩ་བ་དང་དབང་ཕྱུག་དང་རྫས་ཏེ། ཡང་ན་རེ་རེ་ལ་ཡང་ཡོན་ཏན་དྲུག་ལྡན་ནོ། །དཔལ་དང་གྲགས་དང་སོགས། དབྱིངས་དང་ཡེ་ཤེས་རྟག་ཆད་མཐའ་ལས་འདས། །ལས་དང་ཉོན་མོངས་མཐའ་ལས་སྙིང་རྗེ་འདས། །འཁོར་བ་སྡུག་བསྔལ་མཐའ་ལས་བདེ་ཆེན་འདས། །བར་ཆད་དགྲ་བགེགས་མཐའ་ལས་རྫས་ཕུར་འདས། །ཤྲཱི་ནི་དབྱིངས་དང་ཡེ་ཤེས་གཉིས་མེད་དཔལ། །ཀ་རུ་སྙིང་རྗེ་ཕུར་པའི་བདག་ཉིད་དེ། །རུ་ནི་རཱ་ག་ཆགས་པའི་བྱང་ཆུབ་སེམས། །ཧེ་རུ་རྫས་ཀྱི་ཕུར་བུ་རྒྱུད་དང་བྲལ། །བཛྲ་རིག་པ་རྡོ་རྗེ་འདུ་འབྲལ་མེད། །ཀཱི་ནི་ཀ་རུ་ཐུགས་རྗེས་འགྲོ་བ་འཛིན། །ལཀྵ་བྱང་ཆུབ་བདེ་བའི་རང་བཞིན་ལས། །ཡ་མ་གཤིན་རྗེ་ལ་སོགས་འདུལ་དབང་ངོ་། །བིད་ནི་རིག་པའི་ཕུར་པས་མཐའ་གཉིས་འཇོམས། །སྙིང་རྗེ་རྟོད་དེ་ལས་དང་ཉོན་མོངས་སྒྲོལ། །ཏ་ནི་ཙིཏྟ་ས་སྡུག་བསྔལ་ཕུང་པོ་འཇོམས། །མ་ཧཱ་སྤྲུལ་པ་ཆེན་པོས་གདུལ་བྱ་འདུལ། །མ་ནི་དབྱེར་མེད་སྤྲོས་བྲལ་ཐིག་ལེ་གཅིག་ཏུ་འུབ། །དེ་ཕྱིར་སྤྱི་ཐབས་རྣམ་པ་བཞིར་བསྡུས་པ། །མི་ཕྱེད་དད་པ་བློ་ལྡན་ཚོགས་སྲིད་འདུད། །རྫོད་བྱེད་སྟོན་དང་རྣལ་འབྱོར་འཁོར་དང་བཅས། །བརྗོད་བྱ་ཕུར་བུ་བཞི་དོན་བསྡུས་རྒྱས་ཡིན། །སྒྲ་དང་དོན་སྤྱི་འབྲེལ་བ་བརྗོད་པའོ། །དང་པོ་ལྟ་བའི་གཞུང་དང་རང་བཞིན་འབྲེལ། །གཉིས་པ་སྙིང་རྗེའི་ཚོགས་དང་འགྲོ་བ་འབྲེལ། །གསུམ་པ་ཐབས་དང་ཤེས་རབ་དགོངས་པར་འབྲེལ། །བཞི་པ་ལས་དང་ཐུགས་རྗེས་གདུལ་བྱ་འབྲེལ། །མཐའ་གཉིས་འཇོམས་དང་འཁོར་བ་མི་གཏོང་དང་། །སྡུག་བསྔལ་སེལ་དང་གདུལ་བྱ་འདུལ་བ་སྟེ། །གོ་རིམ་བཞིན་དུ་སྒྲ་བཞི་ཤེས་པའི། དགོས་པ་བསྟན་པ་ཡིན། །ཆོས་སྐུ་ལོངས་སྐུ། བདེ་བ་ཆེན་པོ། བསོད་ནམས་སྤྲུལ་པའི་སྐུ། །ཡང་སྒོས་ཡིན་ཏེ་དགོས་འབྲེལ་སྤྱི་དོན་བཤད། །ཆུ་དང་འོ་མ་ངང་པའི་མཆུས་འབྱེད་ལྟར། །ཤེས་རབ་སྟོབས་ཀྱིས་བཀའ་བརྒྱུད་མཐའ་དག་ལ། །སྒྲ་གཅིག་དོན་མང་ལ་སོགས་བྱེ་བྲག་རྣམས། །མཁས་པ་དགའ་བ་བསྐྱེད་ཕྱིར་བརྩམ་པར་བྱེད། །རྒྱུད་ལུང་མན་ངག་ཀུན་དང་མི་འགལ་ཞིང་། །བཀའ་ལ་སྣང་ཞིང་འཐད་པའི་གཏན་ཚིགས་འདི། །རྣལ་འབྱོར་ཀུན་གྱིས་ཉམས་སུ་བླང་བར་རིགས། ༈ །གླེང་གཞི་དང་ནི་མཚན་ཉིད་རབ་དབྱེ་དང་། །རང་ངོ་བཏབ་ཡུལ་དང་ནི་དགོས་ཆེད་དང་། །བཏབ་ཐབས་ཐེབས་པའི་རྟགས་དང་མ་ཐེབས་སྐྱོན། །ཐབས་ཀྱི་གྲོགས་དང་གནས་དང་དུས་དག་དང་། །རྒྱུ་དང་འབྲས་བུ་ལས་དང་དཀྱིལ་འཁོར་དང་། །དགུག་དང་གཞུག་དང་བཅིང་དང་དབང་བྱ་དང་། །མནན་དང་བཟློག་དང་བསྙེན་དང་སྒྲུབ་པ་དང་། །སྡུད་དང་སྤར་དང་བསྲེག་དང་བསྟབ་པ་དང་། །དཔྲལ་དང་བདུག་དང་གཏོར་མ་དུག་རྫས་དང་། །མཇུག་བསྡུ་བ་སྟེ་བསྡུས་དོན་སུམ་ཅུ་གསུམ། །སྔོན་བྱུང་འདས་པའི་དུས་ན་སངས་རྒྱས་རྣམས། །གདུལ་བྱ་རྣམས་ལ་ཕན་པར་དགོངས་པ་ན། །དང་པོ་ཡེ་ཤེས་ཆེ་ལ་སྙོམས་ཞུགས་ཏེ། །གཉིས་པ་སྙིང་རྗེས་ཀུན་ལ་ཁྱབ་མཛད་ཅིང་། །གསུམ་པ་ཤེས་རབ་ཐབས་ཀྱི་སྦྱོར་བ་མཛད། །བཞི་པ་དཀྱིལ་འཁོར་གསུམ་དུ་རྣམ་སྤྲུལ་ནས། །གདུལ་བྱའི་དབང་དུ་འགྲོ་དོན་རྫོགས་པར་མཛད། །རྒྱུད་ཀུན་ལས་སྣང་སྔོན་གྱི་གླེང་གཞི་ཡིན། །དང་པོའི་མཚན་རིག་པ་ཡེ་ཤེས་ཀྱི་ཕུར་པ། ཉིད་སྟོང་ཞིང་བདག་མེད་པ། །གཉིས་པ་སྙིང་རྗེས་ཚད་མེད་སྙིང་རྗེའི་ཕུར་པ། གདུང་ཞིང་ཕན་འདོགས་པ། །གསུམ་པ་ཆོས་བྱང་ཆུབ་སེམས་ཀྱི་ཕུར་པ། ཀུན་བདེ་བའི་ངང་དུ་གསལ། །བཞི་པ་ལས་མཚན་མ་རྫས་ཀྱི་ཕུར་པ། བཞིས་དོན་སྒྲུབ་མཚན་ཉིད་ཡིན། །རབ་དབྱེ་ཡེ་ཤེས་སྤྲོས་མེད་སྤྲོས་བཅས་གཉིས། །སྤྲོས་མེད་བརྗོད་བྲལ་ཡེ་ནས་གཉིས་སུ་མེད། །ཡེ་ཤེས་ཆེན་པོ་ཀུན་གྱི་ངོ་བོར་གནས། །སྤྲོས་བཅས་ཡེ་ཤེས་ཆེན་པོས་ཀུན་ཁྱབ་དང་། །མ་འགགས་སྣང་བའི་རང་བྱུང་ཡེ་ཤེས་དང་། །དོན་གཅོད་རིག་པའི་ཡེ་ཤེས་གསུམ་དུ་གསུངས། །དེ་ལས་སྤྲོས་པ་ཡེ་ཤེས་བསམ་ཡས་སོ། །སྙིང་རྗེ་སྙིང་རྗེ་ཆེ་དང་མཆོག་དང་གསུམ། །སྙིང་རྗེ་ངན་འགྲོ་སྡུག་བསྔལ་ཅན་ལའོ། །ཆེན་པོ་ཁམས་གསུམ་མཐའ་དག་ཀུན་ལ་འབྱུང་། །མཆོག་ནི་ཉན་ཐོས་ལ་སོགས་འཕགས་ལའོ། །ལྷག་པའི་སེམས་ལ་རྣམ་པ་གསུམ་ཡོད་དེ། །བདེ་བའི་སེམས་དང་བདེ་ཆེན་བདེ་མཆོག་གོ། །ཐ་མ་འབྲིང་དང་རབ་ཏུ་བསྟན་པ་ཡིན། །རྫས་ཀྱི་ཕུར་པ་བསྡུ་ན་རྣམ་པ་བཞི། །ཞི་རྒྱས་དབང་དྲག་སོ་སོའི་མཚན་ཉིད་ཡིན། །གདུལ་བྱ་ཐབས་སུ་བསྟན་པ་བསམ་མི་ཁྱབ། །དོན་བཞི་རང་གི་ངོ་བོར་གསུངས་པ་ནི། །བྱང་ཆུབ་སེམས་ཉིད་ཀུན་གྱི་ངོ་བོ་སྟེ། །དང་པོ་དོན་དམ་གསུམ་ནི་ཀུན་རྫོབ་ཡིན། །སེམས་ཀྱི་རང་བཞིན་སེམས་ཀྱི་རྣམ་པའོ། །ཡུལ་ནི་དབྱིངས་དང་འགྲོ་བ་མཁའ་དང་ནི། །གདུལ་བྱ་གང་ཡིན་དེ་དག་གོ་རིམ་བཞིན། །མཐའ་གཉིས་འཇོམས་དང་ལས་དང་ཉོན་མོངས་སེལ། །སྡུག་བསྔལ་སྟོང་དང་འགྲོ་བའི་དོན་འགྲུབ་པ། །ཕུར་བུ་བཞི་བཏབ་དགོས་ཆེད་ཡིན་ཞེས་གསུངས། །ཐབས་ནི་ལུས་དང་མན་ངག་མཐར་ཕྱིན་དང་། །དོན་དམ་རྟོགས་དང་ཚད་མེད་གྲོགས་ཚང་དང་། །ཤེས་རབ་ཐབས་ཀྱི་ཡན་ལག་ཚང་བ་དང་། །གདུལ་བྱའི་བསམ་པའི་དགོངས་པ་རྫོགས་པ་དང་། །འདི་ནི་ཕུར་བུ་བཏབ་པའི་ཐབས་བཞི་ཡིན། །ཅི་ལའང་མ་ཆགས་མི་གཡོ་གཉིས་འཛིན་བྲལ། །སྙིང་རྗེས་སེམས་ཅན་དོན་ལ་སྐྱོ་བ་མེད། །ཆོ་འཕྲུལ་ཐབས་ཀྱིས་ཕྱག་རྒྱའི་འཕྲོ་འདུ་གསལ། །རྟགས་དང་མཚན་མ་དུས་སུ་ཕྱིན་པ་ནི། །ཕུར་བུ་ཐེབས་པའི་རྟགས་བཞི་གོ་རིམ་བཞིན། །ཡོད་མེད་ལ་སོགས་མཐའ་ལས་འཆལ་བ་དང་། །ཐབས་མེད་ཤེས་རབ་བྲལ་ཞིང་རྨོངས་པ་དང་། །དངོས་རྟོག་སྤྱོད་པ་བརླང་པོར་སྤྱོད་པ་དང་། །རྫས་ལ་འཆའ་ཞིང་དོན་ལ་ཉམས་པ་ནི། །མུ་སྟེགས་ཉན་ཐོས་མངལ་གྱི་སྲིན་བུ་དང་། །ལས་ཀྱི་སྲིན་པོར་སྐྱེས་ཏེ་གོ་རིམ་བཞིན། །དེ་ལས་ལྡོག་པ་ཡོན་ཏན་ཡིན་པར་གསུངས། །དེ་ཡི་གྲོགས་ནི་དད་དང་དམ་ཚིག་དང་། །སྤྱོད་དང་ཏིང་ངེ་དང་བྱིན་རླབས་ལྔའོ། །སེམས་ཀྱིས་མཉམ་པའི་དོན་གཉིས་འདོད་པ་དང་། །སྙིང་རྗེས་འགྲོ་བའི་དོན་ལ་དང་བ་དང་། །སྦྱོར་བའི་སྙོམས་འཇུག་དོན་ལ་མོས་པ་དང་། །མཐུ་ཡིས་གདུལ་བྱའི་དོན་དུ་ཡིད་ཆེས་པ། །རྣལ་འབྱོར་དད་པ་རྣམ་བཞི་གོ་རིམ་བཞིན། །ལྟ་བས་གཉིས་མེད་དོན་ལས་མི་འདའ་ཞིང་། །སྤྱོད་པས་འགྲོ་བའི་དོན་ལ་སྐྱོ་བ་མེད། །དགོངས་པས་བདེ་ཆེན་དོན་ལ་འདུ་འབྲལ་མེད། །ཐབས་ཀྱིས་གདུལ་བྱའི་དོན་ལ་ལེ་ལོ་མེད། །ལྟ་སྤྱོད་མི་སྤང་དང་བླང་དམ་ཚིག་བཞི། །མི་འདའ་དམ་ཚིག་རྣམ་བཞི་གོ་རིམ་བཞིན། །རྣམ་པ་གཅིག་ཏུ་ཇི་ལྟར་གྲགས་པ་ཡི། །གསང་བའི་དམ་ཚིག་རྣམས་ནི་ཅི་རིགས་བསྲུང་། །བླང་དོར་མེད་པ་མཉམ་ཉིད་སྤྱོད་པ་དང་། །བྱམས་སྡང་མེད་པ་སྙིང་རྗེའི་སྤྱོད་པ་དང་། །འདུ་འབྲལ་མེད་པ་གཡེང་བྲལ་སྤྱོད་པ་དང་། །ཅི་འདུལ་ཐབས་དང་མཚན་མའི་སྤྱོད་པ་སྟེ། །རྣལ་འབྱོར་དང་བླང་སྤྱོད་བཞི་གོ་རིམ་བཞིན། །མཉམ་པ་ཆེན་པོ་སྟོང་པའི་ཏིང་འཛིན་དང་། །སྙིང་རྗེ་འགྲོ་བའི་དོན་ལ་རྩེ་གཅིག་དང་། །བདེ་བ་ཆེན་པོའི་ངང་ལ་སྙོམས་འཇུག་དང་། །ཐབས་ཀྱི་ཏིང་འཛིན་ཆོ་འཕྲུལ་སྣ་ཚོགས་སྟོན། །དེ་བཞིན་ཉིད་དང་ཀུན་སྣང་བདེ་རྒྱུ་རིམ་པ་བཞིན། །ལྟ་བས་ཆོས་ཀྱི་སྐུ་རུ་བྱིན་བརླབས་དང་། །སྙིང་རྗེས་འགྲོ་ལ་ཕན་པར་བྱིན་བརླབས་དང་། །བྱང་ཆུབ་སེམས་ཀྱིས་གཟི་བྱིན་བསྐྱེད་པ་དང་། །ཐབས་ཀྱིས་མཐུ་དཔུང་ཆེ་བར་བྱིན་བརླབས་པ། །རྣམ་པ་བཞི་པོ་གོ་རིམ་བཞིན་དུ་སྦྱར། །སངས་རྒྱས་རྣམས་ཀྱི་ཐུགས་དང་ཆོས་ཀྱི་དབྱིངས། །རང་གི་ཡིད་དང་དོན་དམ་བྱང་ཆུབ་དང་། །བདེ་ཆེན་སྐུ་ཡི་ཕོ་བྲང་ཏིང་འཛིན་དང་། །ཕྱི་ནང་གསང་བའི་གནས་ཏེ་རྣམ་བཞི་ནི། །རྣམ་བཞི་སྒྲུབ་པའི་གནས་སུ་རྒྱལ་བས་གསུངས། །ལུང་དང་མན་ངག་ཚད་དུ་ཕྱིན་པ་དང་། །དོན་དམ་བྱང་ཆུབ་སེམས་ལ་ཡིད་ཆེས་དང་། །ཤེས་རབ་ཐབས་ཀྱི་ཏིང་འཛིན་གསལ་བ་དང་། །གདུལ་བྱ་གང་གི་དུས་ལ་བབ་པ་ཡི། །ཕྱི་ནང་དུས་སུ་བསྟན་པ་རྣམ་བཞི་ནི། །ཕུར་བུ་བཞི་ཡི་དུས་ཚོད་གོ་རིམ་བཞིན། །རྒྱུ་རྐྱེན་མེད་པར་རང་སེམས་གནས་འགྱུར་དང་། །རང་གི་སེམས་དང་འགྲོ་བའི་སྡུག་བསྔལ་དང་། །ཐབས་དང་ཤེས་རབ་དགོངས་པ་མཐུན་པ་དང་། །རིན་ཆེན་སྲོག་རྩ་ཕུར་བ་རྫས་ཀྱི་རྒྱུ། །གསང་དང་ཡེ་ཤེས་ས་བོན་ཁྲོ་བོའི་རྒྱུ། །རྒྱུ་བཞི་གོ་རིམ་བཞིན་དུ་བསྟན་པའོ། །རྣམ་སྨིན་འབྲས་བུ་ཆོས་སྐུར་འགྲུབ་པ་དང་། །རྒྱུ་མཐུན་སྙིང་རྗེ་འགྲོ་ལ་འཚམས་པར་སྐྱེ། །སྐྱེས་བུ་བྱེད་པ་དེ་ལ་ཉམས་མྱོང་བྱེད། །འདུལ་བྱེད་དབང་གིས་གདུལ་བྱ་འཚམས་པར་སྦྱོར། །དྲི་མེད་འབྲས་བུ་ཀུན་ལ་ཁྱབ་པར་གནས། །འབྲས་བཞི་དོན་བཞི་འཚམས་པར་མཁས་པས་བཤད། །ཡེ་ཤེས་ཕྲིན་ལས་མཐའ་གཉིས་འཇོམས་ཤིང་སྲེག །ཐུགས་རྗེའི་ཕྲིན་ལས་འགྲོ་བ་གནས་སུ་སྟོབ། །བྱང་ཆུབ་ཕྲིན་ལས་སྡུག་བསྔལ་ཕུང་པོ་སྲེག །སྤྲུལ་པའི་ཕྲིན་ལས་འདུལ་དབང་དོན་མཐར་ཕྱིན། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀུན་ལ་ཁྱབ། །སྤྲོས་མེད་སྙིང་པོ་རིག་པས་ལེན་པ་དང་། །ཐུགས་རྗེའི་སྙིང་པོ་མཛད་པས་ལེན་པ་དང་། །བདེ་ཆེན་སྙིང་པོ་སྙོམས་པར་འཇུག་པས་ལེན། །ནན་ཏན་སྙིང་པོས་ཕྲིན་ལས་རྒྱ་མཚོ་ལེན། །སྙིང་པོ་ལེན་ཕྱིར་མཎྜལ་གོ་རིམ་བཞིན། །ཡང་ན་སྤྲོས་མེད་དེ་བཞིན་ཉིད་དང་ནི། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསུངས་པ་དང་། །ལུས་དང་བྷ་གའི་དཀྱིལ་འཁོར་ཉིད་དང་ཡང་། །མཚན་མ་དབྱིབས་ཀྱི་དཀྱིལ་འཁོར་དེ་རིམ་བཞིན། །དབྱིབས་ནི་ཟུར་གསུམ་ཟླ་གམ་གསུམ་ལ་གྲུ་ཆད་རྒྱན། །སྒོ་དང་སྒོ་ཁྱུད་རྟ་བབས་ར་བས་བརྒྱན། །དབྱིངས་ལས་ཡེ་ཤེས་གསུམ་སྣང་གྲུ་གསུམ་སྟེ། །རྟག་ཆད་དབུ་མར་མངའ་བརྙེས་ཟླ་གམ་ཡིན། །ཡེ་ཤེས་ཀུན་ཏུ་རྒྱས་ཕྱིར་གྲུ་ཆད་བཞི། །སྤྲོས་པ་མེད་པའི་ཚུལ་གྱིས་ཀུན་ནས་ཟླུམ། །རིག་པ་ཤར་སྒོ་ཡོན་ཏན་ལྷོ་ཡི་སྒོ། །མ་རིག་ནུབ་སྒོ་བག་ཆགས་བྱང་ཞེས་བྱ། །ཡོན་ཏན་མི་ཟད་སྒོ་ཁྱུད་རྣམ་ཐར་བརྒྱད། །རྟ་བབས་མི་ཕྱེད་རྡོ་རྗེའི་ཕྲེང་ལས་བརྒྱན། །རིག་པ་རང་གི་བྱེ་བྲག་ལྷ་རྣམས་བཀོད། །དང་པོའི་དོན་ལ་དཀྱིལ་འཁོར་རིམ་པའོ། །བྱང་ཆུབ་སེམས་ཉིད་སྐུ་གསུང་ཐུགས་ཟུར་གསུམ། །ལུས་དང་ངག་ཡིད་དོན་དབང་ཟླ་གམ་ཡིན། །ཚད་མེད་ཀུན་ཏུ་རྒྱས་ཕྱིར་གྲུ་བཞིའོ། །ཐུགས་རྗེ་ཉིད་ཀྱང་སྤྲོས་བྲལ་ཀུན་ནས་ཟླུམ། །སྒོ་བཞི་ཚད་མེད་བཞི་ཡི་རང་བཞིན་ལ། །འདྲེན་ཐབས་བསམ་གྱིས་མི་ཁྱབ་སྒོ་ཁྱུད་ཚུལ། །རྣམ་ཐར་བརྒྱད་ཀྱི་ལམ་སྟེགས་རྟ་བབས་ལ། །སྙིང་རྗེ་འགྲོ་དང་མི་ཕྱེད་རྡོ་རྗེའི་ཕྲེང་། །ལྷ་ཚོགས་ཐབས་ཀྱི་བྱེ་བྲག་བསམ་ཡས་བཀོད། །གཉིས་པའི་དོན་ལ་དཀྱིལ་འཁོར་རིམ་པའོ། །ཐབས་ཀྱི་སྐུ་གསུང་ཐུགས་ནི་ཟུར་གསུམ་སྟེ། །ཤེས་རབ་སྐུ་གསུང་ཐུགས་ནི་ཟླ་གམ་ཡིན། །ཡན་ལག་བཞི་བཞི་རྒྱས་པའི་གྲུ་ཆད་འབར། །ཐབས་ཤེས་ཡན་ལག་དང་པོ་ཀུན་ནས་ཟླུམ། །ལུས་ཀྱི་སྒོ་བཞི་ཡན་ལག་སྒོ་ཁྱུད་ལྡན། །རྣམ་ཤེས་བརྒྱད་ནི་རྟ་བབས་མི་ཕྱེད་རྡོ་རྗེའི་ཕྲེང་། །ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་རྣམས་བཀོད། །གསུམ་པའི་དོན་ལ་དཀྱིལ་འཁོར་རིམ་པའོ། །དྲག་པོ་གྲུ་གསུམ་དབང་ལ་ཟླ་གམ་སྟེ། །རྒྱས་པ་ལྷམ་པ་བཟླུམ་པོ་ཞི་བའི་ཚུལ། །འཇུག་པའི་སྒོ་བཞི་འཚམས་པའི་སྒོ་ཁྱུད་ཅན། །འབབ་སྟེགས་བརྒྱད་དང་རྡོ་རྗེའི་ཕྲེང་བས་བསྐོར། །བདག་ཕུར་ཁྲོ་བོའི་ཚོགས་ཀྱི་ལྷ་རྣམས་བཀོད། །བཞི་བའི་དོན་ལ་དཀྱིལ་འཁོར་རིམ་པའོ། །ཡི་གེ་ཚད་མེད་བདུད་རྩི་རྡུལ་ཚོན་ལྔ། །སོ་སོའི་ཚོན་གྱི་ངོ་བོར་ཤེས་པར་བྱ། །དེར་འཇུག་རིམ་པ་དག་ཀྱང་ཅི་རིགས་སྦྱར། །ཡེ་ཤེས་རྩལ་གྱིས་མཐའ་གཉིས་དབུ་མར་འགུག །ཐུགས་རྗེས་ལས་དང་ཉོན་མོངས་གནས་སུ་འདྲེན། །བྱང་ཆུབ་སེམས་ཀྱིས་སྡུག་བསྔལ་བདེ་བར་འདྲེན། །སྤྲུལ་པའི་ཕོ་ཉས་དགྲ་བགེགས་མྱུར་དུ་འགུག །དགུག་པ་རྣམ་བཞི་གོ་རིམ་བཞིན་དུ་སྦྱར། །ཡེ་ཤེས་ཆེན་པོས་མཐའ་གཉིས་དབུ་མར་གཞུག །ཐུགས་རྗེས་ལས་དང་ཉོན་མོངས་གྲོལ་བར་གཞུག །སྦྱོར་བས་སྡུག་བསྔལ་ཕུང་པོ་བདེ་བར་བསྟིམ། །ཞགས་པས་འགལ་བྱེད་རྣམ་ཤེས་རྟེན་ལ་གཞུག །གཞུག་པའི་དོན་བཞི་གོ་རིམ་ཇི་ལྟ་བའོ། །ཡེ་ཤེས་སྒྲོག་གིས་མཐའ་གཉིས་དབུ་མར་བཅིངས། །ཐུགས་རྗེས་ལས་དང་ཉོན་མོངས་ཐར་པར་བཅིངས། །སྦྱོར་བས་སྡུག་བསྔལ་ཕུང་པོ་བདེ་བར་བཅིངས། །ཕོ་ཉའི་སྒྲོག་གིས་དགྲ་བགེགས་རྟེན་ལ་བཅིངས། །མཐའ་གཉིས་དང་ནི་ལས་དང་ཉོན་མོངས་དང་། །འཁོར་བ་སྡུག་བསྔལ་དམ་འགལ་དགྲ་བགེགས་བཞི། །རིམ་བཞིན་ཕུར་པ་བཞི་ཡིས་དབང་དུ་བྱའོ། །རྟག་ཆད་ལས་དང་ཉོན་མོངས་སྡུག་བསྔལ་དང་། །དགྲ་བགེགས་ཕྱིས་མི་འཕེལ་བར་དོན་བཞིས་མནན། །རིག་པའི་རྩལ་གྱིས་རྟག་ཆད་མཐའ་ལས་ཟློག །ལས་དང་ཉོན་མོངས་ཐུགས་རྗེའི་ཤུགས་ཀྱིས་ཟློག །མཚན་མའི་སྡུག་བསྔལ་བདེ་བའི་དགོངས་པས་ཟློག །བར་གཅོད་དགྲ་བགེགས་སྤྲུལ་པའི་མཚམས་ཀྱིས་ཟློག །ལུང་དང་མན་ངག་ཚད་མས་ཡེ་ཤེས་བསྙེན། །དོན་དམ་རྟོགས་པའི་ཤུགས་ཀྱིས་སྙིང་རྗེ་བསྙེན། །སྦྱོར་བའི་ཡན་ལག་ཐབས་ཀྱིས་བདེ་ཆེན་བསྙེན། །མཚན་མ་དུས་དང་གྲངས་ཀྱིས་གྲུབ་རྟགས་བསྙེན། །སྒྲུབ་ལ་མཆོད་དང་རྫས་དང་ཕྱག་རྒྱ་དང་། །ཏིང་འཛིན་བཟླས་པ་ཉམས་སུ་བླང་བ་ལྔའོ། །ཀུན་བཟང་མཆོད་པས་ཡེ་ཤེས་ལྷ་རྣམས་མཉེས། །ཕྱི་ནང་མཆོད་པས་ཐུགས་རྗེའི་ལྷ་ཚོགས་ཐིམ། །གྷ་ཎ་མཆོད་པས་བདེ་ཆེན་ལྷ་ཚོགས་མཉེས། །དམ་རྫས་མཆོད་པས་སྤྲུལ་པའི་ལྷ་ཚོགས་ཐིམ། །ལུང་དང་མན་ངག་རྫས་བརྟེན་གཉིས་བྲལ་སྒྲུབ། །ཤེས་རབ་སྙིང་རྗེའི་རྫས་བརྟེན་འགྲོ་དོན་སྒྲུབ། །གཙོ་གཟུངས་ཐབས་ལ་བརྟེན་ནས་བདེ་ཆེན་སྒྲུབ། །ཕུར་པ་རྫས་ལ་བརྟེན་ནས་འདོད་པ་སྒྲུབ། །སྐུ་དང་གསུང་ཐུགས་ལས་ཀྱི་ཕྱག་རྒྱ་བཞི། །ཆོས་སྐུ་ལོངས་སྐུ་བདེ་བ་སྤྲུལ་པའི་སྐུ། །ཕུར་བུ་སྐུ་ཡི་ཕྱག་རྒྱ་རྣམ་བཞིར་གསུངས། །དོན་གསུང་སྒྲ་གསུང་སྔགས་གསུང་སྤྲུལ་པའི་གསུང་། །ཕུར་བུ་གསུང་གི་ཕྱག་རྒྱ་རྟགས་བཞིར་གསུངས། །མི་རྟོག་སྙིང་རྗེ་བདེ་ཐུགས་ཀུན་མཁྱེན་ཐུགས། །འབར་བའི་སྲོག་བཞི་ཐུགས་ཀྱི་ཕྱག་རྒྱར་བཤད། །ཞི་རྒྱས་དབང་དྲག་ལས་ཀྱི་ཕྱག་རྒྱ་སྟེ། །ཡེ་ཤེས་ཆེན་པོས་རྟག་ཆད་དངོས་པོ་བཞི། །སྙིང་རྗེ་ཆེན་པོས་ལས་དང་ཉོན་མོངས་ཞི། །བདེ་བ་ཆེན་པོས་མཚན་མའི་སྡུག་བསྔལ་ཞི། །ཞི་བའི་ཕུར་པས་གདུག་རྩུབ་དངོས་པོ་ཞི། །དེ་ཕྱིར་ཞི་བ་ལས་ཀྱི་ཕྱག་རྒྱའོ། །གཉིས་མེད་ཡེ་ཤེས་ངང་ལས་ཚོགས་གཉིས་རྒྱས། །བྱང་ཆུབ་སྙིང་རྗེའི་ངང་ལས་ཚད་མེད་རྒྱས། །མཁའ་གསང་སྦྱོར་བའི་ངང་ལས་བདེ་བ་རྒྱས། །འཕྲོ་འདུ་སྤྲུལ་པའི་ངང་ལས་ཆོ་འཕྲུལ་རྒྱས། །དེ་ཕྱིར་རྒྱས་པ་ལས་ཀྱི་ཕྱག་རྒྱའོ། །དབང་བཞི་གོང་དུ་བཤད་པ་དེ་དང་མཚུངས། །ཡེ་ཤེས་དྲག་པོས་རྟག་ཆད་དངོས་པོ་གསོད། །ཐུགས་རྗེ་དྲག་པོས་ལས་དང་ཉོན་མོངས་གསོད། །མཁའ་དབྱིངས་དྲག་པོས་སྡུག་བསྔལ་ཕུང་པོ་གསོད། །དྲག་པོའི་ཕུར་པས་བར་གཅོད་དགྲ་བགེགས་གསོད། །དེ་ཕྱིར་དྲག་པོ་ལས་ཀྱི་ཕྱག་རྒྱའོ། །རྟོགས་པའི་ཡེ་ཤེས་ཏིང་འཛིན་ཀུན་ཁྱབ་གདལ། །ཁྱབ་པ་སྙིང་རྗེའི་ཏིང་འཛིན་རྒྱུན་མི་ཆད། །བདེ་བ་ཆེན་པོའི་ཏིང་འཛིན་རྩེ་གཅིག་གསལ། །སྤྲུལ་པ་ཕྱག་རྒྱའི་ཏིང་འཛིན་ཆར་ལྟར་འབེབས། །ཉམས་སུ་བླང་བའི་ཏིང་འཛིན་རྣམ་བཞིའོ། །རིག་པ་རྩལ་གྱིས་གཉིས་མེད་དོན་ལ་བཟླས། །སྙིང་རྗེ་འཁོར་བ་མ་སྟོངས་བར་དུ་བཟླས། །བདེ་བ་མ་རྙེད་བར་དུ་སྦྱོར་བ་བཟླས། །ལས་རྣམས་མ་གྲུབ་བར་དུ་སྙིང་པོ་བཟླས། །ཉམས་སུ་བླང་བའི་བཟླས་བརྗོད་སྒྲུབ་པའོ། །དང་པོར་ཆོས་ཀུན་མཉམ་ཉིད་ངང་དུ་བསྡུ། །གཉིས་པ་ཐམས་ཅད་སྙིང་རྗེའི་ཞིང་དུ་བསྡུ། །གསུམ་པ་ཡབ་ཡུམ་བདེ་བའི་ངང་དུ་བསྡུ། །བདག་ཕུར་གཟས་གསུམ་གྲུབ་མཐའ་གཅིག་ཏུ་བསྡུ། །རྣམ་པ་བཞི་ཡང་དབྱེར་མེད་ཐིག་ལེར་བསྡུ། །ཆོས་རྣམས་ཐམས་ཅད་མཉམ་པའི་ངང་དུ་སྤར། །སྙིང་རྗེས་ལས་དང་ཉོན་མོངས་གྲོལ་བར་སྤར། །ཡབ་ཡུམ་མཁའ་ལ་འཁོར་བའི་སྡུག་བསྔལ་སྤར། །བསྒྲལ་བའི་རྣམ་ཤེས་འཆི་མེད་གནས་སུ་སྤར། །ཡེ་ཤེས་མེ་ཡིས་རྟག་ཆད་དངོས་པོ་བསྲེག །ལས་དང་ཉོན་མོངས་ཐུགས་རྗེའི་མེ་ཡིས་བསྲེག །བྱང་ཆུབ་ཟེར་གྱིས་བསྡུག་བསྔལ་བུད་ཤིང་བསྲེག །སྤྲུལ་པའི་མེ་ཡིས་འགལ་བྱེད་ཤ་རུས་བསྲེག །བླ་མེད་ནང་གསང་ཕྱི་ཡི་སྦྱིན་སྲེག་ཡིན། །རྟག་ཆད་དངོས་པོ་ཡེ་ཤེས་ཞལ་དུ་བསྟབ། །ལས་དང་ཉོན་མོངས་ཐུགས་རྗེའི་ཞལ་དུ་བསྟབ། །སྡུག་བསྔལ་ཕུང་པོ་ཡབ་ཡུམ་མཁའ་ལ་བསྟབ། །བསྒྲལ་བའི་ཤ་ཁྲག་ཁྲོ་རྒྱལ་ཞལ་དུ་བསྟབ། །ཞེན་པའི་སེམས་དང་རྟག་ཆད་དངོས་པོ་ཕྲལ། །སྙིང་རྗེའི་ཞིང་རྣམས་སྡུག་བསྔལ་ཁུར་དང་ཕྲལ། །བདེ་བ་འདོད་པ་གཡེང་བའི་སྐྱོན་དང་བྲལ། །དམ་ལ་གནོད་པ་འགོ་བའི་ལྷ་དང་བྲལ། །རྟག་ཆད་མཐའ་ལ་དབུ་མའི་དྲི་ཡིས་བདུག །སྙིང་རྗེའི་ཞིང་ལ་འདུལ་ཁྲིམས་དྲི་ཡིས་བདུག །བདེ་བར་མོས་ལ་སྙོམས་འཇུག་དྲི་ཡིས་བདུག །འགལ་བྱེད་མྱོས་ཕྱིར་གུ་གུལ་སོགས་ཀྱིས་བདུག །ཡེ་ཤེས་དབྱིངས་ཀྱི་གཏོར་མས་ཀུན་ལ་ཁྱབ། །ཚད་མེད་སྙིང་རྗེའི་གཏོར་མས་ཀུན་ལ་ཕན། །བཀྲ་གསལ་ཏིང་འཛིན་གཏོར་མ་བདེ་བས་ཁྱབ། །ཁྱད་པར་ཕྲིན་ལས་གཏོར་མས་འདོད་པ་སྒྲུབ། །མཐའ་གཉིས་འཆིང་བྱེད་རྟག་ཆད་ཞེན་པའི་དུག །ལས་དང་ཉོན་མོངས་དུག་གིས་ངན་སོང་གནས་སུ་འཆི། །གཡེང་བ་མང་པོའི་དུག་གིས་སྡུག་བསྔལ་རྒྱ་མཚོར་འཆི། །སྦྱར་སོགས་དུག་གིས་ལུས་དང་སེམས་སུ་འབྲལ། །ལྟ་བ་རྩ་བ་གཡེངས་པ་རྫས་ཀྱི་དུག །མཇུག་བསྡུས་པ་ལ་དངོས་གྲུབ་བླང་བ་དང་། །དབང་བསྐུར་བ་དང་དམ་ཚིག་བླང་བ་དང་། །བཤགས་དང་ལས་ཀྱི་ལྷག་ཆད་བསྐང་བ་དང་། །གོ་ཆ་དང་ནི་འགྲོ་ཉལ་འདུག་སྡོད་དང་། །རྒྱུན་གྱི་ཏིང་ངེ་འཛིན་དང་བཅུ་གཅིག་གོ། །ཁྱད་པར་ཆོས་སྐུའི་དངོས་གྲུབ་དང་པོ་ཡིན། །འགྲོ་དོན་རྫོགས་པའི་དངོས་གྲུབ་གཉིས་པ་ཡིན། །བདེ་ཆེན་འདུ་འབྲལ་མེད་པར་གསུམ་པ་ཡིན། །ཐུན་མོང་ཇི་སྙེད་གྲགས་པ་བཞི་པའོ། །དེ་ཀུན་རང་སེམས་རྣམ་པ་ཡིན་པར་གསུངས། །གྲུབ་པ་གོང་ནས་འབྱིན་པ་ཕྱི་ཡི་ཚུལ། །རང་བྱུང་རྫོགས་ཆེན་བླ་ན་མེད་པའི་ཚུལ། །རྫས་ལ་བརྟེན་ནས་དབང་བསྐུར་བཞི་པ་ཡིན། །གསུམ་པ་ལ་ནི་གཙོ་ཟུངས་གསང་བའི་དབང་། །གཉིས་པ་ལ་ནི་ཤེས་རབ་རིག་པའི་དབང་། །དང་པོ་ལ་ནི་སྤྲོས་བྲལ་ཤིན་ཏུ་གསང་། །བསྐུར་བའི་དབང་ནི་རིམ་པར་བགྲོད་དགོས་ཀྱང་། །རིག་པ་རང་དབང་ཤིན་ཏུ་གཙོ་བར་གསུངས། །དང་པོ་ལ་ནི་མཉམ་པའི་དམ་ཚིག་སྟེ། །དེ་ལས་འདས་ན་མཐའ་གཉིས་མུན་པར་ལྟུང་། །གཉིས་པ་འགྲོ་དོན་རྫོགས་པའི་དམ་ཚིག་སྟེ། །དེ་ལས་འདས་ན་ཉན་ཐོས་ས་རུ་ལྟུང་། །གསུམ་པ་ལ་ནི་སྦྱོར་བའི་དམ་ཚིག་སྟེ། །དེ་ལས་འདས་ན་མངལ་གྱི་སྲིན་བུར་སྐྱེ། །བཞི་པ་ལ་ནི་སྤྱོད་པའི་དམ་ཚིག་སྟེ། །དངོས་པོར་སྤྱོད་ན་ལས་ཀྱི་སྲིན་པོར་སྐྱེ། །རྩ་བ་ཡན་ལག་ཇི་ལྟར་གྲགས་པ་རྣམས། །ལྟ་སྤྱོད་སྒྲུབ་དང་ལས་ཀྱི་བྱེ་བྲག་གིས། །སོ་སོའི་རིམ་པ་བཞིན་དུ་བསྲུང་ཤེས་བྱ། །ལྟ་བ་ཉམས་ན་ཆོས་ཉིད་ངང་དུ་སྒོམ། །སྤྱོད་པ་བདག་གཞན་གཉིས་སུ་མེད་པར་སྒོམ། །སྒྲུབ་པ་ཉམས་ན་བླང་དོར་མེད་པར་སྒོམ། །ཕྲིན་ལས་ཉམས་ན་གྲུབ་མཐའ་གཅིག་ཏུ་སྒོམ། །དོན་དམ་གཉིས་སུ་མེད་པའི་བྱེ་བྲག་བཞིའོ། །ཡང་ན་དོན་དམ་ལ་ནི་དོན་དམ་མོ། །རྣམ་པ་ཀུན་ལ་ཀུན་རྫོབ་སོ་སོར་བཤགས། །མཐའ་གཉིས་ལས་ཀྱི་རྟག་ཆད་དབུ་མར་བཤགས། །ལས་དང་ཉོན་མོངས་ཐུགས་རྗེ་ཆེ་ལ་བཤགས། །སྡུག་བསྔལ་ཕུང་པོ་ཡབ་ཡུམ་ངང་དུ་བཤགས། །ཕྲིན་ལས་རྟག་ཆད་སྤྲུལ་པའི་ལྷ་ལ་བཤགས། །གཉིས་སུ་མེད་པའི་དོན་ལ་བློ་བཞག་ན། །ཆོ་ག་ལྷག་གམ་ཆད་ཀྱང་ཉེས་པ་མེད། །ཡེ་ཤེས་གོ་ཆ་རྟག་ཆད་མཐའ་མི་བཤིག །སྙིང་རྗེའི་གོ་ཆ་ལས་ཀྱི་མཐུས་མི་བཤིག །སྡུག་བསྔལ་དཔུང་གིས་བདེ་བའི་གོ་མི་བཤིག །བར་ཆད་བྱེད་པས་ཕྱག་རྒྱའི་གོ་མི་བཤིག །མདོར་ན་སྟོང་པའི་གོ་ཆ་རབ་ཏུ་སྲ། །དང་པོ་དབུ་མའི་དོན་ལ་མ་ཡེངས་འགྲོ། །འགྲོ་ལ་སྙིང་རྗེའི་སེམས་འགྲོ་གཉིས་པའོ། །ཤེས་རབ་ཐབས་སུ་སྣང་གྲགས་རྟོག་གསུམ་པོ། །ཆོས་ཀུན་བདག་ཕུར་ཁྲོ་བོར་ལྟ་བ་སྟེ། །མདོར་ན་འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད་ཅེས་བྱའོ། །ཉལ་ཚེ་སྟོང་པའི་ངང་ལ་མནལ་བ་དང་། །སྙིང་རྗེ་ཆེན་པོའི་ངང་ལ་བཞག་པ་དང་། །རང་གི་ལྷ་མོ་སེམས་ལ་བསྡུས་ནས་ཀྱང་། །བདེ་བ་ཆེན་པོའི་ངང་ལས་མི་ཉམས་དང་། །དཀྱིལ་འཁོར་ཐམས་ཅད་རང་ལ་བསྡུས་ནས་སུ། །རང་ཉིད་ཡེ་ཤེས་ཐུགས་ལ་བསྡུས་ནས་ནི། །མ་ཡེངས་ལངས་ནས་དཀྱིལ་འཁོར་སླར་བསྐྱེད་བྱ། །འདུག་ཚེ་དེ་ཉིད་རྣམ་བཞི་བསམ་བྱ་སྟེ། །ཡེ་ཤེས་ཐུགས་རྗེ་བདག་དང་སྤྲུལ་པ་ཡིན། །དེ་ཉིད་སེམས་ཤིང་གཡེང་བ་གཞན་མི་བསམ། །སྐད་ཅིག་སྡོད་ཚེའང་རྒྱུན་གྱི་བསམ་མི་དོར། །ལུས་ངག་གཞན་དུ་སྤྱོད་ཀྱང་སེམས་ཉིད་དྲང་པོར་གནས། །རང་གི་ཏིང་འཛིན་ལེ་ལོའི་དབང་མི་བཏང་། །ལྟ་བས་རྒྱུན་དུ་མཉམ་པའི་དོན་མི་བཏང་། །མཛད་པས་རྒྱུན་དུ་འགྲོ་བའི་དོན་མཛད་ཅིང་། །ཐབས་དང་ཤེས་རབ་ལྡན་པས་རྒྱུན་དུ་སྒྲུབ། །སྤྲུལ་པའི་འཕྲོ་འདུ་རྒྱུན་དུ་ནན་ཏན་བྱ། །དེ་ལྟར་བྱས་ན་འབྲས་བུ་ཆུད་མི་ཟ། །ལྔ་ཕུང་མི་སྤང་དགོངས་པ་དཔལ་གྱི་སྐུ། །རྡོ་རྗེ་སེམས་དཔའ་ང་ཉིད་ཡིན་ཞེས་གསུངས། །ཐུབ་པས་བརྒྱད་ཁྲི་བཞི་སྟོང་གསུངས་པ་དང་། །གསང་སྔགས་རྒྱ་མཚོ་རྒྱུད་ལུང་མན་ངག་གི། །སྤྱི་ཡི་སྒྲུབ་པའི་ཐབས་ནི་དོན་བཞི་པོ། །ཕུར་བུ་སྒྲ་ཡི་སྐབས་སུ་བསྡུད་པ་ཡིན། །བཞི་རུ་བསྟན་ཀྱང་དོན་དུ་གཅིག་ལས་མེད། །གཅིག་ཉིད་རྟོགས་པར་བྱ་ཕྱིར་ཐ་དད་བསྟན། །བྱང་ཆུབ་སེམས་ནི་རྡོ་རྗེ་གཅིག་པུ་ཉིད། །གཅིག་པུ་ཉིད་དུ་མ་གྲུབ་ཀུན་གྱི་ངང་། །གཅིག་དང་དུ་མའི་བདག་ཉིད་ཆེན་པོ་ཡིན། །སྣང་དང་མི་སྣང་སྟོང་དང་མི་སྟོང་དང་། །ཡོད་དང་མེད་དང་དོན་དམ་ཀུན་རྫོབ་དང་། །རྟག་དང་ཆད་དང་བདེ་དང་སྡུག་བསྔལ་སོགས། །ཀུན་ཀྱང་བདག་ཉིད་ཆེན་པོའི་ངོ་བོ་ཡིན། །དེ་སྐད་རྒྱལ་བ་ཉིད་ཀྱི་ཞལ་ནས་གསུངས། །མཉམ་ཉིད་ཅན་གྱི་བློ་ལ་དེ་ལྟར་སྣང་། །བློ་ཞན་རྣམས་ལ་བསྟན་ན་ཡིད་ཆེས་མེད། །དེས་ན་སྒྲོ་སྐུར་སྟུང་བའི་སྒོར་འགྱུར་ཏེ། །དེ་བས་ཐུགས་ལ་བརྣག་ལ་ཁར་བྱུང་མིན། །དོན་འདིས་རྨོངས་ན་སྲིད་པའི་འཁོར་ལོར་འཁྱམས། །དགེ་དང་མི་དགེའི་དབང་འགྲོ་ཆུ་བོས་གཡེངས། །འདི་མེད་གཞན་གྱི་འབྲས་བུས་སངས་མི་རྒྱ། །འདི་དོན་རྟོགས་ན་འཁོར་བའི་གསེབ་ལས་ཐར། །དགེ་དང་མི་དགེ་ལས་ཀྱི་དབང་མི་འགྲོ། །མཐོང་བའི་ཆོས་ལ་མངོན་དུ་མ་གྱུར་ཀྱང་། །ཚེ་འདི་འདས་མ་ཐག་ཏུ་མངོན་དུ་འགྱུར། །དོན་གྱི་སྒྲ་བཞིའི་དགོངས་པ་མི་ཤེས་པར། །གསང་སྔགས་ཇི་བཞིན་སྒྲ་ཕྱིར་འབྲངས་པ་རྣམས། །སེང་གེའི་གཟུགས་ཀྱིས་ཝ་སྐད་འབྱིན་པ་དང་། །ཕོ་རོགས་འགྲོས་ཀྱིས་ས་གཞི་ཁོད་སྙོམས་འདྲ། །དེས་ནི་གསང་སྔགས་དགོངས་པ་མི་ཤེས་ཏེ། །དེ་མ་ཤེས་པས་དངོས་གྲུབ་རིང་དུ་སྤང་། །ཐབས་མཆོག་སླ་ཞིང་བདེ་བ་དག་གིས་ནི། །འབྲས་མཆོག་ཁྱད་པར་ཅན་རྙེད་ཕྱིར་མན་ངག །གསང་སྔགས་རྒྱ་མཚོའི་དགོངས་པའི་དོན་མཆོག་འདི། །ལུང་དང་མན་ངག་རིག་པས་ཐག་བཅད་དེ། །གབ་ཅིང་སྦས་པ་ཅུང་ཟད་གསལ་ཕྱེ་བའི། །བསོད་ནམས་གང་ཡིན་འགྲོ་བའི་དོན་དུ་བསྔོ། །རྫོགས་སོ།། །།སློབ་དཔོན་དྷ་ན་སཾསྐྲྀ་ཏའི་དགོངས་པ། བློ་ལྡན་མཆོག་སྲེད་ཀྱིས་བྲིས་ཏེ་མཛད། བོད་ཡུལ་དུ་སློབ་དཔོན་པདྨ་ཐོད་ཕྲེང་གིས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་གནང་། ལྕེ་ཤཱཀྱ་སིདྷ་དང་། བྲང་ཏི་ཛ་ཡ་རཀྵི་ཏས་སྒྲ་བསྒྱུར་བྱས་ཏེ་གབ་ཅིང་གསང་ངོ་། །ཨཐྎ།། །།

དཔལ་རྡོ་རྗེ་ཕུར་པའི་དྲག་སྔགས་མཆོག་ཏུ་གསང་བ་སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་བཅུད་ཕྱུངས་པ་ལང་ལབ་བྱང་ཆུབ་རྡོ་རྗེའི་མན་ངག་གཞན་ལ་མེད་པའི་ཁྱད་ཆོས་གུད་དུ་སྦས་པའི་སྐོར།

དཔལ་རྡོ་རྗེ་ཕུར་པའི་དྲག་སྔགས་མཆོག་ཏུ་གསང་བ་སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་བཅུད་ཕྱུངས་པ་ལང་ལབ་བྱང་ཆུབ་རྡོ་རྗེའི་མན་ངག་གཞན་ལ་མེད་པའི་ཁྱད་ཆོས་གུད་དུ་སྦས་པའི་སྐོར་རྣམས་བཞུགས་སོ། །ཨཐྎ། དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །ཕུར་པ་རྩ་དུམ་གྱི་མན་ངག་ཡང་དག་པ། ཐུགས་ཀྱི་ཉིང་ཁུ་སྒྲུབ་པ་ལས་ཀྱི་རྟགས་འབྱིན་པར་ཐུགས་ཀྱི་སྤུ་གྲི། གསང་བའི་སྒྲུབ་ཐབས། དགྲ་བོ་ཕུང་བར་བྱེད་པའི་ཕུང་སྒྲུབ། ལང་ལབ་བྱང་ཆུབ་རྡོ་རྗེ་སྣ་ནམ་ཤེས་རབ་ཚུལ་ཁྲིམས་ལ་གནང་བ་ལགས་སོ། །སྣ་ནམ་གྱི་ཐུགས་ཀྱི་ཕུར་གཅིག་ཅེས་བྱ་བ་དགྲ་བོ་ཕུག་པར་བྱེད་པའི་ཕུང་བསྒྲུབ་འདི་ལ། དང་པོ་ཐོད་པ་བཙལ་བའི་མན་ངག་བསྟན་པ་དང་༡། ཐོད་པ་ལ་དཀྱིལ་འཁོར་བྲི་བའི་མན་ངག་བསྟན་པ་དང་༢། ཐོད་པ་ཆས་སུ་གཞུག་པའི་མན་ངག་བསྟན་པ་དང་༣། སྔགས་བྲི་བའི་མན་ངག་བསྟན་པ་དང་༤། དྲག་སྔགས་བྲབ་པའི་མན་ངག་བསྟན་པའོ༥། ༈ །ཐོད་པ་བཙལ་བ་ལ། རང་བཀྲ་ཤིས་ཤིང་འཕེལ་བར་བྱ་བའི་ཐོད་པ་བཙལ་བ་དང་། དགྲ་བོ་ཕུང་ཞིང་ལག་པར་བྱ་བའི་ཐོད་པ་བཙལ་བ་དང་གཉིས་སོ། །རང་བཀྲ་ཤིས་ཤིང་འཕེལ་བར་བྱ་བ་ནི། ཕ་ཚན་ཆེ་བ། མི་འཕེལ་ཞིང་མང་བ། རྨང་བུ་མེད་མང་བའི་ཐོད་པ་གཅིག་ལ་ཕྲིན་ལས་རྣམ་པ་བཞིའི་དཀྱིལ་འཁོར་བྲིའོ། །མོ་ཐོད་ནི་ཕ་མིང་དར་བ་ཆོ་རིགས་ཆེ་བ་གཅིག་གི་ཐོད་པ་ལ་སྒྲུབ་པའི་དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་པ་བྲིའོ། །ཐོད་པ་དེ་གཉིས་ནི་རང་བཀྲ་ཤིས་ཤིང་འཕེལ་བར་བྱེད་པའི་རྫས་ཡིན་ཏེ་ཚོན་རྩི་བཟང་པོས་དཀྱིལ་འཁོར་ཁ་དོག་ལེགས་པར་བསྒྱུར་ལ། དུས་རྟག་ཏུ་རང་གི་སྔས་འོག་ཏུ་ཨེ་གྲུ་གསུམ་བྲུས་ལ་དེ་ལ་བསྙེན་སྒྲུབ་བྱའོ། །དགྲ་བོ་ཕུང་ཞིང་བརླག་པར་བྱེད་པའི་ཐོད་པ་ནི། ཕོ་ཐོད་མི་རྨང་ཞིང་བུ་ཚ་བུ་མོ་གང་ཡང་མེད་པའི་ཐོད་པ་གཅིག་ལ་གསོད་པའི་མ་དལ་ཕྲིན་ལས་རྣམ་པ་བཞིའི་དཀྱིལ་འཁོར་འབྲི། མོ་ཐོད་ནི་མི་རྨང་བ་ཉུང་བ་བཀྲ་མི་ཤིས་ཤིང་བུ་ཚ་ཕོ་མོ་གང་ཡང་མེད་པ་ཁྱོ་གསུམ་ཤི་བ་རབས་ཆད་པ་དེ་ལྟ་བུའི་ཐོད་པ་གཅིག་ལ་འཁོར་ལོ་རྩིབས་བརྒྱད་བྲི། དེ་ཡང་ཚོན་གྱིས་ཁ་དོག་བསྒྱུར། ༈ །སྔགས་བྲི་བའི་མན་ངག་ནི། སྒྲུབ་པའི་ཐོད་པ་དང་དཀྱིལ་འཁོར་ལ་བྲི། མོ་ཐོད་ཀྱི་དཀྱིལ་ལ་གྲུ་གསུམ་ལ་རྩ་བའི་སྙིང་པོ་འབྲུ་དགུ་བྲི། ཟླ་གམ་གསུམ་ལ་སྐུ་གསུང་ཐུགས་ཀྱི་སྙིང་པོ་བྲི། རྩིབས་བརྒྱད་ལ་ཁྲོ་བོ་བཅུའི་སྔགས་བྲི། སྒོ་བཞི་ལ་ཕྲིན་ལས་བཞིའི་སྔགས་བྲི། སྒྲུབ་པའི་ཕོ་ཐོད་ལ་དྲག་སྔགས་བྲི་སྟེ། ཁྲོ་བོ་འདུས་པ་དང་། མ་མོ་འདུས་པ་དང་། ངན་སྔགས་འདུས་པ་དང་། གབ་པའི་སྔགས་དྲུག་ཀུན་བྲིའོ། །ཐོད་པ་དེ་གཉིས་ཀྱི་ཕྱོགས་བཞི་ཕུག་ནས་ལིང་ག་བཅུག་ལ་དཀར་ནག་གིས་བསྡམས་ཤིང་རྒྱས་གདབ། མནན་པའི་ཐོད་པ་ལ། ཕོ་ཐོད་ལ་བསད་སྔགས་ཐམས་ཅད་བྲི། མོ་ཐོད་ལ་ༀ་ལཾ་ལ་སོགས་ཏེ་མནན་སྔགས་ཐམས་ཅད་བྲིའོ། ༈ །ད་ནི་ངན་སྔགས་བྲབ་པའི་མན་ངག་ལ། །ཕོ་ཐོད་ཀྱི་དཀྱིལ་དུ་ཁུང་གྲུ་གསུམ་བཏོད་ལ་དེ་ནས་མར་དྲག་སྔགས་ཐམས་ཅད་ཀྱིས་བྲབ་བོ། །སྒྲུབ་པའི་ཐོད་པའི་དཀྱིལ་འཁོར་ལ་ནི་དུས་རྟག་ཏུ་བསྙེན་པ་དགྲ་མེད་ཀྱང་འབུལ་ལོ། །དེ་ནི་རང་ཤི་ཡང་གཞན་དུ་མི་བཏང་བར་བསྲེ་ལ། དེས་ནི་བཀྲ་ཤིས་པ་ཡིན་ནོ། ༈ །ཕུར་པ་ནི་ལྕགས་ཕུར་གཅིག་ལ་འགྲོ་ཉལ་འདུག་ཏུ་བསྙེན་པ་དབུལ་ལོ། །རང་འགྲོ་ཙ་ན་ཕུར་པ་ལིདྒའི་སྙིང་གར་བཏབ་ལ་བཞག །དགྲ་བྱུང་དུས་གཏོར་མ་ལ་བརྩོན་པར་བྱ་སྟེ། ནངས་པར་སྐྱ་རེངས་ཤར་དུས་ལ་བཏང་། ནུབ་མོ་དམར་ཐག་ཆད་པ་ལ་བཏང་། འདིའི་མནན་པ་ནི་ལྷ་འདྲེ་ཆེ་སར་མནན་ནོ། །གནས་སུ་བྱེད་ན་ཡང་རང་གི་སྔས་འོག་ཏུ་མིས་མ་ཚོར་བར་བྱའོ། །རྟགས་ནི་ཟླ་བ་གཉིས་ལས་འགྱངས་རེ་དཀོན་མཆོག་དཔང་། ལས་རྟགས་འབྱིན་གྱི་སྔགས་འདིའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཀ་ཏང་ཀ་ཏེ་ཛ་ཡེ་བི་ཛ་ཡེ་ཨ་ཙི་ཏེ་ཨ་པ་ར་ཙི་ཏེ། ཨོན་མ་ཏྲི་མ་ཧོ་བྱི་ཏོ། ར་ཤོ་ར་ཤ་ཙིཏྟ་ཟུང་སོད། མུ་ལེ་རཱ་ཙ་བྷྱོ། རཀྴ་ཙིཏྟ་རྦད། སྙིང་ཁ་རག་རྦད། སྲོག་ལ་ཁ་རག་རྦད། བྷ་ཏི་མ་མ་ཀརྨ་ཤཱི་ཀྲང་ཀར་ཡ་མ་ར་ས་ནི་པྲ་མར་ཏ་ན་ཡེ་ཧཱུྃ་ཕཊ། ཅེས་དྲག་སྔགས་འདི་ལ་ཉིན་སྟོང་མཚན་སྟོང་དུ་འདོན་ནོ། །དྲག་སྔགས་རྟགས་བྱུང་བྱུང་དུ་བཟླས་སོ། །དྲག་སྔགས་འདི་ནི་ཐམས་ཅད་ཀྱི་ཐུན་དུ་བྲབ་བོ། །རྟགས་མེ་སྟག་གམ་འོད་དམ་རྨི་ལྟས་བཟང་པོ་བྱུང་བ་དང་གདབ་པའི་ལས་བྱའོ། །སྒྲུབ་པའི་ཐོ་ཡིག་ཆེན་པོ་ལྟར་བྱས་ལ་གདབ་བོ། །དྲག་སྔགས་འདི་ལ་རྟག་ཏུ་བསྒྲུབས་ན་ཕུར་པ་ཁ་གང་བསྟན་པར་འདག་གོ། ༈ །ཕུར་པ་རྩ་དུམ་གྱི་མན་ངག་འདི་ལ། །སྔགས་ཕྱི་ནང་གསང་བ་གསུམ་ཡོད་དེ། སྔགས་དྷ་ཏི་རྒྱས་འབྲིང་གསུམ། སྔགས་འདུས་པ་རྣམ་པ་གསུམ། སྔགས་དེ་རྣམས་ཀྱི་ནང་ནས་མན་ངག་ཏུ་ཕྱུངས་པ་ནི། ཐམས་ཅད་འདུས་པའི་སྔགས་དང་། ལས་རྟགས་འབྱིན་གྱི་དྲག་སྔགས་ཡིན་ནོ། །སྔགས་ཀྱི་བགྲང་ཐབས་རྣམ་པ་གསུམ་ལ་དྷ་ཏི་རྒྱས་འབྲིང་གསུམ་ཕྱེས་ནས་བགྲང་བ་ནི་ཕྱིའི་དྲག་སྔགས་ཡིན་ཏེ་ཕྱི་སྒྲུབ་ཀྱི་དུས་སུ་བགྲང་ངོ་། །ཐམས་ཅད་འདུས་པའི་དྲག་སྔགས་ནི་ནང་སྔགས་ཡིན་ཏེ་ནམ་སྐབས་སུ་བགྲང་ངོ་། །གསང་བའི་དྲག་སྔགས་ནི་ལས་རྟགས་འབྱིན་གྱི་སྔགས་ཡིན་ཏེ་ཐོད་སྒྲུབ་གསང་བའི་འཁོར་ལོ་དང་སྦྱར་རོ། །ཕུར་པའི་ཐོད་སྒྲུབ་གསང་བ་འདི་རང་གི་སྔས་འོག་ཏུ་བྱའོ། །ཐོད་སྒྲུབ་ལ་སྒྲུབ་པའི་དུས་སུ་ནུབ་རེ་ལ་དཀྱུས་ཕོག་རེ་བསྲངས་ལ་སྨད་མཆོད་ཕོག་རེ་བྱ། གཏོར་མ་རེ་ནུབ་རེ་ལ་གཏོང་། ཕུར་པ་ཐོད་སྒྲུབ་གསང་བའི་དྲག་སྔགས་འདི་ལང་ལབ་ཀྱིས་དགྲ་བོ་ཕུང་བའི་ཕུང་སྒྲུབ་སྣ་ནམ་དང་། རྒྱ་སྟོན་སངས་རྒྱས་ཀྱིའང་དགྲ་བོ་ཕུང་བའི་ཕུང་སྒྲུབ། འདི་མེད་ཕུར་པ་གཞན་ཀུན་སྔགས་བཟླས་ཚི་ཆད་ཀླད་པ་འབྲུ་ལ། འདི་ནི་མཚོན་བས་རྣོ་བས་ཐུགས་ཀྱི་སྤུ་གྲི་ཞེས་བྱའོ། །རེག་པ་ཙམ་གྱིས་ཆོད་པས་ཐུགས་ཀྱི་རེག་ཆོད་ཅེས་བྱའོ། །བཙན་དུག་ཁ་ཚིར་མ་ཅིས་ཀྱང་གསོར་མི་བཏུབ་པ་དང་འདྲ་བས་བལ་མོའི་དུག་སྔགས་ཞེས་བྱའོ། །མན་ངག་མིག་གི་འབྲས་བུ་འདྲ། །མིག་འབྲས་ཕྱུངས་ནས་སུ་ལ་སྦྱིན། །ས་ལ་སྣུབས་པ་དགེ་རྩ་ཡིན། །ཞེས་གསུངས་སོ།། ༈ །།དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །ཟབ་ཅིང་ཁ་ཚང་བ་མང་ན་ཡང་། ཡང་དག་པའི་མན་ངག་གི་སྔགས་འདིའོ། །རྩ་དུམ་གྱི་དྲག་སྔགས་འདྲིལ་བ་སློབ་དཔོན་པདྨའི་ཐུགས་ཀྱི་མན་ངག་རྒྱ་གར་གྱི་ངན་སྔགས། བལ་མོའི་དུག་སྔགས་ཡིན། མཁར་ཆེན་བཟའ་མཚོ་རྒྱལ་གྱིས་སློབ་དཔོན་གྱི་ཐུགས་ཟིན་ནས་དྲག་སྔགས་མོ་ལ་གཏད། དེས་ལ་བྱིད་ཡེ་ཤེས་བརྩེགས་ལ་གཏད། དེས་མི་ནུབ་རྒྱལ་བའི་སྙིང་པོ་ལ་གཏད། དེས་ངམ་འབྲེ་ཀླུའི་རྒྱལ་མཚན་ལ་གཏད། དེས་ངམ་འབྲེ་ས་ལེ་ཤེས་རབ་དབང་ཕྱུག་ལ་གཏད། དེས་ལང་ལབ་བྱང་ཆུབ་རྡོ་རྗེ་ལ། དེས་སྣ་ནམ་ཤེས་རབ་ཚུལ་ཁྲིམས་ལ། དེས་རྒྱ་སྟོན་སངས་རྒྱས་ལ། དེས་ཇོ་བོ་ཉི་མ་ལ་གཏད་དོ། །རྩ་དུམ་གྱི་དྲག་སྔགས་ཐོག་དང་འདྲ་བ་དགྲ་བོའི་སྲོག་ལ་དབབ་པའི་དྲག་སྔགས་སོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྲཱུན་བཾ་ཧཱུྃ་ཕཊ྄། བཛྲ་ཀྲོ་ཏ་ཧཱུྃ། མོ་ཧ་གྷ་ཡ། པ་ར་བིད་ཏ་ན། སུ་རུ་མུ། མཱ་ར་ས་ནི་པྲ་མར་ཏ་ནི་ཡེ་ཧཱུྃ་ཕཊ། ཁྲོ་བོ་འདུས་པའི་དྲག་སྔགས་སོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྲཱ་ན་བཾ་ཧཱུྃ་ཕཊ྄། ཛཿཧཱུྃ་བྃ་ཧོཿ མ་ཏ་མ་ཏ། ཀ་ཏང་ཀ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ། མ་མ་པ་ཤཾ་ཀུ་རུ། མ་ཏ་ཉ་ཀ་ར་ཨི་ནན། དྷ་ཏི་མ་མ་ཀརྨ་ཤྲཱི་ཀྲང་ཀ་རེ་ཡ། མོ་ཧ་ག་ཡ། མཱ་ར་ས་ནི་པྲ་མ་རྟ་ནི་ཡེ་ཧཱུྃ་ཕཊ྄། མ་མོ་འདུས་པའི་དྲག་སྔགས་ཡིན་ཏེ། ཉིན་ཞག་གཉིས་ལ་དྲུག་རེ་དྲུག་རེ་འདོན་ནོ། །ཡེངས་སུ་མི་རུང་ངོ་། །ༀ་ཤྲཱི་བཛྲ་ཀུ་མཱ་ར་བཛྲ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མ་ཏ་མ་ཏ། ཀ་ཏང་ཀ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ། མ་མ་པ་ཤཾ་ཀུ་རུ། མ་ཏ་མ་ཉ྄ཡ྅྅྅་ཀ་ར་ཨི་ནན་དྷ་ཏི་མ་མ་ཀརྨ་ཤྲཱི་ཀྲང་ཀ་རེ་ཡ། མོ་ཧ་ག་ཡ། མཱ་ར་ས་ན་པྲ་མར་ཏ་ནི་ཡེ་ཧཱུྃ་ཕཊ། ཐམས་ཅད་འདུས་པའི་དྲག་སྔགས་སོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མ་ཏ་མ་ཏ། དྷ་ཏི་མ་མ་ཀརྨ། ཤཱི་ཀྲང་ཀ་རེ་ཡ། ཀ་ཏང་ཀ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ། མོ་ཧ་ག་ཡ། མཱ་ར་ས་ནི་པྲ་མར་ཏ་ནི་ཧཱུྃ་ཕཊ། དྲག་སྔགས་དྷ་ཏིའི་སྐོར། ལས་ལ་རྟགས་འབྱིན་པ། བརྣག་པ་ལས་ཀྱི་འགུག་བྱེད་ངན་སྔགས་གབ་པ་ལ་འཇུག་སྟེ། དང་པོ་ལ་ལྷ་དང་ཕྲལ་བའི་སྔགས་བཟླས་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆྒཻ་མོ་ཧ་ས་ཡ་ར་ན་ཧྲཱི་ཏ་ན་ཡ་ཧཱུྃ་ཕཊ། ཏིང་ངེ་འཛིན་ནི། བདག་ཡབ་ཡུམ་དུ་གསལ་བ་ལས་སྤྲུལ་པ་གུ་གུལ་ཐོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་ནས་དགྲ་བགེགས་ཀྱི་ཕོ་ལྷ་ལ་སོགས་པ་བྱ་རོག་རྡོས་བསྐྲད་པ་བཞིན་བྱེར་བར་བསམ་མོ། །ཚིག་ཏུ་ཡང་། ན་མོ་བྱ་བ་འགྲེ། དམ་ཉམས་པའི་དགྲ་བོ་འདི་ཕོ་ལྷ་དང་ཕྲོལ་ཅིག །སྲོག་ལྷ་དང་ཕྲོལ་ཅིག །དགྲ་ལྷ་དང་ཕྲོལ་ཅིག །ཆོས་ཀྱི་སྲུང་མ་དང་ཕྲོལ་ཅིག །བོན་གྱི་ལྷ་གསས་དང་ཕྲོལ་ཅིག །མ་ལྷ་དང་ཕྲོལ་ཅིག །མ་སྨན་དང་ཕྲོལ་ཅིག །འགོ་བའི་ལྷ་དང་ཕྲོལ་ཅིག །ཡུལ་ལྷ་གཉན་པོ་དང་ཕྲོལ་ཅིག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་ཨཱ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ། ཏིང་ངེ་འཛིན་ནི། ལྷ་རྣམས་ལས་སྤྲུལ་པ་གྲངས་མེད་བྱུང་ནས་དགྲ་བགེགས་བྱེ་མ་ལ་མར་ཐིམ་པ་བཞིན་དུ་ལིདྒ་ལ་ཐིམ་པར་བསམ་མོ། །དམ་ཉམས་པ་འདི་གཟུགས་ལ་ཕོབ་ཅིག །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམ་པར་ཤེས་པ་ཚོགས་བརྒྱད་ལིདྒ་ལ་ཕོབ་ཅིག་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་ཤཱི་ཀྲིན་ཨ་ན་ཡ་ཧཱུྃ་ཕཊ། ཏིང་ངེ་འཛིན་ནི། སྤྲུལ་པ་ཚོན་སྣ་ལྔའི་སྐུད་པ་ཐོགས་པ་མང་པོས་དགྲ་བགེགས་ཀྱི་གཟུགས་གྲུ་གུ་ཐུལ་དུ་བཅིངས་པར་བསམ། དམ་ཉམས་པ་འདི་བྱད་དུ་ཆུག་ཅིག །ལུས་གྲུ་གུ་ཐུལ་དུ་ཆིངས་ཤིག །ཚོན་སྣ་ལྔས་བྱད་དུ་ཆུག་ཅིག །ལུས་འགྱུར་མི་ཤེས་པར་གྱིས་ཤིག །ལྔ་ཕུང་ཡན་ལག་ཆིངས་ཤིག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་ཛྭ་ལ་པ་ཡ་ཛྭ་ལ་བ་ཡ་ཧཱུྃ་ཕཊ། ཏིང་ངེ་འཛིན་ནི། གཟས་པ་པོ་དེས་ལས་སྔ་ཕྱི་ཅི་བྱས་པ་འགྱོད་ནས་ཐོལ་ཐོལ་སྨྲ་བར་བསམ། དམ་ཉམས་པ་འདི་སྨྲར་ཆུག་ཅིག །སྨྱོ་རུ་ཆུག་ཅིག །འབོག་ཏུ་ཆུག་ཅིག །འོ་དོད་འབོད་དུ་ཆུག་ཅིག །འབྲོས་སུ་ཆུག་ཅིག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄། ཏིང་ངེ་འཛིན་ནི་དགྲ་བགེགས་ཀྱི་གཟུགས་ཕུང་ཚོགས་པ་བརྡུང་ལེགས་པ་བཞིན་ནལ་ནལ་གྱུར་པར་བསམ། དམ་ཉམས་པའི་དགྲ་བོ་འདིའི་ལུས་ངག་ཡིད་གསུམ་ཐལ་བརྡུལ་དུ་ལྷོགས་ཤིག །ཕུང་པོ་ཁམས་དང་སྐྱེ་མཆེད་ཐལ་བ་རྡུལ་དུ་ལྷོགས་ཤིག །འཁོར་ཚད་ཚང་དཀྲུགས་ཤིག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་བི་ད་ཡ་བི་ད་ཡ་ཧཱུྃ་ཕཊ྄། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་དགྲ་བོ་དེའི་ཤ་ལ་གཏོད་ནས་ཟ་བར་བསམ། དམ་ཉམས་པའི་དགྲ་བོ་འདིའི་ཤ་ལ་རོལ་ཁྲག་ལ་རོལ། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རོལ། རྣམ་པར་ཤེས་པ་ཚོགས་བརྒྱད་ལ་རོལ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཞལ་དུ་བསྟབ་པས་ཁ་ཁོལ་ཡང་མ་ལུས་པར་བཞེས་ཤིག །གསང་བའི་མན་ངག་གོ། །ཨཐྎ། ༈ །དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །ཕུར་པ་རྩ་དུམ་གྱི་མན་ངག་སོ་སོ་ན་ཁ་ཚང་ཞིང་མང་ན་ཡང་། མན་ངག་ཡང་དག་པ་འདི་ཡིན་ནོ། །དེ་ལ་དྲག་སྔགས་ལས་ཀྱི་རྟགས་འབྱིན་གྱི་ངན་སྔགས་ཀྱི་འཁོར་ལོ་འདི་མེད་པར་གཞན་མ་ཀུན་ཚི་ཆད་དོ། །འདི་སྒྲུབ་པའི་རྫས་ནི་ཕོ་མོའི་ཐོད་པ་ནག་པོ་ལ་བྱའོ། །མིས་མ་ཚོར་བར་རང་གི་སྔས་འོག་ཏུ་བྱའོ། །གསང་སྔགས་ཤིན་ཏུ་གསང་བས་འགྲུབ་བོ། །དགྲ་བོ་ཕུང་བར་བྱེད་པའི་ཕུང་སྒྲུབ་འདིའི་དུས་སུ་སྔགས་ཀྱི་འཁོར་ལོ་འདི་ལྟར་བསྐོར་རོ། །སྔགས་ཀྱི་འགྲེལ་པ་སྦས་པ་མཚོར་རོ། །སྔགས་ཀྱི་ཐེམ་ཡིག་འདི་མེད་པར་ཕུར་པའི་སྔགས་བཟླ་བ་ཀུན་ཡིད་འབྱུང་ཚི་ཆད་དོ། །འདི་བཟླ་ཙ་ན་ཐོད་པའི་ནང་དུ་ལིདྒ་བཅུག་ལ་འཁོར་ལོ་བསྐྱོན་ལ་བྱའོ། །ཕྱི་ལྟར་བསྐོར་བ་དང་། ནང་ལྟར་བསྐོར་བ་དང་། གསང་བ་ལྟར་བསྐོར་བས་ཐེ་ཚོམ་མེད་དོ། །དྲག་སྔགས་ལས་ཀྱི་རྟགས་འབྱིན་གསང་བའི་སྒྲུབ་ཐབས་དགྲ་བོ་ཕུང་པར་བྱེད་པའི་ཕུང་སྒྲུབ་འདི། མཁར་ཆེན་མཚོ་རྒྱལ་ངས་ནི་གསུམ་པོ་ལས་བསྟན་རེ་དཀོན་མཆོག་དཔང་། དེ་སྐད་གསུངས་ནས་མོ་ལ་གཏད་དོ། །ལས་ཀྱི་རྟགས་འབྱིན་གྱི་ཐེམ་ཡིག །ཡིག་འབྲུ་བརྒྱད་པས་མགོ་མནན་ནོ། །ཡིག་འབྲུ་བདུན་པས་དམ་ཅན་རྣམ་གསུམ་གནད་ལ་དབབ་བོ། །འདི་ཕོ་མོ་དཀྲུག་པའི་རྒྱུད་ལས་བཏུས་པ་ཡིན། ཡིག་འབྲུ་དགུ་པས་ཕོ་རྒྱུད་ཐམས་ཅད་གནད་ལ་དབབ། ཡིག་འབྲུ་བཅུ་པས་དམ་ཅན་རྣམ་གསུམ་གནད་ལ་དབབ། ཡིག་འབྲུ་བཅུ་གཅིག་པས་དམ་ཅན་རྣམས་ལས་ལ་རྦད་དོ། །དམ་ཅན་རྣམ་གསུམ། བསྭེའི་སྐྱེས་བུའི་ཚོགས། བཤན་པ་ལག་རིང་མོན་མོ་ནག་མོའི་ཚོགས། དེར་མ་ཟད་ལྷ་མ་སྲིན་སྡེ་བརྒྱད་གནད་ལ་དབབ་པའི་ཡིག་འབྲུ་བཅུ་གཅིག་པའོ། །ཐོད་པའི་ལྟག་ཐེམ།ཨཐྎ། ༈ །ༀ་ནི་ཆོས་ཀྱི་སྐུའོ། །བཛྲ་ནི་རྡོ་རྗེ་གཞོན་ནུའོ། །ཀཱི་ནི་དབང་ཕྱུག་ཁྲོ་བོའོ། །ལི་ནི་ཁྲོ་མོ་བཅུའོ། །ཀཱི་ནི་མཆེ་གཤོག་ཅན་ནོ། །ལི་ནི་སྤྲུལ་པ་དང་། ཡང་སྤྲུལ་སུམ་སྤྲུལ་མགྱོགས་པ་མགྱོགས་མའི་ཚོགས་ལ་བྱའོ། །ཀཱི་ནི་ཡབ་ཡུམ་གྱི་སྐུའི་ཆས་བདུན་དང་། ཡེ་ཤེས་སེམས་དཔའ་རྟ་མགྲིན་དང་། ཁྲོ་ཆེན་ཀུན་གསལ་བ་ལ་བྱའོ། །ལ་ནི་དམ་ཅན་མཐའ་དག་ལས་ལ་གཞུག་པའོ། །ཡ་ཞེས་པ་སྲས་མཆོག་ཀཱི་ལ་ཡ་ལ་བྱ། གཟས་པ་པོ་ལ་མ་ཐེབས་ཀྱི་བར་དུ་མི་གཏོང་བས་ཡ་ཞེས་བྱ་ལ། དེར་མ་ཟད་དཀྱིལ་འཁོར་རྣམ་པ་གསུམ་ཀ་དང་། དམ་ཉམས་ལ་རྟགས་ཐོན་གྱི་བར་དུ་རྟགས་ཐོན་པར་བྱེད་པས་ཡ་ཞེས་བྱའོ། །ཡིག་འབྲུ་གཅིག་པའོ། །མགོ་མནོན་གྱི་ཡིག་འབྲུ་བརྒྱད་པའོ། །ཨོན་ནི་ཤྭ་ན་མ་ལ་བྱའོ། །ཟངས་ཀྱི་ཝ་མོ་ལ་བྱའོ། །མ་ཏྲི་ནི་བདག་ཉིད་མ་ལ་བྱ་སྟེ། དེར་མ་ཟད་མ་མོར་གྱུར་པ་ཙམ་ལ་བྱ། དགུག་པའི་ཡིག་འབྲུ་བཅུ་གཉིས་པའོ། །མ་ཧོ་བྱི་ཏོ་ནི་དམ་ཅན་བསྭེ་མོ་ལ་བྱ་སྟེ། མ་མོ་དམར་མོའི་ཚོགས་ཤ་སྟག་ལ་བྱའོ། །དེར་མ་ཟད་རྒྱལ་མོ་དང་། བློན་མོ་དང་། རྗེ་མོ་ཀུན་ལ་བྱའོ། །དེའི་མིང་པོ་བཞི་ལ་ཡང་བྱའོ། །ར་ཤོ་ར་ཤ་ཙིཏྟ་ནི་སྲོག་བདག་དང་གནམ་ཐེའུ་དང་། བདུད་ནག་པོ་བཀྲག་མེད་དང་། བཙན་འགོང་དང་། ཡབ་ཤུད་དང་། དགྲ་ལྷ་དང་ཀུན་གྱི་ལས་གྱིས་ཤིག་པའོ། །སོད་ནི་དེ་རྣམས་ཀྱིས་དམ་ཉམས་དགྲ་བོ་ལ་མཱ་ར་ཡ་ཕུང་བར་གྱིས་ཤིག་པའོ། །ཡིག་འབྲུ་བདུན་པའོ། །མུ་ལེ་ར་ག་ཤ་ཙིཏྟ་རྦད་ནི་བསྭེའི་སྐྱེས་བུ་གདུག་པ་ཅན། བཤན་པ་ལག་རིང་། མོན་པ་ནག་པོ་སྲོག་ཟན། གིང་བཅོ་བརྒྱད། འཛིན་གིང་བཞི་བཅུ་རྩ་གཉིས་ལ་བྱའོ། །དེར་ཡང་མ་ཟད་སྲིན་པ་ཕོ་རྒྱུད་ཐམས་ཅད་ལ་བྱའོ། །དེར་མ་ཟད་ཕོ་ཐམས་ཅད་ཀྱི་སྙིང་པོ་འདིར་དྲིལ་བས་ཡིག་འབྲུ་བདུན་པའོ། །སྙིང་སྲོག་ནི་སྲོག་བདག་ལས་ཀྱི་གིང་བཞི་ལ་བྱའོ། །དེར་མ་ཟད་ཕོ་དང་མ་མོ་དང་ཕོ་མོ་ཐམས་ཅད་དྲིལ་བའི་ཡིག་འབྲུ་གཉིས་པའོ། །ཁ་རག་རྦད་ནི་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ཀྱི་དགྲ་བོའི་སྲོག་ལ་སྦར་ཤ་ཐོབ་ཅིག་པ་ཡང་ཡིན། སྲོག་རྩ་ཆོད་ཅིག་པ་ཡང་ཡིན། སྙིང་རྩ་ཕྱུངས་ཤིག་པ་ཡང་ཡིན། ལས་ཀྱི་གིང་གི་ཚོགས་ཀྱིས་ལ་འུར་སྲོག་ལ་ཧུར་ཐུམ་གྱིས་ཤིག་པའི་ཡིག་འབྲུ་གསུམ་པའོ། །ཀ་ཏང་ཀ་ཏེ་ནི་ཤོ་ན་མུ་ཁའི་སྲོག་གི་སྙིང་པོ་དྲངས་ཏེ། ཅེ་སྦྱང་། དཔལ་གྱི་ཁྱི་བརྒྱད། ཡེ་ཤེས་ཀྱི་སྤྱང་མོ་བརྒྱད། བསྟན་སྐྱོང་གི་ཚོགས་ཙམ་འབོད་པའི་སྙིང་པོ་ཡང་དག་པའི་ཡིག་འབྲུ་བཞི་པའོ། །ཛ་ཡེ་བི་ཛ་ཡེ་ནི་བསྭེ་མོ་བཞིའི་སྲོག་སྙིང་ཡང་དག་པ་སྟེ། དེར་མ་ཟད་མ་མོ་དམར་མོར་གྱུར་པ་ཙམ་ལ་བྱ་བའི་ཡིག་འབྲུ་ལྔ་པའོ། །ཨ་པ་ར་ཙི་ཏ་ནི་ཨེ་ཀ་ཛཱ་ཏིའི་སྲོག་སྔགས་ཡང་དག་པ་སྟེ། མ་མོ་ནག་མོ་ཐམས་ཅད་འབོད་པའོ། །དེར་མ་ཟད་བརྟན་མའི་ཚོགས་ཀྱི་ཡང་ཡིན། མ་མོ་བདུན་གྱི་ཡང་ཡིན། སྲིང་མོ་བཞིའི་ཡང་ཡིན། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་ཡང་ཡིན། མཁའ་འགྲོ་མ་སུམ་ཅུ་རྩ་གཉིས་ཀྱི་ཡང་ཡིན། མཆེད་བཞི་མུ་ཁ་ལེའི་ཡང་ཡིན། ཡུམ་དྲུག་གི་ཡང་ཡིན། རྗེ་མོ་བཅུ་བཞིའི་ཡང་ཡིན། སྨན་མོའི་ཚོགས་ཀྱི་ཡང་ཡིན། རེ་མ་ཏི་མཆེད་བཞིའི་ཡང་ཡིན། གདོང་མོ་བཞིའི་ཡང་ཡིན། ཕུང་བྱེད་མ་བཞིའི་ཡང་ཡིན། དེར་མ་ཟད་མ་མོར་གྱུར་པ་ཙམ་གྱིའང་ཡིན་པས་ཡིག་འབྲུ་ལྔ་པའོ། །མ་མོར་གྱུར་པ་ཐམས་ཅད་གནད་ལ་དབབ་པའི་ཡིག་འབྲུ་བཅུ་བཞི་པའོ། །དྷ་ཏི་ནི་ཤྭ་ན་མ་ལ་བྱའོ། །མ་མ་ནི་ནག་མོའི་ཚོགས་རྣམས་ལ་བྱའོ། །ཀརྨཱ་ནི་གིང་བཅོ་བརྒྱད་ལ་བྱའོ། །བསྭེའི་སྐྱེས་བུ་ལ་ཡང་བྱའོ། །ཤཱི་ཀྲང་ནི་མོའི་ཚོགས་ལ་བྱའོ། །ཀ་ར་ཡེ་ནི་དམ་ཅན་མ་མོའི་རྒྱུད། །ཕོ་རྒྱུད་མཐའ་དག་རྦད་པའོ། །མཱ་ནི་ཤྭ་ན་མའོ། །ར་ནི་མ་མོ་ནག་མོའོ། །ས་ནི་ས་བདག་གི་རྒྱལ་མོ་བཞི་ལ་བྱའོ། །པྲ་མར་ཏ་ནི་ཡེ་ཧཱུྃ་ཕཊ྄་ནི་ལྷ་སྲིན་སྡེ་བརྒྱད་ལས་ལ་རྦད་པའི་ཡིག་འབྲུ་བདུན་པའོ། །སྔགས་ཀྱི་མཐའ་སྡུད་ཀྱི་ཡིག་འབྲུ་གཅིག་པའོ། །དེ་ལྟར་ཚང་བས་ཨ་ཏི་ཞེས་བྱའོ། །ལས་ཀྱི་རྟགས་འབྱིན་མན་ངག་སྲོག་གི་སྤུ་གྲི། ཕུང་བར་བྱེད་པའི་ཕུང་སྒྲུབ་གནས་དང་ཁྱིམ་གང་བྱེད་ཀྱང་རང་གི་སྔས་འོག་ཏུ་བྱའོ། །སློབ་དཔོན་ལང་ལབ་ཀྱིས་ཐུགས་སྲས་སྣ་ནམ་ཚུལ་ཤེས། དེ་ལ་རྒྱ་སྟོན་སངས་རྒྱས་ཀྱིས་གསེར་སྲང་བཅོ་ལྔ་ཕུལ་ནས་ཞུས་པ་ཡིན་ནོ། །དེ་ནས་རྒྱ་སྟོན་གྲོངས་ཁར་ཁ་ཆེམས་སུ་བྲིས་ནས་ཇོ་སྲས་ཉི་མ་ལ་དབུགས་དང་འགྲོགས་ནས་གཏད་དོ། །དེ་ལ་ཁྱུང་པོས་ཞུས། དེ་ལ་མེ་ཉག་དབང་ཕྱུག་གཡུང་དྲུང་གིས་ཞུས་ནས་ཐུགས་དམ་དུ་བཅངས་སོ། །བསྐལ་པ་འཁྲུགས་ཀྱང་ཁར་དབྱུང་མིན། །སྲིད་པ་ཞུ་ཡང་སེམས་དང་འགྲོགས་ལ་བྱ། །སྙིང་གི་དཀྱིལ་དུ་བཅང་བར་བྱ། །ཐེམ་འགྲེལ་ཨཐྎ། ༈ །དཔལ་རྡོ་རྗེ་གཞོན་ནུའི་མན་ངག་སོ་སོ་ནས་ཟབ་ཅིང་མང་ན་ཡང་མན་ངག་ཡང་དག་པ་འདི་ཡིན་ནོ། །རྡོ་རྗེ་གཞོན་ནུ་རྩ་དུམ་གྱི་སྐོར། ལྟ་སྤྱོད་ལོག་པའི་དགྲ་བོའི་སྲོག་ལ་དབབ་པའི་སྒྲུབ་ཐབས་འདི་ལ་དྲག་སྔགས་ཀྱི་འཁོར་ལོ་བཞི་ལ་རྩ་སྔགས་ཡེ་ཤེས་ལྷའི་བསྙེན་པ་སྔགས་ཀྱི་འཁོར་ལོ་བསྟན་པ་དང་། ངན་སྔགས་གབ་པ་སྲོག་གི་ཐིག་པ་སྔགས་ཀྱི་འཁོར་ལོ་བསྟན་པ་དང་། དྲག་སྔགས་ཡང་ཐིག་གེ་འཁོར་ལོ་བསྟན་པ་དང་། དྲག་སྔགས་ལས་ཀྱི་རྟགས་འབྱིན་སྲོག་གི་བཤན་པའི་དྲག་སྔགས་བསྟན་པའོ། །དྲག་སྔགས་འདུས་པ་བཞི་བསྟན་པ་ལ། ཁྲོ་བོ་འདུས་པའི་དྲག་སྔགས་བསྟན་པ་དང་གཅིག །མ་མོ་འདུས་པའི་དྲག་སྔགས་དང་གཉིས། ངན་སྔགས་འདུས་པའི་གནོད་པའི་དྲག་སྔགས་དང་གསུམ། ཐམས་ཅད་འདུས་པའི་དྲག་སྔགས་ཧྲིལ་གྱིས་དྲིལ་བའི་དྲག་སྔགས་བསྟན་པ་དང་བཞིའོ། །ད་ནི་སྔགས་ལ་འཇུག་པའི་མན་ངག་ལ། དྲག་སྔགས་ཀྱི་ཐེམ་ཡིག་སྔགས་ཀྱི་བགྲང་ཐབས་བསྟན་པ་ནི། ལྷ་འཛབ་དང་དགྲ་འཛབ་གཉིས་ལས། སྒྲུབ་པ་ལོ་དང་ཟླ་བའི་ཞག་གྲངས་སུ་བྱེད་ཀྱང་། ཞག་གྲངས་སུམ་ཆ་ཡན་ཆད་ལྷ་འཛབ་ལ་འཇུག་སྟེ། གཙོ་བོའི་སྔགས་ནི་ཀཱི་ལི་ཀཱི་ལ་ཡ། ཉིན་ལྔ་སྟོང་མཚན་ལྔ་སྟོང་དབུལ། སྔགས་བརྒྱ་མཚམས་སུ་སྔགས་ཀྱི་མཆོད་པ་ལན་གསུམ་བྱ། སྟོང་མཚམས་སུ་སྟོང་ཚིག་གི་མཆོད་པ་སྔགས་ཀྱིས་བྱ། ཁྲག་གི་སྦྲེང་མཆོད། དུས་ལ་བབ་དྲུག་གི་བསྐུལ་བྱ། གུང་གཉིས་དྲོ་གཉིས་ལ་ཕུར་པ་དཀྱུས་བསྲང་ལ་སྨན་མཆོད་རྒྱས་པར་བྱ། ཕུར་པ་གདབ་ཅིང་འདུལ་སྦྱོང་བྱ། སྔགས་ཀྱང་གཙོ་བོ་ལ་སྟོང་སྟོང་གིས་འབུལ་ལོ། །འཁོར་ལ་བརྒྱ་བརྒྱས་འབུལ་ལོ། །ཁྲོ་བོ་བཅུ་དང་། ཕུར་པ་རྫས་དང་། སྐུ་གསུང་ཐུགས་ལ་བརྒྱ་བརྒྱས་འབུལ་ལོ། །ལྷ་འཛབ་ཀྱི་འཛབ་བསྟོད་ལ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས་ཞེས་པས་བྱ། སྟོང་མཚམས་སུ་འཛབ་བསྟོད་བྱ། དེའི་རྗེས་ལ་སྐུ་ལ་བསྟོད་པ་ནི། དཔའ་བོ་སྒེག་པོས་བྱ། ཁྲོ་བོ་བཅུ་ལ། བསྐལ་པ་མེ་ལྟར་འབར་བའི་འོད་ཟེར་འཕྲོ་འདུའི་ཀློང་དཀྱིལ་ནས་ཞེས་པས་བསྟོད། ཕུར་པ་རྫས་ལ། ཧཱུྃ་བཞི་གསལ་ལ་འཕྲོ། ཧཱུྃ་བཞི་ཚོགས་ལ་རྒྱན་ཞེས་པས་བསྟོད། འཛབ་ཀྱི་དགོངས་པ་འདི་ལྟ་སྟེ། ཧེ་རུ་ཀ་ལས་ཀྱི་རྒྱལ་པོ་འདི་བཞེངས་སུ་གསོལ་བའི་དུས་ན་འཇིག་རྟེན་གྱི་ཁམས་ནི་གཞལ་ཡས་ཁང་གི་རང་བཞིན་དུ་གྱུར་པ་ཡིན། སྟེང་ལྷའི་སྲིད་པ། བར་མིའི་སྲིད་པ། འོག་ཀླུའི་སྲིད་པ་དང་གསུམ་པོ་དེ་རྡོ་རྗེ་གཞོན་ནུའི་སྐུའི་རང་བཞིན་དུ་གྱུར་ཙ་ན། གཟུགས་སུ་གྱུར་པ་ཐམས་ཅད་སྐུའི་རང་བཞིན་དུ་མེར་མེར་ཤིག་ཤིག་པར་བསྒོམ། སྔགས་བཟླས་ཙ་ན་ཐམས་ཅད་ཀཱི་ལ་ཡའི་གསུང་དུ་དི་རི་རི་བཟླས་པར་བསྒོམ། རི་རབ་འཛམ་བུ་གླིང་སོགས་གླིང་བཞི་དང་ཉི་ཟླ་དང་གཟའ་སྐར་ཡང་ཕུར་བུའི་རྒྱན་དང་གཟི་བྱིན་དུ་གྱུར་ལ། འཇིག་རྟེན་ཁམས་ཀྱི་དྲེགས་པ་ཅན་ཕྱོགས་སྐྱོང་བཅུ་གདན་དུ་བཏིང་། དེར་མ་ཟད་སྐུར་བསྒོམས་པས་སྟོང་གསུམ་ལ་ཐོགས་པ་མེད་པར་གུ་གུལ་བདུག་པ། དེར་མ་ཟད་སྤྲུལ་པས་སྟོང་གསུམ་དུས་གཅིག་ཏུ་ཁེངས་ནས་འདུག་པ་གྲོག་ཚང་སློག་བའམ་འབུ་ཚང་བཤིག་པ་བཞིན་དུ་གནས་པའི་དུས་ན། གང་ན་འབྲོས། གང་དུ་རྒྱུག །འབྲོས་པའི་གནས་ག་ན་ཡོད་མེད་དོ། །ལྷ་འཛབ་ཀྱི་དགོངས་པ་དེ་ལྟར་བཞག་གོ། །དེ་ཡན་ཆད་ལྷ་བསྙེན་གྱི་མན་ངག་བསྟན་པ་ལགས་སོ། །ད་ནི་འདི་ནས་མར་དགྲ་འཛབ་ལ་འཇུག་སྟེ། ད་ནི་ངན་སྔགས་གབ་པའི་སྔགས་དྲུག་ལ་འཇུག་སྟེ། སྔགས་དྲུག་ཁོང་ཁྲར་བཏང་བའི་མན་ངག་དང་གཅིག །སྔགས་དྲུག་ངན་སྔགས་སུ་བཏང་བའི་མན་ངག་དང་གཉིས། སྔགས་དྲུག་ཀུན་གྱི་མཇུག་ལ་གདགས་པ་དང་གསུམ་ལས། སྔགས་དྲུག་ཁོང་ཁྲར་བཏང་བ་ནི། འཇུག་པའི་སྐབས་དང་སྦྱར་ལ་ཁོང་ཁྲར་བཏང་། སྔགས་དྲུག་ངན་སྔགས་སུ་བཏང་བ་ནི། སྔགས་དྲུག་སོ་སོའི་རྫས་དང་གཅིག །སྔགས་དྲུག་སོ་སོའི་དགོངས་པ་དང་གཉིས། སྔགས་དྲུག་སོ་སོའི་སྨོན་ལམ་དང་བཅས་པ་དྲངས་སོ། །ད་ནི་དྲག་སྔགས་སྲོག་གི་ཡང་ཐིག་ལ་འཇུག་སྟེ། ཁྲོ་བོ་འདུས་པའི་དྲག་སྔགས་ལ་ཉིན་སྟོང་མཚན་སྟོང་དབུལ། མ་མོ་འདུས་པའི་དྲག་སྔགས་ལ་ཉིན་སུམ་སྟོང་མཚན་སུམ་སྟོང་དབུལ། དགྲ་འཛབ་ཀྱི་དུས་སུ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་གིས་འཛབ་བསྟོད་བྱ། སྟོང་ཚིག་གི་མཆོད་པ་དང་། ཁྲག་གི་སྦྲེང་མཆོད་བྱ། དུས་རྟག་ཏུ་འབོད་རྦད་བསད་གསུམ་གྱི་དྲག་སྔགས་ཧྲིལ་གྱིས་དྲིལ་བ་བཟླས་པ་བྱ། དྲག་སྔགས་བརྒྱ་མཚམས་སུ་སྔགས་ཀྱི་མཆོད་པ་མ་མོ་རྣམས་ལ་ལན་གསུམ་བྱ། སྟོང་མཚམས་སུ་སྟོང་ཚིག་གི་མཆོད་པ་མ་མོ་རྣམས་ལ་རྒྱས་པར་བྱ། ཐུགས་དམ་གནད་ནས་བསྐུལ་ཞིང་ཁྲག་གི་སྦྲེང་མཆོད་བྱ། དགྲ་འཛབ་ལ་འཇུག་ཙ་ན་འཕྲོ་འདུའི་དགོངས་པ་འདི་ལྟར་བྱ། བདག་ཉིད་ལས་ཀྱི་ལྷར་བསྒོམས་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་མཐིང་ནག་ཀྱང་རུང་། བཟླས་པར་བྱ་བའི་ཡི་གེ་ལས་འབྱུང་ཡང་རུང་སྟེ། བཛྲ་ཀཱི་ལི་ཀཱི་ལ་ཡའི་སྔགས་བརྗོད་པས། གོང་དུ་བསྟན་པའི་ཕུར་པའི་ཁྲོ་བོ་ཅི་འདྲ་བ་གཅིག་བྱུང་སྟེ། དཀྱིལ་འཁོར་གསུམ་དང་བདེ་གཤེགས་ཐུགས་དམ་བསྐང་། སེམས་ཅན་གྱི་དོན་བྱས་ནས་གཟས་པ་པོའི་སྤྱི་གཙུག་ཏུ་ཐིམ་ནས་རྐང་པའི་མཐིལ་དུ་ཕྱུང་ནས། སླར་སྤྱི་གཙུག་ཏུ་ཕྱུང་ནས་ལུས་ཀྱི་བག་ཆགས་བསྒྲལ། དེ་ནས་ལྕེ་སྟེང་ནས་ལྐོག་མའི་འོག་ཏུ་ཕྱུངས་ཏེ་ངག་ངན་པའི་བག་ཆགས་བསྒྲལ། དེ་ནས་སྙིང་གར་ཐིམ་ནས་སྲོག་འཁོར་སྟེང་དུ་དྲིལ་ཏེ་སྙིང་གར་ཕྱུངས་ཏེ་སེམས་ཀྱི་བག་ཆགས་ངན་པ་བསྒྲལ་ནས་ཁོའི་ཕུང་པོ་ལྷག་མ་མ་ལུས་པར་རིལ་ལི་ལི་འོངས་ནས་ལིདྒར་བསྟིམ་མོ། །དེ་ཡང་མཚོ་ཆེན་པོའི་རླབས་བཞིན་གཅིག་ཕྱིར་ན་ཕར་གཅིག་རྒྱུན་མི་ཆད་པར་བསྒོམ་མོ། །དགྲ་འཛབ་ཀྱི་དགོངས་པ་དེ་ལྟར་བཞག་གོ། །ད་ནི་འདེབས་ཁར་འདི་ལྟར་བྱ། སྣ་ལ་ཨ་བེ་ཤ་ཡ་བརྒྱ་རྩ་བརྒྱད་བཟླས་ལ་དགུག་པའི་ལས་བྱ། གུ་གུལ་ཐོགས་ལ། ཧ་ས་ཡ་ར་ན་ཧྲཱི་ད་ནའི་སྔགས་བརྒྱ་རྩ་བརྒྱ་བཟླས་ལ་དབྱེ་བའི་ལས་བྱ། དེ་ནས་བལ་ཚོན་སྣ་ལྔའི་བྱད་ཐག་ཐོགས་ལ། ཤཱི་ཀྲིང་ཨ་ན་ཡའི་སྔགས་བརྒྱ་རྩ་བརྒྱད་བགྲང་ལ་བཅིང་བའི་ལས་བྱ། བྱུང་ཚོར་གྱི་སྒོ་དགག་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་དེ་རྩ་ལ་ཞོན་དབུགས་ལ་རྒྱུ། ཕར་འཕྲོས་ཚུར་འཕྲོས་པ་དེ་སྔགས་འདིས་འབྲོས་དབང་མེད་པར་སྒོ་བཀག །ཀ་ཏཾ་ཀ་ཏེ་མཱ་ར་ས་ནི་པྲ་མར་ཏ་ནི་ཡེ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་ལ་སྒོ་བཀག །དེ་ནས་གདབ་པའི་ལས་བྱའོ། ༈ །ད་ནི་ཁྲོ་བོ་རྣམས་ཀྱི་དྲག་སྔགས་འདུས་པའི་མན་ངག་ནི། ཁྲོ་བོ་འདུས་པའི་དྲག་སྔགས་ཡིག་འབྲུ་བཞི་པ་ནི། པ་ར་བིད་ཏན་ཞེས་པ་ནི་ཁྲོ་བོ་ཐམས་ཅད་ཀྱི་དྲག་སྔགས་དྲིལ་བ་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་ཀྱི་རྩ་བའི་སྒོ་ལྔའི་དབང་པོ་ལྟེ་བ་ལ་འདུས་ཏེ། ལྟེ་བའི་རྩ་ཆེན་པོ་ཆོད་ལ་ཆགས་པའི་རྒྱུ་རྩད་ནས་ཆོད་ཅིག་པའོ། །སུ་རུ་སུ་རུ་ནི་ཁྲ་ཐབས་མཆེ་བ་ཅན་བཅུའི་དྲག་སྔགས་ཏེ། ཡིད་ལ་ཐུན་ཕོབ་ལ་ཡིད་འཁྲུག་ཏུ་ཆུག་ཅིག་པའོ། །མུ་རུ་མུ་རུ་ནི་ཁྲ་ཐབས་གཤོག་པ་ཅན་བཅུའི་དྲག་སྔགས་མི་ཟད་པ་ཡིན་ཏེ། ཤེས་པ་རྨུགས་སུ་ཆུག་ཅིག་པའོ། །དེ་ཚོ་ནི་ཁྲོ་བོ་འདུས་པའོ། །མ་མོ་འདུས་པའི་ངན་སྔགས་ནི། མ་མོ་ཐམས་ཅད་ཀྱི་ངན་སྔགས་ཡང་དག་པ་ཧྲིལ་གྱིས་དྲིལ་བའི་ཡིག་འབྲུ་བཞི་པ་ཡིན་ནོ། །ཀ་ཏང་ཀ་ཏེ་ནི་ཤྭ་ན་མུ་ཁའི་དྲག་སྔགས་ཡིན་ཏེ་གནད་ནས་བསྐུལ་པའོ། །ཛ་ཡེ་བི་ཛ་ཡེ་ནི་བསྭེ་མོ་བཞིའི་དྲག་སྔགས་མི་བཟད་པ་ཡིན་ཏེ་གནད་ནས་བསྐུལ་བའོ། །ཨ་ཙི་ཏེ་ཨ་པ་ར་ཙི་ཏ་ནི་བདག་ཉིད་ཆེན་པོའི་དྲག་སྔགས་ཡིན་ཏེ་གནད་ནས་བསྐུལ་བའོ། །མ་མ་པཱ་ཤམ་གྱི་སྔགས་ཚོ་ལ་ནི་སྲུང་མ་རྣམ་པ་གསུམ་དུ་བས་ཏེ། མ་མོ་ཐམས་ཅད་ཀྱི་དྲག་སྔགས་ཡོད་པས་མ་མོ་འདུས་པ་ཞེས་བྱའོ། །མ་བདུན་གྱི་དམོད་མོ་ཞེས་ཀྱང་བྱ། མ་བདུན་ཞེས་པ་ནི་མ་བདུན་རང་ནི་ཅུང་མིན་ནོ། །མ་མོ་བདུན་ཚོ་བདུན་ལ་བྱ་བ་ཡིན་ཏེ། ཤྭ་ན་མུ་ཁས་སྣ་དྲངས་པའི་ཅེ་སྤྱང་གི་ཚོགས་ཚོ་གཅིག །བདག་ཉིད་ཆེན་མོས་སྣ་དྲངས་པའི་ནག་མོའི་ཚོགས་ཚོ་གཅིག །བསྭེ་མོ་བཞིས་སྣ་དྲངས་པའི་དམར་མོའི་ཚོགས་ཚོ་གཅིག །བརྟན་མ་ཚོ་གཅིག །མ་བདུན་ཚོ་གཅིག །སྲིང་བཞི་ཚོ་གཅིག །དབང་མོ་ཚོ་གཅིག་སྟེ་བདུན་ལ་མ་བདུན་བྱ་བའོ། །ༀ་ནི་རྩ་བའམ་གཞི་ཐམས་ཅད་ཀྱི་མཆོག་མཚོན་པ་མྱ་ངན་ལས་འདས་པའི་ཐུགས་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་ནོ། །ཤྲཱི་ནི་རྣལ་འབྱོར་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ལྷར་གྱུར་པས་ཀྱང་དཔལ་ཞེས་བྱའོ། །མཁའ་འགྲོ་མ་དང་གནོད་སྦྱིན་མོ་ཐམས་ཅད་ཀྱི་རྗེར་གྱུར་པས་ཡབ་དང་དཔལ་ཞེས་བྱའོ། །བཛྲ་ནི་དཔལ་རྡོ་རྗེ་གཞོན་ནུའི་ཆོས་ཀྱི་སྐུ་ལ་གཉེན་པོ་ཅིས་ཀྱང་མི་ཤིགས་པའོ། །ཀུ་མཱ་ར་ནི་ཆོས་ཀྱི་སྐུ་ལ་སྐྱེ་ཤི་འཕོ་འགྱུར་བསྒྲེས་རྒུད་དང་རྟག་ཆད་མི་མངའ་བས། དེ་ལྟ་བུ་ལ་རྡོ་རྗེ་གཞོན་ནུ་ཞེས་བྱའོ། །ཀྲོ་ཏ་ནི་ཁྲོ་བོ་ཞེས་འབོད་པ་སྟེ་ཁྲོ་བོ་ཐམས་ཅད་འབོད་པའི་སྙིང་པོའོ། །ཀཱི་ནི་ཁྲོ་བོ་བཅུའི་སྙིང་པོ། ལི་ནི་ཁྲོ་མོ་བཅུའི་སྙིང་པོ། ཀཱི་འོག་མ་ཁྲ་ཐབས་བཅུའི་སྙིང་པོ། ལི་འོག་མ་ཁྲ་ཐབས་གཤོག་པ་ཅན་བཅུའི་སྙིང་པོ། ཀཱི་ལ་ཡ་ནི་སྤྲུལ་པ་དང་ཡང་སྤྲུལ་སུམ་སྤྲུལ་གྱི་ཚོགས་ཀྱི་སྙིང་པོ། ཡ་ཞེས་པ་ཁྲ་ཐབས་ཡན་ཆད་ཀྱི་བསྐུལ་བའི་སྙིང་པོ་འབྲུ་གཅིག་པའོ། །ཛཿཧཱུྃ་བྃ་ཧོཿཞེས་པ་ནི། ཛཿལྕགས་ཀྱུ་མས་ཟུངས་ཤིག་པའོ། །ཧཱུྃ་ཞགས་པ་མས་ཆིངས་ཤིག་པའོ། །བྃ་ལྕགས་སྒྲོག་མས་སྡོམས་ཤིག་པའོ། །ཧོཿདྲིལ་བུ་མས་སེམས་འཁྲུག་པར་གྱིས་ཤིག་པའོ། །ཕྲིན་ལས་རྣམ་བཞིའི་རང་བཞིན་ཡང་ཡིན། ཨ་ཙི་ཏེ་ཨ་པ་ར་ཙི་ཏ་ནི་བདག་ཉིད་ཆེན་མོའི་སྲོག་སྔགས་ཡང་དག་པ་སྟེ། དམ་ཉམས་པའི་དགྲ་བོ་འདིའི་ཀུན་གཞི་རྩད་ཆོད་ཅིག་པའོ། །ཛ་ཡེ་བི་ཛ་ཡེ་ནི་བསྭེ་མོ་བཞིའི་སྲོག་སྙིང་ཡང་དག་པ་སྟེ། དམ་ཉམས་པའི་དགྲ་བོ་འདིའི་སེམས་དཀྲུགས་ལ་སེམས་ཀྱི་དབྱིངས་ཕྱུངས་ཤིག་པའོ། །ཀ་ཏང་ཀ་ཏེ་ནི་ཤྭ་ན་མུ་ཁའི་སྲོག་གི་སྙིང་པོ་ནས་དྲངས་པ་སྟེ། དམ་ཉམས་པའི་ཀུན་གཞིའི་རྣམ་པར་ཤེས་པ་འདི་གར་ཡང་འབྲོས་སུ་མ་གཞུག་པར་སྒོ་ཁོག་ཅིག །བྱུང་ཚོར་གྱི་སྒོ་ཁོག་ཅིག་པའོ། །མ་མ་ནི་ཤྭ་ན་མུ་ཁ་དང་། བདག་ཉིད་མ་དང་། དམ་ཅན་བསྭེ་མོ་བཞི་དང་ཀུན་འབོད་པའོ། །དེར་མ་ཟད་མ་བདུན་དང་སྲིང་མོ་བཞི་དང་། བརྟན་མ་བཅུ་གཉིས་དང་། དབང་ཕྱུག་མ་དང་། ཕུར་སྲུང་ཐམས་ཅད་འབོད་པའི་སྔགས་སོ། །དེར་མ་ཟད་མོ་ཐམས་ཅད་འབོད་པའོ། །པཱ་ཤཾ་ནི་བརྟན་མ་བཅུ་གཉིས་ཀྱི་སྲོག་སྙིང་དྲག་པོའི་སྔགས་སོ། །ཀུ་རུ་ཞེས་པ་དབང་ཕྱུག་མའི་སྲོག་གི་ཡང་སྙིང་སྟེ། དབང་ཕྱུག་མའི་དྲག་སྔགས་སོ། །མ་ཐམས་ཉ྄ཡ྅྅྅་ནི་མ་མོ་བདུན་དང་། སྲིང་མོ་བཞིའི་ཡང་སྙིང་སྟེ་མ་བདུན་སྲིང་བཞིའི་དྲག་སྔགས་སོ། །ཀ་ར་ནི་གིང་བཅོ་བརྒྱད་ཀྱི་སྲོག་གི་ཡང་སྙིང་སྟེ་གིང་གི་དྲག་སྔགས་སོ། །ཨ་ནན་ནི་དགྲ་བོ་འདི་གནོན་ཅིག་གཟིར་ཅིག་པའོ། །དྷ་ཏི་ནི་ཤྭ་ན་མུ་ཁ་གནད་ནས་བསྐུལ་བ་སྟེ་གནད་ནས་བསྐུལ་བའོ། །མ་མ་ཀརྨ་ནི་བདག་ཉིད་ཆེན་མོ་གནད་ནས་བསྐུལ་བའི་དྲག་སྔགས་སོ། །ཤཱི་ཀྲང་ཀ་རེ་ནི་བསྭེ་མོ་བཞི་གནད་ནས་བསྐུལ་བའོ། །ཡ་ནི་དམ་ཅན་རྣམས་རྦད་པའི་སྙིང་པོ་གཅིག་པའོ། །མོ་ཧ་ནི་རུས། ག་ནི་མིང་དང་རུས་སུ་བཅས་པའོ། །ཡ་ནི་ལ་འུར་རྒྱུག་ཅིག་པའོ། །དགྲ་ལ་རྟགས་ལ་འུར་མྱུར་དུ་སྟོན་ཅིག་པའོ། །མཱ་ར་ནི་ལ་འུར་སོད་ཅིག །པྲ་མར་ཏ་ནི་ཡེ་ནི་མ་འགོར་བར་བདུན་བརྒྱུད་རྩད་ནས་ཆོད་ཅིག་བྱ་བ་ཡིན། འགྲེལ་བའི་གཞུང་བསྲངས་ཏེ། ཏ་ཐཱ་ཡ་ཏ་ཐཱ་ཡ་ནི་གཏོགས་བྱེད་ཀྱི་སྙིང་པོ་ཡིན་ཏེ། བག་ཆགས་ཀྱི་ཕུང་པོ་བརླག་པར་བྱ་བའི་ཕྱིར་ཕོ་ཉ་གཏུན་སྤྲུགས་ཅན་གྱིས་གཟུགས་ཀྱི་ཕུང་པོ་གཙང་ཁོལ་གྱི་བྱེ་མ་བཞིན་དུ་རྡུལ་དུ་བརླག་པར་བསྒོམ། ཧ་ས་ཡ་ར་ཧ་ན་ཏ་ན་ཧཱུྃ་ཕཊ་ནི་ཉེ་འབྱེད་ཀྱི་སྙིང་པོ་ཡིན་ཏེ། དཔེར་ན་ཕོ་རང་སྒོ་ཞན་ཡང་རྒྱབ་བརྟེན་བཟང་བ་དང་འདྲ་བར། སྡིག་པའི་གྲོགས་དང་བྲལ་བར་བྱ་བའི་ཕྱིར། ཕོ་ཉ་ཉེ་འབྱེད་ནི། སྟོང་གྲོགས་བྱེད་པའི་གྲོགས་དང་བྲལ་བར་གྱིས་ཤིག་པའོ། །ཤཱི་ཀྲིན་ཨ་ན་ཡ་ཧཱུྃ་ཕཊ྄་ནི་འཆིང་བྱེད་ཀྱི་སྙིང་པོ་ཡིན་ཏེ། ཉོན་མོངས་པའི་དབང་པོ་རང་ཡན་དུ་མི་བཏང་བའི་ཕྱིར་ཕོ་ཉ་ཞགས་པ་ཅན་གྱིས་ཡན་ལག་ཆིགས་ཤིག་པའོ། །ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ་ནི་སྨྲ་བྱེད་ཀྱི་སྙིང་པོ་ཡིན་ཏེ་མཐོལ་བཤགས་བྱེད་དུ་གཞུག་པའི་ཕྱིར་ཕོ་ཉ་སྨྲ་བྱེད་ཀྱིས་སྨྲར་ཆུག་ཅིག་པའོ། །ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ་ནི་འབེབས་བྱེད་ཀྱི་སྙིང་པོ་ཡིན་ཏེ། ཐུགས་རྗེས་ཟིན་པར་བྱ་བའི་ཕྱིར་ཕོ་ཉ་འབེབས་བྱེད་ཀྱིས་བཀུག་ནས་གཟུགས་དང་རི་མོ་ལ་དབབ་པར་བྱ་བའི་སྔགས་སོ། །བི་ཏ་ཡ་བི་ཏ་ཡ་ཧཱུྃ་ཕཊ་ནི་སྟོབ་བྱེད་ཀྱི་སྙིང་པོ་སྟེ། བསྒྲལ་བའི་ཕུང་པོ་ལྷག་མ་མ་ལུས་པར་བྱ་བའི་ཕྱིར་དབང་ཕྱུག་ཁྲོ་བོ་རྣམས་ཀྱི་ཞལ་དུ་སྟོབ་ཅིག་པའོ། །གསོལ་ཅིག་རོལ་ཅིག་པའོ། །རྩ་བ་ཀཱི་ལ་ཡ་དང་སྤེལ་ལ་བཟླས་པར་བྱ། སྔགས་ཀྱི་ལྡེ་མིག་མན་ངག་གོ། །ཨཐྎ། ༈ །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཤྭ་ན་མུ་ཁ་ས་མ་ཡ་ཞུང་ཏྲི་མ་མ་མ་ཟེར་བ་མང་། མོ་ཏྲིག་ནན་མཱ་ར་ནི་རྦད། བཛྲ་སྙིང་ཁ་རག །ཏྲག་རཀྴ་མ་མ་མ་ཟེར་བ་མང་། མོ་དུན་སྙིང་ལ་རྦད་ཀ་རུ་ན་རྦད། སྙིང་ཁྲག་ཚལ་བུ་གཏུབས་ཙིཏྟ་མྱོགས་རྨུགས། སྙིང་ཁྲག་ཚལ་ས་ན་སེ་དུ། ཀཱི་ལ་ཡ་ཧུར་ཐུམ་སྲོག་ལ་ཀཱི་ལ་ཡ། ཨོན་མ་ཏྲང་མོ་ཧ་བྱི་ཏུ། རང་ཟེར། ར་ཤོ་རཱ་ཙི་ཙིཏྟ་སོད། མུ་ལེ་རཀྴ་ཐུན། སྙིང་སྲོག་ཟེར་བ་མང་སྙིང་ཁ་རག་རྦད། ཨ་ཙི་ཏེ་ཨ་པ་ར་ཙི་ཏ། ཛ་ཡེ་བི་ཛ་ཡེ། ཀ་ཏང་ཀ་ཏེ་ཡ། ཡ་མེད་པ་མང་པོ་འདུག །དྷ་ཏི་མ་མ་ཀརྨ་ཤཱི་ཀྲང་ཀ་རེ་ཡ། མཱ་ར་སེ་ན་པྲ་མར་ཏ་ན་ཡེ་ཧཱུྃ་ཕཊ། ཐམས་ཅད་གཅིག་ཏུ་དྲིལ་བའོ། །གསང་ངོ་། ཨཐྎ། ༈ །གབ་པའི་སྔགས་དྲུག་དང་སྦྲགས་ལ་བྱའོ། །ཐོད་པའི་ཐུན་སྔགས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ། ཧ་ས་ཡ་ར་ན་ཧྲཱི་ཏ་ན་ཧཱུྃ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། ཤཱི་ཀྲིང་ཨ་ན་ཡ་ཧཱུྃ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། བི་ད་ཡ་བི་ད་ཡ། ར་ཤོ་རཱ་ཙ་ཙིཏྟ་སོད། མུ་ལེ་རཀྴ་ཙིཏྟ་རྦད། སྙིང་སྲོག་ཁ་རག་རྦད། ཨ་ཙི་ཏེ་ཨ་པ་ར་ཙི་ཏ། ཛ་ཡ་བི་ཛ་ཡེ། ཀ་ཏང་ཀ་ཏེ་ཡ། དྷ་ཏི་མ་མ་ཀརྨ་ཤཱི་ཀྲང་ཀ་རེ་ཡ། མཱ་ར་སེ་ན་པྲ་མར་ཏ་ནི་ཧཱུྃ་ཕཊ། འདི་ནི་ཕུང་སྒྲུབ་ཐོད་སྒྲུབ་གསང་བའི་ངན་སྔགས། ལས་རྟགས་འབྱིན་པ། དགྲ་བོ་ཕུང་བར་བྱེད་པའི་ཕུང་སྒྲུབ་འདི་ལ་དྲག་སྔགས་ཐམས་ཅད་ཐུན་བྲབ་དགོས་པ་སྟེ། དེ་ལ་དྲག་སྔགས་ཐམས་ཅད་ནི་འདི་ལ་འདུས་སོ། །ཐུན་སྔགས་གསང་བ་ལོགས་སུ་གབ་པའོ། །ཐམས་ཅད་དྲིལ་སྔགས་ནི་གོང་མ་དེ་གའོ། ༈ །དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །ལས་རྟགས་འབྱིན་གྱི་སྐོར། ལང་ལབ་ཀྱི་ངན་སྔགས། སྣ་ནམ་གྱི་ཐུགས་དམ་ཕུར་གཅིག་མ། གཟས་པ་པོ་བརྣག་པ་མཐར་བསྐྱལ་བ་འདི་ལས་ལྷག་པ་མེད་དོ། །འདི་ལ་རྟགས་ཐོན་པ་དང་གདོད་གདབ་པའི་ལས་བྱའོ། །ཉི་ཤུ་རྩ་གཅིག་གིས་གདབ་པ་དང་ཕུར་བུ་གསུམ་གྱིས་གདབ་པའོ། །སྔགས་ནི་གཉིས་ཏེ་དཀྱུས་སུ་བཅུག་པ་དང་། ལོགས་སུ་གབ་པའོ། །ལོགས་སུ་གབ་པ་འདི་མེད་ན་ཕུར་པ་སྒྲུབ་པ་རྣམས་ཡི་ཆད། ཀླད་པ་འབྲུལ། མགོ་འགས་པ་འདི་ནི་ཤིན་ཏུ་གསང་ལ་སྒྲུབ་པར་བྱའོ། །ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ། རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་མོ་མཆེ་གཤོག་ཡང་སྤྲུལ་སུམ་སྤྲུལ་རྦད། ཨོན་ཤྭ་ན་མ་ཏྲང་མོ་བདག་ཉིད་མ་ཧོ་བྱི་རང་བསྭེ་མོ་ར་ཤོ་རཱ་ཙ་ཙིཏྟ་སོད། སྲོག་བདག་གིས་ཙིཏྟ་ལ་རྒྱོབ། མུ་ལེ་རཀྴ་བསྭེའི་སྐྱེས་བུ་ལ་ལས་བཅོལ། ཙིཏྟ་རྦད། སྙིང་ལག་རིང་བདུད་བཞི་བཙན་བཞི། སྲོག་ཁ་རག །ཀ་ཏང་ཤྭ་ན་མ་ཀ་ཏེ་བསྭེ་མོ་ཛ་ཡེ་བི་ཛ་ཡེ་ཨ་ཙི་ཏེ་ཨ་པ་ར་ཙི་ཏ་ནག་མོས་བསད་པའོ། །དྷ་ཏི་མ་མ་མ་མོ་མཐའ་དག་གོ། །ཀརྨ་ཤཱི་ཀྲཾ་གིང་བཅོ་བརྒྱད། ཀ་ར་ཡ་བསྭེའི་སྐྱེས་བུ་བཞི། མཱ་ར་ས་ན་ལྷ་མ་སྲིན་སྡེ་བརྒྱད་ལས་ལ་ཡང་བསྐུལ་ལོ། །པྲ་མ་ར་ཏ་ནི་ཧཱུྃ་ཕཊ། དྲག་སྔགས་འདི་ལ་ཉིན་ལྔ་སྟོང་། །མཚན་ལྔ་སྟོང་འདོན་ནོ། །གཞན་མ་ལོགས་ན་ཞིབ་བོ། །ཨཐྎ། ༈ །མཎྜལ་ཁྲག་གིས་བྱུག་པའི་སྟེང་། །ཐོད་པ་ཁྲག་གིས་བྱུག་ལ་བཞག །དེ་ཡི་ནང་དུ་བསག་པའི་རྫས། །ཤ་སྣ་ཁྲག་སྣ་འབྱོར་ཚད་དང་། །དུག་སྣ་འབྲུ་སྣ་འབྱོར་ཚད་དང་། །དབྱི་སྤྱང་དོམ་དྲེད་ལ་སོགས་འབྱོར་ཚད་བཙལ། །དེ་དག་ཀུན་ཀྱང་ར་ཡི་ཐོད་པར་བླུག །ཞག་གསུམ་བསྒྲུབས་ཤིང་ཐེབས་རེ་དབྱུང་། །བཙན་ནམ་ཀླུ་ཡོད་ངེས་པར་བསྲེག །རང་གི་ཏིང་ངེ་འཛིན་གང་མོས་གསལ་ལ། ས་མ་ཡ་ས་མ་ཡ་ཏྲི་ཏོག་མ་མ། སག་སག་ཚིལ་མ་མ་འུར་འུར་སག །མ་ལ་ཏིག་ཡམ། ཐུག་མ་མ་ཤིག་ཤིག །བཙན་གུ་ལུ་གུ་ལུ། མ་མ་ཏིག་ཏིག་བཙན་མ་ཤ་ལ་རག་རག་བཙན་མ་མ། ཡག་དུ་དགྲ་ལ་ཕོབ་ཕོབ། ར་ཙི་ར་ཙི་ཆུམ་ཆུམ་བྷྱོ་བྷྱོ། དེ་སྐད་ཅེས་ནི་བསྲེག་པ་དང་། །ཐལ་བ་དང་ནི་སོལ་བ་དང་། །ཁྲག་དང་བསྲེས་ཏེ་ཁྱེར་ནས་ཀྱང་། །གང་ལ་འོས་པར་གཏོར་བར་བྱ། །གཉན་པོ་རྒྱུ་ཕྱོགས་ཤེས་བྱས་ལ། །དེ་དང་བསྒྲིལ་ལ་འཕང་གཏོར་བྱ། །ཐོག་དང་སེར་བ་མོད་ལ་འོང་། །ཐོག་སེར་ལ་ནི་ཁུད་བུར་རོ། །བཟླས་པ་རྒྱུན་དུ་བྱ་བ་གཅེས། །རྫས་ལ་རྒྱུན་དུ་བྱ་བའོ། །ཐོད་སྒྲུབ་རྒྱུན་པ། སེར་བ་དགུན་སྒྲུབ། ར་ཐོད་མི་ཐོད། ཕུར་པ་ཐོད་སྒྲུབ་གསང་བའི་ངན་སྔགས་ཡང་དག་པའོ། །ཨཐྎ། བརྒྱུད་པ་ནི། སློབ་དཔོན་ཆེན་པོ་པདྨས་མཁར་ཆེན་བཟའ་མཚོ་རྒྱལ་ལ་ཞལ་ཆེམས་ཀྱི་ཡི་གེ་དང་བཅས་ནས་གཏད། དེས་ལ་བྱིད་ཡེ་ཤེས་བརྩེགས་ལ། དེས་མི་ནུབ་རྒྱལ་བའི་སྙིང་པོ་ལ། དེས་ལོ་དཔལ་གྱི་བློ་གྲོས་ལ། དེས་ལྕེ་ཡོན་ཏན་བཟང་པོ་ལ། དེས་ངམ་འབྲེ་ཀླུའི་རྒྱལ་མཚན་ལ། དེས་ངམ་འབྲེ་གསལ་ལེ་ལ། དེས་ལང་ལབ་བྱང་ཆུབ་རྡོ་རྗེ་ལ། སློབ་དཔོན་ལང་ལབ་ན་སོ་གཞོན་ནུ་ལ་ཕ་གྲོངས་པས། ཕ་སྤུན་བཅུ་གསུམ་པོ་དགྲར་ལངས་ནས། མ་ཤི་བའི་གསོན་རབ་ཁོང་གིས་ཁྱེར་ནས། མ་སྨད་ལ་ཁང་པ་མིག་གཅིག །ཞིང་ལྷུ་གཅིག་ལས་མ་སྟེར་བ་ལ་ངམ་འབྲེས་ཐུགས་རྗེས་གཟིགས་ནས། བུ་ལང་ལབ་བྱང་ཆུབ། ངས་ཁྱོད་ལ་གབ་སྦས་མ་བྱས་པར་བསྟན་པ་ཡིན་གྱིས། ངའི་སྙིང་འདི་ཕྱུང་ཡང་དམར་པོ་ལྡད་ལྡད་བུ་ལས་མེད་པས་འདི་ལས་ལྷག་པ་བྱ་བ་ཡེ་རང་མེད་ཀྱི་འདི་ལ་ཐེ་ཚོམ་མ་ཟ་བར་མཐུ་གྱིས་དང་འོང་གི། ནམ་བྱུང་ཙ་ན། ཨ་ཙ་ར་ས་ལེའི་མཐུ་ཡིན་ནོ་གྱིས་ལ་དབྱུང་ཅིག་བྱས་ལ་གཏད་དོ། །སློབ་དཔོན་ལང་ལབ་ཀྱི་ཐུགས་ཀྱི་བུ་བཞི་ལས་སྣ་ནམ་གྱི་ཐུགས་ཟིན་ནས་ལང་ལབ་ཀྱི་ཕུར་གཅིག་མ་ཁོ་ལ་གཏད། དེས་བྱེ་མ་གཙང་ཁར་རྒྱ་སྟོན་སངས་རྒྱས་ལ། ལུང་དང་མན་ངག་གི་ཆོས་འགྲེལ་པ་དང་ཕྲ་མོ་རུ་ཕུལ་ནས་རྒྱ་སྟོན་ལ་ལོ་སུམ་ཅུ་རྩ་གཉིས་ལ་གཏད་དོ། །དེས་གུར་ཞོགས་ཁམས་ལུང་དུ་དབོན་པོ་ཇོ་སྲས་ཉི་མ་ལ། ཨུ་ཁུ་ཆོས་འདི་སྤྱད་དབང་མེད་པས་ངའི་ཐུགས་ཀྱི་མན་ངག་འདི་ངས་ནི་སྔོན་ཆད་སུ་ལ་ཡང་མ་ཤོར་རོ། །འདི་ང་མིན་ཏེ་གཏེར་དུ་སྦས། དེ་མིན་ཏེ་མེ་ལ་བསྲེག་པ་ཁོ་ན་ཡིན་པ་ལས། ངས་མ་ཕོད་ཀྱི་ང་ནི་དུར་ནས་ལྟའོ་ཞེས་སོ། །ང་ལ་རྣམ་སྨིན་གསོག་མི་གསོག་ཁྱོད་ལ་རག་ལུས་སོ། །ཆོས་འདི་ཆུད་གཟོན་མི་གཟོན་ཁྱོད་ཤེས་སོ། །ཞེས་གསུངས་ནས་དབོན་པོ་ལ་གཏད་དོ། །ཇོ་སྲས་ཉི་མ་ལ་ཁྱུང་པོས་ཞུས། དེ་ལ་མི་ཉག་སྒོམ་ཆེན་གྱིས་ཞུས། མི་ཉག་སྒོམ་ཆེན་གྱི་ཉིད་རོ་ཕུག་ཏུ་པོ་ཏི་ཕྱག་ཏུ་བཞེས་ཏེ། དགུང་ལོ་བརྒྱད་ཅུ་རྩ་གཉིས་བཞེས། དཀོན་མཆོག་གསུམ་པོ་དཔང་དུ་བཙུགས་ནས། ངས་ཆོས་འདི་ལ་སེམས་ཕྱོགས་དང་། ཡང་དག་དང་། ཕུར་པ་དང་། གཤིན་རྗེ་དང་། བདུན་རྩི་གའུའི་སྐོར་དང་། པ་ཏྲ་དང་། ཨེ་ཀ་ཛཱ་ཏི་བྱར་རྙིང་མ་དང་། ཨེ་ཀ་ཛཱ་ཏི་སྦྱར་བོ་ཅན་གྱི་མན་ངག་དང་། ཁྲབ་དང་། གསེར་དང་། ལར་རྒུ་ཕུལ་ཏེ། ཟླ་གམ་གསུམ་ཞབས་ནས་བཏེགས་ནས་ཞུས་པ་ཡིན་པས། ངས་འདི་ལ་བྲི་བཅད་བྱས་རེ་དཀོན་མཆོག་གསུམ་གྱིས་མགོ་ཁོས་གསུངས་ནས་ལོ་སྟོན་ལ་གནང་ནས་མནའ་བགག་སྟེ་བཏང་ངོ་། །རྒྱ་རིམ་པ་གསུམ་གྱིས་བཏབ་ནས་གཏད་དོ། །ཐོས་པའི་ལོ་རྒྱུས་སོ། །རྒྱ་རྒྱ་རྒྱ། དྲག་སྔགས་དཀྱུས་སུ་བཅུག་པ་ལོགས་སུ་གབ་བོ། །ལོགས་སུ་གབ་པ་འདི་མེད་ན་ཕུར་པ་མཁན་པོ་རྣམས་ཡང་ཡི་ཆད། ཀླད་པ་འབྲུལ། མགོ་འགས་པས་འདི་ཤིན་ཏུ་གསང་ལ་བསྒྲུབ་པར་བྱའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། མོ་ཧ་གྷ་ཡ་མཱ་ར་ཡ་ས་མ་ཡ། ཛཿཧཱུྃ་བྃ་ཧོཿ ཙིཏྟ་སྲོག་ལ་བམ་ཏྲཀྨོ་རཀྨོ། ཐིབ་ཐིབ་ཙེག་ཙེག་འུར་འུར་སོད་སོད་སྲོག་ལ་ཡཾ་ཡཾ། སྙིག་ལ་ཕྲིལ་ཕྲིལ། ཁ་རག་ཏུ་ཏྲི་ནན། ཤིག་ཤིག །གུམ་གུམ། མཱ་ར་ཡ་ཛཿ དྷ་ཏི་མ་མ་ཀརྨ། ཤཱི་ཀྲང་ཀ་རེ་ཡེ། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ། ཙ་ཏྲི་སུམ་ཏྲི་རག་ཤ་ནཱ་ག་ར་ཏྲི་མ་ར་ས་ནི་པྲ་མ་ར་ཏ་ནི་ཧཱུྃ་ཕཊ། དྲག་སྔགས་ཀྱི་འཕྱོང་གཞན་དུ་གབ་པ་འདི་ཤིན་ཏུ་གསང་ལ་བསྒྲུབ་པར་བྱའོ། །བཀའི་སྒྱེའུ་ཆུང་གི་དྲག་སྔགས་སོ། །ཨཐྎ། །སོ་ཕག་ཤི་ཐམ། ༈ །སློབ་དཔོན་པདྨ་ཐོད་ཕྲེང་གིས་ཕྱི་རབས་དོན་དུ་ཡང་ལེ་ཤོད་དུ་མཛད་ནས། རྣལ་འབྱོར་བ་ཕུར་པ་བསྒྲུབ་ནས་ཡུན་རིང་དུ། མཐུ་མེད་ཅིང་དགྲ་ལ་འཕར་དུ་མི་འདོད་ཅིང་འཚེག་ཏུ་མི་འདོད་ན། རྟགས་མ་ཐོན་ན། །སྤྱིར་ལྷ་སྲིན་སྡེ་བརྒྱད་འཁྲུགས་པས་ཉེན་ཆེ། །བཟླས་པ་ཚད་དུ་མ་ཕྱིན་པར་མི་བཏུབ། །གནད་ལ་དབབ་དགོངས་ཏེ། དེའི་ནང་ནས་ཀྱང་དམ་ཅན་རྣམ་པ་གསུམ་ཤྭ་ན། བདག་ཉིད། བསྭེ་མོ། མིང་པོ་གིང་དང་བཅས་པ་བསྭེའི་སྐྱེས་བུ་སྲོག་བདག་དང་བཙན་དུ་བཅས་པ། རྣམས་གནད་ལ་དབབ་དགོས་སོ། །པོ་ཏི་རྒྱུད་ཀྱི་ཕོ་མོ་དཀྲུག་པའི་རྒྱུད་ནས་བཏུས། བཅུད་ཕྱུང་རྡོ་རྗེ་ཐོད་ཕྲེང་ངས། །མ་མོ་ཤི་ས་འཁོར་ལོ་ཕར་བསྐོར་ལ་བཟླས། བསྟན་པ་ལྕུར་གྱིས་ལོགས་སུ་ཕྱུངས་བྱས་ནས། །ཕྱི་རབས་རྣལ་འབྱོར་དོན་དུ་ཕུར་པ་སྒྲུབ་པ་ལ། །རྟགས་ཕུར་པ་ལ་དང་དྲོད་ཚད་བྱིན་འགྱངས་ནས། རླབས་མ་བྱུང་ན། །ནང་རྟགས་ལྷ་རྟགས། ཕྱི་རྟགས་དགྲ་རྟགས། གཉིས་ཀ་མེད་ན་བསྒྲུབ། །དེ་མིན་པར་ནི་སྒྲུབ་ཕོ་མོ་དཀྲུག་པ་ཉེན་ཆེའོ། །ཚད་དུ་མ་བསྐྱལ་བ་ལ་མི་བྱའོ། །པར་མ་གསུངས་སོ། །ཅི་སྟེ་འཇིག་རྟེན་ལྷ་འདྲེ་དཀྲུག་པ་ཡི། །དེ་ཕྱིར་རང་ལ་ཉེས་གྱོང་འོང་། །དེ་བས་འདི་ནི་སྒྲུབ་པ་ཐོན་ནས་བརྩམ། །ཐོད་ཕྲེང་ཡི་དམ་ལྷ་དཔང་རབ་གསོལ་ནས། །རང་དང་ཕྱི་རབས་རྣལ་འབྱོར་དོན་དུ་བརྩམས། །རང་དང་འདྲ་བའི་བུ་ལ་གཏད་པ་ལས། །ཕྲག་དོག་ཁ་འཇམ་ཆེ་ལ་མཐོ་གནོན་བྱེད། །སློབ་དཔོན་དམོད་ལ་རང་ཆེ་འབྱིན། །ངོ་སོ་ཚུལ་འཆོས་ཁ་གསག་མཁན། །དེ་ལྟར་བུ་ལ་གཏད་པར་མ་གསུངས་སོ། །ཅི་སྟེ་གཏད་པས་རང་ལ་ཉེས་པ་འོང་། །རང་དང་ཕ་རོལ་གཉིས་ཀ་ལ། །དམ་ཚིག་མེད་པར་ཀུན་གྱིས་མཐོང་། །ལྷ་འདྲེ་ཀུན་གྱིས། དེ་བས་འཇིག་རྟེན་སྲོག་ལ་གཏོད། །བསྭེ་མོ་སྲོག་ལ་གཏོད་ནས་གསོད་དུ་འོང་། དེ་བས་བསྟན་པར་མ་གསུངས་སོ། །གལ་ཏེ་ནམ་ཞིག་འཆི་སྲིད་ན། །སྣོད་དང་ལྡན་པའི་བུ་མཆོག་ལ། །ལག་ཏུ་རྡོ་རྗེ་གཏད་ལ་མགོ་རུ་གཏོར་མ་བཞག །དེ་ལྟར་བྱས་ལ་གཏད་ལ་བཞག །སྙིང་ལ་དམ་ཚིག་ཕོག་ལ་གཏད་ལ་བཞག །ཕྱི་རབས་ཀྱི་རྣལ་འབྱོར་པ་ཕུར་པའི་སྒྲུབ་པ་ཡུན་རིང་དུ་བྱས་ནས། མཐུ་མེད་དགྲ་ལ་རྟགས་མ་ཐོན་ན་སྙིང་རྗེ་བ་གཅིག་ཡིན་པས། དེའི་དོན་དུ་ཐོད་ཕྲེང་ངས་བརྩམས། མ་མོ་ཤི་ས་བསྟན་པ་ཡང་། ཕྱི་ལྟར་བསྟན་ཕྱི་ལྟར་ཁོ་རང་ལ་བསད་པ་ཡིན། པ་དང་། ནང་ལྟར་བསྟན་པ་དང་། གསང་བ་ལྟར་བསྟན་པའོ། །ཕྱི་ལྟར་གནད་ལ་དབབ་པ་འདིས་བྱའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། དང་པོ་ཁོ་རང་གིས་སློབ་དཔོན་གྱི་སྤྱན་སྔར་སྲོག་སྙིང་ཕུལ་བ་ཡིན་པས་སྔགས་འདིའོ། །ལྷ་སྲིན་སྡེ་བརྒྱད་གནད་ལ་དབབ། ཡག་མོ་རག་མོ་ཀ་ལ་རཱུ་པ། སྙིང་རྩ་ལ་ཡམ་ཡམ། འདི་བཟླས་པ་ཙམ་གྱིས་ཁོ་རང་ཡོ་ག་འཛིན་གྱི་ལྷ་སྲིན་ཀུན་སྙིང་སྐྱུར་སྐྱུར་སོང་བར་བསམ། དྲེད་ནས་འདར་ཡེད་ཡེད་འདུག་པ་ལ་ཕུར་པ་བསྟན་པར་བྱ། སམ་ཏྲི་རག་ཤ་ཐིབ་ཐིབ། སྲོག་ལ་ཡམ་ཡམ། སྙིང་ལ་ཕྲིལ་ཕྲིལ། སྲོག་ལ་ཆུམས་ཆུམས། ཙ་ཏྲི་སུ་ཏྲི་སྙིང་ཁ་རག་ཐིབ་ཐིབ་རྒྱལ་པོ་གནད་ལ་དབབ་པའོ་སྲོག་བདག་པེ་དཀར་སོགས་གནད་ལ་དབབ། ཙིཏྟ་སྲོག་གཏུང་གཏུང་། དུ་ཏྲི་ནན་ཤིག་ཤིག །མྱོགས་མྱོགས་སོད་སོད་སེ་ན་གཏུབས་གཏུབས། ཞེས་པས་ཕྱི་ལྟར་རོ། །ནང་བདག་དཔལ་ཆེན་དུ་གསལ་བས་གཟིར་རོ། །ལྟར་གནད་ལ་དབབ་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། རཀྨོ་ཡཀྨོ། ཤྭ་ནའི་ཚོགས་ནག་མོའི་ཚོགས་བསྭེ་མོའི་ཚོགས། ཀ་ལ་རུ་པ་སྙིང་རྩ་ལ་ཡམ་ཡམ། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ་སོད་སོད་སྲོག་ལ་ཡམ་ཡམ། འདི་བཟླས་པ་ཙམ་གྱིས་ལྟད་མོ་ཆེན་མོ་ཚོགས་པ་བཞིན་དུ་ཀུན་ཕུང་ཕུང་རིབ་རིབ་འདུས་པར་བསམ་ལ་བཟླས་པར་བྱ། ཤྭ་ན་མ་གནད་ལ་འབེབས་ནས་འདར་ཕྲིལ་ཕྲིལ་སོང་བར་བསམ་མོ། །སྙིང་ལ་ཕྲིལ་ཕྲིལ། སྲོག་ལ་ཆུམ་ཆུམ། ཀ་ཏང་ཀ་ཏེ་མྱོགས་མྱོགས། སྲོག་ཙིཏྟ་གཏུབས་གཏུབས། ཛ་ཡེ་བི་ཛ་ཡེ། མ་མོ་གནད་ལ་དབབ་པས་དགྲ་བོ་གསོད་པའི་ལས་བྱའོ། །སུམ་ཏྲི་རག་ཤ་ཐིབ་ཐིབ། སེ་ནི་གཏུབས་གཏུབས། ཙིག་ཙིག་ཕུར་པ་གནས་སུ་མེ་སྟག་ལྟར། འུར་འུར་ཤིག་ཤིག་གུ་གུལ། ཙི་ཏྲ་ས་མ་ཏྲི་སྙིང་སྲོག་བདག་གནད་ལ་ཕབ། ཕོ་རྒྱུད་ཐམས་ཅད་ཀྱི་དགྲ་བོ་བསད་པའོ། །ཁ་རག་དུན་ཏྲི་ནན། དྷ་ཏི་མ་མ་ཀརྨ་ཤཱི་ཀྲང་ཀ་རེ་ཡེ། མཱ་ར་ས་ན་པྲ་མ་རྟ་ན་ཡེ་ལྷ་སྲིན་གྱི་སྔགས་འུབ་ཀྱིས་དྲིལ་བའོ། །ཧཱུྃ་ཕཊ། ཅེས་པས་ནང་ལྟར་གནད་ལ་དབབ་པའོ། །གསང་བ་ལྟར་གནད་ལ་དབབ་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། བདག་དཔལ་ཆེན་དུ་གསལ་བའི་ལག་གཡས་ཀྱི་ཕུར་པ་གཟས་པོ་ལ་བཏབ་པས་ཁྲག་རྒྱང་རྒྱང་སོང་བར་བསམ། དེ་ལྟར་བཟླས་པས། འདར་ཕྲི་ལི་ལི་གུམ་གུམ་མཆི་མ་ཤར་ཤར་གནག་སྟིང་སྟིང་། གཟས་པ་པོ་རང་དབང་མེད་པར་གུམ་གུམ་ཁྲིད་ལ་ཤོག །བཙན་པོས་བསྒོ་བ་བཞིན་ཁྱེར་ནས་འོང་བར་བསམ། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ། རཀྨོ་ཡཀྨོ། ཀ་ལ་རུ་པ་སྙིང་རྩ་ལ་ཡམ་ཡམ། སམ་ཏྲི་རཀྴ་ཐིབ་ཐིབ། ཙིཏྟ་སྲོག་གཏུང་གཏུང་། སྲོག་ལ་ཡམ་ཡམ། ཛ་ཡེ་བི་ཛ་ཡེ། མྱོགས་མྱོགས་སོད་སོད་ཇོ་བོས་བྲན་གཅུན་པ་བཞིན་གཅུན་པས་མ་སྲིན་རྣམས་ནག་འདྲད་འདྲད་རྒྱང་རྒྱང་སོང་བར་བསམ་ལ་བཟླས་པ་བྱའོ། །ཙིཏྟ་སམ་ཏྲི་སེར་གཏུབས་གཏུབས་སྙིང་ཕྲིལ་ཕྲིལ་སྲོག་ལ་ཆུམ་ཆུམ། ཀ་ཏང་ཀ་ཏེ་སྙིང་རྩ་ལ་ཡམ་ཡམ། ཙི་ཏྲ་ས་མ་ཏྲི་སྙིང་ཁ་རག་དུན་ཏྲི་མ་མོ་རང་ནང་དཀྲུག་པའི་སྔགས་ཀྱང་ཡིན་ནོ། །ནན་ཤིག་ཤིག་མ་མ་པ་ཤཾ་ཀུ་རུ། དྷ་ཏི་མ་མ་ཀ་ར་ཨི་ནན། ཤཱི་ཀྲང་མ་ཐ་ཉ྄ཡ྅྅྅་ཀ་རེ་ཡ། མ་ར་ས་ན་པྲ་མརྟ་ནི་མཐའ་བཏུལ་མཐའ་བཏུལ་འཁོར་བའི་བདུན་བརྒྱུད་རྩད་ནས་བཅད་པའོ། །ཡེ་ཧཱུྃ་ཕཊ། ཅེས་པས་གསང་བ་ལྟར་གནད་ལ་དབབ་པའོ། །ཨཐྎ། ཞེས་ཕྱི་ལྟར་གནད་ལ་དབབ་བས་དམ་ཅན་སྡེ་གསུམ་ལྷ་སྲིན་སྡེ་བརྒྱད་པོ་རྣམས་ཀྱིས་དང་པོ་སློབ་དཔོན་གྱི་སྤྱན་སྔར་ཁས་བླངས། རང་གི་སྙིང་པོ་ཁོ་རང་གིས་ཕུལ་བ་ཡིན་པས། ཀུན་གྱི་སྙིང་ལྕུར་ལྕུར་སོང་བར་བསམ་ལ་བཟླས་པ་བྱའོ། །ནང་ལྟར་བཟླས་པས་དམ་ཅན་མ་མོ་ཀུན་གྱི་ཁ་ནས་ཁྲག་རྒྱང་རྒྱང་སོང་བར་བསམ་ལ་བཟླས་པ་བྱའོ། །གསང་བ་ལྟར་ན་ལྷག་པར་ཡང་། དམ་ཅན་མ་གསུམ་ལུས་མྱགས་མྱགས་སེང་སེང་ཤྭ་ན་མ་སེར་བ་བབ་པ་བཞིན། ནག་འདྲད་འདྲད་ཁོ་རང་ལ་ཕར་བསྐོར་ལ་བཟླས་པ་བྱའོ། །དེ་ལྟར་བྱས་པས་གྲུབ་པར་ཐེ་ཚོམ་མེད་དོ། །དང་པོ་ཁོ་རང་གིས་དམོད་བཙུགས་པ་ཡིན་པས་ཐེ་ཚོམ་མེད་དོ། །ཨཐྎ། ༈ །པདྨ་ཐོད་ཕྲེང་གི་ཡང་དག་མར་མེ་དགུ་པ་བསྒྲུབ་པའི་དུས་སུ། བིདྷྱོཏྟ་མ་ལ་འབུལ་སྡེའི་ནང་ནས་རྡོ་རྗེ་གཞོན་ནུའི་སྐོར་དང་ཕུན་སུམ་ཚོགས་པའི་ཆ་རྐྱེན་རྒྱུད་ཕྱི་མ་ཁོང་ལ་ཕུལ་བས། བཏོན་ནས་མཛད་ནས། དེའི་ནང་ནས་ཀྱང་ཕུར་པའི་རྒྱུད་རོ་ལངས་བཤད་པའི་རྒྱུད་དང་། སྲོག་གི་སྤུ་གྲིའི་རྒྱུད་དོ། །དེའི་ནང་ནས་ཀྱང་ཕོ་མོ་དཀྲུག་པར་བྱ་བའི་ནང་ནས་བཏུས་ནས། སླར་ཡང་རྡོ་རྗེ་གདན་གྱི་འོག་ཏུ་རྒྱ་གར་ཆོས་ཀྱི་རྒྱལ་པོས་རྒྱས་བཏབ་ནས་སྦས་སོ། །དྷ་ཏི་རྒྱས་འབྲིང་གསུམ། ཕུར་པ་ནང་སྒྲུབ་དང་། བཞི་སྙིང་གཅིག་ཏུ་དྲིལ་བ་དང་། ཕོ་མོ་རབས་ཆད་ནག་པོའི་ཐོད་པ་ལ་སྒྲུབ་པ་ཀུན་བཏུས་ནས་མཛད་པ་ལས། བོད་ཡུལ་དུ་བྱོན་ནས་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་གཟུངས་མ་མཛད་པས་སློབ་དཔོན་གྱི་ཐུགས་ཟིན་ནས་མོ་ལ་གཏད་དོ། །དེ་ནས་གཅིག་ནས་གཉིས་སུ་བརྒྱུད་པའི་མཐའ་ལང་ལབ་བྱང་ཆུབ་རྡོ་རྗེའོ། །རྒྱུད་སྡེ་ཀུན་ད་ལྟ་བོད་ཡུལ་དབུས་ན་མི་བདོག་སྐད་དོ། ཨཐྎ། ༈ སློབ་དཔོན་པདྨ་ཐོད་ཕྲེང་གིས་བིདྱོཏྟ་མ་ལ་འབུམ་སྡེའི་ནས་ནས་སྤྱིར་ལྷ་སྲིན་སྡེ་བརྒྱད་དེའི་ནང་ནས་དམ་ཅན་རྣམ་པ་གསུམ། བསྭེའི་སྐྱེས་བུ་གདུག་པ་ཅན་དང་། མ་མོ་མཐའ་དག་གི་སྲོག་གི་སྙིང་པོ་གཅིག་ཏུ་དྲིལ་ནས་ཕྱུངས་པ་འདི། བོད་ཡུལ་དབུས་སུ་མཆིམས་དང་། ཤུད་པུ་དང་། སྣ་ནམ་གསུམ་ལ་ནི་སྤྱིར་ཕུར་པ་མཐའ་དག་བཤད་ནས་སྤྱིར་རྒྱལ་མཁས། དེའི་དུས་སུ་མཁར་ཆེན་བཟའ་མཚོ་རྒྱལ་ལ། ཁྱོད་བུད་མེད་ཀྱི་བློ་ཡང་ཡིན། ཅོལ་ཡང་ཆུང་བས་ངན་སྔགས་ཀྱི་ཡི་གེ་འདི་གཏད་དོ་གསུངས་ནས་གནང་ངོ་། །དེའི་ལས་ནི་དཀྱིལ་འཁོར་རྣམ་པ་གསུམ་གྱིས་དོན་གྱི་ཁོག་ཕུབ། ངན་སྔགས་སྲོག་གི་སྤུ་གྲི་འདིས་ལས་ཀྱི་མཐའ་བཏུལ། དེའི་རྫས་ནི་ལྕགས་ཕུར་དང་རྫས་རྣམས་ཚོགས་པར་བསགས། འགྲོ་ཉལ་འདུག་སྡོད་དུ་བསྙེན་པ་དེ་ལ་དབུལ་ལོ། །ༀ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། བཛྲ་ཁྲོ་བོ་ཁྲོ་མོ། ཀཱི་ལི་སྤྲུལ་པ་ཁྲ་ཐབས། ཀཱི་ལ་ཡ་སྲས་མཆོག །སརྦ་ཐམས་ཅད། བིགྷྣཱན་བགེགས་མནན་པ། བཾ་ཧཱུྃ་སྡུད་པ། ཕཊ། བསད་པ། ༀ་ཡབ་ཡུམ། བཛྲ་ཁྲོ་བོ་ཁྲོ་མོ། ཀཱི་སྤྲུལ་པའི་ཁྲ་ཐབས། ལི་ཀཱི་ལ་ཡ། སྲས་མཆོག་རྦད་པའོ། །རཀྨོ་ཡཀྨོ། ཀ་ལ་རཱུ་པ་སྙིང་རྩ་ལ་ཡམ་ཡམ། སྲོག་ལ་ཡམ་ཡམ། སྙིང་ལ་ཕྲིལ་ཕྲིལ། སྲོག་ལ་ཆུམ་ཆུམ། ཙིཏྟ་སྲོག་ལ་གཏུང་གཏུང་། སཾ་ཏྲི་རག་ཐིབ་ཐིབ་ཙ་ཏྲི་ས མ་ཏྲི། སྙིང་ཁ་རག་དུན་ཏྲི་ནན་ཤིག་ཤིག་སེ་ན་གཏུབ་གཏུབ། ཐུམ་རི་ལི་ལི་ཙེག་ཙེག་འུར་འུར་ཤིག་ཤིག་གུལ་གུལ་མྱགས་མྱགས་སོད་སོད་དྷ་ཏི་མ་མ་ཀརྨ་ཤཱི་ཀྲང་ཀ་རེ་ཡ། མཱ་ར་ས་ནི་པྲ་མརྟ་ནི་ཡེ་ཧཱུྃ་ཕཊ། འདི་མེད་པར་ཕུར་པ་བསྒྲུབ་ན་སྔགས་པ་ཀླད་པ་བཟང་བ། ངང་རིང་བ་ཞེས་ཆེ་བ་དགོས་འདུག་གི་རྟགས་ནི་མི་འགོར་བར་འོང་ངོ་། །ལང་ལབ་བྱང་ཆུབ་རྡོ་རྗེའི་མན་ངག་ངན་སྔགས་སྲོག་གི་སྤུ་གྲི། དགྲ་བོའི་སྲོག་ལ་སྤུ་གྲི་གདབ་པའོ། །ཨཐྎ། ༈ །དཔལ་རྡོ་རྗེ་གཞོན་ནུའི་མན་ངག་སོ་སོ་ན་ཁ་ཚང་ཞིང་ཟ བ་པ་མང་ན་ཡང་། ལྟ་སྤྱོད་ལོག་པའི་དགྲ་བོའི་སྲོག་ལ་སྤུ་གྲི་བཏབ་པ་འདི་འཁོར་ལོ་ཕྱི་ལྟར་བསྐོར་བ། ནང་ལྟར། གསང་བ་ལྟར། ལ་བསྐྱོན་ལ་ཤིན་ཏུ་གསང་ལ་བྱའོ། །དེའི་སྔགས་ཀྱི་མན་ངག་ཡིད་ཆེས་པ། ངོས་འཛིན་གྱི་ཐེམ་ཡིག་འདི་མེད་པར་གཞན་མ་མགོ་མེད་མཇུག་མེད་ཀུན་གྱི་ཟབ་ཀྱང་ཟབ་ཟབ་འདྲ་བར་བྱས་ནས་འོང་སྟེ་གར་སོང་སོང་དུ་མ་བྱེད་ཅིག །དེའི་སྔགས་ཡིག་འདི་ལྟར་གདམས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄། སྔགས་དེ་ནི་དཀྱིལ་འཁོར་རྣམ་པ་གསུམ་ཀའི་སྲོག་གི་སྙིང་པོར་འགྲོའོ། །རྡོ་རྗེ་གཞོན་ནུ་གཅིག་པུའི་ཡང་སྔགས་སུ་ཤེས་པར་བྱའོ། །ༀ་ནི་ཆོས་ཀྱི་སྐུ། བཛྲ་ནི་རྡོ་རྗེ་གཞོན་ནུ། ཀཱི་ནི་ཡུམ་འཁོར་ལོ་རྒྱས་འདེབས་མ། ལི་ནི་ཡབ་ཡུམ་གཉིས་ཀའི་ཡེ་ཤེས་སེམས་དཔའ་རྟ་མགྲིན་སྐུའི་རྒྱན་ཆས་བདུན་པ། བ་སྤུའི་བུ་གའི་རྡོ་རྗེ་གཞོན་ནུ་མཚོན་གང་བ་ཡན་ཆད་གསལ་ལོ། །ཀཱི་འོག་མ་ཁྲོ་བོ་བཅུའོ། །ལི་འོག་མ་ཁྲོ་མོ་བཅུའོ། །ཀཱི་འོག་མ་གཤོག་པ་ཅན་དང་མཆེ་བ་ཅན་ནོ། །ལ་ནི་སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་གྱི་ཚོགས་ལ་བྱའོ། །ཡ་ནི་སྲས་མཆོག་གོ། །དཀྱིལ་འཁོར་རྣམ་པ་གསུམ་དང་སྤྲུལ་པ་དང་ཡང་སྤྲུལ་སུམ་སྤྲུལ་ཐམས་ཅད་རྦད་པའི་སྙིང་པོ་འབྲུ་གཅིག་པའོ། །མ་མ་ནི་མ་མོ་ཐམས་ཅད་འབོད་པའོ། །དེར་མ་ཟད་མ་མོར་གྱུར་པ་ཙམ་འབོད་པའོ། །རག་མོ་ནི་མ་མོ་མཐའ་དག་གི་སྙིང་པོ་སྟེ་ལ་འུར་རྒྱུག་ཅིག་པའོ། །ཡག་མོ་ནི་བསྭེ་མོའི་ཚོགས་འབོད་པའོ། །དེར་མ་ཟད་མ་མོར་གྱུར་པ་ཙམ་གྱི་སྙིང་པོ་སྟེ། ཀ་ལ་རཱུ་པ་ནི་ཤྭ་ན་མའི་སྙིང་པོ་སྟེ། བརྟན་སྐྱོང་གི་ཚོགས་མཐའ་དག་ལ་བྱའོ། །སྙིང་རྩ་ནི་བསྭེའི་སྐྱེས་བུ་ལ་བྱའོ། །ཡམ་ཡམ་ནི་བསྙུར་ཅིག་བསྙུར་ཅིག་པའོ། །སྲོག་ལ་ཡམ་ཡམ་ནི་བཤན་པ་ལག་བཞི་ལ་བྱའོ། །སྙིང་ཕྲིལ་ཕྲིལ་གོང་མ་ནི་སྲོག་བདག་པེ་དཀར་སྤྱན་གཅིག་པ་ལ་བྱའོ། །ཕྲིལ་འོག་མ་ནི་ཡམ་ཤུད་དམར་པོ་ལ་བྱའོ། །སྲོག་ལ་ཆུམ་ཆུམ་ནི་བཙན་འགོང་ངོ་། །ཙིཏྟ་སྲོག་ལ་གཏུང་གཏུང་ནི་བདུད་བསྐོས་རྗེ་བྲང་ཀུན་ནག་པོའོ། །ཐུམ་རི་ལི་ལི་ནི་གཟའོ། །དེར་མ་ཟད་ཀླུའི་ཡང་དེ་ན་ཡོད་པ་ཡིན་ནོ། །དེར་མ་ཟད་ནག་པོ་མགོ་དགུ་དང་ཡུམ་ཀླུ་མོ་སྦལ་མཇུག་ཡང་ཡིན་ནོ། །ཙིག་ཙིག་ནི་སྤྱིར་ལྷ་མ་སྲིན་སྡེ་བརྒྱད་ལ་བྱ་ན། དེའི་ནང་ནས་ཕུར་བུའི་སྲུང་མར་གྱུར་པ་ཙམ་གྱིས་ཕུར་བུ་འདི་འཚེག་ཏུ་ཆུག་ཅིག་པའོ། །འུར་འུར་ནི་གནས་ཁང་དུ་སྒྲ་ཆེན་པོ་འོང་དུ་གཞུག་པ་དང་མེད་དང་དུ་བ་འོང་དུ་ཆུག་ཅིག་པའོ། །ཤིག་ཤིག་ནི་ལིདྒ་ཕུར་བུའི་སྲུང་མར་གྱུར་པ་ཙམ་གྱིས་ཆེ་མཐོང་ཆུང་གིས་མཐོང་བར་སྨྱོ་རུ་ཆུག་ཅིག་པའོ། །འབོག་ཏུ་ཆུག །བྲེད་དུ་ཆུག །བསྔངས་སུ་ཆུག །སྡེབས་སུ་ཆུག །སྙིང་འབྱིན་དུ་ཆུག །དབང་པོ་ལྔའི་རྣམ་ཤེས་འཁྲུག་ཏུ་ཆུག །སྐྱེ་མཆེད་དང་ཁམས་རྣམས་སྨྱོ་རུ་ཆུག་ཅིག་པའོ། །གུལ་གུལ་ནི་ལིདྒ་ལ་ཤེས་པ་ཁུག་ལ་འཕར་དུ་ཆུག་ཅིག་པའོ། །ལྡིང་དུ་ཆུག་ཅིག །འཚེག་ཏུ་ཆུག་ཅིག །སྐད་ངན་འདོན་དུ་ཆུག་ཅིག །ཡན་ལག་རྡེབས་སུ་ཆུག་ཅིག །ཁྲག་ཏུ་སྐྱུགས་སུ་ཆུག་ཅིག །འོ་དོད་གནམ་དུ་འབོད་དུ་ཆུག་ཅིག །བྲང་ལག་འཐབ་ཏུ་ཆུག་ཅིག །ལུས་པོ་འབུས་སྙེགས་ཤིག །གཟས་པ་པོ་སྒྲོ་ལུང་དོ་ཆད་པ་བཞིན་དུ་བྲུབ་ཁུང་དུ་ཁྲིད་ལ་ཤོག་ཅིག་པའོ། །མྱོགས་མྱོགས་ནི་གཟས་པ་པོ་ལུས་རྡུལ་དུ་ཆུག་ཅིག །ཟགས་སུ་ཆུ ག་ཅིག །སྣམ་དུ་ཆུ་གཅིག །གཡེངས་སུ་ཆུག་ཅིག་པའོ། །སོད་སོད་ནི་ལིདྒ་ལ་ཤེས་པ་ཁུག་ལ་ཕུར་བུའི་སྲུང་མར་གྱུར་པ་ཙམ་གྱིས་ཕུར་པ་རུབ་རུབ་ཏུ་ཐོབ་ཅིག་པའོ། །སྲོག་རྩ་རྦད་ཀྱིས་ཆོད་ལ་ནག་འདྲད་འདྲད་དུ་ཐོང་ཞིག་པའོ། །དྷ་ཏི་ནི་ཤྭ་ན་མ་སྟེ། ལྕགས་ཀྱི་སྤྱང་མོ་དང་། དཔལ་གྱི་ཁྱི་བརྒྱད་དང་། དེར་ཡང་མ་ཟད་ཤྭ་ན་བརྟན་སྐྱོང་གི་ཚོགས་ལ་བྱའོ། །མ་མ་ནི་མ་མོ་ནག་མོའི་ཚོགས་ལ་བྱའོ། །དེར་མ་ཟད་བརྟན་མའི་ཚོགས་དང་། མ་བདུན་སྲིང་བཞི་དང་། དེར་མ་ཟད་མ་མོར་གྱུར་པ་ཙམ་འབོད་པའོ། །ཀརྨ་ནི་ཕོ་རྒྱུད་ཐམས་ཅད་གནད་ལ་དབབ་པའོ། །ཤཱི་ཀྲང་ནི་བསྭེ་མོའི་ཚོགས་གནད་ལ་དབབ། དེར་མ་ཟད་མ་མོར་དམར་མོ་གྱུར་པ་ཙམ་གནད་ལ་དབབ་པའོ། །སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྱན་སྔར་ཡུལ་ཚ་བ་ཚ་ཤོད་དུ་ཇི་ལྟར་གནད་ལ་དབབ་པ་བཞིན་དུ་དབབ་པའོ། །ཀ་རེ་ཡ་ནི་དམ་ཅན་རྣམ་པ་གསུམ་དང་གདུག་པའི་ཚོགས་རྦད་པའི་སྙིང་པོ་འབྲུ་གསུམ་པའོ། །མཱ་ར་ས་ནི་པྲ་མ་རྟ་ནི་ཡེ་ཧཱུྃ་ཕཊ་ནི་ཕོ་རྒྱུད་མོ་རྒྱུད་ཕུར་པའི་སྲུང་མར་གྱུར་པ་ཙམ་ལ་བྱའོ། །སྔགས་ཀྱི་མཐའ་བསྡུས་ཀྱང་ཡིན། དགྲ་བོའི་སྲོག་ལ་འུར་འུར། རྩ་ཆུ་ཆོད་ཅིག་ཆོད་ཅིག་པ་ཡིན། བདུན་བརྒྱུད་རྩད་ནས་ཆོད་ཅིག་པ་ཡིན། དེའི་ནང་ནས་ཀྱང་དམ་ཅན་རྣམ་པ་གསུམ་དང་། བསྭེའི་སྐྱེས་བུ་གདུག་པ་ཅན། བཤན་པ་ལག་རིང་། མོན་པ་ནག་པོ་སྲོག་ཟན། མོན་མོ་ནག་མོ་གསེར་གྱི་རྣ་ཆ་རྣམས་ཀྱིས་དགྲ་བོའི་སྲོག་ལ་སྙུར་ཅིག་སྙུར་ཅིག་པའི་ཡིག་འབྲུ་བཅུ་གཅིག་པའོ། །སྤྱིར་ལྷ་མ་སྲིན་སྡེ་བརྒྱད་གནད་ལ་དབབ་པའི་ཐེམ་ཡིག་འདི་མེད་ན། མགོ་མེད་མཇུག་མེད་ཀུན་གྱིས་མགོ་འགས། རླུང་ལྡང་། ཀླད་པ་འབྲུལ་བས་དཀའ་ལ་ཕན་མི་ཐོགས་སོ། །གནད་ལ་དབབ་པའི་སྔགས་རྒོད་འདི་མེད་ན་མཐུ་མི་འོང་ངོ་། །རྫས་ཟད་པ་ལས་ཕན་པ་མེད་དོ། །ཞེས་གསུངས་ནས་མཁར་ཆེན་བཟའ་མཚོ་རྒྱལ་ལ་གཏད་དོ། །དེས་ལ་བྱིད་ཡེ་ཤེས་བརྩེགས་ལ། དེས་མི་ནུབ་ལ། དེས་བློ་ལ། དེས་ལྕེ་ལ། དེས་ངམ་འབྲེ་ལ། དེས་སྲས་ལ། དེས་ལང་ལབ་ལ། དེས་སྣ་ནམ་ལ། དེས་རྒྱ་སྟོན་ལ་བྱེ་མ་གཙང་ཁར་གཏད། དེས་རྒྱ་ཐུང་ཤེས་རབ་རྒྱལ་མཚན་ལ། དེས་སྲས་ལ། དེས་ཇོ་སྲས་ཁྱུང་པོ་ལ། དེས་མི་ཉག་སྒོམ་ཆེན་དབང་ཕྱུག་གཡུང་དྲུང་ལ། དེས་གླན་སྟོན་ལ། གླན་སྟོན་གཟི་བརྗིད་འབར་ཤངས་ཉ་ཚལ་བ་ཡིན། དེས་གཉན་སྟོན་དབང་གྲུབ་ལ། དེས་མེ་ཆུང་པ་ལ། དེས་རྒྱ་ཇོ་སྲས་ལ། དེས་ངམ་འབྲེ་ཇོ་ཕུར་ལ། དེས་འཛེངས་བླ་མ་སྐྱབས་ལ། དེས་བསོད་ནམས་ཤེས་རབ་ལ། དེས་ཐོད་བན་སེང་གེ་དཔལ་ལ། དེས་ཀཿཐོག་པ་དགེ་འདུན་རིན་ཆེན་ལ། དེས་དགེ་འདུན་རྒྱལ་མཚན་ལ། དེས་བླ་མ་དམ་པ་རྡོ་རྗེ་སེང་གེ་ལ། དེས་བདག་རོང་བན་བློ་གྲོས་བཟང་པོ་ལ་མོན་ཡུལ་བུམ་ཐང་སེང་གེ་ཁྱི་ཚུགས་བྲག་གི་དབེན་གནས་སུ་རྡོ་རྗེ་ཕུར་པའི་སྐོར་ཇོ་ལུགས་མན་ངག་དྲུག་པ་དང་། ལྕམ་ལུགས་ཀྱི་ལུགས། ས་ཕུར་དབང་དང་འཕགས་པའི་སྒྲུབ་དཀྱིལ་གྱི་ལུང་ཐོབ། ཁྱད་པར་དུ་འཕགས་པ་ལང་ལབ་ཀྱི་གདམས་པ་དང་བཅས་པ་དང་། ཕུར་ནག་བཤད་འབུམ་རྡོ་རྗེ་དོན་གསལ་དང་བཅས་པ་བཀའ་དྲིན་གྱིས་བསྩལ་བ་ལགས་སོ། ༈ །སློབ་དཔོན་པདྨ་ཐོད་ཕྲེང་གིས་བིདྱོཏྟ་མ་ལ་འབུམ་སྡེ་ནས་སྤྱིར་ལྷ་མ་སྲིན་སྡེ་བརྒྱད་ཙམ་ཚང་ན་ཡང་། དེའི་ནང་ནས་ཀྱང་དམ་ཅན་རྣམ་པ་གསུམ་དང་མིང་པོ་གིང་དང་བཅས་པའི་མན་ངག་སྲོག་གི་སྤུ་གྲི་ཕོ་མོ་དཀྲུག་པའི་རྒྱུད་ཀྱི་ནང་ནས་བཏུས་པའི་མན་ངག་འདི་མཁར་ཆེན་བཟའ་མཚོ་རྒྱལ་ལ་གཏད། ཞལ་མཐོང་མེད་པར་སྟོན་ན་ཁྱོད་ལ་བསྡིགས། སྙིང་ཕྱུངས་ནས་མི་སྟེར་ན་ང་ལ་བསྡིགས། སྟེར་བའི་དུས་སུ་ཡང་རེ་རེ་ལ་མནའ་བསྒག་ལ་གཏོད་ཅིག་གསུང་། ཐ་མར་ངམ་འབྲེ་ལ་བབས་ནས་འཁོར་རེའི་བྲག་གསེབ་ཏུ་དགྲ་ལ་ཞག་བཅུར་དུས་བཏབ་བོ། །དེ་ལས་འགོར་ན་ཟླ་བ་གཅིག་གོ། །སློབ་དཔོན་ལང་ལབ་ཀྱི་མན་ངག་འདི་ཤིན་ཏུ་ཟབ་པར་མཐོང་ནས་ལོགས་སུ་ཕྱུང་བའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿབྃ་ཧོཿ མ་མ་པཱ་ཤཾ་ཀུ་རུ། ཕུར་པ་རྫས་དཔལ་ལྷ་མོ་ནག་མོ་སྐུའི་སྙིང་པོ། མ་ཐམ་྅྅྅ཉ྄ཡ། ཀ་ར་ཨི་ནན། བསྭེ་མོ། སུམ་ཏྲི་རག་ཤ་ཐིབ་ཐིབ། དངོས་སུ་སྲོག་བདག་བདུད་ནག་པོ་བཀྲག་མེད། སེ་ན་གཏུབས་ཨེ་ཀ་ཛ་ཏི། གཏུབས། བསྭེ་མོ། རཱ་ཙ་སུམ་ཏྲི་ཆོད་ཆོད། གིང་རྣམས་ལས་ལ་རྦད་པའོ། །མ་མོ་མཁའ་འགྲོ་རྣམས་ལས་ལ་རྦད་པའོ། །ཕྱི་ནང་གསང་གསུམ་གཅིག་ཏུ་དྲིལ་ནས་བརྣག་པའོ། །མཱ་ར་ས་ནི་པྲ་མརྟ་ནི་ཧཱུྃ་ཕཊ། སློབ་དཔོན་ལང་ལབ་ཀྱིས་བུ་ཤེས་རབ་ཚུལ་ཁྲིམས་ལ་ཞལ་མཐོང་མེད་པར་སྟོན་ན་དམ་ཚིག་ཉམས་སོ་གསུང་། རྒྱ་སྟོན་སངས་རྒྱས་ཀྱིས་ཞལ་མཐོང་། རྟ་གཉིས་ཁྲབ་གཉིས་ཤ་མར་དྲུག་ཕུལ་ནས་ཞུས། རྒྱ་ཐུང་གི་ཞལ་མཐོང་རིང་ལ་རྟ་གཉིས་ཕུལ་ནས་ཞུས་ཀྱིས་སྟེང་ལ་གཞན་ལས་གཏོད་རི་བར་མནའ་བསྒགས་སོ། །འདི་ལ་ཕོ་འཁོར་མོ་འཁོར་གཉིས་ཡོད་དེ། བར་དུ་མིང་བྱང་བཅུག་ལ་བཟླས། བསྐོར་བ་མན་ངག་ལས་ཤེས་པར་བྱ། དེ་ལྟར་བྱས་ན་ཐེ་ཚོམ་མེད། སློབ་མ་གསུམ་ལས་བསྟན་དུ་མེད། དེ་ལས་མང་ན་རྡོ་རྗེའི་དམྱལ་བར་སྐྱེ། འདི་ནི་ཤིན་ཏུ་གསང་ངོ་། །ཨཐྎ། འཇིག་རྟེན་གྱི་དཔེ་དང་འདྲ་བར་ཕོ་དང་མོར་མ་སྦྲེལ་ན་ཅི་བྱས་ཀྱང་མི་འགྲུབ་པས་འདི་ནི་ཤིན་ཏུ་ཟབ་པ་ཕོ་མོ་སྦྲེལ་བའོ། ༈ །དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །བྱི་ཏོ་རྒྱུད་ཀྱི་སྙིང་ཕྱུང་དམ་ཅན་སྲོག་སྙིང་བསྡུས། མིང་པོ་སྲུང་མ་བཅུ་གཉིས། གིང་དང་བཅས་པའི་ལྷ་སྲིན་སྡེ་བརྒྱད་སྲོག་སྙིང་དང་། ཕོ་མོ་ཕྱི་ནང་གསང་གསུམ་འཁོར་ལོ་དྲིལ་བ་འདི། ཁ་སྤྲོད་ལ་འདུས། སློབ་དཔོན་ཆེན་པོས་མཁར་ཆེན་བཟའ་ལ་གཏད། དེ་ནས་རིམ་བརྒྱུད་མཐའ་ནི་ངམ་འབྲེའོ། །ངམ་འབྲེས་ཞག་བཅུ། འགོར་ན་ཟླ་བ་གཅིག་དེ་ལྟར་དགོངས་ནས་ཤིན་ཏུ་ཟབ་པར་མཐོང་། ངན་སྔགས་སྲོག་གི་འཁོར་ལོ་སྔགས་ཀྱི་མཆོག །ཕྱི་ནང་གསང་གསུམ་གཅིག་ཏུ་དྲིལ་བའི་འཁོར་ལོ་དྲག་སྔགས་ཀྱི་ཐེམ་ཡིག་འདི་ལས་མ་གཏོགས་པ། གཞན་ཀུན་ཚི་ཆད། འདི་ལ་དེ་བས་ནན་ཏན་བསྐྱེད། ལྕམ་སྲིང་སྲོག་གི་འཁོར་ལོ་འདི་འབོད་རྦད་བསད་གསུམ་གཅིག་ཏུ་དྲིལ་ཞེས་བྱ་འབོད་བསྐུལ་བསྙེན་དང་གནད་དབབ་གཅུན་ཞེས་བྱ། ངན་སྔགས་ཀྱི་ཚུལ་དུ་སྲོག་ལ་འཁོར་ལོ་བསྐོར་བ་ཞེས་ཀྱང་བྱ། ཕོ་མོ་ཁ་སྤྲོད་ཅེས་ཀྱང་བྱ་སྟེ་འདི་ལྟ་བུ་ནི་ཤིན་ཏུ་དཀོན་པ་ཡིན་ནོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཞེས་པ་མཐའ་ནས་དབུས་སུ་གསོད་པའི་ཡིག་འབྲུ་དགུ་པས་བྱའོ། །ཛཿཧཱུྃ་བྃ་ཧོཿནས་ཐིབ་ཐིབ་ཀྱི་བར། ཡིག་འབྲུ་ཉི་ཤུ་རྩ་གསུམ་པས་རྩིབས་མཆན་དག་ལས་དཀྱིལ་དུ་བསད། དེ་ནས་དྲག་སྔགས་ངོས་བཟུང་བསྔགས་ཀྱི་ཐེམ་ཡིག་འདི་ལྟར་བསྐོར་བ་མེད་པར་སྔགས་ལ་ཡིད་མི་ཆེས། དེ་བས་འདི་ནི་འདི་ལྟར་བསྟན་པར་བྱ། ༀ་ནི་ཡེ་ཤེས་ལྔ་དང་ལྡན་པའི་དུས་གསུམ་གྱི་དེ་བཞིན་གཤེགས་པའི་བདག་ཉིད་དོ། །བཛྲ་ནི་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཆོས་ཀྱི་དབྱིངས་ལ་བྱ། ཀཱི་ནི་དབང་ཕྱུག་ཁྲོ་བོ་བཅུའོ། །ལི་ནི་ཁྲོ་མོ་བཅུའོ། །ཀཱི་ནི་སྤྲུལ་པའི་ཚོགས་ལ་བྱའོ། །ལི་ནི་ཡང་སྤྲུལ་གྱི་ཚོགས་ལ་བྱའོ། །ཀཱི་ནི་སུམ་སྤྲུལ་གྱི་ཚོགས་ལ་བྱའོ། །ལ་ནི་དམ་ཅན་རྣམ་གསུམ་མིང་པོ་གིང་དང་བཅས་པ་ལས་ལ་གཟུད་པའོ། །ཡ་ཞེས་པ་སྲས་མཆོག་ལ་བྱའོ། །ཛཿཞེས་པས་ལྕགས་ཀྱུས་དགུག་པ་སྟེ་དམ་ཉམས་པའི་སྙིང་ག་ནས་བཟུང་ནས། རང་དབང་མེད་པར་ཁྲིད་ནས་འོངས་ནས་ལིདྒ་ལ་བསྟིམ་པའོ། །ཧཱུྃ་ཞེས་པས་ཞགས་པ་མས་དམ་ཉམས་པའི་དགྲ་བགེགས་བཅིངས་ནས་ལས་བྱེད་པའོ། །བཾ་ཞེས་པས་ལྕགས་སྒྲོག་མས་དམ་ཉམས་པའི་དགྲ་བགེགས་གྲུ་གུ་བཞིན་དུ་བསྒོངས་ནས་ཧྲིལ་ཧྲིལ་བྲུབ་ཁུང་དུ་ཁྲིད་ནས་འོང་བའོ། །ཧོཿཞེས་པ་དྲིལ་བུ་མས་མྱོས་མྱོས་ཙམ་དུ་བྱས་ནས་བྱད་བཞིན་དང་མདོག་ལུས་གསལ་བའོ། །མ་མ་ཞེས་པ་ནི་མ་མོ་མཐའ་དག་ཙམ་འབོད་པའོ། །པཱ་ཤཾ་ཞེས་པ་ནི་བརྟན་མ་རྣམས་ལ་བྱའོ། །མ་བདུན་སྲིང་བཞི་ལ་ཡང་བྱའོ། །ཀུ་རུ་ནི་དབང་མོ་ཉི་ཤུ་རྩ་བརྒྱད་ལ་བྱའོ། །མ་མོ་ནག་མོ་སྐུའི་སྙིང་པོའོ། །མ་ཏཾ་ནི་ཤྭ་ན་མ་ལ་བྱའོ། །བརྟན་མའི་ཚོགས་ལ་ཡང་བྱའོ། །དངོས་སུ་ནི་ཟངས་ཀྱི་ཝ་མོའི་སྐུའི་སྙིང་པོ་ལ་བྱའོ། །ཀ་ར་ཨི་ནན་ཞེས་པ་མ་མོ་དམར་མོའི་སྐུའི་སྙིང་པོ་བསྡུས་པའོ། །སུམ་ཏྲི་རག་ཤ་ཐིབ་ཐིབ་ཅེས་པ་ནི། སྲོག་བདག་དང་བདུད་མོ་ནག་མོ་བཀྲག་མེད་དང་། བཙན་འགོང་དང་། དགྲ་ལྷ་དང་། གཟའ་མཆོག་ཆེན་པོ་རཱ་ཧུ་ལ་ལ་བྱའོ། །དེར་ཡང་མ་ཟད་ཕོ་རྒྱུད་ཐམས་ཅད་ལ་བྱའོ། །སེ་ན་གཏུབས་གཏུབས་ཞེས་པ་ནག་མོའི་ཚོགས་ཙམ་དང་། ཨེ་ཀ་ཛཱ་ཏི་མ་ལ་བྱའོ། །ཤྭ་ན་ཙམ་ཟངས་ཀྱི་ཝ་མོ་ལ་བྱའོ། །མ་མོ་དམར་མོར་གྱུར་པ་ཙམ་བསྭེའི་ལྷ་མོ་མཆེད་བཞི་ལ་བྱའོ། །དེ་རྣམས་ཀྱིས་དམ་ཉམས་པའི་དགྲ་བོའི་སྲོག་རྩ་ཆོད་ཅིག་པ་ཡིན། དེར་མ་ཟད་མ་མོར་གྱུར་པ་ཙམ་ལ་བྱའོ། །རཱ་ཙ་སུམ་ཏྲི་ཆོ་ཆོ་ཞེས་པ་ནི་གིང་རྣམས་ལས་ལ་རྦད་པའོ། །སྲིད་པའི་ཕོ་རྒྱུད་དུ་གཏོགས་པ་ཙམ། དངོས་སུ་སྲོག་བདག་ལ་བྱའོ། །དེར་ཡང་མ་ཟད་ཕོ་མོར་གྱུར་པ་ཙམ་ལས་ལ་རྦད་པའོ། །ཡིག་འབྲུ་སུམ་ཅུ་རྩ་གཉིས་ཀྱིས་མུ་ཁྱུད་ཀྱི་དཀྱིལ་དུ་བསད་པའོ། །མཱ་ཞེས་པ་ནི་ཤྭ་ན་མ་ལ་བྱའོ། །ར་ཞེས་པ་ནི་བདག་ཉིད་མ་ལ་བྱའོ། །ས་ཞེས་པ་ནི་ས་བདག་ཆེན་མོ་བྱའོ། །ནི་ཞེས་པ་ནི་གཟས་པ་པོའི་སྙིང་པོའོ། །པྲ་མ་རྟ་ནི་ཡེ་ཧཱུྃ་ཕཊ། ཅེས་པ་ནི་སྲིད་པ་ཕོ་རུ་གཏོགས་པ་ཙམ་གཅིག་ཏུ་དྲིལ་བའི་སྙིང་པོ་ཕྱི་ནང་གསང་བ་གསུམ་ཞེས་ཀྱང་བྱ། སྲིད་པ་པོའི་འཁོར་ལོ་ཞེས་ཀྱང་བྱ། ཁ་སྤྲོད་གཅིག་ཏུ་དྲིལ་བ་ཞེས་ཀྱང་བྱའོ། །ཤིན་ཏུ་གཅེས་པའི་བརྣག་པའོ། །ཡིག་འབྲུ་སུམ་ཅུ་རྩ་གཉིས་ཀྱིས་མུ་ཁྱུད་ཀྱི་དཀྱིལ་དུ་བསད་པའོ། །དེ་ལྟར་ཚང་བ་ཨཐྎ། སློབ་དཔོན་ལང་ལབ་ཀྱི་གདམས་པ་ཤིན་ཏུ་གསང་ངོ་། །མོ་ནི་འགུག་པར་བྱེད་པ་སྟེ། །ཕོ་ནི་གསོད་པར་བྱེད་པའོ། །དེ་ཕྱིར་ཕོ་མོ་སྦྲེལ་ན་འགྲུབ། །སྣ་ནམ་གྱི་ལིདྒ་ཁ་སྤྲོད་ཀྱི་ཐེམ་ཡིག་ཕྱི་ནང་གསང་བ་གསུམ་གཅིག་ཏུ་དྲིལ་བ་རྫོགས་སོ།། །།ཨཐྎ། ༈ འདི་ཡན་ཆད་ཀྱིས་རོང་ཟོམ་ལུགས་ཡོངས་སུ་རྫོགས་པ་ཡིན། འདི་མན་ཆད་ཇོ་མོའི་ལུགས་ཀྱི་སྐོར་ཡིན་ཀྱང་རེ་ཟུང་ལས་མི་སྣང་བས། གཏེར་ཆེན་གསན་ཡིག་ལྟར་ན་ཚེའི་དབང་བསྐུར། མར་མེའི་སྨོན་ལམ། ཕུར་བུ་ལུང་སྡེ་བཞིའི་ལས་ཀྱི་བསྐོས་གདབ། ཕུར་པའི་སྒོམ་བྱང་གི་གནད་ཡིག །སྲིའུ་གསོ་བ། གཞི་བསྟོད་གུད་དུ་ཕྱུང་བ། ལས་བྱང་གི་རྩ་བ་མངོན་རྟོགས་ལས་ཀྱི་ཐོ་བྱང་ཞེས་པ་རུ་པདྨས་མཛད་པ། ཕུར་བུ་དོན་གྱི་མན་ངག །རྦོད་གཏོང་བཟློག་པ། གཟུ་དཔང་། སྟོབ་པ། བསྭེའི་ལྷ་མོ་བཞིའི་སྒྲུབ་ཐབས་སྲོག་ཏིག་དམར་ནག་བཅས་བཞུགས་ཀྱང་འདིར་དེར་གཏོགས་པ་དངོས་བསྟན་ཚན་པ་གཉིས་ཙམ་ལས་མི་སྣང་ཡང་དེ་དག་དང་གཞན་ཡང་དཔེ་རྒྱུན་ལ་ཡོད་པ་འདི་ལྟ་སྟེ།

རིག་འཛིན་བསྐུལ་རྒྱས་པ།

རིག་འཛིན་བསྐུལ་རྒྱས་པ་བཞུགས་སོ། །ཧཱུྃ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོ བ་པ། །རིག་འཛིན་རྣམས་ཀྱི་དུས་ལ་བབ། །ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །ཧཱུྃ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །ཙནྡན་ནགས་མེ་མཆེད་ཚེ་བསྙེན་ཕུར་བསྒྲིལ། །ཚ་བའི་མེ་ཤི་ནགས་ཚལ་སྔོན་བས་བཟང་། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་ཡིས། །གདྒཱའི་ཆུ་ལ་བཏབ་ནས་དུམ་བུར་བཅད། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ་ཡིས། །མཎྜལ་བྲག་ལ་བཏབ་ནས་ཕྱེ་མར་བསྙིལ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །མ་ཅིག་ཇོ་མོ་མཁར་ཆེན་མཚོ་རྒྱལ་གྱིས། །འོ་ཡུག་མཁར་བ་སྣ་ཡི་དབེན་རྩ་རུ། །སྤྱང་ཀིའི་རྗེས་ཀྱི་ས་ལ་ཕུར་པ་བཏབ། །སྲོག་བདག་སྤྲུལ་པ་སྤྱང་ཀི་བཅུ་གསུམ་བསྒྲལ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་བསྒྲུབ་པའི་གྲོགས་མཛོད་ཅིག །མཆིམས་སྟོན་ལོ་ཙཱ་ཤཱཀྱ་པྲ་བྷ་ཡིས། །ཡར་ཀླུངས་ཕུག་ནས་གཙང་པོ་གྱེན་དུ་སློག །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །ཤུད་པུ་ལོ་ཙཱ་དཔལ་གྱི་སེང་གེ་ཡིས། །འུ་ཤང་རྡོ་ཡི་བྲག་ལ་ཐོགས་མེད་འཛུལ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །སྣ་ནམ་ལོ་ཙཱ་རྡོ་རྗེ་བདུད་འཇོམས་ཀྱིས། །ཧས་པོ་རི་རུ་ནམ་མཁར་རྔ་ཆེན་བརྡུངས། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །མིང་པོ་མཁར་ཆེན་དཔལ་གྱི་དབང་ཕྱུག་གིས། །རྩིབས་ཀྱི་སྤྱང་ཀི་སྔོན་པོ་གཉའ་ནས་བཟུང་། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་བསྒྲུབ་པའི་གྲོགས་མཛོད་ཅིག །འདིར་ལ་བྱིད་ཡེ་ཤེས་བརྩེགས་ཆད་འདྲ། མཆན། གར་ཤ་མཁའ་འགྲོའི་གླིང་གི་དབེ ན་ས་རུ། །སློབ་དཔོན་མི་ནུབ་རྒྱལ་བའི་སྙིང་པོ་ཡི། །བདུད་ཀྱི་སྤྲུལ་པ་བྱ་རོག་ཐང་ལ་ལྷུང་། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །ལོ་པཎ་དཔལ་བློས་སྤ་གྲོ་སྟག་ཚང་དུ། །མོན་གྱི་དམག་ཚོགས་ཐམས་ཅད་ཁ་ཕུང་བསྒྲལ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །ཉང་སྟོད་སྲིན་མོ་རི་ཡི་ཅོ་ཏོ་རུ། །སློབ་དཔོན་ངམ་འབྲེ་ཀླུ་ཡི་རྒྱལ་མཚན་གྱིས། །དགྲ་ལ་བཏབ་པས་བགེགས་ཀྱང་ཞར་ལ་བསྒྲལ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་བ་སྒྲུབ་པའི་གྲོགས་མཛོད་ཅིག །ངམ་འབྲེ་ས་ལེ་ཤེས་རབ་དབང་ཕྱུག་གིས། །འོད་ལ་བཏབ་པས་དཀོར་བདག་རྒྱལ་པོ་བསྒྲལ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །གྲུབ་ཆེན་ལང་ལབ་བྱང་ཆུབ་རྡོ་རྗེ་ཡིས། །རྐུན་མའི་རྗེས་ལ་བཏབ་ནས་ནོར་རྣམས་ཁུག །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོདཅིག །སྣ་ནམ་ཤེས་རབ་ཚུལ་ཁྲིམས་ཡབ་སྲས་ཀྱིས། །གནུབས་བན་མཐུ་ཆེན་སྟག་རམ་མི་དགུ་བསྒྲལ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །སྐྱི་ནག་བན་དེ་བྱང་ཆུབ་རིན་ཆེན་གྱིས། །དགྲ་ལ་ཐེབས་ཏེ་ཁང་པའི་གྱང་ཡང་འགྱེལ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །འོ་ཡུག་རོལ་པོ་རྨོག་སྒར་དབེན་པ་རུ། །ཉང་ནག་བནྡྷེ་དབང་གི་ཤེས་རབ་ཀྱིས། །ཕུར་པ་གྲུབ་ནས་དགྲ་བགེགས་ཐམས་ཅད་བཏུལ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །དེ་ནས་ཤཱཀྱ་རྒྱལ་མཚན་སྐུ་མཆེད་ཀྱིས། །འདར་ནག་རྟ་པ་བཅུ་དགུ་ཕུར་པས་བསྒྲལ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །གཡས་རུ་ལྷན་གྱི་སྟག་ལུང་གྲོག་པོ་རུ། །སློབ་དཔོན་དྲག་པོས་སྒྲུབ་པ་མཐར་ཕྱིན་ནས། །ནོར་རྫས་ཕྲོགས་པའི་བནྡྷེ་བཅུ་གསུམ་བསྒྲལ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །རྒྱན་མཁར་ངོ་དམར་ཕུག་གི་དབེན་རྩ་རུ། །སོ་སྟོན་ཁྲི་རྒྱལ་རྡོ་རྗེ་གཏེར་སྒྲུབ་ཀྱིས། །ཕུར་བུ་བསྒྲིལ་ཏེ་དགྲ་བགེགས་དུས་གཅིག་བསྒྲལ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །དེ་ཡི་སློབ་མ་ལྷ་རྗེ་ཕུར་སྟོན་གྱིས། །ལ་སྟོད་ཁྲ་རི་རྡོ་རྗེ་གནམ་རྫོང་དུ། །རྟགས་ཚད་ཕེབས་ནས་དགྲ་བགེགས་གཉིས་ཀ་བསྒྲལ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །བནྡྷེ་རྒྱ་སྟོན་ནམ་མཁའ་རྒྱལ་པོ་ཡིས། །དབང་སྟེང་དགོན་པར་དགྲ་བགེགས་གཉིས་ལ་ཐེབས། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །སྲས་ཀྱི་ཐུ་བོ་ཉི་མ་རྒྱལ་མཚན་གྱིས། །ཕུར་པ་གྲུབ་པས་དགྲ་བགེགས་ཕྱེ་མར་བྱས། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །ཉང་བན་ཆེན་པོས་ཤུ་མངས་ལུང་པ་ཡིས། །གནས་དབེན་ས་རོང་རྒྱན་མཁར་གྱི་ཐོག་ཕུག །མཆན། གདུག་པའི་དགྲ་བགེགས་ཕུར་པའི་སྒོ་ནས་བཏུལ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །སྔགས་འཆང་ནག་པོ་འཛམ་གླིང་པཎྜི་ཏས། །སྨུ་ལུང་བསམ་གཏན་གླིང་གི་སྒྲུབ་ཁང་དུ། །ཕུར་པ་གྲུབ་ནས་དགྲ་བགེགས་ཞིང་བཅུ་བསྒྲལ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །བྲེས་ཕུ་བསམ་གཏན་རྡོ་རྗེའི་ཁང་བུ་རུ། །སློབ་དཔོན་ཆེན་མོ་ཆུ་བར་ཉི་ཕུག་པས། །བསྙེན་སྒྲུབ་ཚད་ཕྱིན་དགྲ་བགེགས་ཆམ་ལ་ཕབ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །བན་གྲོང་སྟོན་པ་གསང་སྔགས་རྡོ་རྗེ་ཡིས། །མངའ་རིས་རྫོང་ཁ་རྒྱལ་པོའི་ཕོ་བྲང་དུ། །ཐུན་གཏོར་མེ་དཔུང་གྱུར་ཏེ་དགྲ་བགེགས་བསྒྲལ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །ལྷོ་བྲག་མཁར་ཆུ་དཔལ་གྱི་གནས་མཆོག་ཏུ། །ཨོ་རྒྱན་སྤྲུལ་པ་རྡོ་རྗེ་སེང་གེ་ཡིས། །ཕུར་པ་འཕར་ཞིང་བཞད་པའི་བར་དུ་བསྒྲུབས། །བསྟན་པ་བཤིག་པའི་དགྲ་བགེགས་ཐམས་ཅད་བསྒྲལ། །སྔོན་ཚེ་ཇི་ལྟར་རྟགས་བསྟན་མ་བསྙེལ་བར། །དེ་རིང་ཕུར་པ་སྒྲུབ་པའི་གྲོགས་མཛོད་ཅིག །ཁྱེད་ཀྱི་ཐུགས་རྗེ་ཕྲིན་ལས་དུས་ལ་བབ། །རྟགས་དང་མཚན་མ་སྟོན་པའི་དུས་ལ་བབ། །མཐུ་རྩལ་མངོན་དུ་ཕྱུང་བའི་དུས་ལ་བབ། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བསྐུལ་ལོ། ༈ །རྡོ་རྗེ་ཕུར་པའི་གཞི་བསྟོད་གུད་དུ་ཕྱུང་བ་བཞུགས་སོ། །ཧཱུྃ། ཤིན་ཏུ་མི་བཟད་དཔལ་ཆེན་རྡོ་རྗེའི་སྐུ། །ཞེ་སྡང་ཐུགས་མཆོག་རཀྴ་ཧེ་རུ་ཀ །ཡཀྴ་ཡང་སྣང་། ཆོས་སྐུ་ཡེ་ཤེས་ལྔ་བརྙེས་གཞོན་ནུའི་ཚུལ། །རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་བསྟོད། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །བདེ་ཆེན་དབྱིངས་ནས་སྤྲུལ་པ་འབྱུང་བའི་གནས། །རཀྴ་ཧེ་རུའི་སྐུ་ལ་དགྱེས་བར་འཁྲིལ། །ཆོས་དབྱིངས་འཁོར་ལོ་རྒྱས་འདེབས་མ་ལ་ཕྱག་འཚལ་བསྟོད། ༈ །རོལ་པའི་སྟོབས་ཀྱིས་ཉི་ཟླ་ཚར་གཅོད་ཅིང་། །འདོད་ཆགས་སྐྱོན་སྤངས་སྐུ་ཡི་དབང་ཕྱུག་ཆེ། །ཡེ་ཤེས་མཐར་ཕྱིན་ཉི་ཟླའི་འོད་བཞིན་གསལ། །སྐྱེ་བཞི་མོས་ལ་དབང་མཛད་ཧཱུྃ་ཀཱ་ར། །ཁྲོ་བོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཟློག་པའི་སྟོབས་ཀྱིས་ཐབས་ཡང་སྣང་། ལྷ་རྣམས་ཚར་གཅོད་ཅིང་། །མ་བྱིན་ལེན་པ་སྤངས་པའི་བདག་ཉིད་ཆེ། །རབ་ཏུ་ཤེས་པས་ཤེས་རབ་མཐར་ཕྱིན་པ། །ཡོ་བྱད་དབང་མཛད་གཞན་གྱིས་མི་ཐུབ་རྒྱལ། །ཁྲོ་བོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །འཇིགས་པའི་སྟོབས་ཀྱིས་དྲང་སྲོང་ཚར་གཅོད་ཅིང་། །ལོག་པའི་སྐྱོན་སྤངས་ཡང་དག་ཉིད་དང་ལྡན། །ཚུལ་ཁྲིམས་མཐར་ཕྱིན་དྲང་སྲོང་སྤྱོད་པ་ཆེ། །ཡེ་ཤེས་དབང་མཛད་ཁྲོ་ཆེན་དབྱུག་སྔོན་ཅན། །ཁྲོ་བོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །འཇིགས་བྱེད་སྟོབས་ཀྱིས་འཆི་བདག་ཚར་གཅོད་ཅིང་། །སྲོག་གཅོད་སྐྱོན་སྤངས་སྐུ་ཡི་དབང་ཕྱུག་ཆེ། །གཟུང་འཛིན་གཉིས་སྤངས་བསམ་གཏན་དག་ལ་གནས། །ཚེ་ལ་དབང་མཛད་ཁྲོ་ཆེན་གཤིན་རྗེ་གཤེད། །ཁྲོ་བོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བརྡེག་པའི་སྟོབས་ཀྱིས་སྲིན་པོ་ཚར་གཅོད་ཅིང་། །རྫུན་གྱི་སྐྱོན་སྤངས་ངག་གི་དབང་ཕྱུག་ཆེ། །དབུ་མའི་སྟོབས་ཀྱིས་མཚན་མ་འདུལ་མཛད་པ། །སྐྱེ་ལ་དབང་མཛད་དྲན་ཚུལ་མི་གཡོ་མགོན། །ཁྲོ་བོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བརྗིད་པའི་སྟོབས་ཀྱིས་ཀླུ་རྣམས་ཚར་གཅོད་ཅིང་། །ཕྲ་མའི་སྐྱོན་སྤངས་དག་པའི་དབང་ཕྱུག་ཆེ། །འབད་པ་མེད་པའི་བརྩོན་འགྲུས་ཤུགས་དང་ལྡན། །ཆོས་ལ་དབང་མཛད་ཁྲོ་ཆེན་རྟ་མཆོག་དཔལ། །ཁྲོ་བོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཤུགས་འཆང་སྟོབས་ཀྱིས་རླུང་ལྷ་ཚར་གཅོད་ཅིང་། །ངག་འཁྱལ་སྐྱོན་སྤངས་ངག་གི་དབང་ཕྱུག་ཆེ། །འདོད་པ་ཀུན་སྦྱིན་མཛད་པ་རྒྱལ་པོའི་ཚུལ། །སེམས་ལ་དབང་མཛད་ཁྲོ་ཆེན་འདོད་པའི་རྒྱལ། །ཁྲོ་བོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །སྔགས་འཁོར་སྟོབས་ཀྱིས་གནོད་སྦྱིན་ཞབས་ཀྱིས་གནོན། །ངག་རྩུབ་སྐྱོན་སྤངས་ངག་གི་དབང་ཕྱུག་ཆེ། །སྨོན་ལམ་རྣམ་པར་དག་པས་བདུད་རྩི་འཁྱིལ། །ལས་ལ་དབང་མཛད་ཁྲོ་ཆེན་བདུད་རྩི་འཁྱིལ། །ཁྲོ་བོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །གནོན་པའི་སྟོབས་ཀྱིས་འབྱུང་པོ་ཚར་གཅོད་ཅིང་། །གནོད་སེམས་སྐྱོན་སྤངས་ཐུགས་ཀྱི་དབང་ཕྱུག་ཆེ། །གཉེན་པོའི་སྟོབས་ཀྱིས་ཐམས་ཅད་ཟིལ་གྱིས་གནོན། །རྫུ་འཕྲུལ་དབང་མཛད་ཁྲོ་ཆེན་ཁམས་གསུམ་རྒྱལ། །ཁྲོ་བོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །གཟི་བརྗིད་སྟོབས་ཀྱིས་ཐམས་ཅད་ཟིལ་གྱིས་གནོན། །བརྣབ་སེམས་སྐྱོན་སྤངས་ཐུགས་རྗེའི་དབང་ཕྱུག་ཆེ། །དྲག་རྩལ་ཤུགས་ཀྱིས་གདུག་པ་འདུལ་མཛད་པ། །སྨོན་ལམ་དབང་མཛད་ཁྲོ་ཆེན་སྟོབས་པོ་ཆེ། །ཁྲོ་བོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། ༈ །བསྐྱོད་པའི་ཡེ་ཤེས་ས་རྣམས་དུས་གཅིག་སྤྱོད། །ཐུགས་རྗེ་ཆེན་པོས་འཁོར་བ་གནས་སུ་འདྲེན། །ཐབས་དང་ཤེས་རབ་སྤྱོད་པས་མཐའ་གཉིས་སྤངས། །ཁམས་གསུམ་ཧཱུྃ་མཛད་མཉེས་མཛད་སྒྲ་འབྱིན་མ། །ཁྲོ་མོ་ཡུམ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཐུགས་རྗེས་ཟིན་པས་མཐར་མི་ལྟུང་། །ཐུགས་རྗེས་ཡེ་ཤེས་ཟིན་པས་སྲིད་པ་གྲོལ། །གཉིས་ལ་མི་གནས་མཐའ་གཉིས་དབུ་མར་སྡིགས། །རྣམ་པར་རྒྱལ་བ་མཉེས་མཛད་སྙེམས་མའི་སྐུ། །ཁྲོ་མོ་ཡུམ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །རིག་པ་ཡེ་ཤེས་ཆོས་ཀྱི་སྐུ་ཉིད་འཛིན། །ཐབས་དང་ཤེས་རབ་ལྡན་པས་འགྲོ་དོན་མཛད། །དབྱུག་པ་སྔོན་པོ་མཉེས་མཛད་རྡོ་རྗེ་སྡེར། །ཁྲོ་མོ་ཡུམ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་མཚན་བསྡུད་ཐུགས་རྗེས་དུར་ཁྲོད་འབྱུང་། །ཐུགས་རྗེའི་སྤྲུལ་པ་སྐུ་དང་ཡེ་ཤེས་འཕྲོ། །ཤེས་པ་སྙིགས་མ་དབུ་མ་རིག་པར་བསྐྱེལ། །གཤེད་པོ་མཉེས་མཛད་རྡོ་རྗེ་དུར་ཁྲོད་བདག །ཁྲོ་མོ་ཡུམ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཤེས་རབ་ཐོ་བས་མཚན་མ་དབྱིངས་སུ་བརྡུང་། །ཆོས་དབྱིངས་གཏུན་དུ་ཤེས་བྱའི་བག་ཆགས་འཇོམས། །མི་དམིགས་གཏུན་དུ་མཚན་མའི་བག་ཆགས་བརྡུང་། །མི་གཡོ་མགོན་པོ་མཉེས་མཛད་གཏུན་ཁུང་མ། །ཁྲོ་མོ་ཡུམ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་གཏུམ་མོས་མཚན་མའི་བག་ཆགས་འཇོམས། །ཐུགས་རྗེས་རྔམས་ཚུལ་གནོད་པ་ཐལ་བར་རློག །གཉིས་ལས་མི་གནས་མཐའ་བྲལ་དབུ་མར་སྡིགས། །རྟ་མཆོག་རྒྱལ་པོ་མཉེས་མཛད་རལ་གཅིག་མ། །ཁྲོ་མོ་ཡུམ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཕྲ་མོ་འབིགས་ཤིང་ཡེ་ཤེས་དབྱིངས་སུ་སྡུད། །ཕྲ་མོའི་འདའ་ནི་ཡེ་ཤེས་དབྱིངས་སུ་འཕེན། །དབུ་མའི་མདའ་ནི་གཉིས་སུ་མེད་པར་མགྱོགས། །གཞན་གྱིས་མི་ཐུབ་མཉེས་མཛད་མདའ་སྙེམས་མ། །ཁྲོ་མོ་ཡུམ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མ་མེད་པའི་དབྱིངས་རིག་ཐོས་པའི་སྒྲ། །དབྱིངས་ཉིད་རིག་པར་ཤེས་པ་སྙན་པའི་སྒྲ། །རིག་པ་ཡེ་ཤེས་ཆོས་ཀྱི་དབྱིངས་སུ་འབྱིན། །བདུད་རྩི་འཁྱིལ་བ་མཉེས་མཛད་རླུང་འབྱིན་མ། །ཁྲོ་མོ་ཡུམ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །བདག་རྟོག་ལོག་པའི་མཚན་མ་ཀུན་བཅོམ་ནས། །ཟ་བྱེད་མཆེ་བས་སྐྱེ་ཤི་རྩད་ནས་གཅོད། །སྐུ་དང་ཡེ་ཤེས་མ་སྐྱེས་མི་དམིགས་པས། །ཁམས་གསུམ་རྣམ་རྒྱལ་མཉེས་བྱེད་གསོད་བྱེད་མ། །ཁྲོ་མོ་ཡུམ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཐུགས་དམ་རྣམ་དག་དབང་གིས་དབྱིངས་ནས་བསྐུལ། །ཐུགས་རྗེའི་ཤུགས་ཀྱིས་འགྲོ་བ་གནས་ནས་འདྲེན། །གཉིས་མེད་མཆོད་བསྐུལ་དབུ་མར་དགྱེས་པ་བསྐྱེད། །མ་ཧཱ་བ་ལ་མཉེས་བྱེད་བསྐུལ་བྱེད་མ། །ཁྲོ་མོ་ཡུམ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། ༈ །ལྷག་མཐོང་ཆོས་ཉིད་ཞི་གནས་ལམ་ལས་རྒྱལ། །སྨོན་ལམ་ཐུགས་རྗེས་འཁོར་བའི་སྟོབས་ལས་རྒྱལ། །འགྲོ་བའི་དོན་མཛད་སྨོན་ལམ་ཤུགས་དང་ལྡན། །དེ་ཕྱིར་ཕྲ་མེན་མྱོས་བྱེད་ཕག་མགོ་ཅན་ལ་ཕྱག་འཚལ་བསྟོད། །ཐུགས་རྗེ་ཕྲིན་ལས་མི་བཟད་སྡུག་བསྔལ་བ། །ཡལ་བར་མ་འདོར་གཏུམ་ཆེན་བརྩོན་འགྲུས་ཤུགས། །འཁོར་བ་མཐའ་གཏུག་གདོད་ནས་དག་པར་སྒྲོལ། །དེ་ཕྱིར་དཔལ་གཏུམ་སྟག་མགོ་ཅན་ལ་ཕྱག་འཚལ་བསྟོད། །ཐུགས་རྗེའི་སྡང་མིག་འཁོར་བ་ཞེ་ལ་གནོན། །མཐུ་རྩལ་ཆེན་པོའི་ཉོན་མོངས་འཇོམས་པར་བྱེད། །འཆམས་པའི་རལ་པ་གསིག་ཅིང་འཇིག་རྟེན་འགེངས། །དེ་ཕྱིར་མི་འགྱུར་གཡག་མགོ་ཅན་ལ་ཕྱག་འཚལ་བསྟོད། །རྟོག་པའི་དགྲ་སྤངས་དྲན་པའི་དགོན་པར་འཇུག །འཁྲུལ་སྐྱོན་དྲི་མ་ཤེས་བྱའི་རྫི་ཚོགས་སྤོང་། །འགྲོ་དོན་དུས་ལ་བབ་ན་ཐུགས་རྗེ་འཇུག །དེ་ཕྱིར་འཇུག་བྱེད་ཤ་བའི་མགོ་ཅན་ལ་ཕྱག་འཚལ་བསྟོད། །ཆོས་དབྱིངས་སྣང་ལམ་རྟོག་པའི་སྐྱོན་སེལ་ཅིང་། །ཐུགས་རྗེའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པས། །དུག་གསུམ་མི་སྤོང་ཤ་ཁྲག་ལུས་ལ་རོལ། །དེ་ཕྱིར་སེལ་བྱེད་གཟིག་མགོ་ཅན་ལ་ཕྱག་འཚལ་བསྟོད། །ཡ་ང་བག་ཟོན་འགྲོ་དོན་ཐབས་དང་ལྡན། །གདུལ་བྱ་དུས་ལ་བབས་ཚེ་ཐུགས་རྗེས་འཇུག །མི་འདུལ་ཟིན་གཏུབས་བཏང་སྙོམས་ཆེན་པོར་བཞུགས། །དེ་ཕྱིར་མཁས་བརྩོན་བྱི་ལའི་དབུ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་དབྱིངས་ལ་འཇུག་པས་ཤེས་བྱ་ཟ། །དབྱིངས་ལ་ཡེ་ཤེས་འཇུག་པས་ཉོན་མོངས་ཟ། །དབྱིངས་དང་ཡེ་ཤེས་གཉིས་མེད་འཁོར་བ་ཟ། །དེ་ཕྱིར་ཟ་བྱེད་སྤྱང་ཀིའི་དབུ་ལ་ཕྱག་འཚལ་བསྟོད། །རིས་བཙུན་གཉེན་པོར་གྱུར་པས་ཐམས་ཅད་འདུལ། །ཕྲིན་ལས་སྟོབས་ཀྱིས་བདུད་དཔུང་མ་ལུས་འདུལ། །སྟོང་ཉིད་སྒྲ་སྒྲོག་མུ་སྟེགས་ཝ་ཚོགས་འཇོམས། །དེ་ཕྱིར་རྩལ་ལྡན་སེང་གེའི་དབུ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཐུགས་རྗེའི་སྟོབས་ཀྱིས་མཐའ་གཉིས་འདུལ། །འཆམས་སྟབས་རལ་པ་གསིག་པས་བདུད་དཔུང་འཇོམས། །ལས་སུ་ཅི་མཛད་བརྩོན་འགྲུས་སྟོབས་དང་ལྡན། །དེ་ཕྱིར་མགྱོགས་འགྲོས་དྲེད་ཀྱི་དབུ་ལ་ཕྱག་འཚལ་བསྟོད། །དབྱིངས་ལས་ཡེ་ཤེས་ཉལ་བས་ཐུགས་རྗེ་རྨི། །མཐིང་ནག་གཅེར་བུ་དྲག་པོའི་སྐུར་སྟོན་པ། །ཐུགས་མཆོག་རྣམ་དག་ཡེ་ཤེས་དབྱིངས་སུ་མཁྱེན། །དེ་ཕྱིར་སྨྱོ་བྱེད་དོམ་གྱི་དབུ་ལ་ཕྱག་འཚལ་བསྟོད། ༈ །འཇུག་པ་རང་དབང་མེད་པར་བསྐྱོད་གྱུར་པས། །འཁོར་བའི་ཉོན་མོངས་ཐམས་ཅད་མྱོས་པར་བྱེད། །སྙན་པའི་ཆོས་རྟོགས་ལོག་ལྟ་མྱོས་བྱེད་པ། །དེ་ཕྱིར་མྱོས་བྱེད་རྨིག་བུའི་མགོ་ལ་ཕྱག་འཚལ་བསྟོད། །ཡིད་གཡོ་ལས་ཅན་སེམས་པར་གྱུར་ནས་ནི། །ཡེ་ཤེས་དབང་གི་ཐུགས་རྗེས་འགྲོ་བ་གཡོ། །དོན་མཛད་འོད་འཕྲོ་ཡེ་ཤེས་དབྱིངས་ནས་མཁྱེན། །དེ་ཕྱིར་ཚུལ་ཁྲིམས་བྱ་རྒོད་མགོ་ལ་ཕྱག་འཚལ་བསྟོད། །བསམ་པའི་དངོས་པོ་འདོད་པས་འདུན་པ་འབྱུང་། །དབྱིངས་དང་ཡེ་ཤེས་མཁྱེན་པས་ཤེས་བྱ་ཟ། །ཐུགས་རྗེའི་འདུན་པས་བག་ཆགས་མཚན་མ་ཟ། །དེ་ཕྱིར་ཟ་བྱེད་བྱ་རོག་དབུ་ལ་ཕྱག་འཚལ་བསྟོད། །དམིགས་པའི་སེམས་འཛིན་ཡིད་ལ་བྱེད་པར་བསྒྱུར། །ཡེ་ཤེས་དབྱིངས་སུ་རྟོགས་པས་ཉིན་མོ་ཉལ། །ཐུགས་རྗེས་འགྲོ་དོན་དགོངས་པས་མཚན་མོར་བལྟ། །དེ་ཕྱིར་དྲང་མཁན་འུག་པའི་དབུ་ལ་ཕྱག་འཚལ་བསྟོད། །བརྟགས་པའི་དངོས་པོ་རྩེ་གཅིག་ཏིང་འཛིན་བསྒྱུར། །མཉམ་ཉིད་མཐའ་བྲལ་དབྱིངས་ལས་མི་གཡོ་བར། །རྟོག་པ་སྤྱོད་པ་བྱིས་པས་མི་མཐོང་སྦེད། །དེ་ཕྱིར་སྦེད་བྱེད་ཁྭ་ཏའི་དབུ་ལ་ཕྱག་འཚལ་བསྟོད། །མཉམ་ཉིད་དབྱིངས་ལས་ཡེ་ཤེས་ཤུགས་ཀྱིས་མགྱོགས། །ཞི་གནས་སྤྱན་ཟླུམ་འགྲོ་བའི་དོན་ཚོགས་འབྱུང་། །ལས་འབྲས་བདེན་པས་ཡིད་ཆེས་དད་པར་བསྒྱུར། །དེ་ཕྱིར་མགྱོགས་བྱེད་པུ་ཤུད་དབུ་ལ་ཕྱག་འཚལ་བསྟོད། །ངེས་པའི་དངོས་པོ་འཛིན་པ་མེད་པར་བསྒྱུར། །ལྷག་མཐོང་ཡེ་ཤེས་དབྱིངས་ལ་མཉམ་པར་གནས། །ཞི་གནས་རྟེང་པོའི་འཛིན་པས་མི་འཕྲོག་པ། །དེ་ཕྱིར་ཕྲ་མེན་ཁྲ་ཡི་དབུ་ལ་ཕྱག་འཚལ་བསྟོད། །འདྲེས་པའི་དངོས་པོ་མ་འདྲེས་དྲན་པར་བསྒྱུར། །འབུམ་ཕྲག་ཏིང་འཛིན་ལྷག་མཐོང་སོ་སོར་གསལ། །ཡེ་ཤེས་དབྱིས་ལས་སྤྲུལ་པ་བསམ་མི་ཁྱབ། །དེ་ཕྱིར་སྒྲོན་མེ་ཕ་ཝང་དབུ་ལ་ཕྱག་འཚལ་བསྟོད། །ཆོས་རྣམས་འབྱེད་པ་མེད་པར་གནས་བསྒྱུར་ལ། །མཉམ་པ་ཉིད་ཀྱི་ངང་དུ་ལོག་ལྟ་སེལ། །རིག་པ་སྐྱེན་པས་སེམས་ཉིད་རྩེ་མོ་གཅོད། །དེ་ཕྱིར་གཅོད་བྱེད་སྲེ་མོང་མགོ་ལ་ཕྱག་འཚལ་བསྟོད། །ས་འོག་སྤྱོད་པས་རིག་པ་གནས་བསྒྱུར་བ། །ཕྲིན་ལས་བྱེ་བྲག་མང་པོ་ཅི་མཛད་ཀྱང་། །ཕྱག་རྒྱ་བཞི་ལས་མི་བསྐྱོད་དུར་ཁྲོད་ཉུལ། །དེ་ཕྱིར་མགྱོགས་བྱེད་བྱི་བའི་དབུ་ལ་ཕྱག་འཚལ་བསྟོད། །འཁོར་བ་རྡོ་རྗེར་བརྗོད་པས་མྱ་ངན་འདས། །ཆོས་སྐུ་རྡོ་རྗེར་བརྗོད་པས་མཐའ་གཉིས་སྤངས། །བརྗོད་མེད་སྤྲོས་བྲལ་དོན་དམ་ཚིག་ལས་འདས། །དེ་ཕྱིར་བརྗོད་མེད་ལྕགས་ཀྱུ་མ་ལ་ཕྱག་འཚལ་བསྟོད། །ཆོས་ཉིད་རྡོ་རྗེ་དངོས་པོ་མཚན་མ་འཇོམས། །ཡེ་ཤེས་རྡོ་རྗེས་གཟུང་འཛིན་ལོག་རྟོག་བསྲེག །ཕྱག་མཚན་རྡོ་རྗེ་དྲེགས་པ་ལྷ་བདུད་འཇོམས། །དེ་ཕྱིར་འཇོམས་བྱེད་ཞགས་པ་མ་ལ་ཕྱག་འཚལ་བསྟོད། །འཆི་མེད་རྡོ་རྗེ་ཡུལ་སེམས་འགག་པ་མེད། །གྲུབ་པའི་རྡོ་རྗེས་བསམ་པའི་འབྲས་བུ་ཐོབ། །ཐུགས་རྗེའི་རྡོ་རྗེས་འཁོར་བའི་རྩ་བ་གཅོད། །དེ་ཕྱིར་གཙོ་མཆོག་ལྕགས་སྒྲོག་མ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་འཁྲོལ་བྱེད་ཡོན་ཏན་རྒྱ་མཚོ་འགྲུབ། །ཐུགས་རྗེ་འཁྲོལ་བྱེད་འཇིག་རྟེན་དབང་དུ་སྡུད། །ཡེ་ཤེས་རྡོ་རྗེས་གཉིས་མེད་དབྱིངས་སུ་སྡུད། །དེ་ཕྱིར་དྲིལ་འཁྲོལ་ཁྲ་མགོ་མ་ལ་ཕྱག་འཚལ་བསྟོད། །དཔལ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གཞི་བསྟོད་རྫོགས་སོ།། །།

རྡོ་རྗེ་ཕུར་པའི་བཀའ་སྲུང་དང་བཅས་པའི་བསྐུལ་བྱང་།

རྡོ་རྗེ་ཕུར་པའི་བཀའ་སྲུང་དང་བཅས་པའི་བསྐུལ་བྱང་བཞུགས་སོ། །ཧཱུྃ། ཕྲིན་ལས་རོལ་པ་དྲག་པོའི་དཀྱིལ་འཁོར་ནས། །གྲུ་གསུམ་མཐིང་ནག་ཨེ་ཡི་གཞལ་ཡས་ཁང་། །ལྷ་ཆེན་ཉི་ཟླ་པདྨའི་གདན་སྟེང་ན། །བདུད་དང་དགྲ་བགེགས་འདུལ་བའི་ལྷ་མཆོག་ནི། །དྲག་གཏུམ་མི་བཟད་རྔམས་ཤིང་བརྗིད་པའི་སྐུ། །ཆེ་མཆོག་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ། །ཞེ་སྡང་རྡོ་རྗེ་རཀྴ་ཧེ་རུ་ཀ །ཡེ་ཤེས་སྐུ་མཆོག་རིགས་རྣམས་ཀུན་གྱི་བདག །བརྗོད་མེད་དབྱིངས་ནས་ཧཱུྃ་ཕཊ་སྒྲ་ཆེན་སྒྲོག །མི་དམིགས་སྤྲོས་དང་བྲལ་བ་དོན་དམ་དང་། །དབྱིངས་ནས་བྱིན་རླབས་ཁྲོ་བཅུ་ལས་ལ་འགྱེད། །ཆོས་དབྱིངས་མི་འགྱུར་སྐུ་མདོག་མཐིང་ནག་ལ། །འཇིགས་པའི་རྒྱན་ཆ་དུར་ཁྲོད་དཔལ་ཆས་རྫོགས། །ཞལ་གཡས་དཀར་པོ་ཆོས་སྐུ་མངོན་དུ་སྟོན། །གཡོན་ཞལ་དམར་ནག་དབང་དྲག་ཕྲིན་ལས་མཛད། །དབུས་ཞལ་མཐིང་ནག་ཕྲིན་ལས་ཐམས་ཅད་གྲུབ། །སྐྱེ་འགྲོ་རྩད་ནས་གཅོད་པའི་མཆེ་བ་གཙིགས། །སྤྱན་དགུ་སྡང་མིག་འབར་བས་བདུད་དཔུང་འཇོམས། །ཉོན་མོངས་དང་ནི་ལོག་ལྟ་མཐའ་དག་འདུལ། །གར་དགུའི་ཉམས་ཀྱིས་འཇིགས་བྱེད་འཇིགས་མཛད་ཅིང་། །རྡོ་རྗེ་རྩེ་དགུས་ས་དགུའི་རྟོག་པ་འཇོམས། །རྡོ་རྗེ་རྩེ་ལྔས་རྒྱུད་ལྔ་གནས་སུ་འཇོམས། །ཡེ་ཤེས་མེ་དཔུང་འཁོར་བའི་བག་ཆགས་བསྲེག །ཁ་ཊྭཱྃ་བདུད་བཞི་ཐལ་བར་བརླག་པར་མཛད། །རི་རབ་ཕུར་བུ་འདེབས་པས་འགལ་བྱེད་གྲོལ། །ཆེ་བཙན་དཔེ་མེད་ཁམས་གསུམ་འགྲན་ཟླ་མེད། །ཡེ་ཤེས་རྩལ་ཤུགས་སྟོབས་ཀྱིས་དགྲ་བགེགས་སྒྲོལ། །ཕྲིན་ལས་ལྷུན་གྲུབ་རཀྴ་དཔལ་གྱི་སྐུ། །སྨན་རཀ་གཏོར་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །ཐུགས་རྗེས་བརྩེར་དགོངས་དབང་དངོས་གྲུབ་སྩོལ། །ཐུགས་དམ་ཐུགས་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །ཧཱུྃ། གཉིས་མེད་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། །ཨེ་ཀ་ཛཱ་ཊི་གུ་ཧྱ་གསང་བའི་ཡུམ། །པདྨ་གར་གྱི་དབང་ཕྱུག་མཁའ་ཀློང་ན། །བཻ་ཌཱུར་སྔོན་པོ་སྐུ་མདོག་གསལ་ལ་འཚེར། །ཨིནྡྲ་ནཱི་ལའི་རལ་པ་གཅིག་ཏུ་འཁྱིལ། །ཁྲོ་གཉེར་རབ་བསྡུས་རྔམས་པའི་མཆེ་བ་གཙིགས། །མེ་འོད་བསྲེག་པའི་འོད་ཟེར་ཀུན་ཏུ་འཕྲོ། །ཤ་རུས་ཆེམ་ཆེམ་གསོལ་བའི་རྐན་སྒྲ་ཅན། །ཁྲག་འཛག་མི་མགོའི་ཕྲེང་བ་སྦྲུལ་ཆུན་འཕྱངས། །ཞིང་ཆེན་གཡང་གཞི་གསར་པའི་སྟོད་གཡོགས་ལ། །གཟིགས་ལྤགས་ཁྲག་འཛག་རློན་པའི་སྨད་དཀྲིས་ཅན། །ཁྲག་མཚོ་ཁོངས་སུ་འདྲེན་པའི་ལྗགས་རླབས་མ། །འཁོར་ལོ་རྩེ་གསུམ་འབར་བ་གཡས་ན་ཐོགས། །ཐོད་རློན་ཀླད་ཁྲག་འདྲེས་པ་གཡོན་ན་ཐོགས། །གཟིར་མནན་དྲག་པོ་ཟ་བྱེད་དཔལ་གྱི་ཡུམ། །ཐམས་ཅད་དབང་དུ་སྡུད་པའི་སྲིང་གཅིག་མ། །བར་སྣང་འཕྱོ་བའི་མེ་ཟ་བྲག་གྱོན་མ། །སྲིད་གསུམ་ཕུང་བྱེད་བལ་མོ་ཀུན་ཏུ་མ། །སྲོག་གི་སྙིང་པོ་འདོན་ནོ་མ་འདའ་ཞིག །དམ་ཚིག་དམར་གྱི་ཨརྒྷཾ་འདི་སྦྲེངས་པས། །ཐུགས་དམ་མ་གཡེལ་རྩེ་གཅིག་རྒྱུན་དུ་དགོངས། །རང་རྒྱུད་དག་པའི་རྣལ་འབྱོར་སྒྲུབ་པ་པོས། །བརྡའ་དང་སྤྱུགས་པ་རྔམས་པ་ཐལ་མོའི་སྒྲ། །རཀྟ་ཆགས་པའི་བརྡའ་ཡིག་གཡབ་འདོར་ན། །གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་གཤེགས་ཤིག །ཐལ་མོ་རྡེབ་ཅིང་འཇིགས་པའི་བཤུག་གླུ་ལེན། །སྲིད་པའི་གད་མོ་རྒོད་ཅིང་ཁྲག་ཆེན་འཐུང་། །དུས་གསུམ་ཀུན་ནས་མ་བསྒྲིབས་མཁྱེན་པ་མངའ། །དམར་གྱི་དྲི་སྣོམ་ཁྲག་གི་རོ་མྱོང་མ། །དཔག་ཚད་བརྒྱད་ཁྲིའི་གནས་ནས་འདིར་གཤེགས་ལ། །ཤ་ཟ་ཁྲག་འཐུང་རྩུབ་པའི་ལས་བྱེད་མ། །ཡེ་ཤེས་རྨད་བྱུང་དོན་དམ་དགོངས་པ་ཅན། །གཞན་གྱིས་མ་བཅོལ་ཉིད་ཀྱི་ཞལ་འཆེས་པ། །དམ་ཚིག་བསྐུལ་ལོ་རྟག་ཏུ་གྲོགས་མཛོད་ཅིག །ཕྲིན་ལས་གཞུང་བཞིན་ཕོ་ཉ་མང་པོ་འགྱེད། །དམ་ཚིག་གཞུང་བཞིན་ཐམས་ཅད་དབང་དུ་བསྡུད། །ཕྲིན་ལས་དུས་ལ་བབ་པོ་སྲིང་གཅིག་མ། །མངོན་སུམ་གྲུབ་པའི་ལས་མཛད་ད་ཚུར་བྱོན། །ཧཱུྃ། སྟེང་ནས་སྤྲུལ་པ་ཁྲོ་ཆེན་ཧཱུྃ་ཀཱ་ར། །དབུ་གསུམ་ཕྱག་དྲུག་ཞབས་བཞིས་ཚངས་པ་གནོན། །རི་རབ་ཕུར་བུ་འདེབས་ཤིང་དགྲ་བགེགས་སྒྲོལ། །སྒྲ་འབྱིན་ཡུམ་མཆོག་ཕོ་ཉ་ཕྱོགས་བཅུར་འགྱེད། །ཕྱག་བརྙན་རྣམ་རྟོག་མི་མངའ་ཕག་མགོ་ཅན། །ཕྱག་གཡས་རྡོ་རྗེ་གཡོན་ན་ཕུར་པ་འདྲིལ། །མྱོངས་བྱེད་རྨིག་བུའི་མགོ་ཅན་དྲིལ་བུ་བསྣམས། །དགྲ་བགེགས་ཁུག་ཅིག་ཕོབ་ཅིག་ཡན་ལག་ཆིངས། །གཟིར་ཅིག་ཁྲག་ཏུ་སྐྱུགས་ལ་རྡུལ་དུ་རློག །ཧཱུྃ། ཤར་ནས་སྤྲུལ་པ་ཁྲོ་ཆེན་རྣམ་པར་རྒྱལ། །དབུ་གསུམ་ཕྱག་དྲུག་ཞབས་བཞིས་ལྷ་དབང་གནོན། །རི་རབ་ཕུར་བུ་འདེབས་ཤིང་དགྲ་བགེགས་སྒྲོལ། །ཡུམ་མཆོག་སྙེམས་མ་སྤྲུལ་པ་ཕྱོགས་བཅུར་འགྱེད། །ཕྱག་བསྙན་ཟ་བྱེད་དཔའ་གཏུམ་སྟག་གི་མགོ། །ཕྱག་གཡས་ལྕགས་ཀྱུ་གཡོན་ན་ཕུར་པ་འདྲིལ། །ཐོགས་མེད་བྱ་རྒོད་མགོ་ཅན་རྔ་ཡབ་ཐོགས། །དགྲ་བགེགས་ཁུག་ཅིག་ཕོབ་ཅིག་ཡན་ལག་ཆིངས། །གཟིར་ཅིག་ཁྲག་ཏུ་སྐྱུགས་ལ་རྡུལ་དུ་རློག །ཧཱུྃ། ཤར་ལྷོ་སྤྲུལ་པ་ཁྲོ་ཆེན་དབྱུག་སྔོན་ཅན། །དབུ་གསུམ་ཕྱག་དྲུག་ཞབས་བཞིས་དྲང་སྲོང་གནོན། །རི་རབ་ཕུར་བུ་འདེབས་ཤིང་དགྲ་བགེགས་སྒྲོལ། །རྡོ་རྗེ་སྡེར་མོ་ཕོ་ཉ་ཕྱོགས་བཅུར་འགྱེད། །ཕྱག་བརྙན་མི་འགྱུར་གཡག་གི་མགོ་བོ་ཅན། །ཕྱག་གཡས་དབྱུག་ཏོ་གཡོན་པ་ཕུར་པ་འདྲིལ། །རིག་ཤེས་བྱ་རོག་མགོ་ཅན་མེད་དཔུང་ཐོགས། །དགྲ་བགེགས་ཁུག་ཅིག་ཕོབ་ཅིག་ཡན་ལག་ཆིངས། །གཟིར་ཅིག་ཁྲག་ཏུ་སྐྱུགས་ལ་རྡུལ་དུ་རློག །ཧཱུྃ། ལྷོ་ནས་སྤྲུལ་པ་ཁྲོ་རྒྱལ་གཤིན་རྗེའི་གཤེད། །དབུ་གསུམ་ཕྱག་དྲུག་ཞབས་བཞིས་གཤིན་རྗེ་གནོན། །རི་རབ་ཕུར་བུ་འདེབས་ཤིང་དགྲ་བགེགས་སྒྲོལ། །དུར་ཁྲོད་བདག་མོ་ཕོ་ཉ་ཕྱོགས་བཅུར་འགྱེད། །ཕྱག་བརྙན་འཇུག་བྱེད་ཤ་བའི་མགོ་བོ་ཅན། །ཕྱག་གཡས་དབྱུག་པ་གཡོན་པ་ཕུར་པ་འདྲིལ། །མུན་འཐོམས་འུག་པའི་མགོ་ཅན་དགྲ་སྟྭ་ཐོགས། །དགྲ་བགེགས་ཁུག་ཅིག་ཕོབ་ཅིག་ཡན་ལག་ཆིངས། །གཟིར་ཅིག་ཁྲག་ཏུ་སྐྱུགས་ལ་རྡུལ་དུ་རློག །ཧཱུྃ། ལྷོ་ནུབ་སྤྲུལ་པ་ཁྲོ་རྒྱལ་མི་གཡོ་མགོན། །དབུ་གསུམ་ཕྱག་དྲུག་ཞབས་བཞིས་སྲིན་པོ་གནོན། །རི་རབ་ཕུར་བུ་འདེབས་ཤིང་དགྲ་བགེགས་སྒྲོལ། །ཡུམ་ཆེན་གཏུན་ཁུང་ཕོ་ཉ་ཕྱོགས་བཅུར་འགྱེད། །ཕྱག་བརྙན་སྤྱོད་རྫོགས་གདུག་པ་གཟིག་གི་མགོ། །ཕྱག་གཡས་རལ་གྲི་གཡོན་པ་ཕུར་པ་འདྲིལ། །སྦེད་བྱེད་ཁྭ་ཏའི་མགོ་ཅན་ཞགས་པ་ཐོགས། །དགྲ་བགེགས་ཁུག་ཅིག་ཕོབ་ཅིག་ཡན་ལག་ཆིགས། །གཟིར་ཅིག་ཁྲག་ཏུ་སྐྱུགས་ལ་རྡུལ་དུ་རློག །ཧཱུྃ། ནུབ་ནས་སྤྲུལ་པ་ཁྲོ་ཆེན་རྟ་མཆོག་དཔལ། །དབུ་གསུམ་ཕྱག་དྲུག་ཞབས་བཞིས་ཀླུ་དབང་གནོན། །རི་རབ་ཕུར་བུ་འདེབས་ཤིང་དགྲ་བགེགས་སྒྲོལ། །ཡུམ་ཆེན་གཏུམ་མོ་སྤྲུལ་པ་ཕྱོགས་བཅུར་འགྱེད། །ཕྱག་བརྙན་མཁས་བརྩོན་བྱི་ལའི་མགོ་བོ་ཅན། །ཕྱག་གཡས་པདྨ་གཡོན་པ་ཕུར་བུ་འདྲིལ། །གསལ་བཀྲ་པུ་ཤུད་མགོ་ཅན་སྦྲུལ་ཞགས་ཐོགས། །དགྲ་བགེགས་ཁུག་ཅིག་ཕོབ་ཅིག་ཡན་ལག་ཆིངས། །གཟིར་ཅིག་ཁྲག་ཏུ་སྐྱུགས་ལ་རྡུལ་དུ་རློག །ཧཱུྃ། ནུབ་བྱང་སྤྲུལ་པ་ཁྲོ་ཆེན་འདོད་པའི་རྒྱལ། །དབུ་གསུམ་ཕྱག་དྲུག་ཞབས་བཞིས་རླུང་ལྷ་གནོན། །རི་རབ་ཕུར་བུ་འདེབས་ཤིང་དགྲ་བགེགས་སྒྲོལ། །ཡུམ་ཆེན་མདའ་སྙེམས་སྤྲུལ་པ་ཕྱོགས་བཅུར་འགྱེད། །ཕྲ་མེན་ཟ་བྱེད་ཕྱེད་འཛིན་ལྕེ་སྤྱང་མགོ། །ཕྱག་གཡས་རྡོ་རྗེ་གཡོན་པ་ཕུར་པ་འདྲིལ། །གསོད་བྱེད་ཁྲ་ཡི་མགོ་ཅན་འཁོར་ལོ་ཐོགས། །དགྲ་བགེགས་ཁུག་ཅིག་ཕོབ་ཅིག་ཡན་ལག་ཆིངས། །གཟིར་ཅིག་ཁྲག་ཏུ་སྐྱུགས་ལ་རྡུལ་དུ་རློག །ཧཱུྃ། བྱང་ནས་སྤྲུལ་པའི་ཁྲོ་ཆེན་བདུད་རྩི་འཁྱིལ། །དབུ་གསུམ་ཕྱག་དྲུག་ཞབས་བཞིས་གནོད་སྦྱིན་གནོན། །རི་རབ་ཕུར་བུ་འདེབས་ཤིང་དགྲ་བགེགས་སྒྲོལ། །ཡུམ་ཆེན་རླུང་འབྱིན་སྤྲུལ་པ་ཕྱོགས་བཅུར་འགྱེད། །ཕྲ་མེན་འཇོམས་བྱེད་རྩལ་འཆང་སེང་གེའི་མགོ། །རྡོ་རྗེ་རྒྱ་གྲམ་གཡོན་པ་ཕུར་པ་འདྲིལ། །སྒྲིན་གསལ་ཕ་ཝང་མགོ་ཅན་བེ་ཅོན་ཐོགས། །དགྲ་བགེགས་ཁུག་ཅིག་ཕོབ་ཅིག་ཡན་ལག་ཆིངས། །གཟིར་ཅིག་ཁྲག་ཏུ་སྐྱུགས་ལ་རྡུལ་དུ་རློག །ཧཱུྃ། བྱང་ཤར་སྤྲུལ་པ་ཁྲོ་ཆེན་ཁམས་གསུམ་རྒྱལ། །དབུ་གསུམ་ཕྱག་དྲུག་ཞབས་བཞིས་དབང་ལྡན་གནོན། །རི་རབ་ཕུར་བུ་འདེབས་ཤིང་དགྲ་བགེགས་སྒྲོལ། །ཡུམ་ཆེན་གསོད་བྱེད་སྤྲུལ་པ་ཕྱོགས་བཅུར་འགྱེད། །ཕྱག་བརྙན་སྟོབས་ཆེན་ལྡན་པ་དྲེད་ཀྱི་མགོ། །ཕྱག་གཡས་རྡོ་རྗེར་གཡོན་པ་ཕུར་པ་འདྲིལ། །གསོད་བྱེད་སྲེ་མོང་མགོ་ཅན་རྩེ་གསུམ་ཐོགས། །དགྲ་བགེགས་ཁུག་ཅིག་ཕོབ་ཅིག་ཡན་ལག་ཆིངས། །གཟིར་ཅིག་ཁྲག་ཏུ་སྐྱུགས་ལ་རྡུལ་དུ་རློག །ཧཱུྃ། འོག་ནས་སྤྲུལ་པ་ཁྲོ་ཆེན་སྟོབས་པོ་ཆེ། །དབུ་གསུམ་ཕྱག་དྲུག་ཞབས་བཞིས་ས་བདག་གནོན། །རི་རབ་ཕུར་པ་འདྲིལ་ཞིང་དགྲ་བགེགས་སྒྲོལ། །ཡུམ་ཆེན་བསྐྱོད་མ་སྤྲུལ་པ་ཕྱོགས་བཅུར་འགྱེད། །ཕྱག་བརྙན་སྨྱོ་བྱེད་དོམ་གྱི་མགོ་བོ་ཅན། །ཕྱག་གཡས་ཐོ་བ་གཡོན་པས་ཕུར་བུ་འདྲིལ། །ས་སྤྱོད་བྱི་བའི་མགོ་ཅན་གཏུན་ཤིང་ཐོགས། །དགྲ་བགེགས་ཁུག་ཅིག་ཕོབ་ཅིག་ཡན་ལག་ཆིངས། །གཟིར་ཆིག་ཁྲག་ཏུ་སྐྱུགས་ལ་རྡུལ་དུ་རློག །ཤར་གྱི་སྒོ་བས་དགྲ་བགེགས་ལྕགས་ཀྱུས་བཟུང་། །ལྷོ་ཡི་སྒོ་བས་དགྲ་བགེགས་ཞགས་པས་ཆིངས། །ནུབ་ཀྱི་སྒོ་བས་དགྲ་བགེགས་སྒྲོག་གིས་སྡོམས། །བྱང་གི་སྒོ་བས་དགྲ་བགེགས་རྡུལ་དུ་ལོག །དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ཕྱི་རོལ་དུ། །རྣལ་འབྱོར་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ། །དམ་རྫས་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ། །ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབ་པར་མཛོད། །བྷྱོ། ཤྭ་ན་མུ་ཁའི་དུས་ལ་བབ། །ནམ་ནི་སྲོད་ཀྱི་དམ་ཅན་མ། །ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། །ཁ་གདངས་མིག་བགྲད་འཇིགས་པའི་གཟུགས། །རྐན་སྒྲ་འབྲུག་སྒྲ་ཆེམས་སེ་ཆེམ། །མཆེ་བ་གངས་རི་བསྣོལ་འདྲ་ཡིས། །དགྲ་བོའི་ཤ་ཁྲག་རྔམས་ཟས་བྱེད། །དེ་ལ་ལྕགས་ཀྱི་མ་མོ་ཞོན། །ལྕགས་ཀྱི་རལ་པ་ཤ་ར་ར། །སྤྱན་ནས་གློག་གི་མེ་འོད་འཕྲོ། །ཁྲག་གི་ཆར་བ་དམར་མོ་འབེབས། །སྤྱང་གདོང་དམར་ནག་དགྲ་ལ་རྔམས། །ཕྱག་ན་ལྕགས་ཕུར་དགྲ་ལ་རྡེག །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཤྭ་ན་མུ་ཁའི་དུས་ལ་བབ། །དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག །བྷྱོ། ནམ་ནི་སྲོད་ཀྱི་དམ་ཅན་མ། །གསེར་གྱི་འཕར་བ་ལྕེ་བརྒྱད་མ། །ཡ་འགལ་ཉི་མའི་ངོས་ལ་རེག །མ་འགལ་རྒྱ་མཚོའི་སྟེང་དུ་བཟེད། །རྣམ་ཤེས་ཚོགས་བརྒྱད་གནས་སུ་སྒྲོལ། །སྤུ་ནི་རལ་གྲི་ཆུ་གྲིའི་སོ། །བང་ནི་གློག་གིས་བསྐྱོད་དུ་མེད། །དེ་ལ་གསེར་གྱི་མ་མོ་ཞོན། །མཆེ་བ་དམར་པོས་དགྲ་སྙིང་ཟ། །རལ་པ་སྤྲུགས་པའི་སྐྲ་གསེབ་ནས། །སྡོམ་དང་སྡིག་པའི་ཆར་དུ་འབེབས། །འཕར་གདོང་སེར་ནག་དགྲ་ལ་རྔམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྲི་ཀ་མུ་ཁའི་དུས་ལ་བབ། །དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག །བྷྱོ། ནམ་ནི་སྲོད་ཀྱི་ཕོ་ཉ་མོ། །ཟངས་ཀྱི་ཝ་མོ་རྐང་གསུམ་མ། །དཔག་ཚད་བརྒྱད་ཁྲིར་དམར་དྲི་མནམ། །གཟུགས་ནི་མེ་ཡི་ཕུང་པོ་འདྲ། །མཇུག་མ་ལྕགས་ཀྱི་སོག་ལེ་མ། །མིག་ནི་ཉི་མའི་ཟེར་བས་འཚེར། །སྤུ་ནི་རལ་གྲིའོ་སོ་དང་འདྲ། །སྡེར་མོ་ལྕགས་ཀྱུ་མེ་སྟག་འཕྲོ། །བང་ནི་རླུང་གིས་བསྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོག །དེ་ལ་ཟངས་ཀྱི་མ་མོ་ཆིབས། །སྐུ་ལ་མེ་ཡི་ཕུང་པོ་འབར། །ཞལ་ནི་ཁྲོ་ཆུའི་མེ་མདའ་འཕེན། །གཡས་པའི་རྡོ་རྗེས་རི་རབ་བསྙིལ། །གཡོན་པ་ཟངས་ཀྱི་ཕུར་པ་འདྲིལ། །ཝ་གདོང་དམར་ནག་དགྲ་ལ་རྔམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྲི་ལ་མུ་ཁའི་དུས་ལ་བབ། །དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག །ཧཱུྃ། ནམ་ནི་སྲོད་ཀྱི་ཕོ་ཉ་མོ། །ལྕགས་ཀྱི་ཁྱི་མོ་རལ་པ་ཅན། །མཐིང་ནག་རལ་པས་གནམ་ས་གང་། །ངུས་པའི་མཆི་མ་སེར་བ་འགྲིལ། །ཟུག་པའི་སྐད་ཀྱིས་ལྷ་སྲིན་བརྒྱལ། །མཆེ་བས་རི་རབ་དུམ་བུར་གཏུབས། །ལྕེ་ཡིས་རྒྱ་མཚོ་ཧུབ་ཀྱིས་འདེབས། །དེ་ལ་ཞོན་པའི་ཕོ་ཉ་མོ། །མཐིང་གི་མ་མོ་རལ་པ་ཅན། །མུན་པའི་གོ་ཟུ་སྐུ་ལ་གསོལ། །བདུད་ཀྱི་དམག་དཔུང་བྲན་དུ་འཁོལ། །ཁ་རླངས་སྤྲིན་དུ་འཁྲིགས་པ་ལ། །རྐན་སྒྲ་བརྡབས་པས་ཐོག་སྟོང་འབེབས། །མཐིང་གི་ཕུར་བས་དགྲ་བགེགས་སྒྲོལ། །ཁྱི་གདོང་དམར་ནག་དགྲ་ལ་རྔམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྲི་ལ་མུ་ཁའི་དུས་ལ་བབ། །དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག །ཧཱུྃ། བདག་ཉིད་ཆེན་མོའི་དུས་ལ་བབ། །ནམ་གྱི་གུང་གི་དམ་ཅན་མ། །དཔལ་ལྡན་ལྷ་མོ་རེ་མ་ཏི། །རི་རབ་ཆེན་པོའི་རྩེ་མོ་ནས། །གླིང་བཞི་སྐྱོང་བར་བྱེད་པའི་ཚེ། །གླིང་བཞི་ཀུན་འབྱམས་དྲག་མོ་རྒྱལ། །རྒྱ་མཚོའི་གཏིང་ན་བཞུགས་པའི་ཚེ། །སྲིང་མོ་བྷ་ག་ཧྲི་ཏི་མ། །ནམ་མཁའི་ཁམས་ཀྱི་དཔལ་མོ་བཙན། །མུ་ལེ་ལྡིང་གི་མཚོ་བདག་མོ། །མིང་བརྒྱ་མ་ལ་མཚན་སྟོང་མ། །དྲེའུ་རྟ་རྐང་གསུམ་ཆིབས་སུ་བཅིབས། །ཕྱག་གཡས་མེ་ལོང་སྦྲུལ་ཞགས་ཐོགས། །གཡོན་པ་ཁ་ཊྭཱཾ་ཕུར་པ་ཐོགས། །འདུ་བ་རྣམ་བཞིའི་ནད་བདག་མོ། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག །ཧཱུྃ། རཀྟའི་མཚོ་ལས་སྐུར་བཞེངས་པ། །ནམ་ནི་གུང་གི་དམ་ཅན་མ། །དཔལ་ལྡན་ལྷ་མོ་རེ་མ་ཏི། །དབང་གི་སྐུ་མདོག་དམར་མོ་ལ། །བཙོ་དམར་ལའུ་སྐུ་ལ་གསོལ། །ཁྲག་སྐམ་ལྕགས་ཀྱུ་ཕུར་པ་ཐོགས། །བལ་ནད་ལེ་བརྒན་ནད་བདག་མོ། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །དགྲ་བགེགས་བླ་ཚེ་དབང་དུ་སྡུད། །རེ་མ་ཏི་ཡི་དུས་ལ་བབ། །ཧཱུྃ། ནམ་ནི་གུང་གི་དམ་ཅན་མ། །དཔལ་ལྡན་ལྷ་མོ་རེ་མ་ཛཿ རྒྱས་པའི་སྐུ་མདོག་སེར་ནག་ལ། །རྨ་བྱའི་ཐུལ་པ་སྐུ་ལ་གསོལ། །གཅོད་བྱེད་གསེར་གྱི་ཟོར་བ་བསྣམས། །ཆིབས་སུ་ཤ་བ་ཡུ་མོ་ཆིབས། །རི་རབ་རྩེ་ནས་ལས་མཛད་མ། །མཁྲིས་པ་ཤ་ཡའི་ནད་བདག་མོ། །ཐོག་དང་སེར་བའི་སྣ་འདྲེན་མ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །དགྲ་ལ་རིམས་ནད་དལ་ཡམས་ཕོབ། །རེ་མ་ཛཿཡི་དུས་ལ་བབ། །ཧཱུྃ། ནམ་ནི་གུང་གི་དམ་ཅན་མ། །དཔལ་ལྡན་ལྷ་མོ་རེ་མ་ཛུ། །སྐུ་མདོག་ལྗང་ནག་ཕྲིན་ལས་བདག །ཆུ་དར་སྔོན་པོའི་བེར་ཆེན་གསོལ། །རྔ་མོང་སྔོ་ནག་ཆིབས་སུ་བཅིབས། །ཁྲམ་ཤིང་གྲུ་གུ་ཕུར་པ་བསྣམས། །ཕོ་ལོགས་ལྷོགས་བརྒྱལ་ནད་བདག་མོ། །ཁ་བ་བུ་ཡུག་སྣ་འདྲེན་མ། །རེ་མ་ཛུ་ཡི་དུས་ལ་བབ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །དགྲ་བགེགས་བསྒྲལ་བའི་དུས་ལ་བབ། །བྷྱོ། ས་བདག་ཆེན་མོའི་དུས་ལ་བབ། །ནམ་གྱི་ཐོ་རངས་དམ་ཅན་མ། །རྒྱ་གར་བལ་པོའི་སོ་མཚམས་ནས། །ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ། །མེ་ཏོག་དགུན་ཡང་སྐྱེ་བའི་སར། །ཚ་བ་ནད་ཀྱི་བདག་མོ་བཞི། །མཐུ་སྟོབས་ཆེས་ནས་སོ་སོར་བཞག །བལ་ཡུལ་ཡ་བྱིན་ས་ཤོད་ནས། །མར་ཁུའི་མཚོ་མོ་མེར་བ་ན། །རྡོ་རྗེ་ཡ་བྱིན་དབང་མོ་ཆེ། །སྐུ་མདོག་མཐིང་ནག་འབར་བ་ལ། །མཐིང་གི་རལ་པ་ཤ་ར་ར། །དབང་གི་བསྭེ་ཁྲབ་སི་ལི་ལི། །རྣ་བ་སླང་ཙམ་ལྷེབས་སེ་ལྷེབ། །གསེར་གྱི་རྣ་ཆ་ཝངས་སེ་ཝང་། །རལ་པ་རེ་ཞིང་ཕུར་པ་རེ། །བ་སྤུ་རེ་ཞིང་ལྕགས་ཀྱུ་རེ། །མེ་ལྕེ་དགུ་ཕྲེང་སྐུ་ཡི་རྒྱན། །དར་ནག་ཅོད་པན་པུ་རུ་རུ། །ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས། །ཆིབས་ཀྱི་སྔ་ལོང་ཕྱི་ལོང་ལ། །མི་ཐོད་རྟ་ཐོད་ཕྲུ་ལུ་ལུ། །གཡས་ན་བདུད་ཞགས་ནག་པོ་བསྣམས། །གཡོན་པ་ལྕགས་ཕུར་དགྲ་ལ་བརྡེག །བརྡ་ནི་མི་འཕྲོད་ལྷོ་བལ་སྐད། །གཟུགས་ནི་མི་སྟོན་ལག་བརྒྱ་མོ། །གསང་བའི་སྤྱུགས་པ་ཀྱུ་རུ་རུ། །བལ་ཡུལ་ཡ་བྱིན་ཡུལ་མདོ་ན། །ཁྲག་མཚོ་མེར་བའི་ནང་ཤེད་ན། །ཡ་བྱིན་ཆེན་མོའི་བློན་མོ་ནི། །ས་བདག་ཆེན་མོ་རལ་གཅིག་མ། །རལ་པ་སྤྲུག་པས་སྟོང་གསུམ་ཁྱབ། །ནག་མོ་སྤྱན་དམར་མི་བཟད་པ། །ས་བདག་འབུམ་གྱི་ཁད་དཔོན་མཛད། །བལ་ཡུལ་ཡ་བྱིན་ཡུལ་ཕུ་ན། །བདུད་ཀྱི་རྒྱལ་པོ་རྣམ་རོལ་གནས། །ཇོ་མོ་ཡ་བྱིན་མཐུ་མོ་ཆེ། །བློན་མོ་ནག་མོ་འཁོར་བཅས་ཀྱིས། །ནམ་ཕྱེད་དུས་ཀྱི་མུན་པ་ལ། །སྐད་ཅིག་ཡུད་ལ་ཡུལ་ཕུར་ཕྱིན། །བདུད་ཀྱི་རྒྱལ་པོ་རྣམ་རོལ་བསྒྲལ། །དེ་ཕྱིར་བདུད་འདུལ་ཆེན་མོར་གྲགས། །ཕུར་པ་སྒྲུབ་ཕྱིར་གཤེགས་སུ་གསོལ། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཀུ་ལན་དྷ་རིའི་དུས་ལ་བབ། །བྷྱོ། ས་བདག་ཆེན་མོའི་དུས་ལ་བབ། །ནམ་ནི་ཐོ་རངས་དམ་ཅན་མ། །ཡུལ་ནི་ཚ་བ་རོང་གི་གནས། །དེ་བྱིན་བྱ་བའི་ས་གཤོངས་ནས། །སྦྲང་རྩིའི་མཚོ་མོ་མེར་བ་ན། །སྤྲུལ་པའི་བསྭེ་མཁར་སྨུག་པོ་ན། །རྡོ་རྗེ་དེ་བྱིན་རྩལ་མོ་ཆེ། །སྐུ་མདོག་སེར་ནག་འབར་བ་ལ། །གསེར་གྱི་རལ་པ་ཤ་ར་ར། །རལ་པ་རེ་ཞིང་ཕུར་པ་རེ། །ཕུར་པའི་ལན་ཕྲན་ཁྲ་ལ་ལ། །སྤྱི་གཙུག་གསེར་གྱི་རྡོ་རྗེས་བརྒྱན། །རྣ་བ་སླང་ཙམ་ལྷེབས་སེ་ལྷེབ། །དར་ནག་ཅོད་པན་པུ་རུ་རུ། །གཟི་ཡི་རྣ་ཆ་ཝངས་སེ་ཝང་། །བ་སྤུ་རེ་ཞིང་ལྕགས་ཀྱུ་རེ། །མེ་ལྕེ་དགུ་ཕྲེང་སྐུ་ཡི་རྒྱན། །མཛེས་བྱེད་རྨ་བྱའི་ཐུལ་པ་གསོལ། །དབང་གི་བསྭེ་ཁྲབ་སི་ལི་ལི། །ཆིབས་སུ་གཟའ་རྟ་སེར་པོ་བཅིབས། །གསེར་ཞགས་གསེར་ཕུར་དགྲ་ལ་བརྡེག །ཆིབས་ཀྱི་སྔ་ལོང་ཕྱི་ལོང་ལ། །མི་མགོ་རྟ་མགོ་ཕྲུ་ལུ་ལུ། །བརྡ་ནི་མི་འཕྲོད་ལྷོ་བལ་མོ། །སྐད་ནི་མི་གོ་ད་རའི་སྐད། །གསང་བའི་སྤྱུགས་པ་ཀྱུ་རུ་རུ། །གཟུགས་ནི་མི་སྟོན་ལག་བརྒྱ་མོ། །ཚ་བ་རོང་གི་དེ་བྱིན་མོ། །ཞག་མཚོ་སྦྲང་མཚོ་མེར་བའི་ནང་། །བློན་མོ་ནག་མོ་ཀློང་དགུ་མ། །ཡེ་ཤེས་དོན་རྟོགས་གཉིས་མེད་པས། །ཁྲག་གི་ཐིག་ལེ་འབུམ་གྱིས་བརྒྱན། །ས་བདག་འབུམ་གྱི་ཁད་དཔོན་མཛད། །དེ་བྱིན་ཡུལ་གྱི་ཕུ་ཤེད་ན། །ཁྲག་མཚོ་མེར་བའི་ནང་ཤེད་ན། །གཟའ་རྒྱལ་མིག་དམར་སྤྲུལ་ནས་གནས། །ཇོ་མོ་དེ་བྱིན་མཐུ་མོ་ཆེ། །བློན་མོ་ཀློང་དགུ་འཁོར་བཅས་ཀྱིས། །ནམ་ཕྱེད་དུས་ཀྱི་མུན་པ་ལ། །སྐད་ཅིག་ཡུད་ལ་ཡུལ་ཕུར་བྱིན། །གཟའ་རྒྱལ་མིག་དམར་སྤྲུལ་པ་བསྒྲལ། །དེ་ཕྱིར་གཟའ་འདུལ་ཆེན་མོ་བྱ། །ས་བདག་རྒྱལ་མོ་ཡལ་གམ་ཅན། །ཕུར་པ་སྒྲུབ་ཕྱིར་གཤེགས་སུ་གསོལ། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཤུ་ལན་དྷ་རིའི་དུས་ལ་བབ། །བྷྱོ། ས་བདག་ཆེན་མོའི་དུས་ལ་བབ། །ནམ་ནི་ཐོ་རངས་དམ་ཅན་མ། །མང་ཡུལ་སེ་བྱིན་སྟེང་ཤེད་ནས། །ཁྲག་ཞག་མཚོ་མོ་མེར་བ་ན། །སྤྲུལ་པའི་བསྭེ་མཁར་སྨུག་པོ་ན། །རྡོ་རྗེ་བསྭེ་བྱིན་འཕྲུལ་མོ་ཆེ། །སྐུ་མདོག་དམར་ནག་འབར་བ་ལ། །ཁྲག་གི་རལ་པ་ཤ་ར་ར། །རལ་པ་རེ་ལ་ཕུར་པ་རེ། །གསེར་གྱི་རྡོ་རྗེ་ཐོར་ཚུགས་བརྒྱན། །རྣ་བ་སླང་ཙམ་ལྷེབས་སེ་ལྷེབ། །དངུལ་གྱི་རྣ་ཆ་ཝངས་སེ་ཝང་། །དར་ནག་ལྕེའུ་ཕྲན་ཅོད་པན་འཕུར། །བ་སྤུ་རེ་ཞིང་ལྕགས་ཀྱུ་རེ། །མེ་ལྕེ་དགུ་ཕྲེང་སྐུ་ཡི་རྒྱན། །རྨ་བྱའི་ཐུལ་པ་ཞ་ལ་ལ། །དབང་གི་བསྭེ་ཁྲབ་སི་ལི་ལི། །སྤྱུགས་པའི་བརྡ་སྐད་དི་རི་རི། །ཆིབས་སུ་རི་དྭགས་བསེ་ལ་བཅིབས། །ཆིབས་ཀྱི་སྔ་ལོང་ཕྱི་ལོང་ལ། །མི་མགོ་རྟ་མགོ་ཕྲུ་ལུ་ལུ། །བཙན་ཞགས་སེང་ཕུར་དགྲལ་བརྡེག །བརྡ་ནི་མི་འཕྲོད་ལྷོ་བལ་མོ། །གཟུགས་ནི་མི་སྟོན་ལག་བརྒྱ་མོ། །མང་ཡུལ་སེ་བྱིན་ཡུལ་མདོ་ན། །ས་བདག་ནག་མོ་དམ་ཚིག་ཅན། །ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། །མཚན་མོ་དུར་ཁྲོད་ཁྱབ་པར་རྒྱུ། །སྟོང་གསུམ་མ་ལུས་རྗེས་ཀྱིས་འགེངས། །གདུག་པའི་དགྲ་ལ་ངུ་ཞིང་འདྲད། །མཆེ་བ་གནམ་ལྕགས་མཚོན་ཆ་བསྣོལ། །ས་བདག་འབུམ་གྱི་ཁད་དཔོན་མཛད། །སེ་བྱིན་ཡུལ་གྱི་ཕུ་ཤེད་ན། །བཙན་བྲག་སེར་ཁའི་ནང་ཤེད་ན། །བཙན་གྱི་རྒྱལ་པོ་ཟླ་བ་གནས། །ཇོ་མོ་སེ་བྱིན་མཐུ་མོ་ཆེ། །བློན་པོ་སྤྱང་མོ་འཁོར་བཅས་ཀྱིས། །ནམ་ཕྱེད་དུས་ཀྱི་མུན་པ་ལ། །སྐད་ཅིག་ཡུད་ཀྱིས་ཡུལ་ཕུར་ཕྱིར། །བཙན་གྱི་རྒྱལ་པོ་ཟླ་བ་བསྒྲལ། །དེ་ཕྱི་བཙན་འདུལ་ཆེན་མོ་བྱ། །ས་བདག་རྒྱལ་མོ་ཡལ་གམ་ཅན། །ཕུར་བ་སྒྲུབ་ཕྱིར་གཤེགས་སུ་གསོལ། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཙ་མུན་དྷ་རིའི་དུས་ལ་བབ། །བྷྱོ། ས་བདག་ཆེན་མོའི་དུས་ལ་བབ། །ནམ་ནི་ཐོ་རངས་དམ་ཅན་མ། །སྙེན་མ་འགྲམ་གྱི་ཕག་བྱིན་གཤོངས། །འོ་མའི་མཚོ་མོ་མེར་བ་ན། །སྤྲུལ་པ་བསྭེ་མཁར་སྨུག་པོ་ན། །རྡོ་རྗེ་ཕག་བྱིན་མཐུ་མོ་ཆེ། །སྐུ་མདོག་དཀར་ནག་འབར་བ་ལ། །དུང་གི་རལ་པ་ཤ་ར་ར། །རལ་པ་རེ་ཞིང་ཕུར་པ་རེ། །ཕུར་པའི་ལན་ཕྲན་ཁྲ་ལ་ལ། །རྣ་བ་སླང་ཙམ་ལྷེབས་སེ་ལྷེབ། །གསེར་གྱི་རྡོ་རྗེས་ཐོར་ཚུགས་བརྒྱན། །དར་ནག་ལྕེ་ཕྲན་ཅོད་པན་འཕུར། །དུང་གི་རྣ་ཆ་ཝངས་སེ་ཝང་། །མེ་ལྕེ་དགུ་ཕྲེང་སྐུ་ཡི་རྒྱན། །རྨ་བྱའི་ཐུལ་པ་ཞ་ལ་ལ། །དབང་གི་བསྭེ་ཁྲབ་སི་ལི་ལི། །ཆིབས་སུ་ཆུ་རྟ་སྔོན་པོ་ཆིབས། །ཆིབས་ཀྱི་སྔ་ལོང་ཕྱི་ལོང་ལ། །མི་མགོ་རྟ་མགོ་ཕྲུ་ལུ་ལུ། །གཡུ་ཞགས་གཡུ་ཕུར་དགྲ་ལ་འཕེན། །བརྡ་ནི་མི་འཕྲོད་ལྷོ་བལ་མོ། །གཟུགས་ནི་མི་སྟོན་ལག་བརྒྱ་མོ། །སྙེ་ནམ་ཕག་བྱིན་ཡུལ་མདོ་ན། །མཁའ་ལ་སྤྲུལ་པའི་གཡུ་མཚོ་ན། །སྤྲུལ་པའི་བསྭེ་མཁར་སྨུག་པོ་ན། །ཕག་བྱིན་ཆེན་མོའི་བློན་པོ་ནི། །ནག་མོ་ཆེན་མོ་བྲང་མིག་མ། །མགོ་མེད་བྲང་ན་མིག་གིས་གང་། །བྲང་གི་འོག་ནས་ཞལ་གདངས་པས། །སྡང་བའི་དགྲ་བགེགས་ཁྱུར་མིད་བྱེད། །སྟོང་ཁམས་སྤྲུལ་པ་ནག་མོས་འགེངས། །ས་བདག་འབུམ་གྱི་ཁད་དཔོན་མཛད། །སྙེ་ནམ་ཕག་བྱིན་ཡུལ་ཕུ་ནས། །སྟོང་སྐྱལ་བྱ་བའི་ཡུལ་ཕུ་ན། །མཚོ་ཡི་དམ་པ་མ་དྲོས་ན། །ཀླུ་ཡི་རྒྱལ་པོ་དེང་པོ་གནས། །ཇོ་མོ་ཕག་བྱིན་མཐུ་མོ་ཆེ། །བློན་པོ་བྲང་མིག་འཁོར་བཅས་ཀྱིས། །ནམ་ཕྱེད་དུས་ཀྱི་མུན་པ་ལ། །སྐད་ཅིག་ཡུད་ཀྱིས་ཡུལ་ཕུར་བྱིན། །ཀླུ་ཡི་རྒྱལ་པོ་དེང་པོ་བསྒྲལ། །དེ་ཕྱིར་ཀླུ་འདུལ་ཆེན་མོ་བྱ། །ས་བདག་རྒྱལ་མོ་ཡལ་གམ་ཅན། །ཕུར་པ་སྒྲུབ་ཕྱིར་གཤེགས་སུ་གསོལ། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཛཿ ཤར་ཕྱོགས་སྒོ་ནང་དགྲ་བགེགས་སྟེང་། །དུང་གི་སྐྱེས་བུ་གདུག་པ་ཅན། །སྐུ་མདོག་དཀར་པོ་འཚེར་བ་ལ། །གཡས་ན་ཤེལ་གྲི་ཟངས་ཡག་བསྣམས། །གཡོན་པ་ཤེལ་གྱི་ཕུར་པ་འདྲིལ། །དགྲ་བགེགས་སྙིང་ལ་གཟིར་ཞིང་འདེབས། །ཆིབས་སུ་སེང་གེ་དཀར་མོ་ཆིབས། །སྐུ་ལ་སྤྱང་དཀར་སློག་པ་གསོལ། །འཁོར་དུ་གིང་ཆེན་ཚོགས་ཀྱིས་བསྐོར། །དཀར་པོ་འབུམ་གྱི་དམག་དཔོན་མཛད། །ཁྱོད་ཀྱང་ཕུར་པའི་སྲུང་མ་སྟེ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ལྷོ་ཕྱོགས་སྒོ་ནང་དགྲ་བགེགས་སྟེང་། །ལྕགས་ཀྱི་སྐྱེས་བུ་གདུག་པ་ཅན། །སྐུ་མདོག་སྔོ་ནག་འབར་བ་ལ། །གཡས་པ་ལྕགས་ཀྱི་རལ་གྲི་འཕྱར། །གཡོན་པ་ལྕགས་ཕུར་འདྲིལ་ཞིང་འདེབས། །ཆིབས་སུ་ལྕགས་ཀྱི་སྤྱང་ཀི་བཅིབས། །སྐུ་ལ་དར་ནག་བེར་ཆེན་གསོལ། །འཁོར་དུ་བདུད་ཕོ་ཚོགས་ཀྱིས་བསྐོར། །ནག་པོ་འབུམ་གྱི་དམག་དཔོན་མཛད། །ཁྱོད་ཀྱང་ཕུར་པའི་ལས་མཁན་ཏེ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ནུབ་ཕྱོགས་སྒོ་ནང་དགྲ་བགེགས་སྟེང་། །བསྭེ་ཡི་སྐྱེས་བུ་གདུག་པ་ཅན། །སྐུ་མདོག་དམར་ནག་འབར་བ་ལ། །གཡས་པ་ཟངས་ཀྱི་རལ་གྲི་འཕྱར། །གཡོན་པ་ཟངས་ཀྱི་ཕུར་པ་འདྲིལ། །ཆིབས་སུ་བསྭེ་རྟ་དམར་པོ་བཅིབས། །སྐུ་ལ་དབང་གི་བསྭེ་ཁྲབ་གསོལ། །འཁོར་དུ་བདུད་བཙན་ཚོགས་ཀྱིས་བསྐོར། །དམར་ནག་འབུམ་གྱི་དམག་དཔོན་མཛད། །ཁྱོད་ཀྱང་ཕུར་པའི་སྲུང་མ་སྟེ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །བྱང་ཕྱོགས་སྒོ་ནང་དགྲ་བགེགས་སྟེང་། །ཏ་ཀི་ནག་པོ་རབ་འཇིགས་པ། །སྐུ་མདོག་ལྗང་ནག་འབར་བ་ལ། །གཡས་པ་གྲི་གུག་དགྲ་སྲོག་གཅོད། །གཡོན་པ་བྷནྡྷ་སྙིང་ཁྲག་འཐུང་། །ཆིབས་སུ་ལྕགས་སྤྱང་སྔོན་པོ་བཅིངས། །སྐུ་ལ་ལྕགས་ཀྱི་གོ་ཁྲབ་གསོལ། །བཤན་པ་ཕོ་མོའི་ཚོགས་ཀྱིས་བསྐོར། །ལས་མཁན་འབུམ་གྱི་དམག་དཔོན་མཛད། །ཁྱོད་ཀྱང་ཕུར་པའི་སྲུང་མ་སྟེ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །སྲིད་པ་ཕུར་པར་བདག་སྒྲུབ་ཀྱི། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དམ་བཅས་བཞིན་དུ་ཕྲིན་ལས་མཛོད། །དཔལ་གྱི་བཀའ་ཉན་ལས་བྱེད་མ། །མ་ཚོགས་དབང་ཕྱུག་ཉེར་བརྒྱད་ཀྱི། །ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི། །མིང་ཙམ་འཛིན་པར་བྱེད་པ་ཡང་། །གཡོ་སྒྱུ་མེད་ཅིང་གུས་ལྡན་པས། །སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི། །གཙུག་ཏུ་བཀུར་བར་བྱའོ་ཞེས། །དེ་སྐད་ཁྱེད་ཀྱི་ཞལ་བཞེས་པས། །དཔལ་གྱི་བཀའ་བཞིན་བདག་སྒྲུབ་ཀྱི། །འདིར་བྱོན་ཤ་ཁྲག་གཏོར་མ་ལོངས། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཅེས་བསྐུལ་ཞིང་གསེར་སྐྱེམས་དང་རཀྟ་གཏོར་ལ། གདབ་པ་ལ་སོགས་པའི་ལས་བྱའོ།། །།ཨཐྎ།།

རྡོ་གཏོར་དང་ཟློག་པ་སྤུ་གྲིའི་འཁོར་ལོ།

རྡོ་གཏོར་དང་ཟློག་པ་སྤུ་གྲིའི་འཁོར་ལོ་བཞུགས་སོ། །དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །མུ་སྟེགས་པ་དང་། ནང་པ་དང་། སྡེ་བརྒྱད་ཀྱི་གནོད་པ་དང་། རྦད་འདྲེ་རྦོད་གཏོང་དང་། ཐ་ན་གཅན་གཟན་གདུག་པ་དང་། སྦྲང་བུ་ཡན་ཆད་ཁ་འཆིང་བ་དང་། ཟློག་པ་སྤུ་གྲིའི་འཁོར་ལོ་འདི་ནི། ཁྱབ་འཇུག་རྒྱུ་བའི་དུས་དང་། ཉི་མ་དང་གཟའ་སྐར་ངན་པའི་དུས་དང་། ཐོག་སེར་འབབ་པའི་དུས་རྣམས་སུ་བྱའོ། །ཤིན་ཏུ་གཉན་པས་གང་རུང་རུང་དུ་མི་བྱའོ། །རང་ལྷའི་ང་རྒྱལ་གྱིས་སྒྲ་དྲག་པོས་བཟླའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ། བདུད་པྲ་མཱ་ར་ཡ་རྦད་ནན། ཁ་ལ་ཛ་མ་ལི་རྦད་ནན། རཱ་ཙ་དུན་ལིང་ཤག་རྦད་ནན། ཤིག་ཤིག་དུམ་དུམ་རྦད་ནན། ཚལ་པ་ཚལ་པ་རྦད་ཁྲཾ་ཁྲཾ་བྷྱོ་བྷྱོ་རྦད་ནན། རྨུགས་རྨུགས་རྦད་ནན། ཏིར་ཏིར་རྦད་ནན། ཚལ་ཚལ་རྦད་ནན། ཞེས་བཟླས་ཏེ། འདི་ལ་ལས་དྲུག་ལས། རང་ནུབ་མོ་གན་རྐྱལ་དུ་ཉལ་ལ་སོར་མོ་སྤྲད། ཁ་གདངས་ལ་བཟླས་པས་བཟློག་པ་དང་། འགྲོ་དུས་སུ་སྡིགས་མཛུབ་འཕྱར་ལ་སྔགས་བཟླས་པས་བཟློག་པ་དང་། ལྡང་ཚེ་སྐད་སྒྲ་གདོང་ཚུགས་བྱས་ཏེ་བཟློག་པ་དང་། མཚོན་ཆ་ཐོགས་ཏེ་འདེབས་ཚུལ་བྱས་ནས་བཟློག་པ་དང་། ཡུངས་ཀར་ལ་བསྔགས་ནས་ཕྱོགས་བཅུར་འཐོར་ཞིང་ཕུར་པ་ཡང་ཕྱོགས་བཅུར་འདྲིལ། ལིདྒ་ལ་བཏབ་ནས་བཟློག་པ་དང་ལྔ་ནི་གང་བྱེད་ཀྱང་རྒྱུན་ཁྱེར་ཡིན་པས་གོ་སླའོ། །ཁྱད་པར་རྡོ་ཟོར་གྱི་བཟློག་པ་ནི། ཆོ་འཕྲུལ་བྱུང་བ་དང་། སྨྱོ་བ་འདུལ་བ། སྲིའུ་གསོ་བ། ནད་པ་གསོ་བ། ཕུར་ཁ་བཟློག་པ་ལ་བྱའོ། །རེ་བའམ་ཕུབ་བམ་སླ་ངའི་ནང་དུ་བྲག་རྒོད་ཀྱི་རྡོ་དམར་ནག་གང་རུང་བླངས་ལ་རེ་རེ་ལ་ཁྲག་གིས་བྷྱོ་བྷྱོ་ཟློག་ཟློག་བྲི། དབུས་སུ་ཟུར་གསུམ་ཆེ་བ་གཅིག་བཞག །གཞན་རྣམས་མཐར་སྤུངས་ལ་རུས་པ་དང་། ཁྲག་གིས་བརྒྱན། ༀ་ཨཱཿཧཱུྃ་གིས་རུ་ཏྲའི་མིང་རུས་མཚོན་ཆ་འབར་བའི་ཁྲག་གི་རྒྱ་མཚོའི་དཀྱིལ་ནས་སྐྱེ་བར་བསམ་སྟེ། ཁྲག་གིས་ཆོས་སྐྱོང་མཆོད། ཕུད་གཏོར་དཔང་གཟུག་བདེན་པ་བ དར་ལ། རྡོ་མཚོན་ཆའི་ཕུང་པོ་ལ་མེ་འབར་བས་དགྲ་བགེགས་ཐལ་བར་བརླག་པར་བསམ་སྟེ། ཕ་རོལ་གྱི་ནུས་པ་དང་། རྨི་ལྟས་ཀྱི་ཆོ་འཕྲུལ་དང་བསྟུན་ནས། ཞག་བདུན་ནམ། གསུམ་མམ། གཅིག་སོགས་ཉམས་དང་བསྟུན་ནས་སྔགས་བཟླས། དགྲ་བགེགས་ཀྱི་ཕྱོགས་སུ་འཕང་ངོ་། །གནད་ལ་དབབ་དུས་དམ་ཚིག་ཅན་འགས་གདོང་བཟློག་དྲག་པོ་འུར་འདོན་བྱས་ཏེ། དགྲ་བགེགས་ཀྱི་ལིདྒ་ལ་འཕང་བའམ། གྲོགས་ལ་བསྐོར་ཏེ་ཕྱོགས་སུ་འཕངས། བདེན་པ་བདར། དམོད་བཅོལ་བྱ། གཡབ་བརྟུལ་བརྡབ། གནོད་འཚེ་ཐམས་ཅད་ཧུར་ཐུམ་དུ་བཟློག་པར་ཐེ་ཚོམ་མེད་དོ། །ཟབ་བོ། །

བསྭེ་ཡི་ལྷ་མོ་བཞིའི་སྒྲུབ་ཐབས་སྲོག་ཏིག་ཟབ་པ་དམར་ནག

བསྭེ་ཡི་ལྷ་མོ་བཞིའི་སྒྲུབ་ཐབས་སྲོག་ཏིག་ཟབ་པ་དམར་ནག་བཞུགས་སོ། །སློབ་དཔོན་པདྨ་སམྦྷ་ཝ་རྡོ་རྗེ་ཐོད་ཕྲེང་གིས་སྒྲུབ་ཐབས་ཀྱི་མན་ངག་ཏུ་བཀའ་སྩལ་བ་འདི། ས་བདག་ཆེན་མོའི་དུས་ལ་བབ། །ཅེས་བྱ་སྟེ། རྡོ་རྗེ་གནོད་སྦྱིན་མ་རོ་ཙའི་ངན་སྔགས། བསྭེ་ཡི་ལྷ་མོ་བཞིའི་སྒྲུབ་ཐབས་འདི་ནི། གཏན་ཚིགས་ཅིའི་ཕྱིར་འབྱུང་བ་ནི། སློབ་དཔོན་པདྨ་སམྦྷ་ཝ་རྡོ་རྗེ་ཐོད་ཕྲེང་གི་སྐུ་ཚེའི་རིག་འཛིན་བརྙེས་ཀྱང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་དངོས་གྲུབ་མ་བརྙེས་ནས། བལ་ཡུལ་ཡང་ལེ་ཤོད་དུ་ལོ་གསུམ་དུ་བསྒྲུབ་ནས། དགེ་བསྙེན་མ་ཉི་ཤུ་རྩ་གཅིག་དང་། ཚངས་པ་དང་། བརྒྱ་བྱིན་དང་། ལྷ་དང་ཀླུ་ལ་སོགས་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་རྣམས་ཀྱིས་དགོངས་པ་ལ་བར་ཆད་གཏོང་སྟེ། ནམ་མཁའ་ལ་ཆར་སྤྲིན་མ་ཆགས། ལོ་གསུམ་དུ་ཆར་མ་བབས་པ་ལས། ཨཱ་ཙ་རའི་དགོངས་པ་ལ་འདི་སུའི་ཡིན་ཏེ། འདི་ངའི་དགོངས་པ་ལ་བར་ཆད་བཏང་བར་འདུག་སྟེ། འདི་བཟློག་འཚལ་ལོ་ཞེས་གསུངས་ནས། བལ་པོ་ཀུན་ད་ཀུན་གཞི་དང་། བལ་མོ་ཇི་ལ་ཇི་ས་གཉིས་ལ། གསེར་ཕྱེ་གསེར་གྱི་བྲེ་གང་བསྐུར་ནས། རྒྱ་གར་གྱི་ཡུལ་དུ་ཕུར་བུའི་ཏནྟྲ་ཞུ་རུ་བཏང་བ་ལས། མཐའི་མོན་བུ་དཀོར་དད་ཆེ་བས། གསེར་ཕུལ་བས་རབ་ཏུ་མཉེས་ཏེ། སླར་ལ་ཕུར་བུའི་ཏནྟྲ་ཁུར་ཐེག་ཚད་གཉིས་བསྐུར་ཏེ་བཏང་། དེ་བལ་ཡུལ་ཡང་ལེ་ཤོད་དུ་བྱོན་པ་ཙམ་གྱིས་དེའི་བྱིན་གྱིས་བརླབས་ཀྱིས་གནས་ལ་སྤྲིན་ཆགས། རི་ལ་སྨུག་པ་འཐིབ། ཆར་པ་ཡང་ཆེར་འཕེབས་ཏེ། ནགས་ཚལ་སྐམ་པོ་ཀུན་སྔོ་ལྷུབ་ཀྱིས་སོང་བ་ལས། དེ་ནས་པདྨ་སམྦྷ་ཝ ས། ཏནྟྲ་དེ་འབྱེད་མཁྱེན་ནས། ལྟ་བ་བྱི་ཏོ་དང་གཅིག །སྒོམ་ཁོག་རྩ་བ་དང་། ལས་བྱང་ཁ་ཚར་དང་གསུམ་བཏུས་ཏེ། དེ་ལེགས་སམ་མ་ལེགས། རྒྱ་གར་ཡུལ་དུ་པཎྜི་ཏ་མཁས་པ་ལྔ་བརྒྱའི་སྤྱན་སྔར་ཞུ་ཏིག་ལ་གཤེགས་པར་ཆས། སྨད་ཁམས་ཀྱི་རྒྱལ་མོའི་ཡུལ། ཚ་བ་ཚ་ཤོད་དུ་བྱ་བ་མེ་ཏོག་དགུན་ན་སྐྱེས་པའི་དྲུང་དུ། ཆུ་མིག་བྱང་ཆུབ་རིས་སུ་བྱོན་ཙ་ན། ཨཱ་ཙ་ར་ཉིད་སྐུར་ཡུར་ཐུམ་ཐུམ་མཛད་ནས། དབུ་ལ་ཡུག་གི་བྱུགས་པས། བུར་བུར་བོ་གཅིག་ཟིན་ནས་དབུ་ཞྭའི་ནང་དུ་བསྩལ་ནས་ཁ་རྒྱས་བསྡམས་ཏེ། དབུ་ཞྭ་སྔས་འོག་ཏུ་བསྩལ་ནས་གཟིམས་པ་ལས། ནངས་པར་དབུ་ཞྭ་ཁ་ཕྱེ་ནས་གཟིགས་ཙ་ན། བུ་མོ་ཁྱད་པར་གྱིས་ལེགས་པ་མིའི་བུ་མོ་དང་མི་འདྲ་ལྷའི་སྲས་མོ་འདྲ་བ། བཟང་སྡུག་ལ་འོད་ཆགས་པ་བཞི་འབྱུང་ནས། ཨཱ་ཙ་རས་ཁྱོད་རྣམས་སུ་ཞིག་ཡིན་ཞེས་བཀའ་སྩལ་བས། བུ་མོ་རྣམས་ཀྱིས་སྨྲས་པ། བདག་ཅག་ནི་མེ་ཏོག་དགུན་ན་སྐྱེས་པའི་བདག་མོ་བཞི་ལགས་ཏེ། ས་བདག་ཆེན་མོ་ད་ར་ཙ་བའི་ལྕུགས་ལེན་སྲོག་གི་མངའ་བདག་མོ་བཞི་ལགས་ཏེ། རྒྱུད་བསྭེ་རྒྱུད་གསང་བ་ཡང་གཏེར་གྱི་ནང་ནས་བསྭེའི་ལྷ་མོ་ཉིས་བརྒྱ་ལྔ་བཅུ་ཞིག་བཞུགས་པའི་ནང་ནས། དེའི་ནང་ནས་གྲངས་འདམས་པ་བཅུ་གཉིས་བོད་ཡུལ་དུ་འོང་བ་ནི་བདག་ཅག་ལགས་ཏེ། ནངས་ཀྱི་བུ་མོ་ད་ར་ཙ་བའི་སྲོག་ལེན་མ། དེའི་འོག་མ་ད་ར་ཙ་བའི་སྲོག་སྐེམས་མ། དེའི་འོག་མ་ད་ར་ཙ་བའི་སྲོག་གཅོད་མ། དེའི་འོག་མ་ད་ར་ཙ་བའི་སྲོག་འཇིབ་མ། ཕྱིའི་འཁོར་བརྒྱད་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་དབང་བྱེད་དེ། ཡོ་རོལ་ཆེན་པོ་གནས་ཏེ། བདག་ཅག་ལས་དབང་ཆེ་བ་ནི་མེད་དེ། མ་མོ་ཐམས་ཅད་ཀྱི་རྒྱལ་མོ། ལྷ་འདྲེ་ཐམས་ཅད་ཀྱི་ནི་ཇོ་མོ་ལགས་ཏེ། སྔར་ཡང་སྐྱེ་རྒུ་ཐམས་ཅད་ཀྱི་སྲོག་ལ་དབང་བྱེད་པའི་མཐུ་མོ་ཆེ་ལགས་ཏེ། ད་ཡང་མི་ཕྱུགས་མང་པོའི་ཚེ་སྲོག་ལ་དབང་བྱེད་པའི་མཐུ་མོ་ཆེར་དབང་བསྐུར་དུ་གསོལ་ཞེས་ཞུས་པ་དང་། ཨཱ་ཙ་རས་བཀའ་བསྩལ་པ། སྔར་ཡང་སྐྱེ་རྒུ་ཐམས་ཅད་ཀྱི་ཚེ་སྲོག་ལ་དབང་བྱེད་པ་མ་ལེགས། ད་ཡང་ཚེ་སྲོག་ལ་དབང་བྱེད་པར་དབང་མི་བསྐུར་གྱིས། བདག་གིས་སྐུ་ཚེའི་རིག་འཛིན་བརྙེས་ཀྱང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་མ་བརྙེས་ནས། བལ་ཡུལ་ཡང་ལེ་ཤོད་དུ་བསྒྲུབས་པ་ལས། དགེ་བསྙེན་ཉི་ཤུ་རྩ་གཅིག་དང་། ཚངས་དང་བརྒྱ་བྱིན་ལ་སོགས་པས་བར་ཆད་བཏང་བ་ཡང་བཟླས། དེ་དག་འདུལ་བའི་དོན་ཆེད་དུ་ཕུར་བུའི་ཏནྟྲ་ཞུར་བཏང་བའི་ལོ་རྒྱུས་བཤད་ནས། ཁྱེད་དང་ང་འཕྲད་པ་ནི་ངའི་ཏིང་ངེ་འཛིན་ལས་སུ་རུང་བ་ཡང་ཡིན། ལུང་ཚད་དུ་ཕྱིན་པ་ཡང་ཡིན། སྡེབས་ལེགས་པའི་དོན་ཡང་ཡིན་ཏེ། ཁྱེད་རྣམས་ནི་ཕུར་བུའི་སྲུང་མར་དབང་བསྐུར་རོ། །ཞེས་བཀའ་བསྩལ་ནས། རྟགས་ཀྱི་ཕྱག་རྒྱ་རུ་སྤྱི་བོའི་གཙུག་ཏུ་གསེར་གྱི་རྡོ་རྗེ་བཞག །ལག་ཏུ་རྡོ་རྗེ་ཕུར་བུ་བྱིན་ནས། རྡོ་རྗེའི་མིང་བཏགས་པ། རྡོ་རྗེ་ཡ་སྨན་འཕྲུལ་མོ་ཆེ། །རྡོ་རྗེ་བསྭེ་སྨན་དབང་མོ་ཆེ། །རྡོ་རྗེ་དེ་སྨན་རྩལ་མོ་ཆེ། །རྡོ་རྗེ་ཕག་སྨན་མཐུ་མོ་ཆེ། །ཞེས་རྡོ་རྗེའི་མིང་བཏགས་ཏེ། ཅིག་ཅར་དཀྱུས་སུ་སྩལ་ཏེ། ས་བདག་ཆེན་མོའི་དུས་ལ་བབ་བྱ་བ་དང་སྦྱར་ཏེ། ཕུར་བུ་མགོ་གཞུག་ལས་རྟགས་འབྱིན་པ་ནི་འདིར་ཐུག་སྟེ། དེ་ལྟ་བུའི་དོན་ལ་ཕུར་བུ་སྲོག་གི་ཆན་པ་ཞེས་ཀྱང་འདི་ཀ་ལ་བྱའོ། །བསྭེ་མོ་སྙིང་ཟན་མ་ཞེས་ཀྱང་འདི་ཀ་ལ་བྱའོ། །མཐུ་ཆེ་ཆེས་ནས་ཡུལ་སོ་སོར་བཞག་གོ།'།དེ་ཡན་ཆད་ནི་བྱུང་ཁུང་དང་གླེང་གཞིའོ། ༈ །དེ་ཡི་དཀྱིལ་འཁོར་ཅི་ལྟར་བྱ་བ་ནི། དཀྱིལ་འཁོར་ནི་བང་རིམ་བཞི་བྱ་སྟེ། དབུས་ཟུར་གསུམ་ནག་པོ་ཧོམ་ཁུང་ཅན་དུ་བྱ་སྟེ། དེའི་ཕྱི་རིམ་ཟླ་གམ་དམར་པོ་གསུམ་གྱིས་བསྐོར་བར་བྱའོ། །དེའི་ཕྱི་རིམ་ལ་སྒོ་བཞི་དང་བར་ཁྱམས་དོད། ཤར་སྒོ་དཀར་པོ། ལྷོ་སྒོ་སེར་པོ། ནུབ་སྒོ་དམར་པོ། བྱང་སྒོ་ལྗང་གུ། བར་ཁྱམས་བཞི་ཀ་སེར་པོར་བྱའོ། །དེ་ཡང་སྒྲུབ་པའི་རྟེན་བཅའ་བ་ནི། སྨྱུག་མ་ཚིགས་པ་གཅིག་ཁྲག་གིས་བྱུག་ལ། བྱ་རྒོད་ཀྱི་སྒྲོ་རྩའི་སྨྱུ་གུ་ན་ཡར་སྨྱུག་མའི་རྩེ་མོ་ད་དགོས་བཅུག་ལ། དེ་དཀྱིལ་འཁོར་གྱི་དབུས་ཀྱི་ཧོམ་ཁུང་གི་ཁར་གཟུག །ལྕགས་ཕུར་སོར་བཅུའམ་བརྒྱད་པ་གཅིག་སྨྱུག་མའི་རྩེ་རུ་གཟུག །སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་གསུམ་ཟླ་གམ་གསུམ་ལ་དགོད། ཕུར་བུ་སོར་བརྒྱད་པ་བཞི་སྒོ་བཞི་ལ་ཡང་བཀོད། བསྭེའི་ལྷ་མོ་ཆེན་མོ་བཞིའི་སྐུ་ནི། དབུས་ཀྱི་སྨྱུག་མའི་ཚིགས་དང་པོ་ལ་བཏགས་ལ་བཞུགས་སུ་གསོལ་ལོ། །དེ་ནས་རུ་སྐྱོགས་བཞི་དམ་རྫས་བཤམས་པ་ནི། བ་མེན་གྱི་རྭ་གཅིག་གི་ནང་དུ། སྦྲང་རྩི་དང་ཁྲག་དང་སྙིང་སྣ་ཚོགས་བསྩལ། དཀྱིལ་འཁོར་གྱི་བང་རིམ་དང་པོའི་ཧོམ་གྱི་ཟུར་གཅིག་ལ་བཞག །བསྭེ་ཕོར་གཅིག་གི་ནང་དུ་མར་ཁུ་ཁྲག་དང་སྙིང་སྣ་ཚོགས་བསྩལ་ཟླ་གམ་གཅིག་ལ་བཞག །དངུལ་ཕོར་གཅིག་གི་ནང་དུ་ཞག་དང་ཚིལ་བུ་དང་ཁྲག་དང་སྙིང་སྣ་ཚོགས་བསྩལ་ལ། དེ་ཡང་ཟླ་གམ་གཅིག་ལ་བཞག །མཛོའི་རྭ་ཅོ་གཅིག་གི་ནང་དུ་འོ་མ་དང་ཁྲག་དང་སྙིང་སྣ་ཚོགས་བསྩལ་ལ། དེ་ཡང་ཟླ་གམ་གཅིག་ལ་བཞག་གོ། །སྐྱོགས་གཞན་མེད་ཀྱང་བ་མེན་གྱི་རྭ་གཅིག་མེད་དུ་ཡང་མི་རུང་སྟེ་རུ་སྐྱོགས་ལ་སྤྱན་དྲངས་དགོས་སོ། །ཡང་ན་གཟས་པ་པོའི་མིང་རུས་བྲིས་ལ། ར་རོག་པོ་གཅིག་གི་སྐེར་བཏགས་ལ། ར་དེ་དཀྱིལ་འཁོར་གྱི་འགྲམ་དུ་བརྟོད་ལ། གཟས་པ་པོའི་དམིགས་པའི་རྟེན་དེ་ལ་བཅའོ། །དེ་ནས་ར་བསྒྲལ་ནས་སྙིང་ཕྱུངས་ལ། ད་ཅིའི་མིང་བྱང་དེ་སྙིང་གི་རྩ་བའི་སྦུ་གུ་རུ་བཅུག་སྟེ། སྔོན་དམར་གྱི་བཅིངས། དེ་ནས་རའི་མགོ་བོ་ནས་ལྕེ་ལྐོག་མར་དྲངས་ལ། སྙིང་ར་མགོའི་ཁར་བཅུག་ལ། ར་མགོ་དཀྱིལ་འཁོར་གྱི་དབུས་ཀྱི་ཧོམ་ཁུང་དུ་གཞུག །ཕགས་པ་དཀྱིལ་འཁོར་གྱི་འགྲམ་དུ་བརྒྱངས་ལ་བཞག །ར་མེད་ན་ར་རོག་པོའི་སོག་པ་གཡས་པ་ལ་སྔོན་དམར་གྱི་བཅིངས་ལ། གཟས་པ་པོའི་མིང་རུས་དང་གཟུགས་བྲིས་ལ། དཀྱིལ་འཁོར་གྱི་དབུས་ཀྱི་ཧོམ་ཁུང་དུ་རེ་བ་གཅིག་བཏིང་ལ། དེའི་སྟེང་དུ་ཐལ་ཆེན་གྱིས་ཧོམ་གྲུ་གསུམ་གཅིག་བྲིས་ལ། དེའི་སྟེང་དུ་ལིདྒ་སྔོན་དམར་གྱིས་བཀྱིགས་ལ་བཞག །ལྕགས་ཕུར་ལ་ཡང་བརྟོད། བསྭེ་ཕོར་གཅིག་གི་ནང་དུ། ར་ཁྲག་དང་། ཁྱི་ཁྲག་དང་། ཕག་ཁྲག་དང་། རྟ་ཁྲག་མི་ཁྲག་སྣ་ཚོགས་པ་བསྩལ་ལ། དཀྱིལ་འཁོར་གྱི་དབུས་ཀྱི་ཧོམ་ཁུང་གི་ཟུར་གཅིག་ལ་བཞག །དེ་ཡང་མོན་མོ་མཆེད་བཞིའི་ཐུགས་དམ་ནི། བྱ་ནག་མོའམ་ལུག་ནག་མོས་ཐུགས་དམ་བསྐང་ངོ་། །ཡང་ན་བྱ་ནག་མོའམ་ལུག་ནག་མོ་སྤྱི་དཀར་ལ་འབེན་བཅས་ལ། སྨན་ཕུད་ཀྱིས་མཆོད་དོ། །རྟགས་ཕྱིན་ནས་ཐུགས་དམ་བསྐང་། རྟགས་ཕྱུངས་ནས་ལ་མོར་མ་བསྐང་ན། སྒྲུབ་པ་པོ་ཉིད་ཀྱི་ཚེ་ལ་བར་ཆད་འོང་། འཁོར་དུ་ཡང་རིམས་ནད་འབེབས་པས་ལེ་ལོ་མི་བྱ་བར་ལ་མོར་གཏང་རག་བཏང་ངོ་། །དེ་ནས་དང་པོར་བདག་ཉིད་ཀྱང་ཆས་སུ་འཇུག་སྟེ། གོས་ནག་པོ་གྱོན། དབུ་ལ་དར་སྔོན་པོ་བཅིངས། དཔྲལ་བར་མེ་ལོང་བཏགས། ལག་པ་གཡས་པའི་མཁྲིག་མ་མན་ཆད་ཁྲག་གིས་བྱུགས་ལ། སླེའུ་ནག་བརྡབ་ཅིང་དཔང་གཟུག་གོ། །དེ་ཡང་དྲེགས་པ་མཐུ་བོ་ཆེ་ཐམས་ཅད་ཀྱི་ཡང་གཤེད་ནི་གཤིན་རྗེ་ཡིན་པས། བདག་ཉིད་གཤིན་རྗེའི་རྒྱལ་པོ་ཡ་མ་རཱ་ཛ་བསྒོམ་མོ། །དེར་ཡང་བལ་མོ་མཆེད་བཞི་ཡང་བསྒོམ་ཞིང་སྤྱན་དྲངས་འཚལ་ཏེ། བསྭེ་མོ་སྙིང་ཟན་མ་བཞིའི་རྩ་བའི་སྔགས་འདི་བཟླས། ༀ་སུ་ཀྲི་མ་ཡ། མ་ར་ཙིཏྟ། ཡོ་གི་ཤྭ་ར། ཡ་མ་ཙིཏྟ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས། བསྭེའི་ལྷ་མཆེད་བཞི་སྐུ་མདོག་དམར་མོར་བཞུགས་པ། ཁྲོས་པས་མོན་མོ་ནག་མོ་རྣ་ཆ་ཅན་བཞི་རུ་ནག་རུག་གིས་སོང་བར་བསྒོམ་པར་མཐོང་སྟེ། དེ་ཡང་བསྭེའི་ལྷ་མོ་བཞིའི་སྐུ་མདོག་ཕྱག་མཚན་དང་། ཆིབས་དང་རོལ་པར་བཅས་ཏེ་བསྒོམ་པ་ནི། རྡོ་རྗེ་ཡ་སྨིན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི། སྤྱན་གསུམ་ཁྲོ་ཚུལ་སྟོན་པ། སྤྱི་བོའི་གཙུག་ཏུ་གསེར་གྱི་རྡོ་རྗེའི་ཐོར་ཚུགས་ཅན། དར་ནག་ལྕེའུ་ཕྲེང་གི་ཅོད་པན་གྱིས་བརྒྱན་ཅིང་འཕུར་བ། གསེར་གྱི་རྣ་ཆ་ཝང་ངེ་འདུག་པ། མཐིང་གི་རལ་པ་ལ་ཕུར་བུའི་ལན་ཕྲན་གྱིས་བརྒྱན་པ། མེ་ལྕེ་དགུའི་ཕྲེང་བ་ཅན། སྐུ་ལ་མཛེས་བྱེད་རྨ་བྱའི་ཐུལ་པ་ཅན། བསྭེ་ཁྲབ་ཞུལ་མོ་གསོལ་བ། ཆིབས་སུ་ནམ་མཁའི་འབྲུག་མོ་ལ་བཅིབས་པ། ཆིབས་ཀྱི་སྔ་ལོང་ལ་མི་མགོ་རློན་པ་བཏགས་པ། ཆིབས་ཀྱི་ཕྱི་ལོང་ལ་རྟ་མགོ་རློན་པ་བཏགས་པ། ཁྱི་མོ་ནག་མོ་གཡུ་མིག་མ་རོལ་དུ་ཁྲིད་པ། བརྡ་ནི་མི་འཕྲོད་ལྷོ་བལ་མོ། སྐད་ནི་མི་མཐུན་ད་རའི་སྐད་འབྱིན་པ། གསང་བའི་བརྡ་སྤྱུགས་པ་སུ་རུ་རུ་འབོད་ཅིང་། ཕྱག་གཡས་དང་པོ་བསྭེའི་རྔེའུ་ཆུང་བརྡུང་བ། གཡས་འོག་མ་ན་རྡོ་རྗེ་ཕུར་བུ་འདྲིལ་ཞིང་གསོར་བ། གཡོན་དང་པོ་ན་མི་སྙིང་དང་རྒྱུ་མ་ཐོགས་ནས་ཟ་བ། གཡོན་འོག་མ་ན་རྡོ་རྗེ་ལྕགས་ཀྱུས་འདེབས་པར་བསྒོམ་མོ། །རྡོ་རྗེ་བསྭེ་བྱིན་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་བཞི། སྤྱན་གསུམ་ཁྲོ་ཚུལ་སྟོན་པ། སྤྱི་གཙུག་ན་གསེར་གྱི་རྡོ་རྗེའི་ཐོར་ཚུགས་ཅན། དར་ནག་ལྕེའུ་ཕྲན་ཅོད་པན་གྱིས་བརྒྱན་ཅིང་འཕུར་བ། གཟིའི་རྣ་ཆ་ཝང་ངེ་འདུག་པ། མཐིང་གི་རལ་པ་ལ་ཕུར་བུའི་ལན་ཕྲན་གྱིས་བརྒྱན་པ། མེ་ལྕེ་དགུའི་ཕྲེང་བ་ཅན། སྐུ་ལ་མཛེས་བྱེད་རྨ་བྱའི་ཐུལ་པ་དང་། བསྭེ་ཁྲབ་ཞུལ་མོ་གསོལ་བ། ཆིབས་སུ་བསེ་རུ་རུ་གཅིག་ལ་བཅིབས་པ། ཆིབས་ཀྱི་སྔ་ལོང་ལ་མི་ཐོད་རློན་པ་བཏགས་པ། ཆིབས་ཀྱི་ཕྱི་ལོང་ལ་རྟ་ཐོད་ལོན་པ་བཏགས་པ། ཁྱི་མོ་ནག་མོ་ཁྲག་མིག་ཅན་རོལ་དུ་ཁྲིད་པ། བརྡ་ནི་མི་འཕྲོད་ལྷོ་བལ་མོ། །སྐད་ནི་མི་མཐུན་ད་རའི་སྐད་འབྱིན་ཅིང་། གསང་བའི་བརྡ་སྤྱུགས་པ་སུ་རུ་རུ་འབོད་ཅིང་། ཕྱག་གཡས་དང་པོ་བསྭེའི་རྔེའུ་ཆུང་བརྡུང་བ། དེའི་འོག་མ་རྡོ་རྗེ་ཕུར་བུ་འདྲིལ་ཞིང་གསོར་བ། ཕྱག་གཡོན་དང་པོ་མི་སྙིང་དང་རྒྱུ་མ་ཐོགས་ནས་ཟ་བ། གཡོན་འོག་མན་རྡོ་རྗེ་ལྕགས་ཀྱུས་འདེབས་པར་བསྒོམ། རྡོ་རྗེ་དེ་སྨིན་སྐུ་མདོག་དམར་ལྗང་གོང་དང་འདྲའོ། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་ཁྲོ་ཚུལ་སྟོན་པ། སྤྱི་བོའི་གཙུག་ཏུ་གསེར་གྱི་རྡོ་རྗེའི་ཐོར་ཚུགས་ཅན། དར་ནག་ལྕེའུ་ཕྲན་གི་ཅོད་པན་གྱིས་བརྒྱན་ཅིང་འཕུར་བ། དངུལ་གྱི་རྣ་ཆ་ཝང་ངེ་འདུག་པ། མཐིང་ནག་རལ་པ་ལ་བྱུ་རུའི་ཕུར་བུ་ལན་ཕྲན་གྱིས་བརྒྱན་པ། མེ་ལྕེ་དགུའི་ཕྲེང་བ་ཅན། སྐུ་ལ་མཛེས་བྱེད་རྨ་བྱའི་ཐུལ་པ་ཅན། བསྭེ་ཁྲབ་ཞུལ་མོ་གསོལ་བ། ཆིབས་སུ་ལྕགས་ཀྱི་དྲེའུ་ནག་རྐང་གསུམ་བཅིབས་པ། ཆིབས་ཀྱི་སྔ་ལོང་ལ་མི་མགོ་རློན་པ་བཏགས་པ། ཆིབས་ཀྱི་ཕྱི་ལོང་ལ་རྟ་མགོ་རློན་པ་བཏགས་པ། ཁྱི་མོ་ནག་མོ་གསེར་མིག་མ་རོལ་དུ་ཁྲིད་པ། བརྡ་ནི་མི་འཕྲོད་ལྷོ་བལ་མོ། སྐད་ནི་མི་མཐུན་ད་རའི་སྐད་འབྱིན་པ། གསང་བའི་བརྡ་སྤྱུགས་པ་སུ་རུ་རུ་འབོད་ཅིང་། ཕྱག་གཡས་དང་པོ་བསྭེའི་རྔེའུ་ཆུང་བརྡུང་བ། དེའི་འོག་མ་ན་རྡོ་རྗེ་ཕུར་བུ་འདྲིལ་ཞིང་གསོར་བ། ཕྱག་གཡོན་དང་པོ་ན་མི་སྙིང་དང་རྒྱུ་མ་ཐོགས་ནས་ཟ་བ། གཡོན་འོག་མ་ན་རྡོ་རྗེ་ལྕགས་ཀྱུས་འདེབས་པར་བསྒོམ་མོ། །རྡོ་རྗེ་ཕག་སྨིན་སྐུ་མདོག་དམར་མོ། ཞལ་གསུམ་ཕྱག་བཞི། སྤྱན་དགུ་སྡང་མིག་ཁྲོ་ཚུལ་སྟོན་པ། སྤྱི་བོའི་གཙུག་ན་གསེར་གྱི་རྡོ་རྗེའི་ཐོར་ཚུགས་ཅན། དར་ནག་ལྕེའུ་ཕྲན་ཅོད་པན་གྱིས་བརྒྱན་ཅིང་འཕུར་བ། དུང་གི་རྣ་ཆ་ཝང་ངེ་འདུག་པ། མཐིང་གི་རལ་པ་ལ་བྱུ་རུའི་ལན་ཕྲན་གྱིས་བརྒྱན་པ། མེ་ལྕེ་དགུའི་ཕྲེང་བ་ཅན། སྐུ་ལ་མཛེས་བྱེད་རྨ་བྱའི་ཐུལ་པ་དང་། བསྭེ་ཁྲབ་ཞུལ་མོ་གསོལ་བ། ཆིབས་སུ་ཆུ་རྟ་སྔོབ་པོ་བཅིབས་པ། ཆིབས་ཀྱི་སྔ་ལོང་ལ་མི་མགོ་རློན་པ་བཏགས་པ། ཆིབས་ཀྱི་ཕྱི་ལོང་ལ་རྟ་མགོ་རློན་པ་བཏགས་པ། ཁྱི་མོ་ནག་མོ་ཤེལ་མིག་མ་རོལ་དུ་ཁྲིད་པ། བརྡ་ནི་མི་འཕྲོད་ལྷོ་བལ་མོ། སྐད་ནི་མི་མཐུན་ད་རའི་སྐད་འབྱིན་པ། གསང་བའི་བརྡ་སྐད་སྤྱུགས་པ་སུ་རུ་རུ་འབོད་ཅིང་། ཕྱག་གཡས་དང་པོ་བསྭེའི་རྔེའུ་ཆུང་བརྡུང་བ། འོག་མ་ཕུར་བུ་འདྲིལ་ཞིང་གསོར་བ། ཕྱག་གཡོན་དང་པོ་མི་སྙིང་དང་རྒྱུ་མ་ཐོགས་ནས་ཟ་བ། གཡོན་འོག་མ་ན་རྡོ་རྗེ་ལྕགས་ཀྱུས་འདེབས་པར་བསྒོམ་མོ། །དེའི་བསམ་རྒྱུད་ནི་གཟས་པ་པོ་ལ་བཏང་ངོ་། །གསང་བ་ཡང་སྙིང་འདི་བཟླས་སོ། །ཀུ་ལེན་ད་རི་ཛ་ཛཿཧཱུྃ། ཤུ་ལེན་ད་རི་ཛ་ཛཿཧཱུྃ། ཙ་མུན་ད་རི་ཛ་ཛཿཧཱུྃ། ཀང་ཀ་ད་རི་ཛ་ཛཿཧཱུྃ། ཁྱི་ཁྲིད་ར་ཁྲིད་རོལ་ལ་ཁྲག་འཐུང་། ཀང་ཀང་། ཀིང་ཀིང་། གྱིང་གྱིང་། ཙིན་ད་མ་ལ་ཤ །རོ་ལ་ཁྲག་འཐུང་། ཀང་ཀང་། ཀིང་ཀིང་། གྱིང་གྱིང་། ཤ་ཟ་བའི༴ སྙིང་འབྱིན་པའི༴ ཁྲག་འཐུང་བའི༴ དབུགས་འཕྲོག་པའི༴ སྲོག་གཅོད་པའི༴ ཟ་བའི་ཙིཏྟ་མ་ར་ཤ །ༀ་ཏང་བར་ལ་ཐོང་། ཤ་ཁྲག་ལ་ཀྱི་སྦྱང་། ཀྲ་ཏེ་ཀྲ་ཏེ། ཧཱུྃ་ཧཱུྃ། ཕཊ་ཕཊ། རྦུད་རྦུད། ཅེས་ཉུངས་ཀར་ལ་བསྔགས་ཤིང་། ར་མགོ་དང་ར་སྙིང་ལ་བརྡེག་གོ། །རྩ་བའི་སྔགས་ཉུངས་ཀར་ལ་བསྔགས་ཤིང་། བནྡྷའི་ཁྲག་གི་ནང་དུ་བླུགས། ཁྲག་ར་མགོ་དང་སྙིང་གི་ཐོག་ཏུ་གཏིག་གོ། །ཁྲག་ལྷག་མ་གཟས་པ་པོའི་ཁྱིམ་ལ་གཏོར་ན་རབ། ཐག་རིང་ན་ཡུལ་ཕྱོགས་སུ་གཏོར་རོ། །ཐུན་ཕེབས་ན་དགྲ་བོའི་ཕྱོགས་སུ་ཁ་སྦུབ་ཀྱིས་འགྲོའོ། །མ་ཕེབས་ན་ཁ་གདངས་ཀྱི་འགྲོ་བས། ཕྱི་མ་ཞག་བདུན་དུ་ཐུན་བཅད་ལ་སྒྲུབ། དེ་ཡང་བསྐུལ་ཏེ། གསུར་ཆེན་གྱི་དུད་པ་བཏང་ལ། ལག་པ་གཡོན་པས་རྔ་བརྡུང་། གཡས་པར་མོན་མོའི་ལག་གཡབ་ཅིག་ཐོགས་ལ། གཡབ་མོས་གཡབ་ཅིང་སྤྱུགས་པས་འབོད་དོ། །ལྷོ་བལ་མོ་མཆེད་བཞི་སྤྱན་དྲང་བ་འདི་སྐད་དོ། །ཀྱཻ། ས་བདག་ཆེན་མོའི་དུས་ལ་བབ། །རྣལ་འབྱོར་ཀུན་གྱི་གྲོགས་བྱེད་མ། །ཕུར་བུའི་སྲུང་མར་དམ་བཅས་པ། །ཕྱོགས་ཕྱོགས་འདི་ནི་ཕ་གི་ན། །ཉི་མ་ནུབ་ཕྱོགས་ཕ་གི་ན། །བསྭེ་མཁར་སྨུག་པོའི་ནང་ཤེད་ན། །སྲིན་པོ་ཕོ་མོའི་གདན་སྟེངས་ན། །གཅིག་འདྲའི་བསྭེ་མོ་སྙིང་ཟན་མཆེད་བཞི་བཞུགས། །མེ་ཏོག་དགུན་ན་སྐྱེས་ཀྱི་རྒྱལ་མོ་བཞི། །ཚ་བ་ནད་ཀྱི་བདག་མོ་ལགས། །ལ་ལ་བརྡ་ནི་མི་འཕྲོད་ལྷོ་བལ་མོ། །ལ་ལ་གནོད་སྦྱིན་འགྱིང་སྟབས་ཅན། །ལ་ལ་སྲིན་མོ་ང་རོ་ཅན། །ལ་ལ་བདུད་ཀྱི་གཏུམ་བག་ཅན། །རྩ་འཇིབ་སྙིང་ཟན་རྒྱུ་མ་མགོ་ནས་འདྲེན་ཅིང་བཟུང་ངོ་། །གཅིག་ནི་བསྭེ་ཡི་རྔེའུ་ཆུང་ཅན། །གཅིག་ནི་བྱུ་རུའི་གདང་རལ་ཅན། །གཅིག་ནི་རྨ་བྱའི་ཐུལ་པ་ཅན། །གཅིག་ནི་གསེར་གྱི་རྣ་ཆ་ཅན། །སྲོག་དབུགས་ཀུན་གྱི་མངའ་བདག་མོ། །ནངས་ཀྱི་ཕུ་མོ་ཆེན་མོ་ནི། །ད་ར་ཚ་བའི་སྲོག་ལེན་མ། །དེ་ཡི་འོག་མ་ད་ར་ཚ་བའི་སྲོག་སྐེམས་མ། དེ་ཡི་འོག་མ་ད་ར་ཚ་བའི་སྲོག་གཅོད་མ། དེའི་འོག་མ་ད་ར་ཚ་བའི་སྲོག་འཇིབ་མ། དཔལ་གྱི་ལྷ་མོ་མཆེད་བཞི་དེ། །གསང་བའི་དེ་ནི་མཚན་བཏགས་པ། །རྡོ་རྗེ་ཡ་བྱིན་འཕྲུལ་མོ་ཆེ། །རྡོ་རྗེ་དེ་བྱིན་དབང་མོ་ཆེ། །རྡོ་རྗེ་བསྭེ་བྱིན་རྩལ་མོ་ཆེ། །རྡོ་རྗེ་ཕག་བྱིན་མཐུ་མོ་ཆེ། །ཨ་བི་རཱ་ཙ་མཐུ་མོ་ཆེ། །མཐུ་ཆེ་ཆེས་ནས་སོ་སོར་བཞག །ཧཱུྃ། བདུད་ཀྱི་བུ་མོ་ཚ་བའི་རོང་ནས་བཞེངས། །རྡོ་རྗེ་ཡ་བྱིན་འཕྲུལ་མོ་ཆེ། །མར་ཁུའི་མཚོ་ལ་གནས་བཅས་ཤིང་། །ཡ་བྱིན་ཆེན་མོའི་དུས་ལ་བབ། །སྐུ་མདོག་མཐིང་ནག་ཆེན་མོ་ལ། །ཞལ་གཅིག་སྤྱན་གསུམ་ཕྱག་བརྒྱ་མ། །གཡས་ཀྱི་དང་པོའི་ཕྱག་མཚན་ནི། །བསྭེ་ཡི་རྔ་ཆུང་བརྡུང་ཞིང་འཁྲོལ། །གཡས་ཀྱི་འོག་མའི་ཕྱག་མཚན་ནི། །རྡོ་རྗེ་ཕུར་བུ་འདྲིལ་ཞིང་འདེབས། །གཡོན་གྱི་དང་པོའི་ཕྱག་མཚན་ནི། །མི་སྙིང་རྒྱུ་མའི་མགོ་གཅོད་ཟ། །གཡོན་གྱི་འོག་མའི་ཕྱག་མཚན་ནི། །རྡོ་རྗེ་ལྕགས་ཀྱུས་འཛིན་ཅིང་དགུག །སྤྱན་གསུམ་སྡང་མིག་ཁྲོ་ཚུལ་ཅན། །མཐིང་གི་རལ་པ་ཤ་ར་ར། །རལ་པ་རེ་ལ་ཕུར་པ་རེ། །ཕུར་བུའི་ལན་ཕྲན་ཁྲ་ལ་ལ། །སྤྱི་གཙུག་གསེར་གྱི་རྡོ་རྗེའི་ཐོར་ཚུགས་ཅན། །དར་ནག་ཅོད་པན་པུ་རུ་རུ། །གསེར་གྱི་རྣ་ཆ་ཝངས་སེ་ཝང་། །བ་སྤུ་རེ་ཞིང་ལྕགས་ཀྱུ་རེ། །མེ་ལྕེ་དགུ་ཕྲེང་སྐུ་ཡི་རྒྱན། །མཛེས་བྱེད་རྨ་བྱའི་ཐུལ་པ་ཞ་ལ་ལ། །དབང་གི་བསྭེ་ཁྲབ་སི་ལི་ལི། །ཆིབས་སུ་ནམ་མཁའི་འབྲུག་མོ་བཅིབས། །ཆིབས་ཀྱི་སྔ་ལོང་ཕྱི་ལོང་ལ། །མི་ཐོད་རྟ་ཐོད་ཕྲུ་ལུ་ལུ། །ཁྱོད་ནི་བདུད་འདུལ་ཆེན་མོ་སྟེ། །བདུད་འདུལ་ཆེན་མོའི་དུས་ལ་བབ། །བརྡ་ནི་མི་འཕྲོད་ལྷོ་བལ་མོ། །སྐད་ནི་མི་མཐུན་ད་རའི་སྐད། །གསང་བའི་སྤྱུགས་པ་སུ་རུ་རུ། །ཕོ་ཉ་བདུད་ཀྱི་བུ་མོར་འགྱེད། །རོལ་དུ་ཁྱི་མོ་ནག་མོ་ཁྲིད། །ལྷ་རྣམས་ནི་དབང་དུ་བསྡུད། །བགེགས་ལ་ནི་གོང་ཞགས་ཐོབ། །ཐུགས་ཀྱི་ནི་སྤྲུལ་པ་ཡིས། །དགྲ་བོའི་ནི་སྙིང་ནས་དྲོངས། །མ་ཐོགས་ནི་དྲག་ཏུ་ཁུག །ཀུ་ལན་ད་རི་ད་ཚུར་བྱོན། །རྡོ་རྗེ་ཕུར་བུའི་སྲུང་མར་དམ་བཅས་པས། །ཕུར་བུ་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཤ་ཁྲག་དམར་གྱི་མཆོད་པ་བཞེས་སུ་གསོལ། །བདག་གིས་བཅོལ་བའི་ལས་རྣམས་སྒྲུབ་པར་བརྗོད། །ཀྱཻ། གཟའ་ཡི་བུ་མོ་བལ་ཡུལ་མཐིལ་ནས་བཞེངས། །རྡོ་རྗེ་དེ་བྱིན་དབང་མོ་ཆེ། །སྦྲང་རྩིའི་མཚོ་ལ་གནས་བཅས་ཤིང་། །དེ་བྱིན་ཆེན་མོའི་དུས་ལ་བབ། །སྐུ་མདོག་དམར་ནག་ཆེན་མོ་ལ། །ཞལ་གཅིག་སྤྱན་གསུམ་ཕྱག་བཞི་མ། །གཡས་ཀྱི་དང་པོ་ཕྱག་མཚན་ནི། །བསྭེ་ཡི་རྔ་ཆུང་བརྡུང་ཞིང་འཁྲོལ། །གཡས་ཀྱི་འོག་མའི་ཕྱག་མཚན་ནི། །རྡོ་རྗེ་ཕུར་བུ་འདྲིལ་ཞིང་འདེབས། །གཡོན་གྱི་དང་པོའི་ཕྱག་མཚན་ནི། །མི་ཡི་སྙིང་དང་རྒྱུ་མའི་མགོ་ནས་ཟ། །གཡོན་གྱི་འོག་མའི་ཕྱག་མཚན་ནི། །རྡོ་རྗེ་ལྕགས་ཀྱུས་འཛིན་ཅིང་འགུགས། །སྤྱན་གསུམ་སྡང་མིག་ཁྲོ་ཚུལ་ཅན། །མཐིང་གི་རལ་པ་ཤ་ར་ར། །རལ་པ་རེ་ཞིང་ཕུར་པ་རེ། །ཕུར་བའི་ལན་ཕྲན་ཁྲ་ལ་ལ། །སྤྱི་གཙུག་གསེར་གྱི་རྡོ་རྗེའི་ཐོར་ཚུགས་ཅན། །དར་ནག་ཅོད་པན་པུ་རུ་རུ། །གཟི་ཡི་རྣམ་ཆ་ཝངས་སེ་ཝང་། །བ་སྤུ་རེ་ཞིང་ལྕགས་ཀྱུ་རེ། །མེ་ལྕེ་དགུ་ཕྲེང་སྐུ་ཡི་རྒྱན། །མཛེས་བྱེད་རྨ་བྱའི་ཐུལ་པ་ཞ་ལ་ལ། །དབང་གི་བསྭེ་ཁྲབ་སི་ལི་ལི། །ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས། །འཕྲུལ་བྱེད་དེ་ནི་རླུང་བས་མགྱོགས། །ཆིབས་ཀྱི་སྔ་ལོང་ཕྱི་ལོང་ལ། །མི་མགོ་རྟ་མགོ་ཕྲུ་ལུ་ལུ། །ཁྱེད་ནི་འགོང་འདུལ་ཆེན་མོ་སྟེ། །འགོང་པོ་འདུལ་བའི་དུས་ལ་བབ། །བརྡ་ནི་མི་འཕྲོད་ལྷོ་བལ་མོ། །སྐད་ནི་མི་ཐུན་ད་རའི་སྐད། །གསང་བའི་སྤྱུགས་པ་སུ་རུ་རུ། །ཕོ་ཉར་གནོད་སྦྱིན་བུ་མོ་འགྱེད། །རོལ་དུ་ཁྱི་མོ་ནག་མོ་ཁྲག་མིག་ཁྲིད། །ཡ་ཀ་ནི་དབང་དུ་བསྡུད། །བགེགས་ལ་ནི་གོང་ཞགས་འཕེན། །ཐུགས་ཀྱི་ནི་སྤྲུལ་པ་ཡིས། །དགྲ་བོའི་ནི་སྙིང་ནས་དྲོངས། །མ་ཐོགས་ནི་དྲག་ཏུ་ཁུག །ཤུ་ལན་ད་རི་ད་ཚུར་བྱོན། །རྡོ་རྗེ་ཕུར་བུའི་སྲུང་མར་དམ་བཅས་པས། །ཕུར་བུ་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཤ་ཁྲག་དམར་གྱི་མཆོད་པ་འདི་བཞེས་ལ། །བདག་གིས་བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཀྱཻ། བཙན་གྱི་བུ་མོ་མང་ཡུལ་གཏིང་ནས་བཞེངས། །རྡོ་རྗེ་བསྭེ་བྱིན་རྩལ་མོ་ཆེ། །ཁྲག་དང་ཞག་གི་མཚོ་ལ་གནས་བཅས་ཤིང་། །བསྭེ་བྱིན་ཆེན་མོའི་དུས་ལ་བབ། །སྐུ་མདོག་ལྗང་ནག་ཆེན་མོ་ལ། །ཞལ་གཅིག་སྤྱན་གསུམ་ཕྱག་བཞི་མ། །གཡས་ཀྱི་དང་པོའི་ཕྱག་མཚན་ནི། །བསྭེ་ཡི་རྔེའུ་ཆུང་བརྡུང་ཞིང་འཁྲོལ། །གཡས་ཀྱི་འོག་མའི་ཕྱག་མཚན་ནི། །རྡོ་རྗེ་ཕུར་བུ་འདྲིལ་ཞིང་འདེབས། །གཡོན་གྱི་དང་པོའི་ཕྱག་མཚན་ནི། །མི་སྙིང་རྒྱུ་མའི་མགོ་ནས་ཟ། །གཡོན་གྱི་འོག་མའི་ཕྱག་མཚན་ནི། །རྡོ་རྗེ་ལྕགས་ཀྱུས་འཛིན་ཅིང་འགུགས། །སྤྱན་གསུམ་སྡང་མིག་ཁྲོ་ཚུལ་ཅན། །མཐིང་གི་རལ་བ་ཤ་ར་ར། །རལ་པ་རེ་ཞིང་ཕུར་པ་རེ། །ཕུར་བུའི་ལན་ཕྲན་ཁྲ་ལ་ལ། །སྤྱི་གཙུག་གསེར་གྱི་རྡོ་རྗེའི་ཐོར་ཚུགས་ཅན། །དར་ནག་ལྕེའུ་ཕྲན་ཅོད་པན་པུ་རུ་རུ། །དངུལ་གྱི་རྣ་ཆ་ཝངས་སེ་ཝང་། །བ་སྤུ་རེ་ལ་ལྕགས་ཀྱུ་རེ། །མེ་ལྕེ་དགུ་ཕྲེང་སྐུ་ཡི་རྒྱན། །མཛེས་བྱེད་རྨ་བྱའི་ཐུལ་པ་ཞ་ལ་ལ། །དབང་གི་བསྭེ་ཁྲབ་སི་ལི་ལི། །ཆིབས་སུ་བསེ་རུ་གཅིག་སྐྱེས་བཅིབས། །ཆིབས་ཀྱི་སྔ་ལོང་ཕྱི་ལོང་ལ། །མི་མགོ་རྟ་མགོ་ཕྲུ་ལུ་ལུ། །ཁྱོད་ནི་བཙན་འདུལ་ཆེན་མོ་སྟེ། །བཙན་འདུལ་ཆེན་མོའི་དུས་ལ་བབ། །བརྡ་ནི་མི་འཕྲོད་ལྷོ་བལ་མོ། །སྐད་ནི་མི་མཐུན་ད་རའི་སྐད། །གསང་བའི་སྤྱུགས་པ་སུ་རུ་རུ། །ཕོ་ཉར་སྲིན་པོའི་བུ་མོ་འགྱེད། །རོལ་དུ་ཁྱི་མོ་ནག་མོ་གསེར་མིག་ཁྲིད། །གདུག་བྱེད་ནི་དབང་དུ་བསྡུད། །བགེགས་ལ་ནི་གོང་ཞགས་འཕེན། །ཐུགས་ཀྱི་ནི་སྤྲུལ་པ་ཡིས། །དགྲ་བོའི་ནི་སྙིང་ནས་འདྲེན། །མ་ཐོགས་ནི་དྲག་ཏུ་ཁུག །ཙ་མུན་ད་རི་ད་ཚུར་བྱོན། །རྡོ་རྗེ་ཕུར་བུའི་སྲུང་མར་དམ་བཅས་ཤིང་། །ཕུར་བུ་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཤ་ཁྲག་དམར་གྱི་མཆོད་པ་འདི་བཞེས་ལ། །བདག་གིས་བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཀྱཻ། ཀླུ་ཡི་བུ་མོ་སྙེ་ནམ་ཕུག་ནས་བཞེངས། །རྡོ་རྗེ་ཕག་བྱིན་མཐུ་མོ་ཆེ། །འོ་མའི་མཚོ་ལ་གནས་བཅས་ཤིང་། །ཕག་བྱིན་ཆེན་མོའི་དུས་ལ་བབ། །སྐུ་མདོག་དམར་མདངས་ཆེན་མོ་ལ། །ཞལ་གསུམ་སྤྱན་དགུ་ཕྱག་བཞི་མ། །གཡས་ཀྱི་དང་པོ་རྡོ་རྗེའི་ཕྱག་མཚན་ནི། །བསྭེ་ཡི་རྔེའུ་ཆུང་བརྡུང་ཞིང་འཁྲོལ། །གཡས་ཀྱི་འོག་མའི་ཕྱག་མཚན་ནི། །རྡོ་རྗེ་ཕུར་བུ་འདྲིལ་ཞིང་འདེབས། །གཡོན་གྱི་དང་པོའི་ཕྱག་མཚན་ནི། །མི་ཡི་སྙིང་དང་རྒྱུ་མའི་མགོ་ནས་ཟ། །གཡོན་གྱི་འོག་མའི་ཕྱག་མཚན་ནི། །རྡོ་རྗེ་ལྕགས་ཀྱུས་འཛིན་ཅིང་འགུགས། །ཞལ་གསུམ་ནི་རྔམས་ལ་བརྗིད ། །སྤྱན་དགུ་ནི་སྡང་མིག་ཁྲོ་ཚུལ་ཅན། །ལྗགས་འདྲིལ་ནི་ཚེམས་བརྡར་ནས། །ཁྲོ་བོ་ནི་སྐུ་གཟུགས་འཕྲོ། །མཐིང་གི་རལ་པ་ཤ་ར་ར། །རལ་པ་རེ་ཞིང་ཕུར་བུ་རེ། །ཕུར་བུའི་ལན་ཕྲན་ཁྲ་ལ་ལ། །སྤྱི་གཙུག་གསེར་གྱི་རྡོ་རྗེའི་ཐོར་ཚུགས་ཅན། །དར་ནག་ལྕེའུ་ཕྲན་ཅོད་པན་པུ་རུ་རུ། །དུང་གི་རྣ་ཆ་ཝངས་སེ་ཝང་། །བ་སྤུ་རེ་ཞིང་ལྕགས་ཀྱུ་རེ། །མེ་ལྕེ་དགུ་ཕྲེང་སྐུ་ཡི་རྒྱན། །མཛེས་བྱེད་རྨ་བྱའི་ཐུལ་པ་ཞ་ལ་ལ། །དབང་གི་བསྭེ་ཁྲབ་སི་ལི་ལི། །ཆིབས་སུ་ཆུ་རྟ་སྔོན་པོ་བཅིབས། །ཆིབས་ཀྱི་སྔ་ལོང་ཕྱི་ལོང་ལ། །མི་མགོ་རྟ་མགོ་ཕྲུ་ལུ་ལུ། །ཁྱོད་ནི་ཀླུ་འདུལ་ཆེན་མོ་སྟེ། །ཀླུ་འདུལ་ཆེན་མོའི་དུས་ལ་བབ། །བརྡ་ནི་མི་འཕྲོད་ལྷོ་བལ་མོ། །སྐད་ནི་མི་མཐུན་ད་རའི་སྐད། །གསང་བའི་སྤྱུགས་པ་སུ་རུ་རུ། །ཕོ་ཉར་གཤིན་རྗེའི་བུ་མོ་འགྱེད། །རོལ་དུ་ཁྱི་མོ་ནག་མོ་ཤེལ་མིག་ཁྲིད། །ཀུན་ལ་དེ་ནི་མངའ་མཛད་མ། །ཀླུ་རྣམས་ནི་དབང་དུ་བསྡུད། །བགེགས་ལ་ནི་གོང་ཞགས་ཐོབ། །ཐུགས་ཀྱི་ནི་སྤྲུལ་པ་ཡིས། །དགྲ་བོའི་ནི་སྙིང་ནས་དྲོངས། །མ་ཐོགས་ནི་དྲག་ཏུ་ཁུག །ཀང་ཀ་ད་རི་ད་ཚུར་བྱོན། །རྡོ་རྗེ་ཕུར་བུའི་སྲུང་མར་དམ་བཅས་པ། །ཕུར་བུ་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཤ་ཁྲག་དམར་གྱི་མཆོད་པ་འདི་བཞེས་ལ། །བདག་གིས་བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །སྨན་ཕུད་དང་དམར་གྱི་ཨརྒྷཾ་སྦྲེང་ཞིང་ཕྲིན་ལས་བཅོལ། བསྟབ་པ་ལ་སོགས་པ་བྱའོ། ༈ །གསང་བའི་ལྷ་མོ་མཆེད་སྡེ་བཞི། །རྒྱ་གར་ཡུལ་ནས་བྱོན་ཙ་ན། །དགྲ་བཅོམ་ཆེན་མོ་བཞི་རུ་བགྱིས། །སྐུ་སྟོད་དར་གྱི་ཆོས་གོས་གསོལ། །སྐུ་སྨད་དར་ཁྲའི་ཤམ་ཐབས་ཅན། །ཕྱག་ན་སེང་ལྡེང་ཕུར་བུ་འདྲིལ། །ཞལ་ནས་ཕུར་བུའི་འཛབ་བཟླས་པས། །མགྲིན་པར་གླུ་ལེན་ཀྱུ་རུ་རུ། །ཕུར་བུའི་དབང་བསྐུར་ཕྲིན་ལས་མཛོད། །མོན་ཡུལ་ད་རའི་གཏིང་ནས་བྱོན་ཙ་ན། །མོན་མོ་ཆེན་མོ་བཞི་རུ་བགྱིས། །ལུས་ལ་མན་ཏྲིའི་ཟ་བེར་གསོལ། །རྣ་བ་སྒེའུ་ཙམ་རེ་རེ་ལ། །མུ་ཏིག་ཆུན་འཕྱང་པུ་རུ་རུ། །རྣ་ཆ་སིལ་སྙན་ཁྲ་ལ་ལ། །ལག་ན་གསང་བའི་མཆོག་ཕུར་འདྲིལ། །ཞལ་ནས་ཕུར་བུའི་འཛབ་བཟླས་ཤིང་། །མགྲིན་པར་ཀླུ་ལེན་ཀྱུ་རུ་རུ། །ཕུར་པའི་དབང་བསྐུར་ཕྲིན་ལས་མཛོད། །ཚ་བ་རོང་ནས་བྱོན་ཙ་ན། །བསྭེ་ཡི་ལྷ་མོ་མདོག་བཟང་མ། །ཟངས་ཀྱི་ལྷ་མོ་རྫུ་འཕྲུལ་ཅན། །གསེར་གྱི་ལྷ་མོ་འོད་ཟེར་ཅན། །ལྕགས་ཀྱི་ལྷ་མོ་དགྲ་འདུལ་མ། །ལག་ན་ལྕགས་ཀྱི་ཕུར་པ་འདྲིལ། །ཞལ་ནས་ཕུར་པའི་འཛབ་བཟླས་ཤིང་། །མགྲིན་པར་གླུ་ལེན་ཀྱུ་རུ་རུ། །ཕུར་བུའི་དབང་བསྐུར་ཕྲིན་ལས་མཛོད། །བོད་ཡུལ་དབུས་ནས་བཞེངས་ཙམ་ན། །ན་ཆུང་སྒེགས་མ་བཞི་རུ་བགྱིས། །ལུས་ལ་དར་དང་བེར་གྱིས་བརྒྱན། །ལག་ན་ཚེར་ཤིང་ཕུར་བུ་འདྲིལ། །ཞལ་ནས་ཕུར་བུའི་འཛབ་བཟླས་ཤིང་། །མགྲིན་པར་གླུ་ལེན་ཀྱུ་རུ་རུ། །ཕུར་པའི་དབང་བསྐུར་ཕྲིན་ལས་མཛོད། །ནམ་གྱི་ཕར་ཕྱེད་ཚུལ་ཕྱེད་ན། །རྣལ་འབྱོར་སྒྲུབ་པ་བྱེད་པ་ལ། །བྷ་ག་གསང་བའི་མདངས་འབུལ་ལ། །ཕུར་བུའི་དབང་བསྐུར་ཕྲིན་ལས་མཛོད། །སྔགས་འདི་བཟླས་ལ། ཙི་བི་རི་ཙཀྲ་ས་ན་ཚལ་པ། ཨ་ནྲྀ་ཏྲི་མཱ་ར་ཡ། ཨདྒུ་ཤ་ཛཿ ཛཿ ནཱ་ག་མ་ར་ཙ་ཚལ་པ་ཨ་ནྲྀ་ཏྲི་མཱ་ར་ཡ། ཨངྒུ་ཤ་ཛཿཛཿ ཤུ་ཤུ་རག་ཤ་ཡ་ཚལ་པ། ཨ་ནྲྀ་ཏྲི་མཱ་ར་ཡ། ཨངྒུ་ཛཿཛཿ ཨ་བེ་ཤ་ཚལ་པ། ཨ་ནྲྀ་ཏྲི་མཱ་ར་ཡ། ཨངྒུ་ཤ་ཛཿཛཿ ཞེས་བཟླས་ཤིང་སླེའུ་ནག་གམ། བུད་མེད་ཀྱི་ཞབས་མས་བརྡབ་བོ། །དེ་ནས་ཐུན་གྱི་སྔགས་རྫོགས་པ་དང་། སྔགས་འདི་བཟླས་ལ་ཕུར་བུ་གདབ་བོ། །སྔགས་ནི། ༀ་བཛྲ་མུ་ཀ་མུ་ཏི་གྲི་ན་མུ་ཏི་གྲི་ན། ཀ་བི་རཱ་ཙ་ཡ་ཧཱུྃ་ཕཊ། ཨོཾ་ཨ་བེ་ཤ་ཕཊ། རྦད་རྦད་ཨ་ཨ། ༀ་ཕཊ་མེ་རི་ཀུན་ད་རི། བམ་ཐུམས་ཁྲག་ཏི་སྨྲར་ཕཊ་ཕཊ་རྦད་རྦད། ༀ་སྟ་ན་སྟ་ན། རྦ་ན་རྦ་ན། རྦ་ན་རྦུད། རྦ་ན་རྦུད། སྙིང་ཤོས་ཤ་ཡ། སྙིང་ཤོས་ཤ་ཡ། ཕྲི་ལི་ལི། ཕྲི་ལི་ལི། ཡ་ཡ། རྒྱོབ་རྒྱོབ། ཅེས་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་བརྣག་ཅིང་གདབ་བོ། །རའི་མགོ་བོ་དང་སྙིང་ལ། དེ་ནས་ཆོ་གས་ཕུར་བུ་བཏབ་ནས། ར་མགོ་དང་ར་སྙིང་ར་ལྤགས་སུ་བསྟུམས་ལ། སྟག་རྒྱ་བོའི་མཁར་མནན་ཏེ། དོང་མཁྱིད་གང་བྲུས་ལ། དེའི་ནང་དུ་ར་ལྤགས་གཞུག །ར་ལྤགས་ཐོག་ཏུ་གཏོར་མ་ཀུན་བླུག་གོ། །དེ་ནས་སས་ལེགས་པར་བྱིབ་བོ། །དེའི་སྟེང་དུ་ཕྲིན་ལས་རྣམ་བཞིའི་བྲོ་བརྡུང་ངོ་། །བསྭེའི་ལྷ་མོའི་སྲོག་ཏིག་གི་སྒྲུབ་པ་རྫོགས་སོ།། །།

རྡོ་རྗེ་ཕུར་པ་ལས་ངན་སྔགས་དྲུག་གི་འཁོར་ལོ་སྲོག་གི་སྤུ་གྲི།

༁ྃ༔ རྡོ་རྗེ་ཕུར་པ་ལས་ངན་སྔགས་དྲུག་གི་འཁོར་ལོ་སྲོག་གི་སྤུ་གྲི་བཞུགས་སོ༔ སངས་རྒྱས་གླིང་པའོ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ན་མོ༔ ངན་སྔགས་དྲུག་གི་འཁོར་ལོ་འདི༔ དེ་ཡང་རྩ་བ་ལས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཞེས་པས་གང་ཞིག་དབྱེ་བར་འདོད་པས༔ བྱ་རོག་དང་འུག་པའི་ལྤགས་པ་ལ་དེ་ཉིད་ཀྱི་རཀྟ་དང༔ དུར་ཁྲོད་ཀྱི་སོལ་བ་སྦྱར་བས༔ འཁོར་ལོ་རྩིབས་བརྒྱད་པ་ཚུལ་དང་ཚུལ་མ་ཡིན་པ་བྲིས་ལ༔ ལྟེ་བར་ཀཱི་ལ་ཡ་དང་གང་དབྱེ་བར་བྱ་བ་བྲིའོ༔ བྱ་རོག་རྩིབས་ལ་ཧ་ས་ཡ་ར་ན་ཧྲི་དྷ་ཡ་ན༔ ཞེས་པས་སྔགས་བཀོད་ཐབས་གོང་རས་ལ་གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཞེས་ཕྱོགས་རང་ཕྱོགས་མ་ཡིན་པར་བྲིས་ལ༔ འཁོར་ལོ་ལྟོས་སྦྱར་ཏེ་ཚོན་སྐུད་ཀྱིས་བཅིངས་ལ༔ ཡུགས་སའི་ཐོད་པར་བཅུག་སྟེ་མཎྜལ་གྱི་དབུས་སུ་བཞག་ལ༔ སྒྲུབ་པ་གཞུང་བཞིན་དུ་བྱ་ཞིང༔ རྫས་གུ་གུལ་ལ་སོགས་པས་བདུག་སྟེ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཆེ་གེ་མོ་མཱ་ར་ཡ་ཧ་ས་ཡ་ར་ཧྲི་དཱ་ཡ་ནི་ཧཱུྃ་ཕཊ༔ ཅེས་པས་རྟགས་དང་མཚན་མ་མ་བྱུང་གི་བར་དུ་བཟླས་སོ༔ མཆོད་དང་གཏོར་མའི་ཕྲིན་ལས་ལ་སོགས་པ་གཞུང་བཞིན་བྱའོ༔ འཁོར་ལོ་ཞལ་གསལ་ལ་སྦྱིན་སྲེག་བྱས་ཏེ༔ ཐལ་བ་ཐོད་པར་བླུགས་ལ་བྲག་དང་ཆུ་འཐབ་སར་སྦས་ན༔ འཇིག་རྟེན་གྱི་ཁམས་ཀྱང་གཡོ་ཞིང་འབྱེད་པར་འགྱུར་ན༔ གཞན་ཕྲན་བུ་ལ་ནི་ལྟ་ཅི་སྨོས་ཀྱང་འཚལ༔ སྔགས་མས་ལྡོག་ཏུ་བྱ༔ གལ་ཏེ་མཛའ་བར་འདོད་ན༔ འཁོར་ལོ་ཕྱིར་བསྐོར་ཞིང་སྔགས་ཁྲི་བཟླས་ཏེ༔ འོ་མས་བཀྲུས་ལ་ཞི་བའི་སྦྱིན་སྲེག་བྱ་ཞིང༔ ངན་སྔགས་ཀྱི་སྦྱོར་བ་ལས་ཐར་བར་གྱུར་ཅིག༔ ཅེས་བརྗོད་པས་གྲོལ་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ཡང་རྩ་བ་ལས༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ཞེས་འབྱུང་སྟེ༔ གང་ཞིག་གཟུགས་ལ་དབབ་པར་འདོད་ན༔ མཛེ་ཕོའི་ཁྲག་གིས་འཁོར་ལོ་ཚུལ་དང་ཚུལ་མ་ཡིན་པ་གོང་བཞིན་དུ་བྲིས་ལ༔ རྩིབས་ལ་ཨཱ་བེ་ཤ་ཨཱ་བེ་ཤ་ཡ༔ བཀོད་དེ་གོང་རས་ལ་འཕྱོང་བྲིས༔ ཁ་སྦྱར་ཏེ་བུད་མེད་མཛེ་མོའི་ཐོད་པར་བཅུག་ལ༔ གོང་བཞིན་དུ་སྦྱིན་སྲེག་བྱ་སྟེ༔ སྔར་བཞིན་དུ་ལའི་འོག་གམ༔ རང་གི་མལ་འོག་ཏུ་མནན་ན༔ ལག་ན་རྡོ་རྗེ་ཡང་གཟུགས་ལ་ཕེབས་ཤིང་དབང་དུ་གྱུར་ན༔ གཞན་ལ་ལྟ་ཅི་སྨོས༔ གལ་ཏེ་གཏོང་བར་འདོད་ན་སྔ་མ་ལྟར་བྱའོ༔ ས་མ་ཡ༔ ཡང་རྩ་བ་ལས༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ ཞེས་འབྱུང་བས༔ གང་ཞིག་བཅིང་བར་འདོད་ན༔ གདུག་པ་ཅན་གྱི་ལྟོ་བ་ལ་ར་ཁྲག་གིས་འཁོར་ལོ་ཕྱོགས་དང་ཕྱོགས་མཚམས་མ་ཡིན་པ་གོང་བཞིན་བྲིས་ལ༔ རྩིབས་ལ་ཆྒཻ་མོ་ཤྲཱི་ཀྲིན་ཨ་ན་ཡ་ཧཱུྃ་ཕཊ྄༔ ཅེས་པ་བྲིས་ཏེ༔ གོང་རས་ལ་ཡང་འཕྱོང་བྲི་ཞིང་འཁོར་ལོ་ཁ་སྦྱོར་ཞིང༔ སྤྱང་དར་མའི་ཐོད་པར་བཅུག་ལ༔ ཚོན་སྣ་ལྔ་དང་ཁྱི་སྤུའི་སྐུད་པས་བཤད་དུ་བཅུག་ལ༔ སྔགས་སྒྲུབ་ལ་སོགས་པ་ཕྲིན་ལས་གཞུང་བཞིན་རྟགས་ཐེམས་པ་དང༔ གོང་ལྟར་ལམ་རྒྱ་གྲམ་དུ་མནན༔ བྱི་ཏྲི་པ་ཏྲ་ཡང་འཆིང་བར་འགྱུར་ན་གཞན་ལྟ་ཅི་སྨོས༔ འགྲོལ་བར་འདོད་ན་སྔ་མ་བཞིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་རྩ་བ་ལས༔ རིངས་པར་ཁུག་ལ་སྨྲར་ཆུག་ཅིག༔ ཅེས་འབྱུང་བས༔ གང་ཞིག་སྨྲ་བར་འདོད་ན༔ མངལ་ཁྲག་དང༔ དུག་དང༔ རྡ་དུ་ར་དང༔ ཀིཾ་ནི་ཀ༔ ཆང་དང་ར་ཁྲག་རྣམས་ལ་སྣག་ཚ་བྱ༔ མི་རུས་སམ༔ དུག་ཤིང་གི་སྨྱུ་གུས་རླུང་གི་དལ་གྱི་དབུས་སུ་འཁོར་ལོ་སྔ་མ་བཞིན་དུ་བྲི༔ རྩི བས་ལ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ༔ ཞེས་པ་བྲིས་ནས༔ ཕྱོགས་དང་ཕྱོགས་མ་ཡིན་པའི་འཁོར་ལོ་གཉིས་ཁ་སྦྱར་ལ༔ སྤྲེའུའི་ཐོད་པར་བཅུག་སྟེ༔ སྔ་མ་བཞིན་ཐལ་བ་བླུགས་ནས་དུར་ཁྲོད་དང་རྐང་གཅིག་པའི་སར་སྦས་ནས་ལག་ན་རྡོ་རྗེ་ཡང་ཁྲག་ཏུ་སྐྱུག་ཅིང་སྨྲ་བར་བྱེད་ན༔ གཞན་ལྟ་ཅི་སྨོས༔ འགྲོལ་བར་འདོད་ན༔ སྔ་མ་བཞིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་རྩ་བ་ལས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཅེས་པས་གང་ཞིག་གསོད་པར་འདོད་ན༔ དུར་ཁྲོད་ཀྱི་རས་ལ་དུག་དང་ཁྲག་དང་ཚ་བ་གསུམ་དང༔ ལྡོང་རོས་དང༔ སྐེ་ཚེ་ལ་སོགས་པ་དུར་ཁྲོད་ཀྱི་སོལ་བ་དང་སྦྱར་ལ༔ མཚོན་ཆའི་འཁོར་ལོ་བྲི༔ རྩིབས་ལ་ཆྒཻ་མོ་ཏ་ཐཱ་ཡ་ཏ་ཐཱ་ཡ༔ ཞེས་པ་གོང་བཞིན་དུ་ཕྱོགས་དང་ཕྱོགས་མཚམས་མ་ཡིན་པར་བྲིས་ལ༔ མུ་རན་གྱི་ནང་དུ་མཚོན་ཆའི་སྔགས༔ ཨ་བྲུམ༔ ཞེས་པ་དང༔ མཱ་ར་ཡས་བསྐོར་བ་བྲིའོ༔ དེས་ནས་འཁོར་ལོ་ལྟོ་སྦྱར་ལ་ཚོན་སྐུད་ཀྱིས་བཅིངས་ཏེ༔ རབས་ཆད་ཀྱི་ཐོད་པར་བཅུག་ལ་གོང་བཞིན་ཐལ་བ་ཡང་བླུགས་ལ་དུར་ཁྲོད་དུ་སྦས་ན༔ ཚངས་པ་ཡང་སྲོག་འཕྲོག་པར་བྱེད་ན༔ གཞན་ལྟ་ཅི་སྨོས༔ གལ་ཏེ་གསོ་བར་འདོད་ན༔ སྔགས་སུམ་ཁྲི་བཟླས་ཤིང༔ བདག་གི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལས་འོད་ཟེར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས༔ སྐུ་གསུང་ཐུགས་ལས་བདུད་རྩིའི་ཆུ་རྒྱུན་བྱུང་བས་གཟས་པ་པོ་གསོ་བར་བསམ་ཞིང༔ འཁོར་ལོ་འོ་མས་བཀྲུས་ལ་ཐལ་བ་ཆུ་ལ་དོར་ཏེ༔ ངན་སྔགས་ཀྱི་སྦྱོར་བ་ལས་གྲོལ་བར་གྱུར་ཅིག༔ ཅེས་བརྗོད་པས་གྲོལ་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་རྩ་བ་ལས༔ བཛྲ་ཡཀྴ་ཀྲོ་ཏ་ཁཱ་ཧི༔ ཞེས་པས༔ གང་དག་ཞལ་དུ་བསྟབ་པར་འདོད་ན༔ མེའི་འཁོར་ལོ་རྩིབས་བརྒྱད༔ གནོད་སྦྱིན་འཇིགས་པ་ཁ་གདངས་པ་བྲིས་ཏེ༔ ལྟེ་བར་ཀཱི་ལ་ཡ་དང་གང་བསྟབ་པར་བྱ་བ་བྲི༔ རྩིབས་ལ་བྷིནྡྷ་ཡ་བྷིནྡྷ་ཡ་ཁཱ་ཧི༔ ཞེས་ཕྱོགས་དང་ཕྱོགས་མ་ཡིན་པར་བྲིས་ཏེ༔ ཕྱི་ནང་གི་མུ་རན་ལ༔ བཛྲ་ཡཀྴ་ཀྲོ་ཏ་ཁཱ་ཧི༔ ཞེས་པ་དང་། ཁ་ཏཾ་ཞེས་པས་བསྐོར༔ འཁོར་ལོ་གཉིས་ལྟོ་སྦྱར་ལ་དྲིལ་ཏེ་ཚོན་སྐུད་ཀྱིས་བཅིངས་ཤ་ཁྲག་སྣ་ཚོགས་ཀྱི་གཏོར་མ་ཆེན་པོར་བཅུག་ལ་མཎྜལ་གྱི་དབུས་སུ་བཞག་ནས་སྒྲུབ་པ་གཞུང་བཞིན་བྱ་སྟེ༔ དུས་དྲུག་དང་བཅས་པ་ལ་བཏབ་ལ་རྟགས་ཐོན་པ་དང ༔ འཁོར་ལོ་ཞལ་བསྲུངས་ཏེ་ཤ་ཁྲག་མང་པོའི་གཏོར་མ་དང༔ བསྲེག་རྫས་སྣ་ཚོགས་དང་བཅས་པར་གདུག་པ་ཅན་གྱི་ཤིང་ལ་མེ་སྦར་ཏེ་སྦྱིན་སྲེག་སྟོང་བྱས་ན་སྣོད་བཅུད་ཐམས་ཅད་ཀྱང་ཞལ་དུ་བཏབ་པར་འགྱུར་ན༔ གཞན་ལྟ་ཅི་སྨོས༔ ཐར་བར་འདོད་ན༔ གཏོར་མ་དང་ཚོགས་བརྒྱ་རྩ་བརྒྱད་ཀྱིས་བསྐང་ཞིང་འཁོར་ལོ་འོ་མས་བཀྲུས་ལ༔ ཞི་བའི་སྦྱིན་སྲེག་བྱ་ཞིང་འཁོར་ལོ་ཕྱིར་བསྐོར༔ སྔགས་ཀྱི་སྦྱོར་བ་ལས་གྲོལ་བར་གྱུར་ཅིག༔ ཞེས་བརྗོད་པས་ཐར་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་རྩ་བ་ལས༔ ༀ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ ཞེས་འབྱུང་སྟེ༔ གང་ཞིག་མནན་པར་འདོད་ན་ནི༔ ཆུ་སྲིན་ནམ་ཉའི་ལྤགས་པ་ལ༔ ལྡོང་རོས་སམ་ཤིང་སྐྱེར་པ་ཀར་ཏི་ཀའི་ཁུ་བས་བྱུགས་ལ༔ རི་རབ་གླིང་བཞི་དང་བཅས་པ་བྲིས་ཏེ༔ རི་རབ་ཀྱི་སྟེང་དུ་རྩིབས་བཅུ་དྲུག་པ་བྲིས༔ ལྟེ་བར་ཀཱི་ལ་ཡ་དང༔ གང་མནན་པར་བྱ་བ་བྲིས༔ རྩིབས་རྣམས་ལ༔ ༀ་ལཾ་ཧཱུྃ་ལཾ་སྟྭྃ་བྷ་ཡ་ལ་སོགས་པ་ཕྱོགས་དང་ཕྱོགས་མ་ཡིན་པར་བྲིས༔ སྟེང་མ་ལ་རྡོ་རྗེ་རྒྱ་གྲམ་བྲི༔ འོག་མ་ལ་མེ་རི་བྲི༔ དེ་གཉིས་ལྟོ་སྦྱར་ཏེ་ཐོད་པར་གཞུག༔ ཨཱཾ་གུ་ཤ་དཀར་དུ་དྲིལ་ཏེ༔ ཚོན་སྐུད་ཀྱིས་རྒྱ་གྲམ་དུ་དཀྲིས་ལ་འཇིམ་པ་ལས་བྱས་པའི་སྲིན་པོ་ལྟ་བུ་གཟུགས་མི་སྡུག་པ་ཁྲུ་གང་བྱས་ཏེ༔ དེའི་ལག་ཏུ་གཏད་ལ༔ ངག་ཏུ་བགེགས་ཀྱི་རྒྱལ་པོ་ཁྱོད་ལ་གནོད་བྱེད་བསྟན་པ་བཤིག་པར་བྱེད་པ་འདི་ལ་གཏད་དོ༔ བསྐལ་པའི་བར་དུ་མ་བཏང་ཞིག༔ ཅེས་བརྗོད་དེ༔ དུར་ཁྲོད་དུ་དོང་གྲུ་གསུམ་ནང་དུ་ཁ་སྦུབ་ལ་བཞག་གོ༔ མཆོག་ཕུར་སོར་དྲུག་གམ༔ བརྒྱད་པས་སྟེང་དུ་གཟིར་ལ༔ སྔགས་དང་ཕྱག་རྒྱ་ཚུལ་བཞིན་དུ་བྱ་སྟེ༔ གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་ཁ་བཅད༔ སྟེང་དུ་མཆོད་རྟེན་དཀར་ནག་སྤྱི་དང་གཏིང་བཟློག་ལ་གཟིར་རོ༔ དེ་ནས་སྒྲུབ་པ་གཞུང་བཞིན་དུ་བྱས་ལ༔ རྟགས་ཐོན་པ་དང་མནན་པ་བྱ༔ བྱི་ཏྲི་པ་ཏྲ་ཡང་ནོན་པར་གྱུར་ན༔ གཞན་ལྟ་ཅི་སྨོས༔ གལ་ཏེ་གཏོང་བར་འདོད་ན༔ གོང་གི་སྦྱོར་བ་གཤིན་རྗེའི་གཟུགས་དང་མཆོད་རྟེན་དེ་དུར་ཁྲོད་དུ་བསྐྱལ་ནས༔ འཁོར་ལོ་ཐོད་པ་འོ་མས་བཀྲུས་ལ་ཞི་བའི་སྦྱིན་སྲེག་བྱ་སྟེ༔ ཐོད་པ་རྒྱ་མཚོའི་ནང་དུ་དོར་ནས༔ ངག་སྔགས་ཀྱི་སྦྱོར་བ་ལས་གྲོལ་བར་གྱུར་ཅིག༔ ཅེས་བརྗོད་པས་ཐར་བར་འགྱུར་རོ༔ ས་མ་ཡ༔ ངན་སྔགས་དྲུག་གི་ཁ་ཚར་རྒྱ་རྒྱ་རྒྱ༔ དྷ་ཐིམ༔

དབལ་རྡོ་རྗེ་ཕུར་པའི་བཀའ་སྲུང་།

༄༅༔ དབལ་རྡོ་རྗེ་ཕུར་པའི་བཀའ་སྲུང་བཞུགས་སོ། །྅྅྅ བཅོམ་ལྡན་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ སྔགས་འཆང་རྣལ་འབྱོར་དམ་པ་དེ༔ རྒྱལ་པོའི་སྐུ་ལྟར་བསྟོད་པའི་ཕྱིར༔ བཀའ་ཡི་སྲུང་མ་སྡེ་གསུམ་བསྒྲུབ༔ གྲུ་གསུམ་ལྡན་པ་བཅུ་དྲུག་ཨེ༔ དྲག་པོའི་ཐུགས་ཀྱི་དཀྱིལ་འཁོར་ཏེ༔ རྡོ་རྗེ་ཐོད་ཕྲེང་མེ་རིར་ལྡན༔ ཤར་ཕྱོགས་གྲུ་གསུམ་དཀྱིལ་འཁོར་ནི༔ རིན་ཆེན་ཤེལ་དང་གསེར་ཟངས་ལྕགས༔ གྲུ་གསུམ་རིན་ཆེན་ཕོ་བྲང་བཞིར༔ རིན་ཆེན་ཕུར་བུ་སོར་བརྒྱད་པ༔ རྣལ་འབྱོར་མོས་པའི་ཏིང་འཛིན་གྱིས༔ ཧེ་ལས་ཤྭ་ན་མཆེད་བཞིར་བསྐྱེད༔ ལྷོ་ཕྱོགས་གྲུ་གསུམ་ཕོ་བྲང་ནི༔ ཁྲག་ཞག་མར་ཁུ་འོ་མ་དང༔ གྲུ་གསུམ་རྒྱ་མཚོ་བཞི་ནང་དུ༔ ལྕགས་ཕུར་ཤེར་ཤིང་མཛོ་མོ་དང༔ མཆོག་གི་ཕུར་པ་སོར་བརྒྱད་ལ༔ སྲོག་རྩའི་ཡི་གེ་བཞི་བཀོད་ལ༔ དཔལ་ཆེན་ཏིང་འཛིན་གསལ་བ་ཡིས༔ ས་བདག་ཆེན་མོ་མཆེད་བཞི་བསྐྱེད༔ ནུབ་བྱང་གྲུ་གསུམ་ཨེ་དཀྱིལ་ན༔ མི་ཁྲག་རྟ་ཁྲག་ཏུ་ཏྲའི་ཁྲག༔ རཀྟའི་རྒྱ་མཚོ་ཆེན་པོ་བཞི༔ མིའི་མཆོག་གི་ཕུར་པ་བཞི༔ དེ་ལ་མ་ཏྲིའི་སྙིང་པོ་བྲི༔ རྣལ་འབྱོར་ཏིང་འཛིན་མ་རྨུགས་པས༔ ཐུན་སྤྱོད་རེ་ཏི་མཆེད་བཞི་བསྐྱེད༔ ཡི་གེ་གསུམ་གྱིས་དབང་ཡང་བསྐུར༔ དབུས་ཀྱི་ཕོ་བྲང་ནག་པོ་ལ༔ ཉི་ཤུ་རྩ་གཅིག་ཀཱི་ལ་ཡ༔ དབང་དུ་བསྡུ་ཕྱིར་དབུ་གནོན་དགོད༔ དབང་བསྐུར་བྱིན་རླབས་ཚུལ་བཞིན་བྱ༔ མེ་རི་ལ་ནི་དབང་ཕྱུག་མ༔ ལས་རྣམས་མྱུར་དུ་བསྒྲུབ་ཕྱིར་དགོད༔ དེ་ནས་སྒྲུབ་བསད་གཉིས་ཀྱི་རྫས༔ ཤར་གྱི་ཟངས་གླིང་ཕོ་བྲང་དེ༔ སྲིད་ལ་མི་ཡི་ཐོད་ནང་དུ༔ ཝ་སྤྱང་འཕར་བ་ཁྱི་སྙིང་བཞི༔ ཟངས་ཕུར་དེ་ལ་བརྟོད་ནས་ཀྱང༔ དེ་ལ་ཤྭ་ན་མཆེད་བཞི་འབོད༔ ལྷོ་ནུབ་ཁྲག་གི་རྒྱ་མཚོ་དེར༔ ལ་བྱུང་མོན་གྱི་ཐོད་པ་རུ༔ མཛོ་བོང་བྱ་ལུག་ནག་མོའི་སྙིང༔ ལྕགས་ཕུར་དེ་ལ་བརྟོད་ནས་ཀྱང༔ ས་བདག་རྒྱལ་མོ་མཆེད་བཞི་འབོད༔ བྱང་གི་མི་ཁྲག་ཕོ་བྲང་དེར༔ ལྕང་ལོ་མཆན་ལྡན་བྷནྡྷ་རུ༔ མི་དབང་ཙིཏྟ་ཤ་ཁྲག་དེ༔ མཆོག་ཕུར་དེ་ལ་བརྟོད་ནས་ཀྱང༔ དེ་ལ་རེ་ཏི་མཆོད་བཞི་འབོད༔ དེ་ནས་གསད་པ་ཐུན་གྱི་རྫས༔ ཤར་ལྷོ་ཐོད་ཕྲེང་གྲུ་གསུམ་དུ༔ ཤྭ་ན་སྔོན་མོའི་ཐོད་པ་རུ༔ དྲག་པོའི་རྡོ་ཐུན་དགོད་པར་བྱ༔ ལྷོ་ནུབ་ཐོད་ཕྲེང་གྲུ་གསུམ་དུ༔ རབས་ཆད་ནག་པོའི་ཐོད་པ་རུ༔ དུག་ཁྲག་སྲོག་ཐུན་དགོད་པར་བྱ༔ བྱང་གི་ཐོད་ཕྲེང་གྲུ་གསུམ་དུ༔ ནལ་གྲི་མོ་ཡི་ཐོད་པ་རུ༔ མངལ་ཁྲག་ལ་སོགས་ཁྲག་ཐུན་དགོད༔ ཕྱོགས་བཞིར་མོ་རྒྱུད་སྡེ་གསུམ་ལ༔ ཕོ་ཉ་སྡེ་གསུམ་དམ་རྫས་གསོག༔ བསྭེ་མོ་བཞི་ཡི་ཕོ་སྡེ་ནི༔ བསྭེ་ཡི་སྐྱེས་བུ་བཞི་ཡི་རྫས༔ གྲི་རུ་ཤི་བའི་ཐོད་པ་རུ༔ འབྲུ་ནག་གཏོར་མ་ཆེན་པོ་ལ༔ སྙིང་སྣ་ཚོགས་ཀྱིས་བརྒྱན་པ་བཞག༔ ཤྭ་ན་བཞི་ཡི་ཕོ་སྡེ་ནི༔ ལྕགས་ཀྱི་སྐྱེས་བུ་བཞི་ཡི་རྫས༔ གསང་ཕྱེའི་གླིང་ཚད་བྲེ་ཐགས་མ༔ སྨྱུག་མ་ཚིག་གསུམ་དར་ཟབ་བརྒྱན༔ དགྲ་ཡི་ལིངྒ་སྟག་གཟིག་རས༔ རྒྱན་དང་ལྡན་པ་གཟུག་པར་བྱ༔ རེ་ཏི་མཆེད་བཞིའི་ཕོ་སྡེ་ནི༔ དུང་གི་སྐྱེས་བུ་བཞི་ཡི་རྫས༔ མཁར་ཐབས་བྲེ་ཚད་མདའ་གང་ལ༔ ཕྱོགས་བཞིར་མར་ཁུ་བྱུག་པར་བྱ༔ སྨྱུག་མ་ཚིག་གསུམ་དར་ཟབ་དང༔ རྒོད་ཀྱི་སྤུ་དང་ལྤགས་བུ་དང༔ བསྭེ་བྱང་རིན་ཆེན་སྣ་ཚོགས་བརྒྱན༔ དགྲ་ཡི་ལིངྒ་བཏགས་ལ་བཞག༔ ཕྱོགས་བཞི་ཚང་ཕུང་རྒྱ་ཕོར་བཞིར༔ རིན་ཆེན་སྣ་ལྔ་བརྡར་ལ་བཞག༔ དེ་ལྟར་རྫས་རྣམས་བསགས་ནས་ནི༔ དེ་ནས་འབོད་རྦད་གསོད་དང་གསུམ༔ ཐུན་དུ་བཅད་དེ་སོ་སོར་བཟླས༔ ཤྭ་ན་མཆེད་བཞི་འབོད་པ་ནི༔ ༀ་ཤྭ་ན་མུ་ཁ་ཛ་ཛ་ཧཱུྃ༔ ཤྭ་ན་མུ་ཁ་ཛ་ཛ་ཧཱུྃ༔ སྲི་ལ་མུ་ཁ་ཛ་ཛ་ཧཱུྃ༔ སྲི་ལ་མུ་ཀ་ཛ་ཛ་ཧཱུྃ༔ ཞེས་བོས་ཤིང་མཆོད་པ་འབུལ༔ ཤྭ་ན་མཆེད་བཞི་རྦད་པ་ནི༔ ༀ་བཛྲ་ཤྭ་ན་མུ་ཁ་ཆེ་གེ་མོའི་བླ་སྲོག་རྩ་ལ་ཧེ་བྷྱོ༔ ཤྭ་ན་མུ་ཁ་ཆེ་གེ་མོའི་ལུས་སྲོག་ཤ་ལ་ཧེ་བྷྱོ༔ སྲི་ལ་མུ་ཁ་ཆེ་གེ་མོའི་དབང་པོ་ལྔ་ལ་ཧེ་བྷྱོཿ སྲི་ཀ་མུ་ཁ་ཆེ་གེ་མོའི་སྲོག་རྩ་སྙིང་ལ་ཧེ་བྷྱོ༔ ཞེས་ཕྲིན་ལས་བཅོལ༔ ཤྭ་ན་མཆེད་བཞིས་བསད་པ་ནི༔ ༀ་བཛྲ་ཤྭ་ན་མུ་ཁ་སྙིང་གོང་ཆོད་རྩ་མུག༔ གློ་རྩ་ལ་ཐུན་ཐུན་རྦད་རྦད༔ བཛྲ་ཤྭ་ན་མུ་ཁ་ཀླད་པའི་རྩ་ལ་ཐིབས་ཐིབས༔ ཁོང་ཁྲག་ལ་ཐུན་རྦད་རྦད༔ བཛྲ་སྲི་ལ་མུ་ཁ་སྲོག་རྩ་ལ་ཡམ་ཡམ༔ རྒྱུ་མིའི་མཐིལ་དུ་ཞུགས་ཐུན་རྦད༔ བཛྲ་སྲི་ཀ་མུ་ཀ་མཆིན་ཁྲག་རྩ་ལ་ཐུམས་དབང་པོ་ལྔ་ལ་ཐུན་ཐུན་རྦད་རྦད༔ ཅེས་ཉུངས་ཀར་དང་རྡོ་ཕྱེའི་ཐུན་གྱིས་བསད་དོ༔ ༀ་ཏད་ཡ་ཐ་ཏྲག་རཀྴ་རུ་བི་རུ་བི་ནན་མུག་ཏི་བམ་རུ་ལུ་བྷྱོ༔ ༀ་པདྨ་ད་རི་རུ་མ་ཏི་བྷྱོ༔ ཙི་ཏ་ཙི་ཏ་དགྲ་བོའི་སྙིང་ལ་བྷྱོ་བྷྱོ༔ ༀ་རུ་ལུ་ཀོ་རུ་མེ་སེ་ན་མོ་ནན་ཛ་ཛ༔ ༀ་མུ་ཏི་དུ་རུ་དུ་རུ་ཙ་པ་ལ་མེ་ཛ་ཛཿ ཞེས་འབོད་ཅིང་མཆོད་པ་འབུལ་ལོ༔ ༀ་མ་ཧཱ་ཡཀྴ་ཏིག་ན་ནག་མོ་དུན་བྷྱོ༔ མ་ལྷ་མོ་ལུ་མ་ལྷ་མོ་དགྲ་བོའི་སྙིང་ལ་ཛ་ཛ༔ བྷྱོ་བྷྱོ༔ རྦད་ལོ་ཁ་རུ་ལུ་དགྲ་བོ་ལ་བྷྱོ༔ རཀྨོོ་རཀྨོ་ཤན་ཤན་ནི་ཁ་ཐུན་ཡཀྴ་སྙིང་ཤད་ཤད་བྷྱོ་བྷྱོ༔ ཞེས་རྦད་ཅིང་ཕྲིན་ལས་བཅོལ༔ ཏྲག་རཀྴ་རུ་རེ་མ་ཏི་དགྲ་བོའི་སྙིང་མུགས་དུ་ཡམ་རྦད༔ ཏྲག་རཀྴ་དུ་རེ་མ་ཏི་དགྲ་བོའི་སྙིང་ཁྲག་ཤ་ལ་གཏུབས་ཐུམ་ཡམ་རྦད༔ ཏྲག་རཀྴ་རུ་རེ་མཛད་དགྲ་བོའི་སྙིང་རྩ་ཐུམ་ཡམ་རི་ལ་བྷྱོ༔ ཏྲག་རཀྴ་རུ་རེ་མཛུ་དགྲ་བོའི་སྲོག་རྩ་རྦད་རིལ༔ རཀྴ་དུ་ལི་བྷྱོ༔ ཞེས་ཉུངས་ནག་ཁྲག་ལ་བསྟིམ་ཞིང་བསད་དོ༔ ༀ་པྲ་མུན་ད་རི་ཛ་ཛཿཧཱུྃ༔ ༀ་ཙ་མུན་ད་རི་ཛ་ཛཿཧཱུྃ༔ ཤུ་ལ་ད་རི་ཛ་ཛཿཧཱུྃ༔ ཀེ་མུན་ད་རི་ཛ་ཛཿཧཱུྃ༔ ཞེས་བསྭེ་མོ་འབོད་ཅིང་མཆོད་དོ༔ ཡ་བྱིན་ཡཀྴ་ཚལ་པ་བྷྱོ༔ དེ་བྱིན་རཀྴ་ཚལ་པ་བྷྱོ༔ བསྭེ་བྱིན་རཀྴ་དུ་མ་བུ་བྷྱོ༔ ཕག་བྱིན་ཡཀྴ་དུ་རུ་ཤག་བྷྱོ༔ ཞེས་རྦད་ཅིང་ཕྲིན་ལས་བཅོལ་ལོ༔ རག་མོ་ཙི་བི་རི་དགྲ་བོ་ནི་མཱ་ར་ཡ་ཐུལ་ལས་མཛོད༔ རཀྨོ་ཙི་བི་རི་དགྲ་བོ་ཎི་མཱ་ར་ཡ་འུབ་ཐུལ་ལས་མཛོད༔ གང་ཟ་ཙི་བི་རི་དགྲ་བོ་མཱ་ར་ཡ་འུབ་ཐུལ་ལས་མཛོད༔ ཧུ་ལུ་མ་ཙི་བི་རི་དགྲ་བོ་ཎི་མཱ་ར་ཡ་འུབ་ཐུལ་ལས་མཛོད༔ ཅེས་སྲོག་རྩ་ལ་གདུག་པའི་རྫས་སྣ་ཚོགས་ཀྱི་ཐུན་དབབ་བོ༔ དེ་ནས་བསྭེའི་སྐྱེས་བུ་བཞིའི་འབོད་རྦད་བསད་གསུམ་དྲིལ་བས་བརྡེག་སྟེ༔ ༀ་སུ་ཏྲི་བ་ཡ་བ་ར་ཙིཏྟ་ཡོ་གི་ཤྭ་ར་ཡ་མ་ཙིཏྟ་ཧཱུྃ་ཕཊ་རྦད༔ ལྕགས་ཀྱི་སྐྱེས་བུ་བཞིའི་འབོད་རྦད་བསད་གསུམ་དྲིལ་བ༔ ༀ་དགྲ་བོ་ནི་མཱ་ར་ཡ་ནྲི་མཱ་ར་དུ༔ ཡ་མ་སྙིང་ཡ་མ་ཁྲག་ཚལ་པ༔ བདུད་པྲ་མ་ཡ་སྙིང་ལ་ཁུག་བམ་རིལ་རྦད༔ དུང་གི་སྐྱེས་བུ་བཞིའི་འབོད་རྦད་བསད་གསུམ་དྲིལ་བ༔ ༀ་མ་ར་ན་པྲ་མ་རཱ་ཙ་ཙིཏྟ་ས་ལི་ཨ་མེ་ས་མ་ཡ༔ ཆེ་གེ་མོའི་སྲོག་ལ་ཐིབས་ཐིབས་དུན་དུན་ཧྲཱི་ནན༔ ཅེས་ལིངྒ་ལ་ཐུན་བརྡེག་གོ༔ རྟགས་ནི༔ བུད་མེད་ཤར་མོ་རྒྱན་ཅན་དང༔ བུད་མེད་ནག་མོ་མང་པོ་དང༔ མི་ཤར་ཚོགས་སུ་འོང་བ་ཡིན༔ མཚོན་ཐོགས་པ་དང་དམག་འདྲེན་དང༔ སྲོག་ཆགས་བསད་དང་གློ་སྙིང་སྟེར༔ དེ་ལྟར་བྱུང་ན་ཕུར་པ་གདབ༔ ཐུན་ཁྲག་དགྲ་ཡི་ཕྱོགས་སུ་འཕང༔ དམ་ཉམས་དགྲ་བོའི་ཕྱོགས་སུ་སྐྱོལ༔ གང་ལ་བྱ་བ་ཁ་ཕུང་འགྲོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བསྟན་པ་དམ་པ་བསྲུང་བའི་ཕྱིར༔ མངའ་བདག་རྒྱལ་པོར་བཙས་སུ་གཏད༔ བསྟན་པ་དམ་པ་བསྲུང་དོན་དུ༔ མ་སྤེལ་རིན་ཆེན་གཏེར་དུ་སྦས༔ རྡོ་རྗེ་ཕུར་པའི་བཀའ་སྲུང་སྩོཡ྄྅྅྅ཿརྒྱ་རྒྱ་རྒྱ༔

རྡོ་རྗེ་ཕུར་པའི་ལས་ཚོགས་གཏོར་བཟློག་ལ་བརྟེན་པའི་མདེ་ཁ་བཅུ་གཉིས་པ།

རྡོ་རྗེ་ཕུར་པའི་ལས་ཚོགས་གཏོར་བཟློག་ལ་བརྟེན་པའི་མདེ་ཁ་བཅུ་གཉིས་པ་བཞུགས། རྡོ་རྗེ་ཕུར་པའི་ལས་ཚོགས་ནི། ༡བདག་གམ་གཞན་ལ་སྲུང་འཁོར་བྱ་བ་ནི། གཏོར་བཟློག་བྱས་ལ། སྐྱེར་ཕུར་སོར་བཞི་པ་བཞི་ལ་བྱུག་བདུག་རྡེག་གསུམ་བྱས་ནས་སྲས་མཆོག་བཞིར་མངའ་གསོལ། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཞི་པའི་ལྟེ་བར་གང་འདོད་ཀྱི་བསྲུང་བྱ་བྲི། ཕྱིའི་མུ་ཁྱུད་ལ་ཀཱི་ལ་ཡ་འབྲུ་བཅུ་གསུམ་བྲི། རྩིབས་བཞི་ལ་བཞི་སྙིང་དྲིལ་བ་བྲི། རྩིབས་མཆན་ལ། སརྦ་རུ་ཏྲི་ཧྲིང་ཧྲིང་ཛཿ སརྦ་དུཥྚཾ་བྷྱོ། ཏྲི་རཀྴ་བྷྱོ་བྲི། དེའི་ཕྱི་རིམ་ལ་ཁྲོ་བོ་བཅུའི་སྔགས་བྲི། དེའི་ཕྱི་རིམ་ལ་རྟེན་འབྲེལ་སྙིང་པོ་བྲི། དྲི་བཟང་བྱུག །གུ་གུལ་གྱིས་བདུག །རབ་གནས་བྱ། ཚོན་སྐུད་ཀྱིས་དཀྲིས་ལ་མགུལ་དུ་བཏགས། གནོད་བྱེད་ཀྱི་ལིངྒ་མིང་རུས་དང་བཅས་པ་བྲིས་ཏེ། དུར་ཁྲོད་ཀྱི་ས་ནག་ལ་ཉ་བོ་བྱས་པའི་སྙིང་གར་བཅུག །དེའི་སྙིང་གར་སྐྱེར་ཕུར་བཏབ་ལ་བཞི་སྙིང་གཅིག་དྲིལ་བརྒྱ་འམ་སྟོང་བཟླས་ནས་ཁང་པའི་ཕྱོགས་བཞིར་སྦའོ། །དེས་ནི་རྦོད་གཏོང་། སྦྱོར་ངན། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་ཉེས་པ་ཐམས་ཅད་ཐུབ་པར་ཐེ་ཚོམ་མེད་དོ། །རང་བསྲུང་རྡོ་རྗེའི་གོ་ཆ་ནི། སྡེ་བརྒྱད་གནོད་པའམ། རྦོད་གཏོང་དང་། རང་གི་ཆོས་སྐྱོང་འཁུ་བ་སོགས་ལ་སྦྱོར་བ་འདིས་གནད་ལ་དབབ་སྟེ། བརྣག་པའི་ལིངྒ་བྱས་ལ། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པ་དང་བཞི་པའི་རྩིབས་རྩེ་ནང་དུ་བསྟན་ནས། མུ་ཁྱུད་ནང་མ་ལ་བཞི་སྙིང་གཅིག་དྲིལ་བྲི། རྩིབས་བརྒྱད་ལ་སྤུ་གྲིའི་སྔགས་བྲི། རྩིབས་མཆན་ལ་གཟིར་སྔགས་ནི༔ སརྦ་དུཥྚཾ་ཏྲིག་ནན་ཨེ་ཧུར་ཐུམ་ཛཿ མཱ་ར་ཡ་རྦད་རྦད༔ ཅེས་མཚན་བརྒྱད་བྲི། དེའི་ཕྱི་ལ་བཞི་སྙིང་དང་། ཨཱོཾ་པ་ར་བིགྷྣཱཾ་ནམ་ཧཱུྃ་ཕཊ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། བིནྡྷ་བིནྡྷ་ཧཱུྃ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུྃ་ཕཊ། ཧ་ན་ཧ་ན་ཧཱུྃ་ཕཊ། བན་དྷ་བན་དྷ་ཧཱུྃ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། ཧ་ས་ཡ་ར་ཧྲཱི་ད་ན་ཧཱུྃ་ཕཊ། ཤཱི་ཀྲིང་ཨཱ་ན་ཡ་ཧཱུྃ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ། དམ་ཉམས་རུ་ཏྲ་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད་སོད་ཟློག །ཅེས་ཕ་རོལ་པོ་དང་ཆོས་སྐྱོང་དང་བཅས་པའི་མང་ཡང་བྲི། རང་གི་ཆོས་སྐྱོང་ཡིན་ན་ཕྱིར་བཟློག་དགྲ་ལ་རྦད་ཅེས་བྲི། ཤི་ལྟེབ་བྱས་ལ་ཚོན་སྐུད་ཀྱིས་བཅིངས་ནས་ཐོད་པར་བཅུག་ལ་བྲུབ་ཁུང་དུ་བསྩལ། དེ་སྟེང་ལྕགས་སམ་སེང་ལྡེང་གང་རུང་གི་ཕུར་པ་མཉྫིའི་སྟེང་དུ་གཟུག །ལྷ་འདྲེ་ཐམས་ཅད་ལ་བརྔན་དང་གསེར་སྐྱེམས་བཏང་ལ་རང་གིས་མ་ཉེས་པའི་དཔང་གཟུག །ཁྱི་ཕག་དང་སྤྱང་བྲུན། རྟ་བོན། གུ་གུལ། མཛེ་འབོག །ཡུག་སའི་ཞབས་མའི་དུ་བས་བདུག །བཞི་སྙིང་གཅིག་དྲིལ་ཐུན་ལ་བསྔགས་ཏེ་བྲབ། ཕུར་པས་གཟིར། ལྷའི་ང་རྒྱལ་བརྟན་པོས་ཟིལ་གྱིས་མནན། རྟགས་ནི་རི་ཉིལ་ཆུ་འབྲུབ་དམག་དཔུང་འདུ་དང་འཐབ་རྩོད་བརྡེག་སོགས་འབྱུང་། རྗེས་ལ་ཕྱག་འཚལ་ལས་བྱེད་བསྒོ་བ་ཉན་པ་དེ་རྣམས་འབྱུང་། སླར་དབྱུང་ན་འཁོར་ལོ་ཕྱུང་ནས་འོ་མ་དང་རྩི་སྨན་གྱིས་བཀྲུ། རང་གི་འཕྱོང་ཡིན་ན་བསྐང་གསོ་བྱ། རྦོད་གཏོང་ཡིན་ན་རང་གིས་མ་ཉེས་པའི་དཔང་གཟུག །ཕ་རོལ་གྱིས་ཉེས་པའི་ཤགས་གདབ། གཏོར་བཟློག་དང་སྦྲགས་ཏེ། འཁོར་ལོ་ཀླད་ལ་བསྐོར་ཞིང་བརྡེག །རྗེས་ལ་ལྡོག་རྟགས་བྱུང་ན་ཕ་རོལ་གྱི་འཕྱོང་ལ་བཀའ་བསྒོ། བདེན་པ་བདར། ཕུད་ཀྱིས་བསྐང་། དེས་ནི་གནོད་འཚེ་དང་འཁུ་མི་ནུས་ཏེ་བསྒོ་བའི་བཀའ་ཉན་པར་འགྱུར་རོ། །སྲུང་ཟློག་གཅུན་པའི་ལམ་མཐའ་འོ། ༈ །༢ཡང་རྣལ་འབྱོར་པའི་ཚེ་ལ་བར་ཆོད་དམ་སྲི་དགྲ་བགེགས་གསུམ་ཆེ་སྟེ། དེ་དག་བསྒྲལ་བ་དང་སྲུང་ཟློག་གི་ལས་ནི་གཏོར་བཟློག་བྱ་ཞིང་། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཞི་པའི་དབུས་སུ་གང་གནོད་ཀྱི་ལིངྒ་བྲི། དེ་ལ་དགྲ་བགེགས་གང་ཡིན་གྱི་སྲོག་ཡིག་མཱ་ར་ཡ་ཐུམ་རི་ལི་ལི་རྦད་བྲི། རྩིབས་རྩེ་ནང་བསྟན་ལ་སྤུ་གྲིའི་སྔགས་བྲི། རྩིབས་མཆན་ལ་གང་གནོད་དེའི་གཟུགས་བྲི། ཕྱི་རིམ་ལ་དགྲ་བགེགས་དམ་སྲི་ནྲི་ཏྲི་ཧུར་ཐུམ་ཛཿམཱ་ར་ཡ་རྦད། དགྲ་བགེགས་དམ་སྲི་མཱ་ར་ཡ་རྦད། ནྲི་ཏྲི་ཧུར་ཐུམ་ཛཿ གནོད་བྱེད་འབྱུང་པོ་བཀའ་ལ་མི་ཉན་ཅིང་དམ་ལ་མི་གནས་པ་ཀཱ་ཝཱ་ཙི་བརླག་བརླག །ཙི་དུ་སོད། ཙི་དུ་སོད། འཁོར་བ་དུལ་དུལ། བརྟུལ་བ་ཤིག་སྲོག་གཏུབས། ཧ་ལ་བྷ་ཏི་རྦད་ནན། གནོད་བྱེད་དམ་སྲི་ལུས་ངག་ཡིད་གསུམ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུྃ་ཕཊ྄་བྲིའོ། །དེའི་ཕྱི་ལ་མཚོན་ཆའི་འཁོར་ལོ་རྩེ་ནང་བསྟན་བྲི། དེ་ལ་གནོད་བྱེད་དགུག་གཞུག་བྱ། དུད་པས་ལྷ་དང་ཕྲལ། ལྷ་སྲུང་བསྐུལ། མགོ་ནས་དྲིལ་ལ་ཡུག་སྐྲས་བཅིངས་ཏེ་བྲུབ་ཁུང་དུ་བཅུག །ཐུན་སྣ་དུག་ཁྲག་སྦྱར་བ་དང་ལྕགས་སམ་སེང་ཕུར་གྱིས་གཟིར། རང་དཔལ་ཆེན་པོ་དང་ཕུར་པ་སྲས་མཆོག་འཁོར་ལོ་ལིངྒ་དགྲ་བགེགས་དངོས་སུ་གསལ་བའི་ངང་ནས་སྤུ་གྲི་གཅིག་ཤུར་དུ་བཟླས་ཤིང་ཐུན་བྲབ། ཕུར་པས་གཟིར། རྟགས་ནི། སྟོང་ཁམས་མེས་གང་བ། རང་ལུས་ལ་མེ་འབར་བ། མཚོན་ཆ་བརྡུང་། བྲག་གཤོག །རྦབ་གཏོང་། ལིངས་བྱེད། སེམས་ཅན་བླ་དྭགས་བསད་པ་སོགས་བྱུང་བ་དང་། ཕོ་ཉ་བསྐུལ་ཞིང་བསྐང་གསོ་བྱ། གཏོར་མ་དགྲ་བགེགས་སྟེང་དུ་བཏུལ། ལེངྒ་ཧོམ་ལ་བསྲེག །ཐལ་བ་མཆོད་རྟེན་འོག་ཏུ་མནན། དེས་ནི་གནོད་འཚེ་མི་ནུས། ལམ་གྱི་བར་ཆད་སེལ། བསྟན་པ་ཚུགས་པར་འགྱུར་རོ། ༈ །༣ཡང་གསོན་འདྲེ་གཤིན་འདྲེ་ལྷ་འདྲེའི་རིགས་གང་ཡང་བསྐྲད་ཅིང་ཚར་བཅད་པ་ནི། གཏོར་བཟློག་གཞུང་བསྲང་། དུག་སྣ་ཁྲག་སྣ། མི་ཕག་ཁྱི་སྤྱང་གི་བྲུན། གུ་གུལ། སྤྲུ་ནག རྟ་བོན། བ་བླ། གླང་དམར་རྭ་གཞོབ། རྟ་དྲེའུའི་སྤུ་གཞོབ་རྣམས་ནུས་པ་ཅན་གྱི་དྲི་ཆུ་དང་ཆང་རྒོད་སྦྱར་ལ་གཡག་རྒོད་ཀྱི་རྭ་ནང་རློན་ཐུན་དང་སྐམ་ཐུན་དུ་བས་བདུག །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཞི་པའི་དབུས་སུ་གང་གནོད་ཀྱི་རཱུ་པ། རྩིབས་ལ་སྤུ་གྲིའི་སྔགས། རྩིབས་མཆན་ལ་ཏྲི་ར་ཙ་ཤག་དུན། རཱ་ཙ་ཧས་ལིང་མཱ་ར་ཡ། འདའ་ན་རཱ་ཙའི་ཙིཏྟ་ཕྱུངས། བཟློག་ན་རཱ་ཙ་དུམ་བུར་ཤིག །མ་ཞུང་ཏྲི་མཱ་ར་ཡ་རྦད་ནན་སོད། ཏྲེའུ་མཱ་ར་ཡ་ནན། ཙ་མུན་ཏྲི་མཱ་ར་ཡ་སོད་བྲི། དེའི་ཕྱི་རིམ་སྤུ་གྲིའི་སྔགས་བྲི། འཁོར་ལོ་ལ་དུག་ཁྲག་བྱུག །བྲུབ་ཁུང་དུ་གན་རྐྱལ་དུ་བཅུག །སྤུ་གྲི་གཅིག་ཤུར་དུ་བཟླས། ཐུན་བྲབ། ཕུར་པས་གཟིར། ཞག་གསུམ་ནས། ལྷ་ཁང་འབག་སེང་བཅོམ་པ། བནྡྷེ་ཁྱི་ནག་བརྡུངས་པ། སྐྱེས་ཤར་བུད་མེད་བསད་པ། སྨྲ་སྒྲ་དང་ཙི་སྒྲས་ཁེངས་པ་སོགས་འབྱུང་སྟེ། དེ་ནས་ལིངྒ་མགོ་ནས་ལྟེབ་ལ་ཚོན་སྐུད་ཀྱིས་བཅིངས། བྲུབ་ཁུང་མཁྱིད་གང་པ་གཅིག་ཏུ་བཅུག་ལ་རོ་གཡམ་གྱི་ཁ་བཅད། ཟླ་བ་མར་ངོ་ལ་གཟའ་ཐེབས་དང་བསྟུན་ལ་ལྷ་ཁང་ཐེམ་འོག་གམ་མཆོད་རྟེན་རབ་གནས་ཅན་གྱི་བྱང་དུ་དོང་གྲུ་གསུམ་བྲུས་ཏེ་མནན། དེས་ནི་ཚངས་པ་དང་བརྒྱ་བྱིན་ཡང་ཚར་ཆོད་ན་གཞན་སྨོས་ཅི་དགོས་ཏེ་ཟབ། ༈ ༤གཞན་ཡང་འདྲེ་གདོན་ཁྱིམ་ནས་བསྐྲད་ན་གོང་གི་རྫས་ཀྱི་དུ་བས་བདུག །རྡོ་ཐུན་དུག་ཁྲག་གིས་སྦགས་ལ་དྲག་སྔགས་ཀྱིས་རིམ་པར་བྲབ་ཅིང་། སྒོ་ལ་སྒྲིབ་ཤིང་བཏགས་ན་ངེས་པར་ཐུབ་བོ། །ཡང་ཀླུ་འདུལ་བ། གཏོར་བཟློག་གཞུང་བསྲང་། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གསུམ་པའི་དབུས་སུ་གང་གནོད་པའི་ཀླུ་ས་དམིགས་དང་བཅས་པ་སྦྲུལ་མགོ་ལྔ་པ་བྲི། རྩིབས་ལ་སྤུ་གྲིའི་སྔགས་དང་། རྩིབས་མཆན་ལ་ཀླུ་གཟིར་སྔགས། ན་མོ་བུདྡྷཱ་ཡ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ནཱ་ག་དུ། ཙན་དྷེ་ཙན་དྷེ། མི་ལི་མི་ལི། བནྡྷ་བནྡྷ། ནཱ་ག་ནི་སྭཱ་ཧཱ། དེའི་ཕྱི་མུ་ཁྱུད་ལ། ནཱ་ག་རཱ་ཙ་ལའི་ཧས་ཕོབ། ནཱ་ག་དུམ་པ་ལེ་ལེ། ནཱ་ག་རཱ་ཙ་ཤག་དུན། ནཱ་ག་རཱ་ཙ་སྲོག་དུང་དུང་། གནོད་བྱེད་ནཱ་གའི་ལུས་ངག་ཡིད་གསུམ་ཆིངས་ཆིངས་བྲི། དེའི་ཕྱི་རིམ་ལ་ཀླུའི་བསད་སྔགས་འདི་བྲིའོ། །ནཱ་ག་རཱ་ཙ་མཱ་ར་ཡ། ནཱ་གའི་ཤ་ལ་ཆེམས་ཆེམས། ནཱ་གའི་རུས་ལ་ཀྲུམ་ཀྲུམ། ནཱ་གའི་ཁྲག་ལ་ཧབ་ཧབ། ནཱ་གའི་རྩ་རྒྱུས་ལ་ཆོད་ཆོད། ནཱ་གའི་ཙིཏྟ་ཟུང་ཟུང་། ནཱ་ག་ཆུམས། ནཱ་ག་དྲིལ། ནཱ་ག་མཱ་ར་ཡ་སོད། ནཱ་ག་མཱ་ར་ཡ་ནན་བྲིའོ། །དེ་ནས་ལིངྒ་བྲུབ་ཁུང་དུ་སྐྱེར་ཕུར་སོར་བརྒྱད་པ་ལ་བརྒྱངས། བསྐྱེད་རིམ་གསལ་བས་གང་གནོད་པའི་ཀླུ་དགུག་བསྟིམ་དྲག་ཏུ་བྱ། ལྕགས་སམ་སེང་ལྡེང་གི་ཕུར་པས་གཟིར། ཡུངས་དཀར་ནག །གུ་གུལ། མུ་ཟི་ནག་པོའི་ཐུན་གྱིས་བྲབ། སྔགས་བཞི་སྙིང་དྲིལ་བ་ལ། ཀླུའི་གཟིར་སྔགས་བཏགས་ལ་བཟླས། རྟགས་ནི། ཆུ་བོ་བསྐམས་པ། ཉ་སྦྲུལ་བསད་པ། བ་དམར་གླང་དམར་བདས་པ་དང་། བཏུལ་བ། སྡོམ་སྡིག་སྦལ་པ་བཅོམ་པ། ཡུལ་ཁམས་སམ་ལྷ་ཁང་བསྲེགས་པ། རང་ལ་ཕྱག་འཚལ་འདུད་པ། བབས་པ་སོགས་བྱུང་ནས་འཁོར་ལོ་དྲིལ། ཚོན་སྐུད་ཀྱིས་བཅིངས། ཚྭ་ཚྭ་ནག་པོའི་ནང་དུ་གཞུག །ཀླུ་ལ་ཐེབས་པའི་དུས་ཚོད་དུ། རྟེན་ནམ་ལྷ་ཁང་ཐེམ་འོག་ཏུ་མནན། རོ་གཡམ་ལ་རྒྱ་གྲམ་བྲིས་པས་བཅད། བྱུགས་པ་རྒྱུན་འཁོར་རམ་རང་སྲུང་གང་རུང་གིས་བསྲུང་། འདིས་ནི་མཛེ་ཡང་གསོས་འགྱུར་ན། གཞན་གནོད་པ་ཙམ་ལ་སྨོན་ཅི་དགོས། ཕྱིས་ནས་ཀྱང་ཀླུ་ལ་ལས་འདི་བརྩམས་པས་ཆོག །ཡང་འཁོར་ལོ་འདིའི་ལྟེ་བའི་ཀླུ་ཤུལ་དུ་འཆང་བའི་བསྲུང་བྱ་བྲིས་ཏེ། གཞན་སྔགས་རྣམས་གཞུང་ལྟར་ལ་གང་དགོས་ཀྱི་འདོད་གསོལ་བྲི། དྲི་བཟང་བྱུག །གུ་གུལ་གྱིས་བདུག །རབ་གནས་བྱས་ནས་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་ཏོ། །ཀླུ་བསྲུང་བ་དང་བསད་པའི་ལས་མཐའ་ཟབ་བོ། ༈ །༥སྨྱོ་འདྲེ་འདུལ་ན་བསྐྱེད་རིམ་དང་ལྡན་པའི་རྣལ་འབྱོར་པས་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པ་བསྐོར་ལ། དབུས་སུ་སྨྱོ་འདྲེའི་རཱུ་པ་བྲི། ཡན་ལག་སྒྲོག་དང་ཛའི་གཟེར་གྱི་བསྡམས། རྩིབས་བརྒྱད་ལ་བཞི་སྙིང་དྲིལ་བ་བྲི། རྩིབས་མཆན་ལ་རཱ་ཙ་པྲ་མནན། རཱ་ཙ་ཤག་དུན་ཁ་ལིང་ཛ་ཡ་རྦད། རག་ཤ་ར་ཧུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་བྲི། དེའི་ཕྱི་རིམ་ལ། སྨྱོ་འདྲེ་གང་ཡིན་པ་ཏྲི་ཧུར་ཐུམ་ཛཿམཱ་ར་ཡ་རྦད། སྨྱོ་འདྲེའི་རྣམ་པར་ཤེས་པ་ཛ་ཡ་ཛ་ཡ། ཙིཏྟ་སྲོག་དུང་དུང་། ཧྲིལ་ཧྲིལ། ཆིངས་མཱ་ར་ཡ་རྦད་སོད་བྲིའོ། །བྲུབ་ཁུང་དུ་བརྒྱངས་ལ། སྔོན་དམར་སྐུད་པའི་བྱད་ཀྱིས་བསྐོར། སྨྱོན་པའི་རྐེད་ལ་ཐག་ནག་བཏགས་ནས་ཕུར་པ་ལ་བརྟོད་ལ་བརྒྱངས་ནས་བཟུང་། སྐབས་སུ་ཡུངས་ཀར་ནག་དང་རྡོ་ཕྱེའི་ཐུན་བྲབ། ཕུར་པས་གཟིར། གུ་གུལ། རྟ་བོན། སྤྱང་བྲུན། བ་བླ། རྭ་གཞོབ། མུ་ཟི། སྤྲུ་ནག །མཁའ་དམར་རྩ་བ། ཏེ་ལོའི་ཤ་རྣམས་ཀྱིས་མགོ་བསྟུམས་ཏེ་བདུག །དེ་ལྟར་ཐུན་མ་ཆག་པར་བྱས་ན་ཞག་ཉེར་གཅིག་ན་སྨྱོ་འདྲེ་ཐུལ་བར་ཐེ་ཚོམ་མེད་དོ། །དེ་ནས་འཁོར་ལོ་དྲིལ་ལ་སྔོ་དམར་གྱིས་བཅིངས་ཏེ་མཆོད་རྟེན་འོག་ཏུ་མནན་པས་ལྡང་མི་ནུས་ཏེ་ཤིན་ཏུ་ཟབ་བོ། ༈ །ཕ་རོལ་གྱི་རྦོད་གཏོང་བཟློག་པ་ནི། མཚམས་དམ་པར་བཅད་ལ་གཏོར་ཟློག་བཤམས་ལ། འཁོར་ལོ་རྩིབས་བཅུ་པ་བྲི། དབུས་སུ་མིང་རུས་བསྲུང་བྱ་འདོད་གསོལ་དང་བཅས་བྲི། དེའི་ཕྱི་ལ་ཀཱི་ལ་ཡའི་སྔགས་བྲི། ཕྱི་རིམ་རྩིབས་བཅུ་ལ་ཁྲོ་བོ་བཅུའི་སྔགས་བྲི། རྩིབས་མཆན་ལ། ཨ་ཡ་མ་དུ་རུ་ཙ་ཤ་ན་བཟློག་ཅེས་ཚན་བཅུ་བྲི། ཕྱི་རིམ་མུ་ཁྱུད་ལ། ཧཱུྃ་ཧ་ཧེ་ཕཊ་བྷྱོ། ཧྲཱིཿ ད་ཡ། མོ་ཧ་ཡ། པྲ་ཧ་ར་ན་ཧཱུྃ་ཕཊ། ས་མ་ཡ་ཨ་ཏི་པྲ་མ་ནི་པ་ར་བྷྱོ། ཨ་ལ་ལ་བྷྱོ། ཨ་ལ་ལ་བྷྱོ། ཨ་ལ་ལ་བྷྱོ། ཨེ་ས་བྷྱོ། ཟློག་ཟློག་ཟློག །ཀཱ་ཡ་གླིང་ཟློག་ཟློག་བྷྱོ། ཞེས་བྲི། དེའི་ཕྱི་རིམ་ལ་ཨཱ་ལི་ཀཱ་ལི་དང་ཡེ་དྷརྨས་བསྐོར་ལ་ཚོན་དང་དྲི་བཟང་གིས་བྱུག །དུར་ཁྲོད་དམ་དྲག་པོའི་གནས་ནས་ས་བླངས་ལ་མཆོད་རྟེན་ཁྲུ་གང་བྱ། དགྲའི་ཟག་རྫས་དང་བག་ཟན་ལ་ཉ་བོ་བྱས་པའི་ནང་དུ་ལིངྒ་གཞུག །དེའི་སྙིང་གར་སྐྱེར་པའམ་སེང་ཕུར་སོར་བརྒྱད་པ་བཏབ། བྲུབ་ཁུང་ཁྲུ་གང་པར་གཞུག །དེ་སྟེང་མཆོད་རྟེན་ནག་པོའི་བུམ་པར་གོང་གི་འཁོར་ལོ་དང་། གཞན་ཡང་བདག་མི་ནོར་འཁོར་དང་བཅས་པ་ལ་སྲུངས་ཤིག་སོགས་བྲིས་པ་གཞུག །འཁོར་ལོ་དེ་ལྟ་བུ་བདག་དང་འཁོར་གཅེས་པ་རྣམས་ལ་ཡོད་ནའང་རབ། མ་གྲུབ་ན་མཆོད་རྟེན་གྱི་བུམ་པར་བཅུག་སྟེ་ཁང་པའི་བྱང་ངོས་སུ་གཞུག་ན་སྲུང་བའི་མཆོག་ཏུ་འགྱུར་རོ། །ཉེས་པ་ཀུན་ཐུབ་བོ། །དེ་ནས་སྒྲུབ་པ་ནི། བུམ་པའི་ནང་དུ་གཟུངས་ཐག་དྲངས་ནས་རང་གིས་བཟུང་། ལིངྒ་བྱད་མ་ཡང་ཡང་དགུག་བསྟིམ་བྱས་ཏེ་ཕོ་ཉ་བསྐུལ། ལྕགས་ཀྱུའི་ཕྱག་རྒྱ་དང་། དགྲ་བོའི་བླ་ཛཿཧཱུྃ་བྃ་ཧོཿ ས་དགུག་ཅིང་བྲུབ་ཁུང་ལྕགས་ཁང་ནག་པོར་བསྒྱུར་བས་ཁོ་སྐྱོབ་བྱེད་ཀྱི་ལྷ་དང་བྲལ། ལུས་ཀྱི་ནུས་པ་ཉམས། ཁོ་རང་གི་སྲུང་མ་ཁོ་རང་གི་གཤེད་དུ་བབས་ནས་ཤ་ཟོས་ཁྲག་འཐུང་རྗེས་མེད་དུ་གཏོར་བར་བསམས་ལ། དམིགས་པ་ང་རྒྱལ་བརྟན་པོས་སྔགས་འདི་ཐོག་མར་བཟླས་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ། བདུད་པྲ་མཱ་ར་ཡ་རྦད་ནན། ཁ་ལ་ཛ་ལ་ལི་རྦད་ནན། རཱ་ཙ་དུན་ལིང་ཤག་རྦད་ནན། ཤིག་ཤིག་དུམ་དུམ་རྦད་རྦད་ནན། ཚལ་པ་ཚལ་པ་རྦད་ནན། ཁྲམ་ཁྲམ་བྷྱོ་བྷྱོ་རྦད་ནན། རྨུགས་རྨུགས་བྷྱོ་བྷྱོ་རྦད་ནན། ཏིར་ཏིར་རྦད་ནན། ཚལ་ཚལ་རྦད་ནན། ཞེས་དྲག་ཏུ་བཟླས་ཤིང་། སྐབས་སུ་མཆོད་རྟེན་བཤུས་པའི་འོག་ཏུ་ཡུངས་ཀར་ནག །སྐེ་ཤངས། ལྕགས་ཟངས་ཕྱེ་དུག་ཁྲག་གིས་སྦགས་པའི་ཐུན་བྲབ། ཕུར་པ་གཟིར། དཔང་གཟུག །ཁོ་རང་གི་སྲུང་མ་རང་གཤེད་དུ་དབབ། རྟགས་ནི་དམག་དཔུང་བཅོམ་པ། གྲོང་ཁྱེར་གཞོམ་པ། རྒྱལ་པོའི་ཕོ་བྲང་བཤིག་པ། མཚོན་ཆ་ཁ་བསྣོལ་བ་དང་དུམ་བུར་བཅད་པ། རང་ཕྱོགས་རྒྱལ་བ། དར་ཕྱར། བསྭོ་བཏབ། མཚོན་རྣོན་ཐོགས་པ། བྲག་བཤིག་པ་རྣམས་འབྱུང་། ཉ་བོ་ལ་ཐུན་བྲབ། ཕུར་པས་གཙབ། མེ་ལ་བསྲེག །ལིང་རོ་དགྲ་ཕྱོགས་སུ་རླུང་ལ་བསྐུར་བའམ། ཉེ་ན་ཁང་རྨང་དུ་མནན། གཏོར་ཟོར་ཐེབས་དང་བསྟུན་ནས་དགྲ་ཕྱོགས་སུ་འཕང་། དེས་ནི་ཁོ་རང་ཕུང་ཞིང་རྩ་བ་ཆད་དེ་བཟློག་པའི་ཟབ་གནད་དོ། ༈ །༧ཡང་རྒྱལ་བསེན་མ་རུང་པས་གནོད་དམ་ཁྱིམ་ནས་མ་ཐོན་ན་ཤོག་བུ་ལ་ལྕགས་ཀྱི་རྡོ་རྗེ་ནག་པོ་བྲིས་པའི་ལྟེ་བར་འཁོར་ལོ་བསྐོར་ཏེ་མུ་ཁྱུད་གསུམ་པའི་ལྟེ་བ་ལ། རཱ་ཙ་ཏྲི་དུ་མ་ལེ་ཛཿ སྲོག་ལ་ཧུར་ཐུམ་ཛཿ ཙ་དུ་སོད། གནོད་བྱེད་འབྱུང་པོ་མཱ་ར་ཡ་སོད་བྲིའོ། །རྩིབས་བརྒྱད་ལ། རཱ་ཙ་སོད། ཨ་ཏྲི་ཐུམ་ཞེས་བརྒྱད་བྲི། རྩིབས་མཆན་ལ། མ་ཞུང་མ་ཞུང་ཏྲི་དུ་མ་ལེ་ཛ་སོད། ཅེས་བརྒྱད་དུ་བྲི། དེའི་ཕྱི་རིམ་ལ། རཱ་ཙ་སོད། རཱ་ཙ་གཏུབས། རཱ་ཙ་ཧའུ་ཧའུ་ཁ་དུན་ཤག་ཤག །གནོད་བྱེད་འབྱུང་པོའི་ཙིཏྟ་སྲོག་ལ་ཧ་བ་ཧ་བ་རྦད་རྦད། ཅེས་བྲི། དེ་ནད་པའི་སྟེང་ནས་གདགས། བསྐྱེད་རིམ་དང་ལྡན་པས་ལྕགས་རྡོར་གྱིས་གཟིར། གུ་གུལ་དང་རྫས་རྒོད་ཀྱིས་སྣ་ནས་བདུག །སྲིན་ལག་གཡོན་པ་བསྡམས་ཏེ་སྤུ་གྲིའི་སྔགས་གཤམ་དུ་གནོད་བྱེད་འབྱུང་པོའི་སྲོག་ལ་ཪྣྲི་ཧུར་ཐུམ་ཛ་མཱ་ར་ཡ་སོད། ཏྲི་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད། ཅེས་རྡོ་རྗེ་དང་ཕུར་ཐུན་གྱིས་བྲབ། དེ་ནས་འདྲེ་ངན་སྐད་ངན་ཙེ་རེ་རེ་འབྲོས་ཏེ་གདོན་བགེགས་ཐུལ་བར་ཐེ་ཚོམ་མེད་དོ། །རྗེས་ལ་རྡོ་རྗེ་ནག་པོའི་འཁོར་ལོ་ལ་གང་གནོད་པའི་གདོན་བགེགས་སྲུངས་ཤིག་སྒྲིབས་ཤིག་རཀྵ་ཞེས་བྲིས་ལ་གདགས་སོ། །ཟབ་བོ། ༈ །༨ཞོ་ཆང་བསྲུང་བ་ནི། འཁོར་ལོ་རྩིབས་བརྒྱད་པ་མུ་ཁྱུད་གསུམ་པའི་ལྟེ་བར་གང་གནོད་ཀྱི་སྐྱུར་འདྲེ་དང་ཆང་འདྲེ་སྲུངས་ཤིག་བྲི། རྩིབས་ལ་བཞི་སྙིང་སྲིལ་བ་བྲི། །རྩིབས་མཆན་ལ། དུར་ཏི་ནག་པོ་སོད། དུ་རུ་ནག་པོ་ནན། ཆང་འདྲེ་དཀར་འདྲེ་ཁ་ཆིངས་བྲི། །དེའི་ཕྱི་ལ། འབྱུང་པོའི་ཁ་ལ་རཀྴ་རྦད་ཆིངས་ཁ་སྡོམས་སྲོག་གཟིར་ཁ་ཐམ་ཁ་ཐམ། ཟ་འདྲེ་ཤི་འདྲེ་ཁ་ལ་ཙི་ཏི་ནན། དཀར་འདྲེ་སྐྱུར་འདྲེ་བྱེད་པ་སྲུངས་ཤིག་སྒྲིབས་ཤིག་རཀྵ་བྲིའོ། །རབ་གནས་བྱ། རྫའི་སྦལ་པར་གཞུག །རྩིབས་དང་མཆན་གྱི་སྔགས་གོང་མ་གཉིས་པོ་དེ་སྟོང་ངམ་ཁྲི་བཟླས་ལ་སྦལ་པ་ལ་ཡང་ཡང་གདབ། ཞོ་ཆང་གང་བསྲུང་བའི་སྟེང་དུ་བཞག །ཡང་སྔགས་འདི་རྡེའུ་དཀར་ནག་ལ་སྟོང་ཁྲིར་བཟླས་ཏེ་ཞོ་ཆང་གི་ནང་དུ་བཞག །དེས་ཐུབ་པར་ཐེ་ཚོམ་མེད་དོ། ༈ །༩དྲག་པོ་རྫས་ཀྱི་ལས་ནི། མཛེ། འགག །ལྷོག །འབྲུམ་བུ། འབྲས། གཉན་ལ་སོགས་འཇོམས་པར་བྱེད་པ་ནི། གུ་གུལ། མུ་ཟི་ནག་པོ། ཤུ་དག །ར་དུག །བཙན་དུག །ཁྱི་ཀྱི་ཡིན། ལྕེ་ནག་པོ། རྒྱ་ཚིལ། རྒྱ་ཕག །མི་རྟ། སྤྱང་ཀིའི་ཚིལ། རྟ་དྲེའུ་སྤུ་གཞོབ། དྲི་ཆེན་དྲི་ཆུ། གླང་དམར་རྭ་གཞོབ། ར་ཐུག་ལུག་ཐུག་གི་སྦྲེ། ཁྲག་སྣ་དུག་སྣ་ཚོགས་ཚད་གཡག་རྒོད་དམ་བ་མེན་གྱི་རྭ་རུ་སྦྱར་ལ་ཆུ་སྲིན་ཁ་ལ་རྡོ་རྗེས་བཅད། དགེ་སློང་ཁྲིམས་ལྡན་ནམ་སྔགས་པ་ནུས་ལྡན་གྱི་དྲི་ཆུ་ཆང་རྒོད་དང་སྦྱར་ལ། རླངས་པ་མ་ཤོར་བར་ཁ་དམ་དུ་བཅད་ལ་སྔགས་འདིས་བཙོ་ཞིང་སྒྲུབ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ། ནཱ་ག་དུ་ཙན་དྷེ་ཙན་དྷེ། མི་ལི་མི་ལི། བན྄་དྷ་བན྄་དྷ་ནཱ་ག་ནི་ཧཱུྃ་ཕཊ། སྨྲ་བ་བཅད་ལ་མང་དུ་བཟླས་ཤིང་ཧུས་གདབ། ཕྱིས་ཀྱང་ནུས་པ་ཅན་གྱི་དྲི་ཆུ་དང་། ཆང་གི་ཉིང་ཁུས་ཁ་གསོ་སྟེ། བྱུག་བདུག་ལྟོར་བཏང་བ་སྐམ་ཐུན་སོགས་གང་དགོས་ལ་རིག་པས་དཔྱད་དོ། །དེས་ནི་གདུག་པའི་མཛེ་ཡང་ཐོན་ན། གཞན་གཉན་རིམས་པ་ཙམ་ལ་སླེབ་པས་ཆོག་གོ། ༈ །༡༠དེས་ན་བསྲུང་བཟློག་བསད་མནན་སོགས་ལས་ཚོགས་རིམ་པར་བསྟན་པ་ལས། གཏོར་ཟློག་ནི་ཟུར་དུ་གསལ་ལ། ཁ་བསྒྱུར་ཟོར་སྐོང་ཉེར་བརྒྱད་ལ་དུག་ཁྲག་བྱུགས་ཏེ། མཚེ་དང་རྩང་ཟོར་གཟུག །དབང་མོ་ཉེར་བརྒྱད་ཀྱི་སྔགས་བཟླས་ཤིང་ཕྱོགས་མཚམས་ཐམས་ཅད་བརྡེག་གོ། །གྲོང་གི་མཐའ་རྒྱས་གདབ། བྷྱོས་གདབ། གཏོར་མ་དགྲ་ཕྱོགས་སུ་བརྡེག །རཀྟ་རྐང་གི་གཟར་བུས་གཏོར། སྔགས་ནག་སྟོང་དང་འགྲས་ཀྱང་བཟློག་གོ། །རྒྱུད་ལས་ཡུལ་ཁམས་གནས་སོགས་གང་བསྲུང་ཡང་། གཏོར་མའི་སྦྱོར་བ་གོང་ཉིད་ལས། ཞེས་པའི་དོན་ཏོ། ༈ །༡༡ཡང་རྦོད་གཏོང་མནན་གཏད་སེལ་དང་འགོང་ཆོག་ཁོང་སེལ་དུར་སེལ་རླུང་འཁོར་སོགས་སྦྱོར་ངན་ཐམས་ཅད་བསྲུང་བ་ནི། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་སུམ་བརྒྱ་པ་སྣག་གིས་བྲིས། ལྟེ་བར་བསྲུང་བྱ་འདོད་གསོལ། ནང་གི་མུ་ཁྱུད་ལ་ཀཱི་ལ་ཡ། རྩིབས་བཅུ་ལ་ཁྲོ་བོ་བཅུའི་སྔགས་ཀྱི་ཤམ་བུར་བཏགས་ལ་སྲུངས་ཤིག །དགྲ་ལ་ཟློག་ཅིག་བྲི། རྩིབས་མཆན་ལ་ཨེ་ས་བྷྱོ་ཟློག །དགྲ་ལ་ཟློག །ཕྱིའི་མུ་ཁྱུད་ལ་སྤུ་གྲིའི་སྔགས་དང་བྷྱོ་ཟློག་དམོད་མོའི་རིགས་གང་འོས་བྲི། རབ་གནས་བྱས་ཏེ་དྲིལ། རྫའི་རུས་སྦལ་དུ་གཞུག །དེའི་ཟླ་ལ་གསེར་དངུལ་མཚལ་གང་རུང་གིས་སྔགས་འདི་ཕྲེང་གཅིག་ཏུ་བྲིས་ལ་གཞུག་གོ། །ༀ་ཀྲོ་དྷ་ནི་ཨུ་ནི། ཤ་རི་ནི། བྷ་ར་བྷི་ཡ། ཙ་མུནྜ། ནར་ཤ་པ་ཡ། ཏྲི་ན་ཏྲི་ན། ཨ་ནེ་ཨ་ནེ། ཤ་མ་ར་ཤ་མ་ར། ས་ར་ས་ར། བྷནྡྷ་བྷནྡྷ། བྷན་པི་ཡ་དུན་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཀུན་དྷ་མ་མ་བྷྱོ། ཨ་ལི་ཀཱ་ལི་དང་། རྟེན་འབྲེལ་སྙིང་པོ་བྲི། རབ་གནས་བྱ། རུས་སྦལ་བཞི་བྱས་ཏེ་ཁང་པའི་ཕྱོགས་བཞིར་སྦའོ། །བཞི་མ་འགྲུབ་ན་སྒྲུབ་ཁང་གི་དབུས་སུ་བཞག །དེས་ནི་ཉེས་སྐྱོན་ཐམས་ཅད་ཐུབ། དེའི་ཟླ་ལ་གཙུག་ཏོར་རྣམ་རྒྱལ་དང་། ཡིག་སྣ་ཀུན་ཐུབ་ཡོད་ན་ཡང་ལེགས་སོ། ༈ །༡༢ཡང་ཤྭ་འོད་དང་ཆུ་དམག་བཟློག་ན། གཏོར་ཟློག་བཤམས་ལ། ཁྲོ་བོ་བཅུ་དང་བཞི་སྙིང་དྲིལ་བ། དབང་མོའི་ཟློག་པའི་སྔགས་རྣམས་ཤོག་བུ་ཕྲ་མོ་ལ་བྲིས། ཚ་ཚ་མང་པོའི་ནང་དུ་བཅུག་ལ། སྤུ་གྲི་དབང་མོའི་ཟློག་སྔགས་བཟླས་ཤིང་ཆུ་དམག་ཤྭ་འུད་གང་བྱུང་སྟེང དུ་བརྡེག །རྒྱ་མཚོའི་རླབས་ཀྱང་བཟློག་པར་འགྱུར། རྫོགས་སོ། །དགེ་བ་འདི་ཡིས་མཉམ་མེད་གཏེར་བདག་གླིང་། །ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་རྫོགས་ཤིང་། །རྙིང་བསྟན་མི་ཉམས་དར་ཞིང་རྒྱས་པ་ཡི། །རྩ་ལག་སྲོག་གི་ཀ་བར་འདི་གྱུར་ཅིག །སརྦ་དཱ་མངྒ་ལཾ། ༈ །དེ་དག་གིས་རོང་ཕུར་གྱི་གཞུང་པོད་ད་ལྟར་བཞུགས་རིགས་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ། །མངྒ་ལཾ།། །།

རོང་ཕུར་བླ་མ་བརྒྱུད་པའི་གསོལ་འདེབས། རྒྱལ་སྲས་གཞན་ཕན་མཐའ་ཡས།

༈ རོང་ཕུར་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས། སྟོན་པ་ཀུན་བཟང་རྡོ་རྗེ་གཞོན་ནུ་དང་། །བྲམ་ཟེ་ཆེན་པོ་མི་ཡི་ཐོད་པ་ཅན། །མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཆེ། །པྲ་བྷ་ཧསྟི་རྣམས་ལ་གསོལ་བ་འདེབས། །ཨུ་པ་དཱ་ན་ཨོ་རྒྱན་པདྨ་འབྱུང་། །རྡོ་རྗེ་བདུད་འཇོམས་དཔལ་གྱི་དབང་ཕྱུག་དང་། །དཔལ་གྱི་མེ་ཏོག་གཙུག་ཏོར་གཞོན་ནུའི་ཞབས། །ཡོན་ཏན་གྲགས་པ་རྣམས་ལ་གསོལ་བ་འདེབས། །གུ་ཎ་རཏྣ་དཔལ་གྱི་རིན་ཆེན་དང་། །རིན་ཆེན་ཚུལ་ཁྲིམས་རོང་ཟོམ་ཆོས་བཟང་ཞབས། །གཟི་འབར་སྟོན་དར་སྟོན་སེང་ཇོ་སྲས་དང་། །ར་སྤེ་འབུམ་དཔལ་རྣམས་ལ་གསོལ་བ་འདེབས། །ཀུན་དགའ་མེ་དཔུང་ཆོས་བཞད་གསེར་འོད་དང་། །འོད་ཟེར་འབུམ་དང་འབུམ་རྒོད་དར་མ་བརྟན། །སྲ་བརྟན་རྡོ་རྗེ་བསོད་ཤེ་སེདྒེ་དཔལ། །དགེ་འདུན་རིན་ཆེན་རྣམས་ལ་གསོལ་བ་འདེབས། །དགེ་རྒྱལ་རྡོ་རྗེ་སེངྒེ་བློ་གྲོས་བཟང་། །པ་ར་ཧི་ཏ་བཛྲ་ཤཱི་ལ་དང་། །ཕྲིན་ལས་ལྷུན་གྲུབ་འགྱུར་མེད་རྡོ་རྗེའི་ཞབས། །འགྱུར་མེད་རྒྱ་མཚོ་རྣམས་ལ་གསོལ་བ་འདེབས། །རིན་ཆེན་རྣམ་རྒྱལ་པདྨ་བསྟན་འཛིན་དང་། །ཨོ་རྒྱན་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ། །དཔལ་འབྱོར་རྒྱ་མཚོ་རིག་འཛིན་བཟང་པོ་དང་། །པདྨ་མངྒ་རྣམས་ལ་གསོལ་བ་འདེབས། །གཞན་ཕན་མཐའ་ཡས་པདྨ་རྡོ་རྗེ་དང་། །བསྟན་པའི་ཉི་མ་འཇིགས་མེད་ཀུན་དགའ་དཔལ། །མདོ་སྔགས་བསྟན་འཛིན་རིགས་བདག་འཁོར་ལོའི་མགོན། །ཕན་བདེའི་འོད་ཟེར་ཞབས་ལ༴ བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་དང་། །མཐའ་ཡས་དངོས་གྲུབ་མཆོག་སྩོལ་ཡི་དམ་ལྷ། །བར་ཆད་ཀུན་སེལ་དཔའ་བོ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་སྲུང་མར་བཅས་ལ༴ ཐུགས་རྗེའི་བདག་ཉིད་མགོན་པོ་མཆོག་རྣམས་ཀྱིས། །བདག་རྒྱུད་སྨིན་ཅིང་གྲོལ་བར་མཛད་པ་དང་། །ཟབ་མོའི་ལམ་གྱི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ལམ་བཟང་ཚེ་འདིར་སྒྲུབ་ལ་བརྩོན་པའི་མཐུས། །ཐུན་མོང་ལམ་ལྔ་ཐུན་མིན་རིག་འཛིན་བཞིས། །བགྲོད་ནས་ཧེ་རུ་ཀ་དཔལ་མངོན་བྱས་ཏེ། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་མཛད་པའི་བརྒྱུད་འདེབས་ལ་བརྒྱུད་པའི་ཁྱད་པར་གྱིས་གཞན་ཕན་མཐའ་ཡས་ནས་རིགས་བདག་འགྱུར་མེད་ཕན་བདེའི་འོད་ཟེར་བར་ཁ་སྐོང་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །།

རྡོ་རྗེ་ཕུར་བུ་རོང་ལུགས་ཀྱི་ལས་བྱང་དངོས་གྲུབ་རྒྱ་མཚོའི་སྙིང་པོ། རིན་ཆེན་རྣམ་པར་རྒྱལ་བ།

རྡོ་རྗེ་ཕུར་བུ་རོང་ལུགས་ཀྱི་ལས་བྱང་དངོས་གྲུབ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཀུ་མཱ་རཱ་ཡ། ཆོས་ཀུན་ཀ་དག་རིག་པའི་ཉིན་བྱེད་དབང་། །སྒྲིབ་གཉིས་ཆུ་འཛིན་ལས་གྲོལ་འགྱུར་མེད་ཀྱི། །བདེ་ཆེན་རྡོ་རྗེའི་དོན་གཟིགས་བླ་མ་དང་། །དཔལ་ཆེན་ཕུར་པའི་དཀྱིལ་འཁོར་འཁོར་ལོར་འདུད། །གང་གི་སྒྲུབ་ཐབས་མཁས་པ་རོང་ཟོམ་ལུགས། །ལས་བྱང་འབྲིང་པོ་བློ་གྲོས་རྒྱལ་མཚན་གྱིས། །ལེགས་བཤད་དངོས་གྲུབ་རྒྱ་མཚོ་ཞེས་གྲགས་པ། །སྙིང་པོར་དྲིལ་བའི་ཡི་གེ་འདི་ན་སྤེལ། །དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་མཚན་ཉིད་དང་ལྡན་པའི་གནས་ཁང་མཛེས་པར་བརྒྱན། ལྷ་ཕུར་དང་བསྙེན་ཕུར་སོགས་རྟེན་དང་མཆོད་གཏོར་སྨན་རཀ་གིིས་མཚོན་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམས་ནས་རྣལ་འབྱོར་ལ་འཇུག་པར་བྱའོ། །དེ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་སྔོན་འགྲོ་ལ། བཀའ་བསྒོ་མཚམས་གཅོད་ཚོགས་བསགས་དང་། །དམ་བཅའ་བྱིན་དབབ་མཆོད་བྱིན་བརླབ། །ཅེས་པའི་དང་པོ་བཀའ་བསྒོབ་ནི། སྐྱབས་སེམས་དང་རོལ་མོས་བྱིན་དབབ་པ་སྔོན་དུ་འགྲོ་བས། བདག་ཉིད་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡུམ་དང་བཅས་པའི་སྐུར་གྱུར་པའི་སྙེམས་པས། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ༀ་སུམྦྷ་ནི་སུམྦྷ་ནི་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞ་པཱ་ཡ་གྲྀ་ཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན་བིདྱ་རཱ་ཛ་ཡ་ཧཱུཾ་ཕཊ། གཉིས་པ་མཚམས་བཅད་པ་ནི། རང་ཉིད་ཁྲོ་བོ་གནོད་མཛེས་རྡོ་རྗེ་ཐོ་བ་དང་ལྕགས་ཀྱུ་འཛིན་པར་བསྐྱེད་ལ། ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཐུགས་ཀ་ནས་མེ་དམར་པོ་འཕྲོས། མ་སཱུརྻ་མཎྜ་ལ། ཞེས་པས་ཉི་མའི་གདན་དུ་གྱུར། ༀ་ཤྲཱི་ཧཱུཾ་ཀཱ་ར་བཛྲ་མཎྜ་ལ་ཧཱུྃ་ཕཊ། ཧཱུྃ། ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །དབྱར་གྱི་ཆར་སྤྲིན་ལྟ་བུའི་མདོག །བསྐལ་པའི་མེ་དཔུང་བཞིན་དུ་འབར། །དོར་སྟབས་ཚུལ་དུ་ཞབས་བགྲད་ཅིང་། །སྨིན་མཚམས་ཁྲོ་གཉེར་འབར་བ་ཅན། །ཞལ་གསུམ་མཆེ་གཙིགས་རྣམ་པར་གྱུར། །ཕྱག་གཉིས་ཧཱུཾ་གི་རྒྱ་བཅིངས་ནས། །རྡོ་རྗེ་དང་ནི་དྲིལ་བུ་དང་། །གཡས་གཉིས་ལྕགས་ཀྱུ་རལ་གྲི་དང་། །གཡོན་གཉིས་དགྲ་སྟྭ་ཞགས་པ་བསྣམས། །བསྒོ་བའི་བཀའ་རྣམས་ཉན་པར་བྱོས། །ༀ་སུམྦྷ་ནི་སོགས་བརྗོད། ཁྲོ་བོ་རྡོ་རྗེ་གནོད་མཛེས་ཀྱིས་ཧཱུཾ་ཀཱ་ར་ལ་ཕྱོགས་བཅུར་ཁྲོ་བཅུའི་གདན་བཤམས་པའི་བཀའ་བསྒོས་ཏེ་ཐུགས་ཀ་ནས་ཐོ་བ་དང་ལྕགས་ཀྱུ་སྤྲོས་ཏེ་ཧཱུྃ་ཀཱ་ར་ལ་གཏད་པར་བསམ། ༀ་ཤྲཱི་ཧཱུྃ་ཊཀྐི་རཱ་ཛ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ། འདོད་རྒྱལ་སྔོ་སྐྱ་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་དང་པོ་རང་གི་ཕྱག་རྒྱ་བཅིངས། །བར་པ་གཉིས་ཀྱིས་ལྕགས་ཀྱུ་ཞགས་པ་དང་། །ཕྱག་གཡས་ཐ་མ་མདའ་གཞུ་འཛིན་ལ་བརྩོན། །ཕྱག་གཡོན་ཐ་མ་ཉི་མའི་གདན་བསྣམས་གྱུར། །མ་སཱུརྻ་མཎྜ་ལ། ༀ་སུམྦྷ་ནི་སོགས། འདོད་རྒྱལ་གྱི་ཐུགས་ཀ་ནས་མ་བཅུ་ཕྱོགས་བཅུར་འཕྲོས་པས་ཉི་མའི་གདན་བཅུར་གྱུར། ཧཱུྃ། ཁྲོ་བོའི་རྒྱལ་པོ་འདི་དག་ནི། །བགེགས་ཀྱི་ཚོགས་རྣམས་ཀུན་ནས་བཤིག །བློ་ལྡན་རབ་ཏུ་སྦྱར་བ་ཡི། །ཆོ་ག་བཞིན་དུ་ཕུར་བུས་གདབ། །ཅེས་བརྗོད་པས། ཁྲོ་བོ་འདོད་པའི་རྒྱལ་པོས་ཕྱོགས་བཅུར་ཕྱིན་ཏེ་ཕྱོགས་སྐྱོང་བཅུ་ལྕགས་ཀྱུས་བཟུང་ཐོ་བས་བརྡུངས་ཏེ་ཕྱོགས་བཅུའི་ཉི་གདན་གྱི་སྟེང་དུ་བསྣོལ་ནས་བཞག་པར་བསམ། ཧཱུྃ། གདན་སྟེང་ཁྲོ་རྒྱལ་ཆེན་པོ་རྣམས། །ཞེ་སྡང་རྡོ་རྗེའི་དཀྱིལ་འཁོར་ནས། །ཁྲོ་ཆེན་རྔམས་བརྗིད་སྤྲུལ་པའི་སྐུ། །ཉི་མའི་གདན་ལ་བཞུགས་སུ་གསོལ། །ཧཱུཾ་བཅུ་བརྗོད་པས། སོ་སོའི་གདན་སྟེང་དུ་འཁོད་པ་འོད་དུ་ཞུ་བ་ལས། ཧཱུཾ། བགེགས་འདུལ་ཁྲོ་རྒྱལ་བཅུ་པོ་ནི། །ཕྱོགས་བཅུའི་དཀྱིལ་འཁོར་ཕྱོགས་མཚམས་སུ། །རིམ་པ་བཞིན་དུ་ཀུན་ཏུ་འཁོད། །བགེགས་རྣམས་ཐམས་ཅད་བཤིག་པའི་ཕྱིར། །གནོད་མཛེས་བཀའ་བྱུང་ཕུར་བུས་བཏབ། །ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཡ། ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀི་ལ་ཡ་བཛྲ་དྷ་རཱ་ཨཉྫཱ་པ་ཡ་ཏི་སརྦ་བིགྷྣཾ་ཀཱ་ཡ་ཝཱ་ཀྩི་ཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཧཱུཾ། འཇིགས་བྱེད་ཁྲོ་རྒྱལ་ཆེན་པོ་བཅུ། །རྡོ་རྗེ་ཕུར་བུ་ཉིད་བྱས་པ། །ཨུཏྤལ་སྔོན་པོའི་མདོག་འདྲ་བ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །སྐུ་སྨད་ཕུར་བུ་འབར་བ་ལ། །སྐུ་སྟོད་ཁྲོ་བོ་ཆེན་པོ་སྟེ། །ཞལ་གསུམ་པ་ལ་ཕྱག་དྲུག་པ། །བགེགས་ཀྱི་ཚོགས་རྣམས་མགོ་རུ་གཟིར། །ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ་བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ་བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཅེས་དང་། ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཡ། ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ་ཡ་བཛྲ་དྷ་རཱ་ཨཛྙཱ་པ་ཡ་ཏི་སརྦ་བིགྷྣཱཾ་ཀཱ་ཡ་ཝཱ་ཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་བརྗོད། དེ་ནས་ཁྲོ་བོ་རྣམས་རིམ་པ་བཞིན་ཕྱོགས་བཅུའི་ཕྱོགས་སྐྱོང་རྣམས་ཀྱི་སྙིང་གར་བབས་པས་ལུས་ཕུག་སྟེ་འོག་གི་ཉི་མའི་གདན་ལ་སྦྲགས་པར་བསམ་ལ། ཧཱུཾ། ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅུའི། །བདུད་འདུལ་ཁྲོ་རྒྱལ་ཆེན་པོ་རྣམས། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་སྟེ། །ཡ་མཚན་ཆེ་བའི་དབུ་རྒྱན་ཅན། །དབུ་སྐྲ་ཁམ་ནག་རལ་པ་ནི། །གྱེན་ལ་འཁྱིལ་ཞིང་སྲིད་རྩེར་འབར། །སྤྱན་དམར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟངས་ཡག་རྣོན་པོ་གཙིགས། །རྐན་སྒྲ་གཏོགས་པས་ཁམས་གསུམ་འཁྲུགས། །བདུད་རྒྱལ་རྣམས་ཀྱིས་ཞབས་ལ་བཏུད། །མཛེས་པའི་ལྷ་མོ་མང་པོ་ཡིས། །སྙན་པའི་གླུ་དབྱངས་དུ་མས་བསྟོད། །བཅོམ་ལྡན་འདས་ཀྱི་སྤྲུལ་པ་སྟེ། །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །ཤར་ཕྱོགས་འབྱུང་པོ་ཐབས་ཀྱིས་འདུལ། །ལྷོ་ཕྱོགས་གཤིན་རྗེ་ཞབས་ཀྱིས་གནོན། །ནུབ་ཕྱོགས་ཀླུ་ཡི་གདོན་རྣམས་གཟིར། །བྱང་ཕྱོགས་གནོད་སྦྱིན་བརླག་པར་མཛད། །ཤར་ལྷོ་མེ་ལྷ་ཟིལ་གྱིས་གནོན། །ལྷོ་ནུབ་སྲིན་པོ་གདན་དུ་བཏིང་། །ནུབ་བྱང་རླུང་ལྷ་འཆིང་མཛད་ཅིང་། །བྱང་ཤར་དབང་ལྡན་བརླག་པར་མཛད། །སྟེང་གི་ལྷ་རྣམས་དབང་དུ་བསྡུས། །འོག་གི་ས་བདག་རྡུལ་དུ་རློག །ཕྱོགས་མཚམས་ཕུར་བུས་གཏམས་བྱས་ནས། །སྟེང་འོག་ཡང་དག་བྱིན་གྱིས་རློབས། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །ༀ་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུཾ་ཕཊ། ཡང་རང་གི་ཐུགས་ཀ་ནས་མཚོན་ཆ་སྣ་ཚོགས་པ་འཕྲོས་སྲིད་པ་གསུམ་གྱི་བགེགས་རྣམས་བཅོམ་སྟེ་ཚུར་འདུས་པ་ལས་ཁྲོ་བོ་རྣམས་ཀྱི་ཕྱི་རོལ་དུ་མཚོན་ཆའི་གུར་ཁང་གིས་གཏམས་པར་བསམ་ལ། ཧཱུཾ། ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། །ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བའི། །རྡོ་རྗེ་འཁོར་ལོ་ཕུར་བུ་དང་། །ཐོ་བ་རལ་གྲི་ལ་སོགས་པའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་བསྲུང་། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ༀ་བཛྲ་ཡུ་དྷ་རཀྞ་རཀྵ་ཧཱུཾ་ཕཊ། ཕྱི་རོལ་ཀུན་ཏུ་འོད་འཕྲོས་པས། །བདུད་དཔུང་ངེས་པར་བསྲེག་བྱེད་པའི། །ས་དང་ནམ་མཁའ་ཡོངས་གང་བ། །འབར་བ་མེ་ཡི་ཕུར་པོར་གྱུར། །ༀ་བཛྲ་ཛྭ་ལ་རཾ་རཀྵ་རཀྵ་ཧཱུཾ་ཕཊ། འཇིགས་བྱེད་འབར་བ་ང་ཡི་དཀྱིལ་འཁོར་དུ། །འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར། །ཞེ་སྡང་འཇོམས་པའི་མེ་ནི་དཀར་ནག་འབར། །གཏི་མུག་འཇོམས་པའི་མེ་ནི་མཐིང་ནག་འབར། །ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར། །ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར། །དབང་དྲག་གདུག་རྩུབ་མེ་ནི་སྨུག་ནག་འབར། །འབར་བ་མེ་ཡི་མཚམས་ལས་བགེགས་མ་འདའ། །ༀ་བཛྲ་ཨགྣེ་ཡེ་ཛྭ་ལ་རཾ་རཀྵ་རཀྵ་ཧཱུཾ་ཕཊ། ཅེས་པས་དེའི་ཕྱི་རོལ་དུ་མེ་དཔུང་གི་གུར་དུ་བསམ། ཧཱུཾ། མཚམས་བཅད་ནང་འདི་ཚུན་ཆད་དུ། །སུ་ཡང་འདའ་བར་མ་བྱེད་ཅིག །གལ་ཏེ་འདས་པར་གྱུར་པ་ན། །ཐོ་བ་ལྕགས་ཀྱུས་འཁྲིལ་བ་ཡིས། །སྙིང་ནས་དྲངས་ཏེ་བརྡུང་བར་བྱ། །ༀ་བཛྲ་ཨངྐུ་ཤ་ཡ་ཛཿབཛྲ་མུངྒ་ར་ཨ་ཀོ་ཊ་ཡ་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། གསུམ་པ་ཚོགས་བསགས་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་རང་བཞིན་གྱི་གནས་ནས་བཛྲ་ས་མཱ་ཛཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དེ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བརྗོད། བཞི་པ་དམ་བཅའ་བ་ནི། རྡོ་རྗེ་རྩེ་གཅིག་པའི་རྒྱ་བཅིངས་ཏེ་ལྷག་པའི་བསམ་པ་བརྟན་པོས། ༀ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་བདག་བསྒྲུབ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པ། །སུན་པར་མི་བགྱི་མགོན་ཁྱོད་བསླུ་མ་ལགས། །སྙིང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབས་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱེད་ནི་ཡོངས་མི་སྤོང་། །རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང་། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུང་། །འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་གནས་པར་སྤྲོ། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི། །སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན། །ཇི་སྲིད་ངན་སོང་སྟོངས་པར་མ་གྱུར་པ། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ། །སྙིང་རྗེའི་ལོངས་སྤྱོད་དེ་ལས་མ་མཆིས་པས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང་། །ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །འགྲོ་ལ་ཐུགས་བརྩེས་དཔལ་གྱི་མགུར་ནས་གསུངས། །རྣལ་འབྱོར་དམ་ཆོས་བདུད་རྩི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུག་པ་མ་མཆིས་པར། །ཅི་ལྟར་མཚམས་པ་བཞིན་དུ་རྒྱས་པར་བགྱི། །སྲིད་པར་ལས་དང་རྐྱེན་གྱིས་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་གཟུང་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང་། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མི་མིན་གདུག་པ་གང་ཡང་རུང་། །བདག་གིས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་མེད་དང་། །རྡོ་རྗེ་རྒྱལ་པོ་ཁྱོད་ལ་བརྟེན་ནས་ནི། །སངས་རྒྱས་ཞིང་སྦྱང་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །བདག་ནི་འཕགས་མཆོག་ཕྱག་རྒྱར་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། །ཁྱེད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་སོགས་མེ་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་དུ་བདག་མཆི་ན། །དམ་པ་རྣམས་ཀྱི་ནུས་མཐུ་སྩལ་དུ་གསོལ། །ཞེས་སྒྱུ་འཕྲུལ་དུ་འབྱུང་བ་ལྟར་བྱ། ཛཿཧཱུཾ་བཾ་ཧོཿ ཞེས་ཚོགས་ཞིང་རྣམས་རང་ལ་བསྟིམ། ལྔ་པ་བྱིན་དབབ་པ་ནི། ཧཱུཾ། གདལ་བ་ཆེན་པོ་ཆོས་དབྱིངས་ཕོ་བྲང་ནས། །རྡོ་རྗེ་འཛིན་རྒྱལ་སངས་རྒྱས་འདུས་པའི་རྗེ། །བྱིན་རླབས་འདོད་རྒུའི་ཆར་ཆེན་འབེབས་མཛད་པ། །ཕུར་པ་གྲུབ་པའི་རིག་འཛིན་བརྒྱུད་པར་བཅས། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །མཐུ་དབང་བྱིན་རླབས་དངོས་གྲུབ་སྩོལ་བའི་ཕྱིར། །དབྱིངས་ནས་འདིར་གཤེགས་དཀྱིལ་འཁོར་བྱིན་ཕོབ་ཅིག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་བཛྲ་ཨ་བེ་ཤ་ཡ་ཨ་ཨ་ཨ། དྲུག་པ་མཆོད་པ་བྱིན་གྱིས་བརླབ་པ་ནི། ཨ་མྲྀ་ཏས་བསང་ལ། ཧཱུཾ། རང་ཉིད་ལྷ་ཡི་ཐུགས་ཀ་ནས། །རཾ་འཕྲོས་མཆོད་རྫས་དངོས་འཛིན་བསྲེགས། །ཡཾ་འཕྲོས་རླུང་བྱུང་བག་ཆགས་གཏོར། །ཁཾ་འཕྲོས་ཆུ་བྱུང་གཉིས་འཛིན་བཀྲུས། །རཾ་ཡཾ་ཁཾ་སྭཱ་ཧཱ། བྷྲཱུཾ་འཕྲོས་བྷནྡྷའི་སྣོད་ནང་དུ། ཧཱུཾ་སྡོན་འཕྲོས་ཏེ་རྣམ་རྟོག་སྦྱངས། །ཨཱཿདམར་ཡེ་ཤེས་བདུད་རྩིར་གྱུར། །ༀ་དཀར་འདོད་ཡོན་སྣང་སྲིད་གང་། །ཧྲཱིཿཡིག་ཁ་དོག་ལྔ་སྤྲོས་ཞུ། །ལྷ་རྣམས་དགྱེས་པའི་རྫས་སུ་གྱུར། །ༀ་ཨཱཿཧཱུཾ་ཧྲཱིཿ ཞེས་སྤྱིར་སྦྱངས་ནས། སོ་སོར་བརླབས་པ་ལ་ལྔ་ལས། བདུད་རྩི་ནི། ཨཱཿ ཐོད་པ་སྣང་སྲིད་ཀུན་ཁྱབ་གཞལ་ཡས་སུ། །རིགས་ལྔ་ཡབ་ཡུམ་སྦྱོར་བའི་བྱང་སེམས་འཁྱིལ། །འོད་འཕྲོས་འཇིག་རྟེན་འདས་དང་མ་འདས་པའི། །བདུད་རྩི་བཀུག་བསྟིམ་ལྷ་རྣམས་བདུད་རྩིར་ཞུ། །དེ་ལས་ཆུ་བུར་ཚུལ་དུ་རྟ་མགྲིན་དབང་། །ཡུམ་བཞིར་བཅས་པ་དག་ཏུ་གྱུར་པ་ཡང་། །ཞུ་བས་ཁ་དོག་དྲི་དང་རོ་ལྡན་ཞིང་། །ནུས་མཐུ་ཕུན་ཚོགས་བདུད་རྩིའི་རྒྱ་མཚོ་ཆེ། །ཆོས་དབྱིངས་ནམ་མཁའི་ཁམས་ཀུན་གང་བར་གྱུར། །ༀ་ཨཱཿ ཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿ ཋཱ། ཞེས་བརྒྱའམ་ཉེར་གཅིག་བཟླས། རཀྟ་ནི། ཨ། བྷནྡྷ་སྟོང་གསུམ་ཁྱབ་པའི་སྣོད་ནང་དུ། །ཉོན་མོངས་འགྲོ་བ་བསྒྲལ་བའི་རཀྟ་དང་། །རྟེན་འབྲེལ་བཅུ་གཉིས་མཱུ་ལ་རཀྟ་དང་། །མཁའ་དབྱིངས་དག་པ་པདྨ་རཀྟ་དང་། །དགྲ་བགེགས་བསྒྲལ་བའི་ཁྲག་ཆེན་རྒྱ་མཚོར་བསྐྱིལ། །ར་ལས་བྱུང་བའི་ལྷ་མོ་རཀྟ་མོ། །འབྲུ་གསུམ་སྦྱོར་བས་ཞུ་ནས་བདུད་རྩིར་གྱུར། །ༀ་ཨཱཿཧཱུཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱིཿཋཱ། ཞེས་ལན་གསུམ་བཟླ། གཏོར་མ་ནི། ཨ། སྣང་བ་སྣོད་ཀྱི་འཇིག་རྟེན་ཀ་པཱ་ལར། །ཤ་ལྔ་བདུད་རྩིའི་རང་བཞིན་རི་ལྟར་སྤུངས། །ཡི་གེ་གསུམ་གྱི་འཕྲོ་འདུས་བདུད་རྩིའི་མཚོ། །ཆོས་དབྱིངས་ནམ་མཁའི་མཐའ་ཀླས་གང་བར་གྱུར། །ༀ་ཨཱཿཧཱུཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུཧྱ་ས་མ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བཟླ། ཕྱི་མཆོད་ནི། མཆོད་ཡོན་ཞབས་བསིལ་བདུད་རྩིའི་རྒྱ་མཚོར་བསྐྱིལ། །ལྷ་རྫས་མེ་ཏོག་ས་དང་བར་སྣང་ཁྱབ། །སྤོས་ཀྱི་དུད་སྤྲིན་གནམ་ས་བར་ཀུན་འཁྲིགས། །མར་མེའི་ཕྲེང་བ་སྟོང་གསུམ་འོད་དུ་འབར། །སྤོས་ཆུའི་རྫིང་བུ་སྣང་སྲིད་ཀུན་ཏུ་བསྐྱིལ། །ཞལ་ཟས་བདུད་རྩིའི་བཅུད་ཀྱིས་སྟོང་ཁམས་བཀང་། །ལྷ་མིའི་རོལ་མོ་སྒྲ་སྙན་སྲིད་གསུམ་འཁྲོལ། །ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོར་གྱུར། །ༀ་བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤཔྡ་པཱུ་ཛ་ཧོཿ ནང་མཆོད་ནི། ཁམས་གསུམ་རྣམ་དག་དུར་ཁྲོད་གནས་མཆོག་ཏུ། །དབང་པོ་ལྔ་ཡི་མེ་ཏོག་རི་ལྟར་སྤུངས། །གསུར་ཆེན་དུད་པའི་སྤྲིན་ཕུང་ཀུན་ཏུ་འཁྲིགས། །ཞུན་ཆེན་མར་མེ་དུས་མཐའི་མེ་ལྟར་འབར། །མཆོག་ཆེན་ཞག་གི་བྱུག་པ་མཚོ་རུ་འཁྱིལ། །ཤ་ཆེན་བདུད་རྩིའི་ཞལ་ཟས་འཇིག་རྟེན་གང་། །སྲིད་གསུམ་ཁྱབ་པའི་ཀེང་རུས་བྲག་ལྟར་འཚེར། །གོ་རོ་ཙ་ན་ནམ་མཁའི་རྒྱ་ཁྱོན་གང་། །རྐང་གླིང་ཐོད་རྔའི་སྒྲ་དབྱངས་སྟོང་གསུམ་སྒྲོག །དཔག་ཡས་ནང་གི་མཆོད་པ་བླ་ན་མེད། །རོལ་པའི་ཡེ་ཤེས་རྫས་སུ་བྱིན་གྱིས་བརླབ། །ༀ་མ་ཧཱ་རཀྟ་ཀེཾ་ནི་རི་ཏི་མ་ཧཱ་པཉྩ་པཱུ་ཛ་ཧོཿ སྒྲོལ་མཆོད་ཀྱི་ཕྱིར་ལིངྒ་ལ་དགྲ་བགེགས་དགུག་གཞུག་བྱ་སྟེ་མཆོད་པ་བྱིན་གྱིས་རློབ་པའི་རིམ་པའོ། །གཉིས་པ་དངོས་གཞི་ལ། ཏིང་འཛིན་རྣམ་གསུམ་རྟེན་བརྟེན་པ། །སྤྱན་དྲངས་ཕྱག་བྱ་གཉིས་མེད་བསྟིམ། །དབང་བསྐུར་མཆོད་བསྟོད་ཛཔ྄་བསྙེན་བྱ། །ཞེས་པ་ལྟར་བཅུ་ལས། དང་པོ་ཏིང་འཛིན་གསུམ་གྱིས་ཁོག་དབུབ་པ་ནི། ཧཱུཾ། ཆོས་རྣམས་སྟོང་ཞིང་བདག་མེད་པ། །ནམ་མཁའ་ལྟ་བུའི་ངང་ཉིད་ལས། །བདེ་ཆེན་སྤྲོས་མེད་ཐིག་ལེ་ཆེ། །མ་རྟོགས་རང་ལ་རང་འཁྲུལ་པའི། །འགྲོ་དྲུག་སེམས་ཅན་སྙིང་རེ་རྗེ། །སྟོང་ཉིད་སྙིང་རྗེའི་ངང་ཅན་དེས། །འགྲོ་དོན་རྫོགས་པར་བྱ་བའི་ཕྱིར། །རྒྱུ་ཡི་རིག་པ་ཧཱུཾ་དུ་ཤར། །ཞེས་པས་གསལ་གདབ། གཉིས་པ་རྟེན་བསྐྱེད་པ་ལ་གསུམ་ལས། དང་པོ་གཞི་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། ཧཱུཾ་ལས་འོད་འཕྲོས་སྣོད་བཅུད་ནི། །སྟོང་པ་ཆེན་པོའི་ངང་དུ་སྦྱངས། །ཨེ་ཡཾ་རཾ་ཁཾ་སུཾ་ཀེཾ་བྷྲཱུཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཕོ་བྲང་གཞལ་ཡས་ཁང་གི་གནས། །ནམ་མཁའ་སྔོ་སྐྱ་གྲུ་གསུམ་པར། །རླུང་ནག་རྡོ་རྗེ་རྒྱ་གྲམ་གཏམས། །ཐམས་ཅད་འདེགས་པའི་ཤུགས་དང་ལྡན། །མེ་ཡི་དཀྱིལ་འཁོར་གྲུ་གསུམ་འབར། །ཁྲག་གི་རྒྱ་མཚོ་རྦ་རླབས་འཁྲུག །ཞིང་ཆེན་སྨུག་པའི་ས་གཞི་བརྡལ། །ཀེང་རུས་ཆེན་པོའི་རི་རབ་ལ། །རྡོ་རྗེ་བྲག་ཆེན་སྲ་བའི་སྟེང་། །གཉིས་པ་རྟེན་གཞལ་ཡས་ཁང་སྒོམ་པ་ནི། དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །དབུས་སུ་བྷྲཱུཾ་ལས་གཞལ་ཡས་ཁང་། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པ། །ཕྱི་དང་ནང་མེད་ཀུན་ཏུ་གསལ། །རྩིག་པ་ཕ་གུ་དྲྭ་ཕྱེད་དང་། །ཤར་བུ་དང་ནི་མདའ་ཡབ་མཛེས། །སྟེགས་གུ་འདོད་ཡོན་ལྷ་མོས་གང་། །གྲུ་ཆད་བཞི་དང་ལྡན་པ་སྟེ། །གྲུ་བཞི་སྒོ་བཞི་རྟ་བབས་མཛེས། །འབར་བའི་བར་ཁྱམས་གཉིས་དང་ལྡན། །ཐོད་སྦྲུལ་སྣ་ཚོགས་ཉི་ཟླས་བརྗིད། །རྒྱན་རྣམས་ཀུན་གྱིས་ལེགས་པར་བརྒྱན། །འཇིགས་པའི་ཁྲོ་བོ་མང་པོ་འཁྲུག །ཕྱི་ནང་གཉིས་སུ་མི་དམིགས་ཀྱང་། །འགགས་མེད་ཡེ་ཤེས་རང་སྣང་ལ། །ནང་ནི་དུར་ཁྲོད་གཞལ་ཡས་ཁང་། །ཐོད་པ་སྐམ་རློན་རྩིག་པ་ལ། །ཀུན་ཀྱང་མིག་ནས་མེ་འབར་ཞིང་། །སྣ་ནས་དུད་པའི་སྤྲིན་ཕུང་འཐུལ། །ཁ་ནས་ཁྲག་གི་ཞམ་ཆུ་འབབ། །བར་མཚམས་ཤ་ཆེན་འཇིམ་ཞལ་བྱས། །ས་བདག་ཕོ་མོའི་ཀ་གདན་ལ། །མཆོག་ཆེན་བརྒྱད་ཀྱི་ཀ་བ་བྱས། །ཉི་ཟླ་འབར་བའི་ཀ་གཞུ་ལ། །ཚངས་པའི་གདུང་བཞི་མིག་མང་བྲིས། །ཞིང་ཆེན་ཞིང་ཆུང་གྲལ་ཕྱམ་བྱས། །ཞིང་ལྤགས་ཐོག་དང་བླ་བྲེས་ལ། །རྒྱུ་རློན་ལྡ་ལྡི་དོན་སྙིང་འཕྱང་། །ཀེང་རུས་ཐོད་ཚལ་དྲྭ་བས་བརྒྱན། །སྒོ་བཞི་སྦྲུལ་ནག་རེ་བཞི་ལ། །ནམ་མཁའ་ལྡིང་དང་རུས་སྦལ་གྱི། །ཡ་ཐེམ་མ་ཐེམ་རབ་ཏུ་བརྗིད། །ཆུ་སྲིན་གདུག་པའི་ལྕིབ་ཁུང་དུ། །ཞིང་གི་ལྤགས་པས་སྒོ་གླེགས་བྱས། །ཞིང་ཆེན་རྒྱལ་མཚན་ཕྱོགས་བཞིར་སྒྲེང་། །གཡང་བཞི་རློན་པའི་བ་དན་ཕྱར། །རྒྱུ་མའི་དར་དཔྱང་ཕྱོགས་བཅུར་གཡོ། །ཙིཏྟ་རློན་པའི་ཏོག་གིས་མཚན། །ཡེ་ཤེས་ལྔ་ཡི་མེ་དཔུང་འབར། །རྡོ་རྗེའི་འབར་བའི་ར་བས་བསྐོར། །འཇིགས་པའི་དུར་ཁྲོད་ཆེན་པོ་བརྒྱད། །གསར་དང་རྙིང་པ་རོ་ཡིས་གང་། །རོ་ལངས་མང་པོ་གར་བྱེད་ཅིང་། །ཀེང་རུས་མེ་འབར་རྒྱུག་ཅིང་མཆོང་། །གསལ་ཤིང་དག་གིས་ཕུག་པའི་རོ། །ཤིང་ལ་དཔྱངས་དང་རེངས་པ་དང་། །རུལ་དང་མྱགས་དང་མེས་ཚིག་དང་། །མགོ་དང་ཤ་རུས་ལྷུ་དུམ་འཐོར། །དུར་བྱ་གཤོག་བརྡབ་ལྕེ་སྤྱང་འཁྲུག །ཕྱོགས་སྐྱོང་ཞིང་སྐྱོང་ལྷ་དང་ཀླུ། །འདྲེ་དང་ཤ་ཟ་སྲིན་པོ་དག །འཇིགས་པའི་ཅ་ཅོ་ཆེར་སྒྲོག་ཅིང་། །མེ་ཆུ་ཤིང་དང་མཆོད་རྟེན་སྤྲིན། །ཁྲག་མཚོ་ཁོལ་མ་དག་དང་བཅས། །མཁའ་འགྲོ་མ་ཡིས་བདག་བྱས་ཤིང་། །རབ་འཇིགས་ཀུན་ཏུ་སྐྱི་གཡའ་བ། །གྲུབ་པའི་རྣལ་འབྱོར་རྒྱུ་བའི་གནས། །འབར་བ་བརྒྱད་ཀྱིས་བསྐོར་བ་ཡི། །དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བྷཉྫ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུཾ། དེ་དབུས་མཐིང་ནག་གྲུ་གསུམ་ཨེ། །ཟླ་གམ་ཁྲག་མཚོ་གསུམ་དང་ལྡན། །འབར་བའི་འཁོར་ལོ་རྩིབས་བཅུ་པ། །མུ་ཁྱུད་ཐོད་པའི་ར་བར་བཅས། །གསུམ་པ་གདན་བསྐྱེད་པ་ནི། ༀ་སུམྦྷ་ནི་སོགས་བརྗོད་པས། ཐུགས་ཀ་ནས་ཁྲོ་བོ་ལྕགས་ཀྱུ་དང་ཐོ་བ་ཐོགས་པ་མང་པོ་འཕྲོས་ནས། དབང་ཕྱུག་ཕོ་མོ་དང་། ཕྱོགས་སྐྱོང་རྣམས་ཀྱི་སྙིང་ག་ནས་ལྕགས་ཀྱུས་བཟུང་། ཐོ་བས་ཉལ་གྱིས་བརྡུངས་ནས་དབུས་དང་རྩིབས་བཅུར་བཞག་པར་བསམ་ལ། ཛཿ བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །འབར་བ་ཁྲོ་བོའི་འཕྲོ་འདུ་ཡིས། །ལྷ་ཆེན་དྲེགས་པ་ཁྱོ་ཤུགས་དང་། །ཕྱོགས་སྐྱོང་འབྱུང་པོ་གདན་དུ་བཏིང་། །པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་སཱུརྻ་མཎྜ་ལ། མ་ཧཱ་དེ་བ་ཛ། ཨུ་མ་དེ་ཝཱི་ཛཿ བྲཧྨ་ཎ་ཛཿ ཨིནྡྲ་ཡེ་ཛཿ ཨགྣེ་ཡེ་ཛཿ ཡ་མ་ཡེ་ཛཿ ནཻ་རཱི་ཏྱ་ཛཿ ཝ་རུ་ཎཱ་ཡ་ཛཿ ཝཱ་ཡ་བེ་ཛཿ ཀུ་བེ་རཱ་ཡེ་ཛཿ ཨི་ཤ་ན་ཡ་ཛཿ བྷཱུ་མི་པ་ཏི་ཛཿ མཱ་ར་ཛཿཞེས་པས་མ་ཧཱ་དེ་ཝ་ཕོ་མོ་དབུས་སུ་གཙོ་བོའི་གདན་དང་། ཕྱོགས་སྐྱོང་རྣམས་རྩིབས་སྟེངས་སུ་ཁྲོ་བོ་རྣམས་ཀྱི་གདན་བཏིང་བར་བསམ་མོ། །གསུམ་པ་བརྟེན་པ་ལྷ་བསྐྱེད་པ་ལ་གསུམ་སྟེ། བདག་རྩ་བའི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། ཕུར་བུ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་བདག་རྩ་བའི་དཀྱིལ་འཁོར་བསྐྱེད་པ་ལའང་གསུམ་ལས། དང་པོ་བསྐྱེད་པ་དངོས་ནི། ཧཱུཾ་བཛྲ་ཀཱི་ལ་ཡ། ཆོས་ཉིད་སྟོང་པའི་རང་སྒྲ་ལས། །རྒྱུ་ཡི་ཏིང་འཛིན་ཡི་གེ་ཧཱུཾ། །རྡོ་རྗེ་ཧཱུཾ་གིས་མཚན་པར་གྱུར། །དེ་ཉིད་དབུས་ཀྱི་གདན་སྟེང་བབས། །འོད་འཕྲོས་དོན་བྱས་ཚུར་འདུས་པས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། སྣང་སྟོང་རྡོ་རྗེ་ཆོས་ཀྱི་སྐུ། །དཔལ་ཆེན་ཁྲོ་རྒྱལ་གཞོན་ནུ་ནི། །མཐིང་ནག་དཀར་དམར་འཇིགས་པའི་ཞལ། །རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་། །མེ་དཔུང་དང་ནི་ཁ་ཊྭཾ་ཐོགས། །རི་རབ་བརྗིད་པའི་ཕུར་པ་འདྲིལ། །རབ་འཇིགས་སྲིན་པོ་ཁྲོས་པའི་གཟུགས། །དུར་ཁྲོད་འབར་བའི་ཆས་དང་ལྡན། །རྡོ་རྗེའི་གཤོག་པ་ནམ་མཁར་གདེངས། །དཀར་དམར་ལྗང་ནག་སྦྲུལ་ཆེན་གྱིས། །དབུར་བརྒྱན་སེ་རལ་སྐེད་བཅིངས་དང་། །ཕྱག་དང་ཞབས་གཉིས་རྣམ་པར་སྤྲས། །དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས། །ཞབས་བཞི་དོར་སྟབས་དྲེགས་པ་བརྫིས། །ཡེ་ཤེས་བསྐལ་པའི་མེ་ཀློང་བཞུགས། །གར་དགུའི་ཉམས་ལྡན་དཔའ་བོ་ཆེ། །ཐུགས་ཀར་རང་འདྲའི་སེམས་དཔའ་ནི། །སྨུག་ནག་འབར་བ་ཚོན་གང་བའི། །ཐུགས་ཀར་རྡོ་རྗེ་ཧཱུྃ་དང་ལྡན། །མཐའ་མར་ཀཱི་ལ་ཡ་ཡིས་བསྐོས། །ཐུགས་ན་རིན་ཆེན་ཟུར་བརྒྱད་པ། །ཟླ་གམ་སྒོ་གཅིག་ལྟ་བུའི་ཚུལ། །སྒོ་སྲུང་རྟ་མགྲིན་རྒྱལ་པོར་གསལ། །བདག་གི་ཕུང་ཁམས་སྐྱེ་མཆེད་དང་། །སྐྲ་དང་བ་སྤུར་བཅས་པ་ཀུན། །རང་འདྲའི་རྡོ་རྗེ་གཞོན་ནུ་ནི། །ཀཱི་ལ་ཡ་ཡི་སྒྲ་སྒྲོག་ཅིང་། །གོ་མཚམས་མེད་པར་གཏམས་པར་གྱུར། །ༀ་ཏཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །འཁོར་ལོ་ཐོད་ཁྲག་ཡབ་ལ་འཁྱུད། །གཟིག་ཤམ་ཕྱག་རྒྱ་ལྔ་ཡིས་སྤྲས། །ཐོད་སྐམ་དབུ་རྒྱན་དོ་ཤལ་འཕྱང་། །ཁྲོ་བོའི་ཆས་རྣམས་རྫོགས་པར་གསལ། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། །སྣོད་བཅུད་གཞལ་ཡས་ལྷ་རུ་གྱུར། །གཉིས་པ་སྤྱན་དྲངས་ཤིང་བྱིན་གྱིས་བརླབ་པ་ནི། ཧཱུཾ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་སྒྲུབ་པར་མཛོད། །ༀ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོའི་འགྲུབ་པར་མཛོད། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་སམ་ཡ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་པས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱི་རྣམ་པར་བྱོན་ནས། བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོར་གསལ་བདེ་དག་ལ་བསྟིམས་པས་སྣོད་བཅུད་དག་པ་ཆེན་པོ་གྱུར། ཧཱུཾ། བདག་གི་གནས་གསུམ་འབྲུ་གསུམ་ལས། །འོད་ཀྱིས་ཕྱོགས་བཅུ་རབ་འབྱམས་ཀྱིས། །སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཀུན། །མ་ལུས་སྤྱན་དྲངས་ཐིམ་པ་ལས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གྱུར། །ཧཱུཾ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཝཱ་ཀ་དང་ཙིཏྟ་ཞེས་སྦྱར་ཏེ་བརྗོད། གསུམ་པ་དབང་ནི། ཧཱུཾ། ཡབ་ཀྱི་གསང་གནས་མི་དམིགས་པད་ཟླ་ཉིར། །རྡོ་རྗེ་ཧཱུཾ་དང་རྭ་ལྔ་འབྲུ་ལྔས་མཚན། །ཡུམ་གྱི་མཁའ་གསང་ཉི་ཟླ་པདྨའི་སྟེང་། །གྲུ་གསུམ་མཐིང་ནག་ཨེ་ཡིས་མཚན་པར་གྱུར། །ༀ་ཨཱཿཧཱུཾ་ཕཊ། ༀ་ཧཱུཾ་སྭཱ་ཨཱཾ་ཧཱ། ཧྲི་མ་ཡ། ཧཱུཾ་ལས་འོད་འཕྲོས་ཁྲོ་བོའི་རྗེ། །རིགས་ལྔ་མཁའ་ལ་སྤྱན་དྲངས་ཏེ། །མ་ཧཱ་སརྦ་པཱུ་ཛ་ཧོཿ མཆོད་པ་ཆེན་པོས་དགྱེས་བྱས་ནས། ཧཱུཾ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཡེ་ཤེས་ཆུ་ཡིས་དབང་བསྐུར་བས། །དྲི་མ་སྦྱངས་ཏེ་ལུད་པ་ལས། །རིགས་ལྔ་ཡབ་ཡུམ་ཧེ་རུ་ཀས། །དབུ་ལ་རབ་ཏུ་བརྒྱན་པར་གྱུར། །ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཤྲི་ཧེ་རུ་ཀ་ཀྲོདྷི་ཤྭ་རཱི་སྟྭཾ། གཉིས་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་ལ་གཉིས་ཏེ། ཁྲོ་བཅུ་ཡབ་ཡུམ་ཕྱག་བརྙན་དང་བཅས་པར་བསྐྱེད་པ་དང་། ཞར་བྱུང་སྒོ་སྐྱོང་དམ་ཅན་དང་བཅས་པར་བསྐྱེད་པའོ། །དང་པོ་ནི། ཡུམ་གྱིས་ས་མ་ཡ་སྟྭཾ་ཞེས་བསྐུལ་བས། ཡབ་ཀྱིས་ས་མ་ཡ་ཧོཿཞེས་དང་། བཛྲ་ཨ་ར་ལི་ཧཱུཾ། ཡབ་ཡུམ་གཉིས་མེད་སྦྱོར་བའི་བྱིན་རླབས་ལས། །བྱང་སེམས་སྤྲིན་འཕྲོས་འགྲོ་རྣམས་བདེ་ལ་བཀོད། །ཚུར་འདུས་གདན་ཐོག་བཅུ་རུ་ཐིག་ལེ་བཅུ། །ཐུགས་ཀའི་ཧཱུཾ་ལས་ཧཱུཾ་ཡིག་སྦྲེལ་མ་བཅུ། །འཕྲོས་ནས་ཐིག་ལེ་བཅུ་ཡི་ནང་དུ་ཞུགས། །ཁྲོ་བཅུ་ཡབ་ཡུམ་སྤྲུལ་པར་བཅས་རྣམས་གསལ། །གཙོ་བོའི་ཐུགས་ཀ་ནས། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཟུང་བཅུ་གདན་སོ་སོའི་སྟེང་དུ་ཆད་དེ་ཡོངས་སུ་གྱུར་པ་ལས། ཧཱུཾ། ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །བྱུང་བའི་ཕྱོགས་བཅུའི་ཁྲོ་བོ་ནི། །ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། །སྤྱན་དགུ་ཞབས་ཀྱང་བཞི་པ་སྟེ། །དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན། །རྩ་བའི་ཕྱག་གཉིས་དག་གིས་ནི། །རྡོ་རྗེ་དུང་དམར་དཀྲུག་ཅིང་གསོལ། །ཐ་གཉིས་རི་རབ་ཕུར་བུ་སྒྲིལ། །བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། སྟེང་ཕྱོགས་ཁྲོ་བོ་ཧཱུཾ་མཛད་སྔོ། །གཡས་དཀར་གཡོན་དམར་སྒྲ་འབྱིན་ཡུམ། །བར་པའི་ཕྱག་གཉིས་མདའ་གཞུ་འགེངས། །སྤྲུལ་པ་ཕག་དང་རྩང་པའི་མགོ། །ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ཤར་ཕྱོགས་ཁྲོ་བོ་རྣམ་པར་རྒྱལ། །དཀར་དམར་སྔོ་ཞིང་སྙེམས་མ་ཡུམ། །བར་པ་རྡོ་རྗེ་འཁོར་ལོ་འཛིན། །སྤྲུལ་པ་སྟག་དང་བྱ་རྒོད་མགོ། །ༀ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། ཤར་ལྷོ་ཁྲོ་བོ་དབྱུག་སྔོན་སྔོ། །གཡས་དཀར་གཡོན་དམར་སྡེར་མོ་ཡུམ། །བར་པ་དབྱུག་ཐོ་མེ་དབལ་བསྣམས། །སྤྲུལ་པ་གཡག་དང་བྱ་རོག་མགོ། །ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ལྷོ་རུ་གཤིན་རྗེ་གཤེད་པོ་མཐིང་། །གཡས་དཀར་གཡོན་དམར་དུར་ཁྲོད་ཡུམ། །བར་པ་དགྲ་སྟྭ་དབྱུག་ཐོ་འཛིན། །སྤྲུལ་པ་ཤ་བ་འུག་པའི་མགོ། །ༀ་བཛྲ་ཀྲོ་དྷ་ཨཱརྻ་ཨཱ་ཙ་ལ་ཧཱུཾ་བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ལྷོ་ནུབ་ཁྲོ་བོ་མི་གཡོ་སྨུག །གཡས་དཀར་གཡོན་ལྗང་གཏུན་ཁུང་ཡུམ། །བར་པ་རལ་གྲི་ཞགས་པ་འཛིན། །སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ། །ༀ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ནུབ་ཏུ་ཁྲོ་བོ་རྟ་མགྲིན་དམར། །གཡས་དཀར་གཡོན་མཐིང་གཏུམ་མོ་ཡུམ། །བར་པ་རལ་གྲི་སྦྲུལ་ཞགས་འཛིན། །སྤྲུལ་པ་བྱི་ལ་པུ་ཤུད་མགོ། །ༀ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ནུབ་བྱང་ཁྲོ་བོ་འདོད་རྒྱལ་དམར། །གཡས་དཀར་གཡོན་ལྗང་མདའ་སྙེམས་ཡུམ། །བར་པ་དབྱུག་ཐོ་རྔ་ཡབ་འཛིན། །སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ། །ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། བྱང་དུ་བདུད་རྩི་འཁྱིལ་བ་ལྗང་། །གཡས་དཀར་གཡོན་དམར་རླུང་འབྱིན་ཡུལ། །བར་པ་རྒྱ་གྲམ་དབྱུག་ཐོ་འཛིན། །སྤྲུལ་པ་སེང་གེ་ཕ་ཝཾ་མགོ། །ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། བྱང་ཤར་ཁྲོ་བོ་བགེགས་འདུལ་སེར། །གཡས་མཐིང་གཡོན་ལྗང་གསོད་བྱེད་ཡུམ། །བར་པ་རྡོ་རྗེ་ཏྲི་ཤུལ་འཛིན། །སྤྲུལ་པ་དྲེད་དང་སྲེ་མོང་མགོ། །ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། འོག་ཕྱོགས་སྟོབས་ཆེན་དུད་ཁ འི་མདོག །གཡས་དཀར་གཡོན་དམར་བསྐྱོད་བྱེད་ཡུམ། །བར་པ་ཐོ་བ་གཏུན་ཤིང་འཛིན། །སྤྲུལ་པ་དོམ་དང་བྱི་བའི་མགོ། །ཡབ་རྣམས་ཆ་ལུགས་གཙོ་དང་མཚུངས། །རང་རང་ཡུམ་རྣམས་སྐུ་མདོག་དང་། །ཆ་ལུགས་གཙོ་མོ་དག་དང་མཐུན། །ཕྱག་མཚན་དྲིལ་བུ་དུང་དམར་འཛིན། །སྤྲུལ་པ་ལྕམ་དྲལ་སྐུ་མདོག་ནི། །གཡས་གཡོན་ཞལ་གྱི་ཁ་དོག་འཛིན། །ཕྱག་མཚན་སྣ་ཚོགས་ཕུར་བུ་ཐོགས། །རྔམས་བརྗིད་འབར་བའི་སྐུ་རུ་བསྐྱེད། །གཉིས་པ་ནི། གཙོ་བའི་ཐུགས་ཀ་ནས་ཛཿཧཱུཾ་བཾ་ཧོཿབཞི་སྤྲོས་ཏེ་སྒོ་བཞིར་འཁོད་པ་ནི། ཤར་གྱི་སྒོ་བ་པུ་ཤུད་མགོ། །མཐིང་ནག་གཡས་པ་ལྕགས་ཀྱུ་འཛིན། །ལྷོ་ཡི་སྒོ་བ་སྐྱ་ཀའི་མགོ། །སེར་མོ་གཡས་པ་ཞགས་པ་འཛིན། །ནུབ་ཀྱི་སྒོ་བ་སྲིན་བྱའི་མགོ། །དམར་ནག་གཡས་པ་ལྕགས་སྒྲོག་འཛིན། །བྱང་གི་སྒོ་བ་ཁྲ་ཡི་མགོ། །ལྗང་ནག་གཡས་པ་དྲིལ་བུ་འཛིན། །ཀུན་ཀྱང་གཡོན་པ་ཕུར་བུ་ཐོགས། །རྒྱན་དང་ཆ་ལུགས་རྫོགས་པར་བསྐྱེད། །དེ་ནས་དམ་ཅན་འདུས་པའི་དཀྱིལ་འཁོར་ནི། ཁྲག་ཁྱམས་ཞིང་སྐམ་གདན་སྟེངས་སུ། །དབང་ཕྱུག་ཆེན་པོའི་ཉི་ཤུ་བརྒྱད། །སྨུག་ནག་སེར་ནག་དམར་ནག་དང་། །ལྗང་ནག་བདུན་བཞི་ཕྱོགས་བཞིར་བསྐྱེད། །ཁྲག་ཁྱམས་ཕྱི་རོལ་ལྷ་སྣམ་གཉིས། །མི་རོ་རྟ་རོས་གང་བའི་སྟེང་། །ནང་ངོས་ཕུར་སྲུང་བཅུ་གཉིས་དང་། །ཕྱི་རོལ་མ་མོ་གིང་གི་ཚོགས། །ཤར་སྒོར་དུང་གི་སྐྱེས་བུ་དང་། །ལྷོ་སྒོར་ལྕགས་ཀྱི་སྐྱེས་བུ་དང་། །ནུབ་སྒོར་བསེ་ཡི་སྐྱེས་བུ་དང་། །བྱང་སྒོར་ཏ་ཀི་ནག་པོ་བསྐྱེད། །གཞན་ཡང་བར་ཁྱམས་ཁོར་ཡུག་ལ། །མཁའ་འགྲོ་ཆེན་མོ་སུམ་ཅུ་གཉིས། །གིང་ཆེན་ཕོ་མོ་བཅོ་བརྒྱད་དང་། །འབར་བའི་ཕོ་ཉ་མ་མོ་བདུན། །སྲིང་བཞི་བརྟན་མ་བཅུ་གཉིས་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་རྣམས། །འཁོར་བཅས་མ་འདྲེས་ཡོངས་རྫོགས་གསལ། །གསུམ་པ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་པ་ནི། ཨེ་སྥ་ར་ཎ་ཕཊ། བདག་གི་ཐུགས་ཀའི་འོད་ཟེར་གྱིས། །ཕུར་གདན་ཆོས་འབྱུང་འབར་བ་རུ། །སྲིད་གསུམ་གདུག་པ་བཀུག་ནས་ནི། །གན་རྐྱལ་ཁ་སྦུབ་བསྐྱེལ་བར་གྱུར། །ཅེས་པས་ཕུར་གདན་ཨེ་ལས་ཆོས་འབྱུང་གི་ནང་དུ་ནྲྀ་ཏྲི་ལས་དགྲ་བགེགས་བསྐྱེད་དེ་དགུག་གཞུག་བྱ། དེ་ནས་བྱིན་གྱིས་བརླབ་པ་ལ་བདུན་ཏེ། ཧཱུཾ། སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །བྱང་ཆུབ་སེམས་ཀྱི་ཕུར་པ་སྟེ། །ཕུར་པའི་རང་བཞིན་གདོད་ནས་དག །བློ་བྲལ་ཆོས་ཀྱི་སྐུ་རུ་གསལ། །ཧཱུཾ། སྐྱེ་མེད་འགགས་པ་མེད་པའི་རང་རྩལ་ལས། །ཧཱུཾ་ལས་སྐྱེས་པའི་དྲག་པོའི་ཕུར་བུ་སྟེ། །རྒྱ་མདུན་དང་པོ་བྷྲཱུཾ་ལས་གཞལ་ཡས་ཁང་། །འབྲུ་ལྔ་ཡོངས་གྱུར་ཁྲག་འཐུང་རིགས་ལྔ་ལ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་་མཚོས་མཆོད། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཧཱུཾ། ཇི་ལྟར་ཤེལ་ལ་ཚོན་གྱིས་བསྒྱུར་བ་ལྟར། །ལོངས་སྤྱོད་རྫོགས་ལས་ཐུགས་རྗེ་སྤྲུལ་པའི་སྐུ། །ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །སྐུ་སྟོད་ཁྲོ་བོ་ཞལ་གཅིག་ཕྱག་བཞི་པ། །སྐུ་སྨད་རྣོ་དབལ་ཕུར་བུ་འབར་བའི་ཚུལ། །ཁམ་ནག་རལ་པ་ཟུར་གསུམ་སྟབས་སུ་སྒྲེང་། །སྦྲུལ་ཆེན་འཇིགས་པས་ཐོད་རློན་བཅིངས་ཤིང་སྤྲས། །སྤྱན་གསུམ་སྡང་མིག་རབ་བགྲད་ཕྱོགས་བཅུར་གཟིགས། །གཏུམ་རྔམས་མཆེ་གཙིགས་མེ་དཔུང་ཀློང་ན་བཞུགས། །ཕྱག་བཞི་གཡས་ན་འབར་བའི་སྟྭ་རེ་འཕྱར། །འོག་མ་རྡོ་རྗེ་རི་རབ་གནོན་སྟབས་འཛིན། །ཁ་ཊྭཱཾ་འཁྲོལ་བས་ཁམས་གསུམ་འཇིགས་པར་མཛད། །ཕུར་བུ་འདེབས་པས་ངན་སོང་གསུམ་པོ་འཇིག །ཁྱོད་ཀྱི་ནུས་མཐུ་སྟོབས་དང་དྲག་རྩལ་ནི། །ཁྲོ་བོ་ཐམས་ཅད་འདུས་པ་བས་ཀྱང་ཆེ། །བརྟག་པ་ཆེན་པོ་སྤྲུལ་སྐུར་བྱིན་བརླབས་པའི། །གནས་ལྔ་དཔའ་བོ་འབྲུ་ལྔས་མཚན་པར་བསམ། ༀ་ཨཱཿཧཱུཾ་སྭཱ་ཧཱཿ ཞེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་བྱིན་གྱིས་བརླབས་པའོ། །ཕུར་བུ་དེ་ཡི་སྤྱི་མགྲིན་རྩེ་མོ་རུ། །ༀ་དང་ཧྲཱིཿདང་ཕཊ་ཀྱིས་མཚན་པ་ལས། ༀ་ཧྲཱིཿཕཊ། སྐུ་དང་གསུང་དང་ཐུགས་སུ་བྱིན་བརླབས་གྱུར། །ཅེས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའོ། །དཔལ་ཟུར་ཕཊ་གསུམ་ངོས་གསུམ་ཧཱུཾ་གིས་མཚན། །ཐུགས་རྗེ་ཡེ་ཤེས་རྩེ་མོ་གཅིག་པར་བརླབས། །ཐུགས་ཡེ་ཤེས་རྩེ་གཅིག་པར་བྱིན་གྱིས་བརླབས་པའོ། །བདག་ཉིད་རྩ་བའི་ཐུགས་ཀའི་འོད་ཟེར་གྱིས། །རིགས་ཀྱི་ཁྲོ་བོ་ཐམས་ཅད་སྤྱན་དྲངས་ཏེ། །མ་ཧཱ་པཱུ་ཛ་ཧོཿ ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཤྲཱི་ཧེ་རུ་ཀ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་རོལ་པ་ཁྲོ་བོའི་ལྷ་ཚོགས་རྣམས། །ཕྱོགས་བཅུར་སྤྲུལ་པ་འཕྲོས་ཏེ་ཚུར་འདུས་ནས། །ཧཱུཾ་ཕཊ་འཇིགས་པའི་གད་རྒྱང་ཆེར་སྒྲོག་ཅིང་། །ཕུར་པ་ལ་ཐིམ་དབང་དང་བྱིན་རླབས་རྫོགས། །ཞེས་རིགས་སོ་སོའི་ཁྲོ་བོས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའོ། །ཧཱུཾ། བདག་ཉིད་ཕྱག་གཡས་མ་ལས་ཉི་སྟེང་ཧཱུཾ། །གཡོན་པར་ཨ་ལས་ཟླ་སྟེང་ཡི་གེ་ཨ། །ལག་སོར་གཡས་ལ་ཉི་དཀྱིལ་རེ་རེའི་སྟེང་། །ཧཱུཾ་ཏྲཱཾ་ༀ་ཧྲཱིཿ ཨཱཿ རྣམས་ཀྱིས་མཚན་པ། །གཡོན་སོར་ལྔ་ལ་ཟླ་དཀྱིལ་རེ་རེའི་སྟེང་། །ལཱཾ་མཱཾ་མཱུཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ། །དེ་དག་ཡོངས་གྱུར་རིགས་ལྔ་ཡབ་ཡུམ་བཅུ། །སྐུ་མདོག་ཆ་ལུགས་རྒྱན་རྣམས་རྫོགས་པར་གྱུར། །སུ་ར་ཏ་སྟྭཾ། ཞེས་ཐལ་མོ་སྦྱར། བཛྲ་ཨཉྩ་ལི་ཧཱུཾ་གིས་སོར་མོ་བསྣོལ། ༀ་བཛྲ་བྷནྡྷ་ཧཱུཾ་གིས་ཕྱག་རྒྱ་བསྡམས། ས་མ་ཡ་སྟྭཾ། དེ་ནས་ཕུར་བུ་ལག་ཏུ་བླངས་ཏེ་ཆངས་བར་བཅུག །ལག་པའི་རྟིང་པའི་མཁྲིག་མ་བསྙལ་མཐེ་བོང་གཉིས་དང་སྲིན་ལག་དང་མཐེའུ་ཆུང་གི་བར་དུ་ཕུར་བུ་གཞུག །མཐེ་བོང་ཅུང་ཟད་བསྒུལ་བས་འདྲིལ་ལ། ༀ་བཛྲ་ཨ་བེ་ཤ་ཡ་ཨ་ཨ། ཕྱོགས་བཅུ་དུས་གསུམ་རྒྱལ་སྲས་འཁོར་དང་བཅས། །སྔོན་གྱི་ཐུགས་དམ་སྡོང་གྲོགས་རྗེས་དགོངས་ལ། །བུ་ཡུག་འཚུབ་ལྟར་གཤེགས་ནས་ཕུར་པར་ཐིམ། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེན་པོར་བཞུགས། །ཕུར་བུ་བདག་ཉིད་ཆེན་པོར་བྱིན་གྱིས་བརླབ་ཅིང་དབང་བསྐུར་བའོ། །དེ་ནས་སོར་མོ་རྒྱབ་ཏུ་བསྣོལ་ལ། གོང་མོ་གཉིས་གཤིབ་ནས་བསྒྲེང་བའི་བར་དུ་ཕུར་བུ་བཅུག་ལ། ༀ་བཛྲ་སཏྭ་རཱ་ཛ་ཧཱུཾ། དེ་ནས་སོར་མོ་པུག་པུག་པོར་བྱས་ལ། ལག་པའི་རྟིང་པས་ཕུར་བུ་བཟུང་ལ། ༀ་ཧྲཱིཿཀཱི་ལ་ཡ་ཧཱུཾ་ཕཊ། དེ་ནས་སོར་མོ་རྒྱབ་ཏུ་བསྣོལ་ཏེ་མཐེ་བོང་གཤིབ་ནས་ཕུར་བུ་བཟུང་སྟེ། ༀ་ཙྪིནྡྷ་ཙྪིནྡྷ་ཧ་ན་ཧ་ན་ཧཱུཾ་ཕཊ། ཏིཔྟ་ཙཀྲ། ཞེས་འདྲིལ། བདག་ཉིད་ཆེ་རྣམས་ཐམས་ཅད་ཀྱང་། །གཉིས་མེད་སྦྱོར་བའི་གཟི་བྱིན་རྣམས། །ཕུར་པ་ལ་ནི་ཞུགས་པ་ཡིས། །སྟོང་ཁམས་གང་བའི་མེ་སྟག་འཕྲོས། །དམིགས་པའི་ལས་རྣམས་ངེས་འགྲུབ་པའི། །དབང་ཆེན་ལྡན་པར་བྱིན་གྱིས་བརླབས། །ཞེས་དོན་དྲན་བཞིན་པས་མདུན་གྱི་ཨེ་སྟེང་དུ་བཞུགས་སུ་གསོལ། དེ་ནི་བདག་ཉིད་ཆེན་པོར་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབས་ཤིང་དབང་བསྐུར་བའོ། །དེ་ནས་ཡུངས་ཀར་བྲབ་ཅིང་གཟི་མདངས་བསྐྱེད་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཡཀྴ་ཀྲོ་དྷ་ཚལ་པ་ཧཱུཾ་ཕཊ། གུ་གུལ་གྱིས་བདུག་ཅིང་ནུས་པ་བསྐྱེད་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷུ་པེ་ཏ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། རཀྟ་ཕུར་རྩེ་ལ་བྱུག་པས་ཆགས་པ་བསྐྱེད་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་དགྲ་བགེགས་མཱ་ར་ཡ་ཧཱུཾ་ཕཊ། ཧཱུཾ། ཏིཔྟ་ཙཀྲ་ཕུར་པའི་ལྷ། །མཐིང་ནག་གཅེར་བུ་རལ་པ་ཅན། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །ལྟེ་བ་མན་ཆད་ཕུར་པའི་དབལ། །འབར་བའི་ཕྲེང་བ་འཁྲིག་པའི་འོད། །དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས། །ཐུགས་ལ་རྡོ་རྗེ་གཞོན་ནུ་འབར། །ཡེ་ཤེས་མེ་དཔུང་ཀློང་ན་བཞུགས། །དྲག་པོར་གྱུར་པའི་ཕུར་པ་སྟེ། །བཏབ་ན་ལྷ་ཡང་བརླག་འགྱུར་ན། །གནོད་བྱེད་རྣམས་ལ་སྨོས་ཅི་དགོས། །དགྲ་བགེགས་སྙིང་ལ་ཀཱི་ལ་ཡ། །རྫས་ཀྱི་བྱིན་གྱིས་བརླབ་ཅིང་ཆེ་བ་བརྗོད་པའོ། །དེ་ནས་ཡེ་ཤེས་ཀྱི་འོད་ཟེར་གྱིས་དཀྱིལ་འཁོར་གསུམ་ལ་སྲོག་ཡེ་ཤེས་སུ་དབང་བསྐུར་ཞེས་པས། བདག་རྩ་བ་དང་ཕུར་པ་རྫས་ལ་དབང་བསྐུར་བ་སྔར་སོང་ལ་འདིར། ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་སྒོ་མ་དང་བཅས་པ་རྣམས་ཀྱི་གནས་གསུམ་དུ་ༀ་ཨཱཿཧཱུཾ་དཀར་དམར་མཐིང་གསུམ་གྱིས་མཚན་པར་བསམ་མོ། །བཞི་པ་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱ ི་གནས་ནས་རྡོ་རྗེ་གཞོན་ནུ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཕུར་པའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་པར་བསམ་ལ། ཧཱུཾ། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །སྙིང་པོའི་དཀྱིལ་འཁོར་ལྷུན་གྱིས་རྫོགས། །སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ༀ་བཛྲ་ས་མཱ་ཛཿ ཞེས་པས། ཡེ་ཤེས་ཀྱི་འཁོར་ལོ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པའི་མདུན་གྱི་ནམ་མཁར་བཞུགས་པར་བསམ། ལྔ་པ་ཕྱག་བྱ་བ་ནི། ཧཱུཾ། སྲིད་གསུམ་གདུག་པ་འདུལ་བ་དང་། །ང་རྒྱལ་ཞེན་པ་གཞོམ་པའི་ཕྱིར། །རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ། །རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་ཕྱག་བྱ། དྲུག་པ་བསྟིམ་པ་ནི། ༀ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱཿ བཛྲ་ཨཱ་ས་ན་ཏི་ཥྛནྟུ། ཞེས་ཞབས་བསིལ་ཞིང་གདན་ལ་བཞུགས། མ་ཧཱ་པཱུ་ཛ་ཧོཿ ཞེས་མཆོད་ནས། ཛཿཧཱུཾ་བཾ་ཧོཿ ས་གཉིས་སུ་མེད་པར་བསྟིམ། བདུན་པ་དབང་བསྐུར་བ་ནི། ཧཱུཾ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །རྗེ་བཙུན་ཡེ་ནས་ཡིན་པའི་ཕྱིར། །སྐུ་གསུང་ཐུགས་སུ་བྱིན་རློབ་ཅིང་། །ཡེ་ཤེས་ལྔ་ཡི་དབང་བསྐུར་རོ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ། །གཙོ་བོ་ཡིས་ནི་དབུ་བརྒྱན་ཅིང་། །དམ་ཅན་ཕུར་སྲུང་ཚོགས་རྣམས་ལ། །དབང་རྟགས་རྡོ་རྗེས་མཚན་པར་གྱུར། །བརྒྱད་པ་མཆོད་པ་ལ་བརྒྱད་ལས། དང་པོ་ཉེར་སྤྱོད་ནི། ཧཱུཾ། དག་ཅིང་དྲི་མེད་མཆོད་ཡོན་དམ་པ་དང་། །མེ་ཏོག་བདུག་སྤོས་སྣང་གསལ་བྱུག་པའི་མཚོ། །ཞལ་ཟས་སྒྲ་སྙན་ལ་སོགས་མཆོད་པའི་སྤྲིན། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པ། །ཆོས་དབྱིངས་ནམ་མཁའི་ཁམས་རྣམས་ཡོངས་བཀང་སྟེ། །ཟག་མེད་བདེ་ཆེན་ཀུན་བཟང་མཆོད་པའི་སྤྲིན། །སྲིད་པ་ཇི་སྲིད་འབྱུང་བར་བྱིན་བརླབས་ཏེ། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ་ལ་འབུལ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་ཨརྒྷཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནི་ཝི་དྱེ། ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གཉིས་པ་འདོད་ཡོན་གྱི་མཆོད་པ་ནི། ཧཱུཾ། གཟུགས་ཀྱི་ལྷ་མོ་ཡིད་འོང་མ། །དཀར་མོ་མཛེས་མ་མེ་ལོང་འཛིན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །སྤྱན་གྱི་མཆོད་པས་མཉེས་གྱུར་ཅིག །སྒྲ་ཡི་ལྷ་མོ་ཡིད་འོང་མ། །སེར་མོ་དབྱངས་སྙན་པི་ཝཾ་འཛིན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །སྙན་གྱི་མཆོད་པས་མཉེས་གྱུར་ཅིག །དྲི་ཡི་ལྷ་མོ་ཡིད་འོང་མ། །སྔོན་མོ་མཛེས་མ་སྤོས་ཕོར་འཛིན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཤངས་ཀྱི་མཆོད་པ་མཉེས་གྱུར་ཅིག །རོ་ཡི་ལྷ་མོ་ཡིད་འོང་མ། །དམར་མོ་མཛེས་མ་ཞལ་ཟས་འཛིན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ལྗགས་ཀྱི་མཆོད་པས་མཉེས་གྱུར་ཅིག །རེག་བྱའི་ལྷ་མོ་ཡིད་འོང་མ། །ལྗང་གུ་པཉྩ་ལི་ཀ་འཛིན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །སྐུ་ཡི་མཆོད་པས་མཉེས་གྱུར་ཅིག །ཆོས་ཀྱི་ལྷ་མོ་ཡིད་འོང་མ། །མཐིང་ག་ཆོས་ཀྱི་འབྱུང་གནས་འཛིན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་ཀྱི་མཆོད་པས་མཉེས་གྱུར་ཅིག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར། རཱུ་པ། ཤཔྟ། གྷནྡྷེ། ར་ས། སྤཪྴེ། དྷརྨ་པཱུ་ཛ་ཧོཿ གསུམ་པ་ཕྱག་རྒྱ་གར་མཆོད་ནི། ཧཱུཾ། ཁྲག་འཐུང་རྒྱལ་པོ་གར་ལ་དགྱེས། །སྐུ་མདོག་ཞལ་ནི་རྣམ་པར་འགྱུར། །སྐུ་ཡི་གར་སྟབས་གློག་འགྱུ་བའི། །ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་མུ་དྲ་པཱུ་ཛ་ཧོཿ ཞེས་ཕྱག་རྒྱ་བཅིང་ངོ་། །བཞི་པ་གསང་མཆོད་ནི། ཧཱུཾ། རྡོ་རྗེ་ཕུར་བུའི་ལྷ་ཚོགས་ལ། །ཡིད་འོང་ལྷ་མོའི་མཆོད་པ་འབུལ། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བའི། །བདག་ཉིད་མཉེས་པས་མཉེས་པར་མཛོད། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཨ་ནུ་རཱ་གོ྅ཧཾ། ཨ་ནུ་རཱ་ག་ཡ་མྱེ། ཛཿཧཱུཾ་བཾ་ཧོཿ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། ལྔ་པ་སྨན་མཆོད་ནི། ཧཱུཾ། རང་བྱུང་གདོང་ནས་དག་པ་སྟེ། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོར། །བདག་ཅག་དད་པས་འབུལ་ལགས་ན། །བཞེས་ནས་འཕྲུལ་གྱི་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། རྒྱལ་བ་ཀུན་དངོས་རྩ་བརྒྱུད་བླ་མ་དང་། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། འཇིགས་བྱེད་ཆེན་པོ་ཁྲོ་རྒྱལ་ཡབ་ཡུམ་བཅུ། །ཟ་གསོད་ཁྲ་ཐབས་ཉི་ཤུ་སྒོ་སྲུང་བཞིར། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ལས་བཞིའི་ཕྲིན་ལས་མཛད་པའི་ཕོ་བྲང་དུ། །སྲས་མཆོག་ཕུར་པའི་ལྷ་ཚོགས་ཐམས་ཅད་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ༴ ཕྱི་ནང་མཁའ་འགྲོ་འཁོར་བཅས་ཐམས་ཅད་དང་། །དམ་ཅན་བཅུ་གཉིས་གིང་དང་བཅས་པ་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དགེ་བསྙེན་ཉེར་གཅིག་བརྟན་མ་བཅུ་གཉིས་སོགས། །ཕུར་པའི་སྲུང་མར་ཞལ་བཞེས་ཐམས་ཅད་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྡོམ་ལ་གནས་ཤིང་རིག་འཛིན་སྒྲུབ་པ་པོ། །ལྷ་དང་ལྷ་མིན་ཕྱོགས་བཅུའི་རྣལ་འབྱོར་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་བདུད་རྩིའི་རྒྱ་མཚོ་ལས་མཐེབ་སྲིན་ཉི་ཟླ་གྭ་འུས་བཅུས་ཏེ་ཕུལ་བས་ལྷ་ཐམས་ཅད་བདེ་བ་ཆེན་པོའི་རོས་མཉེས་པར་བསམ་མོ། །དེ་ལྟར་མཆོད་ཡུལ་རྣམས་མཉེས་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ༀ་ཨཱཿཧཱུཾ་གི་རྣམ་པར་བདུད་རྩིའི་ནང་དུ་བབ་པ་ལས་དངོས་གྲུབ་བླངས་ཏེ། ༀ་ཨཱཿཧཱུཾ། ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །རྡོ་རྗེ་ཅན་གྱི་ཧཱུཾ་བསྒོམས་ཏེ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །ཟོས་ན་སྐུ་གསུང་ཐུགས་ཐོབ་འགྱུར། །ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཞེས་འབྲུ་གསུམ་མཐེབ་སྲིན་གྱིས་བླངས་ནས་ལྕེར་བཞག་པས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །དྲུག་པར་རཀྟའི་མཆོད་པ་ནི། ཧཱུཾ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །སརྦ་དུཥྚཾ་རུ་དྲ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་ཟ་བར་བྱ། །ཧཱུཾ། ང་ནི་ཁྲག་འཐུང་ཆེན་པོ་སྟེ། །འཁོར་བའི་དྲྭ་བར་ཆགས་པ་ཡིས། །དམར་ཆེན་ཁྲག་གི་ཨརྒྷཾ་ལ། འཁོར་གྱི་མཁའ་འགྲོ་རྣམས་དང་རོལ། །མ་རུང་འདོད་ལ་མ་ཆགས་ཤིང་། །དམ་ཚིག་ལ་སྡང་དགྲ་ཆེན་རྣམས། །ཐུགས་རྗེ་བྱང་སེམས་ལྡན་པ་ཡིས། །ངོ་མཐོན་སྟོབས་ཀྱིས་བསྒྲལ་བར་བྱ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་མ་ཧཱ་མཱཾ་ས་མ་ཧཱ་ཙིཏྟ་མ་ཧཱ་བ་སུ་ཏ་མ་ཧཱ་གོ་རོ་ཙ་ན་མ་ཧཱ་ཀེཾ་ནི་རི་ཏི་མ་ཧཱ་པཉྩ་ཨམྲྀ་ཏ་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ ཁ་ཁ་ཁ། ལེ་ལེ་ལེ། ཧཱུཾ་བྷྱོ། ཧཱུཾ་བྷྱོ། ཧཱུཾ་བྷྱོ། བདུན་པ་སྦྱོར་སྒྲོལ་གྱི་མཆོད་ལ་གཉིས་ལས། སྒྲོལ་བ་ནི་སྔར་དམིགས་བྱ་དགུག་བསྟིམ་བྱས་པའི་ལིང་ག་མདུན་དུ་བཀོད་ལ། ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི༴ བདག་ཉིད་ཆེན་པོའི ༴ ས་བདག་ཆེན་མོའི༴ ཁྱེད་ཀྱི་ཕྲིན་ལས༴ མཐུ་རྩལ་དབྱུང་བའི་དུས་ལ་བབས། །ཞེས་བསྐུལ། ཧཱུཾ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ༀ་ལཾ་ཧཱུཾ་ལཾ་སྟྭཾ་བྷ་ཡ་ནཾ། མོ་ཧ་གྷ་ཏ་ཡ་བྷ་ག་ཝཱ་ན་ཧྲཱིཿ ཀྲྀ་བི་ཀྲི་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿསརྦ་བིགྷྣཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་བཟླ་བཞིན་དུ་ཕུར་བུ་བསྒྲིལ་ཞིང་གདབ། སླར་ཡང་། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བ་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ལ་འདུན་པར་གྱིས། །ཧཱུཾ་པ་ར་བིདྱ་ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། བིནྡྷ་བིནྡྷ་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། ཏྲ་ས་ཡ་ཏྲ་ས་ཡ་ཧཱུཾ་ཕཊ། ཧ་ས་ཡ་ར་ཧ་ས་ཡ་ར་ཧྲི་དཎྜ་ཧཱུཾ་ཕཊ། ཤྲཱྀ་གྷྲཾ་ཨ་ན་ཡ་ཧཱུཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཨ་བེ་ཤཱ་ཡ་ཨ་བེ་ཤཱ་ཡ་ཧཱུཾ་ཕཊ། བྷནྡྷ་ཡ་བྷནྡྷ་ཡ་ཧཱུཾ་ཕཊ། ཅེས་ཁྲོ་བོ་བརྒྱད་དང་། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཁས་བླང་དམ་བཅའ་བཞིན། །མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཊ་ཀ་ཊ་བཛྲ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མཱ་ར་སེ་ན་པྲ་མརྔྷ་ན་ཧཱུཾ་ཕཊ། ཅེས་ཁྲོ་བཅུའི་ཕུར་པ་རྣམས་སོ་སོར་གདབ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུཾ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་ནན་དྷ་དྷི་མ་མ་ཤྲཱྀ་གྷྲཾ་ཀ་ར་ཡེ་ཧཱུཾ་ཕཊ། ཅེས་མཚོན་ཆ་སྣ་ཚོགས་ཀྱི་ཆབ་ཕབ་པར་བསམ་ཞིང་རལ་གྲིས་གཏུབ། གདུག་ཅིང་སྡང་སེམས་ལྡན་པ་ཡི། །ལྷ་འམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པའི་བགེགས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། ཅེས་སྟེང་འོག་གི་ཁྲོ་བོ་གཉིས་ཀྱིས་སྤྱི་བོ་དང་རྐང་མཐིལ་དུ་གདབ། ཧཱུཾ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་འདི། །རྡོ་རྗེ་མེ་དཔལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །རྡོ་རྗེ་ཐོ་བས་དགྲ་བགེགས་རྡུལ་དུ་བརླག་ཅིང་འོད་ཟེར་འཕྲོ་བས་བསྲེགས་པར་བསམ་མོ། །སྦྱོར་མཆོད་ནི། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེང་བརླག་པར་འགྱུར། །ཁ་ཏཾ་ཁ་ཏཾ་ཁ་ཏཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་ཡུམ་གྱི་མཁའ་གྲུ་གསུམ་དུ་ཡབ་ཀྱི་རྡོ་རྗེ་གཏུན་ཤིང་གི་སྦྱོར་བས་དགྲ་བགེགས་བསྒྲལ་ཞིང་རྟོག་ཚོགས་དབྱིངས་སུ་དག་པར་སྦྱོར་བའོ། །བརྒྱད་པ་གཏོར་མཆོད་ནི། དགྲ་བགེགས་བསྒྲལ་བའི་དམར་ཆེན་གཏོར་མར་སྦྲེང་ཞིང་། ཧཱུཾ། བླ་མེད་མཆོག་གི་ཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་ཨེ་དཾ་པུཥྤེ། དྷཱུ་པེ། དི་པ། གནྡྷཾ། བ་ལིངྟ་པཱུ་ཛ་ཧོཿ པྲ་ཏཱིཙྪ་ཁཱ་ཧི། གྲྀཧྞ་ཁཱ་ཧི། བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཕུལ་བས་ལྷ་ཐམས་ཅད་དགྱེས་ནས་ཧ་ཧ་ཞེས་བཞད། ཧཱུཾ་ཧཱུཾ་ཞེས་གསུངས་ནས་བདག་ལ་བྱིན་གྱིས་བརླབ། ཕཊ་ཕཊ་ཕཊ་ཅེས་གསུངས་ཏེ་དགྲ་བགེགས་བསྒྲལ་ཏེ་ཆོས་ཉིད་དུ་གནས་སྤར་བར་བསམ་མོ། །དགུ་པ་བསྟོད་པ་ནི། ཧཱུཾ། དཔལ་ལྡན་ཆེ་བའི་ཆེ་མཆོག་ལྷ་ཡི་ལྷ། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །ཕྲིན་ལས་ཐམས་ཅད་རྫོགས་པའི་དཔལ་ཆེན་པོ། །ཧེ་རུ་ཀ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་བརྗིད་པ་འགྱིང་ཞིང་སྒེག་པའི་སྐུ། །བདུད་ཚོགས་སྡེར་བཅས་འདུལ་བའི་དཔའ་བོ་ཆེ། །མི་སྡུག་སྲིན་པོ་ཁྲོས་འདྲའི་ཆ་ལུགས་ཀྱིས། །སྲིད་གསུམ་གདུག་པ་འདུལ་མཛད་ཁྱོད་ལ་བསྟོད། །བཞད་སྒྲ་འབྲུག་སྟོང་ལྡིར་འདྲའི་གད་རྒྱངས་ཅན། །དྲག་ཤུལ་ཆེན་པོས་རི་རབ་ཐལ་བར་རློག །འཇིགས་རུང་རྩལ་གྱིས་ཁམས་གསུམ་གཅིག་ཏུ་སྒྲོལ། །དཔལ་ཆེན་ཁྲོ་བོའི་དབང་ཕྱུག་ཁྱོད་ལ་བསྟོད། །སྙིང་རྗེས་བསྒྲུབ་པའི་དམ་ཚིག་ཆེན་པོ་ཡིས། །འགྲོ་ཀུན་བྱང་ཆུབ་སྙིང་པོར་འདྲེན་མཛད་ཅིང་། །ཐུགས་རྗེ་དབྱིངས་ནས་ཁྲོས་པའི་རྔམས་སྟབས་ཀྱིས། །འཁོར་བ་གཏན་ནས་རླག་བྱེད་ཁྱོད་ལ་བསྟོད། །གདུག་ཅན་དྲག་པོས་འདུལ་བར་ཉེར་དགོངས་ནས། །འབར་བའི་ཁྲོ་ཚུལ་དུ་མས་གར་མཛད་ཀྱང་། །ཆོས་དབྱིངས་ཞི་བའི་ངང་ལས་མི་གཡོ་བ། །དཔལ་ཆེན་མངོན་རྫོགས་རྒྱལ་པོ་ཁྱོད་ལ་བསྟོད། །ནམ་མཁའི་ཁམས་ཀུན་ཡོངས་སུ་ཁྱབ་པའི་སྐུ། །གླིང་བཞི་རི་རབ་ཉི་ཟླ་གཟའ་སྐར་ཡང་། །སྐུ་ཡི་རྒྱན་དུ་ཆེ་བ་དཔལ་ཆེན་པོ། །ཆེ་བཙན་འགྲན་ཟླ་བྲལ་བ་ཁྱོད་ལ་བསྟོད། །གཉེན་པོ་ཡེ་ཤེས་གཞོམ་གཞིག་མི་མངའ་བས། །ཉོན་མོངས་རྟོག་པའི་བདུད་ཚོགས་ཚར་གཅོད་ཕྱིར། །ཕྱག་གཡས་རྡོ་རྗེ་རྩེ་དགུ་འཕྱར་བ་ཡིས། །རི་རབ་ཆེན་པོ་ཀུན་ཀྱང་ཐལ་བར་རློག །བདུད་དང་འབྱུང་པོ་ཀུན་གྱི་ཀླད་པ་འགེམ། །སྲིད་པའི་འགོང་པོ་སྤུན་དགུ་རྡུལ་དུ་རློག །འགྲོ་རྣམས་ཐེག་པ་དགུ་ཡི་ལམ་ལ་འདྲེན། །བར་པ་རྡོ་རྗེ་རྩེ་ལྔ་བསྣམས་པ་ཡིས། །ཉོན་མོངས་དུག་ལྔ་གཏན་ནས་རློག་བྱེད་ཅིང་། །དོན་དམ་སྤྲོས་མེད་བྱང་སེམས་རྣམ་པ་ལྔས། །རྒྱུད་ལྔའི་སེམས་ཅན་ཐར་པའི་ལམ་ལ་སྦྱོར། །བདུད་དང་ནག་པོའི་ཕྱོགས་རྣམས་ཐམས་ཅད་ཀུན། །ཀུན་ཏུ་བསྡིགས་ཤིང་ཐལ་བར་བརླག་བྱའི་ཕྱིར། །དུས་མཐའི་མེ་ལྟར་རབ་ཏུ་ཆེར་འབར་བའི། །ཡེ་ཤེས་མེ་དཔུང་འབར་བའི་སྡིགས་མཛུབ་གདེངས། །སྲིད་གསུམ་གདུག་པ་མཐའ་དག་ཚར་བཅད་ནས། །དུག་གསུམ་སྐུ་གསུང་ཐུགས་སུ་སྒྲོལ་བྱེད་ཅིང་། །འཁོར་བའི་གཡུལ་ངོ་གཏན་ནས་ཕམ་མཛད་པའི། །དཔའ་བོ་རྒྱལ་རྟགས་ཁ་ཊྭཱཾ་རྩེ་གསུམ་ཐོགས། །ཁྲོ་རྒྱལ་མ་ལུས་འདུས་པའི་རྩལ་འཆང་ཞིང་། །མི་བཟད་སྟོང་ཁམས་བསྲེག་པའི་མེ་སྟག་འཕྲོ། །བཏབ་ན་ཡེ་ཤེས་ལྷ་ཡང་ཐལ་བར་རློག །འབར་བའི་ཕྲེང་བ་འཁྲིགས་པའི་འོད་ཟེར་ཅན། །རི་རབ་བརྗིད་པའི་ཕུར་པ་དྲག་ཏུ་འདྲིལ། །ཁམས་གསུམ་ཡོངས་སྒྲོལ་དཔའ་བོ་ཆེ་ལ་བསྟོད། །གར་གྱི་དབང་ཕྱུག་རྣམ་པར་འགྱུར་བའི་སྐུ། །དཔལ་དང་དུར་ཁྲོད་ཆས་རྣམས་ཡོངས་རྫོགས་ཤིང་། །ཞབས་བཞི་བརྐྱང་བསྐུམ་གྱད་ཀྱི་དོར་སྟབས་ཀྱིས། །དྲེགས་པ་ལྷ་ཆེན་གནོན་མཛད་ཁྱོད་ལ་བསྟོད། །ཧཱུཾ། འཇིགས་པའི་བཙུན་མོ་འཁོར་ལོ་རྒྱས་འདེབས་མ། །ཀུན་ཏུ་བཟང་མོ་དཀྱིལ་འཁོར་ཀུན་གྱི་ཡུམ། །གདུག་པ་འདུལ་ཕྱིར་སྲིན་མོ་ཁྲོས་པའི་གཟུགས། །སྲིད་པའི་འཁོར་ལོ་ཡེ་ཤེས་རྒྱ་ཡིས་འདེབས། །གཉིས་མེད་དོན་ལྡན་ཡབ་ལ་དགྱེས་པར་འཁྲིལ། །ཕྱག་གཡས་འཁོར་ལོས་བདུད་ཀྱི་མགོ་ལུས་གཤོག །གཡོན་པ་ཐོད་ཁྲག་འཁོར་འདས་དབང་དུ་སྡུད། །འཇིགས་པའི་སྐུ་ལ་ཕྱག་རྒྱ་ལྔ་ཡིས་སྤྲས། །དྲག་པོའི་ང་རོས་འཇིག་རྟེན་གཡོ་ཞིང་འཁྲུག །རྒྱུད་ལྔའི་སེམས་ཅན་ཐུགས་རྗེས་དབྱིངས་སུ་སྒྲོལ། །སྲིད་གསུམ་གདུག་པའི་ཚོགས་རྣམས་ཐལ་བར་རློག །མཁའ་འགྲོ་ཡོངས་ཀྱི་གཙོ་མོ་ཁྱོད་ལ་བསྟོད། །ཧཱུཾ། ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་ན། །ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་སྐུ། །འཇིགས་བྱེད་འབར་བའི་ཁྲོ་རྒྱལ་ཆེན་པོ་བཅུ། །མི་དགེ་བཅུ་སྤང་དགེ་བཅུ་རྫོགས་པའི་སྐུ། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་གཏུམ་ལ་རྔམས། །ཕྱོགས་སྐྱོང་དྲེགས་པ་ཕོ་མོ་ཐམས་ཅད་འདུལ། །དབུ་སྐྲ་རལ་པ་སྲིད་པའི་རྩེ་མོར་འབར། །མི་སྡུག་ཁྲོ་གཉེར་སྨིན་པ་གཡོ་བ་ཅན། །སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཟིགས། །ལོག་པར་ལྟ་བ་རྩད་ནས་གཅོད་ཅིང་སྒྲོལ། །མཆེ་བ་ཟངས་ཡག་སྐྱེ་ཤི་རྩད་ནས་གཅོད། །གདུགས་ཅན་ཚོགས་རྣམས་སྒྲོལ་བའི་ཕྱག་མཚན་བསྣམས། །དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་ཆེ། །རྡོ་རྗེ་རིན་ཆེན་གཤོག་པ་ནམ་མཁར་གདེངས། །རྔམས་པའི་ཞལ་གདངས་ལྗགས་འདྲིལ་རྐན་སྒྲ་སྡེབ། །ཀུན་ཀྱང་ཕུར་བུ་སྒྲིལ་ཞིང་ཕྱོགས་བཅུར་འདེབས། །ཐབས་དང་ཤེས་རབ་གཉིས་མེད་ཡུམ་དང་འཁྲིལ། །གཡས་གཡོན་དག་ཏུ་སྤྲུལ་པའི་ཕྲ་ཐབས་ནི། །མགོ་བརྙན་མཆེ་གཤོག་རྫུ་འཕྲུལ་མཐུ་སྟོབས་ཅན། །འབར་བའི་ཁྲོ་རྒྱལ་མ་བཅོས་རྫོགས་པའི་སྐུ། །སྒྲ་ལས་འདས་པ་གྲགས་སྟོང་ཧཱུཾ་སྒྲ་གསུང་། །བསམ་དང་བྲལ་བ་སྒྲོལ་བྱེད་སྙིང་རྗེའི་ངང་། །ཡོན་ཏན་ཕྲིན་ལས་ཐམས་ཅད་རྫོགས་པའི་དཔལ། །སྤྲུལ་པ་ཆེན་པོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཧཱུཾ། གཉིས་མེད་སྐུ་ལ་འཁྲིལ་བའི་གཟུངས་མཆོག་མ། །རྔམས་བརྗིད་འཇིགས་པ་ཁྲོ་བོའི་ཆ་ལུགས་ཅན། །ཕ་རོལ་ཕྱིན་པ་བཅུ་ཡི་ངོ་བོ་ཉིད། །བདུད་འདུལ་ཡུམ་གྱི་ཚོགས་ལ་ཕྱག་འཚལ་བསྟོད། །ཧཱུཾ། རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །དགྲ་བགེགས་གདུག་པ་འགུག་འཆིང་སྡོམ་ཞིང་རྡེག །ཤར་ལྷོ་ནུབ་བྱང་སྒོ་སྲུང་དྲག་ཤུལ་ཅན། །སྒོ་མ་ཆེན་མོ་བཞི་ལ་ཕྱག་འཚལ་བསྟོད། །ཧཱུཾ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ན། །དཔལ་གྱི་སྲས་མཆོག་འཇིགས་བྱེད་ཀཱི་ལ་ཡ། །མཐིང་ནག་ཁྲོས་པ་ཞལ་གཅིག་ཕྱག་བཞི་པ། །ཕྱག་གཡས་དང་པོ་སྟྭ་གྲི་ལྟག་པར་འཕྱར། །འོག་མ་རྡོ་རྗེ་རི་རབ་གནོན་སྟབས་འཛིན། །གཡོན་པའི་ཕྱག་ན་ཁ་ཊྭཱཾ་ཀ་འཁྲོལ་ཞིང་། །འོག་མས་ཕུར་བུ་དགྲ་བགེགས་སྙིང་ལ་འདེབས། །རིགས་ལྔས་དབུ་བརྒྱན་ཐུགས་སྲོག་ཧཱུཾ་དུ་འབར། །སྙན་ནས་འབྲུག་སྒྲོག་སྤྱན་ནས་མེ་འོད་འཕྲོ། །ཤངས་ནས་རླུང་འཚུབ་ཞལ་ནས་ཐོག་སེར་འབེབས། །མཆེ་བ་གཙིགས་ཤིང་ཨག་ཚོམ་མེ་ལྟར་འབར། །ཁྱོད་ཀྱི་ལྟེ་བ་མན་ཆད་ཆས་རྣམས་ནི། །ལྕགས་ཕུར་ཟུར་གསུམ་མེ་སྟག་ཕྱོགས་བཅུར་འཕྲོ། །དགྲ་བགེགས་གདུག་པའི་ཚོགས་རྣམས་སྐད་ཅིག་སྒྲོལ། །མི་གཡོ་ཆེ་མཆོག་སྐུ་གསུང་ཐུགས་ཀྱི་ངང་། །ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །སྲིད་པར་འཁྱམས་པའི་སེམས་ཅན་ཐམས་ཅད་ཀུན། །ཐབས་ཀྱིས་བསྒྲལ་བའི་སྐལ་དང་མི་ལྡན་ཡང་། །ཤུགས་ཀྱིས་སྒྲོལ་བའི་ཕྲིན་ལས་མཛད་སླད་དུ། །དབྱེར་མེད་སྐུ་གསུང་ཐུགས་སུ་སྒྲོལ་མཛད་པ། །སྲས་མཆོག་ཀཱི་ལ་ཡ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །བཅུ་པ་ཛཔ྄་བསྙེན་འབུལ་བ་ལ་གསུམ་སྟེ། རང་གི་གནས་སྦྱང་བ་དང་། བཟླས་བརྗོད་བསྙེན་པའི་འཕྲོ་འདུས་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་དང་། གསང་བ་བྱང་སེམས་ཀྱི་དངོས་གྲུབ་ཡུམ་གྱི་མཁའ་ལས་བླང་བའོ། །དང་པོ་ནི། དག་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་རིན་པོ་ཆེ་ཟུར་བརྒྱད་པའི་དབུས་སུ་གཞལ་ཡས་ཁང་གའུ་ཟུར་བརྒྱད་པ་དབུས་དང་ཟུར་བརྒྱད་ལ་ཉི་གདན་རེ། དབུས་ཀྱི་གདན་ལ་ༀ་མཐིང་ནག་ཟུར་བརྒྱད་ཀྱི་ཤར་དུ་བཛྲ་སྨུག་མདོག །ལྷོར་ཀཱི་ལི་ཀཱི་ལ་ཡ་སེར་པོ། ནུབ་ཏུ་སརྦ་དམར་པོ། བྱང་དུ་བིགྷྣཱཾ་ལྗང་ཁུ། ཤར་ལྷོར་བཾ་དམར་པོ། ལྷོ་ནུབ་ཏུ་ཧཱུཾ་སེར་པོ། ནུབ་བྱང་དུ་ཧཱུཾ་དཀར་པོ། བྱང་ཤར་དུ་ཕཊ་དམར་པོ་རྣམས་འབྲུ་བརྒྱད་ཀྱིས་བསྐོར་བ། ལྗགས་ཀྱི་དཀྱིལ་དུ་པཾ་ལས་པདྨ་འདབ་བརྒྱད་ཀྱི་དབུས་དང་འདབ་རེར་ཡིག་འབྲུ་དགུ་པོ་རྣམས་གསལ་བཏབ་ལ། ཧཱུཾ། སྐྱེ་མེད་དབྱིངས་ལས་འབར་བའི་སྐུར་སྣང་བ། །འཇིགས་བྱེད་ཆེན་པོ་དཔལ་ཆེན་ཧེ་རུ་ཀ །ཐུགས་ཀྱི་དཔལ་བེའུ་རིན་ཆེན་གའུ་ལ། ཡི་གེ་འབྲུ་དགུ་དོན་གྱི་ཕྲ་བཀོད་པ། །ལྗགས་ཀྱི་པདྨའི་འབྲུ་དགུ་དང་བཅས་ལ། །རྣམ་གསུམ་དུས་གཅིག་ཡིད་ལ་གསལ་གྱུར་ནས། །ཆོས་ཉིད་རྡོ་རྗེ་གསུམ་གྱི་གླུར་བླངས་པས། །ཨ་ནི་མ་སྐྱེས་དོན་གྱི་གསུང་དུ་རིག །ཡིད་ཀྱི་སྔགས་ཚིག་བར་ཆད་མེད་པར་བཟླ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། འབྲུ་དགུ་བཟླས་མཐར། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །སོགས་ཀྱིས་མཆོད་བཤགས་བྱའོ། །ༀ། ཙིཏྟ་རིན་ཆེན་ཟུར་བརྒྱད་ཀྱི། །གསང་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས། །བྱང་ཆུབ་སེམས་ཀྱི་ཡིག་འབྲུ་དགུ། །གུ་ཧྱ་གསང་བའི་ལམ་དུ་བྱུང་། །པདྨ་འདབ་བརྒྱད་དཀྱིལ་འཁོར་དུ། །གསང་བའི་ཡི་གེ་ཧཱུཾ་གིས་དྲངས། །ཐུགས་ཀའི་འོད་དང་ལྗགས་ཀྱི་འོད། །བསྣོལ་མར་བསྟིམ་ནས་ཚོགས་ཆེན་རྫོགས། །སླར་ཡང་ཐུགས་ཀྱི་དཀྱིལ་འཁོར་ནས། །འཕྲོས་པའི་ཡི་གེ་འབྲུ་དགུ་པོ། །རིགས་ལྔ་ཡབ་ཀྱི་སྐུ་ལ་ཐིམ། །དེ་ལས་འཕྲོས་པའི་འབྲུ་དགུ་པོས། །སྟོང་ཁམས་གང་ནས་ཐུགས་ཀར་འདུས། །ཐུགས་ཀའི་དཔལ་བེའུ་ཟུར་བརྒྱད་ཀྱི། །ༀ་གྱི་མཐའ་ལ་འཁོད་པར་གྱུར། །གོང་བཞིན་བཟླས་ཤིང་མཆོད་པའོ། །གཉིས་པ་ནི། ཧཱུཾ། བདག་ཉིད་ཐུགས་ཀྱི་དཀྱིལ་འཁོར་དུ། །ཡེ་ཤེས་སེམས་དཔའ་ཧེ་རུ་ཀ །ཁྲོ་བོའི་ཚུལ་དུ་གསལ་བ་ཡི། །དེ་ཡི་ཐུགས་ཀྱི་དཀྱིལ་འཁོར་ནི། །དཔལ་བེའུ་རིན་ཆེན་ཟུར་བརྒྱད་པ། །ཡི་གེ་འབྲུ་དགུའི་པྲ་བཀོད་དེ། །སྤྲོ་ཞིང་བསྡུ་བའི་འོད་ཟེར་ནི། །གསེར་གྱི་བ་ཐག་གཟེངས་པ་བཞིན། །སྤྲོས་པས་སྟོང་ཁམས་ཡོངས་སུ་ཁྱབ། །སླར་བསྡུས་དཔལ་གྱི་བེའུ་བཀང་། །གོང་བཞིན་བཟླས་ཤིང་མཆོད། ཧཱུཾ། བདག་ཉིད་དཔལ་གྱི་དཀྱིལ་འཁོར་ན། །ཡེ་ཤེས་སེམས་དཔའ་ཧེ་རུ་ཀའི། །ཡིད་བཞིན་རིན་ཆེན་ཟུར་བརྒྱད་པར། །ཡི་གེ་འབྲུ་དགུའི་ཕྲ་བཀོད་དེ། །ཐུགས་ནས་ལྗགས་ཀྱི་དཀྱིལ་དུ་སྤྲོས། །འབྲུག་གི་སྒྲ་ལྟར་རབ་གྲགས་པས། །གདུག་པའི་ཚོགས་རྣམས་ཟིལ་གྱིས་མནན། །འདི་ནི་གསུང་གི་སྙིང་པོའོ། །བསྙེན་པའི་དུས་ན་རྒྱང་མི་རིང་། །བསྒྲུབ་པའི་དུས་ན་མཐུ་མ་ཆུང་། །དེ་ལྟར་གསལ་བའི་ལྷ་ཚོགས་རྣམས། །གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ། །འདི་ནི་ཐུགས་ཀྱི་སྙིང་པོའོ། །གོང་བཞིན་བཟླས་ཏེ་མཆོད། གསུམ་པ་ནི། ཧཱུཾ། བྱང་ཆུབ་སེམས་ཀྱི་དངོས་གྲུབ་མཆོག །ཆགས་པའི་བདག་ཉིད་དཔལ་གྱི་ཡུམ། །ཡུམ་གྱི་མཁའ་ལས་བྱུང་བ་དེ། །སྐྱེ་ཤི་མེད་པའི་ཁྲག་ཆེན་འདི། །འདོད་པའི་དབང་མོ་ཡུམ་གྱི་མཁའ། །སངས་རྒྱས་ཀུན་གྱི་སྐྱེད་མོའི་ཚལ། །གྲུ་གསུམ་དགྱེས་པའི་ཕོ་བྲང་མཆོག །ཨ་ལས་ཟླ་བའི་དཀྱིལ་འཁོར་དུ། །བྱང་ཆུབ་སེམས་ནི་ཨེ་རུ་སྣང་། །ཉི་མའི་དཀྱིལ་འཁོར་གསང་སྦུབས་གང་། །ཡེ་ཤེས་རྡོ་རྗེ་རྩེ་ལྔ་པར། །བྱང་ཆུབ་སེམས་ནི་ༀ་དཀར་པོ། །ག་བུར་ཤེལ་གྱི་དཀྱིལ་འཁོར་ཏེ། །ༀ་དང་ལཾ་གྱིས་བྱིན་བརླབས་ནས། །དཀར་དམར་བསྣོལ་མར་བསྟིམ་པ་ལས། །ཡི་གེ་འབྲུ་དགུའི་འཕྲོ་འདུ་གསལ། །གོང་བཞིན་བཟླས་ནས་མཆོད། ཧཱུཾ། གཉིས་མེད་འཁྲིལ་བའི་ཕྱག་རྒྱ་ལས། །ཡི་གེ་འཕྲོ་འདུ་རྒྱུན་མི་འཆད། །མགལ་མེ་ཀླད་ལ་བསྐོར་བ་བཞིན། །རྡོ་རྗེ་རྩེ་ལྔའི་གསང་སྦུབས་ནས། །པདྨའི་དཀྱིལ་དུ་འཕྲོ་ཞིང་འདུ། །སྐུ་ཡི་གསང་བརྒྱུད་ཤངས་ནས་ཕྱུངས། །ཐབས་ཆེན་ཡབ་ཀྱི་ཤངས་སུ་ཐིམ། །སྐུ་མཆོག་ཕྱག་རྒྱའི་གསང་བར་དྲངས། །ཡེ་ཤེས་རྡོ་རྗེའི་ལམ་དུ་ཕྱུངས། །པདྨའི་གཞལ་ཡས་ཁང་དུ་སྤྲོ། །མགལ་མེ་ཀླད་ལ་བསྐོར་བ་བཞིན། །རྒྱུན་མི་འཆད་པར་བསྒོམས་པར་བྱ། །བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས། །ཡི་གེ་འབྲུ་དགུའི་ཕྱག་རྒྱར་གསལ། །དངོས་གྲུབ་རྣམ་གསུམ་ཚུལ་བཞིན་བླངས། །ཐམས་ཅད་བདེ་ཆེན་དབྱིངས་སུ་རྫོགས། །མཚན་མའི་སྤྲོས་དང་བྲལ་བར་བཟླ། །གོང་བཞིན་བཟླས་མཐར་སྟོང་ཚིག་གིས་མཆོད་བཤགས་བྱ་ཞིང་། ཁྲོ་བཅུ་དང་སྲུང་མའི་སྔགས་དབང་མོ་ལ་བྷྱོ་བདུན་ཚན་བཞི་རྣམས་ཀྱང་ཅི་རིགས་པར་བཟླའོ། །གསུམ་པ་རྗེེས་ཀྱི་བྱ་བ་ལ། ཚོགས་བཤམས་བྱིན་བརླབ་སྤྱན་དྲངས་མཆོད། །རོལ་ལྷག་བརྟན་སྐྱོང་ལས་བཞིའི་བྲོ། །དངོས་གྲུབ་བཟོད་གསོལ་ཉེར་བསྡུ་དང་། །རྒྱུན་ཏིང་བསྔོ་སྨོན་ཤིས་བརྗོད་དོ། །ཞེས་པ་ལྟར་བཅུ་བཞི་ལས། དང་པོ་བཤམས་པ་ནི། ཞིང་ངམ་གཅན་གཟན་གྱི་པགས་པའི་སྟེང་དུ་དམ་རྫས་སུ་འོས་པའི་ཡོ་བྱད་ཅི་འབྱོར་པར་བཤམ་མོ། །གཉིས་པ་བྱིན་གྱིས་བརླབ་པ་ནི། བདུད་རྩིས་བྲན་ལ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུཾ་ཕཊ། ༀ་བི་ཤུདྡྷེ་ཨ་མྲྀ་ཏ་ཧཱུཾ་ཕཊ། ༀ་དྷརྨ་ཨ་མྲྀ་ཏ་ཧཱུཾ་ཕཊ། ཅེས་བགེགས་བསྐྲད་ཅིང་བསང་། མ་སཱུརྻ་མཎྜ་ལ། པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཞེས་བརྗོད་པས། ཚོགས་གཞོང་རིན་པོ་ཆེའི་མཆོད་སྡོང་འདབ་མ་སྟོང་ལྡན་གྱི་སྙིང་པོར་ཚོགས་རྫས་རྣམས་ཉི་ཟླ་པདྨའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་མཐིང་ཁ་ཨཱཾ་དམར་པོ་ༀ་དཀར་པོ་རྣམས་ཀྱིས་མཚན་པ་འོད་དུ་ཞུ་བ་ལས་སྟོང་ཉིད་ཀྱི་དབྱིངས་སུ་གྱུར་ཅིང་བདུད་རྩིར་ཞུ་ནས་འདོད་ཡོན་ལྔའི་རང་བཞིན་དུ་གྱུར་པར་བསམ་ལ། ༀ་ཨཱཿཧཱུཾ། གསུམ་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུཾ། བླ་མ་ཡི་དམ་མཁའ་འགྲོ་དང་། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས། །ཁྲོ་བོའི་རྒྱལ་པོ་མཐའ་ཡས་པ། །མ་མོ་མཁའ་འགྲོའི་ཚོགས་དང་བཅས། །ལྷ་དང་ལྷ་མིན་རྣལ་འབྱོར་རྣམས། །ཐུགས་དང་མཐུན་པའི་གནས་མཆོག་འདིར། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །ཀུན་བཟང་མཆོད་སྤྲིན་རོལ་པར་མཛོད། །དམ་ཚིག་བཞིན་དུ་ཅི་བདེར་བཞེས། །ཛཿཧཱུཾ་བཾ་ཧོཿ བཞི་པ་མཆོད་པ་ལ་སྤྱི་དང་ཁྱད་པར་གཉིས། དང་པོ་སྤྱིར་མཆོད་པ་ལ་ལྔ་ལས། དང་པོ་མཆོད་སྤྲིན་སྤྲོ་བ་ནི། ཧཱུཾ། ཕྱོགས་བཅུ་དུས་གསུམ་རྒྱལ་བ་མཆོད་པ་དང་། །རྣལ་འབྱོར་དབང་ཕྱུག་ཐུགས་དམ་བསྐང་བའི་ཕྱིར། །སྒོ་གསུམ་གཡོ་སྒྱུ་མེད་ཅིང་གུས་ལྡན་པས། །ཡོ་ག་གསང་བའི་མཆོད་པའི་རྣམ་གྲངས་འབུལ། །སྣང་སྲིད་ཆོས་དང་རྒྱལ་སྲིད་རིན་པོ་ཆེ། །ཕྱག་རྒྱ་བཞི་དང་ཉོན་མོངས་རྣམ་པ་ལྔ། །ཏིང་འཛིན་ཆོས་དང་བདུད་རྩི་རྣམ་པ་ལྔ། །འདོད་པའི་ཡོན་ཏན་མང་པོ་གླུ་དང་གར། །རྟོག་མེད་དོན་གྱི་མཆོད་པ་ལ་སོགས་འབུལ། །ཕོ་བྲང་བཞུགས་གནས་ཞིང་ཁམས་ཐམས་ཅད་དུ། །མཆོད་པའི་སྤྲིན་གྱིས་གཏིབས་ཤིང་རྒྱས་གྱུར་ཅིག །གཉིས་པ་སྣང་སྲིད་ཚོགས་ཀྱི་མཆོད་པར་བསྔོ་བ་ནི། ཧཱུཾ། ཡེ་ཤེས་ཁྲོ་བོ་རོལ་པའི་ཞལ་ཆེན་པོར། །སྣོད་བཅུད་མ་ལུས་མཆོད་པ་ཆེན་པོར་སྦྱོར། །དབྱིངས་དང་ཡེ་ཤེས་རོལ་པའི་མཆོད་པ་རུ། །སོ་སོར་ཕྱེ་སྟེ་སྣོད་བཅུད་མཆོད་པར་འབུལ། །གསུམ་པ་ཀུན་ཏུ་དབྱེར་མེད་པའི་མཆོད་པ་ནི། ཧཱུཾ། རྒྱལ་བ་མ་ལུས་ཡེ་ཤེས་ཁྲོ་བོའི་སྐུ། །དྭངས་སྙིགས་མི་ཕྱེད་གཉིས་མེད་མཉམ་པའི་ངང་། །དུག་གསུམ་སྐྱོན་བྲལ་དབྱིངས་ཀྱི་མཆོད་པ་འདི། །འདུ་འབྲལ་མེད་པ་སྲིད་གསུམ་མཆོད་པར་རོལ། །བཞི་པ་ཐམས་ཅད་མཉམ་པ་ཉིད་ཀྱི་མཆོད་པ་ནི། ཧཱུཾ། མཐའ་དང་དབུས་མེད་མཉམ་པའི་མཆོད་པ་ནི། །ང་དང་བདག་མེད་མཁའ་ལྟར་དག་པ་ཡི། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་མཆོད་པ་འདི། །གཉིས་མེད་བདེ་ཆེན་མཉམ་པའི་མཆོད་པར་རོལ། །ལྔ་པ་འདོད་ཡོན་གྱི་མཆོད་པ་ནི། ཧཱུཾ། སྙིང་པོ་བྱང་ཆུབ་རོལ་རྩལ་ལོངས་སྤྲུལ་སྐུ། །འདོད་པའི་ཡོན་ཏན་ལྷ་མོའི་མཆོད་པ་འདི། །སྣང་སྲིད་མ་ལུས་འདོད་དགུར་བསྒྱུར་བྱས་ཏེ། །མཁའ་ལྟར་དག་པའི་དབྱིངས་སུ་ཡེ་ཤེས་རོལ། །ཞེས་སྤྱིར་མཆོད། གཉིས་པ་ཁྱད་པར་དུ་མཆོད་པ་ལ། མཆོད་བཤགས་བསྒྲལ་སྟོབ་གསུམ་སྟེ། ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ་དང་པོ་མཆོད་པ་ནི། ཧཱུཾ། རང་བྱུང་མ་བཅོས་དབྱིངས་དང་ཁ་དོག་བྲལ། །རྣམ་པར་རྟོག་པ་ཉོན་མོངས་ཅིར་སྣང་ཡང་། །གདོད་ནས་དག་པས་འཁོར་བ་དབྱིངས་སུ་རྫོགས། །ཡེ་ཤེས་ཁྲོ་རྒྱལ་ཐུགས་དམ་བསྐང་བའི་ཕྱིར། །ཁམས་གསུམ་མ་ལུས་འདུས་པའི་མཆོད་པ་འདི། །དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ་བོ་བཞེས། །ༀ་གུ་རུ་དྷེ་ཝ་ཌཱ་ཀི་ནི་མ་ཧཱ་གཱ་ཎ་ཙ་ཀྲ་ཁཱ་ཧི། མ་ཧཱ་ཛ་གད་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་སརྦ་པཱུ་ཛ་ཧོཿ བར་པ་བཤགས་པ་ནི། ཐོག་མེད་དུས་ནས་ད་ལྟར་ཐུག་གི་བར། །མ་རིག་དབང་གིས་དམ་ལས་འགལ་གྱུར་ཏེ། །ལུས་ཀྱི་སྡིག་བྱས་སྤྱོད་པ་ངན་དུ་སྤྱད། །ངག་གི་ཚིག་འཁྱལ་སྨྲ་བ་ངན་དུ་བརྗོད། །སེམས་ཀྱི་བློ་ནོར་ལོག་པར་བསམ་པ་སོགས། །འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ། །བཀྲ་བའི་ལྷ་ཚོགས་ཁྱེད་ལ་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས། །མི་ཡི་སྐྱོན་མཐོང་ཙམ་ན་བར་ཆད་རྩོལ། །འགལ་འཁྲུལ་ནོངས་པ་ཅི་མཆིས་མཐོལ་ལོ་བཤགས། །བཟོད་པར་བཞེས་ནས་ཚངས་པ་སྩལ་དུ་གསོལ། །ཞེས་དང་ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བ་ལ་ཕུར་བུ་བཅའ་ཞིང་ལྷར་གསལ་བ། སྤྲུལ་པ་སྤྲོ་བ། བསྒྲལ་བ་དང་གསུམ་ལས། དང་པོ་ནི་བྲུབ་ཁུང་དུ་ལིངྒ་བཅས་ལ་གདབ་ཕུར་གཅིག་གམ། བཅུ་གཅིག་གམ། བཅོ་ལྔ་ལ་སོགས་པ་མདུན་དུ་བཀོད་ལ། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། སོགས་ཁྲོ་བུའི་སྔགས་རྣམས་ཚང་བར་བརྗོད་ལ། ཕུར་པའི་རྒྱ་མདུད་གོང་འོག་གཅུམ་གཞོགས་ལ། །ཁྲོ་བཅུ་ཡབ་ཡུམ་རང་རང་ཁྲ་ཐབས་བཅས། །ཟུར་བཞིར་སྒོ་མ་དཔལ་ལ་དམ་ཅན་རྣམས། །གསལ་བའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན། །དེ་ལ་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ནས། །མཆོད་པས་དགྱེས་མཆོད་གཉིས་སུ་མེད་པར་བསྟིམ། །ༀ་ཨཱ་ཧཱུཾ། བཛྲ་ས་མ་ཛཿ མ་ཧཱ་པཱུ་ཛ་ཧོཿ ཛཿཧཱུཾ་བཾ་ཧོཿགཉིས་པ་སྤྲུལ་པ་སྤྲོ་བ་ནི། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུཾ། བདག་གི་ཐུགས་ལས་སྤྲུལ་པའི་ཁྲོ་བོ་ནི། །ཁྲོ་བོ་འཆོལ་བ་དཔག་ཏུ་མེད་པ་བྱུང་། །སྲིད་པས་གར་ཁྱབ་གནམ་ས་བར་སྣང་ཀུན། །རས་བལ་རླུང་གིས་གཏོར་བཞིན་ཁྱབ་པར་གྱུར། །ཅེས་སྤྲོས་ལ། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། དགྲ་བགེགས་གནོད་བྱེད་ཛཿ ཧཱུཾ་བཾ་ཧོཿ ཞེས་བཀུག་སྟེ་ལིངྒ་ལ་བསྟིམ་མོ། །གསུམ་པ་བསྒྲལ་བ་ལ། གབ་པའི་སྔགས་དྲུག་གིས་དགུག་གཞུག་བྱ་བ་དང་། བསྒྲལ་ལས་དངོས་གཉིས་ལས། དང་པོ་ལ། ལྷ་ཕྲལ་གཟུགས་ལ་དབབ་པ་དང་། །བྱད་དུ་གཞུག་དང་སྨྱོ་རུ་གཞུག །རྡུལ་དུ་བརླག་དང་ཞལ་དུ་སྟོབ། །ཞེས་པའི་དང་པོ་ལྷ་དང་དབྲལ་བ་ནི། གུ་གུལ་གྱིས་བདུག་ཅིང་། ཧཱུཾ། སྲས་མཆོག་ཕྱག་ན་གུ་གུལ་བསྣམས། །དགྲ་བགེགས་འགོ་བའི་ལྷ་དང་ཕྲོལ། །སྐྱོབ་པའི་གྲོགས་དང་བྲལ་བར་གྱིས། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི༴ ཤྭ་ན་མུ་ཁའི་དུས་ལ༴ བདག་ཉིད་ཆེན་པོའི༴ ས་བདག་ཆེན་མོའི༴ ཁྱོད་ཀྱི་ཕྲིན་ལས༴ མཐུ་རྩལ་དབྱུང་བའི་དུས་ལ་བབ། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །གཏོགས་ཤིང་གྲོགས་དང་བྲལ་བར་གྱིས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། དགྲ་བགེགས་ཧ་ས་ཡ་ར་ཧ་ས་ཡ་ར་ཧཱིཿདཎྜ་ཧཱུཾ་ཕཊ། སྲས་མཆོག་དེ་ཡི་ཐུགས་ཀ་ནས། །རང་འདྲ་དཔག་མེད་ཐོན་ནས་ཀྱང་། །གུ་གུལ་སྦྱར་བའི་དུད་སྤྲིན་གྱིས། །དགྲ་བགེགས་འགོ་བའི་ལྷ་ཀུན་བྱེར། །ཁོ་རང་གཅིག་པུར་འཁྱམས་པར་གྱུར། །གཉིས་པ་གཟུགས་ལ་དབབ་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཧཱུཾ། སྲས་མཆོག་ཕྱག་ན་ལྕགས་ཀྱུ་ཐོགས། །དགྲ་བགེགས་རྣམ་ཤེས་རྟེན་ལ་ཕོབ། །བབ་བརྒྱད་དང་། རྡོ་རྗེ་གསང་བའི་སོགས་ཚིག་རྐང་དྲུག་གི་རྗེས་སུ། ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཨ་ཝེ་ཤ་ཡ་ཨ་ཝེ་ཤ་ཡ་ཧཱུཾ་ཕཊ། སྲས་མཆོག་དེ་ཡི་ཐུགས་ཀ་ནས། །རང་འདྲ་དཔག་མེད་ཐོན་ནས་ཀྱང་། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོག་ཅིང་། །ལྕགས་ཀྱུས་ཟུང་ལ་མཚོན་ཆས་བསྡིགས། །སྐད་ཅིག་ཡུད་ལ་བཀུག་ནས་བསྟིམ། །གསུམ་པ་བྱད་དུ་གཞུག་པ་ནི། ཚོན་སྐུད་དང་ཡུགས་སྐྲས་ཡན་ལག་རྣམས་བཅིང་བའི་ཚུལ་བྱ་ཞིང་། ཧཱུཾ། སྲས་མཆོག་ཕྱག་ན་ཞགས་པ་ཐོགས། །དགྲ་བགེགས་ལུས་ངག་དམ་དུ་སྡོམས། །བབ་བརྒྱད་དང་། རྡོ་རྗེ་གསང་བའི་སོགས་ཚིག་དྲུག་གི་རྗེས་སུ། ཟུངས་ཤིག་ཆིངས་ཤིག་རྣམ་པར་སྡོམས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཛཿཧཱུཾ་བཾ་ཧོཿ ཤྲཱི་གྷྲཾ་ཨ་ན་ཡ་ཧཱུཾ་ཕཊ། སྲས་མཆོག་དེ་ཡི་ཐུགས་ཀ་ནས། །རང་འདྲ་དཔག་མེད་ཐོན་ནས་ཀྱང་། །ཉམས་པའི་དགྲ་བགེགས་ལུས་ཀྱི་ཆ། །གྲུ་གུ་ཐུལ་དུ་བཅིངས་པར་གྱུར། །བཞི་པ་སྨྱོ་རུ་གཞུག་པ་ནི། དུག་སྣ་ཚོགས་དང་དྷ་དུ་རའི་ཁུ་བས་བྲབ་ཅིང་། ཧཱུཾ། སྲས་མཆོག་ཕྱག་ན་དུག་ཐུན་ཐོགས། །དགྲ་བགེགས་སྨྱོ་ཞིང་འབོག་ཏུ་ཆུགས། །བབ་བརྒྱད་དང་ཚིག་དྲུག་གི་རྗེས་སུ། རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། དགྲ་བགེགས་སྨྱོ་ཞིང་འབོགས་ནས་ཀྱང་། །ཅི་བྱས་ཐོལ་ཐོལ་སྨྲ་བར་གྱུར། །ལྔ་པ་རྡུལ་དུ་བརླག་པ་ནི། ཐོ་གཏུན་ཐོགས་ལ། ཧཱུཾ། སྲས་མཆོག་ཕྱག་ན་ཐོ་བ་ཐོགས། །དགྲ་བགེགས་ལུས་ངག་རྡུལ་དུ་རློག །བབ་བརྒྱད་དང་ཚིག་དྲུག་གི་རྗེས་སུ། ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། སྲ་མཆོག་ཐོ་བ་ཐོགས་པ་ཡིས། །དགྲ་བགེགས་ཉིལ་ཉིལ་འདྲེས་པར་བརྡུངས། །དྲུག་པ་ཞལ་དུ་བསྟབས་པ་ནི་ཕུར་གདབ་བྱས་པའི་རྗེས་སུ་འབྲེལ་བས་འོག་ཏུ་སྟོན་ནོ། །གཉིས་པ་བསྒྲལ་ལས་དངོས་ལ་དྲུག་གི་དང་པོ་ཀུན་གཞི་རྩད་ནས་བཅད་དེ་སྒྲོལ་བ་ནི། དེ་ཡང་བདག་དཔལ་ཆེན་པོ། ཕུར་བུ་སྲས་མཆོག །ལིངྒ་གནོད་བྱེད་ཀུན་འདུས་སུ་གསལ་བས་ཕུར་བུ་བསྒྲིལ་ཞིང་། ཧཱུཾ། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །བབ་བརྒྱད་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོ བ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་བྱེད་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་བཞིན་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ༀ་ལཾ་ཧཱུཾ་ལཾ་སྟམྦྷ་ཡ་ནན་མོ་ཧ་གྷ་ཏ་ཡ་བྷ་ག་ཝཱ་ན་ཧྲཱིཿཀྲྀ་བི་ཀྲྀ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ སརྦ་བིགྷྣཱཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ་ཧཱུཾ་ཀཱ་ར་ཧཱུཾ་ཨ་ཕཊ། ཅེས་བཟླ་བཞིན་དུ་ཕུར་བུ་སྙིང་གར་གདབ། དེ་ཡང་ཚེ་ཁྲུས་ཀྱི་དགོངས་པ་ལ། ཁྲུས་ལུང་ནི། ཧཱུཾ་ཨ། དཀྱིལ་འཁོར་གསུམ་གྱི་གནས་གསུམ་ཨ་དཀར་ལས། །ཨ་དཀར་འོད་ཟེར་ཕྲ་མོ་གྲངས་མེད་འཕྲོས། །དུས་གསུམ་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། །ཨ་ཡི་རང་བཞིན་ཉིད་དུ་ཐམས་ཅད་ཞུ། །བདག་ཉིད་ཁྲོ་བོ་ཕུར་བུ་ལ་ཐིམ་པས། །ལུས་ངག་ཡིད་ཀྱི་ཤེས་བྱའི་སྒྲིབ་པ་སྦྱངས། །ཕྱག་རྒྱ་ཆེན་པོར་གསལ་ཏེ་བདག་གི་ཁྲུས། །ཨ། བདག་གི་གནས་གསུམ་ཨ་ལས་འོད་འཕྲོས་པས། །རྒྱལ་བ་མཆོད་ཅིང་འགྲོ་དྲུག་སྡིག་སྒྲིབ་སྦྱངས། །སྲིད་གསུམ་ཨ་ཡི་རང་བཞིན་བྱང་ཆུབ་སེམས། །འོད་ཀྱི་གོང་བུར་གསལ་ཏེ་སྣང་སྲིད་ཁྲུས། །ཨ་རྣམས་བྱང་སེམས་གྱུར་ཏེ་འོད་གསལ་བར། །མཐའ་ནས་རིམ་གྱི་འདུས་ཏེ་གཟས་པོ་ཡི། །སྒོ་གསུམ་ཐིམ་ནས་ལུས་ངག་ཡིད་གསུམ་སྦྱངས། །ཨ་ཡི་རང་བཞིན་བྱང་ཆུབ་སེམས་སུ་ཞུ། །འོད་ཀྱི་གོང་བུར་གྱུར་ཏེ་གཟས་པོའི་ཁྲུས། །དེ་ལྟར་ཁྲུས་ལུང་རྣམ་པ་གསུམ་པོ་རྫོགས། །དེ་ནས་ཚེ་ལུང་ནི། ཧཱུཾ། གཟས་པོའི་སྙིང་དཀྱིལ་པད་འདབ་བཞིར་གྱེས་པའི། བཞི་མདོར་རྩ་ཡི་དྭངས་མ་འདུས་དེའི་ནང་། །ཁྲག་གི་དྭངས་མ་བྱིའུའི་མགོ་བོ་ཙམ། །དེ་ལ་དབུག་དང་འོད་ཀྱི་དྭངས་མ་གནས། །འོད་ཀྱི་ཐག་པ་ཚེ་ཚད་དང་མཉམ་ཞིང་། །བ་ཐག་ལྟ་བུར་དྲྭ་བས་བསྟུམས་ཏེ་གནས། །དེ་རྣམས་དབུས་སུ་རྣམ་ཤེས་འོད་དུ་གནས། །ཧཱུཾ། ཕུར་བུའི་འོད་ཀྱིས་པདྨ་འདབ་མ་བཞི། །བྱ་སྒྲོ་མེར་ཚུད་ལྟ་བུར་ཐུལ་གྱིས་བསྲེགས། །འབྱུང་བ་བཞི་ལ་བཏབ་པ་ཞེས་བྱའོ། །རྩ་བཞི་ཆོན་ཐག་བསྡུས་པ་བཞིན་དུ་གྱུར། །དེ་ནི་འབྱུང་བའི་རྒྱུ་བཞིར་བཏབ་པའོ། །རྩ་བཞིའི་དྭངས་མ་འདུས་པ་ཕུར་རྩེ་ལ། །སྦྲུལ་འཁྱིལ་ལྟ་བུར་ཧྲིལ་གྱིས་འཁྲིལ་གྱུར་ནས། །དེས་ནི་རྒྱུ་བཞིའི་དྭངས་མ་ཞེ་སྡང་བཅད། །དེ་ཡི་དབུགས་རྟ་དྲོད་ཀྱི་དྭངས་མ་དེ། །མེ་ལ་ཆུ་བླུག་བཞིན་དུ་ཞི་གྱུར་ཅིང་། །དབུགས་ཀྱི་རྟ་བསྒྲལ་ཕྲག་དོག་རྩད་བཅད་པའོ། །དེ་ལ་འོད་ཀྱི་དྭངས་མ་ཆགས་པ་དེ། །ཁབ་ལེན་རྡོ་བཞིན་ཕུར་བུ་ལ་འདུས་པས། །རྡོ་ཚན་ཁ་བ་བབ་ལྟར་སྐམ་པར་བསམ། །སེམས་ཀྱི་ཡུལ་ཕྱུང་ང་རྒྱལ་རྩད་བཅད་པའོ། །དེ་ཡི་ཁྲག་གི་དྭངས་མ་སྦལ་པ་ནི། །ལྕགས་བསྲེག་ཆུ་ཐིག་ཕོག་བཞིན་སྐམ་པར་བསྒོམ། །དྭངས་མ་གནས་སླེབ་འདོད་ཆགས་རྩད་བཅད་པའོ། །ཚེ་སྐུད་བ་ཐག་དྲྭ་བས་བསྟུམས་པ་དེ། །རྩྭ་ཕུང་མེ་ལྕེ་འཕྲད་པ་ལྟ་བུར་ཚིག །ཚེ་ཡི་རྟེན་ཕྲལ་གཏི་མུག་རྩད་བཅད་པའོ། །དེ་རྣམས་དབུས་ཀྱི་ཚེ་ཡི་རྟེན་གྱུར་པ། །ཨ་ཞེས་བརྗོད་པས་ཨར་གྱུར་ཕུར་རྩེར་སྦྱང་། །བོ་དྷི་ཙིཏྟ་ཨཱོཾ། བོ་དྷི་ཙིཏྟ་ཨཱཿ བོ་དྷི་ཙིཏྟ་ཧཱུཾ། ཞེས་བདག་ལ་བསྟིམ། བདག་ལ་ཐིམ་པས་བདག་ཉིད་ལྷག་པར་ཡང་། །སྐུ་གསུང་ཐུགས་ཀྱི་གཟི་བྱིན་ཆེར་རྒྱས་ཏེ། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས་པ་ནི། །བཀྲག་མདངས་འཕྲོག་པ་བདག་གི་ཚེ་ལུང་གོ། །ཁོ་ཡི་རྣམ་ཤེས་བདག་གི་ཐུགས་ཀ་རུ། །ཨ་རུ་གནས་པ་ཚིགས་པའི་ལམ་ལ་ཕྱུངས། །རླུང་སྒྲོམ་ཤངས་ནས་དུང་ཁང་གཞལ་ཡས་སོང་། །སྒལ་ཚིགས་རྟ་བརྒྱུད་རྡོ་རྗེའི་ལམ་ནས་ཕྱུངས། །འཁོར་ལོ་རྒྱས་འདེབས་ཡུམ་གྱི་མཁའ་རུ་བབས། །ཧཱུཾ་གསུམ་གྱུར་པ་ཕཊ་གསུམ་གྱིས་འཕངས་པས། །འོག་མིན་རྒྱལ་བ་རིགས་ལྔའི་སྦྱོར་མཚམས་ཐིམ། །ཧཱུཾ་དེ་རྡོ་རྗེ་དེ་ལས་རྡོ་རྗེ་སེམས། །ཡེ་ཤེས་རང་བཞིན་བྱས་པ་ཁོའི་ཚེ་ལུང་། །ཞེས་ཚེ་ཁྲུས་ཀྱི་དགོངས་པ་ཟབ་བོ། །དེ་དག་ངག་ཏུ་བརྗོད་པའམ། མ་བརྗོད་ཀྱང་དོན་བསམ་པ་གལ་ཆེའོ། །དེ་ནས་མཚོན་ཆའི་ཆར་འབབ་པར་བསམ་ལ། ཐུན་གསུམ་གྱིས་བྲབ་བོ། །གཉིས་པ་ཉོན་མོངས་པ་སྐྱེ་བའི་སྒོ་ལྔ་དག་པར་བསྒྲལ་བ་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིང་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ལ་ཉན་པར་བྱོས། །ཧཱུཾ་པ་ར་བིདྱཱ་ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། བིནྡྷ་བིནྡྷ་ཧཱུཾ་ཕཊ། གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། ཏྲ་ཤ་ཡ་ཏྲ་ཤ་ཡ་ཧཱུཾ་ཕཊ། ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ། ཤྲཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུཾ་ཕཊ། བྷནྡྷ་ཡ་བྷནྡྷ་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ཁྲོ་བོ་སོ་སོའི་ཕུར་བུ་ཡོད་ན་དང་གཅིག་ལས་མེད་ཀྱང་དེ་དང་དེར་མོས་ལ་གནས་སོ་སོར་གདབ་བོ། །གསུམ་པ་ཚོགས་བརྒྱད་དག་པར་བསྒྲལ་བ་ནི། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཁས་བླངས་དམ་བཅས་པས། །མངོན་སྤྱོད་ཕྲིན་ལས་སྒྲུབ་པར་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མ་རུ་མུ་རུ་བཛྲ། ཀ་ཊ་ཀ་ཊ་བཛྲ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མཱ་ར་སེ་ན་པྲ་མརྔྷ་ནི་ཧཱུཾ་ཕཊ། ཅེས་སྔར་བཞིན་ཁྲོ་བོ་བཅུའི་ཕུར་བུ་གནས་སོ་སོར་གདབ་བོ། །བཞི་པ་དགེ་སྡིག་ཆ་མཉམ་སྟེ་བསྒྲལ་བ་ནི། གདུག་ཅིང་སྡང་སེམས་ལྡན་པ་ཡི། །ལྷ་འམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པའི་བགེགས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །སརྦ་ཨ་ན་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། ཅེས་སྟེང་འོག་གི་ཕུར་བུ་སྤྱི་གཙུག་དང་རྐང་མཐིལ་དུ་བཏབ་པས་འཁོར་འདས་ཀྱི་མཐའ་བསལ་ལོ། །ལྔ་པ་མ་བདུད་ཀྱི་དམོད་པས་བསྒྲལ་བ་ནི། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུཾ་མ་མ་པཱ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་ནན་དྷ་དྷི་མ་མཱ་ཤྲཱི་གྷྲཾ་ཀ་ར་ཡེ་ཧཱུཾ་ཕཊ། ཅེས་དཔྲལ་བ་ནས་ལྟག་པ་དང་། ལྟག་པ་ནས་དཔྲལ་བ། རྣ་ལྟག་གཡས་ནས་གཡོན། གཡོན་ནས་གཡས་རྣམས་སུ་ཐལ་ཕྱུང་དུ་བཏབ་སྟེ་དབང་པོ་རྣམས་ཀྱི་རྟེན་མེད་པར་བྱས་ལ། རལ་གྲིས་གཏུབ་བོ། །དྲུག་པ་གཏུན་དུ་བརྡུང་སྟེ་བསྒྲལ་བ་ནི། ཧཱུཾ། བརྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་འདི། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཁ་ཏཾ་ཁ་ཏཾ་ཁ་ཏཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཅེས་ཐོ་གཏུན་ཡབ་ཡུམ་གྱི་མཁའ་གསང་དབྱིངས་རིག་གི་སྦྱོར་བས་གཟུགས་ཕུང་ཟག་མེད་ཀྱི་དབྱིངས་སུ་བཅོམ་པར་བསམ་ལ་ཐོ་བས་བརྡུང་ཞིང་ཁ་ཊྭཱཾ་གྱི་ཕྱག་རྒྱས་ཀྱང་མནན་ནོ། །གོང་གི་ས་བཅད་དྲུག་པ་ཞལ་དུ་སྟོབ་པ་ནི་བབ་བརྒྱད་ཀྱིས་བསྐུལ་ལོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་བིནྡྷ་ཡ་བིནྡྷ་ཡ་ཧཱུཾ་ཕཊ། ཅེས་ལིང་རོ་རྣམས་བདུད་རྩིར་སྦྱར་བ་ཞལ་དུ་སྟོབ་ཅིང་། ཧཱུཾ། ཁྲག་འཐུང་ཆེན་པོ་འཁོར་བཅས་ཀྱི། །འབར་བ་ཆེན་པོའི་ཞལ་ཧོམ་དུ། །བསྟན་པ་འཇིག་པའི་དགྲ་དང་བགེགས། །ངས་བསྟབས་ཁྱོད་ཀྱིས་ཡུད་ལ་རོལ། །ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་བས། །མི་རྟག་མཚན་ཉིད་བསྟན་པའི་ཕྱིར། །ཟ་བྱེད་ཁྲོ་བོ་ཞལ་ཕྱེས་ཤིག །ལྷག་མ་མེད་པར་བཞེས་ནས་ཀྱང་། །དགྲ་བགེགས་བག་ཆགས་ཀུན་སྦྱང་སྟེ། །ནམ་མཁའི་ཁྲོ་བོ་ཟ་བྱེད་ཆེའི། །ཞལ་གྱི་དབྱིངས་སུ་སྟོང་ཁམས་ཐིམ། །ཧཱུཾ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ན། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཡེ་ཤེས་ཐབས་ཀྱི་སྤྲུལ་པའི་ཁྲོ་བོ་བཅུ། །ཤེས་རབ་དབྱིངས་ལས་ཤར་བའི་ཁྲོ་མོ་བཅུ། །ཟ་བྱེད་གསོད་བྱེད་ཕྲ་མེན་མཆེ་གཤོག་ཚོགས། །མཐར་བྱེད་ཆེན་མོ་ཡེ་ཤེས་སྒོ་མ་བཞི། །གདུག་པ་སྒྲོལ་བའི་སྲས་མཆོག་ཕུར་བུའི་ཚོགས། །གནམ་ས་གདངས་པ་ལྟ་བུའི་ཞལ་ཕྱེ་ལ། །ཟླ་གམ་གློག་དམར་འཁྱུག་འདྲའི་ལྗགས་བརྐྱང་སྟེ། །གངས་རིའི་ཕྲེང་བ་ལྟ་བུའི་ཚེམས་འདོར་ལ། །བསྟན་པ་བཤིག་པའི་དགྲ་བགེགས་ཞལ་དུ་སྟོབ། །ཞལ་དུ་བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི། །དཀྱིལ་འཁོར་དེ་ཡི་ཕྱི་རོལ་བར་ཁྱམས་ན། །དབང་ཕྱུག་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། །གསོད་པའི་ལས་མཛད་སྲུང་མ་བཅུ་གཉིས་དང་། །གིང་ཆེན་གིང་ཕྲན་དགེ་བསྙེན་ཉེར་གཅིག་སོགས། །ཕུར་པའི་སྲུང་མར་ཞལ་བཞེས་ཐམས་ཅད་ཀྱང་། །རྔམས་པའི་ཞལ་གདངས་འབར་བའི་ལྗགས་བརྐྱང་སྟེ། །སྐྱེ་འགྲོ་རྩད་ནས་གཅོད་པའི་ཚེམས་འདོར་ལ། །བསྟན་པ་འཇིག་པའི་དགྲ་བགེགས་ཞལ་དུ་སྟོབ། །ཞལ་དུ་བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི། །འདོད་ཆགས་ཁྲག་ལ་ཐིབ་ཐིབ་དགྱེས་པར་རོལ། །ཞེ་སྡང་རུས་པ་ཁྲུམ་ཁྲུམ་དགྱེས་པར་རོལ། །གཏི་མུག་ཤ་ལ་ཆེམ་ཆེམ་དགྱེས་པར་རོལ། །ང་རྒྱལ་མཁྲིས་པའི་ཕུང་པོ་མཆོད་པར་བཞེས། །ཕྲག་དོག་གློ་སྙིང་རོལ་ཅིག་ཁ་རཾ་ཁཱ་ཧི། །དུག་ལྔ་བསྒྲལ་བའི་མཆོད་པ་འདི་བཞེས་ལ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དངོས་གྲུབ་ཐམས་ཅད་དུས་འདིར་རྩལ་དུ་གསོལ། །བཛྲ་ཡཀྴ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། ཞེས་ཕུལ་ལ། བཻ་ཌཱུར་སྔོན་པོའི་རིན་ཆེན་རི་རབ་ལ། །ཉི་མ་སྟོང་གི་འོད་ཟེར་གདལ་བ་ལྟར། །སེམས་དཔའ་སྔོན་པོ་འོད་ཀྱི་དཀྱིལ་འཁོར་ཅན། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །འོད་ཕུང་སྟུག་པོ་སྤྲིན་ལྟར་འཁྲིགས་པ་ཡི། །འཇིགས་བྱེད་རྔམས་སྟབས་བརྐྱངས་བསྐུམ་ཚུལ་དུ་བཞུགས། །ཟ་བྱེད་བསྐལ་པའི་མེ་ལྟར་འབར་བ་སྟེ། །གདུག་པ་ཐམས་ཅད་རྡོ་རྗེའི་ཞལ་དུ་འདྲེན། །མི་བཟད་མཆེ་བ་གཙིགས་པའི་ཞལ་གདངས་ཤིང་། །སྲིད་གསུམ་ཟ་བར་ཆས་པའི་རྐན་སྒྲ་ཅན། །ཉི་ཟླ་རབ་ཏུ་འབར་བའི་སྡང་མིག་གིས། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །ཅེས་ཆེ་བའི་ཡོན་ཏན་གྱིས་བསྟོད། །ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་བརླབ་པའོ། །སངས་རྒྱས་ཀྱི་མཐུའོ། །ཞེས་ཆོས་ཉིད་ཀྱི་བདེན་པ་བརྡར་རོ། །ལྔ་པ་ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེ་རྒྱལ་པོ་ལ་ཕྱག་བྱས་ཛ་གད་དང་མཱཾ་ས་བསྣོལ་མར་སྟོབ་ཅིང་། ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། །ཞེས་འབུལ་ཞིང་། ཨ་ལ་ལ་ཧོཿ ཞེས་བླངས་ལ། འོག་མིན་ལྟོ་བའི་གཞལ་ཡས་སུ། །དཀྱིལ་འཁོར་ལྷ་རྣམས་སྤྱན་དྲངས་ནས། །ཡེ་ཤེས་ཆེན་པོའི་མེ་སྦར་ཏེ། །ཧོམ་གཟར་ལག་པས་མཆོད་རྫས་བཏབ། །ཧ་ཧ་ཧུ་ལུ་བཞེས་སུ་གསོལ། །ཅེས་གསལ་བཏབ་ལ་ལྷ་ཚོགས་རྣམས་མཆོད་པར་བསམ་ལ་རོལ་ལོ། །དྲུག་པ་ལྷག་མའི་ཆོ་ག་ནི། ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས་པ་དང་། སྔར་གྱི་ཕུད་ལྷག་བཅས་དཀྱིལ་འཁོར་གྱི་ཤར་ལྷོ་དྲི་ཡི་མཎྜལ་གྱི་ཁར་བཞག །སློབ་དཔོན་གྱི་ལྕེ་ལ་རྟ་མགྲིན་ཡབ་ཡུམ་རོལ་པ་མཛད་པའི་བྱང་སེམས་བདུད་རྩིར་བབ་པར་བསམ་པ། མཁའ་དབྱིངས་ཀྱི་རྒྱས་ཛ་གད་ཀྱི་ཁ་ཕྲུ་བཏབ་ལ། ༀ་གུ་རུ་ཏྲ་ཧ་ཀ་ས་མ་ཡ་བག་ཤ་སུ་གན་སུ་ཏྲི་ཤི་ཏྲི་ལ་ཏིཥྛ་ཐངས་ལ་ས་མ་ཡ་སྭཱ་ཧཱ། ཧཱུཾ། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །ལས་ཀྱི་རྡོ་རྗེ་བྱེད་པར་དབང་བསྐུར་བའི། །ལྷག་མ་ཁ་ཆུའི་དམ་ཚིག་མངའ་མཛད་རྣམས། །དམ་ཚིག་ཚུལ་བཞིན་མཆོད་ཀྱིས་གཤེགས་སུ་གསོལ། །རྟ་མགྲིན་གྱི་ཕྱག་རྒྱས་དབང་དུ་བསྡུས་ལ། ཛཿཧཱུཾ་བཾ་ཧོཿ བཛྲ་ཊཱ་ཀི་ནཱི་ཨ་ཀཪྵ་ཡ་ཧཱུཾ་ཛཿ ཨེ་ཨཱ་རལླཱི་ཧྲཱིཾ་ཧྲཱིཾ་ༀ་ཊཱ་ཀི་ནཱི་ཨ་ཀཪྵ་ཡ་ཨཱ་ཀཪྵ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྦྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། མོ་ཧ་ཡ་མོ་ཧ་ཡ། སརྦ་བཛྲ་ཊཱ་ཀི་ནཱི་ནཱཾ་ཧྲཱི་ད་ཡཾ་ཧཱུཾ་ཛཿཛཿཧཱུཾ་བཾ་ཧོཿ ཌཱ་ཀི་ནཱི་ཧཱུཾ་ཛཿ བདག་ཉིད་དཔལ་ཆེན་པོའི་སྐུའི་གཟི་བྱིན་གྱི་ཟིལ་གྱིས་མནན་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཾ་ས་མ་ཡ་མུ་ཏྲ་པྲ་བྷན་ཙཀྲ་ཡ་བི་ངྷྭ་ན་ས་མ་ཡ་ཧོཿ བྷ་ག་ཝ་ན་བྷུདྡྷ་ཀྵེ་ཏྲ་པྲ་ཏཱིཙྪ་ཡ་ཧཱུཾ་ཕཊ། ༀ་པདྨ་པ་ཊ་པ་མུ་ཁ། ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། མོ་ཧ་ཡ་མོ་ཧ་ཡ། སརྦ་བཛྲ་ཊཱ་ཀི་ནཱི་ནཱཾ་ཧྲཱི་ད་ཡ། ཧ་ཧ། ཧི་ཧི། ཨོཾ་ཨཱཿཧཱུཾ་ༀ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཏ་ཧཱུཾ་ཕཊ། ༀ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཏ་ༀ་ཕཊ། ༀ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཏ་སྭཱ་ཕཊ། ༀ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཏ་ཨཱཾ་ཕཊ། ༀ་ཀརྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾཏ་ཧཱ་ཕཊ། ཁཱ་ཧི་ཁཱ་ཧི། ཞེས་སྨན་མཆོད་དང་། ༀ་གུ་རུ་ཀྲོ་དྷ་རཏྣ་ས་མ་ཡ་པྲཱི་ཤ་པུརྞ་ཀྵེ་ཏྲ་པཱ་ལ་ཀྵོ་བྷ་ཀ་ར་ཧཱུཾ་ཕཊ། ཅེས་དམར་སྦྲེང་ལ། ཧཱུཾ། རྣམ་དག་ཆོས་དབྱིངས་ཞི་བ་ལས། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་འབྱུང་། །ཐབས་ཤེས་ཟླ་གསང་ཐིག་ལེ་ལས། །ཡལ་གམ་ཅན་རྣམས་འདུ་བར་མཛོད། །ཧཱུཾ། རྡོ་རྗེ་ནམ་མཁར་འགྲོ་མ་རྣམས། །ཡི་དྭགས་རྟ་ལ་ཡང་དག་ཞོན། །གདུག་པའི་སེམས་ཀྱིས་སྡིག་བྱེད་ཅིང་། །དཔའ་བོ་བརྗིད་པའི་གཟུགས་འཛིན་པ། །སྐལ་ལྡན་རང་གི་ལག་ཆར་ལྡན། །ཤ་ཁྲག་དང་ནི་རྒྱུ་མ་དང་། །རྐང་དང་ཚིལ་བུ་ཟ་ཞིང་བྱོན། །མཁའ་འགྲོ་སུམ་ཅུ་རྩ་གཉིས་པོ། །ཀུན་ཀྱང་སྨུག་ནག་རལ་གྲི་དང་། །བྷནྡྷ་ཁྲག་བཀང་ལག་ན་ཐོགས། །ཡེ་ཤེས་ལས་གྲུབ་མཁའ་འགྲོ་རྣམས། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་པ། །སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ། །འདིར་གཤེགས་མཆོད་ཀྱི་ཕྲིན་ལས་མཛོད། །དཔལ་ཆེན་ཚོགས་ཀྱི་ལས་བྱེད་པ། །ཁྲོ་ཆེན་བཛྲ་ཀིང་ཀ་ར། །ཁྲོ་མོ་ཁམས་གསུམ་དབུགས་སྡུད་བཅས། །ཏན་གན་ཕྲིན་ལས་དུས་ལ་བབ། །སྔོ་སྐྱ་རལ་གྲི་ལྕགས་ཀྱུ་ཐོགས། །ཁམས་གསུམ་སྒྲོལ་བའི་གིང་བཅོ་བརྒྱད། །དམ་བཅས་བཞིན་དུ་གཤེགས་ནས་ཀྱང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །དགྱེས་པའི་གར་གྱིས་ཕྲིན་ལས་མཛོད། །ལྷ་དབང་བརྒྱ་བྱིན་བུ་མོ་སྟེ། །འབར་མ་ཉི་མའི་ཞགས་པ་སོགས། །འབར་མ་ཆེན་མོ་བརྒྱད་རྣམས་ཀྱང་། །རང་རང་ཆ་ལུགས་དང་ལྡན་ཞིང་། །སོ་སོའི་ལས་རྣམས་བསྒོས་པ་སྟེ། །དམ་བཅས་བཞིན་དུ་མ་གཡེལ་བར། །བཀའ་ཡི་གཏོར་མ་འདི་ལོངས་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཕོ་ཉ་ཆེན་མོ་ཐམས་ཅད་ཀྱང་། །ཤེལ་མཆོང་བསེ་ཡི་མ་མོ་དང་། །གཡུ་ལྕགས་གསེར་གི་མ་མོ་སྟེ། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་རྣམས། །བྱེ་བ་ཕྲག་ཁྲིག་འཁོར་དང་བཅས། །བཀའ་ཡི་གཏོར་མ་འདི་ལོངས་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །རྡོ་རྗེ་ཀུན་གྲགས་ལ་སོགས་པའི། །བརྟན་མ་ཆེན་མོ་བཅུ་གཉིས་པོ། །རང་རང་འཁོར་གཡོག་དཔུང་དང་བཅས། །ཀུན་ཀྱང་ནག་མོ་རལ་པ་ཅན། །ཁ་ནས་མེ་འབར་མིག་ཁྲག་འཛག །ནག་མོ་རལ་གྲི་ཐོད་ཁྲག་འཛིན། །གསེར་སྦྲུལ་མང་པོའི་ཁྲི་སྟེང་ནས། །དམ་ཚིག་ཅན་ལ་བརྩེར་དགོངས་ནས། །མཆོད་པ་དམ་པ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་། །མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །དམར་མོ་གཡག་ཐོད་ཀླུ་ཡི་སྲིང་། །ནག་མོ་སྡེར་ཅན་གནོད་སྦྱིན་སྲིང་། །སྲིང་མོ་བཞི་པོ་གནས་འདིར་བྱོན། །དམ་སྐོངས་མཆོད་དོ་ཕྲིན་ལས་མཛོད། །དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད། །སྙིང་རྗེ་བྱམས་པའི་སྤྱོད་ཡུལ་ཅན། །ཚངས་མ་ལ་སོགས་མ་སྲིང་ཚོགས། །བྲན་དང་ཡང་བྲན་འཁོར་དང་བཅས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །བཀའ་ཡི་གཏོར་མ་འདི་ལོངས་ལ། །ད་ལྟ་ཁྱོད་ཀྱི་གཟུགས་མཆོག་རྣམས། །མངོན་དུ་བསྟན་ལ་དངོས་གྲུབ་ཕུལ། །ཇི་སྲིད་དངོས་གྲུབ་མ་ཕུལ་བར། །ཁྱོད་རྣམས་མངོན་པར་མ་གྱུར་ཅིག །བར་དུ་བརྟེན་པའི་གནས་འདི་རུ། །འདུག་ལ་ལས་རྣམས་ཀུན་གྱིས་ཤིག །མ་མོ་ཆེན་མོ་ཁྱེད་རྣམས་ཀྱིས། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །འཇིག་རྟེན་འདས་དང་མ་འདས་པའི། །ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། །སྒྲུབ་པ་པོ་ཡི་ལས་བྱ་ཞེས། །དམ་ལས་མ་འདའ་ཕྲིན་ལས་མཛོད། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ངྟ་ཁཱ་ཧི། ཞེས་མཆོད་ཅིང་སྨན་རཀ་སྦྲེང་ལ། ཧོཿ ལྷག་སྡུད་ཀྱི་དམ་ཚིག་ལ་གཏོགས་པའི་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ལྷ་མའི་དམ་ཚིག་འདིས་ཚིམ་ཞིང་དགྱེས་པར་གྱུར་ཏེ། དམ་ཚིག་ཉམས་ཆག་ཐམས་ཅད་སྐོངས་ནས་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣམ་འབྱོར་བ་རྣམས་ཀྱི་སྡོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་གྲོགས་མཛོད་ཅིག །ཅེས་འདོད་དོན་གསོལ། ཡ་ཧི་གཙྪས་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམས་ལ་གཏོར་མ་ཕྱིར་དོར་ནས་མ་མཎྜལ་བསྡུའོ། །བདུན་པ་བརྟན་མ་སྐྱོང་བ་ནི། ཕྱི་རོལ་དུ་བརྟན་མའི་གཏོར་མ་ཕུད་ཀྱིས་བྲན་ལ། ཏྲཾ་རཏྣ་ཏྲཻ་ལོ་ཀྱ་ཕཊ། གཏོར་མའི་རྡུལ་ཕྲ་རབ་རེ་རེ་བཞིན་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། ༀ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ཏེ། ཧཱུཾ། ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བོད་ཁམས་སྐྱོང་བའི་ཆེ་ཞེ་ཆེན་མོ་རྣམས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །ཆེ་ཞེ་ཆེན་མོ་ཁྱེད་རྣམས་ཀྱང་། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང་། །རླངས་ཆེན་དཔལ་གྱི་སེག་གེ་ཡིས། །ཞིང་ཆེན་སྟན་ལ་བཀོད་ནས་ཀྱང་། །རྡོ་རྗེ་ལག་ཏུ་གཏད་ནས་ནི། །དབང་བསྐུར་གསང་བའི་མཚན་ནས་བརྗོད། །རྡོ་རྗེ་འཆང་གི་གྲལ་དུ་བཞག །བོད་ཁམས་བསྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱ་ཞེས། །ཇི་ལྟར་ཁས་བླངས་དམ་བཅས་པའི། །གཡར་དམ་གཉན་པོ་རྗེས་དགོངས་ལ། །དམ་རྫས་བཀའ་ཡི་གཏོར་མ་ལོངས། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ༀ་ལ་ལ་ལེ་ལེ་ཏཾ་ཏཾ་ཏེ་ཏེ་ཁ་རཀྨ་མ་མ་སྲིང་འགྲོ་མ་ཧཱུཾ་བྷྱོ་ཧཱུཾ་ཧཱུཾ། ཞེས་དང་། མ་ཧཱ་པཉྩ་སོགས་སྨན་རཀ་གཏོར་གསུམ་གྱིས་མཆོད་ཅིང་། སྨན་རཀ་ཀྱང་སྦྲེང་། བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ་ནས། ཡ་ཧི་གཙྪས་གཤེགས་སུ་གསོལ་ནས་གཏོར་མ་གཙང་སར་བསྐྱལ་ལོ། །བརྒྱད་པ་ལས་བཞིའི་བྲོ་བརྡུང་བ་ནི། གཏོར་གཞོང་རི་རབ་ཏུ་གྱུར་པའི་འོག་ཏུ་དམ་སྲི་བཀུག་ནས་མནན་པར་བསམ་ལ། ཧཱུཾ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །གཏི་མུག་བདེ་གཤེགས་འཁོར་བཅས་རྣམས། །དེ་བཞིན་རིགས་མཆོག་མ་ལུས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཤིན་ཏུ་རྨོངས་པའི་སེམས་ཅན་རྣམས། །ཞི་བ་ཐུགས་རྗེ་ཆེན་པོ་ཡིས། །ཞི་བར་མ་གྱུར་གང་ཡང་མེད། །ཞི་མཛད་ལྷ་ལ་ཕྱག་འཚལ་བསྟོད། །ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ང་རྒྱལ་བདེ་གཤེགས་འཁོར་བཅས་རྣམས། །རིན་ཆེན་རིགས་མཆོག་མ་ལུས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཤིན་ཏུ་དྲེགས་པའི་སེམས་ཅན་ཀུན། །ཚེ་དབང་དངོས་གྲུབ་རྒྱས་མཛད་པས། །རྒྱས་པར་མ་གྱུར་གང་ཡང་མེད། །རྒྱས་མཛད་ལྷ་ལ་ཕྱག་འཚལ་བསྟོད། །པུཥྚིཾ་ཀུ་རུ་སྭཱ་ཧཱ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །འདོད་ཆགས་བདེ་གཤེགས་འཁོར་བཅས་རྣམས། །པདྨ་རིགས་མཆོག་མ་ལུས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཤིན་ཏུ་ཆགས་པའི་སེམས་ཅན་རྣམས། །ཡུད་ཙམ་གྱིས་ནི་བསྡུ་མཛད་པས། །དབང་དུ་མ་གྱུར་གང་ཡང་མེད། །དབང་མཛད་ལྷ་ལ་ཕྱག་འཚལ་བསྟོད། །པཱ་ཤཾ་ཀུ་རུ་སྭཱ་ཧཱ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཞེ་སྡང་བདེ་གཤེགས་འཁོར་བཅས་རྣམས། །རྡོ་རྗེའི་རིགས་མཆོག་མ་ལུས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཤིན་ཏུ་གདུག་པའི་སེམས་ཅན་རྣམས། །ཡུད་ཙམ་གྱིས་ནི་བསྡུས་ནས་ཀྱང་། །རྡུལ་དུ་མ་བརླག་གང་ཡང་མེད། །བརླག་མཛད་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་ལས་བཞིའི་བྲོ་དང་ཧཱུཾ་བཞི་པའི་མཐར་མཱ་ར་ཡ་ཕཊ། དགུ་པ་དངོས་གྲུབ་བླང་བ་ནི། ཧཱུཾ། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ་ཚོགས་དགོངས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །བྱིན་རླབས་དབང་དང་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་སིདྡྷི་ཕ་ལ་ཧོཿ བཅུ་པ་བཟོད་པར་གསོལ་བ་ནི། ཧོཿ བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་སོ་སོའི་སྐྱེ་བོར་གྱུར་པས་ཉོན་མོངས་པ་ཅན་དུ་གྱུར་ནས། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉོན་མོངས་པ་དང་འདྲེས་ཏེ་བག་མེད་པར་གྱུར་པ་དང་། རྣལ་འབྱོར་པ་དབང་མ་ཐོབ་པ་དང་བྱིང་བ་དང་རྒོད་པའི་དབང་དུ་གྱུར་ཏེ། ཏིང་ངེ་འཛིན་མི་གསལ་བ་དང་། ལེ་ལོའི་དབང་དུ་གྱུར་ནས་མཆོད་རྫས་མ་འབྱོར་པ་དང་། ཤེས་བཞིན་མ་རིག་པའི་དབང་དུ་གྱུར་ནས་ཆོ་ག་ལྷག་ཆད་དུ་གྱུར་པ་དང་སེར་སྣའི་དབང་གིས་མཆོད་པ་ངན་ཞིང་ཆུང་བ་དང་། གཏི་མུག་གི་དབང་གིས་རྒྱུད་སྡེ་ནས་བྱུང་བའི་ཆོ་ག་ཅི་བཞིན་མ་ལྕོགས་པ་སོགས་འགལ་འཁྲུལ་ནོངས་པ་ཅི་མཆིས་པ་ཐམས་བཟོད་པར་བཞེས་ནས། བདག་ཅག་གི་ལམ་དང་དངོས་གྲུབ་ཀྱི་བར་ཆད་དུ་མི་འགྱུར་བར་བྱིན་གྱིས་བརླབ་པར་མཛད་དུ་གསོལ་ལོ། །ཞེས་གསོལ་ཞིང་ཡི་གེ་བརྒྱ་པ་བརྗོད་དོ། །བཅུ་གཅིག་པ་ཉེར་བསྡུ་ནི། ཧཱུཾ་ཧཱུཾ་ཧཱུཾ། ཞེས་བརྗོད་པས་དཀྱིལ་འཁོར་གསུམ་གྱི་ལྷ་རྣམས་ཧཱུཾ་ཡིག་གསུམ་དུ་གྱུར། ཕཊ་ཕཊ་ཕཊ། དེ་ལས་འོད་འཕྲོས་ཏེ་དོན་གཉིས་བྱས་ཚུར་འདུས་ཧཱུཾ་ཡིག་གསུམ་ལ་ཐིམ། གཉིས་པོ་བདག་ཉིད་རྩ་བའི་ཧཱུཾ་ལ་ཐིམ། ཧཱུཾ་གྱེན་རྫོགས་ཐིག་ལེར་ཡལ་བའི་ངང་དུ་མི་དམིགས་པར་བཞག་པས་རྟག་མཐའ་བསལ་ལོ། །བཅུ་གཉིས་པ་རྒྱུན་གྱི་ཏིང་ངེ་འཛིན་ནི། སྟོང་ཉིད་དེའི་ངང་ནས་ཧཱུཾ་ཧཱུཾ་ཞེས་པས་ཧཱུཾ་ཡིག་སྦྲེལ་མར་གྱུར། དེ་ལས་འོད་ཟེར་འཕྲོས་འདུས་ནས་ཧཱུཾ་ཡིག་གཉིས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་གྱུར་པའི་སྤྱི་བོར་ཟླ་བའི་སྟེང་དུ་ཧ་ཡིག་གིས་མཚན་པར་བསམ་ལ། རྡོ་རྗེ་རྒྱ་གྲམ་གྱི་ཕྱག་རྒྱ་བཅིངས་ཏེ། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། ཞེས་བརྗོད་པས། ལུས་རྡོ་རྗེའི་གོ་ཁྲབ་ཀྱི་ཞུ་ལུགས་སུ་གཡོགས་པར་བལྟའོ། །མཛུབ་མོ་གཉིས་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་རྡོ་རྗེ་གནོད་སྦྱིན་སྔོན་པོ་མཆེ་བ་དང་། བདུད་རྩི་ཐབ་སྦྱོར་དམར་པོ་རྒྱ་གྲམ་བསྣམས་པར་མོས་ཏེ། ལྟེ་བ་སྙིང་ག་ལྟག་པ་དཔྲལ་བ་སྤྱི་བོ་སྟེ་གནས་ལྔར། ༀ་ཏྲུཾ་ཞེས་བརྗོད་བཞིན་པར་མཛུབ་མོ་གཉིས་བསྣོལ་ཏེ་རིམ་པར་རེག་པས་ཁྲོ་བོ་གཉིས་རྒྱབ་སྤྲད་དེ་བཞུགས་ནས་བསྲུང་ཞིང་བརྟན་པར་བྱའོ། །རིན་པོ་ཆེའི་ཕྱག་རྒྱ་མགོ་བོའི་གནས་ལྔར་བཞག་ལ། རཏྣ་མུ་ཀུ་ཏྲཾ་ཞེས་རིན་པོ་ཆེས་དབུ་བརྒྱན་པར་བསམ། ཏུཥྱ་ཧོཿ ཞེས་དགྱེས་པས་ཐལ་མོ་གདབ་ཅིང་། དར་དམར་མཐིང་གིས་དབང་བསྐུར་བར་མོས་ལ། ཡི་གེ་བརྒྱ་བ་ལན་གསུམ་བཟླས་པས་བརྟན་པར་བྱའོ། །བཅུ་གསུམ་པ་བསྔོ་སྨོན་ནི། དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན། །བདུད་ལས་རྣམ་རྒྱལ་བར་ཆད་ཀུན་ཞི་ཞིང་། །རྡོ་རྗེ་གཞོན་ནུ་མྱ་ངན་འདས་པའི་སར། །འབྲས་བུ་བྱང་ཆུབ་ངེས་པར་བརྙེས་གྱུར་ཅིག །ཅེས་སྨོན་ལམ་གདབ་བོ། །བཅུ་བཞི་པ་བཀྲ་ཤིས་བརྗོད་པ་ནི། ཧཱུཾ། བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབས་རྡོ་རྗེ་གཞོན་ནུ་ཆེ། །ཁྲོ་བཅུ་སྲས་མཆོག་སྒོ་སྲུང་དམ་ཅན་སོགས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་བཀྲ་ཤིས་ཤོག །ཅེས་བརྗོད་པས་མཐའ་རྒྱས་པར་བྱའོ། །དེ་ཡང་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་ནི། སྣོད་ཀྱི་འཇིག་རྟེན་ཐམས་ཅད་རྡོ་རྗེ་ཕུར་པའི་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ཐམས་ཅད་རྡོ་རྗེ་གཞོན་ནུ་ཡབ་ཡུམ། སྒྲར་གྲགས་པ་ཐམས་ཅད་ཀཱི་ལ་ཡའི་རང་སྒྲ། སེམས་ཀྱི་དྲན་རྟོག་ཐམས་ཅད་སྟོང་གསལ་རྗེན་པ་རྡོ་རྗེ་གཞོན་ནུའི་ཐུགས་སུ་ལམ་དུ་འཁྱེར་བ་ལ་བསླབ་པར་བྱ་བ་ཡིན་ནོ། །དེ་ལྟར་དཔལ་ཆེན་རྡོ་རྗེ་ཕུར་བུ་ཡི། །ལས་གཞུང་ཨོ་རྒྱན་ཆེན་པོའི་རྩ་བ་ལ། །བརྟེན་ཅིང་ཇོ་མོ་ལྕམ་དང་སྐྱེ་ཁྱུད་དང་། །ལང་ལབ་སྣ་ནམ་མཁས་པ་རོང་ཟོམ་གྱི། །གཞུང་ལས་ལེགས་བསྡུས་དངོས་གྲུབ་རྒྱ་མཚོ་ཞེས། །ཚིག་དོན་ལེགས་བཤད་ཉིན་མོར་བྱེད་པའི་དཔལ། །བྱིན་རླབས་འོད་སྟོང་འཕྲོ་འདི་མཁས་པ་དང་། །གྲུབ་པའི་གཙུག་རྒྱན་བློ་གྲོས་རྒྱལ་མཚན་གྱིས། །མཛད་པའི་ལས་བྱང་ཡིད་བཞིན་རིན་ཆེན་དང་། །མཚུངས་པ་དེ་ལས་ལེགས་བསྡུས་བྲིས་པའི་དགེས། །མ་རུང་བདུད་སྡེའི་གཡུལ་ལས་རྣམ་རྒྱལ་ཏེ། །རྡོ་རྗེ་གཞོན་ནུའི་གོ་འཕང་མྱུར་ཐོབ་ཤོག །ཅེས་ཕུར་བུའི་ལས་བྱང་དངོས་གྲུབ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་འདི་ནི། དཔོན་སློབ་མངའ་བདག་བྲག་རིག་འཛིན་རྒྱ་མཚོས་དོན་གཉེར་ཆེན་པོས་མཐུན་པའི་རྐྱེན་སྦྱར་ཏེ་ཨོ་རྒྱན་སྨིན་གྲོལ་གླིང་འདུས་སྡེར་འདི་ཉིད་ཀྱི་ཆོག་གྲྭ་འཛུགས་པར་མཛད་པའི་ཚེ་ལས་བྱང་ཁྱེར་བདེ་བ་ཞིག་དགོས་ཞེས་སོ་སྟོན་མཐུ་སྟོབས་རྣམ་རྒྱལ་སོགས་ཆོག་གྲྭ་བ་རྣམས་དང་། ཉེ་ཆར་རང་གི་གམ་དུ་འཁོད་པའི་མི་ཕམ་གྱིས་ཁ་བཏགས་དང་གོ་དམར་ཁ། ཆོས་དབྱིངས་ཀྱིས་ཁ་བཏགས་ཀྱི་རྟེན་དང་བཅས་ཡང་ཡང་གསོལ་བཏབ་པ་ལ་བརྟེན། རིན་ཆེན་རྣམ་པར་རྒྱལ་བའི་མིང་ཅན་གྱིས་བྲིས་པ་སྟེ་དཔེ་དཔང་དག་པ་ཞིག་མ་རྙེད་པས་སྔགས་སོགས་ལ་དཔྱད་གཞི་འགའ་རེ་མཆིས་པས་སླར་མ་ཕྱིའི་དཔེ་ཉིད་ཁུང་བཙུན་རྙེད་ན་མཁས་པ་རྣམས་ཀྱིས་དཔྱད་པར་མཛོད་ཅིག །འདིས་ཀྱང་སྲིད་པ་ཐམས་ཅད་རྡོ་རྗེ་ཕུར་བུར་འགྲུབ་པར་གྱུར་ཅིག། །།

ཕུར་པ་རོང་ལུགས་ཀྱི་དཀྱིལ་འཁོར་ཆོ་ག རིན་ཆེན་རྣམ་པར་རྒྱལ་བ།

ཕུར་པ་རོང་ལུགས་ཀྱི་དཀྱིལ་འཁོར་ཆོ་ག་བཞུགས་སོ། །བླ་མ་དང་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །ཕུར་པའི་ལས་བྱང་དངོས་གྲུབ་རྒྱ་མཚོ་ལ་མཁོ་བའི་ཟུར་འདེབས་ནི། སའི་ཆོ་ག་དང་སྟ་གོན་གཉིས་ལས། དང་པོ་ལ་བཞི་ལས། བསླང་བ་ནི། གཞི་བདག་གི་གཏོར་མ་མཆོད་པ་དང་བཅས་པ་བཤམས་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བ། མཆོད་གཏོར་རྣམས། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ༀ་ལས་མཆོད་གཏོར་རྣམས་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་སྤྲོ་བའི་གཏེར་དུ་གྱུར་པར་བསམ་ལ། ༀ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་གཏོར་མ་ཕུ ལ་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་གསོལ་བས་སྤྲོ་བ་དང་བཅས་ཏེ་ས་གཞི་བྱིན་པར་བསམ་ལ། ཡ་ཧི་གཙྪས་གཤེགས་སུ་གསོལ་ནས་གཏོར་མ་ཕྱིར་དོར། སྦྱང་བ་ནི། ལྟོ་འཕྱེ་བརྟགས་ནས་བརྐོས་པའི་ས་རོ་རྣམས་བསལ་བ་ལ་སྟེགས་བུ་རྩིག་པ་ཡིན་ཀྱང་བཏང་སྙོམས་སུ་བྱས་ནས་སྔགས་རྒྱ་ཙམ་གྱིས་སྦྱངས་ཏེ། དྲི་དང་བ་བྱུང་སྦྱར་བའི་ཆུས་དཀྱིལ་འཁོར་གྱི་གཞིར་དབང་ལྡན་ནས་བརྩམས་ཏེ་བྱུགས་ལ། རཾ་ཡཾ་ཁཾ་ཞེས་པས་གཞིའི་དངོས་འཛིན་བསྲེགས་གཏོར་སྦྱངས་ནས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་ཉིད་དུ་བསྒོམ། སྭ་བྷཱ་ཝའི་སྔགས་བཟླ་ཞིང་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱས་རེག་པར་བྱ། གཟུང་བ་ནི། སློབ་དཔོན་དཀྱིལ་འཁོར་གྱི་གཞིའི་སྟེང་དུ་འདུག་སྟེ། བདག་ཉིད་རྡོ་རྗེ་གཞོན་ནུ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་འབར་བར་བསམ་ལ། ཧཱུཾ། ཉོན་ཅིག་བགེགས་དང་ཞེས་པ་ནས། བརྒྱ་རུ་ཁོས་ཀྱི་བར་དང་། སུམྦྷའི་དྲག་བསྔགས་བཟླ་ཞིང་ཐུན་བྲབ་སྤོས་རོལ་གྱི་ཚམས་རྔམས་དང་བཅས་ཏེ་འབར་བའི་ཁྲོ་སྤྲིན་གཡས་བསྐོར་དུ་སྤྲོས་པས་བགེགས་བསྐྲད། སྲུང་བ་ལ་གཉིས་ལས། ཕུར་གདབ་ནི། ཕུར་པ་རྣམས་བསང་སྦྱང་། སྟོང་པའི་ངང་ལས་ཧཱུཾ་ཡིག་བཅུ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བཅུ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་བསམ་ལ། སུམྦྷ་སོགས་ཀྱིས་བཀུག་སྟེ། ཁྲོ་བཅུ་སོ་སོའི་སྔགས་མཐར། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བཏགས་པ་བཟླ་བཞིན་དུ་བཏབ། བགེགས་རྣམས་ཀྱི་སྤྱི་བོ་ནས་བསྡིགས་པས་གསང་བའི་བར་དུ་ཕུག་སྟེ་གསེར་གྱི་ས་གཞི་ལ་སྦྲགས་ནས་གཡོ་འགུལ་མེད་ཅིང་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར། སྲུང་བ་ནི། སྟེང་ཡང་ཕུར་པའི་བླ་རེ་ལ། །སོགས་དང་། རྡོ་རྗེ་ཕུར་བུའི་ར་གུར་ཡེ་ཤེས་ཀྱི་མེ་འབར་བས་ཕྱོགས་མཚམས་ཐམས་ཅད་དུ་ཁྱབ་པར་བལྟའོ། །ཆག་ཆག་གདབ་པ་ནི། བདུད་རྩི་ལྔ་དང་ལྡན་པའི་རཀྟ་ཆང་དང་སྦྱར་ཏེ། ཧཱུཾ། དུས་གསུམ་རྒྱལ་བའི་བཞུགས་གནས་ཁྱད་པར་ཅན། །རང་བྱུང་གཉིས་སུ་མེད་པའི་དོན་རྟོགས་ནས། །ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་མ་སྐྲག་ཅིག །གསང་བའི་དཀྱིལ་འཁོར་འདི་ལ་ཆག་ཆག་འདེབས། །ཁྲག་དང་བདུད་རྩིའི་ཁ་ཕྲུ་འདི་བཏབ་པས། །དུས་གསུམ་བདེ་གཤེགས་ཐུགས་དམ་དབྱིངས་ནས་བསྐུལ། །ཐབས་དང་ཤེས་རབ་གཉིས་སུ་མེད་པར་ཤོག །མ་ཧཱ་ཛྙཱ་ན་མཎྜ་ལ་ཧཱུཾ། ཞེས་དཀྱིལ་འཁོར་གྱི་གཞི་ལ་ཁྱེམ་མེད་པར་བྱུགས། ཐིག་གདབ་པ་ནི། སློབ་དཔོན་ནུབ་ནས་ཤར་དུ་ཕྱོགས་པས། བདག་ཉིད་རྡོ་རྗེ་གཞོན་ནུ་ཐིག་གཡོག་རིགས་ཀྱི་ཡུམ་དུ་གྱུར་པར་བསམ་ནས། ཛ་ཛཿཞེས་ཐིག་སྣ་གཏད་དེ། རང་གི་ལག་གཡས་ཀྱི་སོར་མོ་ལྔ་ལ་རིགས་ཀྱི་ཡབ་ལྔ། གཡོན་གྱི་སོར་མོ་ལྔ་ལ་རིགས་ཀྱི་ཡུམ་ལྔ། ཡབ་ཡུམ་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པའི་མཁའ་ལས་ཐིག་སྐུད་བྱང་ཆུབ་ཀྱི་སེམས་སྤྲིན་དཀར་ཕྲེང་གིས་བྱུང་བར་བསམ་ནས། ཧཱུཾ། ཡེ་ཤེས་ལྔ་ཡི་སྐུད་པ་འདིས། །དཀྱིལ་འཁོར་འདི་ལ་ཐིག་གདབ་ཀྱི། །དབྱིངས་དང་ཡེ་ཤེས་འོད་འཕྲོས་པས། །མཁའ་ལ་བདེ་གཤེགས་ཕོ་བྲང་གསལ། །ༀ་ཨཱཿཧཱུཾ་སཱུ་ཱུཏྲ་ས་མ་ཡ་ཧཱུཾ། ཞེས་གདབ། དེ་ནས་ཐིག་ཆལ་གྱིས་སྦགས་པའི་ཐིག་སྐུད་ཀྱིས། ཚངས་ཐིག་ནས་བཟུང་སྤྱི་དང་མཐུན་པ་ལ། །ཕྱི་ཡི་ཁོར་ཡུག་པད་ར་དུར་ཁྲོད་བར། །ཆ་ཕྲན་ཕྱེད་གཉིས་བསྐོར་བ་དམ་ཅན་གནས། །རྟ་བབས་བཞི་ནི་མདའ་ཕྱིར་ཆ་ཆེན་གཅིག །ཆ་ཕྲན་གཅིག་སྟེ་དེ་དག་དུམ་བཞིར་བགོ། །དེ་རྗེས་གཡས་གཡོན་འདོན་གྱི་བརྐྱང་བསྐུམ་ནི། །དང་པོ་ཀ་རྒྱན་མཐའ་ལས་ཆ་ཕྲན་ཕྱེད། །རིང་ཞིང་གཉིས་པ་དེ་ལས་གཅིག་གི་ཐུང་། །གསུམ་པ་གཅིག་རིང་བཞི་པ་གཅིག་གི་ཐུང་། །ལྟེ་བའི་ལྷ་གནས་རྩ་བའི་ཐིག་ནང་དུ། །ཚད་མཉམ་ཟླུམ་སྐོར་གཉིས་བསྐོར་གཉིས་ཀའི་ནང་། །ཆ་ཕྲན་གཉིས་བསྐོར་ལྟེ་བའི་ཆ་ཕྲན་གྱི། །ཕྱི་རུའང་དེ་བཞིན་ཆ་ཕྲན་གཅིག་གིས་བསྐོར། །ཟླུམ་བསྐོར་ནང་ནས་ལྟེ་བར་ཚད་པ་དེས། །ལྟེ་བ་ཟླུམ་པོར་བསྐོར་བའི་ནང་ཐིག་དང་། །ནུབ་ཀྱི་ཚངས་པའི་ཐིག་གཉིས་འཕྲད་མཚམས་སྟེང་། །འགྱང་ཕུར་བཟུང་ལ་གཡས་གཡོན་མཚན་མ་བྱ། །དེ་དང་ཤར་གྱི་ཚངས་ཟླུམ་ཕྲད་པ་གསུམ། །བསྒྲིལ་བའི་ཆོས་འབྱུང་མུ་ཁྱུད་ཕྱི་ནང་དང་། །རྩིབས་བཅུ་རྩིབས་རྟེན་རྣམས་སུ་འགྱུར་བའོ། །དེ་དག་ནི་ས་ཆོག་གོ། །ལྷ་གནས་ལ་གཉིས་ལས། ལྷ་སྟ་གོན་ནི། བདུད་རྩི་ལྔ་དང་སྦྱར་བའི་དྲི་ཞིམ་པོའི་ཐིག་ལེ་མེ་ཏོག་གི་ཚོམ་བུ་ལྷ་གྲངས་དང་མཉམ་པ་སོ་སོའི་སྔགས་ཀྱིས་བཀོད་མཐར་མཆོད་པས་བསྐོར། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། ཚོམ་བུ་ལྷར་བསྐྱེད། སྤྱན་འདྲེན། མཆོད་བསྟོད་རྣམས་བྱས་ལ། སྤོས་དང་བཅས་པས། རྡོ་རྗེ་གཞོན་ནུ་བཅོམ་ལྡན་འདས། །རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་འཛིན་པ་བདག་གིས་ནི། །ནངས་པར་དཀྱིལ་འཁོར་བྲི་བར་འཚལ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །ཀུན་གྱི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་གྱིས་སྙན་གསན་དབབ་པས། གནང་བ་བྱིན་པར་མོས་ཤིང་སྔགས་རྒྱས་དཀྱིལ་འཁོར་ནམ་མཁར་བཏེག་པའོ། །བུམ་པ་སྟ་གོན་ནི། གཙོ་ལས་ཀྱི་བུམ་པ་གཉིས་ཆས་སུ་བཅུག་བུམ་རྫས་དང་བཅས་པའི་དྲིའི་ཆུས་བཀང་། དུང་ཞལ་གཟུངས་རྡོར་དང་བཅས་པ་བཤམས་ལ། བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཚང་བ་ཡང་ཤིང་རྒྱ་ཆེ་བའི་ནང་དུ་པདྨ་དང་ཉི་ཟླའི་གདན་ལ་ཧཱུཾ་ལས་དཔལ་ཆེན་པོ་ཁྲོ་བོ་བཅུ་དང་བཅས་པ་དང་། ལས་བུམ་ནང་དུ་བདུད་རྩི་འཁྱིལ་བ་རྣམས་སྐད་ཅིག་གིས་གསལ་བར་བསྒོམ། སྤྱན་འདྲེན་མཆོད་བསྟོད་རྣམས་བྱ། བཟླས་པའི་ཚེ། བདག་གི་ཞལ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྒྱུད་དེ་སོང་བ་བུམ་ནང་གི་ལྷ་རྣམས་ཀྱི་ཐུགས་ཀར་ཐིམ་པར་བསམ་ལ་བཟླས་པ་ཅི་འགྲུབ་བྱ། མཐར་ལྷ་ཐམས་ཅད་ཆགས་པ་ཆེན་པོས་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ཏུ་གྱུར་པར་བསམ་མོ། །ཚོན་གྱི་བྲི་བ་ནི། ཚོན་ཁ་དོག་ལྔ་ལ། ཧཱུཾ་ༀ་སྭཱ་ཨཱཾ་ཧཱ། རྣམས་བྲིས་པ་བསང་སྦྱང་། སྟོང་པའི་ངང་ལས་ཚོན་རྣམས་རིགས་ཀྱི་ས་བོན་ལྔ་ཕྱག་མཚན་ལྔར་གྱུར་པ་ལས་རིགས་ལྔ་ཡབ་ཡུམ་བཅུར་བཞེངས་པ་རྗེས་ཆགས་ཀྱིས་སྦྱོར་བས་ཞུ་བའི་བྱང་སེམས་ཡེ་ཤེས་ལྔའི་རང་བཞིན་གྱི་རིན་པོ་ཆེ་ཁ་དོག་ལྔའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ལ་ས་བོན་ལྔ་ཅི་རིགས་བཟླས་ཏེ་བྱིན་གྱིས་བརླབ། ཚོན་ཐོབ་ནི། ཆོས་འབྱུང་སྔོ་ལ་ཟླ་གམ་ཁྲག་གི་མཚོ། །མུ་ཁྱུད་དང་པོ་ཐོད་སྐམ་ར་བ་དང་། །གཉིས་པ་པད་མ་དམར་པོའི་ཕྲེང་བས་བསྐོར། །རྩིབས་བཅུ་སེར་ལ་རྩིབས་རྟེན་ཐོད་པའི་ཕྲེང་། །རྩིག་པ་ནང་ནས་སྔོ་ལྗང་དམར་སེར་དཀར། །འདོད་སྣམ་ལ་སོགས་སྤྱི་མཐུན་རྟ་བབས་བཞི། །དང་པོ་སེར་པོ་གཉིས་དམར་གསུམ་སེར་པོ། །བཞི་པ་དཀར་པོ་པད་འདབ་རིས་སུ་བྱ། །སྣ་ཚོགས་རྡོ་རྗེ་པད་ཕྲེང་སྤྱི་མཐུན་ལ། །མུ་ཁྱུད་ཁྲག་མཚོ་དུར་ཁྲོད་རྡོ་ར་དང་། །ཁ་དོག་ལྔ་ལྡན་མེ་རིས་བསྐོར་བའོ། །དེ་དག་ནི་ཚོན་གྱི་ལས་སོ། །རྫས་དགོད་པ་ལ། ཕུར་བུ་བྱིན་གྱིས་བརླབ་པ་ནི། ལྕགས་སྣོད་འབྲུ་ནག་གིས་བཀང་བ་ལ་ལྷ་ཕུར་རྣམས་བཞུགས་ཚུལ་ལྟར་བཙུག་པ་མདུན་དུ་བཞག་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གི་མཚན་པ་རེ་རེར་གྱུར། གཙོ་འཁོར་གྱི་སྔགས་རྣམས་ཚར་རེ་བརྗོད་པས། གཙོ་ཕུར་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། འཁོར་རྣམས་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་སྒོ་མ་དང་བཅས་པ་ཐམས་ཅད་སྟོད་རང་རང་གི་ཁྲོ་བོའི་རྣམ་པ་རྒྱན་ཆ་ལུགས་ཕྱག་མཚན་དང་བཅས་པ་ལ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར་པར་བསམ་ལ། གཟི་བྱིན་བསྐྱེད་པའི་ཕྱིར་གུ་གུལ་གྱི་དུད་པས་བདུག་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་ཨ་དྷི ཥྛ་མུགས་མུགས་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོ་ཙིཏྟ་མྱོགས་མཱ་ར་ཡ་ཧཱུཾ་ཕཊ། ཡུངས་ཀར་གྱིས་བྲབ་ཅིང་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་མ་གུ་ཏ་ལ་པྲ་ཏ་ལ་ཤ་ད་ར་ཙ་ཧཱུཾ། དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། རཀྟས་བྱུག་ཅིང་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་ཛྭ་ལ་མཎྜ་ལ་རཀྴ་རཀྴ་དགྲ་བགེགས་ཝཱ་ཤཾ་ཀུ་རུ་མཱ་ར་ཡ་ཧཱུཾ་ཕཊ། དེ་ནས་དགོད་པ་ནི། ཧཱུཾ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་སོགས་ཚིག་བཅད་གཅིག་གིས་གསོལ་བ་བཏབ་ལ། ཆོས་སྐུ་འགྱུར་བ་མེད་པའི་ངང་ལས་གཟུགས་སྐུ་ཡེ་ཤེས་ཀྱི་ཁྲོ་ཚོགས་ཕུར་བུའི་རྣམ་པར་བྱོན་ནས་གནས་སོ་སོར་བཞུགས་པར་བསམ་ཞིང་། ཧཱུཾ། དབུས་ན་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་བཅས། །ལྷ་ཆེན་བསྣོལ་བའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ས་མ་ཡ་ཏིཥྛནྟུ། ཞེས་དབུས་སུ་དགོད། ཧཱུཾ། ཕྱོགས་བཅུ་རང་བྱུང་གྲུབ་པའི་ལྷ། །ཁྲོ་རྒྱལ་ཡབ་ཡུམ་ཟ་གསོད་བཅས། །ཕྱོགས་སྐྱོང་ཕོ་མོའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ས་མ་ཡ་ཏིཥྛ་ནྟུ། ཞེས་སོགས་ཁྲོ་བཅུའི་སྔགས་ཀྱིས་ཕྱོགས་མཚམས་ཀྱི་ཁྲོ་བོ་བརྒྱད་རྩིབས་བརྒྱད་དང་། སྟེང་འོག་གི་ཁྲོ་བོ་ཤར་ནུབ་ཀྱི་རྩིབས་ནང་ཐོད་ཕྲེང་རྩར་དགོད། ཧཱུཾ། ཡེ་ཤེས་གཞལ་ཡས་སྒོ་བཞི་ནས། །འགུགས་འཆིང་སྡོམ་མྱོས་སྒོ་མ་བཞི། །དཀྱིལ་འཁོར་ཆེན་པོའི་སྒོ་བཞི་རུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ས་མ་ཡ་ཏིཥྛ་ནྟུ། ཞེས་སྒོ་ཁྱུད་ཀྱི་ནང་བཞིར་དགོད། ཧཱུཾ། ཡེ་ཤེས་ལྔ་ལྡན་བུམ་པ་འདི། །དཔལ་ཆེན་ཁྲག་འཐུང་འཁོར་བཅས་རྟེན། །ཆོས་ཀྱི་དབྱིངས་སུ་སྦྱངས་པ་འདིར། །དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ། །ཞེས་དཀྱིལ་འཁོར་གྱི་དབུས་སུ་བུམ་པ་སྟེགས་ལ་དགོད། ཡོ་བྱད་གཞན་རྣམས། ཧཱུཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཕུན་སུམ་ཚོགས་པའི་མཆོད་སྤྲིན་རབ་ཏུ་སྤྲོས། །དཔལ་ཆེན་འཁོར་བཅས་ཐུགས་དམ་གཉན་སྐོངས་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་དཀྱིལ་འཁོར་གྱི་སར་དུ་ཆུ་གཉིས་ཉེར་སྤྱོད་ལྔ། ལྷོར་འདོད་ཡོན་ལྔ་དང་བཀྲ་ཤིས་རྟགས་རྫས་སོགས། ནུབ་ཏུ་སྨན་རཀ་གཏོར་གསུམ། བྱང་དུ་དྲག་མཆོད། ཤར་ལྷོར་ལས་བཞིའི་བྲང་རྒྱས་དང་ཚེ་འབྲང་ཛ་གད་སོགས་དངོས་གྲུབ་ཀྱི་རྫས་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་འཚོགས་པར་དགོད་དོ། །ཆོ་གའི་དངོས་གཞི་ནི་ལས་བྱང་དངོས་གྲུབ་རྒྱ་མཚོ་ལྟར་དང་། ཕུར་སྲུང་མཆོད་པའང་བྱ། རྗེས་དངོས་གྲུབ་བླང་བ་ནི། ཉོན་ཅིག་བགེགས་དང་སོགས་ཀྱི་མཐར་སུམྦྷ་དང་ཁྲོ་བཅུའི་སྔགས་ཀྱིས་བགེགས་བསྐྲད་དེ་མཚམས་བཅད། ཧཱུཾ། གདལ་བ་ཆེན་པོ་ཆོས་དབྱིངས་སོགས་ཀྱིས་བྱིན་དབབ། བདག་དཔལ་ཆེན་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་གསང་གནས་ཟླ་བར་རྡོ་རྗེ་རྩེ་ལྔ་ༀ་གྱིས་མཚན་པ། ཡུམ་གྱི་མཁའ་པདྨ་འདབ་བརྒྱད་ཉི་མར་ཨཾ་གིས་མཚན་པར་བསམ་ལ་སྙོམས་པར་བཞུགས་པས་ཡུམ་གྱི་དུང་ཁང་ན་ཁྲག་འཐུང་རིགས་ལྔ་གནས་པ་རྣམས་བསྐུལ་སྙོམས་པར་ཞུགས་པས་ཡབ་ལྔའི་བྱང་སེམས་མུ་ཏིག་ལྟ་བུ། ཡུམ་ལྔའི་དྭངས་མ་མཚལ་ལྟ་བུ་དྷུ་ཏི་ནས་བྱུང་། མཁར་དཀར་དམར་འདྲེས་ནས་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བ་ཡི་གེ་གསུམ་དུ་གྱུར་པ་བདག་གི་རྡོ་རྗེའི་ནང་དུ་རྔུབས་ཏེ་ཐུགས་སྲོག་ལ་ཐིམ། བདེ་སྟོང་འཛིན་མེད་རང་བྱུང་གི་ཡེ་ཤེས་འབར་བར་བསམ་ལ་དཀྱིལ་འཁོར་གསུམ་གྱི་ཛཔ྄་མཐར། ༀ་ཨཱཿཧཱུཾ་སརྦ་སིདྡྷི་ཨཱཿ ཞེས་བཏགས་པ་ཅི་རིགས་བཟླས་ལ། ཀཱ་པཱ་ལ་མཚན་ལྡན་དུ་ཁྲག་ཆང་ཨ་མྲྀ་ཏ་དང་མངར་གསུམ་སྦྱར་བ་འབྲུ་གསུམ་གྱི་བྱིན་གྱིས་བརླབ་པ་ལག་ཏུ་ཐོགས་ཏེ། ཧཱུཾ། དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་བཅས། །ཁྲོ་བཅུ་ཡབ་ཡུམ་ཟ་གསོད་དང་། །སྲས་མཆོག་སྒོ་བཞི་སྲུང་མར་བཅས། །ཐུགས་དམ་དབང་གིས་སྤྱན་འདྲེན་ན། །འདིར་གཤེགས་ཕོ་བྲང་གཉན་པོར་བཞུགས། །ས་མ་ཡ་ཛཿཧཱུཾ་བཾ་ཧོཿ ཧོ་དཔལ་ཆེན་ཡབ་ཡུམ་འཁོར་དང་བཅས། །དང་པོ་ཆོས་དབྱིངས་ཡེ་ཤེས་ལྷ། །བར་དུ་བདག་གི་ཡི་དམ་ལྷ། །ད་ལྟ་ལྷ་དང་གཉིས་སུ་མེད། །གཉིས་མེད་རོལ་པའི་མཁའ་དབྱིངས་སུ། །སྨན་རཀ་བདུད་རྩི་སྦྱར་བས་མཆོད། །མཆོད་འབུལ་རྫས་སོགས་དངོས་གྲུབ་སྩོལ། །ཞེས་མཐེབ་སྲིན་གྱིས་གཏོར་ཞིང་སོ་སོའི་མཚན་སྔགས་མཐར། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་སྦྱར་ལ་འབུལ། དེ་ནས་དངོས་གྲུབ་ཀྱི་རྫས་རྣམས་ཐོགས་ལ། ཧཱུཾ། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །རྡོརྗེ་ཕུར་བུའི་ལྷ་ཚོགས་དགོངས། །དང་པོ་བསྙེན་པའི་དབུ་བཙུག་ནས། །དོ་ནུབ་ཕན་ཆད་ཞག་གྲངས་ཐེངས། །བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ཚང་། །འགྲོ་བ་མ་ལུས་བསྒྲལ་སླད་དུ། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ༀ། བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་སྦྱོར། །གསང་བ་བྱང་སེམས་དངོས་གྲུབ་སྩོལ། །ཕྱོགས་བཅུའི་ཁྲོ་རྒྱལ་ཡབ་ཡུམ་དང་། །ཟ་བྱེད་གསོད་བྱེད་སྤྲུལ་པ་བཅས། །ཕྱོགས་བཅུར་དབང་དང་ཕྱོགས་སྐྱོང་འདུལ། །དབང་བཅུ་ཡོངས་རྫོགས་དངོས་གྲུབ་སྩོལ། །དཔལ་ཆེན་སྐུ་གསུང་ཐུགས་ལས་འཁྲུངས། །ཁྲོ་རྒྱལ་འབུམ་པས་མཐུ་སྟོབས་འཕགས། །ཁྲོ་རྒྱལ་ཀུན་འདུས་ཀཱི་ལ་ཡ། །ཁམས་གསུམ་ཡོངས་གྲོལ་དངོས་གྲུབ་སྩོལ། །གསེར་དངུལ་ཟངས་ལྕགས་ལྷ་ཕུར་བཞི། །བསྙེན་ཅིང་བསྒྲུབ་པའི་ལྷ་ལགས་ཀྱི། །ཞི་རྒྱལ་དབང་དྲག་དངོས་གྲུབ་སྩོལ། །དཔལ་གྱི་བཀའ་ཉན་སྒྲུབ་མཆོག་སྐྱོང་། །ཤྭ་ན་བདག་ཉིད་ས་བདག་བཞི། །ཚེ་དབང་ལོངས་སྤྱོད་གྲུབ་རྟགས་རྣམས། །མཐུ་བྱིན་དྲེགས་པའི་དངོས་གྲུབ་སྩོལ། །བསྭེ་ལྕགས་དུང་གསུམ་སྐྱེས་བུ་གིང་། །མ་བདུན་སྲིང་བཞི་དབང་ཕྱུག་ཚོགས། །དྲག་རྩལ་དངོས་གྲུབ་རྒྱ་མཚོའི་མཛོད། །ཕྲིན་ལས་ཡིད་བཞིན་དངོས་གྲུབ་སྩོལ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་ཡུ་ཥེ་རྫྙཱ་ན་སརྦ་སིདྡྷི་གུ་ཎ་ཕ་ལ་ཧོཿ སིདྡྷི་སིདྡྷི་ཧཱུཾ་ཧཱུཾ་ཨ་ཨ་ཨ། ཞེས་བརྗོད་ཅིང་ལྷ་དང་དངོས་གྲུབ་འོད་དུ་ཞུ། བདག་གི་ཐུགས་སྲོག་ལ་བསྡུ་ཞིང་དབྱེར་མེད་དུ་གྱུར་པར་བསམ་མོ། །དེ་ནས་སྨོན་ལམ་གདབ་ཅིང་། དཀྱིལ་འཁོར་བསྡུ། ཕུར་བུ་དབྱུང་ཞིང་བཀྲུ། ཤིས་པ་བརྗོད་ཅིང་རྡུལ་ཚོན་ཆུ་བོར་གཤེགས་པའི་བར་བྱའོ། །རོང་ཕུར་ལས་བྱང་དངོས་གྲུབ་རྒྱ་མཚོ་ཡི། །ཟུར་འདེབས་ཆོ་ག་ཉུང་ངུར་བྱས་པ་འདི། །རིན་ཆེན་རྣམ་པར་རྒྱལ་བས་བྲིས་པའི་དགེས། །བདག་འཛིན་དགྲ་སྡེའི་ཚོགས་རྣམས་འཇོམས་པར་ཤོག། །།

དཔལ་རྡོ་རྗེ་ཕུར་པའི་དབང་གི་ཆོ་ག་ཇོ་བོ་ལང་ལབ་ཀྱི་ལུགས།

དཔལ་རྡོ་རྗེ་ཕུར་པའི་དབང་གི་ཆོ་ག་ཇོ་བོ་ལང་ལབ་ཀྱི་ལུགས་བཞུགས་སོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །དེ་ནས་དབང་བསྐུར་གྲལ་བཅའ་སྟེ། །དམ་ཚིག་མནའ་ཆུ་བཅས་ནས་ནི། །ནང་དུ་བོས་ལ་འདི་སྐད་བརྗོད། །མིག་དར་མེ་ཏོག །གསང་དམ་དཔོག །སྔགས་རྡོ་རྗེ་ཐེག་པའི་ལམ་སྒོ་འདི། །སྐལ་ལྡན་ཁྱོད་ལ་གཉེར་དུ་དབོག་པ་ནི། །དང་པོ་ལ་ནི་མཉམ་པའི་དམ་ཚིག་སྟེ། །དེ་ལས་འདས་ན་མཐའ་གཉིས་མུན་པར་ལྟུང་། །གཉིས་པ་འགྲོ་དོན་རྫོགས་པའི་དམ་ཚིག་སྟེ། །དེ་ལས་འདས་ན་ཉན་ཐོས་ས་རུ་ལྟུང་། །གསུམ་པ་ལ་ནི་སྦྱོར་བའི་དམ་ཚིག་སྟེ། །དེ་ལས་འདས་ན་མངལ་གྱི་སྲིན་བུར་སྐྱེ། །བཞི་པ་ལ་ནི་སྤྱོད་པའི་དམ་ཚིག་སྟེ། །དངོས་སུ་སྤྱོད་ན་ལས་ཀྱི་སྲིན་པོར་སྐྱེ། །རྩ་བ་ཡན་ལག་ཇི་སྙེད་གྲགས་པ་རྣམས། །ལྟ་སྤྱོད་སྒྲུབ་དང་ལས་ཀྱི་བྱེ་བྲག་གིས། །སོ་སོའི་རིམ་པ་བཞིན་དུ་བསྲུང་ཞེས་བྱ། །ཧཱུཾ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཛྙཱ་ན་ས་ཏྭ་ཨ། དེ་ནས་གཞལ་ཡས་ཁང་སྒོ་ཕྱེ་སྟེ། བྱང་ཆུབ་རྗེས་ཕུར་པའི་ལྷ་ཚོགས་ལ། །མཆོད་ཆེན་བགྱིས་པས་ཕུར་པའི་ལྷར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ཕུར་པའི་ལྷ་ཚོགས་བདག་ལ་སྩོལ། །བུ་ཁྱོད་དགའ་བ་ཅི་ལ་དགའ། །བདག་ནི་སྐལ་ལྡན་བདེ་ཆེན་ལའོ། །རབ་དགྱེས་འཕྲུལ་ལ་བདག་དགའ་སྟེ། །བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །སྐལ་པ་བཟང་ལ་བདག་དགའོ། །གསང་བ་མཆོག་གི་དཀྱིལ་འཁོར་འདིར། །རིག་པའི་མེ་ཏོག་འདི་དོར་བས། །སྔོན་ཚེ་བསྒྲུབ་པའི་ལྷ་ནི་གང་ཡིན་པ། །ད་ལྟ་ཉིད་དུ་བདག་ལ་འབབ་པར་ཤོག །དཀྱིལ་འཁོར་དུ་འཇུག་རྗེས། མིག་དབྱེ་དེ་རིང་དད་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་དམ་པ་ལྟ་བར་གྱིས། །སྔགས་དང་ཕྱག་རྒྱ་འགྲུབ་པར་བྱེད། །ༀ་བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། དེ་ནས་ཕྱག་འཚལ་བཤགས་པ་བྱ། དཀྱིལ་དཀྱིལ་འཁོར་བསྟན་པ་འཁོར་ཆེན་པོའི་རང་བཞིན་ནི། །དབྱིངས་ལས་ཡེ་ཤེས་གསུམ་སྣང་གྲུ་གསུམ་སྟེ། །རྟག་ཆད་དབུ་མར་མངའ་བརྙེས་ཟླ་གམ་གསུམ། །འཁོར་བ་རྩད་ནས་བཅད་ཕྱིར་འཁོར་ལོར་བསྟན། །སྤྲོས་པ་མེད་པའི་ཚུལ་གྱིས་ཀུན་ནས་ཟླུམ། །ཡེ་ཤེས་ཀུན་ཏུ་རྒྱས་ཕྱིར་གྲུ་ཆད་བཞི། །འདས་དང་མ་འདས་མཚམས་སུ་བར་ཁྱམས་བསྟན། །ཡེ་ཤེས་ལྔ་ལྔན་ཐོད་པའི་གཞལ་ཡས་ཁང་། །རིག་པ་ཤར་སྒོ་ཡོན་ཏན་ལྷོ་ཡི་སྒོ། །མ་རིག་ནུབ་སྒོ་བག་ཆགས་བྱང་གི་སྒོ། །ཡོན་ཏན་མི་ཟད་སྒོ་ཁྱུད་རྣམ་ཐར་བརྒྱད། །རྟ་བབས་མི་ཕྱེད་རྡོ་རྗེ་ཕྲེང་བས་བརྒྱན། །སྐལ་ལྡན་བུ་ཡིས་དེ་ལྟར་ཤེས་པར་གྱིས། །དཀྱིལ་འཁོར་འདི་ཡི་ལྷ་རྣམས་ཀྱང་། །ཚོགས་བརྒྱད་རྣམ་དག་གཙོ་བོའི་སྐུ། །ཡུལ་ནི་ཡུམ་དུ་དག་པ་སྟེ། །ངག་འཁྱལ་བ་དང་སྲོག་གཅོད་པ། །ཕྲ་མ་ཚིག་རྩུབ་བཞི་པོ་ནི། །ཕྱོགས་བཞིའི་ཁྲོ་བོའི་རང་བཞིན་ནོ། །རྫུན་དང་ལོག་ལྟ་མ་བྱིན་ལེན། །གནོད་སེམས་རྣམ་པར་དག་པ་ནི། །མཚམས་ཀྱི་ཁྲོ་བོའི་རང་བཞིན་ནོ། །འདོད་ཆགས་བརྣབ་སེམས་རྣམ་དག་པ། །སྟེང་འོག་ཁྲོ་བོའི་རང་བཞིན་ནོ། །དེ་རྣམས་ཀུན་གྱི་ཡོན་ཏན་གྱི། །ཆ་རྣམས་རྣམ་དག་ཡུམ་རྣམས་སོ། །འདུ་བྱེད་སེམས་ཀྱི་ཚོགས་རྣམས་ལ། །དད་དང་འདུན་པ་ལ་སོགས་པ། །རྣམ་པར་དག་པ་ཕྲ་མེན་ཚོགས། །སེམས་ཀྱི་ལས་རྣམས་འགྲུབ་པས་ན། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་ཡིན། །བདག་འཛིན་གཉིས་དང་མ་བྲལ་བས། །སྲུང་མའི་ཚོགས་སུ་བསྟན་པ་ཡིན། །དེ་ལྟ་བུ་ཡི་ལྷ་ཚོགས་ནི། །རིགས་ཀྱི་བུ་ཡིས་ཤེས་པར་གྱིས། །དེ་ནས་ལས་ཀྱི་བུམ་ཆུ་བླངས། །མཚམས་ཀྱང་དྲག་ཏུ་བཅད་བྱས་ལ། །རྡོ་རྗེ་རྣམ་འཇོམས་བརྗོད་བྱ་ཞིང་། །སློབ་མའི་མགོ་ལུས་དག་པར་བཀྲུ། །དེ་ནས་དད་ལྡན་སློབ་མ་ཡིས། །བླ་མ་མཉེས་པའི་ཡོན་ཕུལ་ཏེ། །བཟང་པོའི་གོས་གྱོན་མེ་ཏོག་ཐོགས། །དངོས་གྲུབ་འདོད་ཕྱིར་གསོལ་བ་གདབ། །རྗེས་ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི། །བྱིན་རླབས་དབང་ནི་བདག་ལ་སྩོལ། །བླ་མས་ཚིག་གསུམ་མཐུན་པ་ལ། །བྱིན་རླབས་དབང་ནི་བསྐུར་བར་བྱ། །དེ་ལྟར་བརྗོད་ལ་བྱིན་བརླབས་ཏེ། །རྡོ་རྗེ་གཞོན་ནུ་སྐུར་བསྐྱེད་ལ། །མེ་ཏོག་ལྷ་དང་བཅས་པ་ནི། །སློབ་མའི་སྤྱིར་བཞག་འདི་སྐད་བརྗོད། །འདི་ནི་ཁྱོད་ཀྱི་བྱང་ཆུབ་སེམས། །སྲིད་པ་གསུམ་ལ་དབང་བསྒྱུར་ཞིང། །བཅོམ་ལྡན་འདས་དང་སྐལ་བ་གཅིག །བྱང་ཆུབ་སེམས་ནི་མངོན་དུ་བསྟན། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཨ་བྷི་ཥིཉྩ་ཨ་ཨཱཿ ༀ། ཆོས་དབྱིངས་ཡུམ་གྱི་བུམ་པ་ན། །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས། །སྤྱི་ནས་བསྟིམ་ཞིང་དབང་བསྐུར་རོ། །ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ ད་ནི་ལྷ་ཚོགས་ཀྱིས་དབང་བསྐུར་ཏེ། ལྷ་ཕུར་རིམ་བཞིན་བཏོན་ལ་བསྐུར་བ་ནི། ཧཱུཾ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །ཤིན་ཏུ་མི་བཟད་རྡོ་རྗེ་གཞོན་ནུའི་སྐུ། །ཞེ་སྡང་ཐུགས་མཆོག་རཀྵ་ཧེ་རུ་ཀ །དབུ་གསུམ་ཕྱག་དྲུག་ཞབས་བཞི་ལྷ་ཆེན་བརྫིས། །འཇིགས་བྱེད་སྐུ་ལ་དུར་ཁྲོད་རྒྱན་གྱིས་བརྒྱན། །འཁོར་ལོ་རྒྱས་འདེབས་འཇིགས་བྱེད་དཔལ་གྱི་ཡུམ། །ཡབ་ཡུམ་གཉིས་སུ་མེད་པ་ཡང་། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་དུ། །བསྐལ་པའི་མཐའ་ནས་བསྙེན་བསྙེན་པ། །རིང་བའི་དུས་ནས་བསྒྲུབ་བསྒྲུབ་པ། །བསྙེན་ཅིང་བསྒྲུབ་པའི་དོན་ལགས་ཀྱི། །སྐལ་ལྡན་རིགས་ཀྱི་བུ་མཆོག་ལ། །དགྲ་བགེགས་འདུལ་བའི་དབང་བསྐུར་རོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ཧ་ན་ཨ་བྷི་ཥིཉྩ་ཨ། རྡོ་རྗེ་སློབ་དཔོན་བདག་གིས་སློབ་མ་ཁྱོད་ལ་དཔལ་རྡོ་རྗེ་གཞོ ན་ནུ་ཡབ་ཡུམ་གྱི་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་རྣམ་པར་དག་ནས། སྐུ་གསུང་ཐུགས་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པར་གྱུར་ཅིག །དབང་ཕྱུག་ཁྲོ་བོའི་དབང་བསྐུར་ཏེ། ཧཱུཾ། ཟ་བྱེད་རྔམས་པ་མཆེ་བ་གཙིགས་པ་ལས། །ཁྲོ་བོའི་ཟ་བྱེད་རྔམས་པའི་འོད་ཟེར་ཕྱོགས་བཅུར་འཕྲོས། །ཞལ་གྱི་ཧོམ་ཁུང་ཐིག་ལེ་དམར་པོ་ནས། །ཡེ་ཤེས་ཁྲོ་བོ་མང་པོ་སྤྲུལ་པའི་ཚོགས། །ཁམས་གསུམ་ཐལ་བར་རློག་པའི་ལས་མཛད་པ། །ཡེ་ཤེས་ཁྲོ་བོ་བཅུ་ཡི་དབང་བསྐུར་རོ། །ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ་ཨ་བྷི་ཥིཉྩ་ཨ། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཨ་བྷི༴ ནཱི་ལ་དནྜ༴ ཡ་མནྟ་ཀ༴ ཨཱརྱ་ཡ་ཙ་ལ༴ ཧྱ་གྲཱི་ཝ་ཧཱུཾ༴ ཨ་པར་ཛི་ཏ༴ ཨ་མྲྀ་ཏ་ཀུནྜ་ལི༴ ཏྲཻ་ལོ་ཀྱ་བི་ཛ་ཡ༴ མ་ཧཱ་བཱ་ལ་ཧཱུཾ་ཨ་བྷི་ཥིཉྩ་ཨ། སོགས་ཁྲོ་བོ་བཅུ་ཀ་འགྲེའོ། །ཁྲོ་བོ་ཆེན་པོ་བཅུའི་དབང་བསྐུར་བས་སྟོབས་བཅུའི་སྟོབས་སུ་གྱུར་ཅིག །དབང་བཅུ་སྐུ་ལ་རྫོགས་པས་ཕྱོགས་བཅུའི་དྲེགས་པ་ཅན་མང་པོ་འདུས་ཤིང་རིན་པོ་ཆེའི་ལོ་ཀ་བརྡལ་བའི་མཐུ་སྟོབས་དང་ལྡན་པར་གྱུར་ཅིག །ཁྲོ་མོའི་དབང་བསྐུར་ཏེ། ཁྲོ་རྒྱལ་སྐུ་ལ་གཉིས་མེད་སྦྱོར་བ་མོ། །སྲིན་པོའི་མགོ་དང་སྲིན་མོའི་རལ་པ་ཅན། །སྤྲུལ་པའི་ཕོ་ཉ་ཅི་བགྱི་ཁྲོ་མོའི་ཚོགས། །ལྷ་སྲིན་མང་པོ་འདུལ་བའི་རྟགས་སུ་བྱུང་། །ཡེ་ཤེས་ཁྲོ་མོ་བཅུ་ཡི་དབང་བསྐུར་རོ། །ༀ་བཛྲ་རཀྵ་ཡ་ཏི་ཧཱུཾ་ཨ་བྷི་ཥིཉྩ་ཨ། ཁྲོ་བོ་བཅུའི་དབང་བསྐུར་བས་སྤྲུལ་པའི་ཕོ་ཉ་མང་པོ་དབྱིངས་ནས་བཏོན་ནས་མི་མཐུན་དགྲ་བགེགས་རྡུལ་དུ་རློག་པའི་དབང་དམ་པ་དང་ལྡན་པར་གྱུར་ཅིག །ཕྲ་ཐབས་ཉི་ཤུའི་དབང་བསྐུར་བ། ཕྲ་མེན་ཚོགས་དང་སྦྱོར་བའི་བྱིན་རླབས་དང་། །འདུལ་བྱེད་སྤྲུལ་པ་འབྱུང་བའི་བྱིན་རླབས་ནི། །རལ་པ་ཁམ་ནག་རྡོ་རྗེའི་མཆེ་བ་ཅན། །རོ་ལ་རྔམས་པ་ཏི་ར་འབྲད་པ་དང་། །ཞག་ལ་རྔམས་ཤིང་རུས་པ་འཆའ་བའི་ཚུལ། །སྟག་གཡག་ཤ་བ་གཟིག་གི་མགོ། །བྱི་ལ་སྤྱང་ཀི་སེང་གེའི་མགོ། །དོམ་དྲེད་ཕག་གི་མགོ་ཅན་དང་། །བྱ་རྒོད་བྱ་རོག་འུག་པའི་མགོ། །ཁྭ་ཏ་པུ་ཤུད་ཁྲ་ཡི་མགོ། །ཕ་ཝང་སྲེ་མོང་བྱི་བའི་མགོ། །སྨིག་བུའི་མོག་ཅན་པྲ་མེན་ཚོགས། །འདབ་ཆགས་ཁྲག་འཐུང་སྡེར་མོའི་ཚོགས་དང་བཅས། །སྟོང་གསུམ་ཟད་པར་བསྒྲལ་ཡང་ཚིམ་པ་མེད། །ཁམས་གསུམ་ཡོངས་སྒྲོལ་མཛད་ཀྱང་ཚིམ་པ་མེད། །ཟ་བྱེད་རྔམས་པའི་ཚོགས་ཀྱི་དབང་བསྐུར་རོ། །ༀ་བཛྲ་ཨུ་ཀ་ར་མུ་ཀ་ཧཱུཾ། བཛྲ་ཧུ་ཤོ་ཀ་མུ་ཁ་ཧཱུཾ། ཨ་བྷི་ཥིཉྩ་ཨ། ཕྲ་མེན་མགོ་བརྙན་གྱི་དབང་བསྐུར་བས་ཁམས་གསུམ་ཡོངས་བསྒྲལ་མཛད་པ་འགུག་བྱེད་ཕོ་ཉའི་དབང་དང་ལྡན་པར་གྱུར་ཅིག །ཕུར་པ་རྫས་ཀྱི་དབང་བསྐུར་བ་ནི། ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །ཡོན་ཏན་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །མི་གཡོ་ཆོས་མཆོག་སྐུ་གསུང་ཐུགས་ཀྱི་བདག །སྡུག་བསྔལ་འཁོར་བར་འཁྱམས་པའི་སེམས་ཅན་རྣམས། །ཐུགས་རྗེས་དབྱེར་མེད་དབྱིངས་སུ་སྒྲོལ་མཛད་པ། །ཁྲོ་རྒྱལ་འབར་བ་སིདྡྷིའི་དབང་བསྐུར་རོ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཕུར་པའི་དབང་བསྐུར་བས་ལས་རྣམ་བཞི་བརྩམས་པ་ཙམ་གྱིས་འགྲུབ་པའི་དབང་དང་ལྡན་པར་གྱུར་ཅིག །སྒོ་མ་བཞིའི་དབང་བསྐུར་བ། བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཚུལ། །ཉོན་མོངས་ལོག་པར་ལྟ་བའི་དགྲ་འདུལ་ཞིང་། །གཞལ་ཡས་ཕྱོགས་བཞི་ཡེ་ཤེས་ལྔ་ཡི་ངང་། །ཚད་མེད་བཞི་ཡི་ཡེ་ཤེས་འདུལ་ལ་མཁས། །ཕྲིན་ལས་རྣམ་བཞིའི་ཡེ་ཤེསདབང་སྦྱིན་ནོ། །ཛཿཧཱུཾ་བཾ་ཧོཿ ཨ་བྷི་ཥིཉྩ་ཨ། སྒོ་མ་བཞིའི་དབང་བསྐུར་བས་ཡེ་ཤེས་བཞིའི་རིག་པ་ནང་ནས་ཤར་ནས་ཚད་མེད་པ་བཞིའི་ཕྲིན་ལས་ཏེ་ལས་རྣམས་ཇི་ལྟར་དམིགས་པ་ཙམ་གྱིས་འགྲུབ་པར་གྱུར་ཅིག །ཕུར་བུའི་སྲུང་མའི་དབང་བསྐུར་བ། ཤྭ་ན་བདག་ཉིད་བསྭེ་མོ་སྲུང་མའི་ཚོགས། །སྤྲུལ་པའི་ཕོ་ཉ་བསྭེ་གདོང་མི་བཟད་པ། །ཅི་བཅོལ་ལས་བྱེད་ཕོ་ཉ་མང་པོའི་ཚོགས། །དགྲ་བགེགས་འདུལ་བའི་སྟ་གོན་ཡེ་ནས་མཛད། །རྩལ་གྱི་ཁྱད་པར་དཔག་གིས་མི་ནུས་པ། །སྤྲུལ་པས་གང་ལ་ཅི་འདུལ་ཕྲིན་ལས་མཛད། །སྤྲུལ་པ་སྣ་ཚོགས་མང་པོའི་དབང་བསྐུར་རོ། །རང་རང་སྔགས་དང་། ཨ་བྷི་ཥིཉྩ་ཨ། ཕོ་ཉ་འབུམ་ཕྲག་མང་པོའི་དབང་བསྐུར་བས་ལས་བཞི་ལ་སོགས་པ་བྱའོ་འཚལ་བཞེད་པ་ཙམ་ལ་རག་ལས་ཏེ་ཇི་ལྟར་དམིགས་པའི་སྤྲུལ་པ་ལས་ལ་འགྱེད་པའི་དབང་དང་ལྡན་པར་གྱུར་ཅིག །སྒོམ་སྒྲུབ་ཀྱི་དབང་བསྐུར་བ་ནི། སློབ་མའི་ལུས་ངག་ཡིད་གསུམ་རྡོ་རྗེ་གཞོན་ནུ་དང་དབྱེར་མེད་པར་བྱས་ནས་ལག་ཏུ་སྔགས་ཕུར་ཆེན་པོ་བྱིན་ལ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །རྒྱལ་བ་ཀུན་དང་མཉམ་སྦྱོར་ཞིང་། །སྲིད་གསུམ་ཕུར་པའི་རང་བཞིན་དུ། །བསྒོམ་ཞིང་སྒྲུབ་པའི་དབང་བསྐུར་རོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ་ཨ་བྷི་ཥིཉྩ་ཨ། སྔགས་ཕུར་ཆེན་པོ་ལག་ཏུ་བྱིན་ཏེ་དབང་བསྐུར་བས་སྲིད་པ་གསུམ་ཀ་ཕུར་བུའི་སྐུར་རྟོགས་ནས། དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་དང་དབྱེར་མེད་པར་གྱུར་ཅིག །དེ་ནས་འཆད་པའི་དབང་ནི། ཆོས་ཉིད་བདུད་རྩི་ཆོས་ཀྱི་ཆར། །སྐལ་ལྡན་འདི་ལ་དབབ་པའི་ཕྱིར། །མཐུན་པར་སྔགས་བསྒྲག་ཆོས་ཀྱི་དབང་། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ༀ་ལཾ་ཧཱུཾ་དྷརྨ་ཨ་བྷི་ཥིཉྩ་ཨ། དྷརྨ་ལག་ཏུ་གཏད་དེ་དབང་བསྐུར་བས་ཆོས་ཉིད་ཀྱི་དོན་རྟོགས་ཤིང་འཆད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་ཕུར་པ་བྱིན་གྱིས་བརླབས་པའི་དབང་བསྐུར་བ་ནི། རྡོ་རྗེ་རབ་ཏུ་ཀཱི་ལ་ཡ། །ཡུམ་བཞི་ཕྱག་རྒྱ་བྱིན་བརླབས་ནས། །ཁྱོད་ཀྱི་ལག་ཏུ་འདི་བྱིན་པས། །བྱིན་གྱིས་བརླབས་པའི་དབང་བསྐུར་རོ། །ༀ་ལཾ་ཧཱུཾ་ལཾ་སྟྭཾ་བྷ་ཡ་ནན་མོ་ཧ་གྷ་ཏ་ཡ་བྷ་ག་ཝཱ་ན་ཧྲཱི་ཥྟི་བི་ཊི་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ སརྦ་བིགྷྣ་ན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། ཧཱུཾ་ཀཱ་ར་ཧཱུཾ་ཕཊ་ཕཊ་ཀྱིས་སྔགས་ཀྱི་དབང་བསྐུར་རོ། །གདབ་ཕུར་ལག་ཏུ་བྱིན་ཏེ་དབང་བསྐུར་བས་རྫས་ཀྱི་ཕུར་བུ་ཡེ་ཤེས་ཀྱི་ཁྲོ་བོ་ཆེན་པོའི་རང་བཞིན་དུ་བྱིན་གྱིས་བརླབས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་སྙིང་པོར་བཟླས་པའི་དབང་ནི། ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར། །སྒྲུབ་པའི་ཡེ་ཤེས་ཚོན་གང་བ། །གསང་བ་སྔགས་ཀྱིས་བསྐྱེད་པའི་ཕྱིར། །ཐུགས་ལ་འབར་བའི་སྲོག་ཀྱང་ཤར། །དུས་ཀུན་རྒྱུན་དུ་བཟླ་དགོངས་པས། །སྙིང་པོ་འདི་ཡི་དབང་བསྐུར་རོ། །སྔགས་ཤམ་ལ། ཨ་བྷི་ཥིཉྩ་ཨ། སྔགས་བཞིའི་དོན་བསྟན་ལ། མན་ངག་གི་སྙིང་པོ་འདི་བྱིན་ཏེ་དབང་བསྐུར་བར་དེ་རིང་ཕན་ཆད་བདེ་བར་གཤེགས་པའི་གསུང་དམ་པ་ཐོབ་པར་གྱུར་ཅིག །ཅེས་དབང་བསྐུར་རོ། །ཧཱུཾ། ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར། །ཚམ་རྔམས་གཟི་བྱིན་གློག་ལྟར་འགྱུ། །ཉེས་བྱེད་གསུམ་གྱི་ཁམས་བསྲེག་ཕྱིར། །ཁམས་གསུམ་སྒྲོལ་བའི་དབང་བསྐུར་རོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཡཀྴ་ཤྲཱི་ཧེ་རུ་སྟ་ན་ཧཱུཾ་ཕཊ། དེ་ནས་ཕུར་བུ་ཐོ་བའི་དབང་བསྐུར་ཏེ། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །ཁྲོ་བོ་འབར་བའི་གཏུན་ཚོགས་ཀྱིས། །ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར། །ཕུར་བུ་ཐོ་བའི་དབང་བསྐུར་བས། །ཐམས་ཅད་སྒྲོལ་བའི་དབང་ཐོབ་ཤོག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཏ་ཐཱ་ཡ་ཏ་ཐཱ་ཡ་མུ་སྟི་ཧཱུཾ། ཨ་བྷི་ཥིཉྩ་ཨ། ཕུར་བུ་ཐོ་བ་འདི་ལག་ཏུ་བྱིན་ཞིང་དབར་བསྐུར་བས་དགྲ་བགེགས་ཐམས་ཅད་ཚར་བཅད་ནས་ཞི་ཞིང་རྣམ་པར་ཤེས་པ་མི་གནས་པའི་མྱ་ངན་ལས་འདས་པ་ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ་སྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་ཕུར་བུ་འདེབས་པའི་དབང་ནི། བདག་དང་ལག་པ་མཆོག་རྣམས་ཀྱིས། །རབ་ཏུ་འདྲིལ་ཏེ་གསོར་བྱས་ནས། །དུག་གསུམ་རྩད་ནས་བཅད་པའི་ཕྱིར། །འདྲིལ་ནས་འདེབས་པའི་དབང་བསྐུར་རོ། །པ་ར་བི་ཏྭ་ན་ཧཱུཾ་པ་ར་བིདྱ་ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཏྲཱ་ས་ཡ་ཏྲཱ་ས་ཡ་ཧཱུཾ་ཕཊ། ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུཾ་ཕཊ། ཤཱི་གྷྲཾ་ཨ་ན་ཡ་ཧཱུཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཨ་བེ་ཤ་ཡ་ཧཱུཾ་ཕཊ། བྷནྡྷ་ཡ་བྷནྡྷ་ཡ་ཧཱུཾ་ཕཊ། ཀྱཾ་ཤཾ་ལ། མཱ་ར་ཡ་ཕཊ་ཨ་བྷི་ཥིཉྩ་ཨ། ཕུར་བུ་འདི་ལག་ཏུ་བྱིན་ནས་དབང་བསྐུར་བས་དུག་གསུམ་གྱིས་བསྐྱེད་པའི་དགྲ་བགེགས་རྣམས་རྡུལ་ཕྲན་བཞིན་དུ་བརླག་ནས་སྒྲོལ་ཞིང་ཚར་གཅོད་པའི་མཐུ་སྟོབས་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་འདེབས་ཕུར་ལག་ཏུ་སྦྱིན་ནོ། །དེ་ནས་དབུ་རྒྱན་གྱི་དབང་བསྐུར་ཞིང་། སྲིད་པ་གསུམ་ལ་དབང་བསྒྱུར་ཞིང་། །བྱང་ཆུབ་སེམས་ནི་མངོན་དུ་བསྟན། །ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར། །དབུ་ལ་རིགས་ལྔའི་དབང་བསྐུར་རོ། །ༀ་བུདྡྷ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་ཨཀྵོ་བྷྱ་ཨ་བྷི་ཥིཉྩ་ཧཱུཾ། ༀ་རཏྣ་སམྦྷ་བ་ཨ་བྷི་ཥིཉྩ་ཏྲཱཾ། ༀ་པདྨ་དེ་བ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཨ་མོ་གྷ་སིདྡྷི་ཀརྨ་ཨ་བྷི་ཥིཉྩ་ཨ། རྡོ་རྗེ་སློབ་དཔོན་བདག་གིས་སློབ་མ་ཁྱོད་ལ་དབུ་རྒྱན་གྱི་དབང་བསྐུར་བས་ཕུང་པོ་ལྔ་དང་དུག་ལྔ་གནས་སུ་དག་ནས་རིགས་ལྔ་ཡེ་ཤེས་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་ཅོད་པན་གྱི་དབང་བསྐུར་ཏེ། བདག་ཅག་ཉེས་པའི་སྐྱོན་བྲལ་ཞིང་། །འཁོར་བའི་ཆོས་ཀྱིས་མ་གོས་པའི། །ཡེ་ཤེས་ལྔ་ཡི་ཅོད་པན་གྱིས། །ཁྱོད་ལ་དབང་མཆོག་བསྐུར་བར་བྱ། །བཛྲ་པ་ར་ལམ་པ་ན་ཨ་བྷི་ཥིཉྩ་ཧྲཱིཿ བུ་ཁྱོད་ལ་ལེ་བརྒན་གྱི་དབང་བསྐུར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གྱུར་ཅིག །མཐིང་གའི་དབང་བསྐུར་བས་ཁམས་གསུམ་གྱི་གདུག་པ་ཐམས་ཅད་འདུལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཕྲེང་བའི་དབང་བསྐུར་བ། གཟུངས་དང་ཏིང་འཛིན་རྒྱུ་འབྲས་ཆོས། །བྱང་ཆུབ་མཆོག་རྣམས་རྟོགས་པའི་རྒྱན། །མི་འཇིགས་ཆོས་དང་དཔེ་བྱད་མཚན། །འབྲས་བུའི་ཆོས་ལ་དབང་བསྐུར་རོ། །ༀ་བཛྲ་ན་མ་ཨ་བྷི་ཥིཉྩ་མཱ་ལེ་ཏྲཾ། རིགས་ཀྱི་བུ་ཁྱོད་ལ་རིན་པོ་ཆེའི་ཕྲེང་བའི་དབང་བསྐུར་བས་མི་བརྗེད་པའི་གཟུངས་དང་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ལ་དབང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །དམ་རྫས་བདུད་རྩི་ལྔའི་དབང་བསྐུར་ཏེ། ཧཱུཾ། དྲི་ཆེན་དང་ནི་བྱང་ཆུབ་སེམས། །མཱཾ་ས་རཀྟ་དྲི་ཆུ་ལྔ། །དེ་རིང་ཁྱོད་ལ་དབང་བསྐུར་བས། །རྟོགས་སྦྱོངས་བདུད་རྩིའི་དབང་ཐོབ་ཤོག །ༀ་ཧཱུཾ་སྭཱ་ཨཱཾ་ཧཱ་ཨ་བྷི་ཥིཉྩ་ཧཱུཾ་ཨ། དམ་རྫས་བདུད་རྩི་ལྔའི་དབང་བསྐུར་བས་ཡེ་ཤེས་ལྔའི་དོན་རྟོགས་ནས་རིགས་ལྔའི་དངོས་གྲུབ་ཐོབ་སྟེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཤ་ལྔའི་དབང་ནི། ཧཱུཾ། མི་དང་བ་ལང་རྟ་ཤ་དང་། །བྱ་ཁྱི་ལ་སོགས་ཤ་རྣམས་ཀྱི། །དེ་རིང་ཁྱོད་ལ་དབང་བསྐུར་བས། །རིག་འཛིན་གཙོ་བོར་དབང་བསྐུར་རོ། །ཧ་མཱཾ་ས་ཨ་ཡུ་ཤེ་ཧཱུཾ་ཨ། རིགས་ཀྱི་བུ་ཁྱོད་ལ་ཤ་ལྔའི་དབང་བསྐུར་བས་འབྱུང་བ་ལྔ་གནས་སུ་དག་ནས་རིགས་ཀྱི་ཡུམ་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་གསང་བའི་དབང་བསྐུར་ཏེ། བཀྲ་ཤིས་མཚན་ལྡན་གསང་བའི་ཡུམ། །བུ་མོ་ལོ་གྲངས་ཉི་ཤུ་པ། །ཆས་བྱས་རྒྱན་ལྡན་བླ་མ་ལ། །ཡོན་དང་བཅས་ཏེ་དབུལ་བར་བྱ། །བླ་མས་གདམས་ངག་དོན་བཤད་དེ། །དམ་ཚིག་ཕོག་ལ་དཀྱིལ་འཁོར་གཞུག །བྱིན་རླབསདབང་ནི་བསྐུར་བྱ་སྟེ། །འཁོར་ལོ་རྒྱས་འདེབས་ཁྲོ་མོའི་སྐུ། །དེ་ཡི་ལུས་ནི་གནས་བཅུ་ལ། །ཁྲོ་མོ་བཅུ་ཡི་དཀྱིལ་འཁོར་བཀོད། །བྷ་ག་པདྨར་བྱིན་བརླབས་ཨཾ། །བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུར། །གསལ་བའི་གནས་བཅུ་ཁྲོ་བོའི་བཅུ། །གསང་གནས་རྡོ་རྗེའི་རྩེ་མོར་ༀ། །ཛཿཧཱུཾ་བཾ་ཧོཿས་བསྡུ་བ་བྱ། བསྡུ་དང་བརྒྱུད་དང་ཕབ་པ་ལས། །སྤྲོ་བསྡུ་སངས་རྒྱས་ཐམས་ཅད་ཀུན། །བ་སྤུའི་བུ་གར་ཐིམ་པ་ལས། །ཡབ་ཡུམ་བདེ་བའི་ངང་དུ་གསལ། །སློབ་མས་ཚིག་འདིས་གསོལ་བ་གདབ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ནས་བདག་བསྐྱེད་ཅིག །བླ་མས་བློབ་མ་བྱིན་བརླབས་ཏེ། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས། །སློབ་མའི་རྒྱུད་ལ་སྤྲོས་བྱས་པས། །ཉེ་བར་ལེན་པའི་ཕུང་པོ་སྦྱངས། །འོད་ཞུ་ཧཱུཾ་གྱུར་ཐུགས་ཀར་བསྡུ། །སྲོག་དབུགས་བརྒྱུད་དེ་ཀླད་རྒྱས་སུ། །ཕྱུགས་ནས་སྒལ་ཚིགས་བརྒྱུད་པ་ལས། །མཁའ་ལ་བྱང་སེམས་ཐིག་ལེར་གསལ། །དེ་ལ་ཡི་གེ་ཧཱུཾ་དུ་གྱུར། །དེ་ལས་རྡོ་རྗེ་གཞོན་ནུར་བསྐྱེད། །ཚིག་གསུམ་གོང་དང་འདྲ་བ་ལས། །ཚིག་འདིས་མཁའ་ལ་འདོན་པར་བྱ། །སྐུ་ཡི་དབྱིབས་ནས་བསྐྱེད་པར་བྱའོ། །ༀ་ཤྲཱི་བཛྲ་ཀུ་མ་རཱ་ཛཿ ༀ་ཨཱཿཧཱུཾ། ཉི་མའི་གདན་ལ་བཞག་ནས་ནི། །ཡབ་ཡུམ་སྦྱོར་བ་དངོས་སུ་བརྩམས། །བྱང་སེམས་ཕབ་སྟེ་མེ་ལོང་བླངས། །ཡིག་འབྲུ་གསུམ་དུ་བྱིན་བརླབས་ཏེ། །སྦོམ་པོ་དང་ནི་དབང་མོ་རྩེར། །ཉི་ཟླ་གསལ་བས་བླངས་བྱ་ཏེ། །ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཨ་མྲྀ་ཏ་སྦྱར་ལ་བྷནྡྷ་མཚན་དང་ལྡན་པར་བླུགས་ལ་བདུད་རྩིར་བྱིན་གྱིས་བརླབས། སྨན་གསོས་ཆེ་བའི་ཡོན་ཏན་བརྗོད། །སྨན་གྱི་མཆོད་པ་རྒྱས་པར་བྱ། །དང་པོར་བདག་ཉིད་དངོས་གྲུབ་བླངས། །དེ་ནས་སློབ་མར་དབང་བསྐུར་ཏེ། །ཧཱུཾ། རྣམ་རྟོག་བདུད་འཇོམས་སྨན་མཆོག་བདུད་རྩི་འདི། །དུས་གསུམ་སངས་རྒྱས་མཉེས་པའི་མཆོད་པའི་རྫས། །ཐིག་ལེ་དབྱིངས་ནས་རང་བྱུང་ཡེ་ཤེས་ཤར། །སྐྱེ་འཆི་མེད་པའི་དབང་རྣམས་ཐོབ་པར་ཤོག །ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་སིདྡྷི་ཧཱུཾ་ཧྲཱིཿཋཱཿ ཧཱུཾ། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །འབར་བའི་ཁྲོ་བོ་མི་བཟད་པའི། །སྐུ་གསུང་ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཧཱུྃ། ཨེ་མ་ཧོ་ང་ནི་རང་བྱུང་བའི། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །འཁོར་ལོ་རྒྱས་འདེབས་མཉམ་པར་སྦྱོར། །གཉིས་སུ་མེད་པའི་བྱང་སེམས་ཀྱི། །དེ་རིང་ཁྱོད་ལ་དངོས་གྲུབ་སྦྱིན། །ༀ་བོ་དྷི་ཙིཏྟ་ༀ་ཨཱཿཧཱུཾ་ཨ་ཡུ་ཤེ་སིདྡྷི་ཧཱུཾ་ཨ། བྱང་ཆུབ་སེམས་ཀྱི་དབང་བསྐུར་བས་ཐབས་དང་ཤེས་རབ་ཀྱི་དབང་ཐོབ་སྟེ་འཁོར་བའི་ཆོས་མྱ་ངན་ལས་འདས་ཏེ་དཔལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་དབྱིག་ཐོབ་པར་གྱུར་ཅིག །ཧཱུཾ། ཡེ་ཤེས་ཁྲོ་བོ་ཧཱུཾ་ཀཱ་ར། །སྒྲ་འབྱིན་མ་དང་མཉམ་པར་སྦྱོར། །གཉིས་སུ་མེད་པའི་བྱང་སེམས་ཀྱིས། །སྤྱི་བོ་ནས་ནི་དབང་བསྐུར་ཞིང་། །ལྕེ་ཡི་སྟེང་དུ་བཞག་པ་ཡིས། །ཧཱུཾ་ཆེན་ཡབ་ཡུམ་དངོས་གྲུབ་སྦྱིན། །ཁྲོ་བཅུ་ཡབ་ཡུམ་དེས་འགྲེས་སོ། །སྔགས་གོང་མ་འགྲེའོ། །འདི་ནི་རྡོ་རྗེ་མིང་གི་དབང་། །མཚན་མཆོག་འདི་ཡི་དབང་བསྐུར་བས། །སངས་རྒྱས་ཞིང་དུ་གྲགས་པའི་དབང་། །རིག་འཛིན་བླ་མེད་འགྲུབ་པར་ཤོག །ༀ་ཤྲཱི་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཨཱཿ དེ་ནས་ཚོགས་བྱིན་གྱིས་བརླབས་ནས་ཞལ་ཟས་རྣམས་གསར་ཏེ། འཇིག་རྟེན་འདི་ན་སྲིད་པའི་ཞལ་ཟས་རྣམས། །འདོད་པའི་ཡོན་ཏན་ལྔ་ཡི་གཏེར། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །ཡིད་བཞིན་འདོད་དགུར་བསྒྱུར་བའི་དབང་བསྐུར་རོ། །ༀ་གུ་ཎ་པཉྩ་ཨ་ཡུ་ཤེ་ཧཱུཾ་ཨ། ཞལ་ཟས་ཀྱི་དབང་བསྐུར་བས་འདོད་པའི་ཡོན་ཏན་མི་ཟད་པའི་གཏེར་ལ་དབང་ཐོབ་པར་གྱུར་ཅིག །དེ་ལྟར་ཞལ་ཟས་ཀྱིས་དབང་བསྐུར་ཟིན་པ་དང་། སློབ་མས་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་དང་སྲུང་མ་རྣམས་རྒྱས་པར་མཆོད་དོ། །དེ་ནས་ཛ་གད་ཀྱི་དབང་བསྐུར་ཏེ། བྷནྡྷར་ཛ་གད་སྩལ་ལ་བྱིན་གྱིས་བརླབས་ཏེ། ཧཱུཾ། ཛ་གད་དཔའ་བོའི་མཆོད་པ་འདི། །ཡོན་ཏན་ཡུམ་གྱི་བྱིན་བརླབས་པས། །སྟོང་ཁམས་ཀུན་གྱི་བཅུད་བསྡུས་ནས། །ཐུགས་རྗེ་ནུས་པའི་དབང་ཐོབ་ཤོག །ༀ་ཨ་ཏི་པྲ་ཏི་ས་མ་མ་ཀི་རི་སི་ཏི་ཧཱུཾ་ཨ་བྷི་ཥིཉྩཨ། ཡང་ཕུད་རྒྱས་པར་བཏང་། བླ་མ་ལ་དྲངས། རང་བཏུང་། དེ་ནས་ཕམ་ཕབ་ཀྱི་དབང་བསྐུར་ཏེ། ཆོགས་ཀྱི་ལྷག་མ་རྣམས་བསྡུས་ལ། ཧཱུཾ། རྒྱལ་བ་མཆོད་ནས་དམ་སྐོང་ཞིག །མཆོད་པ་ཕུལ་བས་བགེགས་ཞི་ནས། །ཕམ་ཕབ་ལོངས་སྤྱོད་བདུད་རྩིའི་བཅུད། །རྣལ་འབྱོར་ལོངས་སྤྱོད་རྒྱས་པར་ཤོག །ༀ་སརྦ་པཱུ་ཛ་ཀརྨ་ཨ་བྷི་ཥིཉྩ་ཨ། ཚེ་དབང་བསྐུར་བ་ནི། ཧཱུྃ། ཟླ་གམ་དམར་པོ་རྡོ་རྗེའི་དབང་གི་ཚེ། །གཞན་གྱིས་མི་དཔོག་ཁམས་གསུམ་ཀུན་ལས་རྒྱལ། །ལྷ་མོ་དམར་མོ་རྡོ་རྗེ་འཆི་མེད་ཚེ། །ལེགས་པའི་ཡོན་ཏན་འདོད་པའི་ལོངས་སྤྱོད་རྒྱས། །མི་འགྱུར་འཆི་མེད་ཚེ་ལོ་སྟོང་ཕྲག་དང་། །རང་ཉིད་གང་འདོད་ཕུང་པོ་རྡོ་རྗེའི་ཚེ། །ཨ་ཡུ་དམར་པོ་ཡོངས་སུ་འགྱུར་མེད་པ། །མི་འཕྲོག་དེས་པའི་ཚེ་མཆོག་གང་ཡིན་པ། །ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབ་བསྒྲུབས་ནས། །རྡོ་རྗེ་ཚེ་ཡི་དབང་མཆོག་གང་ཡིན་པ། །རིགས་ཀྱི་བུ་ཡིས་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་ཧྱ་ཨ་ཡུ་ཛྙཱ་ན་བིནྡྷུ་ཡུ་ཙི་ཤྭ་ར་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཚེ་བུམ་གྱི་དབང་བསྐུར་བས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱི་སིདྡྷི་ཐོབ་ནས་སྐྱེ་ཤི་མེད་པ་རྡོ་རྗེ་ཚེའི་དབང་ཐོབ་པར་གྱུར་ཅིག །དེ་ནས་རྣལ་འབྱོར་བ་རྣམས་དབང་རིམ་པར་སྦྱར་བ་འདི་སྐད་དོ། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །དམ་རྫས་གཉན་པོ་མངོན་བཀྲམ་ནས། །རྡོ་རྗེ་བདག་པོ་དངོས་གྲུབ་བདག་པོ་ཡི། །དབང་དང་དངོས་གྲུབ་རྫས་མཆོག་རྣམས། །གང་ཞིག་དངོས་གྲུབ་འདོད་པ་ང་ལས་ལོངས། །བུ་མཆོག་རྣམས་ཀྱིས་དངོས་གྲུབ་ཐོབ་པར་ཤོག །ལས་དང་སྒྲུབ་པའི་དབང་དང་བྱིན་བརླབས་རྣམས། །སྒྲུབ་མཆོག་རྣམས་ཀྱི་རིམ་བཞིན་ཐོབ་གྱུར་ཅིག །ད་ནི་བྷནྡྷའི་དབང་བསྐུར་བ་འདི་སྐད་དོ། །ཐུགས་རྗེ་དབང་མཆོག་དཔལ་ཆེན་ཧེ་རུ་ཀ །ཏ་ཀྲྀ་ཏ་འབར་ཚོགས་བཅས་པ་མ་ལུས་ཀུན། །སྣོད་བཅུད་དབང་བསྐུར་དབང་རྫས་འདིས། །མུ་སྟེགས་གནོད་སྦྱིན་ཐོད་ཐོགས་དབང་དུ་སྡུད། །དཔལ་གྱི་སྣོད་ཞལ་ལྕང་ལོ་འཁྱིལ་བ་འདིས། །མཁའ་འགྲོ་འབར་བ་རོལ་པར་བྱིན་བརླབས་ལ། །དཔའ་བོ་མགོ་ལ་རྣམ་ཤེས་སྣ་ཚོགས་པས། །ཡེ་ཤེས་རྣམ་ཤེས་བརྒྱད་ཀྱི་དངོས་གྲུབ་འདི་བྱིན་ནོ། །ཀ་པཱ་ལ་ཨ་བྷི་ཥིཉྩ་སརྦ་མ་ཏྲ། བྷནྡྷ་འཕྲུལ་གྱི་ཞལ་བུས་དབང་བསྐུར་བས་སྤང་ལེན་བྱེད་པའི་བྱ་བ་ལྷུན་གྱིས་རྫོགས་ཏེ་དུར་ཁྲོད་ཆེན་པོའི་གནས་སུ་སྒྲུབ་པའི་དཀྱིལ་འཁོར་བྱིན་གྱིས་བརླབས་པའི་དབང་དང་ལྡན་པར་གྱུར་ཅིག །དེ་ནས་ཆས་བརྒྱད་ཀྱི་དབང་བསྐུར་ཏེ། ཞིང་ལྤགས་བསྐོན་ལ། ཧཱུཾ། ཞིང་ལྤགས་རྟག་ཏུ་གཡོགས་པ་དུར་ཁྲོད་བདག །གཡང་གཞི་ཚིགས་སུ་སྡུད་པས་སྐུ་ལ་བཅིངས། །འཁོར་བ་མ་སྤངས་གནས་སུ་དག་པ་ཡི། །དུར་ཁྲོད་ཚོགས་ཀྱི་བདག་པོ་ཡིན་པའི་ཕྱིར། །ཞིང་ཆེན་རློན་པ་ཐབས་ལ་མཁས་པ་ཡིས། །འཁོར་བའི་གནས་ན་ཡོངས་སུ་རྒྱལ་བར་ཤོག །བཾ་སྨིག་ཏ་ཀོ་ཧཱུཾ། ཀོ་རློན་གྱི་དབང་། ཧཱུཾ། གླང་ཆེན་ཀོ་རློན་བརྗིད་དུ་ཆེ་བ་ཡི། །གཏི་མུག་མ་ལུས་གནས་སུ་དག་པའི་རྒྱན། །ན་བཟའི་རྒྱན་གྱིས་སྐུ་ལ་མངའ་གསོལ་ཞིང་། །ཐབས་ཀྱི་ཀོ་རློན་རྒྱན་གྱི་དམ་པ་འདི། །གང་ལ་དབང་མཆོག་འདི་ཡི་དབང་བསྐུར་བས། །སྟོབས་ཀྱི་རྒྱལ་པོའི་དབང་མཆོག་ཐོབ་པར་ཤོག །ༀ་མ་དར་ཏ་ས་ཤ་ཏ་ཧཱུཾ། སྟག་གི་ཤམ་ཐབས་ཀྱི་དབང་། ཧཱུཾ། ཞེ་སྡང་དྲག་པོ་སྟག་གི་ཤམ་ཐབས་འདི། །སྟག་ལྤགས་ཤམ་ཐབས་དཔའ་བར་ལྡན་པ་ཡི། །སུག་ལྡོབ་འདོམས་སུ་བསྣོལ་བ་ཕྱི་ནང་གསང་བ་གཅིག །ཕྲག་དོག་གནས་འཇོམས་སྟག་ལྤགས་དབང་བསྐུར་བས། །ཞེ་སྡང་གནས་འཇོམས་ཕྲག་དོག་གནས་འཇོམས་པའི། །དབང་མཆོག་དམ་པ་ཁྱོད་ཀྱིས་ཐོབ་པར་ཤོག །ༀ་བཛྲ་བྱ་ཀྲྀ་ཙརྨ་ཨ་བྷི་ཥིཉྩ་ཧཱུཾ་ཨ། སྦྲུལ་གྱི་ཆུན་པོའི་དབང་། ཐོད་སྦྲུལ་མཉེན་ལྕུག་འཇིགས་བྱེད་རྒྱན་དུ་ཆེ། །སྦྲུལ་ནག་སྟོང་གིས་བརྒྱན་པའི་རྔམས་བརྗིད་ཅན། །སྐུ་ལ་མཆོད་ཕྱིར་སྐུ་ཡི་གནས་ལྔར་འཁྲིལ། །དུག་ལྔ་གནས་ལྔ་གནས་སུ་འདུལ་བའི་ཐབས་སུ་སྟོན། །མཉེན་ལྕུག་འཁྲིལ་ལྡེམ་ཞེ་སྡང་དྲག་པོ་འཇོམས། །རྫུ་འཕྲུལ་ཤུགས་ཀྱིས་ཀླུ་བརྒྱད་དབང་དུ་སྡུད། །གཏི་མུག་འདུལ་བའི་དབང་ཕྱུག་ཡིན་པའི་ཕྱིར། །སྦྲུལ་ནག་སྟོང་གི་ཆུན་པོའི་དབང་བསྐུར་བས། །ཞེ་སྡང་འབར་བ་གནས་དག་ནས། །ཐབས་མཁས་རྒྱལ་པོ་མཉེས་པའི་དབང་ཐོབ་ཤོག །ༀ་ནཱ་ག་ར་ཙ་ཧུ་ལུ་ཧུ་ལུ་ཧཱུཾ། ཐོད་ཕྲེང་གི་དབང་། དུང་ཆེན་ཕྲེང་བ་དབང་པོ་ལྔ་དང་ལྡན། །སྐུ་གསུམ་ཚུལ་འཆང་སྐམ་པོ་ར་རིའི་ཚུལ། །འཁོར་བ་གསུམ་སྡུད་ཐབས་ཀྱི་ཕྲེང་བས་བརྒྱན། །ཁམས་གསུམ་དབང་སྡུད་ཐོད་ཕྲེང་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག །ༀ་པདྨ་བྷནྡྷ་ཀ་པཱ་ལ་ཧ་སྟ་ཧཱུཾ། མེ་རིའི་དབང་། ཧཱུཾ། འབར་བའི་ཕྲེང་བ་ཡེ་ཤེས་མེ་རི་ལྡན། །གདུག་པའི་ཚོགས་རྣམས་ཉོན་མོངས་དུག་བསྲེགས་པ། །བསྐལ་པ་མེ་དཔུང་འབར་བའི་ཀློང་ན་གནས། །ཡེ་ཤེས་གསལ་བས་ཕྱོགས་བཅུའི་མུན་ནག་སེལ། །བསྐལ་པ་མེ་རི་འབར་བའི་དབང་བསྐུར་བས། །བར་ཆད་བགེགས་ཀྱི་རྟོག་པས་མི་ཚུགས་ཤིང་། །མཚན་མ་འཛིན་རྟོག་བསྲེག་པའི་དབང་ཐོབ་ཤོག །ༀ་བཛྲ་ཛྭ་ལ་བཛྲ་ཛྭ་ལ་རཾ་རཾ་ཧཱུཾ། བྱུག་པ་རྩི་གསུམ་གྱི་དབང་། རཀྟའི་དབང་བསྐུར་བས་འཁོར་བ་དབང་དུ་སྡུད་པར་གྱུར་ཅིག །ཐལ་ཆེན་གྱི་དབང་བསྐུར་བས་འདི་དང་ཕྱི་མ་གཉིས་སུ་དུར་ཁྲོད་ཀྱི་རྫས་ལ་ལོངས་སྤྱོད་ཅིང་དངོས་གྲུབ་རྣམ་གཉིས་འཐོབ་པའི་དབང་དང་ལྡན་པར་གྱུར་ཅིག །ཞག་གི་ཟོ་རིས་ཀྱི་དབང་བསྐུར་བས་མ་མོ་དབང་ཕྱུག་མ་ལ་སོགས་པ་རྟག་ཏུ་མི་འབྲལ་ཞིང་བསྲུང་བ་དང་སྐྱོང་བའི་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེ་དབང་ལ། ཆོས་ཀྱི་དབྱིངས་ཉིད་མི་འགྱུར་རང་སྣང་བ། །ཡེ་ཤེས་ལྔ་ལྡན་ཐུགས་མཚན་ཀུན་གྱི་མཆོག །འཛིན་པའི་རྒྱལ་པོ་རྡོ་རྗེ་ཐུགས་མཚན་འདིས། །སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་རོ། །ༀ་བཛྲ་རཀྵ་ཧཱུཾ། རྡོ་རྗེའི་དབང་བསྐུར་བས་འདུ་འབྲལ་སྐྱེ་ཤི་མེད་པར་གཡུང་དྲུང་ཚེའི་དངོས་གྲུབ་དང་སྔགས་འཆང་རྒྱལ་པོ་རྡོ་རྗེ་འཛིན་གྱི་གྲལ་ཐོབ་པར་གྱུར་ཅིག །དྲིལ་བུའི་དབང་ནི། ཐུགས་མཆོག་རྟོགས་པ་རིག་པའི་དབང་བསྐུར་བས། །མྱ་ངན་འདས་པའི་ཆོས་ལ་སྤྱོད། །ཐབས་ལ་མཁས་པ་སྤྲུལ་པའི་སྲས། །འགྲོ་ཀུན་ཆོས་ཀྱི་དོན་ལ་འཇུག །ཚོགས་གཉིས་རྫོགས་པར་དབང་བསྐུར་རོ། །པྲཛྙཱ་པ་ར་ཡོ་གི་དུ་ༀ་བཛྲ་ཏིག་ན་གྷཎྜི། རྔའི་དབང་བསྐུར་བ། དུས་མཐའ་མེད་པར་སྒྲོགས་པ་ཆོས་ཀྱི་རྔ། །ཁམས་གསུམ་དབང་དུ་སྡུད་པ་ཆོས་ཀྱི་སྒྲ། །ཐུགས་དམ་ཡོངས་སུ་བསྐང་བའི་རྫས་མཆོག་འདིས། །སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་རོ། །མ་ཀ་ར་ས་ཡ་ཧཱུཾ། སྒྲུབ་པ་པོ་མིང་འདི་ཞེས་བྱ་བ་ལ་རྔའི་དབང་བསྐུར་བས་དབྱིངས་ཀྱི་དངོས་གྲུབ་ཐོབ་སྟེ་འཇིག་རྟེན་ཐམས་ཅད་དུ་ཆོས་ཀྱི་སྒྲ་ཆེན་པོ་སྒྲོགས་པའི་དབང་དང་ལྡན་པར་གྱུར་ཅིག །རལ་པའི་དབང་ནི། རལ་པ་ཁམ་ནག་འཁྱིལ་བ་ཆེན་པོ་འདི། །དབང་དྲག་མཐར་ཕྱིན་དྲག་ཤུལ་སྤྲུལ་པ་འཕྲོ། །སྐུ་མཆོག་མཐིང་ནག་ནམ་མཁའི་རྒྱན་བཞེས་པས། །ཡོན་ཏན་རྒྱས་ཤིང་ཕྲིན་ལས་འགྲུབ་པར་བསྟན། །འཁོར་བ་མ་སྤངས་རལ་པའི་རྒྱན་ཆེན་འདིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ། །མ་ཧཱ་བི་དུ་བི་ཤ་ཀ་སིདྡྷི་ཧོཿ མར་མེའི་དབང་བསྐུར་བ། ཉོན་མོངས་འཁོར་བའི་བག་ཆགས་བསལ་བ་དང་། །མ་རིག་རྨོངས་པའི་མུན་པ་འཇོམས་པའི་ཕྱིར། །ཡེ་ཤེས་འོད་ལྡན་གསལ་བའི་མར་མེ་འདིས། །སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་རོ། །རམ་ཧ་མྱི་ཏི་བཾ་མ་ཧཱ་ཀུ་རུ་སྭཱ་ཧཱ། མར་མེའི་དབང་བསྐུར་བས་རྣམ་རྟོག་མི་མངའ་ཅིར་ཡང་ས་ལེར་མཁྱེན་པའི་ས་ཐོབ་ནས་ཡེ་ཤེས་ཀྱི་མེས་བག་ཆགས་ཐམས་ཅད་བསྲེག་པའི་དབང་དང་ལྡན་པར་གྱུར་ཅིག །བྱུག་བདུག་བྲབ་པའི་དབང་བསྐུར་ཏེ། ཧཱུཾ། རཀྟའི་རྒྱ་མཚོ་ཆགས་པའི་བདག་ཉིད་ནི། །དགྲ་བགེགས་ཐམས་ཅད་དབང་དུ་སྡུད་པར་བྱེད། །ཆགས་པའི་ཐུགས་རྗེས་འཁོར་བ་མི་གཏོང་བ། །ཁམས་གསུམ་དབང་དུ་སྡུད་པའི་དབང་བསྐུར་རོ། །མ་ཧཱ་རཀྟ་ཛྭ་ལ་མནྡྷ་ལ་ཧཱུཾ། ཨ་བྷི་ཥིཉྩ་ཨ། གུ་གུལ་གྱི་དབང་བསྐུར་བ། གུ་གུལ་སྦྱར་བའི་རྫས་མཆོག་དམ་པ་འདི། །སྡང་བའི་དགྲ་བོ་ལྷ་དང་ཕྲལ་བ་དང་། །གནོད་པའི་བགེགས་ནི་མྱོས་ཤིང་བསུབ་པར་བྱེད། །སྲིད་གསུམ་དབང་དུ་བསྡུད་པའི་དབང་ཐོབ་ཤོག །མ་གུལ་ཏ་ལ་ཏ་ལ་ཨ་ཏི་པྲི་ཧཱུཾ་ཕཊཿཨ་བྷི་ཥིཉྩ་ཨ། ཡུངས་ཀར་རྒྱལ་པོའི་དབང་ནི། ཡུངས་དཀར་རྒྱལ་པོའི་རྫས་མཆོག་དམ་པ་འདི། །གསེར་མདོག་གཟིགས་འཕགས་རྡོ་རྗེ་འོད་ཟེར་ཕྱོགས་བཅུར་འཕྲོ། །དགྲ་བགེགས་མ་ལུས་རྡུལ་དུ་བརླག་པའི་ཕྱིར། །ཁམས་གསུམ་སྒྲོལ་བའི་བདག་པོར་དབང་བསྐུར་རོ། །ༀ་པེ་ཏ་ལི་མནྡྷ་ལ་རཀྵ་རཀྵ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཨ། དབང་རྫས་བསྡུས་ལ་སྙིང་གར་བཞག་ལ། ཧཱུཾ། ཚེ་ཡི་སྙིང་པོ་རྒྱུད་གསུམ་པོ། །སྲོག་གི་སྙིང་པོ་གཞལ་ཡས་ཁང་། །སྐྱེ་ཤི་མེད་པ་བྱང་ཆུབ་སེམས། །སྐུ་གསུམ་སྐུ་སྟེ་སྐུ་ལ་ཐིམ། །གསུང་གསུམ་གསུང་སྟེ་གསུང་ལ་ཐིམ། །ཐུགས་གསུམ་ཐུགས་ཏེ་ཐུགས་ལ་ཐིམ། །སྐུ་གསུང་ཐུགས་ལ་རབ་ཏུ་ཐིམ། །ༀ་ཨ་ཡུ་ཕ་ལ་སིདྡྷི་སིདྡྷི་ཧཱུཾ། ཨ་བྷི་ཥིཉྩ་ཨ། ཨ་བེ་ཤ་ཡ་ཨ་ཨ། ཞེས་བསྟིམ་མོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དངོས་གྲུབ་ཀྱི་ཞལ་ཟས་ཚོ་བཞིར་བགོས་ལ་བླ་མ་མཆོད། ལྷ་ཚོགས་མཆོད། སྲུང་མ་རྣམས་མཆོད། མཆེད་ལྕམ་ཡོངས་ལ་སྦྱིན་ནོ། །གཏོར་མ་གཏང་། གཏེར་སྦ། བྲོ་བརྡུང་། མར་མེ་སྨོན་ལམ་བཏབ། མ་དག་པ་བཟོད་པར་གསོལ། བཀྲ་ཤིས་བྱ། དཀྱིལ་འཁོར་བསྡུ། དགེ་བའི་རྩ་བ་བསྔོ། སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་བྱའོ། །དཔལ་རྡོ་རྗེ་ཕུར་པའི་དབང་གི་ཆོག་ཁྲིགས་རྫོགས་སོ།། ༈ །།དགེ་བ་འདི་ཡིས་མཉམ་མེད་གཏེར་བདག་གླིང་། །ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་རྫོགས་ཤིང་། །རྙིང་བསྟན་མི་ཉམས་དར་ཞིང་རྒྱས་པ་ཡི། །རྩ་ལག་སྲོག་གི་ཀ་བར་འདི་གྱུར་ཅིག །སརྦ་མདྒ་ལཾ།། ༈ །།རྒྱལ་དང་དེ་སྲས་རིག་པ་འཛིན་རྣམས་ཀྱི། །རིང་ལུགས་སྔ་འགྱུར་འོ་མའི་རྒྱ་མཚོ་ལས། །ཕྲིན་ཆོག་ཞུན་མར་སྙིང་པོ་བསྡུས་པ་འདིས། །གཞན་ལ་ཕན་པ་མཐའ་ཡས་འགྲུབ་གྱུར་ཅིག །ཕུར་པ་རྡོ་རྗེ་གཞོན་ནུའི་ཆོས་ཚན་རྣམས་རྫོགས་སོ།། །།
ༀ་བོ་དྷི་ཙིཏྟ་ༀ་ཨཱཿཧཱུཾ་ཨ་ཡུ་ཤེ་སིདྡྷི་ཧཱུཾ་ཨཱཿ ཧཱུཾ། ཡེ་ཤེས་ཁྲོ་བོ་ཧཱུཾ་ཀཱ་ར། །སྒྲ་འབྱིན་ཡུམ་དང་མཉམ་པར་སྦྱོར། །གཉིས་སུ་མེད་པའི་བྱང་སེམས་ཀྱིས། །སྤྱི་ནས་བསྟིམ་ནས་དབང་བསྐུར་ཞིང་། །ལྕེ་ཡི་སྟེང་དུ་བཞག་པ་ཡིས། །ཧཱུཾ་ཀཱ་ཱར་ཡབ་ཡུམ་དངོས་གྲུབ་སྦྱིན། །ༀ་བོ་དྷི་ཙིཏྟ༴ ཧཱུཾ། ཡེ་ཤེས་ཁྲོ་བོ་རྣམ་པར་རྒྱལ། །སྙེམས་མ་ཡུམ་དང་མཉམ་པར་སྦྱོར། །གཉིས་སུ༴ སྤྱི་ནས༴ ལྕེ་ཡི༴ རྣམ་རྒྱལ༴ ༀ་བོ་དྷི་ཙིཏྟ༴ ཧཱུཾ། ཡེ་ཤེས་ཁྲོ་བོ་དབྱུག་སྔོན་ཅན། །སྡེར་མོ༴ གཉིས་སུ༴ སྤྱི་ནས༴ ལྕེ་ཡི༴ དབྱུག་སྔོན༴ ༀ་བོ་དྷི་ཙིཏྟ༴ ཧཱུཾ། ཡེ་ཤེས་ཁྲོ་བོ་གཤིན་རྗེ་གཤེད། །དུར་ཁྲོད་མ༴ གཉིས་སུ༴ སྤྱི་ནས༴ ལྕེ་ཡི༴ གཤིན་རྗེ༴ ༀ་བོ་དྷི་ཙིཏྟ༴ ཧཱུཾ༴ ཡེ་ཤེས་ཁྲོ་བོ་མི་གཡོ་བ། །གཏུན་ཁུང་༴ གཉིས་སུ༴ སྤྱི་ནས༴ ལྕེ་ཡི༴ མི་གཡོ༴ ༀ་བོ་དྷི་ཙིཏྟ༴ ཧཱུཾ། ཡེ་ཤེས་ཁྲོ་བོ་རྟ་མགྲིན་རྒྱལ། །གཏུམ་མོ༴ གཉིས་སུ༴ སྤྱི་ནས༴ ལྕེ་ཡི༴ རྟ་མགྲིན༴ ༀ་བོ་དྷི་ཙིཏྟ༴ ཧཱུཾ། ཡེ་ཤེས་ཁྲོ་བོ་འདོད་པའི་རྒྱལ། །མདའ་སྙེམས༴ གཉིས་སུ༴ སྤྱི་ནས༴ ལྕེ་ཡི༴ འདོད་རྒྱལ༴ ༀ་བོ་དྷི་ཙིཏྟ༴ ཧཱུཾ། ཡེ་ཤེས་ཁྲོ་བོ་བདུད་རྩི་འཁྱིལ། །རླུང་འབྱིན༴ གཉིས་སུ༴ སྤྱི་ནས༴ ལྕེ་ཡི༴ བདུད་རྩི༴ ༀ་བོ་དྷི་ཙིཏྟ༴ ཧཱུཾ། ཡེ་ཤེས་ཁྲོ་བོ་ཁམས་གསུམ་རྒྱལ། །གསོད་བྱེད༴ གཉིས་སུ༴ སྤྱི་ནས༴ ལྕེ་ཡི༴ ཁམས་གསུམ༴ ༀ་བོ་དྷི་ཙིཏྟ༴ ཧཱུཾ། ཡེ་ཤེས་ཁྲོ་བོ་སྟོབས་པོ་ཆེ། །བསྐྱོད་བྱེད༴ གཉིས་སུ༴ སྤྱི་ནས༴ ལྕེ་ཡི༴ སྟོབས་ཆེན༴ ༀ་བོ་དྷི་ཙིཏྟ་སོགས།། །།ཁྲོ་བཅུ་དབང་གི་འགྲེས་བྱང་ངོ་། །