cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་གཉིས་པ།

གླེགས་བམ། ན༽

དྷརྨ་ཤྲཱི། སྙེ་མོ་ཇོ་སྲས་བསོད་ནམས་དཔལ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

དཔལ་རྡོ་རྗེ་ཕུར་པའི་སྒྲུབ་སྐོར་ལས་རོག་ཕུར་གྱི་གཞུང་པོད་ཕྲིན་ལས་རོལ་པའི་བང་མཛོད། དྷརྨ་ཤྲཱི།

དཔལ་རྡོ་རྗེ་ཕུར་པའི་སྒྲུབ་སྐོར་ལས་རོག་ཕུར་གྱི་གཞུང་པོད་ཕྲིན་ལས་རོལ་པའི་བང་མཛོད་ཅེས་བྱ་བ་བཞུགས་སོ། །བླ་མ་དང་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །རིག་པའི་ཉི་མ་སྒྲིབ་གཉིས་ཆུ་འཛིན་ལས། །ཡོངས་གྲོལ་མི་འགྱུར་མཆོག་བདེའི་ཕུར་བུ་ཆེས། །སྲིད་ཞིའི་འཁོར་ལོར་རིས་མེད་རྒྱས་འདེབས་པ། །བླ་མ་མཆོག་དང་རྡོ་རྗེ་གཞོན་ནུར་འདུད། །དེ་ཡང་སྔ་འགྱུར་བསྟན་པའི་གསལ་བྱེད་གནས་བརྟན་ལོ་ཙཱ་བ་ཆེན་པོ་ངག་དབང་ཆོས་དཔལ་རྒྱ་མཚོའི་ཞལ་ནས། རིག་མཆོག་འབུམ་སྡེ་ལས་བྱུང་རྩ་དུམ་རྒྱུད། །འཁྲུགས་བསྡེབས་སྙིང་པོར་དྲིལ་བ་པདྨ་ཡི། །ཞལ་ལུང་བདུད་རྩིའི་ཉིང་ཁུ་མཁར་ཆེན་བཟའི། །ཐུགས་མཚོར་བསྐྱིལ་ལས་ལེགས་བབས་ལང་ལབ་ཀྱི། །ལས་གཞུང་སྣ་ནམ་སྒོམ་ཁོག་བཅས་པའི་ཁྲིགས། །རོག་དང་སོ་ཡི་སྙན་བརྒྱུད་འབབ་སྟེགས་ལས། །དངོས་གྲུབ་བདུད་རྩིའི་ཟིལ་དངར་ཆར་ཆེན་དུ། །འབེབས་བྱེད་བརྗོད་བདེའི་ཡིག་ཆས་འདིར་མཚོན་བྱ། །ཞེས་གསུངས་པ་ལྟར་བརྒྱུད་གསུམ་ཀུན་འདུས་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝའི་ཐུགས་དམ་གྱི་ལྷ་མཆོག་རྩོད་པ་མེད་པ་རྡོ་རྗེ་ཕུར་པ་ཡིན་ལ། དེ་ཉིད་སྒྲུབ་པའི་ཆོས་སྐོར་ལ་ཁ་བའི་ལྗོངས་འདིར་བཀའ་བབས་ཀྱི་བྱེ་བྲག་ལས། ཇོ་མོའི་ལུགས། རྒྱལ་པོའི་ལུགས། ལྕམ་ལུགས། སྣ་ནམ་ལུགས། མཁོན་ལུགས་ལ་སོགས་པ་མང་དུ་ཡོད་ཅིང་། ཕྱིས་ཚོད་ན་གངས་ཅན་ལྗོངས་ཀྱི། རླངས། རྔོག །རོག །སོ། ཟུར། གནུབས། འགོས། དཔང་། འོ་བྲན་ལ་སོགས་པའི་སྔགས་ཀྱི་རིག་འཛིན་ཕལ་ཆེ་བ་རྡོ་རྗེ་ཕུར་པའི་གྲུབ་ཐོབ་ཡིན་ཅིང་། དེ་ལས་སྐབས་སུ་བབས་པ་ཕུར་པ་རོག་ལུགས་ཞེས་ཡོངས་སུ་གྲགས་པ་འདི་ནི། ཨོ་རྒྱན་རྡོ་རྗེ་འཆང་གི་ཞལ་གསུང་ཕྲིན་ལས་ཕུར་པ་རོལ་པའི་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་ཡོད་པ་ལས། གཞུང་འདིའི་ཁུངས་ཀྱི་རྒྱུད་སྡེ་ཆེན་པོ་སུམ་ཅུ་རྩ་གཉིས་ཏེ། རྩ་བའི་རྒྱུད་གསུམ། བཤད་པའི་རྒྱུད་བཅུ། ཡན་ལག་གི་རྒྱུད་བཅུ། ལོ་མའི་རྒྱུད་བཞི། སྙིང་པོའི་དོན་གྱི་རྒྱུད་ལྔ་རྣམས་ཀྱི་དགོངས་བཅུད་དང་། ཁྱད་པར་དུ་གྱུར་པ་བིདྱོཏྟ་མ་ལའི་རྩ་བའི་རྒྱུད་ཀྱི་མངོན་པར་རྟོགས་པ་ཚང་ལ་མ་ནོར་བར་ཉུང་ངུར་སྟོན་པའི་ལེའུ་ཞིག་བསྡུས་ཏེ་ལོགས་སུ་ཕྱུང་ནས། སྤྱིར་རྗེ་འབངས་ཕལ་ཆེ་བ་ལ་གནང་ཞིང་། ཁྱད་པར་དུ་པདྨའི་ཐུགས་བཅུད་ཀྱི་ཆོས་དྲུག་ལ་སོགས་པའི་ལོ་ཙཱ་བ་མཛད་པ་པོ་གནུབས་ཀྱི་དགེ་སློང་ཆེན་པོ་ནམ་མཁའི་སྙིང་པོ་ལ་གནང་བ་དང་། དེ་བཞིན་དུ་ཆོས་རྒྱལ་ཆེན་པོ་དང་། མཆིམས་ཤཱཀྱ་པྲ་བྷ་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས། ཤུད་བུ་དཔལ་གྱི་སེང་གེ། དཔལ་གྱི་མཆོད་གནས་ལ་སོགས་ལ་གནང་བ་དང་། སྙིང་པོའི་ཡང་བཅུད་རྣམས་ཇོ་མོ་མཁར་ཆེན་བཟའ་ཡེ་ཤེས་མཚོ་རྒྱལ་ལ་གནང་ནས་དེ་དག་ལས་རིམ་པར་གྲུབ་པ་ཐོབ་པ་བར་མ་ཆད་པ་ལས་བརྒྱུད་དེ་གངས་ཅན་ན་ཕུར་པའི་གྲུབ་ཐོབ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་ལང་ལབ་བྱང་ཆུབ་རྡོ་རྗེ་ལ་ཕྱི་ནང་གསང་གསུམ་གྱི་རིང་བརྒྱུད་དང་ཉེ་བརྒྱུད་ཀྱི་བཀའ་བབས་ཤིང་། དེ་ལས་བཀའ་སྲོལ་མང་དུ་གྱེས་པ་ལས་འདི་ནི་ལང་ལབ་ཀྱི་བཀའ་བབས་བུ་བཞིའི་ནང་ཚན་སྣ་ནམ་ཤེས་རབ་ཚུལ་ཁྲིམས་ནས་རིམ་པར་རྒྱ་སྟོན་སངས་རྒྱས། རྒྱ་ཐུང་ཤེས་རབ་རྒྱལ་མཚན། རྒྱ་ཁ་སེར་བ། ཨ་ཇོ་སྨན་ཆུང་བ། དཔལ་ལྷ་རི་བ་རྣམས་ལ་རིམ་པར་བརྒྱུད་ཅིང་། དེ་ལས་རོག་གི་གདུང་ལས་བྱོན་པའི་གྲུབ་ཐོབ་ཆེན་པོ་ཤེས་རབ་བླ་མ་ཞེས་ཨོ་རྒྱན་ཆེན་པོ འི་སྤྲུལ་པར་གྲགས་པ་དེ་ཉིད་ཀྱིས་གསན་ཏེ་སྣ་ནམ་ལུགས་གཙོ་བོར་མཛད་པའི་བཀའ་སྲོལ་འདི་ཉིད་བྱུང་བ་ཡིན་ལ། དེ་ལས་རིམ་པར་རོག་བཀྲ་ཤིས་གྲགས་པ་ལ་སོགས་རོག་གི་རིག་འཛིན་རྣམས་དང་། སོ་དཔལ་མགོན་རྒྱལ་མཚན་སོགས་སོ་ཡི་རིག་འཛིན་རྣམས་ཀྱི་ཐུགས་དམ་དུ་གྱུར་པའི་ཆོས་སྐོར་འདི་ལ་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་རྒྱ་མཚོའི་མངའ་བདག་ཆོས་རྒྱལ་གཏེར་བདག་གླིང་པའི་གསན་ཡིག་ལྟར་ཚན་གྲངས་བཀོད་ན། མངོན་པར་རྟོགས་པ་དུམ་བུར་ཕྱུང་བའི་རྒྱུད་ཤོ་ལོ་ཀ་དྲུག་ཅུ་པ་ཞེས་གསུངས་པ་ནི་རོག་ཤེས་རབ་བླ་མའི་ཐུགས་སྲས་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་བསྐྱོད་རྡོ་རྗེའམ་སྙེ་མོ་ཇོ་སྲས་བསོད་ནམས་དཔལ་གྱིས་མཛད་པའི་ཕུར་ཊཱི ཀ་ཉི་མའི་འོད་ཟེར་གྱི་རྩ་བ་དེ་ཡིན་པས་འདིར་ཟུར་དུ་མི་སྣང་ཞིང་། ཊཱི་ཀ་ནི་ལོགས་སུ་ཡོད་པས་འདིའི་སྐོར་དུ་གཏོགས་པར་ཤེས་དགོས་ཤིང་། །ལས་བྱང་ལང་ལབ་ཀྱིས་རྩ་དུམ་འཁྲུགས་སྡེབས་དང་སྣ་ནམ་གྱི་སྒོམ་ཁོག་དང་བཅས་པ་དང་། སྟོད་ལས་རིན་ཆེན་ཕྲེང་བ་འགྲོ་བ་སྨིན་བྱེད་ཅེས་བྱ་བ་དང་། སྨད་ལས་དུག་ཕུར་ནག་པོའི་ལས་བྱང་དང་། ཕུར་པའི་དཀྱིལ་འཁོར་དུ་དམ་བསྲེ་ཞིང་དབང་བསྐུར་བའི་རིམ་པ་ཞེས་པ་འདི་གཏེར་ཆེན་གསུང་ན་རིན་ཆེན་ཕྲེང་བ་ཞེས་པ་དེ་ཡིན་ནམ་སྙམ་སྟེ། ལོ་ཆེན་རིན་པོ་ཆེ་ནས་དབང་བསྒྲིགས་ཀྱི་རྩ་བ་འདི་ཡིན་པས་དེ་ལས་གཞན་དུ་མེད་འདྲ་བས་དེ་ལྟར་ན་དཔེ་ཚན་བཞི་ཡོད་པས་རིམ་པ་ལྟར། ༈ །དཔལ་རྡོ་རྗེ་ཕུར་པའི་ཕྲིན་ལས་སྣ་ནམ་ཆེན་པོས་མཛད་པའི་སྒོམ་ཁོག་དང་བཅས་པ་བཞུགས་སོ། །སྨྱོས་ཀྱི་བཙུན་པ་དྷརྨ་ཤྲཱི་རྡོ་རྗེ་རྒྱལ་པོའི་དཔེའོ།། ༈ །།བླ་མ་དང་དཔལ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་སྐུ་རྡོ་རྗེ་གཞོན་ནུ་དང་། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཐེག་མཆོག་སྙིང་པོ་ཕུར་པ་ཡི། །བསྐྱེད་རིམ་ལག་ལེན་མཐར་ཐུག་ནི། །ཞལ་ནས་བརྒྱུད་པའི་རིམ་པ་འདི། །གོ་སླའི་ཆེད་དུ་འདིར་བསྒྲིགས་སོ། །འདི་ཉམས་སུ་ལེན་པའི་དུས་སུ། སྨན་གཏོར་རཀྟ། མཆོད་རྫས། ཚོགས་ཅི་འབྱོར་པ་གཙང་ཞིང་ལེགས་པར་བཤམས་ཤིང་། བདག་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་དང་ལྡན་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བརྒྱུད་པ་ཐམས་ཅད་ཀྱི་རྩ་བ་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡི་དམ་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །བྱིན་རླབས་ཐམས་ཅད་ཀྱི་རྩ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལ་སྐྱབས་སུ་མཆིའོ། །རྒྱལ་བ་དགོངས་པའི་བརྒྱུད་པ་ལ་སྐྱབས་སུ་མཆིའོ། །རིག་འཛིན་བརྡའི་བརྒྱུད་པ་ལ་སྐྱབས་སུ་མཆིའོ། །གང་ཟག་སྙན་ཁུངས་ཀྱི་བརྒྱུད་པ་ལ་སྐྱབས་སུ་མཆིའོ། །དྷ་ན་སཾ་སྐྲྀ་ཏ་ལ་སྐྱབས་སུ་མཆིའོ། །ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ལ་སྐྱབས་སུ་མཆིའོ། །མ་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་ལ་སྐྱབས་སུ་མཆིའོ། །སྲས་ཨཱ་ཙར་གསལ་ལེ་ལ་སྐྱབས་སུ་མཆིའོ། །ཇོ་བོ་ལང་ལབ་བྱང་ཆུབ་རྡོ་རྗེ་ལ་སྐྱབས་སུ་མཆིའོ། །སྣ་ནམ་ཤེས་རབ་ཚུལ་ཁྲིམས་ལ་སྐྱབས་སུ་མཆིའོ། །རྒྱ་སྟོན་སངས་རྒྱས་ལ་སྐྱབས་སུ་མཆིའོ། །རྒྱ་ཐུང་ཤེས་རབ་རྒྱལ་མཚན་ལ་སྐྱབས་སུ་མཆིའོ། །རྒྱ་སྟོན་ཁ་སེར་བ་ལ་སྐྱབས་སུ་མཆིའོ། །ཨ་ཇོ་སྨན་ཆུང་ལ་སྐྱབས་སུ་མཆིའོ། །དཔལ་ལྷ་རི་བ་ལ་སྐྱབས་སུ་མཆིའོ། །རོག་ཤེས་རབ་བླ་མ་ལ་སྐྱབས་སུ་མཆིའོ། །རོག་བཀྲ་ཤིས་གྲགས་པ་ལ་སྐྱབས་སུ་མཆིའོ། །ཞིག་པོ་རིན་ཆེན་སྐུ་མཆེད་གསུམ་ལ་སྐྱབས་སུ་མཆིའོ། །དཔལ་ལྡན་ཐམས་ཅད་མཁྱེན་པ་ལ་སྐྱབས་སུ་མཆིའོ། །དྲིན་ཅན་རྩ་བའི་བླ་མ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ། །དེའི་ཆེད་དུ་བདག་གིས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལམ་འདི་ཉམས་སུ་བླང་སྙམ་དུ་སེམས་བསྐྱེད། ༈ །སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཅེས་པས། བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་པ་སྟོད་ཡེ་ཤེས་ཀྱི་ཁྲོ་བོ་ལ། སྨད་ཕུར་པ་མགར་གྱི་སོལ་མལ་ནས་བཏོན་པ་ལྟ་བུར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག །དེ་ལས་ཧཱུྃ་བཅུ་ཕྱོགས་བཞི་མཚམས་བཞི། སྟེང་འོག་གཉིས་དང་བཅུར་ཧཱུྃ་རེ་རེ་བསམ། དེ་ལས། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། །ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཁྲོ་བོ་དེ་དག་ཀྱང་སྟོད་ཡེ་ཤེས་ཀྱི་ཁྲོ་བོ་ལ་སྨད་ཕུར་པ་མགར་གྱི་སོལ་མལ་ནས་བཏོན་པ་ལྟ་བུ་ཞལ་ཕྱོགས་བཅུར་གཟིགས་པས་བར་ཆད་ཐམས་ཅད་བསྲུང་བར་གྱུར། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །དེ་བས་བཀའ་ལས་མ་འདའ་ཞིག །གསང་བའི་མཚམས་ལས་མ་འདའ་ཞིག །ༀ་སུམྦྷ་ནི་སུམྦྷ་ནི་ཧཱུྃ། གྲྀ་ཧྞ་གྲྀ་ཧྞ་ཧཱུྃ། གྲྀ་ཧྞ་པཱ་ཡ་གྲྀ་ཧྞ་པཱ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿ བྷ་ག་ཝན། བཱིདྱ་རཱ་ཛ་སྟྭྂ་བ་རཀྵ་ན་ཧཱུྃ་ཕཊ། ཅེས་པས། ཁྲོ་བོ་རྣམས་ལས་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས། གཡས་ཕྱོགས་སུ་འཁོར་བས་བགེགས་དང་ལོག་འདྲེན་ཐམས་ཅད་གསང་སྔགས་ཀྱི་མིང་ཙམ་ཡང་མི་གྲགས་པའི་ས་ན་ཕར་ལ་བསྐྲད་པར་གྱུར། གཡོན་སྐོར་དུ་འཁོར་བས་ཁྲོ་ཆུང་གི་གུར་དུ་གྱུར་ཏེ། བར་ཆད་ཀྱི་བགེགས་ཀྱིས་མི་ཚུགས་པར་བསྲུང་བར་གྱུར། ཨེ་མ་ང་ནི་རང་བྱུང་བའི། །དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །སྟེང་གི་ཕྱོགས་ནས་དགྲ་དང་བགེགས་བྱུང་ན། །ཧཱུྃ་ཆེན་ཀཱ་ར་ཉིད་ཀྱིས་ཟློག །ཧཱུྃ་ཆེན་ཀཱ་རས་དགྲ་དང་བགེགས་བཟློག་ལ། །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །ཤར་གྱི་ཕྱོགས་ནས་དགྲ་དང་བགེགས་བྱུང་ན། །རྣམ་པར་རྒྱལ་བ་ཉིད་ཀྱིས་ཟློག །རྣམ་པར་རྒྱལ་བས་དགྲ་དང་བགེགས་བཟློག་ལ། །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །ཤར་ལྷོ་ཕྱོགས་ནས་དགྲ་དང་བགེགས་བྱུང་ན། །དབྱུག་པ་སྔོན་པོ་ཉིད་ཀྱིས་ཟློག །དབྱུག་པ་སྔོན་པོས་དགྲ་དང་བགེགས་བཟློག་ལ། །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག ། ལྷོ་ཡི་ཕྱོགས་ནས་དགྲ་དང་བགེགས་བྱུང་ན། །གཤིན་རྗེ་གཤེད་པོ་ཉིད་ཀྱིས་ཟློག །གཤིན་རྗེ་གཤེད་པོས་དགྲ་དང་བགེགས་བཟློག་ལ། །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །ལྷོ་ནུབ་ཕྱོགས་ནས་དགྲ་དང་བགེགས་བྱུང་ན། །མི་གཡོ་མགོན་པོ་ཉིད་ཀྱིས་ཟློག །མི་གཡོ་མགོན་པོས་དགྲ་དང་བགེགས་བཟློག་ལ། །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །ནུབ་ཀྱི་ཕྱོགས་ནས་དགྲ་དང་བགེགས་བྱུང་ན། །རྟ་མཆོག་རྒྱལ་པོ་ཉིད་ཀྱིས་ཟློག །རྟ་མཆོག་རྒྱལ་པོས་དགྲ་དང་བགེགས་བཟློག་ལ། །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །ནུབ་བྱང་ཕྱོགས་ནས་དགྲ་དང་བགེགས་བྱུང་ན། །གཞན་གྱིས་མི་ཐུབ་ཉིད་ཀྱིས་ཟློག །གཞན་གྱིས་མི་ཐུབ་དགྲ་དང་བགེགས་བཟློག་ལ། །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །བྱང་གི་ཕྱོགས་ནས་དགྲ་དང་བགེགས་བྱུང་ན། །བདུད་རྩི་འཁྱིལ་བ་ཉིད་ཀྱིས་ཟློག །བདུད་རྩི་འཁྱིལ་བས་དགྲ་དང་བགེགས་བཟློག་ལ། །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །བྱང་ཤར་ཕྱོགས་ནས་དགྲ་དང་བགེགས་བྱུང་ན། །ཁམས་གསུམ་རྣམ་རྒྱལ་ཉིད་ཀྱིས་ཟློག །ཁམས་གསུམ་རྣམ་རྒྱལ་དགྲ་དང་བགེགས་བཟློག་ལ། །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །འོག་གི་ཕྱོགས་ནས་དགྲ་དང་བགེགས་བྱུང་ན། །སྟོབས་ཆེན་རྒྱལ་པོ་ཉིད་ཀྱིས་ཟློག །སྟོབས་ཆེན་རྒྱལ་པོས་དགྲ་དང་བགེགས་བཟློག་ལ། །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །མཚམས་བཅད་ནང་འདི་ཚུན་ཆོད་དུ། །སུ་ཡང་འདའ་བར་མ་བྱེད་ཅིག །གལ་ཏེ་བཀའ་ལས་འདས་གྱུར་ན། །ཕུར་པ་ལྕགས་ཀྱུ་འཁྲིགས་པ་ཡིས། །སྙིང་ནས་དྲངས་ཤིང་བརྡུང་བར་བྱ། །དེ་བས་བཀའ་ལས་མ་འདའ་ཞིག །གསང་བའི་མཚམས་ལས་མ་འདའ་ཞིག །སུམྦྷ་ནི་བརྗོད། གནོད་པར་བྱེད་པའི་འབྱུང་པོ་མི་དང་མི་མ་ཡིན་པ་བདུད་དང་བར་དུ་གཅོད་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་རིགས་སུ་གྱུར་པ། མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། གསང་སྔགས་ཉན་པ་ལ་མི་དབང་ཞིང་། ཕྱག་རྒྱ་ལྟ་བ་ལ་མི་དབང་བ། བདུད་དང་བར་དུ་གཅོད་པ་ཐམས་ཅད་བསྐལ་པའི་མེ་རི་མེ་དཔུང་འབར་བ་ལ། སྲོག་ཆགས་སྦྲང་བུ་མི་གནས་པའམ། མར་ཁོལ་མ་ལ་ཆུའི་ཐིག་པ་མི་གནས་པའམ། ཉི་མའི་དཀྱིལ་འཁོར་ལ་མུན་པའི་རྡུལ་མི་གནས་པ་བཞིན་དུ་གཞན་ན་ཕར་ལ་དེངས་ཤིག ༈ །ༀ་བཛྲ་སཏྭ་ཧཱུྃ། རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་ལ་ཉི་མ་ཤར་བ་འདྲ་བ། ཞལ་གཅིག་ཕྱག་གཉིས་པ། གཡས་པ་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་པ་དྲིལ་བུ་དཀུར་བརྟེན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དར་སྣ་ཚོགས་ཀྱིས་ན་བཟའ་བྱས་པ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ། དེ་ལས་འོད་འཕྲོས། བཛྲ་ས་མཱ་ཛཿ ཞེས་པ་ལན་གསུམ་བརྗོད་པས། དང་པོས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། གཉིས་པས་དཀྱིལ་འཁོར་ལྷ་ཚོགས་སྤྱན་དྲངས། གསུམ་པས་རིག་འཛིན་རྣམས་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁར་པདྨའི་གདན་ལ་བཞུགས། ༀ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་ལྷ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས། གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་འདིར། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་ཚོགས། །འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མའི། །མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་བ་ལ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་། །མ་བཅོས་སྤྲོས་བྲལ་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་བཅུ། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་ཐུགས་རྗེའི་དམ་ཅན་དགོངས་སུ་གསོལ། །ཐུགས་རྗེའི་གདུང་གསོབ་རྡོ་རྗེ་རྣལ་འབྱོར་བདག །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་ཐོབ་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །འདའ་དཀའ་རྡོ་རྗེ་དམ་ཚིག་ཅན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱི་ནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་དེ། །དོན་ལ་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །གཟོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ནི། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་ལས་བྱུང་ཞིང་དེ་ལྟར་མ་རྟོགས་ཏེ། །གསང་སྒོ་འཆོལ་བའི་དབྱེ་བསལ་དཀའ་བ་དང་། །མངོན་ཤེས་ཆུང་བས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་གྱིས་གོས། །ཉམས་སྒྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱིས་སྒྲིབ་པ་རྣམས། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཁའ་ལྟར་ཁྱབ་པའི་ཐུགས་རྗེ་ཆེ་མངའ་བ། །བྱམས་པའི་ཐུགས་ཀྱིས་བདག་ལ་དགོངས་ནས་ཀྱང་། །བརྩེ་བའི་ཐུགས་ཀྱིས་བདག་ལ་ཉེར་དགོངས་ཏེ། །ཡེ་ཤེས་ལྷ་ཚོགས་འཁོར་དང་བཅས་པ་རྣམས། །གཉིས་མེད་བཏང་སྙོམས་ངང་དུ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པར་སྩལ་དུ་གསོལ། །དོན་དམ་གཉིས་མེད་སྤྲོས་དང་བྲལ་བ་ལ། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང་། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པར་མཆིས་ན་རབ་གནོང་བཟོད་པར་གསོལ། །བཟོད་པར་གསོལ་ལོ་ཚངས་པར་སྩལ་དུ་གསོལ། །ན་མོ། ལུས་རྡོ་རྗེ་སྐུའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། ངག་རྡོ་རྗེ་གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། ཡིད་རྡོ་རྗེ་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །མ་ཚོར་བ་རྒྱབ་ནས་ཉམས་པ་མཐོལ་ལོ་བཤགས། ཚོར་བ་མདུན་ནས་ཉམས་པ་མཐོལ་ལོ་བཤགས། དང་པོ་ཁས་ལེན་ཆེས་པ་མཐོལ་ལོ་བཤགས། །བར་དུ་ཉམས་ལེན་ཆུང་བ་མཐོལ་ལོ་བཤགས། །ཐ་མ་སྤྱོད་ལམ་རྩིང་པ་མཐོལ་ལོ་བཤགས། །མདོར་ན་རྣལ་འབྱོར་པ་བདག་ཅག་གི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཤིང་ཞིག་རལ་དུ་གྱུར་པ་ཐམས་ཅད་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས་པས་བྱང་ཞིང་དག་པར་གྱུར་ཅིག །ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ མདུན་གྱི་ནམ་མཁའི་ལྷ་དང་བླ་མར་བཅས་པ་རྣམས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པས། ལུས་ངག་ཡིད་གསུམ་ལ་ཆུ་ལ་ཆུ་འདྲེས། མར་ལ་མར་འདྲེས་པ་ལྟར་གཉིས་སུ་མེད་པར་འདྲེས། སྨན་བྱིན་གྱིས་བརླབ་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། བདག་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ། དེ་ལས་རྂ་ཡྂ་ཁྂ་གསུམ་འཕྲོས། སྣོད་ལ་ཕོག །རྂ་ལས་ཡེ་ཤེས་ཀྱི་མེས་བསྲེགས། ཡྂ་ལས་ཡེ་ཤེས་ཀྱི་རླུང་གིས་གཏོར། ཁྂ་ལས་ཡེ་ཤེས་ཀྱི་ཆུས་བཀྲུས། སྣོད་བྷནྡྷ་འབར་བའི་གཞལ་ཡས་ཁང་། དེའི་ནང་དུ། ༀ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ། བྱང་སེམས་ཀྱི་སྟེང་དུ་ཧཱུྃ། ཤར་དྲི་ཆེན་གྱི་སྟེང་དུ་ༀ། ལྷོར་མཱཾ་སའི་སྟེང་དུ་སྭཱ། ནུབ་རཀྟའི་སྟེང་དུ་ཨཱཿ བྱང་དྲི་ཆུའི་སྟེང་དུ་ཧཱ། པདྨ་དྷ་ར་ཧྲཱིཿ མཐེ་བོང་ལ་རྟ་མགྲིན། སྲིན་ལག་ལ་ཡུམ་མི་ཕམ་མ། དེ་གཉིས་ཀྱི་བར་དུ་ཧྲཱིཿདམར་པོ། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཧྲཱིཿའོད་དུ་ཞུ། ཡབ་ཡུམ་ལ་ཐིམ། སྦྱོར་བའི་བརྡས་བསྐུལ། གཉིས་སུ་མེད་པར་སྦྱོར་བ་བྱས། སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང་བཅས་པ་ཐམས་ཅད་བདུད་རྩིའི་སྣོད་དུ་བབས། ཡེ་ཤེས་དང་དམ་ཚིག་གི་བདུད་རྩི་གཉིས་སུ་མེད་པར་འདྲེས། ༀ། ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། ༀ་དྷརྨ་ཨ་མྲྀ་ཏ་ཧཱུྃ་ཕཊ། མཆོད་ཚོགས་རྣམས་ལ་གཏོར་བས་ཉེས་སྐྱོན་དང་དྲི་མའི་ཚོགས་ཐམས་ཅད་དག །ༀ་བི་ཤུདྡྷེ་ཨ་མྲྀ་ཏ་ཧཱུྃ་ཕཊ། མཆེད་རྣམས་ལ་གཏོར་བས་མཁོན་གཅུགས་ཐམས་ཅད་སྦྱངས། ༀ་བཛྲ་ཡཀྵ་ཀྲོ་དྷ་ཧ་ལ་ཧ་ལ་ཧཱུྃ་ཕཊ། བདུད་རྩིའི་ཟེག་མ་ལས་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་པས་བགེགས་དང་ལོག་འདྲེན་ཐམས་ཅད་གསང་སྔགས་ཀྱི་མིང་ཙམ་ཡང་མི་གྲགས་པའི་ས་ན་ཕར་ལ་བསྐྲད་པར་བསམ། གཏོར་མ་བྱིན་གྱིས་བརླབ་པ་ནི། རྂ་ཡྂ་ཁྂ། མེ། རླུང་། ཆུ། སྔ་མ་བཞིན་སྣོད་ལ་ཕོག །བྷནྡྷ་འབར་བའི་གཞལ་ཡས་ཁང་། དེའི་ནང་དུ་མ་སཱུརྻ་མཎྜ་ལ། ཉི་མའི་དཀྱིལ་འཁོར། ཨ་ཙནྡྲ་མཎྜ་ལ། ཟླ་བའི་དཀྱིལ་འཁོར། དེ་གཉིས་ཀྱི་བར་དུ་བཅུད་ཀྱི་དངོས་པོ་དེ་ༀ་སེར་པོ། ༀ་མ་ཧཱ་བ་ལིཾ་ཏ། ཏེ་ཛོ་བ་ལིཾ་ཏ། བ་ལ་བ་ཏེ། གུ་ཧྱ་ཧྲི་ཤོ་ས་མ་ཡེ་ཧཱུྃ། ཞེས་ལན་དྲུག་བརྗོད་པས། འདོན་ཡོན་གྱི་ལྷ་མོ། གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། ཆོས་རྡོ་རྗེ་དང་ལྡན་པར་གྱུར། རཀྟ་བྱིན་གྱིས་བརླབ་པ་ནི། རྂ་ཡྂ་ཁྂ། སྔ་མ་བཞིན། བྷནྡྷ་འབར་བའི་གཞལ་ཡས་ཁང་། དེའི་ནང་དུ་བཅུད་ཀྱི་དངོས་པོ་དེར་དམར་པོ་གཅིག་བསམ། ༀ་ཨཱཿཧཱུཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ། ར་ཞུ་བ་ལས་རཀྟའི་རྒྱ་མཚོ་དབའ་ཀློང་འཁྲུག་ཅིང་འཁྱིལ་བར་ཞུན་ཆེན་གྱི་ཁ་ཆག་ཅན་དུ་གྱུར། རྣམ་ལྔ་བྱིན་གྱིས་བརླབ་པ་ནི། །ༀ་སྭ་བྷཱ་ཝ་བི་ཤུདྡྷེ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ་྅ཧཾ། ཉེས་སྐྱོན་གྱི་དྲི་མའི་ཚོགས་ཐམས་ཅད་དག །བཛྲ་ཡཀྵ་ཧཱུྃ། ༀ་བཛྲ་པཥྤེ་ཨཱཿཧཱུྃ། ༀ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ༀ་བཛྲ་གནྡྷེ་ཨཱཿཧཱུྃ། ༀ་བཛྲ་ནཻ་བི་དྱེ་ཨཱཿཧཱུྃ། ༀ་བཛྲ་ཤཔྡ་ཨཱ་ཧཱུྃ། སྣོད་ཀྱི་ནང་དུ་ལྷ་མོ་མཆོད་རྫས་ཐོགས་པ་མང་པོར་བྱིན་གྱིས་བརླབས་པ་ལ། སྟེང་རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད། ༈ །དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་ངང་དུ་བློ་གནས་པར་བྱའོ། །ཀུན་སྣང་གི་ཏིང་ངེ་འཛིན་ནི། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་བྱམས་སྙིང་རྗེ་སྒྱུ་མ་ཙམ། རྒྱུའི་ཏིང་ངེ་འཛིན་ནི། དེ་ལྟར་སྙིང་རྗེ་བས་དོན་བྱ་བའི་ཕྱིར། །ནམ་མཁའ་སྟོང་པའི་གོ་སྐབས་སུ་རང་སེམས་ཀྱི་རྣམ་པ་ཡི་གེ་ཧཱུྃ་མཐིང་ག་རྨ་བྱའི་སྒྲོ་ལྟ་བུ་ཞིག་ཏུ་ལྷང་ངེར་གསལ། ཧཱུྃ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །སྟོང་པ་ཉིད་ཀྱི་རང་སྒྲའོ། །ཧཱུྃ་སྥ་ར་ཎ་ཕཊ། ཧཱུྃ་ལས་འོད་ཟེར་གྲངས་མེད་པ་འཕྲོས། འཕགས་པའི་ཚོགས་ཐམས་ཅད་མཆོད། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག །རང་རང་གི་སྡུག་བསྔལ་ཐམས་ཅད་ཞི་བར་བྱས། སཾ་ཧ་ར་ཎ་ཧཱུྃ། སླར་གཞིའི་ཧཱུྃ་ལ་འདུས། ཡི་གེ་ཧཱུྃ་དུ་གྱུར། ཨེ་སྥ་ར་ཎ་ཕཊ། ཧཱུྃ་དེ་ལས་ཨེ་གཅིག་འོག་གི་ཕྱོགས་སུ་ཆད། སཾ་ཧ་ར་ཎ་ཧཱུྃ། ཨེ་འོད་དུ་ཞུ་བ་ལས། ནམ་མཁའ་མཐིང་ནག་གྲུ་གསུམ་རྒྱ་དཔག་ཏུ་མེད་པ། ཡྂ་སྥ་ར་ཎ་ཕཊ། ཧཱུྃ་དེ་ལས་ཡྂ་གཅིག་ནམ་མཁའི་སྟེང་དུ་ཆད། སཾ་ཧ་ར་ཎ་ཧཱུྃ། ཡྂ་འོད་དུ་ཞུ་བ་ལས། རླུང་གི་ཁམས་དཀྱིལ་འཁོར་ཟླ་གམ་དུད་ཁ། རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་རྒྱ་ནམ་མཁའ་དང་མཉམ་པ། ར་སྥ་ར་ཎ་ཕཊ། ཧཱུྃ་དེ་ལས་ར་གཅིག་རླུང་གི་སྟེང་དུ་ཆད། སཾ་ཧ་ར་ཎ་ཧཱུྃ། ར་འོད་དུ་ཞུ་བ་ལས། རཀྟའི་རྒྱ་མཚོ་ཟླུམ་པོ་དམར་པོ། རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད་བརྒྱ་རླུང་གི་དཀྱིལ་འཁོར་དང་མཉམ་པ། བྂ་སྥ་ར་ཎ་ཕཊ། ཧཱུྃ་དེ་ལས་བྂ་གཅིག་རཀྟའི་རྒྱ་མཚོའི་སྟེང་དུ་ཆད། སྂ་ཧ་ར་ཎ་ཧཱུྃ། བྂ་འོད་དུ་ཞུ་བ་ལས། མཆོག་ཕྲན་གྱི་ས་གཞི་གྲུ་བཞི་སེར་པོ། རྔམས་སུ་དཔག་ཚད་འབུམ་ཕྲག་ཉིས་ཁྲི། རྒྱ་རཀྟའི་རྒྱ་མཚོ་དང་མཉམ་པ། ཀེཾ་སྥ་ར་ཎ་ཕཊ། ཧཱུྃ་དེ་ལས་ཀེཾ་གཅིག་མཆོག་ཕྲན་གྱི་ས་གཞིའི་སྟེང་དུ་ཆད། སྂ་ཧ་ར་ཎ་ཧཱུྃ། ཀེཾ་འོད་དུ་ཞུ་བ་ལས། ཀེཾ་རུས་ཀྱི་རི་རབ་སྔོ་སྐྱ་སོག་བུ་རྟིང་པ་སྤྲད་པ་ལྟ་བུ། དཔག་ཚད་བརྒྱད་ཁྲི་རྒྱ་མཚོའི་གཏིང་དུ་ནུབ་པ། དཔག་ཚད་བརྒྱད་ཁྲི་རྒྱ་མཚོའི་ཁར་བྱུང་བ། རྂ་སྥ་ར་ཎ་ཕཊ། ཧཱུྃ་དེ་ལས་རྂ་གཅིག་རི་རབ་ཀྱི་སྟེང་དུ་ཆད། སྂ་ཧ་ར་ཎ་ཧཱུྃ། རྂ་འོད་དུ་ཞུ་བ་ལས། ཡེ་ཤེས་ཀྱི་མེ་དཔུང་དམར་པོ་རི་རབ་ཀྱི་ཚད་དུ་ཁྱབ་པ། བྷྲཱུྂ་སྥ་ར་ཎ་ཕཊ། ཧཱུྃ་དེ་ལས་བྷྲཱུྂ་གཅིག་ཡེ་ཤེས་ཀྱི་མེ་དཔུང་གི་ནང་དུ་ཆད། སྂ་ཧ་ར་ཎ ཧཱུྃ། བྷྲཱུྂ་འོད་དུ་ཞུ་བ་ལས། བྷྲཱུྂ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཙཀྲ་མཎྜ་ལ་ཨེ་བྷྲཱུྂ། བྷཉྫ་འབར་བའི་གཞལ་ཡས་ཁང་ཕྱི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ནང་ཐོད་པ་སྐམ་རློན་སྣ་ཚོགས་ལས་གྲུབ་པ། དབུས་གྲུ་གསུམ་མཐིང་ནག་རྡོ་རྗེ་འགྲེང་བུས་སྤགས་པ། ཕྱི་རོལ་ཟླ་གམ་དམར་པོ་གསུམ་གྱིས་བསྐོར་བ། མུ་ཁྱུད་ཟླུམ་པོ་ཐོད་པའི་ཕྲེང་བ་ཅན། འཁོར་ལོ་རྩིབས་བརྒྱད་པ། མུ་ཁྱུད་ཟླུམ་པོ་རྡོ་རྗེའི་ཕྲེང་བ་ཅན། གྲུ་ཆད་བཞིས་བརྒྱན་པ། ཁྱམས་གཅིག་ལ་སྒོ་བཞི་དང་ལྡན་པ། འབྱུང་པོ་ཕོ་མོས་ཡ་ཐེམ་མ་ཐེམ་བྱས་པ། ཆུ་སྲིན་གྱི་ཐོད་པས་རྟ་བབས་བྱས་པ། ལྷ་ཆེན་པོ་བརྒྱད་ཀྱིས་ཀ་བ་བྱས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་གདུང་མ་བྱས་པ། གཟའ་ཆེན་པོ་བརྒྱད་ཀྱིས་ཕྱམ་བྱས་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་དྲལ་མ་བྱས་པ། རུ་ཏྲ་ཕོ་མོའི་ལྤགས་པས་ཐོག་ཕུབ་པ། ཉི་མ་དང་ཟླ་བའི་མཐོང་དཀར་ཡོད་པ། །ཕྱོགས་བཞིར་ཆོས་ཀྱི་འཁོར་ལོ་བཞི་དང་། ཞིང་ཆེན་གྱི་འཕན་དང་། ཞིང་ཆུང་གི་རྒྱལ་མཚན་དང་ཕྱོགས་བཞིར་ཁྲག་གི་ཞམ་ཆུ་འབབས་པ། གནམ་ལྕགས་ཀྱི་གཟེར་ཐལ་ལེར་བཏབ་པ། ཙིཏྟའི་ཏོག་ཆེན་པོ་གཅིག་ཏུ་གྱུར་པ། གྲུ་གསུམ་མཐིང་ནག་བཅོ་ལྔས་བརྒྱན་པ། ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། པྂ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་སཱུརྻ་མཎྜ་ལ། རུ་ཏྲ་ཏི་ར་བྂ། ཝཱ་རུ་ཎ་ཏི་ར་བྂ། དབུས་གཙོ་བོའི་གདན་སྟེང་དུ། སྣ་ཚོགས་པདྨ། ཉི་མ། ཟླ་བའི་སྟེང་དུ། དྲེགས་པ་ཁྱོ་ཤུག་བསྣོལ་བའི་གདན། ཛཿཧཱུྃ་བྂ་ཧོཿ འཁོར་ལོ་རྩིབས་བརྒྱད། སྟེང་འོག་གཉིས་དང་བཅུར་ཕྱོགས་སྐྱོང་བཅུའི་གདན། སྒོ་བཞི་ལའང་དགྲ་བགེགས་ཀྱི་གདན། དམ་ཅན་ལའང་དགྲ་བགེགས་ཀྱི་གདན། ཧཱུྃ། རྒྱུའི་ཡི་གེ་ཧཱུྃ་ནག་པོ་དེ་སྐར་ཆེན་ཐང་ལ་བབས་པ་ལྟར་དུ། གཞལ་ཡས་ཁང་གི་གནམ་སྐར་ནས་མར་ལ་བབས་ཏེ། གཙོ་བོའི་གདན་སྟེང་དུ་འོད་ལམ་ལམ་གསལ་བ་ལ། ཧཱུྃ་སྥ་ར་ཎ་ཕཊ། ཧཱུྃ་ལས་ཧཱུྃ་གྲངས་མེད་པ་འཕྲོས། འཕགས་པའི་ཚོགས་ཐམས་ཅད་མཆོད། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག །རང་རང་གི་སྡུག་བསྔལ་ཐམས་ཅད་ཞི་བར་བྱས། སྂ་ཧ་ར་ཎ་ཧཱུྃ། སླར་གཞིའི་ཧཱུྃ་ལ་ཐིམ། ཧཱུྃ་དུ་གསལ། ཏིཥྛ་བཛྲ། སྂ་ཧ་ར་ཎ་ཧཱུྃ། རྡོ་རྗེ་སྔོན་པོ་རྩེ་དགུ་པ་ལྟེ་བ་ལ་ཡི་གེ་ཧཱུྃ་གིས་མཚན་པ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། བདག་ཉིད་རྡོ་རྗེ་གཞོན་ནུ་ཚོན་གང་བ། སྐུ་ཕྲ་མོའི་རྣལ་འབྱོར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་ཆེ་ལ་ཡན་ལག་རགས་པ། སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། ཞལ་གཡས་དཀར་གཡོན་དམར་དབུས་མཐིང་། ཕྱག་དྲུག་གཡས་ཀྱི་དང་པོ་ན་རྡོ་རྗེ་རྩེ་དགུ་པ། བར་པ་ན་རྡོ་རྗེ་རྩེ་ལྔ་པ། གཡོན་གྱི་དང་པོ་ན་མེ་དཔུང་། བར་པ་ན་ཁ་ཊྭཱཾ་ཀ །ཐ་མ་གཉིས་རི་རབ་ཀྱི་ཕུར་བུ་ཐུགས་ཀར་འདྲིལ་བ། ཞབས་བཞིའི་མདུན་གཉིས་བརྐྱང་བསྐུམ་དུ་བཞུགས་པ། རྒྱབ་གཉིས་གྱད་ཀྱི་དོར་སྟབས་སུ་བཞུགས་པ། སྤྱན་དགུ་སྡང་མིག་དམར་པོ་བགྲད་པ། རལ་པ་ཁམ་པ་གྱེན་དུ་འཁྱིལ་བ། དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་པ། གླང་པོ་ཆེའི་ཀོ་རློན་དང་། ཞིང་ཆེན་གྱི་གཡང་གཞིའི་ན་བཟའ་གསོལ་བ། སྟག་གི་ལྤགས་པའི་ཤམ་ཐབས་བྱས་པ། ཐོད་སྐམ་གྱིས་དབུ་བརྒྱན་པ། ཐོད་རློན་གྱིས་དཔུང་པ་བརྒྱན་པ། ཐོད་པ་ར་རི་ཉི་ཤུ་རྩ་ལྔས་སེ་རལ་ཁ་བྱས་པ། སྦྲུལ་རྒྱལ་རིགས་དཀར་ཁྲས་དབུ་ཐོད་དང་སྙན་ཆ་བྱས་པ། བྲམ་ཟེ་སེར་ཁྲས་མགུར་ཆུ་དང་དཔུང་རྒྱན་བྱས་པ། རྗེའུ་རིགས་སེར་ཁྲས་སེ་རལ་ཁ་བྱས་པ། དམངས་རིགས་ལྗང་ཁུས་སྐུ་རགས་བྱས་པ། གདོལ་པ་ནག་པོས་ཕྱག་གདུབ་དང་ཞབས་གདུབ་བྱས་པ། ཐལ་ཆེན་གྱི་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས། སྨིན་མཚམས་ཁྲོ་གཉེར་རབ་ཏུ་བསྡུས་པ། ཞལ་བགྲད་པ། མཆེ་བ་གཙིགས་པ། ཞལ་ནས་མེ་སྟག་གི་ཚྭ་ཚྭ་འཕྲོ་བ། ཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོགས་པ། ལུས་ཐམས་ཅད་ཁྲོ་ཆུང་གིས་གཏམས་པ། རྡོ་རྗེའི་གཤོག་པ་ཕྱོགས་བཅུར་བརྒྱངས་པ། བསྐལ་པའི་མེ་རི་མེ་དཔུང་འབར་བའི་ཀློང་ན་བཞུགས་པར་གྱུར། དེའི་ཐུགས་ཀར་ཙིཏྟ་སྨུག་པོ་གུར་ཕུབ་པ་འདྲ་བའི་གཞལ་ཡས་ཁང་། སྙིང་ཚིལ་དཀར་དམར་གདན་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ། ཡེ་ཤེས་སེམས་དཔའ་ཚོན་གང་བ། ཕྱི་རོལ་ཅི་འདྲ་བ་ལ་རྒྱན་དང་ཆ་ལུགས་སྤངས་པ། དེའི་སྒོ་སྲོག་པ་རྩར་རྟ་མགྲིན་ཡབ་ཡུམ་གྱིས་བསྲུང་བ། དེའི་ཐུགས་ཀར་ཙིཏྟ་སྨུག་པོ་གུར་ཕུབ་པའི་གཞལ་ཡས་ཁང་། སྙིང་ཚིལ་དཀར་དམར་གདན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་འགྲེང་པ་རྭ་ཕྱེད་ཟླ་བའི་དཀྱིལ་འཁོར་ལ་ནུབ་པ། རྭ་ཕྱེད་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཕྱུང་བའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་མཐིང་ནག་སྤུས་བྲིས་པ་ཙམ། དེའི་མཐའ་མ་ཉི་ཆུང་ཟླ་ཆུང་སྤེལ་མའི་སྟེང་དུ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། སྔགས་འདི་འོད་ལྗང་དམར་དུ་ལམ་ལམ་གསལ་བ་ལ། སྤྱི་བོ་ༀ་ལས་འཁོར་ལོ་དཀར་པོ་ༀ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གཅིག་གཡོན་ཕྱོགས་སུ་ཆད། ༀ་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཡུམ་འཁོར་ལོ་རྒྱས་འདེབས་མ་སྐུ་མདོག་མཐིང་སྐྱ། ཞལ་གཅིག་ཕྱག་གཉིས་མ། གཡས་ཡབ་ལ་འཁྱུད་ཅིང་། གཡོན་པས་དུང་དམར་གཙོ་བོ་ལ་སྟོབ་པ། རྒྱན་ཆས་ཡབ་དང་མཐུན་པ་ལ་གཟིག་གི་ལྤགས་པའི་ཤམ་ཐབས་བྱས་པ། ཡབ་ཀྱི་གསང་གནས་སུ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་དགུ་པའི་ལྟེ་བ་ལ་ཡི་གེ་ཧཱུྃ་གིས་མཚན་པ། ཡུམ་གྱི་གསང་གནས་སུ་ཨ་ལས་པདྨ་དམར་པོ་འདབ་མ་བཞི་པའི་ཟེའུ་འབྲུར་ཨས་མཚན་པ། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་ཞིང་། །མཁའ་གསང་བདེ་བ་རྒྱུན་མི་ཆད་པའོ། །ཧཱུྃ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམ་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །གཙོ་བོའི་ཐུགས་ཀ་ནས་ཕྱོགས་སྐྱོང་བ་བཅུའི་གདན་གྱི་སྟེང་དུ་ཧཱུྃ་བཅུ་བརྗོད། ཧཱུྃ་སྥ་ར་ཎ་ཕཊ། ཧཱུྃ་ལས་ཧཱུྃ་གྲངས་མེད་པ་འཕྲོས། འཕགས་པའི་ཚོགས་ཐམས་ཅད་མཆོད། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག །རང་རང་གི་སྡུག་བསྔལ་ཐམས་ཅད་ཞི་བར་བྱས། སྂ་ཧ་ར་ཎ་ཧཱུྃ། སླར་གཞིའི་ཧཱུྃ་ལ་ཐིམ། ཡི་གེ་ཧཱུྃ་དུ་གྱུར། ཧཱུྃ་སྦྲེལ་མ་རེ་རེར་གྱུར། བཛྲ་བཛྲ་བཅུ་བརྗོད་དེ། རྡོ་རྗེ་འགྲེང་བུ་རྩེ་དགུ་པའི་ལྟེ་བ་ལ་ཡི་གེ་ཧཱུྃ་གིས་མཚན་པ་རེ་རེར་གྱུར། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཧཱུྃ་ཆེན་སྒྲ་འབྱིན་ཕག་དང་རྨིག་བུའི་མགོ་བོ་ཅན། །ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་མགོ་བོ་ཅན། ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ་བོ་ཅན། ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ་བོ་ཅན། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། མི་གཡོ་གཏུན་ཁུང་གཟིག་དང་ཁཱ་ཏའི་མགོ་བོ་ཅན། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་མགོ་བོ་ཅན། ༀ་བཛྲ་ཀྲོ་དྷ་ཨཱ་པ་ར་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། གཞན་གྱིས་མི་ཐུབ་མདའ་སྙེམས་སྤྱང་ཀི་ཁྲ་ཡི་མགོ་བོ་ཅན། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། བདུད་རྩི་རླུང་འབྱིན་སེང་གེ་ཕ་ཝང་མགོ་བོ་ཅན། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ཁམས་གསུམ་གསོད་མ་དྲེད་དང་སྲེ་མོང་མགོ་བོ་ཅན། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། སྟོབས་ཆེན་བསྐྱོད་མ་དོམ་དང་བྱི་བའི་མགོ་བོ་ཅན། ཁྲོ་བོ་རྣམས་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་ཕུར་པ་འདྲིལ་བ། གཡོན་ལྕགས་ཀྱུ་བསྣམས་པ། །དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་རྣམས་སྐུ་མདོག་མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་པ་གཡས་པ་ཡབ་ལ་འཁྱུད་པ། གཡོན་དུང་དམར་གཙོ་ལ་སྟོབ་པ། །རྒྱན་ཆ་ཡབ་དང་མཐུན་པ་ལ། །ཡུམ་ལ་གཟིག་གི་ཤམ་ཐབས་ཅན། །ཟ་བྱེད་ཕ་བཅུ་ཡབ་ཀྱི་དཔུང་པ་གཡས་པའི་ཁར་སྐུ་ལྟེ་བ་ཡན་ཆད་ཐོན་པ། གསོད་བྱེད་མ་བཅུ་ཡུམ་གྱི་དཔུང་པ་གཡོན་པའི་ཁར་སྐུ་ལྟེ་བ་ཡན་ཆད་ཐོན་པ། སྐུ་སྟོད་ཁྲོ་བོ་དང་ཁྲོ་མོ་ལ་དབུ་མགོ་བརྙན་དུ་ཡོད་པ། གཡས་ཕུར་པ། གཡོན་ལྕགས་ཀྱུ་བསྣམས་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཐམས་ཅད་བསྐལ་པའི་མེ་རི་མེ་དཔུང་འབར་བའི་དབུས་ན་བཞུགས་པ། །གཙོ་བོའི་ཐུགས་ཀ་ནས་སྒོ་མ་བཞིའི་གདན་སྟེངས་སུ། ཛཿཧཱུྃ་བྂ་ཧོཿ བཞི་ཕར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བཞིར་གྱུར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བི་ད་ཡ་བིང་བིང་ཧཱུྃ་ཕཊ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མཿས་མནྟ་ཧྲཱིཾ་ཧྲཱིཾ་ཧཱུྃ་ཕཊ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཧཱུྃ་ཕཊ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ། ཤར་སྒོ་པུ་ཤུད་ཀྱི་མགོ་ཅན། ལྷོ་སྒོར་སྐྱ་ཀའི་མགོ་ཅན། ནུབ་སྒོར་སྲིན་བྱའི་མགོ་ཅན། བྱང་སྒོར་ཁྲའི་མགོ་ཅན། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་ཕུར་བུ། གཡོན་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་བསྣམས་པ། དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པ། མེ་རི་མེ་དཔུང་འབར་བའི་དབུས་ན་བཞུགས་པ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྂ་ཧོཿ ཀ་ཏང་ཀ་ཡེ་ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏ། ཨ་པ་ར་ཛི་ཏ། མ་ར་སེ་ན། པྲ་མ་ཏ་ན་ཡེ། སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། དམ་ཅན་ཤྭ་ན་མ་མཆེད་བཞི། སྲིང་མོ་མཆེད་བཞི། རེ་མ་ཏི་མཆེད་བཞི། སྐྱེས་བུ་གིང་གསུམ་རྣམས་རང་རང་གི་སྐུ་མདོག་དང་། བཞོན་པ་དང་། གཡས་ཕུར་པ་དང་། གཡོན་ལྕགས་ཀྱུ་བསྣམས་པ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། མེ་དཔུང་གི་ནང་ན་གཙོ་བོའི་བཀའ་ལ་ཉན་པའི་ཚུལ་གྱིས་ཁྱམས་ན་ཕར་ལ་བཞུགས་པ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པའི། །སྐུ་གསུང་ཐུགས་ཀྱི་དབྱིག་ཏུ་བདག་བསྐྱེད་ཅིག ༈ །བདག་གི་ཐུགས་ཀ་ནས་ཧཱུྃ་གཅིག་འཕྲོས། བསྙེན་ཕུར་ལ་ཕོག །མཚན་མ་སྦྱངས། ཡི་གེ་ཧཱུྃ་དུ་གྱུར། ཧཱུྃ་སྥ་ར་ཎ་ཕཊ། འཕགས་པའི་ཚོགས་ཐམས་ཅད་མཆོད། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག །རང་རང་གི་སྡུག་བསྔལ་ཐམས་ཅད་ཞི་བར་བྱས། སྂ་ཧ་ར་ཎ་ཧཱུྃ། སླར་འདུས། ཧཱུྃ་ལ་ཐིམ། ཧཱུྃ་དུ་གྱུར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། སྲས་མཆོག་བཛྲ་ཀཱི་ལ་ཡ་སྐུ་ཆེ་ལ་ཡན་ལག་རགས་པ། སྟོད་ཞལ་གསུམ་ཕྱག་དྲུག་པ། རྡོ་རྗེ་གཞོན་ནུ་དང་འདྲ་བ་ལ། སྨད་ཕུར་པ་མགར་གྱི་སོལ་མལ་ནས་བཏོན་པ་འདྲ་བ་ལས། ཕྱི་ཕུར་བུར་གསལ་བ་ལ། ནང་གཞལ་ཡས་ཁང་དུ་གསལ་བ་ལ་ལྷ་དགོད་པ་ནི། རྒྱ་མདུད་གོང་མ་ལ། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཧཱུྃ་ཀཱ་ར་ཡབ་ཡུམ་ཁྲ་ཐབས་དང་བཅས་པ། ཁྲོ་བོ་བརྒྱད་ཀྱི་སྔགས་བརྗོད་པས། གཅུམ་གཞོགས་བརྒྱད་ལ་ཁྲོ་བོ་ཡབ་ཡུམ་བརྒྱད་ཁྲ་ཐབས་དང་བཅས་པ་དགོད། རྒྱ་མདུད་འོག་མར། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། །སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། སྟོབས་པོ་ཆེ་ཡབ་ཡུམ་ཁྲ་ཐབས་དང་བཅས་པ་དགོད། དེའི་ལོགས་བཞི་ལ་སྒོ་མ་བཞིའི་སྔགས་བརྗོད་པས་སྒོ་མ་བཞི། དམ་ཅན་གྱི་སྔགས་བརྗོད་པས་ཟུར་གསུམ་ལ་དམ་ཅན་སྡེ་བཞི། ཕུར་པ་དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་ཏྲཱྂ་སེར་པོ། རྩེ་མོར་ཧཱ་ལྗང་གུ། དོན་ཡེ་ཤེས་ལྔ་དང་ལྡན་པར་བྱིན་གྱིས་བརླབ། ཕུར་པ་དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨ་དམར་པོ། སྙིང་གར་ཧཱུྃ་སྔོན་པོ། དོན་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབ་བོ། །མ་སཱུརྻ་མཎྜ་ལ། ལག་པ་གཡས་པར་མ་ལས་ཉི་མའི་དཀྱིལ་འཁོར། སོར་མོ་ལྔ་ལའང་ཉི་མའི་དཀྱིལ་འཁོར་རེ་རེ། གུང་མོ་ལ་ཧཱུྃ། མཐེ་བོང་ལ་ༀ། མཛུབ་མོ་ལ་སྭཱ། སྲིན་ལག་ལ་ཨཱཾཿ མཐེའུ་ཆུང་ལ་ཧཱ་ཡོངས་སུ་གྱུར་པ་ལས། དེ་བཞིན་གཤེགས་པ་རིགས་ཀྱི་ཡབ་ལྔ། ཨ་ཙནྡྲ་མཎྜ་ལ། ལག་པ་གཡོན་པར་ཨ་ལས་ཟླ་བའི་དཀྱིལ་འཁོར། སོར་མོ་ལྔ་ལའང་ཟླ་བའི་དཀྱིལ་འཁོར་རེ་རེ། གུང་མོ་ལ་མཱུཾ། མཐེ་བོང་ལ་ལཱྂ། མཛུབ་མོ་ལ་མཱྂ། སྲིན་ལག་ལ་པྱཱྂ། མཐེའུ་ཆུང་ལ་ཏཱྂ་ཡོངས་སུ་གྱུར་པ་ལས། དེ་བཞིན་གཤེགས་པ་རིགས་ཀྱི་ཡུམ་ལྔ། སུ་ར་ཏ་སྟྭྂ། ཡབ་ཡུམ་སྦྱོར་བའི་བརྡས་བསྐུལ། བཛྲ་ཨཉྫ་ལི། གཉིས་སུ་མེད་པའི་སྦྱོར་བ་བྱས། །བཛྲ་བྷནྡྷ་བྂ། སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་བབས། ས་མ་ཡ་སྟཱྂ། ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་ཀྱི་སེམས་ཕུར་པ་ལ་ཐིམ། བཛྲ་ཨ་བེ་ཤ་ཡ་ཨ་ཨཱཿ རིགས་ལྔ་ཡབ་ཡུམ་ཡང་འོད་དུ་ཞུ་ནས་ཕུར་པ་ལ་ཐིམ། ཕུར་པ་བཀྲག་མདངས་གཟི་མདངས་དང་ལྡན་པར་གྱུར། ༀ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་བཛྲ་ནཱན། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། སྥུ་ཊ་སྥུ་ཊ། སརྦ་ན་ཡེ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཕུར་པ་དེ་ལ་སིབ་སིབ་ཐིམ། ཕུར་པ་དེ་སྐུ་ཆེ་ལ་ཡན་ལག་རགས་པ་སྟོང་གསུམ་ལྷག་གིས་གང་བར་བསམ། ༀ་པདྨ་ཀཱི་ལི་ཀཱི་ལ་ཡ། ཝཱཀ་བཛྲ་ནཱན། སརྦ་དུཥྚན། ཧྲྀ་ད་ཡ་ཤོ་དྷ་ཡ་ཧཱུྃ་ཕཊ། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཕུར་པ་ལ་ཐིམ་པས་སྒྲར་གྲགས་པ་ཐམས་ཅད་ཀཱི་ལ་ཡའི་གསུང་དུ་གྱུར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཙིཏྟ་བཛྲ་ནཱན། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕུར་པ་ལ་ཐིམ་པས་ཡིད་ལ་དྲན་པའི་རྣམ་པར་རྟོག་པ་ཐམས་ཅད་ཀཱི་ལ་ཡའི་ཐུགས་སུ་གྱུར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། བེ་ཏ་ལི་མཎྜ་ལ་རཀྵ་རཀྵ་ཧཱུྃ་ཕཊ། ཡུངས་ཀར་གྱི་རྒྱལ་པོ་གཏོར་བས་ཁྲོ་ཆུང་དུ་གྱུར་ཏེ། བ་སྤུའི་བུ་ག་ཐམས་ཅད་ན་ཁྲོ་ཆུང་གིས་གང་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་པྲ་ཏ་ལ་ཧཱུྃ་ཕཊ། གུ་གུལ་གྱི་དུད་པས་བདུག་པས་སྔོན་གྱི་ཞེ་སྡང་དྲན་ནས་སྤྱན་རྩ་དམར་ལོག་གིས་སོང་བར་གྱུར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ། རཀྟ་གཏོར་བས་ཐུགས་རྗེ་ཆགས་པའི་གཟི་མདངས་དང་ལྡན་པར་གྱུར། ས་མ་ཡ་ཏིཥྛ་ལྷན། དགྲ་བགེགས་བསྣོལ་བའི་གདན་ལ་བཞུགས་སུ་གསོལ། །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཧཱུྃ་སྥ་ར་ཎ་ཕཊ། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་ཕོག །སྐུ་གསུང་ཐུགས་ཆེ་བའིི་ཡོན་ཏན་ཐམས་ཅད་བསྡུས། སྂ་ཧ་ར་ཎ་ཧཱུྃ་གིས་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་དང་། ཕུར་པ་རྫས་ཀྱི་དཀྱིལ་འཁོར་གཉིས་ལ་དབང་བསྐུར་བས། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་དང་། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་གཉིས་ཀྱིས་ཁམས་གསུམ་སེམས་ཅན་ཐམས་ཅད་དུས་གཅིག་ལ་སྒྲོལ་ནུས་པར་དབང་བསྐུར། ཧཱུྃ་སྥ་ར་ཎ་ཕཊ། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་དང་། ཕུར་པ་རྫས་ཀྱི་དཀྱིལ་འཁོར་གཉིས་ལས་འོད་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག །སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག །བག་ཆགས་ངན་པ་ཐམས་ཅད་སྦྱངས། །ཨ་ནྲྀ་སུ་ཏྲི་པྲེ་དུ་དྲུག་ཏུ་གྱུར། འདི་མཚམས་ཅུང་ཟད་ཆད་འདུག །མཆན། ༀ་སྥ་ར་ཎ་ཕཊ། བདག་གི་སྤྱི་བོའི་ༀ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་ཕོག །སྐུ་ཆེ་བའི་ཡོན་ཏན་ཐམས་ཅད་བསྡུས། སྂ་ཧ་ར་ཎ་ཧཱུྃ། བདག་གི་སྤྱི་བོར་ཐིམ། ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་དག །སྐུའི་བྱིན་རླབས་ཐམས་ཅད་ལུས་ལ་ཞུགས། ལུས་ཀྱི་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པར་དབང་བསྐུར། ཨཱཿསྥ་ར་ཎ་ཕཊ། མགྲིན་པའི་ཨཱཿལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་ཕོག །གསུང་ཆེ་བའི་ཡོན་ཏན་ཐམས་ཅད་བསྡུས། སྂ་ཧ་ར་ཎ་ཧཱུྃ། བདག་གི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་ཐམས་ཅད་དག །གསུང་གི་བྱིན་རླབས་ཐམས་ཅད་ངག་ལ་ཞུགས། ངག་གིས་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པར་དབང་བསྐུར། ཧཱུྃ་སྥ་ར་ཎ་ཕཊ། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་ཕོག །ཐུགས་ཆེ་བའི་ཡོན་ཏན་ཐམས་ཅད་བསྡུས། སྂ་ཧ་ར་ཎ་ཧཱུྃ། བདག་གི་སེམས་ཀྱི་དཀྱིལ་དུ་ཐིམ། །སེམས་ཀྱི་སྡིག་སྒྲིབ་ཐམས་ཅད་དག །ཐུགས་ཀྱི་བྱིན་རླབས་ཐམས་ཅད་སེམས་ལ་ཞུགས། སེམས་ཀྱིས་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པར་དབང་བསྐུར། བཛྲ་ས་མཱ་ཛཿ བདག་གི་ཐུགས་ཀ་ནས་ཛཿགཅིག་འོག་མིན་དུ་འཕྲོས། དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་ཐུགས་ཀར་ཕོག་པས། ཆོས་སྐུ་ལས་གཟུགས་སྐུར་བཞེངས་ཏེ། །འགྲོ་བ་སེམས་ཅན་གྱི་དོན་དྲན་པར་གྱུར། །ཧཱུྃ། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཛཿཧཱུྃ་བྂ་ཧོཿ བདག་གི་ཐུགས་ཀ་ནས་ལྷ་མོ་བཞི་འོག་མིན་དུ་འཕྲོས། ལྕགས་ཀྱུ་མས་གཙོ་བོའི་ཐུགས་དམ་བསྐུལ། ཞགས་པ་མས་སྤྱན་དྲངས། ལྕགས་སྒྲོག་མས་གཉིས་སུ་མེད་པར་བྱས། དྲིལ་བུ་མས་མཉེས་པའི་མཆོད་པ་འབུལ། གཙོ་བོ་བསྐྱོད་ན་འཁོར་བསྐྱོད་པ་བཞིན་དུ་འཁོར་གཞལ་ཡས་ཁང་དང་བཅས་པ་མདུན་གྱི་ནམ་མཁའ་ལ་མེ་རི་འདབ་འབྱར་ཙམ་དུ་སྤྱན་དྲངས། ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །ཉི་ཟླ་པདྨ་ལྷ་ཆེན་གདན་སྟེང་དུ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་འཁོར་དང་བཅས། །རྡོ་རྗེ་སྲིན་པོའི་ལྷ་ཚོགས་བཞུགས་སུ་གསོལ། །བྷྲཱུྂ་ཙཀྲ་མཎྜ་ལ་ས་མ་ཡ་ཏིཥྛ་ལྷན། བདག་དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐིམ་པས་ཆུ་ལ་ཆུ་དང་མར་ལ་མར་ཐིམ་པ་ལྟར་དབྱེར་མེད་དུ་གྱུར། འགྲོ་དོན་མ་རྫོགས་ཀྱི་བར་དུ་བཞུགས་པ་ལ། བདག་ལས་ལས་ཀྱི་རྡོ་རྗེ་གཞོན་ནུ་ཞིག་དཀྱིལ་འཁོར་གྱི་ཤར་སྒོར་ཐོན་ནས་ཕྱག་འཚལ་བའི་ཚུལ་དུ་ལུས་མང་པོར་སྤྲུལ་ནས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེ་སྡང་ཚུལ་གྱིས་ཞེ་སྡང་རྣམ་པར་དག །རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་ལོ། །འདོད་ཆགས་ཚུལ་གྱིས་འདོད་ཆགས་རྣམ་པར་དག །འཁོར་ལོ་རྒྱས་འདེབས་ཡུམ་ལ་ཕྱག་འཚལ་ལོ། །སྟེང་འོག་ཕྱོགས་མཚམས་སོ་སོའི་བདུད་འདུལ་བ། །ཁྲོ་བོ་ཁྲོ་མོའི་ཚོགས་ལ་ཕྱག་འཚལ་ལོ། །སྐད་ཅིག་ཡུད་ཀྱིས་འགུགས་ཤིང་སྒྲོལ་མཛད་པ། །ཟ་བྱེད་མཆེ་གཤོག་ཚོགས་ལ་ཕྱག་འཚལ་ལོ། །ཁྲོ་རྒྱལ་འདུས་པའི་སྲས་མཆོག་གདུག་པ་སྒྲོལ། །བཛྲ་ཀཱི་ལ་ཡ་ལ་ཕྱག་འཚལ་ལོ། །ཛཿཧཱུྃ་བྂ་ཧོཿཡེ་ཤེས་སྒོ་མ་བཞི། །གཞལ་ཡས་སྒོ་མའི་ཚོགས་ལ་ཕྱག་འཚལ་ལོ། །བདག་ཉིད་ཆེན་མོ་ཤྭ་ན་མུ་ཁ་དང་། །ས་བདག་ཆེན་མོའི་ཚོགས་ལ་ཕྱག་འཚལ་ལོ། །གིང་ཆེན་བཅོ་བརྒྱད་གིང་ཕྲན་འབུམ་ལ་སོགས། །ལྷ་ཡི་དགེ་བསྙེན་ཚོགས་ལ་ཕྱག་འཚལ་ལོ། །འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡི། །རྡོ་རྗེ་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཕྱི་ལྷ་མོ་ལྔའི་མཆོད་པ་སྔར་བཤམས་ནས་བྱིན་གྱིས་བརླབས་པ་ལས། ལྷ་མོ་མཆོད་རྫས་ཐོགས་པ་དཔག་ཏུ་མེད་པ་བྱུང་ནས་ལྷ་ཚོགས་རྣམས་ལ་འབུལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྡ། བཤམས་མེད་ན་བདག་རྡོ་རྗེ་གཞོན་ནུའི་ཐུགས་ཀ་ནས་སྤྲོས་ལ་འབུལ། བ་ལིཾ་གཏོར་མ་ནི། སྭ་བྷཱ་ཝ་དང་། ༀ་ཨཱཿཧཱུྃ་གིས་སྦྱང་ལ། དང་པོ་བླ་མ་དཀོན་མཆོག་གསུམ་ལ་འབུལ་བ་ནི། པྂ་པདྨ་མཎྜ་ལ། མ་སཱུརྱ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། རི་རབ་ཀྱི་སྟེང་དུ་སེང་གེས་བཏེགས་པ། རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་མ་ཟླ་བའི་སྟེང་དུ། བླ་མ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས། དཔལ་ལྡན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་བཞུགས་པ་ལ། ཨརྒྷཾ། པདྱཱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱཱ། ཤཔྡ་ཨཱཿཧཱུྃ། ན་མོ་གུ་རུ་ཨི་དམ་བ་ལིང་ཏ་གྲྀཧྞ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་ལྔའམ་གསུམ་བརྗོད་ལ། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ལ་འབུལ་ལོ། །དུས་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། ཐུགས་རྗེས་གཟིགས། དབང་བསྐུར། ལམ་སྣ་དྲོངས། རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བ ར་མཛད་དུ་གསོལ། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་བརླབ་ཏུ་གསོལ། ༀ་མ་ཧཱ་བ་ལིང་ཏ་ཏེ་ཛོ་བ་ལིང་ཏ་བྷ་ལ་བ་ཏེ་གུ་ཧྱ་ཧྲི་ཤྭ་ས་མ་ཡེ་ཧཱུྃ། འདོད་ཡོན་གྱི་ལྷ་མོས་མཆོད་རྫས་ཐོགས་པར་བསམ་ལ། དམ་ཚིག་ཆེན་པོའི་དུས་ལ་བབ། །བ་ལིཾ་མཆོད་པ་བཞེས་སུ་གསོལ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །བ་ལིཾ་མཆོད་པ་བཞེས་སུ་གསོལ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །བ་ལིཾ་མཆོད་པ་བཞེས་སུ་གསོལ། །ཐུགས་ཀྱི་སྲས་མཆོག་དུས་ལ་བབ། །བ་ལིཾ་མཆོད་པ་བཞེས་སུ་གསོལ། །སྒོ་མ་བཞི་ཡི་དུས་ལ་བབ། །བ་ལིཾ་མཆོད་པ་བཞེས་སུ་གསོལ། །ཤྭ་ན་མུ་ཁའི་དུས་ལ་བབ། །བ་ལིཾ་མཆོད་པ་བཞེས་སུ་གསོལ། །ས་བདག་ཆེན་མོའི་དུས་ལ་བབ། །བ་ལིཾ་མཆོད་པ་བཞེས་སུ་གསོལ། །བདག་ཉིད་ཆེན་པོ་མོའི་དུས་ལ་བབ། །བ་ལིཾ་མཆོད་པ་བཞེས་སུ་གསོལ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །བ་ལིཾ་མཆོད་པ་བཞེས་སུ་གསོལ། །བཀའ་ཡི་གཏོར་མ་འདི་ལོངས་ལ། །རྒྱན་གྱི་མཆོད་པ་འདི་བཞེས་ལ། །དམར་ཆེན་གཏོར་མ་འདི་གསོལ་ལ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ༀ་བཛྲ་ཡཀྴ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧི་ཧི་ཧི། ཐུགས་དམ་བསྐང་། དབང་བསྐུར། ལམ་སྣ་དྲོངས། བར་ཆད་ཞི་བར་མཛོད། མཆོག་ཐུན་མོང་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ། །དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་བར་མཛད་དུ་གསོལ། །ༀ་སྭ་བྷཱ་ཝ་བི་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། ཉེས་སྐྱོན་དང་། དྲི་མ་ཐམས་ཅད་དག །ༀ་ཨཱཿཧཱུྃ་གིས་བདུད་རྩིར་བསམ། ན་མོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་ལ་ཕྱག་འཚལ་ལོ། །གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། མཆོད་སྦྱིན་གྱི་གཏོར་མ་བསམ་གྱིས་མི་ཁྱབ་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། མི་ཟད་པའི་གཏེར་ཆེན་པོ་དང་ལྡན་པར་བྱིན་གྱིས་བརླབས་པ་འདི་ཉིད་ཡུལ་ཕྱོགས་དང་། ས་ཕྱོགས་འདི་ན་གནས་པའི་གནས་པོ་གཞི་བདག་བྱང་ཆུབ་སེམས་དཔའ་ལྷའི་རིགས་སུ་གྱུར་པ། ཀླུའི་རིགས་སུ་གྱུར་པ། ས་བདག་ས་སྲིན་གྱི་རིགས་སུ་གྱུར་པ། རྒྱལ་པོའི་རིགས་སུ་གྱུར་པ། བསེན་མོའི་རིགས་སུ་གྱུར་པ། བཙན་གྱི་རིགས་སུ་གྱུར་པ། མདོར་ན་གཞིའི་བདག་པོ་ཐམས་ཅད་ལ་མཆོད་པ་འབུལ་ལོ། །མཆོད་པ་དམ་པ་འདི་བཞེས་ལ། །བདག་ཅག་འཁོར་དང་བཅས་པ་ལ་སྡོད་ན་རུ་མ་ང་། འགྲོ་ན་བཤོལ་མ་འདེབས། གཞི་མགྲོན་སངས་རྒྱས་ཀྱི་འབྲས་བུ་བསྒྲུབ་པ་ལ། ཆོས་དང་མཐུན་པའི་གྲོགས་དན་མཛོད་ཅིག །དཀར་གཏོར་ཡོད་ན་བྱིན་རླབས་འདྲ། ཀླུ་ཆེན་པོ་བརྒྱད་ཀྱིས་གཙོས་བྱས་པའི། ཀླུ་རྒྱལ་རིགས། བྲམ་ཟེའི་རིགས། རྗེའུ་རིགས། དམངས་རིགས། གདོལ་པའི་རིགས་ཐམས་ཅད་ལ་འབུལ་ལོ། །ཀླུ་དང་ས་བདག་གི་ཚོགས་ཐམས་ཅད་ཞེ་སྡང་དང་གདུག་རྩུབ་ཀྱི་བསམ་པ་ཉེ་བར་ཞི་ནས་ཕན་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །བདུད་རྩི་སྨན་ནི། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཧཱུྃ། རང་བྱུང་གདོད་ནས་དག་པ་སྟེ། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། རྒྱུད་དྲུག་སེམས་ཅན་ཐམས་ཅད་ཀྱི། །དུག་ལྔ་སེལ་བའི་བདུད་རྩིའི་མཆོག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངང་ཉིད་འདིར། །བདག་ཅག་དད་པས་འབུལ་ལགས་ན། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་ཧོཿ ཤྲཱི་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བདུད་རྩི་མཐེབ་སྲིན་གྱི་ཉི་ཟླ་གའུ་ཁ་སྦྱོར་གྱིས་ནམ་མཁའ་ལ་གཏོར་ལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། །རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ལ་ཕུལ་བས་མཉེས་པར་གྱུར་ཅིག །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བ་ནི། ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །འཇིགས་བྱེད་ཁྲོ་བོ་ཕ་བཅུ་མ་བཅུ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཁྲོ་རྒྱལ་ཡབ་ཡུམ་ཐུགས་ལས་སྤྲུལ་པའི་སྲས། །ཟ་བྱེད་གསོད་བྱེད་ཁྲ་ཐབས་ཉི་ཤུ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པ་ཡི། །ཐུགས་རྗེ་སྲས་མཆོག་བཛྲ་ཀཱི་ལ་ཡར། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཛཿཧཱུྃ་བྂ་ཧོཿཡེ་ཤེས་སྒོ་མ་བཞི། །གཞལ་ཡས་སྒོ་མའི་ཚོགས་སུ་གྱུར་པ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བདག་ཉིད་ཆེན་པོ་ཤྭ་ན་མུ་ཁ་དང་། །ས་བདག་བསྭེ་མོའི་ཚོགས་སུ་གྱུར་པ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གིང་ཆེན་བཅོ་བརྒྱད་གིང་ཕྲན་འབུམ་ལ་སོགས། །ལྷ་ཡི་དགེ་བསྙེན་ཚོགས་སུ་གྱུར་པ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མཉེས་པར་གྱུར། །འདུས་པ་མདོའི་ལྷ་ཚོགས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། སྒྱུ་འཕྲུལ་རྒྱན་གྱི་ལྷ་ཚོགས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། འཇམ་དཔལ་སྐུའི་ལྷ་ཚོགས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། པདྨ་གསུང་གི་ལྷ་ཚོགས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། ཡང་དག་ཐུགས་ཀྱི་ལྷ་ཚོགས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། བདུད་རྩི་སྨན་གྱི་ལྷ་ཚོགས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། མ་མོ་རྦོད་གཏོང་གི་ལྷ་ཚོགས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱི༴ སྐྱེས་བུ་གིང་ཆེན་བཅོ་བརྒྱད༴ སྐྱེས་བུ་ལངྐ་གྲུབ་པ༴ ཡེ་ཤེས་ཀྱི་མ་མོ་བདུན༴ སྲིང་མོ་བཞི༴ འབར་མ་མྱོས་བྱེད་བརྒྱད༴ ཕོ་ཉ་དྲུག་ཅུ་རྩ་བཞི༴ དབང་ཕྱུག་ཉི་ཤུ་རྩ་བརྒྱད༴ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས༴ བླ་མ་བརྒྱུད་ཀྱི་ཡང་སྣང་པའི་སྲུང་མ༴ དབེན་གནས་གཉན་གྱི་སྲུང་མ༴ ཆོས་འཁོར་སྐྱོང་བའི་སྲུང་མ༴ ཕ་མེས་བརྒྱུད་ཀྱི་སྲུང་མ༴ རྣལ་འབྱོར་བདག་གི་སྲུང་མ༴ དཔལ་ལྡན་མགོན་པོ་ནག་པོ༴ མ་གཅིག་ལྷ་མོ་ནག་མོ༴ བཀའ་སྡོད་ལེགས་ལྡན་ནག་པོ༴ སྲིན་མོ་གཡག་མགོ་བདུན་པ༴ ཕྱག་བརྙན་རྒྱ་གར་ནག་པོ༴ སྤྲུལ་པ་ལྕགས་སྤྱང་སྔོན་མོ༴ གསོད་བྱེད་བཤན་པ་དམར་བ༴ ཤན་པ་འབུམ། ལིང་པ་འབུམ། སྲོག་བདུད་འབུམ། མ་མོ་བྱེ་བ། བླ་མ་གོང་མ་རྣམས་ཀྱིས་བཀའ་དང་དམ་ལ་བཏགས་པའི་སྲུང་མ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཁ་རཾ་ཁཱ་ཧི། དམ་ཚིག་དབང་དང་ཤེས་རྒྱུད་གབ་སྦས་པའི། །ངེས་པའི་ལུང་སྟོན་རྡོ་རྗེ་སློབ་དཔོན་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཚེ་རབས་སྔོན་ནས་ལས་ཀྱི་འཕྲོ་མཐུན་པའི། །དམ་ཚིག་ཟུངས་ཀྱིས་འབྲེལ་བའི་མཆེད་ལྕམ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡི། །ལུས་སེམས་བསྐྱེད་པའི་དྲིན་ཅན་ཕ་མ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར་བཤགས་པ་བྱ་བ་ནི། ལྟ་བ་འཕངས་དམས་ཆོས་ཉིད་དོན་མ་རྟོགས། །སྒོམ་པ་ཡུན་ཐུང་ཡི་དམ་ལྷ་མ་གསལ། །འབད་རྩོལ་ཆུང་བས་སློབ་དཔོན་སྐུ་མ་མཉེས། །བརྩེ་གདུང་ཆུང་བས་མཆེད་ལྕམ་ཐུགས་དང་འགལ། །བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ། །ལྷ་ཚོགས་རྣམས་ཀྱིས་སྐྱེས་དང་སྐྱེས་ལན་གྱི་ཚུལ་དུ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདུད་རྩིའི་སྣོད་དུ་ཕབ་ལ། དངོས་གྲུབ་བླང་བ་ནི། མུ་ཏིག་དཀར་པོ་དྲི་མེད་དང་། །ཙནྡན་དམར་པོ་རྨ་མེད་དང་། །བསྭེ་ཕོར་དམར་ཕོ་སྲུབ་མེད་གསུམ། །བདུད་རྩི་འབྱུང་བའི་རྒྱུ་ནི་བྱང་ཆུབ་སེམས། །བདུད་རྩི་སྒྲུབ་པའི་སྣོད་ནི་ཀ་པཱ་ལ། །བདུད་རྩིའི་ཉིད་ནི་མཉམ་པ་ཉིད་ཀྱི་ངང་། །བདུད་རྩིའི་ལས་ནི་རྣམ་རྟོག་སྦྱོང་། །བདུད་རྩིའི་དོན་ནི་སྐྱེ་ཤི་མེད། །རྒྱལ་བ་མཆོད་ནས་དངོས་གྲུབ་བླང་བ་ནི། །གཡོན་པའི་དམ་ཚིག་རྡོ་རྗེ་ཐལ་མོ་ལས། །མཐེ་བོང་དང་ནི་སྲིན་ལག་རྩེ་སྦྱར་ནས། །བྲིས་པ་བཞིན་དུ་ཟླ་དཀྱིལ་འབྲུ་བཀོད་དེ། །ལྕེ་ཡི་དམ་ཚིག་རྡོ་རྗེ་ཐལ་མོ་ལ། །རྡོ་རྗེ་ཅན་གྱིས་ༀ་ཨཱཿཧཱུྃ་སྒོམ་སྟེ། །བདུད་རྩིའི་ལྔ་ཡི་སྦྱོར་བ་ཡིས། །ཟོས་ན་བླ་མེད་བྱང་ཆུབ་མཆོག་ཐོབ་ཤོག །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ༀ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཡིག་འབྲུ་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། བདུད་རྩི་གཏོར་མ་ལ་སྦྲེང་ངོ་། །རཀྟའི་མཆོད་པ་ནི། སྔར་བྱིན་གྱིས་བརླབས་པའི་རཀྟ་དེ་ཁྱད་པར་ཅན་དུ་བྱིན་གྱིས་བརླབ་པ་ནི། རཀྟའི་སྣོད་དུ་དགྲ་བགེགས་ཀྱི་མིང་བྲིས་ལ། ཕུར་པ་འདྲིལ་ཞིང་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་འབྱུང་པོ་ཧ་ས་ཡ་ར་ན་ཧ་ས་ཡ་ར་ན་ཧྲཱིཿདཎྜ་ཧཱུྃ་ཕཊ། ༀ་བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། ༀ་ཤྲཱི་གྷྲཾ་ཨཱ་ན་ཡ་ཤྲཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ། ༀ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ། ༀ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། །ༀ་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཕུར་པའི་རྩེ་མོ་ལ་ཧྲིལ་ཧྲིལ་འདུག་པར། དེ་ཉིད་ཁྲག་གི་གྲོད་པ་གཅིག་ཏུ་གྱུར། དེ་ལ་ཕུར་པ་བཏབ་པས་སྟོང་གསུམ་ཁྲག་གིས་གང་བར་གྱུར། བསྒོ་བའི་བཀའ་ཉན་པའི་དོན་དུ། རཀྟ་དང་པོའི་མཆོད་པ་ནི། ཧཱུྃ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ལ་ཉན་པར་གྱིས། །མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་ཕུལ་བས་སུམ་གཅིག་གསོལ། དགྲ་བགེགས་བསྒྲལ་ཞིང་དམ་ཅན་གནད་ལ་དབབ་ཕྱིར་རཀྟ་གཉིས་པ་ནི། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་དམ་བཅས་པའི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །མ་ཧཱ་རཀྟ་ཁ་རྂ་ཁཱ་ཧི། སུམ་གཉིས་གསོལ། མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཕྱིར་རཀྟ་གསུམ་པ་ནི། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །མ་ཧཱ་རཀྟ་ཁ་རྂ་ཁཱ་ཧི། རཀྟ་མ་ལུས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་གསོལ། རཀྟ་གཏོར་མར་སྦྲེང་། ཟབ་མོ་སྦྱོར་སྒྲོལ་ནི། ཡབ་ཡུམ་གྱི་རྡོ་རྗེ་པདྨ་བྱིན་གྱིས་བརླབས་པའི་མཁའ་གསང་སྦྱོར་བ་བྱས་པའི་སྦྱོར་མཚམས་སུ་དགྲ་བགེགས་ཀྱི་ལུས་རྡུལ་ཕྲན་དུ་བསམ་ལ། ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བརླག་པར་གྱུར། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྂ་ཧོཿ དགྲ་བགེགས་འབྱུང་པོ་ཤིག་མཱ་ར་ཡ། ཏ་ཐཱ་ཡ། ཤྲཱི་གྷྲཾ་ཀ་ར་ཡ་མ་ར་སེ་ན་པྲ་མརྡྷ་ན་ཡེ། སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། ཁ་ཐམ་ཁ་ཐམ། ཡུམ་གྱི་སྦྱོར་མཚམས་སུ་དགྲ་བགེགས་ཀྱི་ལུས་རྡུལ་ཕྲན་དུ་གྱུར། འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། སྒྲུབ་པ་པོ་བདག་ཅག་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ་ཞིག་ཅེས་གསོལ་བ་གདབ་པ་ནི། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་བསྭེ་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཧཱུྃ། བདག་ཅག་རིག་འཛིན་སྒྲུབ་པ་པོས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་གསོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གཅིག་ལ་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་མ་འདའ་ཞིག །སྒྲུབ་པ་པོ་བདག་གི་མཆོག་ཐུན་མོང་གི་དངོས་གྲུབ་ལ་བར་དུ་གཅོད་པ་ཐམས་ཅད་ཐུལ་ཅིག་པར་གསོལ་བ་གདབ་བོ། ༈ །བསྙེན་པ་འབུལ་བ་ལ་བཟླ་ལུགས་གསུམ་ལས། མགལ་མེ་ཀླད་ལ་བསྐོར་བའི་ཚུལ་དུ་བཟླ་བ་ནི། བདག་འདུག་ས་བྷནྡྷ་འབར་བའི་གཞལ་ཡས་ཁང་། བདག་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་པ། ཞབས་བཞི་ཡུམ་དང་བཅས་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། དེའི་ཐུགས་ཀར་ཙིཏྟ་སྨུག་པོ་གུར་ཕུབ་པའི་གཞལ་ཡས་ཁང་། སྙིང་ཚིལ་དཀར་དམར་ཉི་ཟླའི་སྟེང་དུ་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཙིཏྟ་སྨུག་པོ་གུར་ཕུབ་པའི་གཞལ་ཡས་ཁང་། སྙིང་ཚིལ་དཀར་དམར་གདན་ཟླ་བའི་སྟེང་དུ། རྡོ་རྗེ་འགྲེང་བུ་རྭ་ཕྱེད་ཟླ་བའི་དཀྱིལ་འཁོར་ལ་ནུབ་པ། རྭ་ཕྱེད་ཟླ་བའི་དཀྱིལ་འཁོར་གྱིི་སྟེང་དུ་བྱུང་བའི་ལྟེ་བའི་ནང་གི་དལ་དུ་ཧཱུྃ་མཐིང་ག་སྤུས་བྲིས་པ་ཙམ། དེའི་མཐར་ཕར་ལ། ཉི་ཆུང་དང་། ཟླ་ཆུང་སྤེལ་མའི་སྟེང་དུ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། སྔགས་འདི་འོད་ལྗང་དམར་དུ་གསལ། མདུན་དུ་སྲས་མཆོག་བཛྲ་ཀཱི་ལ་ཡ། སྟོད་ཞལ་གསུམ་ཕྱག་དྲུག་པ། སྨད་ཕུར་པ་མགར་གྱི་སོལ་མལ་ནས་བཏོན་པ་ལྟ་བུ། ཞལ་ནང་དུ་གཟིགས་པའི་ཐུགས་ཀར་སྙིང་ཚིལ་དཀར་དམར་གདན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ག་གསལ་གདབ། ཧཱུྃ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམ་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་སྒོམ། །བདག་ཁྲོ་བོའི་གོ་ཚོགས་དང་བཅས་པས་སྔགས་བཟླས་པས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཡིག་འབྲུའི་ཚུལ་དུ་བྱུང་ནས་མཐའ་བསྐོར་གྱི་འབྲུ་བརྒྱུད་ནས། རྡོ་རྗེའི་རྩེ་ནས་ཡེ་ཤེས་སེམས་དཔའི་སྣ་བུག་གཡས་པ་ནས། ཙིཏྟའི་གནམ་སྐར་ནས། བདག་གི་སྣ་བུག་གཡས་ནས། སྲས་མཆོག་གི་སྣ་བུག་གཡོན་པ་ནས་ཞུགས། མཉེས་མཆོད་ཕུལ་སླར་བྱུང་ནས། །སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་པར་བསམ་ཞིང་བཟླས་པ་བྱའོ། ༈ །མགར་གྱི་ཚྭ་ཚྭ་འཕྲོ་བའི་ཚུལ་དུ་བཟླ་བ་ནི། བདག་ཁྲོ་བོའི་གོ་ཚོགས་དང་བཅས་པས་སྔགས་བཟླས་པས། སྔགས་ལས་འོད་ཟེར་མེ་སྟག་གི་ཚུལ་དུ་འཕྲོས་པས། དགྲ་བགེགས་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་ལྟར་ཚིག་པར་བསམ་ལ་བཟླའོ། ༈ །བུང་བ་ཚང་ཞིག་པའི་ཚུལ་དུ་བཟླ་བ་ནི། བདག་ཁྲོ་བོའི་གོ་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་སྔགས་བཟླས་པས་ལྷ་ཚོགས་ཐམས་ཅད་ཀྱང་དི་རི་རི་བཟླས་པར་བསམ། ༈ །ཆོས་ཉིད་མི་རྟོག་པའི་ངང་ནས་བཟླ། འཕྲོ་གཅོད་པའི་དུས་སུ་བསྟོད་པ་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་འགྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །བསྟོད་པའི་གླུ་ནི། གཞལ་ཡས་ཁང་གི་ནམ་མཁར་སྒྲ་རང་སྒྲར་གྲགས་ཏེ། ལྷ་ཚོགས་རྣམས་ལ་བསྟོད་པར་བསམ། ཧཱུྃ། དྷརྨ་དྷཱ་ཏུ་ལྷུན་གྱིས་གྲུབ་པའི་དབྱིངས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པའི་སྐུ། །རྒྱལ་བའི་སྤྲུལ་སྐུ་རྡོ་རྗེ་གཞོན་ནུ་དང་། །ཕོ་ཉ་ལས་ཀྱི་ཚོགས་ལ་འདི་སྐད་བསྟོད། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་བཞུགས། །གཡས་དཀར་གཡོན་དམར་དབུས་མཐིང་ནག་པོའི་ཞལ། །ཞལ་གཡས་དཀར་ལ་བཞད་པར་བསྟན་པ་ནི། །སྐྱེ་མེད་ཆོས་ཀྱི་སྐུ་དང་རབ་ལྡན་ཏེ། །ཁམས་གསུམ་འཁོར་བའི་སྐྱོན་གྱིས་མ་གོས་རྟགས། །ཞལ་གཡོན་དམར་ལ་གདངས་པར་བསྟན་པ་ནི། །ཐུགས་རྗེ་སྤྲུལ་པའི་སྐུ་དང་རབ་ལྡན་ཏེ། །ཐུགས་རྗེ་སྤྲུལ་སྐུས་སེམས་ཅན་དོན་མཛད་རྟགས། །ཞལ་དབུས་མཐིང་ལ་རྔམས་པར་བསྟན་པ་ནི། །ལོངས་སྤྱོད་རྫོགས་པའི་སྐུ་དང་རབ་ལྡན་ཏེ། །ཆོས་དབྱིངས་རྟོགས་ནས་དབྱིངས་ལས་མ་གཡོས་རྟགས། །དབུ་གསུམ་སྐུ་གསུམ་རྫོགས་ལ་ཕྱག་འཚལ་བསྟོད། །རལ་པ་ཁམ་ནག་སྲིད་གསུམ་གྱེན་དུ་བརྫེས། །སྨིན་མཚམས་ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །སྤྱན་དགུ་ཉི་ཟླའི་དཀྱིལ་འཁོར་སྡང་མིག་གཟིགས། །སྙན་གྱི་གསང་བར་དབྱངས་ཐོས་རིག་པས་འཇུག །ཤངས་ནས་ཧཱུྃ་འབྱིན་ཞལ་ནས་ཕཊ་སྒྲོགས་ཤིང་། །རྣོ་དབལ་མཆེ་གཙིགས་སྐྱེ་འཆི་རྩད་ནས་གཅོད། །ཞལ་གྱི་ཁྲོ་གཉེར་རྫོགས་ལ་ཕྱག་འཚལ་བསྟོད། །ཕྱག་དྲུག་དེ་ནི་གཡས་ཀྱི་དང་པོ་ན། །རྡོ་རྗེ་རྩེ་དགུ་བསྣམས་པར་བསྟན་པ་ནི། །ས་དགུ་འཇོམས་ཤིང་ཡེ་ཤེས་རྡོ་རྗེ་སྟེ། །ཐེག་པ་རིམ་པ་དགུ་ཡི་སྤྱི་དབང་ཡིན། །ཨ་ཏི་ཡོ་ག་ལྷུན་གྱིས་གྲུབ་པའི་རྟགས། །བར་པ་རྡོ་རྗེ་རྩེ་ལྔ་བསྣམས་པ་ནི། །འཁོར་བར་འཁོར་བའི་དུག་ལྔ་རྩད་ནས་གཅོད། །སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པའི་རྟགས། །གཡོན་གྱི་དང་པོ་མེ་དཔུང་བསྣམས་པ་ནི། །ཁམས་གསུམ་འཁོར་བའི་རྒྱ་མཚོ་གཏིང་ནས་སྐེམ། །བག་ཆགས་བུད་ཤིང་མ་ལུས་སྲེག་པའི་རྟགས། །བར་པ་ཁ་ཊྭཱཾ་རྩེ་གསུམ་བསྣམས་པ་ནི། །བརྩོན་འགྲུས་དྲག་པོས་དུག་ལྔ་རྩད་བཅད་ནས། །འབྲས་བུ་སྐུ་གསུང་ཐུགས་དང་ལྡན་པའི་རྟགས། །ཐ་མ་ཐབས་དང་ཤེས་རབ་གཉིས་མེད་ཀྱི། །བྱང་ཆུབ་སེམས་ཀྱི་ཕུར་པ་འདྲིལ་བ་འདིས། །ཁམས་གསུམ་གདར་གཅོད་སྲིད་གསུམ་ཟིལ་གྱིས་གནོན། །སྟོང་གསུམ་དབང་སྡུད་དགྲ་བགེགས་ཐལ་བར་རློག །ཕྱག་དྲུག་ཕྱག་མཚན་རྫོགས་ལ་ཕྱག་འཚལ་བསྟོད། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །ཉི་ཟླ་པདྨ་ལྷ་ཆེན་གདན་སྟེང་དུ། །ཞབས་གཉིས་ཐབས་དང་ཤེས་རབ་བརྐྱང་བསྐུམ་བཞུགས། །ཞབས་གཉིས་གྱད་ཀྱི་དོར་སྟབས་གདུག་པ་འདུལ། །ཞབས་ཀྱི་བཞུགས་ཐབས་རྫོགས་ལ་ཕྱག་འཚལ་བསྟོད། །སྐུ་སྟོད་གླང་ཆེན་ཀློ་རློན་ཞིང་ལྤགས་གསོལ། །སྐུ་སྨད་སྟག་ལྤགས་སྦྲུལ་གྱི་ཆུན་པོས་བརྒྱན། །ཐོད་ཕྲེང་ཚར་གསུམ་སྐུ་ཡི་རྒྱན་དུ་མཛད། །བ་སུ་ཐལ་ཆེན་ཁྲག་དང་ཞག་གིས་མཚན། །རུ་དྲ་ཆེ་ཆུང་སྐུ་རགས་མཛད་པ་འདི། །འཁོར་བ་མ་སྤངས་དབྱིངས་ནས་ལྷུན་གྲུབ་རྟགས། །སྐུ་ཡི་རྒྱན་རྣམས་རྫོགས་ལ་ཕྱག་འཚལ་བསྟོད། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །ཡབ་ཡུམ་གཉིས་སུ་མེད་པར་བསྟན་པ་ནི། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྟགས། །ཡབ་ཀྱི་ཐུགས་ཀར་ཨུཏྤལ་བསྣམས་པ་ནི། །འགྲོ་བའི་དོན་ལ་ཐུགས་དམ་རྒྱུད་བསྐུལ་རྟགས། །ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཧཱུྃ་མཛད་ལ་སོགས་ཁྲོ་བཅུས་བསྐོར་བ་ནི། །སྲིད་པ་གསུམ་ན་འགྲན་ཟླ་བྲལ་བའི་རྟགས། །སྒྲ་འབྱིན་ལ་སོགས་ཡུམ་བཅུས་བསྐོར་བ་ནི། །དགྱེས་པ་ཆེན་པོས་མཆོད་པ་འབུལ་བའི་རྟགས། །ཁྲ་ཐབས་ཉི་ཤུའི་ཚོགས་ཀྱིས་བསྐོར་བ་ནི། །ཞིང་བཅུ་བསྒྲལ་ནས་འགྲོ་དོན་མཛད་པའི་རྟགས། །དཔལ་ཆེན་འཁོར་ཚོགས་བཅས་ལ་ཕྱག་འཚལ་བསྟོད། །སྙིང་རྗེའི་སྟོབས་ཀྱིས་སྤྲུལ་པའི་སྐུར་སྟོན་ཅིང་། །དྲག་པོའི་ཁྲོ་གཟུགས་རྔམས་པའི་ཞལ་གདངས་ཤིང་། །འཇིགས་པའི་སྤྲུལ་བཅིངས་སངས་རྒྱས་དབུ་རྒྱན་ཐོད། །སངས་རྒྱས་ལྔ་ཡི་འབྲས་བུ་ཀཱི་ལ་ཡ། །འཇིགས་པའི་ཕྱག་མཚན་འདེབས་པའི་ཚུལ་སྟོན་ཅིང་། །སྒྲོལ་བའི་སྟབས་ཀྱིས་གྲུ་གསུམ་གདན་ལ་བཞུགས། །ཡང་སྤྲུལ་ཁྲོ་མང་འཁྲིགས་པས་དྲེགས་པ་འདུལ། །ཡེ་ཤེས་ཐུགས་ཀྱི་སྲས་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །བདུད་འདུལ་མཐུ་ཆེན་ཁྲོ་བོ་ཁྲོ་མོའི་ཚོགས། །དོན་དམ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཐབས་མཁས་ཐུགས་རྗེ་ཁྲོ་བོའི་སྐུར་སྟོན་པ། །ཉོན་མོངས་ལོག་པར་ལྟ་བའི་བགེགས་རྣམས་འཇོམས། །ཡང་དག་ལམ་ལ་གདུག་པ་འགོད་མཛད་པའི། །ལྷུན་གྱིས་གྲུབ་པ་དྲག་པོའི་ཕྲིན་ལས་རྣམས། །མཐར་ཕྱིན་མཛད་ལ་བསྟོད་དེ་ཕྱག་ཀྱང་འཚལ། །དུས་གསུམ་འདུས་མ་བྱས་པའི་ཀཱི་ལ་ཡ། །མ་གཡོས་ཆོས་མཆོག་བྱང་ཆུབ་སེམས་ཀྱི་ངང་། །སྡུག་བསྔལ་ལོག་པར་འཁྱམས་པའི་སེམས་ཅན་རྣམས། །ཐུགས་རྗེས་དབྱེར་མེད་དབྱིངས་སུ་སྒྲོལ་མཛད་པ། །ཁྲོ་རྒྱལ་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ལང་ལབ་ཀྱི་རྩ་དུམ་འཁྲུགས་སྡེབས་རྫོགས་སོ།། ༈ །།ཤྲཱི་བཛྲ་ཀུ་མཱ་ར་ན་མོ། དེ་ནས་ཚོགས་ཀྱི་མཆོད་པ་བསྟན་པ་ནི། །ཇི་ལྟར་འབྱོར་པའི་ཚོགས་བཤམས་ལ། ༀ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧཱུྃ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། བདུད་རྩིས་བསང་ངོ་། །མཚམས་བཅད། ཧཱུྃ། ལྷ་གསལ་འཕྲོ་འདུ་ཧཱུྃ་བཞིའི་ཚོགས་ལས་བསྐྱེད། །དབྱིངས་ནས་ཁྲོ་མོ་མངོན་བྱུང་ཧི་ཧི་བཞད། །ཡེ་ཤེས་འདུས་མ་བྱས་པའི་ཀཱི་ལ་ཡ། །སྤྱི་བོར་རྒྱ་མདུད་བསྟན་པ་ཁྲོ་རྒྱལ་བཅུ། །ལོགས་ལ་གཅུམ་གཞོགས་བསྟན་པ་གཞལ་ཡས་ཁང་། །སྐེད་པར་རྒྱ་མདུད་བསྟན་པ་ཁྲ་ཐབས་བཅུ། །རྩེ་མོ་ཟུར་གསུམ་བསྟན་པ་སྐུ་གསུང་ཐུགས། །ཁོང་སྟོང་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས། །མ་བཏབ་དབྱིངས་སུ་ཡེ་ནས་ལྷུན་གྱིས་གྲུབ། །ཁྲོ་མཆོག་འབར་བའི་སྐུ་མངའ་བས། །གདུག་པའི་གཟུགས་ཅན་མ་ལུས་ཀུན། །ལུས་ངག་ཡིད་གསུམ་རྡུལ་དུ་བཤིག་ནས་ཀྱང་། །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། ཁྲོ་བོ་བཅུ། སྒོ་བ་བཞི། དམ་ཅན་གྱི་སྔགས་བརྗོད་པས། ལྷ་ཚོགས་རྣམས་གསལ་གདབ། ཕྲིན་གདབ་སྟེ། ཧོཿ དགོངས་སུ་གསོལ། གསན་དུ་གསོལ། སྤྲོས་པ་མེད་པའི་དབྱིངས་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ནས་འགྲོ་བ་འདུལ་བའི་དོན་ལ་བྱོན་པ། སྐུ་གསུང་ཐུགས་ཀྱི་སྤྲུལ་པ། །ཡབ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ། ཡུམ་འཁོར་ལོ་རྒྱས་འདེབས་མ། སྲས་ཡེ་ཤེས་ཀྱི་ཁྲོ་བོ་ཕ་བཅུ། ཁྲོ་མོ་མ་བཅུ། ཟ་བྱེད་ཕ་བཅུ། གསོད་བྱེད་མ་བཅུ། ཐུགས་ལས་སྐྱེས་པའི་སྲས་མཆོག །ཡེ་ཤེས་ཀྱི་སྒོ་མ་བཞི། དམ་ཅན་ཤྭ་ན་མ་མཆེད་བཞི། བསྭེ་མོ་མཆེད་བཞི། རེ་མ་ཏི་མཆེད་བཞི། སྐེས་བུ་གིང་གསུམ། གཞན་ཡང་ཕྱིའི་མཁའ་འགྲོ་མ། ནང་གི་སྒྲུབ་པ་མོ། །མཆེ་བ་ཅན་གྱི་ཚོགས། །གཤོག་པ་ཅན་གྱི་ཚོགས། །ནུ་མ་ཅན་གྱི་ཚོགས། །སྡེར་མོ་ཅན་གྱི་ཚོགས། །འཁོར་ཚོགས་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་གསན་ཅིང་དགོངས་སུ་གསོལ། ། ཧོཿ གཞན་ཡང་རྣལ་འབྱོར་པ་བདག་གི་ཚོགས་ཀྱི་མཆོད་པ་ནམ་མཁའི་རྒྱན་སྐར་ཚོགས་ལྟར་བཀྲམ་པ། ས་གཞིའི་རྒྱན་རྩི་ཤིང་དང་ནགས་ཚལ་ལྟར་གཏིབས་པ། བར་སྣང་གི་རྒྱན་སྤྲིན་དང་འཇའ་ཚོན་ལྟར་སྤུངས་པ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་སོགས་པ་འདོད་པའི་ཡོན་ཏན་དཔག་ཏུ་མེད་པ་འབུལ་ཞིང་མཆིས་ན། དགྱེས་པ་ཆེན་པོས་ལོངས་སྤྱོད་པར་ཅི་གནང་། །ཨ་ལ་ལ་ཧོཿ ཧཱུྃ། གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །མཐིང་ནག་འབར་བའི་ཕོ་བྲང་དུ། །འདུས་པའི་རྣལ་འབྱོར་ལྕམ་དྲལ་གྱི། །སྒྲིབ་པ་རྣམ་གཉིས་སྦྱངས་པ་དང་། །ཚོགས་གཉིས་རྫོགས་པར་བགྱི་སླད་དུ། །འབྱོར་ཚོགས་གཞུང་དང་མཐུན་པར་འབུལ་ལགས་ན། །ཐུགས་དམ་བསྐང་ངོ་བྱིན་གྱིས་བརླབ་ཏུ་གསོལ། རྂ་ཡྂ་ཁྂ། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །ཆོས་ཀུན་སྒྱུ་མར་རིག་པར་བྱ། །རིག་པའི་ཡེ་ཤེས་རྂ་ཞེས་བྱ། །རྂ་ལས་ཡེ་ཤེས་མེ་བྱུང་བས། །ཚོགས་ཀྱི་བག་ཆགས་བསྲེག་པར་བྱ། །རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །ཆོས་ཀུན་སྒྱུ་མར་རིག་པར་བྱ། །རིག་པའི་ཡེ་ཤེས་ཡྂ་ཞེས་བྱ། །ཡྂ་ལས་ཡེ་ཤེས་རླུང་བྱུང་བས། །ཚོགས་ཀྱི་བག་ཆགས་གཏོར་བར་བྱ། །རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །ཆོས་ཀུན་སྒྱུ་མར་རིག་པར་བྱ། །རིག་པའི་ཡེ་ཤེས་ཁྂ་ཞེས་བྱ། །ཁྂ་ལས་ཡེ་ཤེས་ཆུ་བྱུང་བས། །ཚོགས་ཀྱི་བག་ཆགས་བཀྲུ་བར་བྱ། །ཐམས་ཅད་རྂ་གྱིས་མ་བསྲེག་ན། །ཚ་བའི་དམྱལ་བ་བརྒྱད་དུ་སྐྱེ། །ཤེས་རབ་རླུང་གིས་མ་བསྐྱོད་ན། །ཡང་ཤི་ཡང་སོས་དེ་ལས་བྱུང་། །དྲི་མ་ཆུ་ཡིས་མ་བཀྲུས་ན། །གྲང་བའི་དམྱལ་བ་བརྒྱད་དུ་སྐྱེ། །སྒྲོལ་བའི་གནད་ཆེན་མ་རྟོགས་ན། །ཕུང་པོ་བདུད་ཀྱི་སྤྱོད་སྤྱོད་ཡིན། །དེ་ཕྱིར་རྂ་ཡྂ་ཁྂ་ཞེས་བྱ། །ཚོགས་འདོད་ཡོན་དུ་བྱིན་གྱིས་བརླབ་པ་ནི། ༀ་ལས་འདོད་ཡོན་གྱི་ལྷ་མོར་བྱིན་གྱིས་བརླབ། ཡང་ན་སྣོད་ཀྱི་རྣམ་པ་ཉི་ཟླ་གའུ་ཁ་སྦྱོར་གྱི་ནང་དུ། །ཚོགས་ཀྱི་དངོས་པོ་དེ་ཏྲྂ་སེར་པོར་གནས་པ་ལས། ཏྲྂ་རཏྣ་ཏྲཻ་ལོཀྱ། བརྗོད་པས། རིན་པོ་ཆེའི་ཕུང་པོའམ། འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པར་བསམ། མགྲོན་རྣམས་སྤྱན་དྲངས་པ་ནི། ཧཱུྃ། འདི་ན་སྣ་ཚོགས་གཟུགས་མཆིས་ཀྱིས། །ཀུན་ཀྱང་སྤྱན་དང་གཤེགས་སུ་གསོལ། །འདི་ན་སྣ་ཚོགས་སྒྲ་མཆིས་ཀྱིས། །ཀུན་ཀྱང་སྙན་དང་གཤེགས་སུ་གསོལ། །འདི་ན་སྣ་ཚོགས་དྲི་མཆིས་ཀྱིས། །ཀུན་ཀྱང་ཤངས་དང་གཤེགས་སུ་གསོལ། །འདི་ན་སྣ་ཚོགས་རོ་མཆིས་ཀྱིས། །ཀུན་ཀྱང་ལྗགས་དང་གཤེགས་སུ་གསོལ། །འདི་ན་སྣ་ཚོགས་རེག་མཆིས་ཀྱིས། །ཀུན་ཀྱང་སྐུ་དང་གཤེགས་སུ་གསོལ། །འདི་ན་སྣ་ཚོགས་ཆོས་མཆིས་ཀྱིས། །ཀུན་ཀྱང་ཐུགས་དང་གཤེགས་སུ་གསོལ། ༈ ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་དགའ་བའི་ཕོ་ཉས་གནས་བསྐྱོད་དེ། །རྟོག་བྲལ་དྲིལ་བུས་དགྱེས་པ་མཆོག་ཏུ་བསྐྱེད། །བདེ་བཤེགས་བཞུགས་ཤིང་རྣམ་རོལ་དགྱེས་པར་མཛོད། །འབུལ་བ་ནི། ཧཱུྃ། འབྱུང་བ་ཆེན་པོ་ནམ་མཁའ་ཆེ། །ནམ་མཁའ་ལས་ཀྱང་འདོད་རྒུ་འབྱུང་། །འདོད་ཡོན་མཆོད་པ་བཞེས་སུ་གསོལ། །གཟུགས་ནི་ལག་གཉིས་མེ་ལོང་འཛིན། །གཟུགས་མཛེས་བསྐྱོད་པས་ཕྱོགས་བཅུར་གཡོ། །ཤིན་ཏུ་སྒེག་པའི་གཟི་མདངས་ལྡན། །གཟུགས་ཀྱི་ལྷ་མོ་སྤྱན་ལ་འབུལ། །སྒྲ་ནི་ལག་གཉིས་པི་ཝྂ་བསྣམས། །བདེ་བའི་སྒྲ་སྙན་ཕྱོགས་བཅུར་གཡོ། །འཇམ་དབྱངས་ཡིད་འོང་འཇམ་པའི་དབྱངས། །དབྱངས་ཀྱི་ལྷ་མོ་སྙན་ལ་འབུལ། །དྲི་ནི་ལག་གཉིས་སྤོས་ཕོར་ཐོགས། །སྤོས་ཀྱི་སྤྲིན་ལྡིང་བདུག་པ་མོ། །རྒྱལ་བའི་དཀྱིལ་འཁོར་བདུག་པས་འགེངས། །ཀུན་ཀྱང་དྲི་མཆོག་ཚིམ་མཛད་མ། །དྲི་ཡི་ལྷ་མོ་ཤངས་ལ་འབུལ། །རོ་ནི་ལག་གཉིས་གཞོང་ཐོགས་མ། །བཅུད་ལྡན་རོ་མཆོག་ལྔ་བརྒྱ་ལྡན། །ཀུན་ཀྱང་དྲི་མཆོག་ཚིམ་མཛད་མ། །རོ་ཡི་ལྷ་མོ་ལྗགས་ལ་འབུལ། །རེག་ནི་ལག་གཉིས་ན་བཟའ་སྒྲེང་། །ཐུགས་ཀར་ཐིམ་ནས་ཡོངས་སུ་འཁྱུད། །འཇམ་དྲོ་ཡིད་འོང་ཚིམ་པར་བྱེད། །རེག་གི་ལྷ་མོ་སྐུ་ལ་འབུལ། །འདོད་ཡོན་ལྷ་མོ་ཁྱེད་རྣམས་ཀྱང་། །ཡིད་ནི་ཚིམ་པར་བྱེད་པས་ཏེ། །ཐམས་ཅད་མ་ལུས་ཆོས་ཀྱི་དབྱིངས། །ཆོས་ཀྱི་ལྷ་མོ་ཐུགས་ལ་འབུལ། །ཚོགས་དགྲ་བགེགས་སུ་དམིགས་ནས་འབུལ་བ་ནི། ཨེ་བྷྲཱུྂ་ཞེས་པས་ལྕགས་ཀྱི་ཁང་སྒྲོམ་དུ་བསམ་ལ། ཚོགས་ཀྱི་དངོས་པོ་དགྲ་བགེགས་སུ་བསམ། བདག་རྡོ་རྗེ་གཞོན་ནུ། ཕུར་པ་ཡཀྴ་མེ་དབལ་དུ་གསལ་བར་བསྐྱེད། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བྂ་ཧོཿ ཀ་ཏང་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ། ཨ་པ་ར་ཛི་ཏེ་མ་ར་སེ་ན་པྲ་མརྡྷ་ན་ཡེ། དགྲ་བགེགས་འབྱུང་པོ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། ༀ་བཛྲ་ཀཱི་ལི་ཀཱི་ལི་ཡ། ཛཿཧཱུྃ་བྂ་ཧོཿ ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿ་དཎྜ་ཧཱུྃ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། ཤྲཱི་གྷྲཾ་ཨ་ན་ཡ་ཤྲཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ། ཏ་ཐཱ་ཡ་ཏ་ཐྭ་ཡ་ཧཱུྃ་ཕཊ། བྷིནྡྷ་ཡ་བྷིནྡྷ་ཧཱུྃ་ཕཊ། དགྲ་བགེགས་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། ཅེས་སྔགས་བཟླས་པས། དམ་ཅན་རྣམས་ཤ་ཡིབས་ལ་སྦྲང་མ་འཐིབ་པ་བཞིན་དུ་ཐིབ་ཐིབ་བྱོན་པར་བསམ། ལྷ་འདྲེ་ཐམས་ཅད་དབང་དུ་བསྡུས། །སྣང་སྲིད་ཐམས་ཅད་ཟིལ་གྱིས་མནན་པར་བསམ་ཞིང་། དམ་ཅན་བསྐུལ། ཕོ་ཉས་དགུག །བདག་ཅག་རིག་འཛིན་སྒྲུབ་པ་པོས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །དངོས་གྲུབ་འཕྲོག་ཅིང་འཚེ་བ་ཀུན། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་འབྱུང་པོ་ཏྲི་ཡྂ་ཛཿ ནྲྀ་ཡྂ་ཛཿ ཞེས་འགུགས་ལ་བསྟིིམ། བསྒྲལ་བ་ནི། སྲས་མཆོག་བཛྲ་ཀཱི་ལ་ཡ། །རྒྱ་མདུད་རྩེ་ལ་འབྲུག་སྟོང་ལྡིར། །སྟེང་གི་ལྷ་རྣམས་འདུལ་བའི་རྟགས། །གཅུམ་གཞོགས་ལོགས་ལ་གློག་སྟོང་འཁྱུག །ལྷ་སྲིན་སྡེ་བརྒྱད་འདུལ་བའི་རྟགས། །ཆུ་སྲིན་ཁ་ནས་རྦབ་ལྟར་འདྲིལ། །འོག་གི་ས་བདག་འདུལ་བའི་རྟགས། །རྩེ་མོ་ཟུར་གསུམ་མེ་ལྟར་འབར། །དབལ་ཆེན་རྩེ་ལ་མེ་སྟག་འཕྲོ། །བསྒྲིལ་བ་ཙམ་གྱིས་སྲིད་གསུམ་འདར། །གདེངས་པ་ཙམ་གྱིས་ལྷ་རྣམས་བསྲེགས། །བཏབ་ན་ཁམས་གསུམ་ཐལ་བར་རློག །བདུད་དང་དགྲ་བགེགས་སྨོས་ཅི་དགོས། །ཞེས་བརྗོད་ལ། ཕུར་པ་དེ་སྐུ་རི་རབ་ལྟར་གཟི་བརྗིད་ཆེ་བ། དེའི་སྟེང་དུ་ཁྲོ་བོ་ཧཱུྃ་ཀཱ་ར། དེའི་སྟེང་དུ་ཨ་དཀར་པོ། ངག་ཏུ། ༀ་བཛྲ་ཀཱི་ལ་ཀཱི་ལ་ཡ། ༀ་ལཾ། ཧཱུྃ་ལཾ། སྟྭམྦྷ་ཡ་ནན། མོ་ཧ་གྷཱ་ཏ་ཡ། བྷ་ག་ཝཱན། ཤཱི་ཀྲི་བི་ཀྲི་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བྂ་ཧོཿ སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། བཛྲ་ཧཱུྃ་ཀཱ་ར་ཨ། བརྗོད་པས། ཨ་འོད་དུ་ཞུ། ཧཱུྃ་ཀཱ་ར་ལ་ཐིིམ། ཧཱུྃ་ཀཱ་ར་འོད་དུ་ཞུ་བ་ལས། ཡེ་ཤེས་ཀྱིི་ཆུ་རྒྱུན་བྱུང་བས། །ཕུར་པ་ལ་དཀར་ཞལ་བཏང་བ་ལྟར་བདུད་རྩིའི་ཆུ་རྒྱུན་དཀར་ཞལ་བྱུང་བ་དེ། དགྲ་བགེགས་དེ་ལ་ཕོག་པས་སྡིག་པ་དང་སྒྲིབ་པ་སྦྱངས་ཏེ། ཐེག་པ་ཆེན་པོའི་སྣོད་དུ་རུང་བར་བྱས། །སྲས་མཆོག་བཛྲ་ཀཱི་ལ་ཡ། །ཁྲོ་རྒྱལ་འདུས་པའི་དམོད་མོ་སྟེ། །དགྲ་བགེགས་འབྱུང་པོ་ལས་ངན་ནི། །དང་པོར་ཞེ་སྡང་ཕ་ཡིས་བསྐྱེད། །བར་དུ་འདོད་ཆགས་མ་ཡི་མངལ། །ཐ་མར་ཉོན་མོངས་ལྔ་ཡི་གཟུགས། །ལྔ་ཕུང་རྩད་ནས་བཅད་པའི་ཕྱིར། །སྲིད་པ་ཆགས་པ་ལྟེ་བ་སྟེ། །ལྟེ་བའི་སྟེང་དུ་ཀཱི་ལ་ཡ། །རྣམ་པར་ཤེས་པ་སྙིང་ཡིན་ཏེ། །སྙིང་གི་སྟེང་དུ་ཀཱི་ལ་ཡ། །བལྟ་བར་བྱེད་པ་མིག་ཡིན་ཏེ། །མིག་གི་སྟེང་དུ་ཀཱི་ལ་ཡ། །ཉན་པར་བྱེད་པ་རྣ་བ་སྟེ། །རྣ་བའི་སྟེང་དུ་ཀཱི་ལ་ཡ། །སྣོམ་པར་བྱེད་པ་སྣ་ཡིན་ཏེ། །སྣ་ཡི་སྟེང་དུ་ཀཱི་ལ་ཡ། །མྱོང་བར་བྱེད་པ་ལྕེ་ཡིན་ཏེ། །ལྕེ་ཡི་སྟེང་དུ་ཀཱི་ལ་ཡ། །བསྐྱོད་པར་བྱེད་པ་ཡན་ལག་བཞི། །ཡན་ལག་བཞི་ཡི་སྟེང་དུ་ཀཱི་ལ་ཡ། །ཕོ་བསྐོར་གཡས་ལ་མོ་བསྐོར་གཡོན། །ཟ་བྱེད་གཡས་ལ་གསོད་བྱེད་གཡོན། །གཡས་པ་ཐབས་ཀྱི་རང་བཞིན་ལ། །གཡོན་པ་ཤེས་རབ་རང་བཞིན་ཏེ། །ཐབས་དང་ཤེས་རབ་གཉིས་མེད་དེ། །དགྲ་བགེགས་རྡུལ་ཕྲན་བཞིན་དུ་རློག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བྂ་ཧོཿ ཀ་ཏང་ཀ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ། ཨ་པ་ར་ཛི་ཏེ། མ་ར་སེ་ན། པྲ་མརྡྷ་ན་ཡེ། དགྲ་བགེགས་འབྱུང་པོའི་ཙིཏྟ་མཱ་ར་ཡ་ཧཱུྃ་ཕཊ། ཕུར་པ་སྙིང་དཀར་ནག་གི་མཚམས་སུ་བཏབ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་འབྱུང་པོ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། ཕུར་པ་སྙིང་ཁར་སླེབ་པར་བཏབ་ལ། སྒོ་ལྔའི་རྣམ་པར་ཤེས་པ་སྦྲའི་ཆོན་ཐག་བཅད་པ་བཞིན་དུ་ཕུར་པར་འདུས། དེས་བྱུང་ཚོར་གྱི་སྒོ་དགག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། ཅེས་བརྗོད་པས། ཕུར་པའི་རྩེ་མོ་ལ་དགྲ་བགེགས་འབྱུང་པོའི་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཉོན་མོངས་ཅན་གྱི་ཡིད་གཉིས་འདུས་པས། རྡོ་ཚན་ལ་ཆུ་འདུས་པ་ལྟར་རོག་གིས་སྐམ། དེས་ཉོན་མོངས་པ་རྩད་ནས་གཅོད་པའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། ཀུན་གཞིའི་རྟེན་སྙིང་དམར་པོ་གུར་ཕུབ་པ་འདྲ་བའི་ནང་ན་སྲོག་རླངས་པ་ལྟ་བུའི་ནང་ན་ཚེ་བལ་རྒྱ་ལྟ་བུ་གནས། དེའི་ནང་ན་ཀུན་གཞིའི་རྣམ་པར་ཤེས་པ་དངུལ་ཆུ་ཞུན་མ་ལྟ་བུ་ལ། ཁོའི་བཀྲག་དང་གཟི་མདངས་ཐམས་ཅད་དེ་ལ་གནས་པ་ཕུར་པ་དེའི་རྩེ་མོ་ལ་བླང་པས་ཕུར་པ་རང་གི་སྙིང་ཁར་བསྟན་ནས་འདྲིལ་ཞིང་། ༀ་བཛྲ་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཨ་ཨཱཿ ཁོའི་བཀྲག་དང་གཟི་མདངས་ཐམས་ཅད་བདག་ལ་ཐིམ་པས། མེ་འབར་བ་ལ་མགར་བས་བསྐུལ་བ་བཞིན་དུ། བདག་ཉིད་བཀྲག་དང་གཟི་མདངས་དང་ལྡན་པ། །ཡང་ཀཱི་ལ་ཡ་བཅོ་བརྒྱད་བཟླས་ལ། ཕུར་པ་དགྲ་བགེགས་དེ་ལ་བཏབ་པས། དེའི་སེམས་ཉིད་ཡི་གེ་ཧཱུྃ་དུ་གྱུར་པ་དེ། ཨ་ལས་ཟླ་བའི་དཀྱིལ་འཁོར་ཡྂ། ལས་རླུང་གིས་བཏེགས་ནས་འོག་མིན་དུ་རྒྱལ་བ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕང་ངོ་། །རྡོ་རྗེ་ཐོ་བས་བརྡུང་བ་ནི། ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེག་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ན། །ལྷ་ཡང་འོན་ཏེ་བརླག་པར་འགྱུར། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བྂ་ཧོཿ ཤིག་མཱ་ར་ཡ། མཱ་ར་ཡ། ཏ་ཐཱ་ཡ་ཤཱིགྷྲཾ་ཀ་ར་ཡེ། མ་ར་ས་ན་པྲ་མརྟ་ན་ཡེ། །སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། ཁ་ཐཾ་ཁ་ཐཾ། ཐོ་བས་བརྡུངས་པས། ལུས་རྡུལ་ཕྲན་དུ་གྱུར། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་ན། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །མ་མ་པ་ཤཾ་ཀུ་རུ་མ་ཏི། ཉཡ྄྅྅྅་ཀ་ར། ཨི་དན་དྷ་ཏི་མ་མ་ཤཱི་གྷྲཾ་ཀ་ར་ཡེ། བརྗོད་ལ་མཚོན་གྱིས་གཏུབ་བོ། །ཚོགས་དེ་ཆ་གསུམ་དུ་བགོས་ལ། །དང་པོ་འཕགས་པ་མཆོད། བར་པ་རྣལ་འབྱོར་པས་རོལ། ཐ་མ་ལྷག་ཕུད་བྱ། དང་པོ་ལའང་ཆ་གསུམ་དུ་བྱས་ལ། དང་པོ་ཞལ་གཡས་དཀར་བ་ལ་འབུལ་བ་ནི། ཧཱུྃ། །དམ་ཚིག་ཆེན་པོའི་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཐུགས་ཀྱི་སྲས་མཆོག་དུས་ལ་བབ། །སྒོ་བ་བཞི་ཡི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཆ་གཅིག་ཞལ་གཡོན་དམར་པ་ལ་བཤགས་པ་ནི། བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །ཡེ་ཤེས་ལྷ་ཚོགས་ཐུགས་དང་ཅི་འགལ་བ། །ཐུགས་རྗེའི་མངའ་བདག་ཁྱོད་ལ་མཐོལ་ལོ་བཤགས། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས། །མི་ཡི་སྐྱོན་མཐོང་ཙམ་ན་ཆད་པས་གཅོད། །དེ་འདྲའི་དམ་ཚིག་ཤིན་ཏུ་མི་བཟོད་པས། །ཤིན་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས། །ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཆ་གཅིག་དབུས་ཞལ་མཐིང་ནག་ལ་བསྟབ་པ་བྱ་བ་ནི། བསྟབ་བོ་བསྟབ་བོ་ཞལ་དུ་སྟོབ། །སྣང་སྲིད་ཕུར་པས་གདབ་པའི་ཕྱིར། །རྡོ་རྗེ་གཞོན་ནུའི་ཞལ་དུ་བསྟབ། །ཡབ་ཡུམ་གཉིས་སུ་མེད་པའི་ཕྱིར། །འཁོར་ལོ་རྒྱས་འདེབས་ཞལ་དུ་བསྟབ། །ཕྱོགས་བཅུར་སྤྲུལ་པ་འགྱེད་པའི་ཕྱིར། །ཁྲོ་བོ་ཕ་བཅུའི་ཞལ་དུ་བསྟབ། །མི་དགེ་བཅུ་པོ་རྩད་གཅོད་ཕྱིར། །ཁྲོ་མོ་མ་བཅུའི་ཞལ་དུ་བསྟབ། །ཡབ་ཀྱི་ཐུགས་ལས་སྤྲུལ་པའི་ཕྱིར། །ཟ་བྱེད་ཕ་བཅུའི་ཞལ་དུ་བསྟབ། །ཡུམ་གྱི་ཐུགས་ལས་སྤྲུལ་པའི་ཕྱིར། །གསོད་བྱེད་མ་བཅུའི་ཞལ་དུ་བསྟབ། །ཐུགས་ཀྱི་སྲས་མཆོག་ཡིན་པའི་ཕྱིར། །ཀཱི་ལ་ཡ་ཡི་ཞལ་དུ་བསྟབ། །ཕྲིན་ལས་རྣམ་བཞི་བསྒྲུབ་པའི་ཕྱིར། །སྒོ་མ་བཞི་ཡི་ཞལ་དུ་བསྟབ། །དགྲ་བགེགས་རྩད་ནས་གཅོད་པའི་ཕྱིར། །ཤྭ་ན་མཆེད་བཞིའི་ཞལ་དུ་བསྟབ། །བསྭེ་མོ་མཆེད་བཞིའི་ཞལ་དུ་བསྟབ། །རེ་ཏི་མཆེད་བཞིའི་ཞལ་དུ་བསྟབ། །གིང་པོ་གསུམ་གྱི་ཞལ་དུ་བསྟབ། །བཅོམ་ལྡན་དཔལ་ཆེན་ཤ་ལ་དགྱེས། །ཤ་ཡི་རང་བཞིན་གཏི་མུག་ཆེ། །གཏི་མུག་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་བཞེས་ལ། །ཁམ་ཁམ་གསོལ་ཅིག་རྔམ་རྔམས་སྒྲོགས། ། བཅོམ་ལྡན་དཔལ་ཆེན་ཁྲག་ལ་དགྱེས། །ཁྲག་གི་རང་བཞིན་འདོད་ཆགས་ཆེ། །འདོད་ཆགས་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་བཞེས་ལ། །ལྕིབ་ལྕིབ་གསོལ་ཅིག་རྔམ་རྔམས་སྒྲོགས། །བཅོམ་ལྡན་དཔལ་ཆེན་རུས་ལ་དགྱེས། །རུས་པའི་རང་བཞིན་ཞེ་སྡང་ཆེ། །ཞེ་སྡང་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་བཞེས་པ། །ཁྲུམ་ཁྲུམ་གསོལ་ཅིག་རྔམ་རྔམས་སྒྲོགས། །གནམ་ས་ཙམ་གྱི་ཞལ་ཕྱེས་ལ། །རི་རབ་ཙམ་གྱིས་ལྗགས་ཕྱུང་ལ། །གངས་རི་ཙམ་གྱི་མཆེ་གཙིགས་ལ། །འདི་ན་གནག་པའི་དགྲ་བགེགས་རྣམས། །ཆེམ་ཆེམ་ཁྲུམ་ཁྲུམ་ཞལ་དུ་གསོལ། །ཡ་སོ་བཅུ་ནི་ཁྲོ་བོ་བཅུ། །མ་སོ་བཅུ་ནི་ཁྲོ་མོ་བཅུ། །ལྕེ་ནི་བར་སྣང་གློག་ལྟར་འཁྱུགས། །དགྲ་བགེགས་འབྱུང་པོའི་ཤ་ཁྲག་རྣམས། །དཔལ་ཆེན་རྔམས་པའི་ཞལ་དུ་སྟོབ། ༀ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཚོགས་རྫོགས་པར་གྱུར་ཅིག །སྒྲིབ་པ་དག་པར་གྱུར་ཅིག །དམ་ཚིག་ཉམས་པ་ཐམས་ཅད་སྐོང་བར་གྱུར་ཅིག །ཚོགས་ལ་དངོས་གྲུབ་བླང་བ་ནི། ༀ་གྱིས་རབ་ཏུ་འབར་བར་བྱ། །ཨཱཿཡི་མེས་བསྲེགས་ཐམས་ཅད་སྦྱངས། །ཧཱུྃ་གིས་བདུད་རྩིའི་རྣམ་པར་ཞུ། །ༀ་ནི་སངས་རྒྱས་སྐུ་ཡི་མཆོག །ཨཱཾཿནི་པདྨ་གསུང་གི་ལམ། །ཧཱུྃ་ནི་སངས་རྒྱས་ཐུགས་ཀྱི་དབྱིངས། །བྱང་ཆུབ་རྣམ་གསུམ་འདི་དག་གིས། །སངས་རྒྱས་སྐུ་གསུམ་ལྷུན་གྱིས་གྲུབ། །དེ་ལྟར་དེ་བཞིན་འགྲུབ་འགྱུར་ཤོག །རྣལ་འབྱོར་པ་རྣམས་ཚོགས་ལ་རོལ། །ཕུད་ལྷག་རྣམས་བསྡུས་ལ། །ཧཱུྃ་ཞེས་དམ་རྫས་ཀྱི་ཕུང་པོར་བྱིན་གྱིས་བརླབས་ལ། ཡར་གྱི་གནས་བདུན་མཆོད་པ་འདི་སྐད་དོ། །ཧཱུྃ། ཁྲོ་རྒྱལ་ཡེ་ཤེས་ལྔ་ལྡན་འབར་བའི་སྐུར་སྟོན་པ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །ཞི་ཁྲོའི་ཚོགས་འདུས་ཡེ་ཤེས་དཔལ་གྱི་གནས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་དབྱིངས་ནས་བཞེངས། །དམ་ཚིག་ལྡན་པའི་གཞུང་བསྲང་ཐིག་ཆེན་འདེབས། །དབུས་ཀྱི་ཁྲག་འཐུང་ཆེན་པོ་གཤེགས་སུ་གསོལ། །ཆགས་པའི་བདག་ཉིད་དཔལ་གྱི་ཡུམ་ཆེན་མོ། །ཉོན་མོངས་འཁོར་བར་མི་གཏོང་བདག་ཉིད་མ། །དུས་གསུམ་བདེ་བར་གཤེགས་པའི་ཕོ་བྲང་མཆོག །འཁོར་ལོ་རྒྱས་འདེབས་གསང་བའི་དབྱིངས་ནས་བཞེངས། །དབང་ཆེན་རྔམས་པ་གསང་བའི་ཁྱད་པར་ལས། །སྟེང་འོག་ཕྱོགས་མཚམས་སོ་སོའི་བདུད་འདུལ་བ། །གཏུམ་ཆེན་རབ་འབར་འཇིགས་བྱེད་ཁྲོ་རྒྱལ་བཅུ། །ཡེ་ཤེས་རྔམས་པའི་ཚོགས་རྣམས་གཤེགས་སུ་གསོལ། །དེ་འཁོར་དཔལ་གྱི་ལྷ་མོ་སྤྲུལ་པའི་ཚོགས། །ཁྲོ་རྒྱལ་ཐུགས་ལས་སྤྲུལ་པའི་ཕྲ་མེན་མ། །སྒྲོལ་བྱེད་ཆེན་པོ་ཟ་བྱེད་ཕ་བཅུ་དང་། །ལས་བྱེད་ཆེན་མོ་གསོད་བྱེད་མ་བཅུ་དང་། །བདུད་ཀྱི་སྒོ་གཅོད་ཡེ་ཤེས་སྒོ་མ་བཞི། །ཐུགས་རྗེས་བརྩེར་དགོངས་གསང་བའི་དབྱིངས་ནས་བཞེངས། །དཔལ་གྱི་བཀའ་ཉན་ཅི་བགྱི་བཀའ་སྡོད་ཚོགས། །གདུག་པའི་ཚོགས་འཇོམས་ཤྭ་ན་མུ་ཁ་དང་། །ས་བདག་ཆེན་མོ་བསྭེ་ཡི་ལྷ་མོ་དང་། །བདག་ཉིད་ཆེན་མོ་དཔལ་ལྡན་རེ་མ་ཏི། །གདུག་པ་འདུལ་མཛད་སྐྱེས་བུ་གིང་གི་ཚོགས། །ཕུར་པའི་སྲུང་མ་ཐུགས་དམ་དབྱིངས་ནས་བཞེངས། །གཞན་ཡང་སྟེང་འོག་ཕྱོགས་མཚམས་སོ་སོ་ནས། །དབང་ཕྱུག་ཀུན་གྱི་ཆུང་མ་ཉི་ཤུ་བརྒྱད། །ཐུགས་དམ་བརྡ་ཡིས་མཚོན་ཏེ་གཤེགས་སུ་གསོལ། །ཤ་ཁྲག་དམར་གྱི་མཆོད་པ་འདི་བཞེས་ལ། །བདག་གིས་བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །སྤྱན་དྲང་ངོ་། །དམ་ཚིག་ཆེན་པོའི་དུས་ལ་བབ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །དམ་ཚིག་ཆེན་པོའི་དུས་ལ་བབ། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་ཀྱང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཡེ་ཤེས་ཁྲོ་བོ་ཕ་བཅུ་ཡང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཡེ་ཤེས་ཁྲོ་མོ་མ་བཅུ་ཡང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཟ་བྱེད་གསོད་བྱེད་ཉི་ཤུ་ཡང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཕྲིན་ལས་རྣམ་བཞི་སྒྲུབ་མཛད་པའི། །ཡེ་ཤེས་སྒོ་མ་བཞི་རྣམས་ཡང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཤྭ་ན་མུ་ཁའི་དུས་ལ་བབ། །དམ་ཅན་མ་མོ་མཆེད་བཞི་ཡང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ས་བདག་ཆེན་མོའི་དུས་ལ་བབ། །བསྭེ་ཡི་ལྷ་མོ་མཆེད་བཞི་ཡང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །བདག་ཉིད་ཆེན་པོའི་དུས་ལ་བབ། །དཔལ་གྱི་རེ་ཏི་མཆེད་བཞི་ཡང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྐྱེས་བུ་གིང་ཆེན་རྣམ་གསུམ་ཡང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ། ཡུམ་འཁོར་ལོ་རྒྱས་འདེབས་མ། སྲས་ཡེ་ཤེས་ཀྱི་ཁྲོ་བོ་ཕ་བཅུ། ཁྲོ་མོ་མ་བཅུ། ཟ་བྱེད་ཕ་བཅུ། གསོད་བྱེད་མ་བཅུ། ཡེ་ཤེས་སྒོ་མ་བཞི། དམ་ཅན་ཤྭ་ན་མ་མཆེད་བཞི། བསྭེ་མོ་མཆེད་བཞི། རེ་མ་ཏི་མཆེད་བཞི། སྐྱེས་བུ་གིང་ཆེན་གསུམ་རྣམས་སྤྱན་འདྲེན་ན་ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། ཁྱེད་རྣམས་ལ་མཆོད་པ་འབུལ་བ་ནི། རྨད་དུ་བྱུང་བ་གཏོར་མའི་མཆོད་པ་དང་། །དམ་རྫས་བདུད་རྩིའི་མཆོད་པ་རྣམ་པ་ལྔ་དང་། འདོད་པའི་ཡོན་ཏན་གྱི་མཆོད་པ་འབུལ་ཞིང་མཆིས་ན། ཐུགས་རྗེའི་དབང་གིས་བཞེས་སུ་གསོལ། །མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། གཏོར་མ་ལ་བདུད་རྩི་དང་། རཀྟ་སྦྲེང་ངོ་། །མཐོལ་བཤགས་གཤེགས་སུ་གསོལ་བ་ནི། རྣལ་འབྱོར་པ་བདག་ཅག་གིས་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ཏེ། དམ་ཚིག་གཉན་པོ་ཚུལ་བཞིན་ནོས་པ་ལས། བཀའ་བཞིན་དུ་རྔོ་མ་ཐོགས་ཏེ། །རྩ་བ་དང་ཡན་ལག་གི་དམ་ཚིག་ལས་ཉམས་ཤིང་། ཞིག་རལ་དུ་གྱུར་པ་རྣམས། གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས་སོ། །ཕྲིན་ལས་དང་སྙན་དུ་གསོལ་བ་ནི། བླ་མ་རིན་པོ་ཆེས་དབུ་མཛད། །བདག་ཅག་དཔོན་སློབ་གྲོགས་མཆེད་འཁོར་དང་བཅས་པ་ཐམས་ཅད་ལ། སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། དཀྱིལ་འཁོར་གཉན་པོའི་ངོ་གནོན་ཅིང་ཡེ་ཤེས་ཀྱི་རྩལ་འཆང་ལ་སྒྲིབ་པར་བྱེད་པ་རྣམས། ཕྲིན་ལས་རྣམ་པ་བཞིས་ཇི་ལྟར་འདུལ་བ་བཞིན་དུ་འདུལ་དུ་གསོལ་ལོ། །ཕུད་ལྷག་རྣམས་བསྲེས་ཏེ། རྗེས་འབངས་ཐོག་ཏུ་ཕྱིན་ན་བཀྲ་ཤིས་ཏེ་མཐུ་ཆུང་། འབངས་རྗེ་ཐོག་ཏུ་ཕྱིན་ན་མཐུ་ཆེ་སྟེ་བཀྲ་མི་ཤིས་པས། བླ་མའི་གདམས་ངག་བཞིན། རང་རྟ་མགྲིན་དུ་གསལ་བའི་ལག་པ་བྱ་ཁྱུང་གི་ཕྱག་རྒྱས་གཏོར་མ་ནས་བླངས་ལ། ཤ་ལ་ཕོག་ན་མཐུ་ཆེ། ཟན་ལ་ཕོག་ན་དཔལ་ཆེ་བ་སོགས་པྲ་བརྟག་གོ། །ཕུད་ལྷག་བསྲེས་ལ། ཧཱུྃ། རྡོ་རྗེ་ལས་ཀྱི་དབང་བསྐུར་བའི། །དབང་ཕྱུག་མ་དང་མཁའ་འགྲོའི་ཚོགས། །ལྷག་མའི་མཆོད་པ་བཞེས་པ་རྣམས། །དམ་ཅན་མ་ལུས་འདིར་འདུས་ཤིག །ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ཛཿཛཿ ཞེས་བརྗོད་པས། ལྷག་མའི་ལྷ་ཚོགས་རྣམས་དཀྱིལ་འཁོར་གྱི་མུ་རན་ལ་ཐིབས་ཀྱིས་བྱོན། མཁའ་དབྱིངས་ཀྱི་ཕྱག་རྒྱ་བཅས་ལ། ཡ་རྐན་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡབ་སྣང་བ་མཐའ་ཡས། མ་རྐན་ལ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡུམ་མི་ཕམ་མ། སྨན་ཕུར་ཁར་བླུག །ཡབ་ཡུམ་སྦྱོར་བ་བྱས། ཁ་ཕྲུ་ལན་གསུམ་བཏབ། དང་པོས་ལྷག་མའི་ཉེས་སྐྱོན་སྦྱངས། །གཉིས་པས་བདུད་རྩིའི་རྒྱ་མཚོར་འཁྱིལ། །གསུམ་པས་ཧྲཱིཿམང་པོ་འཕྲོས་པས། །ཧྲཱིཿཔདྨཱནྟ་ཀྲི་ཏ་ཧ་ཡ་གྲཱི་ཝ་ཧཱུྃ། ཞེས་པས། ཧྲཱིཿརྣམས་འདུས་པ་ལ་རྟ་མགྲིན་དུ་གྱུར་ཏེ། མ་མོ་དང་མཁའ་འགྲོ་རྣམས་དང་དབང་དུ་འདུས་པར་བསམ་མོ། །ཧྲཱིཿ ཡེ་ཤེས་ཧ་ཡ་གྲཱི་ཝ་རྟ་མཆོག་དཔལ། །སྐུ་མདོག་ཆགས་མེད་མུན་པའི་མེ་སྟག་འཕྲོ། །འབར་འཕྲོ་སྨུག་ནག་རལ་པ་གྱེན་དུ་བརྫེས། །ནུབ་ཕྱོགས་པདྨ་རིགས་ཀྱི་ལྷ་ལ་ཕྱག་འཚལ་ལོ། །དེ་ནས་དམ་བསྒྲགས་ཏེ། དང་པོ་ཕུད་ཀྱིས་མི་མཆོད་དུ། །བཅོམ་ལྡན་དཔལ་ཆེན་ཕུད་ཀྱི་བདག །བར་དུ་ཚོགས་ལ་མི་རོལ་དུ། །མ་མོ་མཁའ་འགྲོ་ཚོགས་ཀྱི་བདག །ཐ་མ་ལྷག་མས་མི་མཆོད་དུ། །མ་ཚོགས་དབང་ཕྱུག་ལྷག་མའི་བདག །ལྷག་མ་ཁ་ཕྲུས་མི་གདབ་ཏུ། །བྲན་ཕོ་བྲན་མོ་ཁ་ཕྲུའི་བདག །རྣམ་གསུམ་རིམ་གྱིས་མི་མཆོད་དུ། །བཀའ་དང་གཞུང་ལུགས་རིམ་པར་ཡོད། །རྣམ་གསུམ་གཅིག་ཏུ་མི་བསྡུ་རྒྱུ། །ཆོས་ཀྱི་དབྱིངས་སུ་ཐ་མི་དད། །ལས་རྣམས་སོ་སོར་མི་བཅོལ་དུ། །ལས་ཀྱི་གདུལ་སྐལ་རིམ་པར་ཡོད། །ལྟ་བ་ཡངས་པར་མི་ལྟ་རུ། །སྲིད་གསུམ་ཡེ་ནས་རྣམ་པར་དག །སྤྱོད་པ་ཞིབ་པར་མི་སྤྱོད་དུ། །ད་དུང་མངོན་པར་སངས་མ་རྒྱས། །དཀྱིལ་འཁོར་གྲ་རུ་མི་བཞག་རྒྱུ། །འབྱུང་པོ་ཁྱེད་ཀུན་མཐུ་རེ་ཆུང་། །དེ་ལ་སོགས་ཏེ་དམ་ཅན་རྒྱ་མཚོའི་ཚོགས། །དཔལ་གྱི་བཀའ་ཉན་ཅི་བགྱིས་བཀའ་སྡོད་ཚོགས། །གདུག་པའི་ཚོགས་འཇོམས་མཁའ་འགྲོ་སུམ་ཅུ་གཉིས། །ཞིང་ཆེན་སྒྲོལ་མཛད་གིང་ཆེན་བཅོ་བརྒྱད་དང་། །དབང་ཆེན་དྲེགས་པའི་མ་མོ་བདུན་རྣམས་དང་། །ཏི་ར་ཟ་བར་བྱེད་པའི་སྲིང་མོ་བཞི། །གནོད་བྱེད་སྙིང་ནས་འདྲེན་པའི་འབར་མ་བརྒྱད། །ཕྱི་ནང་ལས་བྱེད་ཕོ་ཉ་དྲུག་ཅུ་བཞི། །ལངྐའི་ཚོགས་དང་དུར་ཁྲོད་བདག་མོ་དང་། །མ་ལུས་འཁོར་དང་བཅས་པ་ཐུགས་དམ་ཅན། །ཐུགས་དམ་བརྡ་ཡིས་མཚོན་ཏེ་གཤེགས་སུ་གསོལ། །ཤ་ཁྲག་དམར་གྱི་མཆོད་པ་འདི་བཞེས་ལ། །བདག་གིས་བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །དཀྱིལ་འཁོར་དེ་ཡི་ཕྱི་རིམ་ནས། །བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་ལ། །ཕྱི་འཁོར་སྐྱོང་བར་ཞལ་བཞེས་པའི། །གནས་བདུན་ཚོགས་ཀྱིས་བསྐོར་བ་ནི། །ནམ་མཁའ་སྟོང་ལ་དབང་བསྒྱུར་བའི། །མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱང་། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །སྲོག་དབུགས་སྟོང་ལ་མངའ་མཛད་པའི། །སྐྱེས་བུ་གིང་ཆེན་བཅོ་བརྒྱད་ཀྱང་། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །རྡོ་རྗེ་ཕྲ་མེན་རྫུ་འཕྲུལ་ཅན། །སྐྱེས་བུ་ལངྐ་གྲུབ་པ་ཡང་། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །སྟོངས་ཁམས་ཡོངས་ལ་མངའ་མཛད་པའི། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང་། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཕྱོགས་བཅུར་མགྱོགས་པར་ལས་བྱེད་པའི། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་ཡང་། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཏཀྲྀཏ་ལྕམ་མོར་ཞལ་བཞེས་པའི། །འབར་མ་ཉུལ་བྱེད་བརྒྱད་རྣམས་ཀྱང་། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཤ་ཁྲག་ཞལ་དུ་གསོལ་མཛད་པའི། །དུར་ཁྲོད་དྲེགས་པའི་མ་བདུན་ཡང་། རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །རྒྱལ་ཆེན་སྲིང་མོར་ཞལ་བཞེས་པའི། །སྲིང་མོ་ཆེན་མོ་བཞི་རྣམས་ཀྱང་། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །བཅོམ་ལྡན་འདས་དཔལ་ཆེན་པོའི་བཀའ་འཁོར་ན་གནས་པའི་མཁའ་འགྲོ་མ་སུམ་ཅུ་རྩ་གཉིས། གིང་ཆེན་བཅོ་བརྒྱད་། ལངྐ་གྲུབ་པ། དབང་ཕྱུག་ཉི་ཤུ་རྩ་བརྒྱད། ཕོ་ཉ་དྲུག་ཅུ་རྩ་བཞི། འབར་མ་བརྒྱད། མ་མོ་བདུན། སྲིང་མོ་བཞི་རྣམས་སྤྱན་འདྲེན་ན་ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། ཁྱེད་རྣམས་ལ་མཆོད་པ་འབུལ་བ་ནི་མན་ཆད་གོང་གིས་འགྲེ། དེ་ནས་ཕྱི་རོལ་དུ་བརྟན་མ་བསྐྱང་སྟེ། ཧཱུྃ། དཀྱིལ་འཁོར་དེ་ཡི་ཕྱི་རོལ་ན། །བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་ལ། །བརྟན་མའི་ཚོགས་ཀྱིས་བསྐོར་བ་ནི། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །ཤ་མེད་གངས་དཀར་རྡོ་རྗེ་ཀུན་ཏུ་བཟང་། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་གཡུ་ནེ་མ། །བདུད་མོ་ཆེན་མོ་མཆེད་བཞི་ཡང་། །བྲན་གཡོག་མང་པོའི་འཁོར་གྱིས་བསྐོར། །ལྷབ་ལྷུབ་མང་པོའི་རྒྱན་གྱིས་བརྒྱན། །སིལ་སྙན་མང་པོའི་ཚོགས་དང་བཅས། །འདིར་བྱོན་དམ་སྐྱོངས་རྒྱན་གྱི་གཏོར་མ་ལོངས། །གཏོར་མ་ལོངས་ལ་དགྲ་བགེགས་སྒྲོལ། །བྲན་གཡོག་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །རྨ་རི་རབ་མཆོག་རྡོ་རྗེ་གྲགས་མོ་རྒྱལ། །བྱང་རི་གསེར་དང་རྡོ་རྗེ་གཡུ་ནེ་མ། །གནོད་སྦྱིན་ཆེན་མོ་མཆེད་བཞི་ཡང་། །བྲན་གཡོག་མང་པོའི་འཁོར་གྱིས་བསྐོར། །ལྷབ་ལྷུབ་མང་པོའི་རྒྱན་གྱིས་བརྒྱན། །སིལ་སྙན་མང་པོའི་ཚོགས་དང་བཅས། །འདིར་བྱོན་དམ་སྐྱོངས་རྒྱན་གྱི་གཏོར་མ་ལོངས། །གཏོར་མ་ལོངས་ལ་དགྲ་བགེགས་སྒྲོལ། །བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །གཡུ་ཡི་དྲིལ་བུ་རྡོ་རྗེ་སི་ལེ་མ། །མོ་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་སིལ། །སྨན་མོ་ཆེན་མོ་མཆེད་བཞི་ཡང་། །བྲན་གཡོག་མང་པོའི་འཁོར་གྱིས་བསྐོར། །ལྷབ་ལྷུབ་མང་པོའི་རྒྱན་གྱིས་བརྒྱན། །སིལ་སྙན་མང་པོའི་ཚོགས་དང་བཅས། །འདིར་བྱོན་དམ་སྐྱོངས་རྒྱན་གྱི་གཏོར་མ་ལོངས། །གཏོར་མ་ལོངས་ལ་དགྲ་བགེགས་སྒྲོལ། །བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱང་། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །སློབ་དཔོན་པདྨ་འབྱུང་གནས་དང་། །རླངས་ཆེན་དཔལ་གྱི་སེང་གེ་ཡི། །སྤྱན་སྔར་ཁས་བླངས་མ་གཡེལ་བར། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཕྲིན་ལས་བཞིའི་བྲོ་བརྡུང་བ་ནི། སྟྭཾ་བྷ་ཡ་ནན། རང་ལྷར་གསལ་བའི་ཐུགས་ཀ་ནས། ཛཿཧཱུྃ་བྂ་ཧོཿབཞི་སྤྲོས་པས། གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། གནོད་བྱེད་ཐམས་ཅད་ཨངྐུ་ཤ་ཛཿ གཏོར་ཕོར་རི་རབ་ཏུ་དམིགས་པའི་འོག་ཏུ་གནོད་བྱེད་བཀུག་ལ་མནན། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཤར་ཕྱོགས་སྟོང་གི་འཇིག་རྟེན་ན། །དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །ཕུར་པ་རྒྱ་མདུད་རྩེ་མོ་ཟླུམ། །ངོས་ལ་ཞི་བའི་ལྷ་བཀོད་པས། །བཏབ་པས་ཐམས་ཅད་ཞི་བར་འགྱུར། །ཞི་བར་མ་གྱུར་གང་ཡང་མེད། །ཞི་བར་མཛད་ལ་ཕྱག་འཚལ་ལོ། །སུམྦྷ་ནི་བརྗོད་ལ། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི་ནད་དང་གདོན་དང་བགེགས་དང་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །བྱང་ཕྱོགས་སྟོང་གི་འཇིག་རྟེན་ན། །ལྕགས་སམ་ནག་པོའི་ཤིང་རྣམས་ལ། །ཕུར་པ་རྒྱ་མདུད་རྩེ་ཟུར་གསུམ། །ངོས་ལ་དྲག་པོའི་ལྷ་བཀོད་པས། །བཏབ་པས་ཐམས་ཅད་རྡུལ་དུ་འགྱུར། །རྡུལ་དུ་མ་གྱུར་གང་ཡང་མེད། །རྡུལ་མཛད་ལྷ་ལ་ཕྱག་འཚལ་ལོ། །སུམྦྷ་ནི་བརྗོད་ལ། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ་བགེགས་ཐམས་ཅད་རྡུལ་དུ་རློག་ཅིག་མཱ་ར་ཡ་ཧཱུྃ་ཕཊ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན། །ཟངས་སམ་དམར་པོའི་ཤིང་རྣམས་ལ། །ཕུར་པ་རྒྱ་མདུད་རྩེ་ཟླ་གམ། །ངོས་ལ་དབང་གི་ལྷ་བཀོད་པས། །བཏབ་པས་ཐམས་ཅད་དབང་དུ་འགྱུར། །དབང་དུ་མ་གྱུར་གང་ཡང་མེད། །དབང་མཛད་ལྷ་ལ་ཕྱག་འཚལ་ལོ། །སུམྦྷ་ནི་བརྗོད་ལ། བདག་ཅག་གིས་ཁམས་གསུམ་མི་ནོར་ཟས་གསུམ་ཐམས་ཅད་དབང་དུ་བསྡུས་ཤིག་པཱ་ཤཾ ཀུ་རུ་ཡེ་སྭཱ་ཧཱ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན། །གསེར་རམ་སེར་པོའི་ཤིང་རྣམས་ལ། །ཕུར་པ་རྒྱ་མདུད་རྩེ་ཟུར་བཞི། །ངོས་ལ་རྒྱས་པའི་ལྷ་བཀོད་པས། །བཏབ་པས་ཐམས་ཅད་རྒྱས་པར་འགྱུར། །རྒྱས་པར་མ་གྱུར་གང་ཡང་མེད། །རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ། །སུམྦྷ་ནི་བརྗོད། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ནང་དུ་ལོག་ལ་དཀྱིལ་འཁོར་བསྡུ་བ་ནི། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱོད་འདི་ལ་ཉེས་སྤྱད་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །གཙོ་བོ་ནུས་པ་མ་མཆིས་ཤིང་། །མ་རྙེད་པ་དང་མ་འབྱོར་བ། །ཆོ་ག་ལྷག་གམ་མ་ཚང་བ། །དེ་ཀུན་མགོན་པོར་བཟོད་པར་གསོལ། །ཡི་གེ་བརྒྱ་པ་བཟླ། སེམས་ཅན་ཐམས་ཅད་ནད་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གང་གི་ལམ་ལ་འགོད་གྱུར་པ། །སངས་རྒྱས་ཉིད་དང་འཕྲད་པར་ཤོག །ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཡེ་ཤེས་ཀྱི་དཀྱིལ་འཁོར་འོག་མིན་དུ་གཤེགས་སུ་གསོལ། །དམ་ཚིག་གི་དཀྱིལ་འཁོར་ཧཱུྃ་བཅུ་གཅིག་ལ་བསྡུ་བ་ནི། ཧཱུྃ་དབང་ཆེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་ལ་བསྡུ། ཧཱུྃ་གཞལ་ཡས་ཁང་སྒོ་མ་ལ་བསྡུ། ཧཱུྃ་སྒོ་མ་ཁྲོ་མོ་ལ། ཧཱུྃ་ཁྲོ་མོ་ཁྲོ་བོ་ལ། ཧཱུྃ་ཁྲོ་བོ་ཡུམ་ལ། ཧཱུྃ་ཡུམ་ཡབ་ལ། ཧཱུྃ་ཡབ་ཡེ་ཤེས་སེམས་དཔའ་ལ། ཧཱུྃ་ཡེ་ཤེས་སེམས་དཔའ་ཐུགས་ཀའི་ཧཱུྃ་ལ་བསྡུ། ཧཱུྃ་ཞབས་ཀྱུ་ལ་བསྡུ། ཧཱུྃ་འ་ཧ་ལ་བསྡུ། ཧཱུྃ་ཧ་ཟླ་ཚེས་ལ་བསྡུ། ཧཱུྃ་ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། ནཱ་ད་ཇེ་ཆུང་ཇེ་ཕྲ་ལ་སྟོང་པའི་ངང་ལ་གྲོལ་ཏེ། སྟོང་པའི་ངང་ལ་སེམས་མ་བཅོས་པར་བཞག །ཆོས་སྐུ་རྟག་པ་རྒྱུན་གྱི་ཏིང་ངེ་འཛིན་ནོ། །དེའི་ངང་ལས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། བདག་གཙོ་བོར་ལམ་གྱིས་བསྐྱེད། ཕཊ་ཕཊ་ཕཊ། སྟོང་གསུམ་དཀྱིལ་འཁོར་གསུམ་གྱིས་གང་། ཧཱུྃ་ཧཱུྃ་ཧཱུྃ། བདག་གཙོ་བོ་ལ་འདུས་ཏེ། རྟག་ཏུ་ལྷའི་ང་རྒྱལ་དང་མ་བྲལ་བར་བྱའོ། །བཀྲ་ཤིས་བརྗོད་པ་ནི། ཡེ་དྷརྨ་བརྗོད་དེ། ཧཱུྃ། ཡོན་ཏན་མཐར་ཕྱིན་བཙོ་མ་གསེར་གྱི་མདོག །ཤེས་རབ་བརྟགས་སུ་རལ་གྲི་པུསྟི་བསྣམས། །འཕགས་པ་འཇམ་དཔལ་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྐྱོན་གྱིས་མ་གོས་རྟགས་སུ་སྐུ་མདོག་དཀར། །ཐུགས་རྗེའི་རྟགས་སུ་ཕྲེང་བ་པདྨ་བསྣམས། །སྤྱན་རས་གཟིགས་ཀྱི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཆོས་ཉིད་མི་འགྱུར་རྟགས་སུ་སྐུ་མདོག་མཐིང་། །ཐབས་དང་ཤེས་རབ་རྟགས་སུ་རྡོ་རྗེ་དྲིལ་བུ་བསྣམས། །ཕྱག་ན་རྡོ་རྗེ་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པའོ། །དེ་ཡིས་ཉེ་བར་བསྟན་པའི་ཆོས་མཛོད་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་མང་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱི་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་ལེགས་པར་བསམ་པ་དང་། །གསང་སྔགས་རིག་སྔགས་རྣམས་ཀྱི་མཐུ་སྟོབས་དང་། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་པ་ནམ་མཁའ་ལྟ་བུར་ཁྱབ་གྱུར་པའི། །གསུམ་པོ་དེས་ཀྱང་༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི༴ མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འཇུག་གྱུར་པའི། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང་། །བཟོད་པ་བསྒོམ་ཞིང་བརྩོན་འགྲུས་བརྩམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་གྱུར་པའི། །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱིི་བདེ་ལེགས་ཤོག །རྡོ་རྗེ་ཕུར་པའི་ཕྲིན་ལས་སྣ་ནམ་གྱི་སྒོམ་ཁོག་དང་བཅས་པ་རྫོགས་སོ།། ༈ །།སྨྱོས་ཀྱི་བན་ཆུང་དྷརྨ་ཤྲཱི་བདག །སྔོན་བསགས་བསོད་ནམས་ལས་འཕྲོ་མཚམས་སྦྱར་ནས། །ཚེ་འདིར་རྒྱལ་བ་གཉིས་པ་ཆོས་ཀྱི་རྗེ། །རྗེ་བཙུན་གཏེར་བདག་གླིང་པའི་འབངས་སུ་སྐྱེས། །གང་གིས་བཀའ་སྩལ་ཐོད་དུ་བཅིངས་ནས་ཀྱང་། །དེང་སང་ནུབ་ཉེའི་ཟབ་ཆོས་ཕུར་སྐོར་འདི། །བྱ་བཏང་འཁྲུལ་ཞིག་ཀློང་ཡངས་འོད་གསལ་ལ། །ཞོར་ཆོས་མ་ཡིན་ཆེད་གཏད་ཞུ་རུ་ཕྱིན། །གླེགས་བམ་འདི་ཡང་བསྟན་རྒྱུན་ལ་བསམ་ནས། མཚན་མོའི་མར་མེའི་མདངས་ལ་བརྩོན་པར་བྲིས། །མར་མེའི་སྣུམ་དཀོན་སྣག་ཤོག་མ་ལེགས་སོགས། །མཐུན་རྐྱེན་མ་འཛོམ་ན་ཡང་འབད་དེ་བྲིས།། །།ཤུབྷཾ། ༈ །དཔལ་རྡོ་རྗེ་ཕུར་བུའི་སྟོད་ལས་རིན་ཆེན་ཕྲེང་བའི་ལས་བྱང་འགྲོ་བ་སྨིན་བྱེད་ཅེས་བྱ་བ་བཞུགས་སོ། །སྨྱོས་བཙུན་དྷརྨ་ཤྲཱིའི་དཔེའོ། ༈ །བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་ལས་ཀྱི་རྒྱལ་པོ་ཞེས་ཀྱང་བྱ། མན་ངག་རྩ་དུམ་འཁྲུགས་བསྡེབས་ཞེས་ཀྱང་བྱ། འདི་ཉམས་སུ་བླང་བའི་ཐབས་ལ། །ཕུན་སུམ་ཚོགས་པ་ལྔ་དང་ལྡན་པར་བྱས་ཏེ། །བཤགས་པ་གསུམ་བྱའོ། །དང་པོ་ཕྱི་བཤགས་བྱ་བ་ནི། འབུམ་སྡེ་ལྔ་ལ་སོགས་པ་འདོན་ཞིང་། སཱཙྪ་གདབ་པ་ལ་སོགས་དགེ་བའི་ལས་གྲུབ་ཚད་བྱ། དཀོན་མཆོག་གསུམ་ལ་མཆོད་པ་འབུལ་ལོ། །དེ་ནས་ཕྱི་མཚམས་བཅད་དེ། གནས་ཁང་ནས་བཀྱགས་སྟེགས་ཙམ་གྱི་ཕྱོགས་བཞིར་ཐོ་བཞི་བཙུགས་ལ། རྒྱལ་ཆེན་བཞིར་བསྐྱེད་ལ། ཐོ་སོ་སོའི་མདུན་དུ་མཆོད་ཡོན་སྔོན་དུ་འགྲོ་བ་ཅན་གྱི་ཉེ་བར་སྤྱོད་པའི་མཆོད་པ་ལྔ་དང་བཅས་པའི་འབྲུའི་གཏོར་མ་བཟང་པོ། དཀར་གསུམ། མངར་གསུམ། ཁུར་བ། ཤིང་ཐོག་ལ་སོགས་པ་ཁ་ཟས་སྣ་ཚོགས་ཀྱིས་བརྒྱན་པ་བཞི་བཤམས་ཏེ། རྒྱལ་པོ་ཆེན་པོ་བཞི་ལ་ཕྲིན་ལས་བཅོལ་བ་ལ་དྲུག་སྟེ། དམ་ཚིག་པ་བསྐྱེད་པ་དང་། ཡེ་ཤེས་པ་སྤྱན་དྲང་བ་དང་། །ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། གཏོར་མ་བཏང་བ་དང་། ཕྲིན་ལས་བཅོལ་བའོ། །དང་པོ་ནི། སྭབྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་པྂ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས། རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་གྱུར། རྡོ་རྗེ་འོད་དུ་ཞུ་བ་ལས། ཨཱོྂ་ནཱི་ལམ་བྷ་ར་དྷ་ར་བཛྲ་པ་ཎི་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པས། བདག་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་རྡོ་རྗེ་གདེངས་ཤིང་གསོར་བར་མཛད་པ། གཡོན་པ་དྲིལ་བུ་དཀུར་བརྟེན་པ། །སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། །ཞལ་མཆེ་བ་གཙིགས་ཤིང་། ལྗགས་འགྱུར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་ཤིང་། སྟག་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བ། །པདྨ་དང་ཟླ་བའི་གདན་ལ་བཞུགས་པ་ཞིག་ཏུ་གྱུར་པའི་ཐུགས་ཀ་ནས་བྷྲཱུྂ་བཞི་འཕྲོས་ཏེ། ཐོ་བཞི་ལ་ཕོག་པས་ལྷའི་གཞལ་མེད་ཁང་བཀོད་པ་ཕུན་སུམ་ཚོགས་པ་ཕན་ཚུན་འགྲན་པ་ལྟ་བུ་བཞིར་གྱུར་པའི་ནང་དུ། སླར་ཡང་ཐུགས་ཀ་ནས་ཕུཿབཞི་འཕྲོས། དེ་ཡོངས་སུ་གྱུར་པ་ལས། ཤར་ལ་སོགས་པ་རིམ་པ་བཞིན་དུ་ཕྱག་མཚན་པི་ཝང་། རལ་གྲི། སྦྲུལ་ཞགས། ནེའུ་ལེ་རྣམས་སུ་གྱུར། དེ་རྣམས་འོད་དུ་ཞུ་བ་ལས། རྒྱལ་པོ་ཆེན་པོ་བཞིར་གྱུར་ཏེ། ཨཱོྂ་དྷྲཱྀཥྚ་རཱཥྚ་ཡེ་སྭཱ་ཧཱ། ཞེས་པས། ཤར་ཕྱོགས་སུ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སྐུ་མདོག་དཀར་པོ། །ཕྱག་གཡོན་གྱིས་པི་ཝཾ་འཛིན་ཅིང་། གཡས་པས་རྒྱུད་སྒྲེང་བར་བརྩོན་པ་ཞིག་ཏུ་གྱུར། ཨཱོྂ་བཻ་རུ་ཌྷ་ཀ་ཡ་སྭཱ་ཧཱ། ཞེས་པས། ལྷོ་ཕྱོགས་སུ་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སྐུ་མདོག་སྔོན་པོ་ཕྱག་གཡས་ཀྱིས་རལ་གྲི་འཛིན་ཅིང་། གཡོན་པའི་སོར་མོ་ལ་བརྡར་བ་ལྟར་མཛད་པར་གྱུར། ཨཱོྂ་བཻ་རུ་པཀྵ་ཡེ་སྭཱ་ཧཱ། ཞེས་པས། ནུབ་ཕྱོགས་སུ་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། སྤྱན་ཤིན་ཏུ་འབུར་བ་སྐུ་མདོག་དམར་པོ། ཕྱག་གཡོན་གྱིས་སྦྲུལ་ཞགས་དང་བཅས་པའི་མཆོད་རྟེན་དང་། གཡས་པས་དར་མདུང་འཛིན་པར་གྱུར། །ཨཱོྂ་བཻ་ཤྲ་མ་ཎཱ་ཡེ་སྭཱ་ཧཱ། ཞེས་པས། བྱང་ཕྱོགས་སུ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་སྐུ་མདོག་སེར་པོ་ཕྱག་གཡོན་གྱིས་རིན་པོ་ཆེ་སྣ་ཚོགས་ཁ་ནས་འཛག་པ་དང་བཅས་པའི་ནེའུ་ལེའི་རྐྱལ་པ་དང་། གཡས་པས་རིན་པོ་ཆེའི་རྒྱལ་མཚན་བསྣམས་པར་གྱུར་ཏེ། ཀུན་ཀྱང་ལྷའི་ན་བཟའ་སྣ་ཚོགས་པའི་ལྷབ་ལྷུབ་དང་བཅས་པའི་འཇོལ་བེར་གྱི་སྟེང་ན། རིན་པོ་ཆེའི་སྣ་ལྔའི་ཁྲབ་དང་། ཆུ་སྲིན་གྱི་སྟོད་གཡོགས། འབྲུག་གི་སྨད་དཀྲིས། བསྭེའི་སྐེད་ཆས་རྣམས་དར་སྣ་ཚོགས་པའི་ཐི་གུས་སྒྲོགས་ཤིང་བསྡམས་པ། ལྷའི་རིན་པོ་ཆེའི་སྣ་ཚོགས་པའི་དར་དཔྱངས་དང་བཅས་པའི་དབུ་རྒྱན་དང་བཅས་པར་བསྐྱེད་དོ། །གཉིས་པ་ཡེ་ཤེས་པ་སྤྱན་དྲང་བ་ནི། ཧཱུྃ། རི་རབ་གླིང་བཞིའི་ངོས་བཞི་ནས། །ཕྱག་ན་རྡོ་རྗེ་དབང་གི་མཐུས། །རྒྱལ་པོ་ཆེན་པོ་སྡེ་བཞི་རྣམས། །བདག་ཅག་རེ་བ་བསྐང་བ་དང་། །མ་དག་པ་རྣམས་མཚམས་གཅོད་ཕྱིར། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །ཨཱོྂ་བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་བརྗོད་པས། རང་བཞིན་གྱི་གནས་དང་། རི་རབ་བང་རིམ་བཞི་པའི་ངོས་བཞིའི་ཤར་ལ་སོགས་པ་དག་ནས། རིམ་པ་བཞིན། ཕོ་བྲང་ཡུལ་འཁོར་ཅན་དང་། འཕགས་པར་སྐྱེས་དང་། སྣ་ཚོགས་གཟུགས་དང་། ལྕང་ལོ་ཅན་རྣམས་ནས་རྒྱལ་པོ་ཆེན་པོ་བཞི་པོ་དག །རེ་རེའི་རིམ་པ་ལྟར། དྲི་ཟ། གཤིན་རྗེ། ཀླུ། གནོད་སྦྱིན་རྣམས་བྱེ་བ་བྱེ་བའི་འཁོར་དང་བཅས་པ་སྤྱན་དྲངས་ཏེ་དམ་ཚིག་པ་དང་གཉིས་སུ་མེད་པར་གཞུག་གོ། །གསུམ་པ་ཕྱག་འཚལ་བ་ནི། ཧཱུྃ། གསང་བདག་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་དུ། །སྟོན་པའི་བཀའ་བཞིན་འཇིག་རྟེན་སྐྱོང་མཛད་པའི། །རང་གི་ཡུལ་འཁོར་བསྲུང་བར་དམ་བཅས་པའི། །བཀའ་ཉན་རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །བཞི་པ་མཆོད་པ་འབུལ་བ་ནི། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་མཆོད་པའི་མཐའ་ཆད་སྣང་། མཆན། དམ་པའི་མེ་ཏོག་འདི། །དང་། བདུག་སྤོས་སྣང་གསལ་དྲི་ཆབ་དང་། ཞལ་ཟས་སིལ་སྙན་རོལ་མོའི་ཚོགས། །ཞེས་བསྡུས་པའི་ཚེ་ནའོ། །ལྔ་པ་གཏོར་མ་གཏང་བ་ནི། །ཨཱོྂ་སྭ་ཆོས་དབྱིངས་རྣམ་པར་དག་པའི་ཕྱག་རྒྱ་སོར་མོ་རྩེ་སྤྲད་པའི་ཐལ་མོ་ཁོང་སྟོང་དུ་སྦྱར་བའོ། །བྷཱ་ཝ་ཤུདྡྷོ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས། མ་དག་པ་ཐམས་ཅད་སྦྱངས་ནས་སྟོང་པ་ཉིད་དུ་གྱུར། ན་མ་སརྦ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སོར་མོ་དབུས་མ་གསུམ་པོ་རྩེ་སྤྲད་གཞན་བཞི་པོ་གྲ་བཞིར་སྒྲེང་བའོ། །ཏ་ཐཱ་ག་ཏོ་བྷྱོ་བི་ཤྭ་མུ་ཥེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མྂ་ག་ག་ན་ཁྂ་སྭཱ་ཧཱ། ཞེས་པས། མགྲོན་སོ་སོའི་མོས་པ་དང་མཐུན་པའི་ཡོ་བྱད་རྣམས་ཀྱིས་ནམ་མཁའི་ཁམས་ཁྱབ་པར་གྱུར། ཨཱོྂ་ཨ་བདུད་རྩི་ཐབས་སྦྱོར་གྱི་ཕྱག་རྒྱ་ཐལ་མོ་གྱེན་དུ་ཕྱེ་ལ་མཐེ་བོང་བསྣོལ་བའོ། །མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས། ཐམས་ཅད་ཀྱང་སྡུག་བསྔལ་མཐའ་དག་ཞི་བར་བྱེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ན་མ་སརྦ་རྒྱ་ཆེན་ཤུགས་ལྡན་འོད་ཀྱི་ཕྱག་རྒྱ་ནི་གཡས་ཁུ་ཚུར་ཐུགས་ཀར་བཅངས་ལ་གཡོན་པ་ཁུ་ཚུར་དང་བཅས་པ་པུས་མོ་གཡོན་པའི་ཁར་གུང་མོ་སྒྲེང་། ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་པས། འཕགས་པ་རྣམས་ཀྱི་སྤྱན་སྔར་མཆོད་པའི་སྤྲིན་མཐའ་ཡས་པ་དང་འཁོར་རྣམས་ཀྱི་སྤྱོད་ཡུལ་དུ་ལོངས་སྤྱོད་ཟད་མི་ཤེས་པ་བྱུང་བར་བསམ་མོ། །ཛྙཱ་ན་ཨ་ཝ་ཡེ་ཤེས་སྐར་མདའི་ཕྱག་རྒྱ་ནི་གཡོན་པ་མཐེ་བོང་བསླང་བའི་ཁུ་ཚུར་བསྟན་ཅིང་གཡས་པ་པུས་མོའི་སྟེང་དུ་མཆོད་སྦྱིན་ལྟར་བྱ་བའོ། །ལོ་ཀི་ཏེ་ན་མ་ས་མནྟ་སྥ་ར་ཎ་ར སྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། ཞེས་པས། ལུས་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པར་འཕགས་པ་རྣམས་ལ་ཕུལ་བས་མཉེས་ཤིང་འཁོར་ཐམས་ཅད་ཀྱང་ཡོ་བྱད་ལ་རྩོད་པ་མེད་ཅིང་མཐུན་པའི་བསམ་པ་དང་ལྡན་པར་མོས་ལ། ན་མཿས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷཉྫ་ཡ་མ་དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་ལྟ་བུ་བྱའོ། །ཧཱ་ས་མ་ཡ་སྭཱ་ཧཱ། ཞེས་པས། ཐམས་ཅད་ཀྱང་དམ་ཚིག་ལ་གནས་པས་ཕན་པ་དང་བདེ་བའི་ཕྲིན་ལས་འབའ་ཞིག་བསྒྲུབ་པར་བསམ་སྟེ། ཨཱོྂ་དྷྲཱིཥྚ་རཥྚ་ཡེ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨཱོྂ་བཻ་རུ་ཌྷ་ཀཱ་ཡེ་ཨེ་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨཱོྂ་བི་རུ་པཀྵ་ཡེ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨཱོྂ་བཻ་ཤྲ་མ་ཎཱ་ཡེ་ཨེ་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས། རྒྱལ་པོ་ཆེན་པོ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མ་གསོལ་བར་བསམ་མོ། །དྲུག་པ་ཕྲིན་ལས་བཅོལ་བ་ནི། ཧཱུྃ། དཔལ་ལྡན་རྒྱལ་ཆེན་ཡུལ་འཁོར་སྲུང་། །ཞི་བའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་དཀར། །ཐུགས་རྗེའི་དབང་གིས་འགྲོ་དོན་པི་ཝཾ་བསྣམས། །ཤར་ཕྱོགས་དྲི་ཟའི་གདོན་རྣམས་མཚམས་ཆོད་ཅིག །ནང་ལྟར་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད། གསང་བ་ལྟར་ན། བཅོམ་ལྡན་འདས་བུདྡྷ་ཧེ་རུ་ཀ །ཕྱི་ལྟར་ན། ཧོཿ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ཞེས་བྱ་བ་ཁྱོད་ཀྱིས། དེ་རིང་སྒྲུབ་པ་ཟབ་མོ་འདིིའི་དབུ་བཙུགས་ནས་ནམ་མ་ཐོན་གྱི་བར་དུ། ཕྱིའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ནང་དུ་མི་བཏང་ཞིང་། ནང་གི་དངོས་གྲུབ་ཟབ་མོ་ཕྱིར་མི་ཡལ་བར་བྱ་བའི་ཕྱིར། ཤར་ཕྱོགས་སྐྱོང་ཞིང་བསྲུང་བའི་ཕྲིན་ལས་མཛད་དུ་མཚམས་ཀྱི་ཕྲིན་ལས་མཛད་དུ་གསོལ། ཞེས་པའང་སྣང་། གསོལ། །ཞེས་པས་ཕྲིན་ལས་བཅོལ། ཤོག་བུར་བྲིས་ལ་ཐོ་ལ་གདགས་སོ། །འགྲེའོ། །ཧཱུྃ། དཔལ་ལྡན་རྒྱལ་པོ་འཕགས་སྐྱེས་པོ། །རྒྱས་པའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་མཐིང་། །ཕྱག་ན་དུག་གསུམ་འཇོམས་མཛད་བེ་ཅོན་བསྣམས། །ལྷོ་ཕྱོགས་གཤིན་རྗེའི་གདོན་རྣམས་མཚམས་ཆོད་ཅིག །ནང་ལྟར་ན་བཅོམ་ལྡན་འདས་རིན་ཆེན་འབྱུང་གནས། གསང་བ་ལྟར་ན་བཅོམ་ལྡན་འདས་རཏྣ་ཧེ་རུ་ཀ །ཕྱི་ལྟར་ན། ཧོཿ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ཞེས་བྱ་བ་ཁྱོད་ཀྱིས། དེ་རིང་སྒྲུབ་པ་ཟབ་མོ་འདིའི་དབུ་གཙུགས་ནས་ནམ་མ་ཐོན་གྱི་བར་དུ། ཕྱིའི་དགྲ་བགེགས་གདུག་པ་ཅན་ནང་དུ་མི་བཏང་ཞིང་། ནང་གི་དངོས་གྲུབ་ཟབ་མོ་ཕྱིར་མི་ཡལ་བར་བྱ་བའི་ཕྱིར། །ལྷོ་ཕྱོགས་སྐྱོང་ཞིང་བསྲུང་བའི་ཕྲིན་ལས་མཛད་མཚམས་ཀྱི་ཕྲིན་ལས་མཛད་དུ་གསོལ། ཞེས་པའང་སྣང་། དུ་གསོལ། །ཞེས་པས་ཕྲིན་ལས་བཅོལ། ཤོག་བུར་བྲིས་ལ་ཐོ་ལ་གདགས་སོ། །འགྲེའོ། །ཧཱུྃ། དཔལ་ལྡན་རྒྱལ་པོ་སྤྱན་མི་བཟང་། །དབང་གི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་དམར། །བསོད་ནམས་ལས་གྲུབ་རིན་ཆེན་སྦྲུལ་ཞགས་བསྣམས། །ནུབ་ཕྱོགས་ཀླུ་དབང་གདོན་རྣམས་མཚམས་ཆོད་ཅིག །ནང་ལྟར་ན། བཅོམ་ལྡན་འདས་སྣང་བ་མཐའ་ཡས། གསང་བ་ལྟར་ན་བཅོམ་ལྡན་འདས་པདྨ་ཧེ་རུ་ཀ །ཕྱི་ལྟར་ན། ཧོཿ རྒྱལ་པོ་ཆེན་པོ་སྤྱན་མི་བཟང་ཞེས་བྱ་བ་ཁྱོད་ཀྱིས། དེ་རིང་སྒྲུབ་པ་ཟབ་མོ་འདིའི་དབུ་གཙུགས་ནས་ནམ་མ་ཐོན་གྱི་བར་དུ། ཕྱིའི་དགྲ་བགེགས་གདུག་པ་ཅན་ནང་དུ་མི་བཏང་ཞིང་། ནང་གི་དངོས་གྲུབ་ཟབ་མོ་ཕྱིར་མི་ཡལ་བར་བྱ་བའི་ཕྱིར། ནུབ་ཕྱོགས་སྐྱོང་ཞིང་བསྲུང་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་པས་ཕྲིན་ལས་བཅོལ། ཤོག་བུར་བྲིས་ལ་ཐོ་ལ་གདགས་སོ། །ཧཱུྃ། དཔལ་ལྡན་རྒྱལ་པོ་རྣམ་ཐོས་སྲས། དྲག་པོའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་སེར། །རིན་ཆེན་གཏེར་ལྡན་ནེའུ་ལེའི་རྐྱལ་པ་བསྣམས། །བྱང་ཕྱོགས་གནོད་སྦྱིན་གདོན་རྣམས་མཚམས་ཆོད་ཅིག །ནང་ལྟར་ན། བཅོམ་ལྡན་འདས་དོན་ཡོད་གྲུབ་པ། །གསང་བ་ལྟར་ན། བཅོམ་ལྡན་འདས་ཀརྨ་ཧེ་རུ་ཀ །ཕྱི་ལྟར་ན། ཧོཿ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་བུ་ཞེས་བྱ་བ་ཁྱོད་ཀྱིས། དེ་རིང་སྒྲུབ་པ་ཟབ་མོ་འདིའི་དབུ་གཙུགས་ནས་ནམ་མ་ཐོན་གྱི་བར་དུ། ཕྱིའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ནང་དུ་མི་བཏང་ཞིང་། ནང་གི་དངོས་གྲུབ་ཟབ་མོ་ཕྱིར་མི་ཡལ་བར་བྱ་བའི་ཕྱིར། བྱང་ཕྱོགས་སྐྱོང་ཞིང་བསྲུང་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་པས་ཕྲིན་ལས་བཅོལ། ཤོག་བུར་བྲིས་ལ་ཐོ་ལ་གདགས་སོ། །དེ་ནས་བར་བཤགས་སུ་ན་རག་དང་དཔང་སྐོང་འདོན། །དེ་ནས་བར་མཚམས་བཅད་དེ། དེ་ལ་གཉིས། དམ་སྲི་མནན་པ་དང་། སྒོ་བྱང་གདགས་པའོ། །དམ་སྲི་མནན་པ་ནི། གནས་ཁང་ནས་གོམ་པ་བདུན་གྱི་སར་དོང་གྲུ་གསུམ་བྲུས་ལ། རས་སམ། ཤིང་ཤུན་ལ། དམ་སྲིའི་ལིངྒ་བྲིས་པའི་སྙིང་གར་ཏྲིའི་མཐར་དམ་སྲི་གམ་པ་རི་མཱ་ར་ཡ་ནན། ཞེས་པ་བྲིས་ཏེ། མདུན་དུ་བཞག་ལ། སྟེང་གི་ཕྱོགས་ནས་དགྲ་དང་བགེགས་འགུགས་པ། །ཞེས་པ་ལ་སོགས་པའི་ཕོ་ཉ་བསྐུལ་ཞིང་དགུག །དེ་ནས་འདི་སྐད་དོ། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །དབུས་ཕྱོགས་སྟོང་གི་འཇིག་རྟེན་ན། །བཅོམ་ལྡན་བུདྡྷ་ཧེ་རུ་ཀ །བུདྡྷ་ཀྲོ་ཏི་ཤྭ་རི་སྟྭྂ། མ་ཧཱ་སུ་ཁའི་ཚུལ་དུ་བཞེངས། །གཉིས་མེད་སྦྱོར་བའི་བྱིན་རླབས་ཀྱིས། །སྤྲུལ་པའི་ཕོ་ཉ་བྱུང་བ་ནི། །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། །ཞགས་པ་ཅན་གྱིས་མགུལ་ནས་ཆིངས། །ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས། །དྲིལ་བུ་ཅན་གྱིས་རྒྱབ་ནས་ཕུལ། །འཇིགས་པའི་མུན་པས་མདུན་ནས་བསུས། །ལས་ཀྱི་རླུང་གིས་བདས་ནས་ཀྱང་། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གཅིག་ལ་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་པས་ཁྲག་འཐུང་རིགས་ལྔ་ཀ་ལ་འགྲེའོ། །ཤར་དུ་བཛྲ། ལྷོ་རུ་རཏྣ། ནུབ་ཏུ་པདྨ། བྱང་དུ་ཀརྨ་ལ་སོགས་པའི་ཕོ་ཉ་བསྐུལ་ཞིང་། རང་གི་ཐུགས་ཀ་ནས་ཕོ་ཉ་སྐར་ཚོགས་ལྟར་འཕྲོས་ཏེ། དམ་སྲི་རྣམས་རང་རང་གི་དབེན་རུལ་རྙིང་པ་རྣམས་ནས། ལུས་འགུགས་པ་རླུང་གི་འཁོར་ལོ་ལ་བསྐྱོན། །ངག་འགུགས་པ་མགྲིན་པ་ཞགས་པས་བཅིངས། ཡིད་འགུགས་པ་སྙིང་ལྕགས་ཀྱུས་ཕུག་སྟེ་ལིངྒ་ལ་བསྟིམ། བདག་ཉིད་ཁྲོ་བོའི་ང་རྒྱལ་གྱིས་ཉམ་ང་དང་བག་ཚ་བ་མེད་པར་གནས་ཤིང་། ལིངྒ་མདུན་དུ་བཞག་ལ་འདི་སྐད་དོ། །ཧཱུྃ། དུར་ཁྲོད་ཆེན་པོའི་གནས་མཆོག་འདིར། །སྒྲུབ་ལ་བར་དུ་གཅོད་པའི་བགེགས། །བཀའ་ལས་འདས་པའི་དམ་སྲི་འདི། །མནན་ཅིང་སྤར་བའི་དུས་ལ་བབ། །བཛྲ་ཀྲོ་དྷ་བདུད་རྩི་འཁྱིལ་བའི་སྐུ། །སྤྲུལ་པའི་འོད་ཟེར་རྔམས་པའི་མདངས་དང་ལྡན། །དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་བདུད་རྩི་འཁྱིལ། །ཡ་མ་དམ་སྲི་ཐལ་བའི་རྡུལ་དུ་རློག །ཨཱོྂ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་ཕུར་པ་སོར་བཞི་པ་གཅིག་ཁྲོ་བོ་བདུད་རྩི་འཁྱིལ་བ་སྟོད་ཁྲོ་བོ་ལ་སྨད་ཕུར་པ་རྩེ་གཅིག་པའི་རྣམ་པར་ཡོད་པ་ཞིག་གིས་དམ་སྲིའི་སྙིང་གར་གདབ་སྟེ། ཚོན་སྐུད་ཀྱིས་བཅིངས་ལ་ཐོད་པ་མཚན་ངན་ཨག་རྩེ་དང་མ་བྲལ་བ་གཅིག་གི་ནང་དུ་བཅུག་སྟེ་དོང་དུ་བསྐྱུར་རོ། །ཁ་རོ་གཡམ་ལ་འོག་རྡོ་རྗེ་རྒྱ་གྲམ་དང་། སྟེང་འཁོར་ལོ་རྩིབས་བརྒྱད་པའི་དབུས་ལཾ་གྱིས་མཚན་པ་གཅིག་གིས་ཁ་བཅད། སས་བྱིབས། སྐུ་གསུང་ཐུགས་དང་རི་རབ་དགུ་བརྩེགས་ཀྱིས་མནན་པའི་སྟེང་དུ་ཁྲོ་བོ་རྣམས་ཀྱིས་ཕྲིན་ལས་བཞིའི་བྲོ་བརྡུངས་ཏེ། བསྐལ་པ་མ་ཞིག་གི་བར་རམ། རྒྱུད་ལ་བྱང་ཆུབ་ཀྱི་སེམས་མ་སྐྱེས་ཀྱི་བར་མི་ལྡང་བར་བསམ་མོ། །གལ་ཏེ་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེས་ན་ཡི་གེ་ཧཱུྃ་གི་ཞབས་ལ་འཇུས་ལ་ཤོག་ཅིག །ཅེས་བཀའ་བསྒོའོ། །གཉིས་པ་སྒོ་བྱང་གདགས་པ་ནི། ལུག་གི་སོག་པའི་ནང་ལོགས་ལ། གཤིན་རྗེ་གཤེད་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས། གཡས་དབྱུག་ཐོ་དང་། གཡོ་ཞགས་པ་བསྣམས་པ། མ་ཧེ་ཆུ་གླང་ལ་ཆིབས་ཤིང་རྨིག་པས་དམ་སྲི་བརྫིས་པའི་སྙིང་གར་ཡང་དམ་སྲིའི་མིང་མཐའ་བརྟེན་དང་བཅས་པ་བྲི། རྒྱབ་ཏུ་གསོལ་བྱང་བྲིས་ཏེ་ལས་ཀྱི་གཤིན་རྗེ་དངོས་སུ་བསྐྱེད་ཅིང་། ཛཿཧཱུྃ་བྂ་ཧོཿས་དགུག་གཞུག་བྱས་ཏེ། གཤིན་རྗེའི་ཞབས་འོག་ཏུ་མནན་པར་བསམ་ལ་འདི་སྐད་དོ། །ཧཱུྃ། གསང་ཆེན་ལྷུན་གྲུབ་ཕོ་བྲང་དུ། །ལས་ཀྱི་བདག་པོ་གཤིན་རྗེ་ལ། །བཅོམ་ལྡན་གཤིན་རྗེས་བཀའ་སྩལ་ལྟར། །ད་ལྟར་རིག་འཛིན་སྒྲུབ་པ་པོས། །བཀའ་གསང་གཞུང་ཆེན་འདི་བསྒྲུབ་ཀྱིས། །འདི་དག་ནོར་བུ་རིན་ཆེན་ཏེ། །འདི་ལ་གནོད་ཅིང་བར་གཅོད་པའི། །ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། །ཁྱོད་ཀྱི་འཁོར་དང་གཡོག་ལགས་ཀྱི། །རྣམ་པར་སྨིན་པའི་ཆོས་ཤོད་ལ། །གསང་བ་མཆོག་གི་རྣལ་འབྱོར་པས། །བླ་མེད་འབྲས་བུ་མ་ཐོབ་བར། །ས་འདི་ཡན་ཆད་མ་བཏང་ཞིག །དཀྱིལ་འཁོར་ཆེན་པོའི་མུ་རན་ལ། །རྡོ་རྗེའི་ཡལ་གམ་ཐུབ་པར་མཛོད། །ཡ་མ་རཱ་ཛ་ས་མ་ཡ་སྟྭྂ། ཧོཿ ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད་ཅེས་བྱ་བ་ཁྱོད་ཀྱིས་སྒྲུབ་པ་འདི་དབུ་བཙུགས་ནས་མཇུག་མ་ཐོན་གྱི་བར་དུ་ཕྱིའི་དགྲ་བགེགས་ནང་དུ་མི་བཏང་ཞིང་། །ནང་གི་དངོས་གྲུབ་ཕྱིར་མི་ཡལ་བའི་ཕྱིར། སྒོ་བསྲུང་བའི་ཕྲིན་ལས་མཛད་དུ་གསོལ། །ཅེས་བརྗོད་ཅིང་། སྒྲུབ་ཁང་གི་ཡ་ཐེམ་ལ་བཏགས་སོ། །དེ་ནས་ནང་བཤགས་སུ་བརྗོད་མེད་འདོན། །ནང་མཚམས་སུ་ཕུར་པ་བཅུ་ཁྲོ་བོ་བཅུར་བྱིན་གྱིས་བརླབ་ལ། བདག་ཉིད་རྡོ་རྗེ་གཞོན་ནུའི་ང་རྒྱལ་དང་ལྡན་པས། ཕྱོགས་སྐྱོང་བཅུ་ལ་ཕུར་པ་གདབ་པར་བྱ་སྟེ། འདི་སྐད་དོ། །ཧཱུྃ། སྟེང་གི་ཕྱོགས་ནས་དགྲ་དང་བགེགས་འདུལ་བ། །ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །སྨད་ནི་ཡེ་ཤེས་ཕུར་པ་སྟེ། །རི་རབ་ཕུར་པ་འདྲིལ་ཞིང་འདེབས། །ལྟེ་བ་ཡན་ཆད་ཆས་རྣམས་ནི། །ཨུཏྤལ་སྔོན་པའི་མདོག་འདྲ་བའི། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །སྐུ་སྨད་ཕུར་པ་ཟུར་གསུམ་དབལ། །དྲག་པོར་གྱུར་པའི་ཕུར་པ་སྟེ། །མ་བཏབ་བཞིན་དུ་ལྷུན་གྱིས་གྲུབ། །བཏབ་ན་ལྷ་ཡང་བརླག་པར་འགྱུར། །དམ་ཉམས་དགྲ་ལ་སྨོས་ཅི་དགོས། །བཟླས་པ་ཙམ་གདེངས་པ་གྱིས་རྡུལ་དུ་རློག །ཨཱོྂ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། སྟེང་གི་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་སྟེང་གི་ཕྱོགས་སུ་ཚངས་པ་ཕོ་མོ་བྱི་ཆིངས་སུ་གནས་པའི་སྙིང་གར་བཏབ་པ་ན་འོག་གསེར་གྱི་ས་གཞི་ལ་ཐུག་པར་གྱུར། ཤར་ལ་སོགས་པའི་ལྷག་མ་རྣམས་ལའང་དེས་མཚུངས་པ་ཤེས་པར་བྱའོ། །དཀྱིལ་འཁོར་བརྩིག་ཅིང་ཆག་ཆག་གདབ་པ་ལ། དེ་ནས་སྟེགས་བུ་འདོམ་གང་བའམ། །ཁྲུ་གང་བ། མདའ་གང་བ། ཕྱག་གང་བ་གང་འཐད། གནས་ཁང་དང་བསྟུན་ལ་བྱའོ། །འདོམ་གང་རྒྱ་ལ་ནི་ཁྲུ་གང་དཔངས་སོ། །དགོས་པ་ནི། དཀྱིལ་འཁོར་རང་གི་སེམས་སུ་ཤེས་པར་འགྱུར་ཏེ། རྒྱུད་ལས། སེམས་ནི་དཀྱིལ་འཁོར་ཆེན་པོ་སྟེ། །ཞེས་སོ། །དེ་ལྟར་དཀྱིལ་འཁོར་གང་ལའང་ཕྱོགས་མཚམས་བྱེད་ཅིང་དབུས་མཐོ་བ། མཐའ་སྙོམས་པ་མེ་ལོང་གི་ངོས་ལྟར་མཁྲེགས་པར་བྱའོ། །དེའང་ཤར་མཐོ་ན་ཚེ་ཐུང་། བྱང་མཐོ་ན་ནོར་མཛད་པས། ཤར་དང་བྱང་ཅུང་ཟད་དམའ་བར་བྱས་ལ། །སློབ་དཔོན་ཉིད་སྟེང་དུ་འདུག་སྟེ། ཨཱོྂ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་ཤ་སྟྭྂ་བྷ་ནི་ཧཱུྃ་ཕཊ། ཅེས་བརྗོད་པས། ཕྱི་སྣོད་བྷནྡྷ་འབར་བའི་གཞལ་ཡས་ཁང་། ནང་བཅུད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ལམ་གྱིས་གསལ་བར་བསམ་སྟེ་ས་བཟུང་བའོ། །དཀྱིལ་འཁོར་བྱིན་དང་ལྡན་པར་བྱ་བའི་ཕྱིར་ཆག་ཆག་གདབ་པ་ལ། རྒྱུ་ནི། བདུད་རྩི་ལྔ་དང་ལྡན་པའི་རཀྟ་ཆང་དང་སྦྱར་ཏེ། དགོངས་རྒྱུད་ལས། ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་པའི་ཕྱིར། །རཀྟ་ཆགས་པའི་དབང་གིས་ཆག་ཆག་གདབ། །ཅེས་སོ། །གདབ་པའི་ཐབས་ནི། ཧཱུྃ། དུས་གསུམ་རྒྱལ་བའི་བཞུགས་གནས་ཁྱད་པར་ཅན། །རང་བྱུང་གཉིས་སུ་མེད་པའི་དོན་རྟོགས་ནས། །ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་མ་སྐྲག་ཅིག །གསང་བའི་དཀྱིལ་འཁོར་འདི་ལ་ཆག་ཆག་གདབ། །ཁྲག་དང་བདུད་རྩིའི་ཁ་ཆུ་འདི་བཏབ་པས། །དུས་གསུམ་བདེ་གཤེགས་ཐུགས་དམ་དབྱིངས་ནས་བསྐུལ། །ཐབས་དང་ཤེས་རབ་གཉིས་སུ་མེད་པར་ཤོག །གུ་ཧྱ་ཨ་པྲ་མཎྜ་ཊཱི་ཀར་མ་ཧཱ་ཛྙཱ་ན་མཎྜ་ལ་ཧཱུྃ་ཟེར། ལ་ཧཱུྃ། ཞེས་པའི་རིམ་པ་བཞིན་དུ་དབུས་ནས་བརྩམ་སྟེ། ཕྱོགས་བཞི་མཚམས་བཞི་མཐར་ཐུག་པར་གོ་རིམ་མ་ནོར་བར་གདབ་པར་བྱའོ། །ཐིག་གདབ་པ་ལ་བཞི་སྟེ། རྒྱུ། ཚད། དབྱིབས། གདབ་པའི་ཐབས་སོ། །དང་པོ་རྒྱུ་ནི་གཉིས་ལས། ཐིག་སྐུད་ཀྱི་རྒྱུ་ནི། ཞིང་གི་རྒྱུ་མ་ལ་བྱ་གསུངས་ཏེ། །རས་བལ་གཙང་མ་རིན་ལ་མ་རྩེགས་པར་ཉོས་ལ། བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པས་བཀལ་བའི་སྐུད་པ་གསུམ་སྒྲིལ་ལོ། །ཐིག་ཆལ་གྱི་རྒྱུ་ནི། རྡོ་རྒྱུས་དང་ཐལ་ཆེན་སྦྱར་བའམ། ཚོན་དཀར་པོ་དྲི་མ་མེད་པས་སྦགས་པ་ལ་བྱའོ། །སྦོམ་ཕྲ་སྒོའི་ཉི་ཤུའི་ཆ་སྟེ། །རྩིག་པའི་རེ་ཁ་དང་མཉམ་པའོ། །བྱིན་གྱིས་བརླབ་པ་ནི། བདག་ཉིད་གཙོ་བོ་ལྷའི་སྐུར་གནས་པའི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་རིགས་ལྔ། གཡོན་གྱི་སོར་མོ་ལྔ་ལ་ཡུམ་ལྔ་བསམ་སྟེ། ཐིག་སྐུད་བར་དུ་བཅུག་ནས་ཐལ་མོ་སྦྱར་བས། ཡབ་ཡུམ་སྦྱོར་བ་བྱས་པའི་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁའ་ལ་དཀར་བྲེང་གི་བྱུང་བར་བསམ་མོ། །གདབ་པའི་ཐབས་ནི། ཧཱུྃ། ཡེ་ཤེས་ལྔ་ཡི་སྐུད་པ་འདིས། །དཀྱིལ་འཁོར་འདི་ལ་ཐིག་གདབ་ཀྱི། །དབྱིངས་དང་ཡེ་ཤེས་འོད་འཕྲོས་པས། །མཁའ་ལ་བདེ་གཤེགས་ཕོ་བྲང་གསལ། །ཨཱོྂ་ཨཱཿཧཱུྃ་སཱུ་ཏྲ་ས་མ་ཡེ་ཧཱུྃ། ཞེས་ནམ་མཁའ་ལ་ལན་གསུམ་བཏབ་པས། ནམ་མཁའ་ཐམས་ཅད་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གྱུར་བར་བསམ་མོ། །བར་སྣང་ལ་ལན་གསུམ་བཏབ་པས། སྣོད་ཀྱི་འཇིག་རྟེན་བྷནྡྷ་འབར་བའི་གཞལ་ཡས་ཁང་དུ་གྱུར་པར་བསམ་མོ། །དེ་ནས་ཐིག་རླན་གྱིས་སྦགས་ལ། ཚངས་ཐིག་དང་པོ་ནས་ལྟེ་བར་བཟུང་ནས། རྩ་བའི་ཐིག་བརྒྱད། ཆ་ཆེན་བཅུ་དྲུག །ཆ་ཕྲན་དང་བཅས་པ་བསྐོར་ཕྱོགས་མ་འཁྲུལ་བར་གདབ་སྟེ། དེ་ཡང་། གནམ་ཐིག་ཆད་ན་སློབ་དཔོན་འཆི། །ས་ཐིག་ཆད་ན་སློབ་མ་འཆི། །ཕྱོགས་འཁྲུལ་པས་ནི་གཉིས་ཀ་ཉམས། །རིང་ཐུང་བྱུང་ན་ནད་ཀྱིས་ཐེབས། །ཞེས་གསུངས་པས། སྐྱོན་གྱི་ཕྱོགས་དང་བྲལ་བ་ཉིད་དུ་གདབ་པར་བྱའོ། །དེ་ནས་བར་འདིར་བསྲེ་བསྣན་བྱ་སྟེ། དེ་ལ་གཉིས། བསྣན་པ་དང་། བསྲེ་བའོ། །དེ་ལ་བསྣན་པ་ནི། རྡོ་རྗེ་སློབ་དཔོན་གྱིས་རྩ་བའི་ལྷ་ཚོགས་སྔགས་ཀྱིས་བསྐྱེད་ལ། སྨན་མཆོད་བྱ། སྨན་ལྷག་མ། བཛྲ་ཡཀྴ་ཀྲོ་དྷ་ཧ་ལ་ཧ་ལ་ཧཱུྃ་ཕཊ། ཅེས་པས་དམ་ཆུ་བྱིན་གྱིས་བརླབ། དེ་ནས་ལས་མཁན་གྱིས་བདུད་རྩི་བྲན་ལ། །མཆེད་རྙིང་པ་རྣམས་ཀྱི་ལྕེ་ལ་བཞག་ལ། །རྣལ་འབྱོར་རྣམས་ཀྱི་དཀའ་ཐུབ་དམ། །རྟོགས་ན་སྐུ་གསུང་ཐུགས་ཡིན་ཏེ། །མ་རྟོགས་ན་ནི་ངན་སོང་གསུམ། །སུ་ཡང་འདའ་བར་མ་བྱེད་ཅིག །ཅེས་བརྗོད་ལ། །ས་མ་ཡ་ན་ར་ཀན། ཞེས་མནའ་བཀག་གོ། །དེ་ནས་མ་འདྲེས་པ་རྣམས་བསྲེ་བའི་ཆོས་བཅུ་དྲུག་ལས། དང་པོ་མཚམས་བཅད། གཉིས་པ་གནས་སུ་དྲངས་ཏེ། འཁོར་བའི་སེམས་ཅན་ཐམས་ཅད་ཀུན། །རྒྱུད་ལྔ་ལམ་གྱི་སྒོ་བཅད་ནས། །མཐོ་རིས་ཐར་པའི་སྒོ་ཕྱེས་ཏེ། །བླ་མེད་གནས་སུ་དྲང་བར་བྱའོ། །བཛྲ་ས་མ་ཡ་ཛཿ གསུམ་པ་སེམས་བསྐྱེད་པ་ནི། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སངས་རྒྱས་ཉིད་དུ་རབ་བསྒྲུབ་ནས། །སེམས་ཅན་འཁོར་བར་འཁྱམས་པ་རྣམས། །བླ་མེད་གནས་སུ་བསྒྲལ་བར་བྱའོ། །བཞི་པ་དཀྱིལ་འཁོར་དུ་འཇུག་པར་ཞུ་བ་འབུལ་བ་ནི། ཧཱུྃ། རྡོ་རྗེ་སྐུ་ཡི་དཀྱིལ་འཁོར་དུ། །བདག་སོགས་འཇུག་པར་འཚལ་ལགས་ན། །ཐུགས་རྗེ་ཆེན་པོས་དགོངས་ནས་ཀྱང་། །བདག་གི་རབ་གནས་མཛད་དུ་གསོལ། །གསུང་། །ཐུགས་འགྲེའོ། ལྔ་པ་བླ་མས་གནང་བ་བྱིན་པ་ནི། །རིགས་ཀྱི་བུ་ཁྱོད་ཚུར་ཤོག་ཅིག །དེ་རིང་བདེ་གཤེགས་འཁོར་བཅས་ཀྱིས། །ཁྱོད་ནི་ནང་དུ་འཇུག་པ་ཡིན། །ཅི་འབྱོར་པ་ཡི་ཡོན་རྣམས་ནི། །དེ་རིང་ཉིད་དུ་བདག་ལ་ཕུལ། །དྲུག་པ་ཡོན་ཕུལ་བ་ནི། ཨུ་ཧུ། བླ་མ་འགྲོ་བའི་མགོན་པོ་དཀྱིལ་འཁོར་ཆེན་པོའི་མངའ་བདག་ཁྱེད་ལ་ཆེ་སྟེ་རྟ་དང་གླང་པོ། །འཛམ་བུ་གླིང་རིན་པོ་ཆེ་སྣ་ཚོགས་ཀྱིས་བསྐངས་ཏེ་ཕུལ་ཡང་ཆེ་ཞིང་རིང་བ་མ་མཆིས་ཀྱང་། ཆུང་སྟེ་ཁབ་དང་སྐུད་པ་ཙམ་ལས་མ་འབྱོར་ནའང་། བླ་མས་ཐུགས་རྗེས་བཟུང་འཚལ་བས། འདི་ན་ཆེ་གེ་མོས་འདི་ལྟ་བུ་གཅིག་འབུལ་བར་གདའ་འོ། །ཞེས་སོ་སོའི་མིང་ནས་བརྗོད་ཅིང་ཡོན་དབུལ་དུ་གཞུག་གོ། །བདུན་པ་མེ་ཏོག་དོར་བ་ནི། རྩ་བ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །རིག་པ་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི། །སྐུ་གསུང་ཐུགས་ཀྱི་དབྱིངས་སུ་འབུལ་ལགས་ན། །རྣལ་འབྱོར་རྣམས་ལ་དངོས་གྲུབ་སྩལ་དུ་གསོལ། །ཨཱོྂ་མ་ཧཱ་བོ་དྷི་ཙིཏྟ་ཧཱུྃ། བརྒྱད་པ་མིག་དབྱེ་བའི་ཞུ་བ་འབུལ་བ་ནི། མ་རིག་མིག་གི་ལིང་ཐོག་གིས། །ཤིན་ཏུ་ལྡོངས་པར་གྱུར་ལགས་ན། །ཐུགས་རྗེ་ཆེན་པོས་དགོངས་ནས་ཀྱང་། །ཉོན་མོངས་དྲི་མ་བསལ་དུ་གསོལ། །དེ་ནས་དགུ་པ་སློབ་དཔོན་གྱིས་མིག་དབྱེ་སྟེ། ཧཱུྃ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས། །ཁྱོད་ཀྱི་དྲི་མ་བསལ་དུ་གསོལ། །ཨཱོྂ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། དེ་ནས་བཅུ་པ་དམ་ཚིག་འབོགས་ཏེ། རྡོ་རྗེ་སློབ་དཔོན་གཙོ་ཉིད་དང་། །རྡོ་རྗེ་མཆེད་དང་ལྕམ་དྲལ་ལ། །ལུས་དང་སྲོག་ལ་བབ་གྱུར་ཀྱང་། །ཞེ་སྡང་ངན་སེམས་མི་བསྐྱེད་དོ། །འདི་ནི་རྡོ་རྗེ་སྐུ་ཡི་དམ་ཚིག་སྟེ། །དམ་ཚིག་མཆོག་ལས་འདའ་མི་བྱ། །དམ་ཚིག་མཆོག་ལས་མ་འདའ་ཞིག །ལུང་དང་ལྡན་པའི་སློབ་དཔོན་གྱིས། །སྣོད་དང་ལྡན་པའི་སློབ་མ་ལ། །ཡི་དམ་གསང་བའི་ལྷ་ཕོག་སྟེ། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །འདི་ནི་གསུང་གི་དམ་ཚིག་སྟེ། །དམ་ཚིག་མཆོག་ལས་འདའ་མི་བྱ། །དམ་ཚིག་མཆོག་ལས་མ་འདའ་ཞིག །ཐུན་མོང་མ་ཡིན་གསང་ཆེན་འདི། །ནམ་ཡང་གཞན་དུ་སྨྲ་བ་མིན། །མན་ངག་གཞན་དུ་མི་སྤེལ་ལོ། །འདི་ནི་ཐུགས་ཀྱི་དམ་ཚིག་སྟེ། །དམ་ཚིག་མཆོག་ལས་མ་འདའ་ཞིག །དམ་ཚིག་མཆོག་ལས་འདའ་མི་བྱ། །ས་མ་ཡ་ན་ར་ཀན། བཅུ་གཅིག་པ་དམ་ཚིག་བསྒྲག་པ་ནི། ལས་མཁན་གྱིས་སྔར་གྱི་དམ་ཆུ་ལྷག་མ་བླངས་ལ་མཆེད་གསར་པ་རྣམས་ཀྱི་ལྕེ་ལ་བཞག་སྟེ། འདི་ནི་རྡོ་རྗེ་དམྱལ་བའི་ཆུ། །དམ་ཚིག་བསྲུང་ན་དངོས་གྲུབ་མཆོག །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་མཆོག་ལས་མ་འདའ་ཞིག །ས་མ་ཡ་ན་ར་ཀན། ཞེས་མནའ་བཀག་གོ། །བཅུ་གཉིས་པ་དམ་ཚིག་གི་ཁེ་ཉེན་བཤད། བཅུ་གསུམ་པ་ལ་ལྷ་འབོགས། བཅུ་བཞི་པ་ལ་གསང་མཚན་གདགས་སོ། །བཅོ་ལྔ་པ་བཟླས་པའི་ཕྲེང་བ་གཏད་པ་ནི། སློབ་དཔོན་གྱིས་ཐུགས་དམ་མཆེད་གསར་པ་རྣམས་ཀྱི་ཕྲེང་བ་དང་སྦྲེལ་ཏེ་ལག་ཏུ་གཏད་ལ། རིག་པ་སྲོག་གིས་སྦྲེལ་བའི་ཕྲེང་ཐག་ལ། །ཐབས་དང་ཤེས་རབ་འབྲེལ་བའི་ཕྲེང་བ་བརྒྱུས། །རྩེ་གཅིག་ལྷ་དང་འགྲོགས་པའི་ཏིང་འཛིན་གྱིས། །འཛབ་བསྙེན་ཟུར་མ་བཅག་པར་བགྲང་དུ་གསོལ། །བཅུ་དྲུག་པ་གྲལ་བསྲེ་བ་ནི། ཧཱུྃ། རྩ་བ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །བསྙེན་སྒྲུབ་རྣམ་བཞི་བསྙེན་ཅིང་བསྒྲུབ་པ་དང་། །ཡི་དམ་ལྷ་མཆོག་འཛབ་བསྙེན་བགྲང་བའི་ཕྱིར། །དམ་ཚིག་རྡོ་རྗེའི་གྲལ་དུ་མཆིས་པར་གནང་། །དཀྱིལ་འཁོར་བྲི་ཞིང་རྫས་དགོད་པ་ནི་གཉིས་ཏེ། དཀྱིལ་འཁོར་བྲི་བ་དང་། རྫས་དགོད་པའོ། །དང་པོ་ལ་བཞི། རྒྱུ་དང་། བྱིན་གྱིས་རློབ་པ་དང་། བཀྱེ་བའི་ཐབས་དང་། དགོས་པའོ། །དང་པོ་ནི། འབྱོར་པ་རབ་ཀྱིས་རིན་པོ་ཆེའམ། རིན་པོ་ཆེ་ཕལ་པ་ལྔ་ལ་བྱ་སྟེ། སྔོན་པོ་བཻ་ཌཱུརྱའམ་མུ་མེན། དཀར་པོ་མན་ཤེལ་ལམ་དངུལ། སེར་པོ་ཨུ་ཤ་རཱ་གའམ་གསེར། དམར་པོ་པདྨ་རཱ་གའམ་བྱེ་རུ། ལྗང་གུ་ཨིནྡྲ་ནཱི་ལའམ་གཡུ། འབྲིང་སྨན་ལྔའམ་འབྲུ་ལྔ་གང་ཡང་རུང་བ་ཚོན་ལྔས་ཁ་དོག་སོ་སོར་བསྒྱུར་བ་ལ་བྱ། ཐ་མས་ཀྱང་བཀྲ་ཤིས་པའི་ས་ཕྱོགས་ནས་བྱུང་བའི་ཚོན་ལྔ་ཁ་དོག་ལྔ་དྲི་མ་མེད་པ་དང་ལྡན་པ་ལ་བྱའོ། །གཉིས་པ་བྱིན་གྱིས་རློབ་པ་ནི། ཚོན་རྣམས་བྷནྡྷའི་ཚལ་བུའམ་རིན་པོ་ཆེའི་སྣོད་དུ་བཞག་ལ། ཕོ་བྲང་གི་ཆར་ཚུད་པར་བྱས་ལ་དབུས་སུ་མཐིང་ག་ལ། ཧཱུྃ་རྟིང་པ་ཤར་བསྟན། ཤར་དུ་དཀར་པོ་ལ་ཨཱོཾ། ལྷོ་སེར་པོ་ལ་སྭཱ། ནུབ་ཏུ་དམར་པོ་ལ་ཨཱྂཿ བྱང་དུ་ལྗང་གུ་ལ་ཧཱ་རྣམས་རྟིང་པ་དབུས་སུ་བསྟན་པ་བྲི་ཞིང་། དེ་རྣམས་འོད་དུ་ཞུ་བ་ལས་རིགས་ཀྱི་ཕྱག་མཚན་རྡོ་རྗེ། འཁོར་ལོ། རིན་ཆེན། པདྨ། རལ་གྲི་རྣམས་སུ་གྱུར། དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་དང་ཀུན་ཏུ་བཟང་མོ། རྣམ་སྣང་དང་སྤྱན་མ། རིན་འབྱུང་དང་མཱ་མ་ཀཱི། མཐའ་ཡས་དང་གོས་དཀར་མོ། དོན་གྲུབ་དང་སྒྲོལ་མ་སྟེ་རིགས་ལྔ་ཡབ་ཡུམ་བཅུར་གྱུར། གཉིས་སུ་མེད་པའི་སྦྱོར་བ་མཛད་པས་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར་ནས་ཚོན་རྣམས་སོ་སོ་ལ་ཐིམ་ནས་དོན་ཡེ་ཤེས་ལྔའི་རང་བཞིན་ལ་རྟགས་ཚོན་རྩི་ཁ་དོག་ལྔའི་འོད་རབ་ཏུ་འབར་བའི་རྣམ་པ་ཅན་དུ་གྱུར་པར་བསམ་མོ། །གསུམ་པ་བཀྱེ་བའི་ཐབས་ནི། སྟོད་ལས་ཀྱི་དབང་དུ་བྱས་ན། དབུས་ཕོ་བྲང་སྙིང་པོ་གྲུ་གསུམ་མཐིང་ནག །ཕྱི་རོལ་ཟླ་གམ་གསུམ་དམར་པོ། མུ་ཁྱུད་ནང་མ་དཀར་པོ། །འཁོར་ལོ་རྩིབས་བརྒྱད་སེར་པོ། རྩིབ་མཆན་དམར་པོ། ཕོ་བྲང་རྡོ་རྗེའི་མུ་ཁྱུད་མཐིང་ག །གྲུ་ཆད་ལྗང་ཁུ། སྒོ་ཁྱམས་ཕྱོགས་ཚོན། རྩིག་པ་དམར་སེར་དཀར་པོ་སུམ་སྦྲག །ཞིང་གི་ཀ་བ་དང་། མི་མགོའི་ཁ་བད་སྨུག་པོ་སྟེ། །ལྷག་མ་རྣམས་སྤྱི་དང་མཐུན་ཞིང་། སྨད་ལས་ཀྱི་དཀྱིལ་འཁོར་འདིར་མ་སྨོས་སོ། །བཞི་པ་དགོས་ཆེད་ནི་ཏིང་ངེ་འཛིན་གསལ་བའོ། །གཉིས་པ་རྫས་དགོད་པ་ནི། སློབ་དཔོན་གྱིས་བྱིན་གྱིས་བརླབ་པ་དང་། ལས་མཁན་གྱི་གནས་སུ་དགོད་པའོ། །ཐོག་མར་རྫས་རྣམས་བཤར་གདབ་པར་བྱ་སྟེ། ཕུར་པ་ཉི་ཤུ་རྩ་བདུན། བུམ་པ་ལྔ། ཛ་གད། གཏོར་མ། རཀྟ། མར་མེ། ཚེ། རྡོ་རྗེ། དྲིལ་བུ་ལ་སོགས་པ་རྣམས་སློབ་དཔོན་གྱི་མདུན་དུ་ཞིང་ཆེན་གྱིི་གཡང་གཞི་ལ་སོགས་པའི་སྟེང་དུ་དགྲམ་ལ་བྱིན་གྱིས་བརླབ་པར་བྱའོ། །ཁམས་གསུམ་ཡོངས་སྒྲོལ་གྱི་ཏིང་ངེ་འཛིན་གྱིས་ཕུར་པ་བྱིན་གྱིས་རློབ་པ་ལ། ཕུར་པ་རྣམས་ལྷ་ཚོགས་སུ་གཟི་བརྗིད་བསྐྱེད་ལ་གསོལ་བ་གདབ་སྟེ། ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེར་སྒྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་བུའི་ལྷ། །ཡེ་ཤེས་ཁྲོ་བོ་སྒྲུབ་པར་མཛོད། །ཕུར་པ་རྣམས་རང་གནས་སུ་དགོད་པ་ནི། །གཙོ་བོའི་ཕུར་པ་བླངས་ལ་འདི་སྐད་དོ། །ཧཱུྃ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཡང་སྤྲུལ་ཕྱག་བརྙན་མང་པོའི་ཚོགས་དང་བཅས། །ཕྲིན་ལས་ཞི་བས་མི་འདུལ་བར། །དྲག་པོའི་ལས་ཀྱིས་འདུལ་བའི་ཕྱིར། །དབུས་ཕྱོགས་ལྷ་ཆེན་བསྣོལ་བའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨཱོྂ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ས་མ་ཡ་ཧོཿ ས་མ་ཡ་སྟྭྂ། ས་མ་ཡ་ཏིཥྛ་ལྷན། དེ་ནས་ཕྱོགས་ཀྱི་ཕུར་པ་བླངས་ལ་འདི་སྐད་དོ། །ཧཱུྃ། སྟེང་གི་ཕྱོགས་ནས་རང་བྱུང་གྲུབ་པའི་ལྷ། །ཧཱུྃ་མཛད་སྒྲ་འབྱིན་ཕག་དང་སྨིག་བུའི་མགོ། །ཡང་སྤྲུལ་ཕྱག་བརྙན་མང་པོའི་ཚོགས་དང་བཅས། །ཕྲིན་ལས་ཞི་བས་མི་འདུལ་བར། །དྲག་པོའི་ལས་ཀྱིས་འདུལ་བའི་ཕྱིར། །སྟེང་ཕྱོགས་ཚངས་པ་བསྣོལ་བའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨཱོྂ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། ས་མ་ཡ་ཧོཿ ས་མ་ཡ་སྟྭྂ། ས་མ་ཡ་ཏིཥྛ་ལྷན། དེས་ཁྲོ་བོ་རྣམས་ལ་འགྲེའོ། །དེ་ནས་སྒོ་མའི་ཕུར་པ་བླངས་ཏེ། ཡེ་ཤེས་གཞལ་ཡས་སྒོ་བཞི་ནས། །འགུགས་འདྲེན་འཆིངས་སྡོམ་སྒོ་མ་བཞི། །ཕྲིན་ལས་ཞི་བས་མི་འདུལ་བར། །དྲག་པོའི་ལས་ཀྱིས་འདུལ་བའི་ཕྱིར། །དཀྱིལ་འཁོར་ཆེན་པོའི་སྒོ་བཞི་རུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཅེས་སྔགས་དང་བཅས་པས་དགོད་དོ། །རྣམ་དག་གཞལ་མེད་ཀྱི་ཏིང་ངེ་འཛིན་གྱིས་བུམ་པ་བྱིན་གྱིས་བརླབ་ལ་དགོད་པ་ནི། རིན་པོ་ཆེའམ་ས་ལ་རིན་པོ་ཆེ་བརྡར་བ་ལས་བྱས་པའི་བུམ་པ་མཚན་ཉིད་དང་ལྡན་པ་ལྔའམ་གཅིག་ལ། ཙནྡན་གྱིས་དཀར་པོར་བྱུགས་ལ། རིགས་ལྔའམ་ལྷག་པའི་ལྷའི་མཚན་མ་བྲི་ཞིང་། འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན། རས་ཁ་ཚར་མ་ཉམས་པས་མགུལ་ཆིངས་བྱས་ལ། གུ་གུལ་གྱི་དུད་པས་བདུག་སྟེ། སུམྦྷ་ནི་བཟླས་པའི་ཡུངས་ཀར་གྱིས་བྲབ། ཨཱོྂ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ཞེས་པས་ལྷའི་དལ་འགྲོའི་ཆུ་བཀུག་པར་བསམ་ལ། སྲོག་ཆགས་མེད་པའི་ཆུ་གཙང་མས་སུམ་གཉིས་ཙམ་གང་བར་བྱས། དེར་གཞུག་པའི་རྫས་ནི། ཀཎྜ་ཀ་རི། སླེ་ཏྲེ། རྒྱ་མཚོའི་ལྦུ་བ། དབང་པོ་ལག་པ། ཤུ་དག་དཀར་པོ་སྟེ་སྨན་ལྔ། ཨ་ཀ་རུ། ཙནྡན། དུ་རུ་ཀ །ཛཱ་ཏི། ཀྱི་ལྕེ་དཀར་པོ་སྟེ་སྤོས་ལྔ། ཏིལ། ནས། མ་ཤ་ཀ །སོ་བ། གྲོ་སྟེ་འབྲུ་ལྔ། ལན་ཚྭ། བུ་རམ། རྩི་མར། ཏིལ་མར། འབྲུ་མར་ཏེ་སྙིང་པོ་ལྔ། མུ་ཏིག །གསེར། དངུལ། བྱེ་རུ། མུ་མེན་ཏེ་རིན་ཆེན་ལྔ། དེ་ལྟར་ཉི་ཤུ་རྩ་ལྔ་གཞུག་ཅིང་། དེའི་སྟེང་དུ་རྡོ་རྗེ་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་བཞག་ལ་མེ་ཏོག་གམ་ཀུ་ཤའི་གདན་གྱི་སྟེང་དུ་གནས་མ་འཆོལ་བར་བཞག་ཅིང་། བུམ་པ་རྣམས་བདུད་རྩིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པྂ་ལས་པདྨ། ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་ཁྂ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པ། ཕྱི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་དུ་བསྐྱེད་པའི་ནང་དུ། ལྷ་ཚོགས་བཞི་བཅུ་རྩ་དྲུག་ཚང་བར་བསྒོམས་ལ། ཡེ་ཤེས་པ་གཞུག་ཅིང་། གཉིས་སུ་མེད་པར་གྱུར་པ་ལ། མཆོད་བསྟོད་བྱས་ལ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་ལ་བཏགས་པའི་མེ་ཏོག་གི་ཕྲེང་བ་བཟུང་ལ། ལྷ་སོ་སོའི་སྔགས་བརྒྱ་རྩ་བརྒྱད་བཟླས་པའི་མཐར། མཆོད་བསྟོད་བྱས་ལ། ལྷ་རྣམས་བྱང་སེམས་ཀྱི་རང་བཞིན་དུ་ཞུ་བ་ལས་བུམ་པ་བྱང་ཆུབ་སེམས་ཀྱི་བདུད་རྩིའི་དྲི་མ་མེད་པས་ཁེངས་པར་བསམ་མོ། །དགོད་པ་ནི། ཧཱུྃ། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །བཞུགས་གནས་དམ་པའི་ཕོ་བྲང་སྟེ། །རིན་པོ་ཆེ་ཡི་བུམ་པ་འདི། །དཀྱིལ་འཁོར་ཆེན་པོའི་རྒྱན་དུ་བཞུགས་སུ་གསོལ། །བྷྲཱུྂ་ཙཀྲ་མཎྜ་ལ་ས་མ་ཡ་ཏིཥྛ་ལྷན། འབྱུང་བ་བཅུད་ལེན་གྱི་ཏིང་ངེ་འཛིན་གྱིས་བདུད་རྩི་བྱིན་གྱིས་བརླབ་པ་ནི། ཨཱོྂ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཁྱད་པར་རྨད་དུ་བྱུང་བའི་ཏིང་ངེ་འཛིན་གྱིས་གཏོར་མ་བྱིན་གྱིས་བརླབ་པ་ནི། ཨཱོྂ་མ་ཧཱ་བ་ལིང་ཏ་ཏེ་ཛོ་བ་ལིང་ཏ་བ་ལ་བ་ཏེ་གུ་ཧྱ་ཧྲི་ཤོ་ས་མ་ཡ་སྭཱ་ཧཱ། ཐུགས་རྗེ་ཆགས་པའི་ཏིང་ངེ་འཛིན་གྱིས་རཀྟ་བྱིན་གྱིས་བརླབ་པ་ནི། ཨཱོྂ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ། བདུད་རྩི་དགོད་པ་ནི། ཧོཿ འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དཔའ་བོ་འདི། །དུས་གསུམ་རྒྱལ་བའི་ཡུམ་མཆོག་མཱ་མ་ཀཱི། །མཐུ་དང་གཟི་བརྗིད་ཆེ་བས་བདུད་བཞི་འདུལ། །སྐལ་ལྡན་རྣམས་ཀྱི་ཛ་གད་དཔའ་བོ་འདི། །སྐལ་མེད་རྣམས་ཀྱི་རྐྱེན་དང་མི་འཚམས་ཏེ། །སྐལ་ལྡན་ཐུགས་རྗེ་ཅན་གྱི་བཞེས་སུ་གསོལ། །འབུལ་ནི་ཡེ་ཤེས་ལྷ་ལ་འབུལ། །མཆོད་ནི་དུས་གསུམ་སངས་རྒྱས་མཆོད། །སྐོངས་ནི་དམ་ཅན་ཐུགས་དམ་བསྐང་། །སྦྱངས་ནི་ཡུན་གྱི་དྲི་མ་སྦྱོངས། །ཐུགས་དམ་བསྐང་ངོ་བྱིན་གྱིས་བརླབ་ཏུ་གསོལ། །གཏོར་མ་དགོད་པ་ནི། ཧོཿ གཞོང་པ་རྣམ་དག་ཆོས་ཀྱི་དབྱིངས། །གཏོར་མ་ཡེ་ཤེས་ཕྱག་རྒྱའི་ཚོགས། །ཚེ་དང་གལ་གཉིས་མཐུན་བསྡེབས་ནས། །རཀྟ་དམར་གྱི་ཐིག་བཀྱེ་སྟེ། །དཀྱིལ་འཁོར་ལྷ་ལ་འབུལ་ལོ་བཞེས་སུ་གསོལ། །དེ་ནས་རཀྟ་དགོད་པ་ནི། ཧོཿ སྐལ་ལྡན་རིགས་ཀྱི་ཁྲོ་མོ་ནི། །རྡོ་རྗེ་སྒེག་མོ་འདོད་ཆགས་ཆེ། །འདོད་ཅིང་ཆགས་པའི་གཙོ་མོ་སྟེ། །མ་ཧཱ་རཀྟའི་དཀྱིལ་འཁོར་དུ། །མཱུ་ལ་རཀྟའི་མཆོད་པ་འབུལ། །ཆགས་པ་ཐུགས་རྗེས་བསྒྲལ་ཕྱིར་བཞེས་སུ་གསོལ། །དབྱིངས་དང་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱིས་མར་མེ་བྱིན་གྱིས་བརླབ་ཅིང་དགོད་པ་ནི། ཧོཿ ཀོང་བུ་ཀུན་བཟང་ཡུམ་གྱི་མཁའ། །སྡོང་བུ་ཕྱག་རྒྱ་ཡབ་ཀྱི་མཁའ། །མར་ཁུ་བདེ་ཆེན་བྱང་ཆུབ་སེམས། །འདི་ནི་ཡེ་ཤེས་མེ་རུ་འབར། །སྲིད་པ་གསུམ་གྱི་འཁོར་བ་སྟོང་། །འབུལ་ནི་ཡེ་ཤེས་ལྷ་ལ་འབུལ། །མཆོད་ནི་དུས་གསུམ་སངས་རྒྱས་མཆོད། །ཡེ་ཤེས་སྣང་བ་བསྐྱེད་ཕྱིར་བཞེས་སུ་གསོལ། །ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་གྱིས་རྡོ་རྗེ་དང་དྲིལ་བུ་བྱིན་གྱིས་བརླབ་ཅིང་དགོད་པ་ནི། ཧཱུྃ། ཐབས་དང་ཤེས་རབ་གཉིས་མེད་དཀྱིལ་འཁོར་དུ། །ཐབས་ཀྱི་རྒྱལ་པོ་རིག་པ་གཏེར་གྱི་མཛོད། །དེ་བཞིན་གཤེགས་པའི་ཕྱག་མཚན་རྡོ་རྗེ་ནི། །རིག་པ་ཡེ་ཤེས་རྟགས་སུ་བཞུགས་སུ་གསོལ། །ཨཱོྂ་བི་དྷི་ཛྙཱ་ན་བཛྲ་ཧཱུྃ། ཧཱུྃ། དབྱིངས་དང་ཡེ་ཤེས་གཉིས་མེད་དཀྱིལ་འཁོར་དུ། །ཤེས་རབ་རྒྱལ་མོ་ཆོས་ཀྱི་དབྱིངས་ཀྱི་མཛོད། །དུས་གསུམ་རྒྱལ་བའི་ཡུམ་གྱི་དྲིལ་བུ་འདི། །ཆོས་ཀྱི་དབྱིངས་ཀྱི་རྟགས་སུ་བཞུགས་སུ་གསོལ། །ཨཱོྂ་མ་ཧཱ་དྷརྨ་དྷཱ་ཏུ་གཎྜེ་ཨ། འཆི་མེད་ཚེའི་ཏིང་ངེ་འཛིན་གྱིས་ཚེ་བྱིན་གྱིས་བརླབ་ཅིང་དགོད་པ་ནི། ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་ཚེ། །དཔག་ཏུ་མེད་པའི་འོད་དང་ལྡན། །རིགས་མཆོག་ཕྱག་རྒྱ་ལྔ་ལྡན་པས། །ཁམས་གསུམ་བདག་པོར་དབང་བསྐུར་རོ། །དཀྱིལ་འཁོར་བཞུགས་པའི་ལྷ་རྣམས་ཀུན། །ཚེ་ལ་བྱིན་ཀྱིས་བརླབ་ཏུ་གསོལ། །གཞན་ཡང་མཆོད་པའི་རྫས་དང་དཀྱིལ་འཁོར་གྱི་རྒྱན་རྣམས་དགོད་དེ། དཀྱིལ་འཁོར་གྱི་ཕྱོགས་བཞིར་གྲི་བཞི་དང་མེ་ལོང་བཞི་དགོད་པ་ནི། ཧཱུྃ། ཤེས་རབ་གྲི་བཞི་སེམས་དཔའ་བཞི་ཡི་རྟགས། །ས་དང་ནམ་སྙིང་སྤྱན་རས་རྡོ་རྗེ་འཛིན། །ཐུགས་ཀྱི་སེམས་དཔའ་དགྱེས་ཤིང་བརྟན་པར་བཞུགས། །རྣམ་དག་མེ་ལོང་སེམས་མ་བཞི་ཡི་རྟགས། །ལཱ་སྱེ་མ་ལེ་གཱིརྟི་ནིརྟཱི་མ། །ནང་གི་སེམས་མ་དགྱེས་ཤིང་བརྟན་པར་བཞུགས། །མཚམས་བཞིར་མདའ་བཞི་དར་བཞི་དགོད་པ་ནི། །ཐབས་ཀྱི་མདའ་བཞི་སེམས་དཔའ་བཞི་ཡི་རྟགས། །བྱམས་པ་སྒྲིལ་སེལ་ཀུན་བཟང་འཇམ་དཔལ་དབྱངས། །གསུང་གི་སེམས་དཔའ་དགྱེས་ཤིང་བརྟན་པར་བཞུགས། །ཤེས་རབ་དར་ཚོན་སེམས་མ་བཞི་ཡི་རྟགས། །པུཥྤེ་དྷཱུ་པེ་ཨཱ་ལོ་གནྡྷེ་མ། །ཕྱི་ཡི་སེམས་མ་དགྱེས་ཤིང་བརྟན་པར་བཞུགས། །དེ་ནས་བླ་རེ་བྲེས་པ་ནི། ཧཱུྃ། ཤེས་རབ་རྒྱལ་མོ་ཡུམ་གྱི་མཁའ་དབྱིངས་སུ། །མཐའ་དབུས་མེད་པར་དཀྱིལ་འཁོར་རང་བཞིན་ལ། །ཡིད་བཞིན་ལོངས་སྤྱོད་མཛེས་པའི་ཡོ་བྱད་འདི། །དཀྱིལ་འཁོར་ཆེན་པོའི་བླ་རེ་བྲེས་པར་བྱའོ། །ཐུན་མོང་གི་ལས་བདུན་ཉམས་སུ་བླང་བར་བྱ་སྟེ། དང་པོ་མཚམས་བཅད། གཉིས་པ་བཤགས་པ་བྱ། གསུམ་པ་བརྡ་སྒོ་དབྱེ། བཞི་པ་བརྡ་ཕྱག་འཚལ། ལྔ་པ་དམ་བཅའ། དྲུག་པ་རྟགས་གདབ། བདུན་པ་བྱིན་དབབ་བོ། །སྔ་མ་གཉིས་གཞུང་ལྟར་ལ། བརྡ་སྒོ་དབྱེ་བ་ནི། ཧོཿ ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི། །རྣལ་འབྱོར་བདག་ཉིད་ཆེན་པོའི་གནས། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ། །ཡེ་ཤེས་བཞི་ཡི་སྒོ་ཕྱེ་སྟེ། །ལྷ་དང་སློབ་དཔོན་གསལ་བར་སྟོན། །མ་དང་མཁའ་འགྲོ་གསལ་བར་སྟོན། །མཆེད་དང་ལྕམ་དྲལ་གསལ་བར་སྟོན། །ཆོས་སྐྱོང་སྲུང་མ་གསལ་བར་སྟོན། །ཨ་ལ་ལ་སྟེ་གསལ་བར་སྟོན། །བྷྲཱུྂ་ཙཀྲ་མཎྜ་ལ་པྲ་བེ་ཤ་ཡ་ཕཊ། དེ་ནས་བརྡ་ཕྱག་འཚལ་བ་ནི། ཧོཿ ཡེ་ནས་རྣམ་པ་ཀུན་ལྡན་པའི། །རྣལ་འབྱོར་དབྱིངས་སུ་ཕྱག་བགྱིའོ། །མགོན་པོ་སངས་རྒྱས་ཀུན་གྱི་གཙོ། །ཞེ་སྡང་རྡོ་རྗེ་རྒྱལ་པོའི་གཙོ། །ལྷ་ཚོགས་འཁོར་བཅས་རྒྱས་འདེབས་ལ། །དད་པས་རྟག་ཏུ་ཕྱག་བགྱིད་དོ། །རྡོ་རྗེ་སློབ་དཔོན་དཔལ་དང་ལྡན། །ཁྱད་པར་ས་ལ་ལྷུན་གྱིས་གྲུབ། །ལྷ་དང་སློབ་དཔོན་གཉིས་མེད་པའི། །རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཕྱོགས་དུས་ཀུན་ནས་འཁྱིལ་བའི་དཔལ། །གསལ་ལ་བརྟན་པའི་རྣལ་འབྱོར་པས། །མ་བུའི་འདུ་ཤེས་ཉེར་བཞག་ནས། །འདི་དང་ཕྱི་མ་མི་འབྲལ་བའི། །དམ་ཚིག་ཟུང་གིས་འབྲེལ་པའི་མཆེད། །གདུང་སེམས་གུས་པས་ཕྱག་བགྱིད་དོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ དེ་ནས་དམ་བཅའ་སྟེ། ཧོཿ དྲག་པོ་ལས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །རྩེ་གཅིག་མོས་པའི་སེམས་ཀྱིས་དམ་བཅས་ནས། །སྡིག་པ་མི་དགེའི་ལས་རྣམས་མི་བྱེད་ཅིང་། །རྩ་བ་ཡན་ལག་དམ་ལས་མི་འདའ་བར། །བྱང་ཆུབ་སེམས་མཆོག་བསྐྱེད་པར་དམ་བཅའ་འོ། །གཙོ་བོ་ལ་རྒྱན་གསོལ་བ་ནི། ཧཱུྃ། ཐེག་མཆོག་གླང་པོ་ཆེ་ཡི་ཀོ་རློན་ནི། །གཏི་མུག་འཁོར་བ་རྩད་ནས་བཅད་པའི་ཕྱིར། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་བྱའི་ཕྱིར། །རྣལ་འབྱོར་དབང་ཕྱུག་སྐུ་ལ་རྒྱན་དུ་གསོལ། །མ་ཉམས་བྱང་སེམས་ཞིང་གི་གཡང་གཞི་ནི། །འདོད་ཆགས་འཁོར་བ་རྩད་ནས་བཅད་པའི་ཕྱིར། །སོ་སོར་རྟོག་པའི་ཡེ་ཤེས་ཐོབ་བྱའི་ཕྱིར། །རྣལ་འབྱོར་དབང་ཕྱུག་སྐུ་ལ་རྒྱན་དུ་གསོལ། །དཔའ་གཏུམ་ཟ་བྱེད་སྟག་གི་ཤམ་ཐབས་ནི། །ང་རྒྱལ་འཁོར་བ་རྩད་ནས་བཅད་པའི་ཕྱིར། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་བྱའི་ཕྱིར། །རྣལ་འབྱོར་དབང་ཕྱུག་སྐུ་ལ་རྒྱན་དུ་གསོལ། །མཉེན་ལྕུག་འཁྲིལ་ལྡེམ་སྦྲུལ་གྱི་ཆུན་པོ་ནི། །ཞེ་སྡང་འཁོར་བ་རྩད་ནས་བཅད་པའི་ཕྱིར། །མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་བྱའི་ཕྱིར། ། རྣལ་འབྱོར་དབང་ཕྱུག་སྐུ་ལ་རྒྱན་དུ་གསོལ། ༈ །ཐོད་ཕྲེང་ཚར་གསུམ་ཕྲེང་བའི་ག་ཤལ་ནི། །ཕྲག་དོག་འཁོར་བ་རྩད་ནས་བཅད་པའི་ཕྱིར། །བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་བྱའི་ཕྱིར། ། རྣལ་འབྱོར་དབང་ཕྱུག་སྐུ་ལ་རྒྱན་དུ་གསོལ། །རྟགས་གདབ་པ་ནི། ཧོཿ ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཁའ་འགྲོའི་ཚོགས་དང་དམ་ཚིག་གཅིག་པའིི་ཕྱིར། །སངས་རྒྱས་ས་མཆོག་དག་ལ་དགོད་པའི་ཕྱིར། །བཅུད་ལྡན་ཞག་གི་ཟོ་རིས་བྲི་བར་བྱའོ། །ཞེས་པའི་ཤྭ་ལོ་ཀ་གཅིག་པོ་འདི། ཐལ་ཆེན་དང་། རཀྟ་ལའང་འགྲེའོ། །དཔྲལ་བར་ཐལ་ཆེན་གྱི་ཚོམ་བུས་མཚན་པར་བྱའོ། །ཤངས་དང་མཁུར་ཚོས་གཉིས་ལ་རཀྟའི་ཐིག་ལེའི་མཚན་མ་གདབ་པར་བྱའོ། །ཞག་གི་ཟོ་རིས་ནི་ཨོག་མའོ། །ཨཱོྂ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཨཱཿ ཞེས་པའི་སྔགས་ཀྱིས་གནས་མ་འཆོལ་བར་གདབ་བོ། །བྱིན་དབབ་ནི། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །དབུས་ཕྱོགས་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། །བུདྡྷ་ཁྲག་འཐུང་ཁྲོ་བོའི་ཚོགས། །ཀུན་ཀྱང་རྡོ་རྗེ་ཕུར་པའི་ལྷ། །རྡོ་རྗེ་ཕུར་པ་བསྒྲུབ་པའི་ཕྱིར། །དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས། །ཕུར་པ་འདི་ལ་དབང་ཞིག་བསྐུར། །མཐུ་དང་རྫུ་འཕྲུལ་དངོས་གྲུབ་སྩོལ། །རྟགས་དང་མཚན་མ་བསྟན་དུ་གསོལ། །ཨཱོྂ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། དེས་ཁྲག་འཐུང་རིགས་བཞི་ལ་འགྲེའོ། །དེ་ནས་དཀྱིལ་འཁོར་རྣམ་པ་གསུམ་བསྐྱེད། ཁམས་གསུམ་གྱི་སྲོག་ཡེ་ཤེས་སུ་དབང་བསྐུར། །ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས། །མཆོད་པ་འབུལ། དེ་ནས་བསྙེན་པ་ལ་འཇུག་སྟེ། །དེ་ལ་གཉིས་ལས། སྟོད་ལས་དང་འབྲེལ་ནས་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་དང་། སྨད་ལས་དང་འབྲེལ་བ་ངན་སྔགས་ཉེ་བར་བསྙེན་པ་གསུམ་རྫོགས་པར་བྱེད་པའོ། །དང་པོ་ལ་གཉིས་ཏེ། དང་པོ་རྫོགས་རིམ་ལ་སྦྱར་ནས་བཟླས་པ་བྱེད་ན། དང་པོ་འཛབ་ཁང་དབྱེ། བར་དུ་བཟླས། བསྐུལ། ཐ་མར་བསྟོད་པའོ། །དང་པོ་འཛབ་ཁང་དབྱེ་བ་ནི། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ཞེས་པ་ལ་སོགས་པས་དབྱེའོ། །བཟླས་པ་ནི། ཨཱོྂ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། བསྐུལ་བ་ནི། ཨཱོཾ། དུས་གསུམ་རྒྱལ་བའི་རང་བཞིན་སྐུ་གསུང་ཐུགས། །དབྱེར་མེད་ངོ་བོ་ཉིད་དུ་དབྱིངས་གཅིག་པས། །འགྲོ་བའི་དོན་དུ་སྤྲུལ་སྐུས་མཚན་མ་བསྟན། །དེ་ཉིད་ལས་སྤྲོས་ཡིག་འབྲུ་དགུ་རུ་སྣང་། །ཨ་ནི་རང་བཞིན་ཆོས་ཀྱི་སྐུ། །ན་རོ་གསུང་གི་རང་བཞིན་ལ། །ཟླ་ཚེས་མཉམ་ཉིད་ཡེ་ཤེས་ཏེ། །ཀླད་ཀོར་མཉམ་བཞག་ཨཱོྂ་དུ་རྫོགས། །དེ་ཕྱིར་ༀ་ནི་དཔལ་ཆེན་སྐུ། །རང་བྱུང་ཡེ་ཤེས་ཆེན་པོའོ། །བཛྲ་སྐྱེ་མེད་རྡོ་རྗེ་སྟེ། །ཀཱི་ལ་ཡ་ཡི་སྒྲ་གྲགས་པས། །ཕུར་བུ་ཡེ་ཤེས་ལྔ་རུ་འཕྲོ། །རྒྱུད་ལྔ་དུག་གསུམ་རྩད་བཅད་ནས། །སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན། །སརྦ་ཐམས་ཅད་མ་ལུས་ཏེ། །འགྲོ་རྣམས་བླ་མེད་དབྱིངས་སུ་སྒྲོལ། །བིགྷྣཱན་སྐྱེ་མེད་ཡེ་ཤེས་ཏེ། །བྂ་ནི་སྐྱེ་མེད་ཡུམ་གྱི་དབྱིངས། །དབྱིངས་དང་ཡེ་ཤེས་འོད་འཕྲོས་པས། །ཧཱུྃ་ནི་རྒྱུ་དང་འབྲས་བུ་སྟེ། །ཞབས་ཀྱུ་ཞེ་སྡང་དམྱལ་བ་འཇོམས། །མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། །འ་ནི་འདོད་ཆགས་ཡི་དྭགས་འཇོམས། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །ཧ་ནི་གཏི་མུག་བྱོལ་སོང་འཇོམས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །ཟླ་ཚེས་ཕྲག་དོག་ལྷ་མིན་འཇོམས། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །ང་ནི་ང་རྒྱལ་ལྷ་རྣམས་འཇོམས། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང་། །རང་བྱུང་ཡེ་ཤེས་གཉིས་སུ་རྫོགས། །བསྟོད་པ་ནི། །རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་སོ། །བསྐྱེད་རིམ་དང་སྦྱར་ཏེ་བཟླས་ན། ཁྲོ་བོ་བཅུ་དང་བཅས་པ་བྱ་སྟེ། །ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་རྒྱུའི་ཡིག་འབྲུ་ལ་བསྐྱེད་སྔགས་ཀྱིས་བསྐོར་བར་དམིགས་ལ། འཛབ་བསྐུལ་ལོ། །ཧཱུྃ། དབུས་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཐུགས་སྲས་བཛྲ་ཀཱི་ལ་ཡ། །ཡང་སྤྲུལ་ཕྱག་བརྙན་ཚོགས་དང་བཅས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །གསུང་ཀཱི་ལ་ཡ་ཡི་སྒྲ་སྒྲོགས་ཤིང་། །ཐུགས་མི་རྟོག་ཆོས་ཀྱི་དབྱིངས་ན་བཞུགས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ལུས་ངག་ཡིད་གསུམ་བྱིན་གྱིས་རློབས་མཛོད་ཅིག །ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། ཧཱུྃ། སྟེང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །ཧཱུྃ་ཆེན་སྒྲ་འབྱིིན་ཕག་དང་རྨིག་བུའི་མགོ། །ཡང་སྤྲུལ་ཕྱག་བརྙན་ཚོགས་དང་བཅས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །གསུང་ཀཱི་ལ་ཡ་ཡི་སྒྲ་སྒྲོགས་ཤིང་། །ཐུགས་མི་རྟོག་ཆོས་ཀྱི་དབྱིངས་ན་བཞུགས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ལུས་ངག་ཡིད་གསུམ་བྱིན་གྱིས་རློབས་མཛོད་ཅིག །སྔགས་དང་བཅས་པ་ཁྲོ་བོ་གཞན་རྣམས་ལའང་འགྲེའོ། །སྨད་ལས་དང་འབྲེལ་ནས་བསྙེན་པ་གསུམ་རྫོགས་པར་བྱེད་པ་ནི། ཡེ་ཤེས་ལྷའི་བསྙེན་པ་བསྐྱེད་རིམ་དང་འབྲེལ་ལོ། །དམ་ཅན་གྱི་བསྙེན་པ་ནི། །ཨཱོྂ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྂ་ཧོཿ ཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ། ཨ་པ་ར་ཛི་ཏེ། མ་ར་སེ་ན་པྲ་མརྔྷཱ་ན་ཡེ། ཆྒཻ་མོ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། ཅེས་བཟླས་ཤིང་བསྐུལ་ལོ། །ངན་སྔགས་བསྙེན་པ་ནི། སྔགས་དྲུག་བཟླས་ཤིང་འདོད་པའི་དོན་ལ་གསོལ་བ་གདབ། རྒྱས་པ་ལ་སྤྲོ་ན་གཞན་དུ་བལྟའོ། །དེ་ལྟར་བསྙེན་པ་བསྐྱལ་ཞིང་དུས་སུ་མཆོད་པ་བྱ། སྲོད་ཚོགས་ཐོན་ནས་གཏོར་མ་བཤམ། ལྷག་ཆོག་བྱ། རྟགས་གདབ། བྱིན་དབབ། ཚེ་ཆོག་རྒྱས་པར་བྱས། ཚེ་ལན་མང་དུ་བཀུག་སྟེ། ཚེ་དབང་བསྐུར་རོ། །དེ་ལྟར་བསྙེན་སྒྲུབ་རྫོགས་ནས། ནུབ་ཐ་མའི་ཐོ་རངས་དངོས་གྲུབ་བླང་བར་བྱའོ། །དེ་ལ་གསུམ། དང་པོ་དངོས་གྲུབ་ཀྱི་ཞལ་ཟས་བསགས་པ་ནི། ཟླ་ཕྲོམ། ཟླ་རྒྱས། འཇམ་དེས། གལ་ཕྱིས། མཱཾ་ས། ཛ་གད་ལ་སོགས་པ་རྣམས་བསགས་ཏེ། མར་དང་ཟན་ལ་སོགས་དཀར་བ་རྣམས་དཀྱིལ་འཁོར་གྱི་ཤར་དུ་བཞག །ཁུར་བ་དང་ཤིང་ཐོག་ལ་སོགས་སེར་བ་རྣམས་ལྷོ། ཤ་ལ་སོགས་དམར་བ་རྣམས་ནུབ། །ཆང་ལ་སོགས་སྔོ་བ་རྣམས་བྱང་། །རས་ཁ་ཚར་མ་ཉམས་པས་ཁ་བཅད། ཧྲཱིཿའམ་རྡོ་རྗེ་རྒྱ་གྲམ་བྲིས་ལ་རྒྱས་གདབ་བོ། །གཉིས་པ་བར་ཆད་བསལ་བའི་ཕྱིར་མཚམས་བཅད་ཅིང་བགེགས་བསྐྲད་དོ། །གསུམ་པ་དངོས་གྲུབ་བླང་བ་ལ་གཉིས། ལྷ་ལ་བླང་བ། མཚན་མ་རྫས་ལ་བླང་བའོ། །དང་པོ་ལ་གཉིས། མཆེད་རྣམས་ཀྱིས་དཀྱིལ་འཁོར་གྱི་མཐའ་བསྐོར་ལ། །དང་པོ་ལྷ་གནད་ལ་དབབ་པར་བྱ་སྟེ། ཨ་ཡི་གནས་ནས་སྐུ་བསྐྱོད་ལ། །གཟུགས་ཀྱི་ཕུང་པོ་གནས་གྱུར་པའི། །སྐུ་མཆོག་བུདྡྷ་ཧེ་རུ་ཀ །བུདྡྷ་ཀྲོ་དྷཱི་ཤྭ་རཱི་སྟྭྂ། །ཁྱོད་སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །ཡེ་ཤེས་ལྷ་ནི་བསྐུལ་བའི་ས་ལས་བཞེངས། །རྣལ་འབྱོར་དབང་ཕྱུག་གསོ་བའི་ཆོ་ག་མཛད། །ཁམས་གསུམ་སེམས་ཅན་བདེ་བའི་ས་ལ་བཀོད། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །དངོས་གྲུབ་སྩོལ་ཅིག་བུདྡྷ་ཧེ་རུ་ཀ །ན་རོའི་གནས་ནས་སྐུ་བསྐྱོད་ལ། །ཚོར་བའི་ཕུང་པོ་གནས་གྱུར་པའི། །ཡོན་ཏན་རཏྣ་ཧེ་རུ་ཀ །རཏྣ་ཀྲོ་དྷཱི་ཤྭ་རི་སྟྭྂ། །ཁྱོད་སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། ཡེ་ཤེས་ལྷ་ནི་བསྐུལ་བའི་ས་ལས་བཞེངས། །རྣལ་འབྱོར་དབང་ཕྱུག་གསོ་བའི་ཆོ་ག་མཛད། །ཁམས་གསུམ་སེམས་ཅན་བདེ་བའི་ས་ལ་བཀོད། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །དངོས་གྲུབ་སྩོལ་ཅིག་རཏྣ་ཧེ་རུ་ཀ །ཟླ་ཚེས་གནས་ནས་སྐུ་བསྐྱོད་ལ། །འདུ་ཤེས་ཕུང་པོ་གནས་གྱུར་པའི། །གསུང་མཆོག་པདྨ་ཧེ་རུ་ཀ །པདྨ་ཀྲོ་དྷཱི་ཤྭ་རཱི་སྟྭྂ། ཁྱོད་སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །ཡེ་ཤེས་ལྷ་ནི་བསྐུལ་བའི་ས་ལས་བཞེངས། །རྣལ་འབྱོར་དབང་ཕྱུག་གསོ་བའི་ཆོ་ག་མཛད། །ཁམས་གསུམ་སེམས་ཅན་བདེ་བའི་ས་ལ་བཀོད། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །དངོས་གྲུབ་སྩོལ་ཅིག་པདྨ་ཧེ་རུ་ཀ །ཐིག་ལེའི་གནས་ནས་སྐུ་བསྐྱོད་ལ། །རྣམ་ཤེས་ཕུང་པོ་གནས་གྱུར་པའི། །ཐུགས་མཆོག་བཛྲ་ཧེ་རུ་ཀ །བཛྲ་ཀྲོ་དྷཱི་ཤྭ་རཱི་སྟྭྂ། །ཁྱེད་སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །ཡེ་ཤེས་ལྷ་ནི་བསྐུལ་བའི་ས་ལས་བཞེངས། །རྣལ་འབྱོར་དབང་ཕྱུག་གསོ་བའི་ཆོ་ག་མཛད། །ཁམས་གསུམ་སེམས་ཅན་བདེ་བའི་ས་ལ་བཀོད། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །དངོས་གྲུབ་སྩོལ་ཅིག་བཛྲ་ཧེ་རུ་ཀ །འ་ཡི་གནས་ནས་སྐུ་བསྐྱོད་ལ། །འདུ་བྱེད་ཕུང་པོ་གནས་གྱུར་པའི། །ཕྲིན་ལས་ཀརྨ་ཧེ་རུ་ཀ །ཀརྨ་ཀྲོ་དྷཱི་ཤྭ་རཱི་སྟྭྂ། །ཁྱེད་སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །ཡེ་ཤེས་ལྷ་ནི་བསྐུལ་བའི་ས་ལས་བཞེངས། །རྣལ་འབྱོར་དབང་ཕྱུག་གསོ་བའི་ཆོ་ག་མཛད། །ཁམས་གསུམ་སེམས་ཅན་བདེ་བའི་ས་ལ་བཀོད། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །དངོས་གྲུབ་སྩོལ་ཅིག་ཀརྨ་ཧེ་རུ་ཀ །གཉིས་པ་ལྷ་ལ་བླང་བ་དངོས་ནི། ཧཱུྃ། མི་གནས་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཇི་ལྟར་བདག་གིས་བསྙེན་ཅིང་བསྒྲུབས་པ་ལས། །ཞག་གི་གྲངས་ཀྱང་ད་ནང་ཐེམས། །བསྙེན་པའི་ཚད་ཀྱང་ད་ནང་འཁྱོལ། །སྒྲུབ་པ་མིང་སྲིང་གི་གཏོར་མ་ཡང་ད་ནང་བཏང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །སྐྱ་རེངས་དང་པོ་ཤར་ཙམ་ན། །རི་རབ་རྩེ་ལ་གདུགས་ཀྱང་བརྡལ། །ཡི་དམ་ལྷ་དང་གནམ་དུས་བཏབ། །དངོས་གྲུབ་དང་པོ་དེར་ཡང་ཐོབ། །སྐྱ་རེངས་བར་པ་ཤར་ཙམ་ན། །རི་རབ་སྐྱེད་ལ་གདུགས་ཀྱང་བརྡལ། །མཁའ་འགྲོ་རྣམས་དང་བར་དུས་བཏབ། །དངོས་གྲུབ་བར་པ་དེ་ཡང་ཐོབ། །སྐྱ་རེངས་ཐ་མ་ཤར་ཙམ་ན། །འཛམ་བུ་གླིང་དུ་གདུགས་ཀྱང་བརྡལ། །རིག་འཛིན་རྣམས་དང་ས་དུས་བཏབ། །དངོས་གྲུབ་ཐ་མ་དེར་ཡང་ཐོབ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །མཚན་མ་མེད་པའི་དངོས་གྲུབ་སྩོལ། །མཚན་མ་རྫས་ཀྱི་དངོས་གྲུབ་སྩོལ། །གཉིས་ཀ་འབྲེལ་བའི་དངོས་གྲུབ་སྩོལ། །སྐུ་ལ་སྐྱེ་འཆི་འཕོ་འགྱུར་མེད་པ་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །གསུང་ལ་རྣམ་དག་འགགས་པ་མེད་པ་ཚངས་པ་དབྱངས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཐུགས་ལ་དུས་གསུམ་འཁྲུལ་པ་མེད་པ་མངོན་ཤེས་འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ནོར་ལ་འཛད་པ་མེད་པ་མི་ཟད་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །ཁམས་གསུམ་རླབས་ཀྱིས་སྤྱོད་མཛད་པའི། །མཐུ་ལྡན་གཤོག་པའི་དངོས་གྲུབ་སྩལ་དུ་གསོལ། །ས་བཅུ་རིམ་གྱིས་བགྲོད་མཛད་པའི། །མགྱོགས་ལྡན་ཞབས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །རྒྱ་མཚོར་མི་བྱིང་འཛུལ་མཛད་པའི། །མཐུ་ལྡན་རླུང་གི་དངོས་གྲུབ་སྩལ་དུ་གསོལ། །བཅུད་ལྡན་ཟས་དང་དབྱིག་ལྡན་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ་ཆེན་སྒྲ་འབྱིན་ཕག་དང་སྨིག་བུའི་མགོ། །ཡང་སྤྲུལ་ཕྱག་བརྙན་མང་པོའི་ཚོགས་དང་བཅས། །ཇི་ལྟར་བསྙེན་ཅིང་བསྒྲུབས་པ་ལས། །ཞག་གི་གྲངས་ཀྱང་ད་ནང་ཐེམས། །བསྙེན་པའི་ཚད་ཀྱང་ད་ནང་འཁྱོལ། །སྒྲུབ་པ་མིང་སྲིང་གི་གཏོར་མ་ཡང་ད་ནང་བཏང་། སྨོན་ལམ་ལ་དབང་བའི་དངོས་གྲུབ་སྩལ་དུ་གསོལ། །རྣམ་རྒྱལ་སོགས། །སེམས་ལ༴ དབྱུག་པ་སྔོན་པོ༴ ཡེ་ཤེས་ལ༴ གཤིན་རྗེ་གཤེད༴ ཚེ་ལ༴ མི་གཡོ་བ༴ སྐྱེ་བ་ལ༴ རྟ་མགྲིན༴ ཆོས་ལ༴ གཞན་གྱི་མི་ཐུབ༴ ཡོ་བྱད༴ བདུད་རྩི༴ ལས༴ ཁམས་གསུམ་རྣམ་རྒྱལ༴ མོས་པ་ལ༴ སྟོབས་པོ་ཆེ༴ རྫུ་འཕྲུལ༴ སངས་རྒྱས་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །གདུག་པའི་དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར། །ཇི་ལྟར་བསྙེན་ཅིང་༴ སོགས་ནས། ཡོན་ཏན་རྫོགས་པའི༴ ཡེ་ཤེས་གཞལ་ཡས་སྒོ་བཞི་ནས། །འགུགས་འདྲེན་འཆིང་སྡོམ་སྒོ་མ་བཞི། །ཇི་ལྟར༴ སོགས། ཕྲིན་ལས་རྣམ་བཞིའི༴ རྒྱལ་བའི་སྤྱན་སྔར་ཁས་བླངས་དམ་བཅས་པའི། །ཤྭ་ན་ལ་སོགས་དམ་ཅན་སྡེ་བཞི་རྣམས། །ཇི་ལྟར༴ ཞག་གི༴ བསྙེན་པའི༴ སྒྲུབ་པ༴ མཐུ་དང་རྫུ་འཕྲུལ་དྲག་པོ་ལ་དབང་བའི་དངོས་གྲུབ་རྩལ་དུ་གསོལ། །ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འོད་ཟེར་གྱི་ཚུལ་གྱིས་མཚོ་ལ་སྦྲང་ཆར་བབས་པ་ལྟར། དངོས་གྲུབ་ཀྱི་ཞལ་ཟས་རྣམས་ལ་སིབ་སིབ་ཐིམ་པར་བསམ་མོ། །དེ་ནས་དངོས་གྲུབ་ཀྱི་མཐའ་བསྡུ་བ་ནི། ཧཱུྃ། ཤར་རི་དཀར་མོ་དུང་གི་གཞལ་ཡས་ནས། །དཀར་མོ་ཆེན་མོ་དུང་གི་གཤོག་པ་ཅན། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་མཐའ་སྡུད་མ། །རྡོ་རྗེའི་རིགས་ཀྱི་དངོས་གྲུབ་རྩལ་དུ་གསོལ། །ལྷོ་རི་སྔོན་མོ་གཡུ་ཡི་གཞལ་ཡས་ནས། །སྔོན་མོ་ཆེན་མོ་གཡུ་ཡི་གཤོག་པ་ཅན། །རིན་ཆེན་རིགས་ཀྱི་དངོས་གྲུབ་རྩལ་དུ་གསོལ། །ནུབ་རི་དམར་པོ་བྱེ་རུའི་གཞལ་ཡས་ནས། །དམར་མོ་ཆེན་མོ་བྱེ་རུའི་གཤོག་པ་ཅན། །པདྨ་རིགས་ཀྱི་དངོས་གྲུབ་མཐའ་སྡུད་མ། །པདྨ་རིགས་ཀྱི་དངོས་གྲུབ་རྩལ་དུ་གསོལ། །བྱང་རི་སེར་པོ་གསེར་གྱི་གཞལ་ཡས་ནས། །སེར་མོ་ཆེན་མོ་གསེར་གྱི་གཤོག་པ་ཅན། །ལས་ཀྱི་རིགས་ཀྱི་དངོས་གྲུབ་མཐའ་སྡུད་མ། །ལས་ཀྱི་རིགས་ཀྱི་དངོས་གྲུབ་རྩལ་དུ་གསོལ། །དེ་ནས་མཚན་མ་རྫས་ལ་དངོས་གྲུབ་བླང་སྟེ། ཛ་གད་སྣོད་ཆེ་བ་གང་ལ་བདུད་རྩི་བཏབ་ལ། ཚུལ་བཞིན་དུ་བྱིིན་གྱིས་བརླབ་ནས་སྨན་མཆོད་བྱ། །དེ་ནས་ཀཱི་ལ་ཡ་བརྒྱ་རྩ་བརྒྱད་བཟླས་ལ། ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྟིམ་ལ་དངོས་གྲུབ་བླང་ངོ་། །དེ་ནས་རྣལ་འབྱོར་པ་རྣམས་དངོས་གྲུབ་ཀྱི་ཞལ་ཟས་ལ་རོལ་པར་བྱའོ།། ༈ །།ད་ནི་སློབ་བུའི་ཚོགས་ཡལ་བར་མི་བཏང་བའི་ཕྱིར་དབང་བསྐུར་བ་ལ་ལྔ་སྟེ། དང་པོ། རྡོ་རྗེ་སློབ་དཔོན་གྱིས་བགེགས་བསྐྲད། སློབ་མས་དབང་བསྐུར་ཞུ་བ་ཕུལ་སྟེ། སློབ་དཔོན་དམ་པ་དགོངས་སུ་གསོལ། །བཅོམ་ལྡན་རྡོ་རྗེ་གཞོན་ནུའི་དབང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དེ་རིང་བདག་ལ་བསྐུར་དུ་གསོལ། །དེ་ནས་སློབ་དཔོན་གྱིས་གནང་བ་སྦྱིན་ཏེ། མཆོག་ཏུ་གསང་བའི་ཆོས་འདི་ཡི། །ཁྱོད་ནི་གསང་བའི་སྣོད་ཡིན་ཏེ། །གསང་སྔགས་ཟབ་མོའི་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །དུས་གསུམ་སངས་རྒྱས་ཀུན་གྱི་དབང་། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཞེས་གནང་བ་བྱིན། དེ་ནས་སློབ་མས་མེ་ཏོག་འབུལ། བླ་མ་སངས་རྒྱས་ཀུན་དང་མཉམ། །དཀྱིལ་འཁོར་ལྷ་དང་བཅས་པ་ལ། །ཅི་འབྱོར་པ་ཡི་མེ་ཏོག་འབུལ། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཐུགས་རྗེས་དགོངས་ཏེ་བཞེས་ནས་ཀྱང་། །བདག་གི་རབ་གནས་མཛད་དུ་གསོལ། །དེ་ནས་སློབ་དཔོན་གྱིས་བུམ་པ་རྣམས་གཅིག་ཏུ་བསྡུས་ཏེ་བྱིན་གྱིས་བརླབ། གཞན་ཡང་དབང་རྫས་རྣམས་བྱིན་གྱིས་བརླབ། དེ་ནས་སློབ་བུ་རྣམས་གྲལ་རིམ་པར་འདུག་སྟེ། དབང་བསྐུར་བ་ལ། དང་པོར་བར་ཆད་བསལ་བའི་ཕྱིར་ཕུར་པའི་དབང་བསྐུར་ཏེ། ལྷ་ཕུར་རྣམས་གཅིག་ཏུ་བསྡུས་ནས་བསྐུར་བའི་གནས་ལག་ཏུ་བསྐུར་ལ། ཧཱུྃ། ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །སྒྲུབ་པའི་བགེགས་དང་བདུད་རྣམས་གཞོམ་པའི་ཕྱིར། །སྐྱེ་བོ་དམ་ཅན་རྣམས་ལ་དབང་བསྐུར་བས། །རིགས་ལྔ་བརྟུལ་ཞུགས་གྲུབ་པའི་དབང་ཐོབ་ཤོག །ཨཱོྂ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་བེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨཱཿ དེ་ལྟར་ཕུར་པའི་དབང་བསྐུར་བས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཐམས་ཅད་སློབ་བུ་ལ་ཐིམ་པས་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་ནུས་པའི་དབང་ཐོབ་པར་བསམ། དེ་ནས་ཚེའི་དབང་བསྐུར་ཏེ། ཧཱུྃ། སྐྱེ་ཤི་མེད་པ་རྡོ་རྗེའི་ཚེ་ཡི་དབང་། །སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་བས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས་ནས་ཀྱང་། །སྐྱེ་ཤི་འཁོར་བའི་སྡུག་བསྔལ་བྲལ་བར་ཤོག །ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཨ། བུམ་པའི་དབང་བསྐུར་ཏེ། ཆེ་བའི་ཡོན་ཏན་ཀུན་རྫོགས་ཤིང་། །བྱང་ཆུབ་སེམས་ཆུས་རབ་བཀང་བའི། །རྣམ་པར་དག་པའི་བུམ་པ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། དབུ་རྒྱན་གྱིས་དབང་བསྐུར་ཏེ། དེ་བཞིན་གཤེགས་པ་ཀུན་གྱི་རྒྱན། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་པོ་ཆེ་ཡི་དབུ་རྒྱན་དང་། །དར་དཔྱངས་དག་གི་དབང་བསྐུར་རོ། །ཨཱོྂ་རཏྣ་ཧཱུྃ་ༀ་སྭཱ་ཨཾ་ཧཱ་པྲ་བེ་ཤ་ཡ་ཕཊ་ཟེར། མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲྂ། ཅོད་པན་གྱིས་དབང་བསྐུར་སྟེ། ཆོས་ཉིད་ཅིར་ཡང་སྣང་བ་ལོངས་སྤྱོད་རྒྱན། །ནང་རྟགས་ཕྱིར་བསྟན་དར་དཔྱངས་ཁ་དོག་གསུམ། །ཆོས་ཀྱི་རྒྱལ་སྲིད་སྐུས་འདུལ་ཕྲིན་ལས་བཞི། །དར་དཔྱངས་དབང་མཆོག་དམ་པ་ཐོབ་པར་ཤོག །ཨཱོྂ་བཛྲ་རཏྣ་ཨཱརྻ་ལམྦྷོ་དྷ་ར་ཨ་བྷི་ཥིཉྩ་ཏྲཱྂ། རྡོ་རྗེའི་དབང་བསྐུར་བ་ནི། འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །དོན་གྱི་བྱང་ཆུབ་སེམས་ཡིན་ཏེ། །གཉིས་མེད་དོན་གྱི་ངོ་བོ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨཱོྂ་བུདྡྷ་ལོ་ཙ་ན་བཛྲ་ཧཱུྃ། དྲིལ་བུའི་དབང་ནི། དཔལ་ཆེན་འདི་ནི་ཤེས་རབ་ཀུན་གྱི་དངོས། །ཡེ་ཤེས་དག་པའི་ངོ་བོ་སྟེ། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨཱོྂ་བཛྲ་དྷརྨ་དྷཱ་ཏུ་གྷཎྜེ་ཨཱཿ མར་མེའི་དབང་ནི། དཔལ་ཆེན་ཡབ་ཡུམ་གསང་བའི་སྐུ་འདུས་པས། །སྐྱེ་མེད་དབྱིངས་ལས་ཡེ་ཤེས་མེ་འབར་བ། །སྐུ་གསུམ་ལྷུན་གྲུབ་དག་པའི་མར་མེ་འདིས། །ཀུན་གཞི་གནས་འགྱུར་སྤྱན་དགུའི་ཡེ་ཤེས་སྦྱིན། །བཛྲ་ཛྭ་ལ་ཛྙཱ་ན་ཛྭ་ལ་རྂ། གཏོར་མའི་དབང་ནི། ཡུམ་ལྔ་བྷ་གའི་ཀློང་ཡངས་སུ། །ཉི་ཟླ་ཐབས་དང་ཤེས་རབ་ལ། །ཚེ་དང་གལ་གཉིས་མཐུན་བསྡེབས་ནས། །དཀར་གྱི་ཐིག་བཀྱེ་དམར་གྱི་གུར་ཕུབ་པས། །ཐབས་དང་ཤེས་རབ་གཉིས་མེད་ཆོས་ཀྱི་དབྱིངས་སུ་སྡུད། །འདུས་མ་བྱས་པས་ཡེ་ཤེས་གྲོལ་བའི་དབང་། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དབང་ཐོབ་ཤོག །ཨཱོྂ་མ་ཧཱ་བ་ལིང་ཏ་ཏེ་ཛྭ་བ་ལིང་ཏ་ཨ་བྷི་ཥིཉྩ་ཨཱཿ དེ་ནས་ཞལ་ཟས། འཇིག་རྟེན་འདི་ཡི་སྲིད་པའི་ཞལ་ཟས་ལ། །འདོད་པའི་ཡོན་ཏན་མི་ཟད་གཏེར་བསྡུས་ཏེ། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །ཡིིད་བཞིན་འདོད་རྒུའི་གཏེར་ལ་དབང་བསྐུར་སྦྱིན། །འཇིག་རྟེན་འདི་དང་ཕྱི་མ་ལ་འདོད་པའི་ཡོན་ཏན་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པར་གྱུར་ཅིག །ཨ་ལི་ཨུ་ལི་སཾ་བྷོ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྐུ་གསུང་ཐུགས་ཡོན་ཏན་དང་ཕྲིན་ལས་ཀྱི་དབང་ཅི་རིགས་པར་བྱའོ། །དེ་ནས་བར་འདིར་དངོས་གྲུབ་ཀྱི་ཞལ་ཟས་ལ་རོལ། ལྷག་ཆོག་བྱ། གཏོར་མ་གནས་སུ་བསྐྱལ། ནང་དུ་ལོག་ལ་དཀྱིལ་འཁོར་བསྡུས་ཏེ། ཨཱོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འགྲོ་བའི་དོན་ལ་བྱོན། །མ་དག་པ་རྣམས་དག་པར་མཛོད། །མ་གྲོལ་བར་རྣམས་གྲོལ་བར་མཛོད། །སེམས་ཅན་མྱ་ངན་འདས་ལ་འགོད། །བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག །ཅེས་བརྗོད་ལ་དཀྱིལ་འཁོར་བསྡུ། བཤགས་པ་བྱ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། ཕྲིན་ལས་བཞིའི་བྲོ་བརྡུང་ངོ་། །དེ་ནས་སྨོན་ལམ་བཏབ་སྟེ། ཧོཿ དགོངས་སུ་གསོལ། གསན་དུ་གསོལ། རྡོ་རྗེ་སློབ་དཔོན་དང་། མཆེད་ལྕམ་དྲལ། གསང་མཚན་བདེ་བ་ལས་བྱུང་བ་རྣམས་ཀྱིས། དེ་རིང་རྒྱུ་འབྱོར་བ་ཡོན་གྱི་བདག་པོས་གཙོ་བྱས་ནས། དུས་གསུམ་བདེ་བར་གཤེགས་པ་རྣམས་མཆོད་པ་དང་། འགྲོ་བའི་དོན་བགྱིས་པ་དང་། བསྟན་པ་རིན་པོ་ཆེའི་དོན་དུ་དགྲ་བགེགས་གདུག་པ་ཅན་རྣམས་ཚར་བཅད་པའི་ཕྱིར། བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྒྲུབ་པ་ཚུལ་བཞིན་དུ་ཉམས་སུ་བླངས་པ་ལས། སེམས་ཅན་གྱི་རྐྱེན་དབང་དུ་གྱུར་ཏེ། ཡོ་བྱད་ཚུལ་བཞིན་དུ་མ་འབྱོར་བ་དང་། ལྷ་ཉེ་བར་མ་བསྒོམ་པ་དང་། སྙིང་པོ་དག་པར་མ་བཟླས་པ་དང་། བསྙེན་པ་ཡུན་ཐུང་བ་དང་། ཏིང་ངེ་འཛིན་ཐང་ལྷོད་དུ་གྱུར་ཏེ། ཚུལ་བཞིན་དུ་རྔོ་མ་ཐོགས་པ་རྣམས་མཐོལ་ཞིང་བཤགས་སོ། །ཕྲིན་ལས་སུ་བཅོལ་བ་ནི། ཡས་ཀྱི་བདུད་གཡོས་པ། མས་ཀྱི་སྲི་ལངས་པ། ཕ་ཁུའི་རྒན་སྲི། མ་བུའི་བྱུར་སྲི། ཚའི་ཆུང་སྲི། རྣལ་འབྱོར་གྱི་དམ་སྲི། ལོ་སྐེག་དང་། ཟླ་སྐེག །ཞག་སྐེག །ཟ་སྐེག །གཤེད་བཞི། བྱོལ་ཟོར། ཆགས་ཆེ་བ། ཉམ་ང་བ། རྨི་ལམ་ངན་པ། མཚན་མ་ངན་པ། ལྟས་ངན་པ་ཐམས་ཅད་ཐུགས་རྗེ་དྲག་པོའི་སྒོ་ནས་ཚར་གཅོད་པར་མཛད་དུ་གསོལ། དངོས་གྲུབ་ཏུ་གསོལ་བ་ནི། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་བཀྲག །མདོར་ན་དཔལ་ཆེན་པོ་གང་ལགས་པ། སྐུ་གསུང་ཐུགས་ཀྱི་ལྷ་མན་ཆད་ནས། རྒྱུད་དང་སྐལ་བར་ལྡན་པ་གང་ལགས་པ་དུས་ཕྱི་མ་ལ་བསྡད་མི་འཚལ་བར། ད་ལྟ་ཉིད་དུ་ཕྲིན་ལས་བསམ་པ་ཙམ་གྱིས་འགྲུབ་པ་དང་། གང་ལ་གང་དགོས་ཅི་ལ་ཅི་འཚམས་པའི་དངོས་གྲུབ་སྩལ་དུ་གསོལ། གཞན་ཡང་རྡོ་རྗེ་སློབ་དཔོན་དང་། མཆེད་ལྕམ་དྲལ་རྣམས་དགོངས་པ་ལྷུན་གྱིས་གྲུབ་པའི་ངང་ལ་བཞུགས་ཏེ། ཡེ་ཤེས་བླ་མའི་ས་ནོན་ནས། ཐེག་པ་ཆེན་པོའི་གནད་ཚུགས་ཤིང་། ཚེ་རིང་ཞིང་ནད་མེད་པར། འདི་ནས་ཤི་འཕོས་ནས་ཀྱང་། རྡོ་རྗེ་འཆང་གི་གྲལ་ཞབས་སམ། རྣམ་པར་དག་པའི་དབྱིངས་སམ། སྟུག་པོ་བཀོད་པའི་ཞིང་ངམ། ལྕང་ལོ་ཅན་གྱི་ཕོ་བྲང་དུ་སྐྱེས་ཏེ། གཅིག་གདོང་གཅིག་གིས་ཤེས་ནས། གཅིག་གི་འདྲེན་པའི་སློབ་དཔོན་གཅིག་གིས་བྱས་ནས། མངོན་པར་རྫོགས་པ་འཚང་རྒྱ་བ་ཁོ་ནར་གྱུར་ཅིག །ཅེས་བརྗོད་ལ། ཡི་གེ་བརྒྱ་པའི་ལྷག་ཆད་ཁ་བསྐང་། དེ་ནས་བཀྲ་ཤིས་བརྗོད། ཞག་གཅིག་གནས་བསྲུང་། ཞག་གསུམ་དུ་མི་ལ་ཕྱག་མི་བྱ། སྟོད་ལས་རིན་ཆེན་ཕྲེང་བའི་ལས་བྱང་འགྲོ་བ་སྨིན་བྱེད་ཅེས་བྱའོ།། ༈ །།སྨྱོས་ཀྱི་བན་ཆུང་དྷརྨ་ཤྲཱི་བདག །ལས་འཕྲོ་བཟང་པོས་ཇོ་སྲས་བུ་རུ་སྐྱེས། །མདོ་སྔགས་རིག་གནས་འགའ་ལ་བག་རེ་སྦྱངས། །དེ་ཡང་ཐོས་བསམ་བྱ་བ་གང་ལའང་། །འདུ་ལོངས་ལྟ་བུའི་བདུད་ཀྱི་བར་ཆད་ཀྱིས། །རྐྱེན་དབང་ཁོ་ནས་མཐའ་རུ་མ་འཁྱོལ་མོད། །འོན་ཀྱང་གཏེར་ཆེན་བླ་མའི་སྐུ་དྲིན་གྱིས། །དམ་ཆོས་འགའ་ཐོས་ཁྱད་པར་ཕུར་སྐོར་འདི། །བྱ་བཏང་འཁྲུལ་ཞིག་ཀློང་ཡངས་འོད་གསལ་ལ། །ཞོར་ཆོས་མ་ཡིན་ཆེད་གཏད་ཞུ་རུ་ཕྱིན། །དཔེ་རྒྱུན་འདིའང་བསྟན་ལ་བསམ་ནས་བྲིས། །འོན་ཀྱང་དེང་སང་ཆོས་པ་ཕལ་མོ་ཆེས། །དམ་པའི་ཆོས་ལས་ཇ་ཆང་ཕོར་རེ་འདམ། །དེ་ཕྱིར་སུ་ལའང་མཁོ་མེད་གླེགས་བམ་གྱིས། །བསྟན་པ་ལ་ཡང་ཕན་པ་ཨེ་རང་འགྱུར། །ཕཊ།། །།

དཔལ་རྡོ་རྗེ་ཕུར་པའི་སྨད་ལས་དུག་ཕུར་ནག་པོའི་ལས་བྱང་། དྷརྨ་ཤྲཱི།

དཔལ་རྡོ་རྗེ་ཕུར་པའི་སྨད་ལས་དུག་ཕུར་ནག་པོའི་ལས་བྱང་བཞུགས་སོ། །སྨྱོས་བཙུན་དྷརྨ་ཤྲཱིའི་དཔེའོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །ཕུན་སུམ་ཚོགས་པའི་སློབ་དཔོན་གྱིས། །བསྙེན་པ་རྣམ་གསུམ་རྫོགས་བྱས་ནས། །དགྲ་བགེགས་རྣམ་གཉིས་བསྒྲལ་བའི་ཕྱིར། །དྲག་པོའི་གནས་སུ་དཀྱིལ་འཁོར་བྲི། །ཐུན་མོང་ལས་རྣམས་རྫོགས་བྱས་ནས། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །སྤྱན་དྲངས་མཆོད་ཅིང་བསྙེན་པ་འབུལ། །དྲུག་དྲུག་སུམ་ཅུ་རྩ་དྲུག་གིས། །སྒྲུབ་པའི་ལས་རྣམས་རྫོགས་བྱས་ལ། །དྲག་པོའི་ལས་ལ་སྦྱར་བར་བྱ། །ཨཱོྂ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། ཨཱོྂ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྂྂ་ཧོཿ ཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ། ཨ་པ་ར་ཛི་ཏེ། མ་ར་སེ་ན་པྲ་མརྡྷཱ་ན་ཡེ། ཆེ་གེ་མོ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། དམ་ཚིག་ཆེན་པོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཧ་ས་ཡ་ར། ཧ་ས་ཡ་ར། ཧྲཱིཿདཎྜ་ཧཱུྃ་ཕཊ། སྤྲུལ་པ་ཆེན་པོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ། ཕྱག་བརྙན་ཆེན་པོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །ཤྲཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ། ཤྭ་ན་མུ་ཁའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ། ས་བདག་ཆེན་མོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། བདག་ཉིད་ཆེན་མོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ལ་ཉན་པར་གྱིས། །བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་མོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་བསྭེ་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་འདུས་གྱུར་ནས། །བསྒོ་བའི་བཀའ་ལ་ཉན་པར་གྱིས། །ཨཱོྂ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་བིདྱཱ་ན་ཧཱུྃ་ཕཊ། ཆེ་གེ་མོ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུྃ་ཕཊ། ཧ་ན་ཧ་ན་ཧཱུྃ་ཕཊ། ལྷག་པོ་འདྲ་བས་བརྟགས། མཆན། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་བབ་བརྒྱད། བདག་ཅག་རིག་འཛིན་སྒྲུབ་པ་པོས། །ཞེས་པ་འགྲེ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །སྔོན་ཆད་ཇི་བཞིན་དམ་བཅས་པ། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ་མ་ར་སེ་ན་པྲ་མརྡྷཱ་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །དེས་འགྲེའོ། །བདག་ཅག་རིག་འཛིན་སྒྲུབ་པ་པོས། །དེས་འགྲེའོ། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །སརྦ་ཨཱ་ན་ཡ་ཧཱུྃ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། ས་བདག་ཆེན་མོའི་དུས་ལ་བབ། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེག་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། །ཨཱོྂ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྂ་ཧོཿ ཆེ་གེ་མོ་ཞིག་མཱ་ར་ཡ། ཏ་ཐཱ་ཡ་ཏ་ཐཱ་ཡ། ཤཱི་གྷྲཾ་ཀ་ར་ཡེ། མ་ར་སེ་ན་པྲ་མརྡྷཱ་ན་ཡེ། སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། ཁ་ཐཾ་ཁ་ཐཾ་ཁ་ཐཾ། ཞེས་ཉི་ཤུ་རྩ་གཅིག་བཟླས་སོ། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུྃ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ྄ཡ྅྅྅་ཀ་ར། ཨི་ནན་དྷ་ཏི་མ་མ་ཤཱི་གྷྲཾ་ཀ་ར་ཡེ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། ཨཱོྂ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་གརྫ་གརྫ་ཧཱུྃ་ཕཊ། ཅེས་པ་ལ་སོགས་པ་ཁྲོ་བོ་བཅུའི་སྔགས་ཀྱིས་ཐུན་བྲབ་བོ། །བདག་ཉིད་ཆེན་མོའི་དུས་ལ་བབ། མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །བྷིནྡྷ་ཡ་བྷིནྡྷ་ཡ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །སངས་རྒྱས་ཀྱི་མཐུའོ། །ཨབྷི་ཙཱརྱའི་དུས་ལ་བབ་པའི་བརྣག་པའོ། །བཛྲ་ཀཱི་ལ་ཡ། ཞེས་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱའོ། །བརྣག་པ་དེ་ཁོ་ན་ལའོ། །བཛྲ་ཀཱི་ལ་ཡ། ཞེས་ལན་བཅོ་བརྒྱད་བཟླས་པར་བྱའོ། །དཀར་ནག་གི་མཚམས་སུའོ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བཟླས་སོ། །ལང་ལབ་བྱང་ཆུབ་རྡོ་རྗེའི་རྩ་དུམ་འཁྲུགས་བསྡེབས་གདམས་ངག་དུག་ཕུར་ནག་པོའི་ལས་བྱང་རྫོགས་སོ། །བསྟན་ལ་བསམ་ནས་སྨྱོས་བཙུན་གྱིས་བྲིས། སྙིགས་དུས་ཀྱི་བསྟན་འཛིན་ཚོ་ལ་བཙོང་ན་བྲིན་ནམ་བསམ་མོ། །བཀྲ་ཤིས་ཤོག། ༈ །།རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་དུ་དམ་བསྲེ་ཞིང་དབང་བསྐུར་བའི་རིམ་པ་བཞུགས། དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །འདིར་རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་དུ་དམ་བསྲེ་ཞིང་དབང་བསྐུར་བའི་རིམ་པ་ལ། རེ་ཞིག་ཐོག་མར་བསྲེ་བའི་ཆོས་བཅུ་དྲུག་ལས། དང་པོ་བགེགས་བསྐྲད་ཅིང་མཚམས་བཅད་པ་ནི། བགེགས་གཏོར་བཏང་། དེ་ནས་བཀའ་བསྒོ་བ་ནི། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །དེ་བས་བཀའ་ལས་མ་འདའ་ཞིག །གསང་བའི་མཚམས་ལས་མ་འདའ་ཞིག །ཁྲོ་བཅུའི་སྔགས་བརྗོད་དེ། བླ་མ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བཅུ་ཡང་སྤྲུལ་སུམ་སྤྲུལ་དང་བཅས་པ་སྤྲོས་པས། སློབ་མ་རྣམས་ཀྱི་རྗེས་སུ་འབྲང་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་གྱུར། ཁྲོ་བོའི་ཚོགས་རྣམས་སླར་འདུས་གཡོན་བསྐོར་དུ་འཁོད་པས། ལོགས་ཐམས་ཅད་ཁྲོ་ཆུང་གི་ར་བ། སྟེང་ཐམས་ཅད་ཁྲོ་བོའི་གུར་ཏེ། ཁྲོ་བོའི་ར་གུར་གྱི་རང་བཞིན་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་བགེགས་ཀྱི་སྦྱོར་བས་ནམ་ཡང་མི་ཚུགས་པར་བསམ་མོ། །དེ་ནས་ཁྲུས་བྱས་ཏེ། གཉིས་པ་གནས་སུ་དྲང་བ་ནི། བླ་མས། འཁོར་བའི་སེམས་ཅན་ཐམས་ཅད་ཀུན། །རྒྱུད་ལྔ་ལམ་གྱི་སྒོ་བཅད་ན ས། །མཐོ་རིས་ཐར་པའི་སྒོ་ཕྱེ་སྟེ། །བླ་མེད་གནས་སུ་དྲང་བར་བྱའོ། །བཛྲ་ས་མ་ཡ་ཛཿ ཞེས་ཁྱེད་རང་རྣམས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ལམ་ནས་དྲངས་ཏེ་དཀྱིལ་འཁོར་གྱི་ཤར་སྒོར་ཡོལ་དྲུང་དུ་བཀུག་ལ། འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཁད་བསྲིངས་ཏེ་ཐར་པ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཉེ་བར་གྱུར་སྙམ་དུ་མོས་པ་མཛོད་བྱས་ལ། མིག་དར་གཡོགས། མེ་ཏོག་གཏད་ལ། གསུམ་པ་སེམས་བསྐྱེད་པ་ནི། ཁྱེད་རང་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བརྒལ་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་དུ་ཞུགས་པ་ལ་དབང་དང་དམ་ཚིག་ལེགས་པར་བླངས་ཏེ་སེམས་ཅན་གྱི་དོན་ཡང་དག་པར་བྱ་སྙམ་པའི་སྒོ་ནས་འདི་ཡི་རྗེས་ཟློས་མཛོད། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སངས་རྒྱས་ཉིད་དུ་རབ་བསྒྲུབ་ནས། །སེམས་ཅན་འཁོར་བར་འཁྱམས་པ་རྣམས། །བླ་མེད་གནས་སུ་བསྒྲལ་བར་བྱ། །ལན་གསུམ། བཞི་པ་དཀྱིལ་འཁོར་དུ་གཞུག་པར་ཞུ་བ་འབུལ་བ་ནི། གུས་འདུད་དྲག་པོ་དང་བཅས་ཏེ་བདག་ཅག་དཀྱིལ་འཁོར་གཉན་པོ་འདིར་འཇུག་པར་མཛད་དུ་གསོལ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ཧཱུྃ། རྡོ་རྗེ་སྐུ་ཡི་དཀྱིལ་འཁོར་དུ། །བདག་སོགས་འཇུག་པར་འཚལ་ལགས་ན། །ཐུགས་རྗེ་ཆེན་པོས་དགོངས་ནས་ཀྱང་། །བདག་གི་རབ་གནས་མཛད་དུ་གསོལ། །གསུང་དང་། ཐུགས་འགྲེའོ། །ཞེས་ལན་གསུམ། ལྔ་པ་གནང་བ་བྱིན་པ་ནི། བླ་མས་རིགས་ཀྱི་བུ་ཁྱོད་རྣམས་ལམ་བདེ་བས་འབྲས་བུ་བདེ་བ་ཆེན་པོ་སངས་རྒྱས་ཀྱི་བྱང་ཆུབ་མྱུར་དུ་ཐོབ་པར་བྱེད་པའི་ཐབས་གསང་སྔགས་རྨད་དུ་བྱུང་བའི་དཀྱིལ་འཁོར་ཆེན་པོར་འཇུག་པར་མོས་སམ། ཞེས་དྲི། སློབ་མས་ཀྱང་། མོས་ལགས། ཞེས་ཞུ། དེའི་ལན་དུ་བླ་མས། རིགས་ཀྱི་བུ་ཁྱོད་ཚུར་ཤོག་ཅིག །དེ་རིང་བདེ་གཤེགས་འཁོར་བཅས་ཀྱིས། །ཁྱོད་ནི་ནང་དུ་འཇུག་པ་ཡིན། །ཅི་འབྱོར་པ་ཡི་ཡོན་རྣམས་ནི། དེ་རིང་ཉིད་དུ་བདག་ལ་ཕུལ། །དྲུག་པ་ཡོན་འབུལ་བ་ནི། སྙིང་པོ་ལས། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་གསུངས་པ་ལྟར། ལུས་དང་ལོངས་སྤྱོད་གཅེས་དགུ་ཐམས་ཅད་ལྟོས་པ་མེད་པར་འབུལ་སྙམ་པའི་སྒོ་ནས་མཎྜལ་ཞིག་འབུལ་དུ་གཞུག །བདུན་པ་མེ་ཏོག་དོར་བ་ནི། འདི་ན་དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་བཞུགས་ཡོད་པས། ཚེ་རབས་སྔོན་ནས་ལས་འབྲེལ་ཡོད་པའི་ལྷ་དེས་བཞེས་སུ་གསོལ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་དང་བཅས་ཏེ་ལྟོས་པ་མེད་པར་དོར་མཛོད། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །རིག་པ་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི། །སྐུ་གསུང་ཐུགས་ཀྱི་དབྱིངས་སུ་འབུལ་ལགས་ན། །རྣལ་འབྱོར་རྣམས་ལ་དངོས་གྲུབ་སྩལ་དུ་གསོལ། །ཨཱོྂ་མ་ཧཱ་བོ་དྷི་ཙིཏྟ་ཧཱུྃ། པྲ་ཏཱིཙྪ་བཛྲ་ཧོཿ ཞེས་དོར། དེ་ཡང་དབུས་སུ་བབ་ན་རྡོ་རྗེའི་རིགས། ཤར་དུ་དེ་བཞིན་གཤེགས་པ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་ལས་ཀྱི་རིགས་སུ་ངེས་པར་འགྱུར་རོ། །ཞེས་བརྡའ་སྤྲད། བརྒྱད་པ་མིག་དབྱེ་བ་ལ་གཉིས་ཀྱི། དང་པོ་ཞུ་བ་འབུལ་བ་ནི། མ་རིག་མིག་གི་ལིང་ཐོག་གིས། །ཤིན་ཏུ་ལྡོངས་པར་གྱུར་ལགས་ན། །ཐུགས་རྗེ་ཆེན་པོས་དགོངས་ནས་ཀྱང་། །ཉོན་མོངས་དྲི་མ་བསལ་དུ་གསོལ། །ཞེས་ཞུ། གཉིས་པ་མིག་དབྱེ་བ་ནི། བླ་མས། ཧཱུྃ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས། །ཁྱོད་ཀྱི་མ་རིག་དྲི་མ་བསལ། །ཨཱོྂ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་མིག་དར་བཀྲོལ། ཡོལ་བ་བསལ་ཏེ། དེ་ཡང་ཚེ་རབས་ཐོག་མ་མེད་པ་ནས་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་པའི་མིག་ལེགས་པར་ཕྱེད་པས། རང་ལ་ཡེ་ནས་གནས་པའི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དེང་འདིར་གཟུགས་བརྙན་གྱི་དཀྱིལ་འཁོར་གྱིས་མཚོན་ནས་ཞལ་མངོན་སུམ་དུ་བཀྲ་ལམ་གྱིས་མཐོང་བར་གྱུར་སྙམ་དུ་མོས་པ་མཛོད། དགུ་པ་དམ་དབོག་པ་ནི། བླ་མས། རྡོ་རྗེ་སློབ་དཔོན་གཙོ་ཉིད་དང་། །རྡོ་རྗེ་མཆེད་དང་ལྕམ་དྲལ་ལ། །ལུས་དང་སྲོག་ལ་བབ་གྱུར་ཀྱང་། །ཞེ་སྡང་ངན་སེམས་མི་བསྐྱེད་དོ། །འདི་ནི་སྐུ་ཡི་དམ་ཚིག་སྟེ། །དམ་ཚིག་མཆོག་ལས་འདའ་མི་བྱ། །དམ་ཚིག་མཆོག་ལས་མ་འདའ་ཞིག །ལུང་དང་ལྡན་པའི་སློབ་དཔོན་གྱིས། །སྣོད་དང་ལྡན་པའི་སློབ་མ་ལ། །ཡི་དམ་གསང་བའི་ལྷ་ཕོག་སྟེ། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །འདི་ནི་གསུང་གི་དམ་ཚིག་སྟེ། །དམ་ཚིག་མཆོག་ལས་འདའ་མི་བྱ། །དམ་ཚིག་མཆོག་ལས་མ་འདའ་ཞིག །ཐུན་མོང་མ་ཡིན་གསང་ཆེན་འདི། །མན་ངག་གཞན་དུ་མི་སྤེལ་ལོ། །འདི་ནི་ཐུགས་ཀྱི་དམ་ཚིག་སྟེ། །དམ་ཚིག་མཆོག་ལས་འདའ་མི་བྱ། །དམ་ཚིག་མཆོག་ལས་མ་འདའ་ཞིག །སློབ་མས། ས་མ་ཡ་ན་ར་ཀན། ཞེས་བརྗོད། བཅུ་པ་དམ་ཚིག་བསྒྲག་པ་ནི། དམ་ཆུ་སློབ་མའི་ལྕེ་ལ་བཞག་ཅིང་། འདི་ནི་རྡོ་རྗེ་དམྱལ་བའི་ཆུ། །དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་མཆོག་ལས་མ་འདའ་ཞིག །སློབ་མ་ལ། ས་མ་ཡ་ན་ར་ཀན། ཞེས་བྲོ་བོར་དུ་བཅུག །དེ་ལྟར་དམ་ཚིག་གི་ཆུ་སྟེ་བཞག་པ་ལྕེ་ལ་བཞག་ཀྱང་། ཐིམ་པ་སྙིང་ལ་ཐིམ་ནས་ཧཱུྃ་མཐིང་ནག་ཞིག་ཏུ་གྱུར་ཏེ་དམ་ཚིག་མ་ཉམས་ན་ལྷག་པའི་ལྷ་རྡོ་རྗེ་སེམས་དཔར་གྱུར་ཏེ་མཐོ་རིས་དང་ཐར་པར་འདྲེན་པའི་ལམ་མཁན་བྱེད་ལ། གལ་ཏེ་དམ་ཚིག་ཉམས་པར་གྱུར་ན་ནི་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ཞེས་བྱ་བ་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་པར་གྱུར་ཏེ། འདིར་ཡང་ཚེ་ཐུང་ཞིང་ནད་མང་བ་ལ་སོགས་པ་སྡུག་བསྔལ་སྣ་ཚོགས་པ་སྟེར་ཞིང་། ཕྱི་མ་རྡོ་རྗེའི་དམྱལ་བར་ཁྲིད་པར་འགྱུར་རོ། །བཅུ་གཅིག་པ་དམ་ཚིག་ཁེ་ཉེན་བཤད་པ་ནི། དེ་ལྟར་སྐུའི་དམ་ཚིག་ལེགས་པར་བསྲུང་ན་སྲོག་གཅོད་པ་ལ་སོགས་པ་ལུས་ཀྱི་མི་དགེ་བ་རྩ་བ་ནས་འདག་ཅིང་སངས་རྒྱས་ཀྱི་སྐུ་མཚན་དཔེས་བརྒྱན་པ་ཐོབ་པར་འགྱུར་བ་དང་། གསུང་གི་དམ་ཚིག་ལེགས་པར་བསྲུང་ན་རྫུན་སྨྲ་བ་སོགས་ངག་གི་མི་དགེ་བ་རྩ་བ་ནས་འདག་ཅིང་སངས་རྒྱས་ཀྱི་གསུང་ཚངས་པའི་དབྱངས་ལྟ་བུར་ཐོབ་པར་འགྱུར་བ་དང་། ཐུགས་ཀྱི་དམ་ཚིག་ལེགས་པར་བསྲུང་ན་བརྣབ་སེམས་སོགས་ཡིད་ཀྱི་མི་དགེ་བ་རྩ་བ་ནས་འདག་ཅིང་སངས་རྒྱས་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་བ་དང་། གཞན་ཡང་ཡན་ལག་གི་དམ་ཚིག་རྩ་བ་ནས་ལེགས་པར་བསྲུང་ན་ཤེས་བྱའི་སྒྲིབ་པ་འདག་ཅིང་འཁོར་བའི་སྤྱོད་ཡུལ་ཡང་དག་པའི་ལམ་དུ་སློངས་པ་ཉིད་དུ་འགྱུར་རོ། །གལ་ཏེ་སྐུའི་དམ་ཚིག་ཉམས་ན་བསྐལ་པ་ཆེན་པོ་གཅིག་ཏུ་རྡོ་རྗེའི་དམྱལ་བར་སྐྱེ་ཞིང་། དེ་ནས་ཐོན་ནས་ཀྱང་བསྐལ་པ་མང་པོར་ལུས་ལ་མཛེ་ཤུ་སོགས་འབྱུང་བར་འགྱུར་རོ། །གསུང་གི་དམ་ཚིག་ཉམས་ན། བསྐལ་པ་ཆེན་པོ་གཉིས་སུ་རྡོ་རྗེའི་དམྱལ་བར་སྐྱེ་ཞིང་། དེ་ནས་ཐོན་ནས་ཀྱང་ཚེ་རབས་མང་པོར་ངག་དིག་ལྐུག་ལ་སོགས་པར་འགྱུར་རོ། །ཐུགས་ཀྱི་དམ་ཚིག་ཉམས་ན། བསྐལ་པ་ཆེན་པོ་གསུམ་དུ་རྡོ་རྗེའི་དམྱལ་བར་འགྲོ་ཞིང་། དེ་ནས་ཐོན་ནས་ཀྱང་ཚེ་རབས་མང་པོར་བརྒྱལ་ནད་དང་སྨྱོ་འབོགས་ལ་སོགས་པ་འབྱུང་བ་དང་། ཡན་ལག་གི་དམ་ཚིག་ཉམས་ན། ཕྱིན་ཆད་ཟབ་མོའི་ཆོས་དང་འཕྲད་པར་མི་འགྱུར་རོ། །བཅུ་གཉིས་པ་ལྷ་འབོགས་པ་ལ་གསུམ་སྟེ། མོས་པའི་ལྷ། བབས་པའི་ལྷ། ལྷག་པའི་ལྷའོ། །དེ་ལ་མོས་པའི་ལྷ་ནི། རང་གང་ལ་མོས་པ་དེ་དང་། །ལས་དང་ཐུགས་རྗེས་འབྲེལ་བ་ཉིད་ཡིན་པས་དེ་ཉིད་བསྒོམ་པས་ཆོག་ལ། གཉིས་པ་ནི་མེ་ཏོག་ཕོག་པའི་ལྷ་དེ་བསྒོམ་པས་དངོས་གྲུབ་ཉེ་ཞིང་། གསུམ་པ་ལྷག་པའི་ལྷ་ནི། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་སྐུ་ཁོ་ན་སྟེ། དེ་གསུམ་གང་ཡང་རུང་བའི་མངོན་རྟོགས་ཕོག་ལ། །ད་ཕྱིན་ཆད་ལུས་ཐ་མལ་གྱི་ཞེན་པ་དོར་ནས་ཡི་དམ་གྱི་ལྷ་འདི་དང་མ་བྲལ་བར་སྒོམས་ཤིག །བཅུ་གསུམ་པ་སྙིང་པོ་དབབ་པ་ནི། ལྷ་དེའི་ཐུགས་དམ་བསྐུལ་བའི་སྙིང་པོ། ཀཱི་ལ་ཡ་སོགས་གང་ཡིན་བརྗོད་ནས། ཞེས་བྱ་བ་འདི་ཡིན་པས་འདིའི་རྗེས་ཟློས་གྱིས་བྱས་ལ། ལན་གསུམ། ད་ཕྱིན་ཆད་ངག་ཐ་མལ་གྱི་ཞེན་པ་སྤངས་ཏེ་ཡི་དམ་ལྷའི་སྙིང་པོ་འདི་དང་མི་འབྲལ་བར་བཟླས་ཤིག །བཅུ་བཞི་པ་གསང་མཚན་གདགས་པ་ནི། མེ་ཏོག་ཕོག་པའི་ལྷ་གང་ཡིན་པའི་རིགས་དང་བསྟུན་ཏེ། དབུས་སུ་བབས་པ་རྣམས་ལ་རྡོ་རྗེ་རྒྱལ་པོ། ཤར་ལ་དེ་བཞིན་གཤེགས་པའི་བསྲུང་བ། ལྷོར་རིན་ཆེན་མྱུ་གུ། ནུབ་ཏུ་ཆོས་ཀྱི་དབང་ཕྱུག །བྱང་དུ་ལས་ཀྱི་རྡོ་རྗེའམ། ཡང་ན་སྐྱེས་པ་རྣམས་ལ་རྡོ་རྗེ་དྲག་པོ་རྩལ། བུད་མེད་རྣམས་ལ་རྡོ་རྗེ་དཔལ་ཕྲེང་མ། བྱིས་པ་རྣམས་ལ་རྡོ་རྗེ་མྱུ་གུ་རྩལ་དུ་གདགས་ཏེ། ཁྱོད་ཀྱི་གསང་མཚན་འདི་ཞེས་བྱ་བ། དེ་ལྟར་གསང་མཚན་དེ་རྣམས་མ་བརྗེད་པར་མཛོད་ཅིག །མ་འོངས་པའི་དུས་སུ་རང་རང་གི་རིགས་སུ་འཚང་རྒྱ་བའི་ཚེ། །ས་བླ་ས་སྟེང་ས་འོག་གསུམ་དུ་གྲགས་པར་འགྱུར་ཞིང་སེམས་ཅན་གྱི་དོན་བྱེད་པ་དང་། ཁྱད་པར་དུ་ཞེ་སྡང་ཅན་སོགས་རང་གི་རིགས་དང་མཐུན་པའི་གདུལ་བྱ་གང་ཡིན་པ་དེ་འདུལ་བར་འགྱུར་རོ། །བཅོ་ལྔ་པ་བཟླས་པའི་ཕྲེང་བ་གཏད་པ་ནི། སློབ་དཔོན་གྱི་ཐུགས་དམ་དང་མཆེད་གསར་པ་རྣམས་ཀྱི་ཕྲེང་བ་སྦྲེལ་ཏེ་ལག་ཏུ་གཏད་ནས། རིག་པ་སྲོག་གིས་སྦྲེལ་བའི་ཕྲེང་ཐག་ལ། །ཐབས་དང་ཤེས་རབ་འབྲེལ་བའི་ཕྲེང་བ་བརྒྱུས། །རྩེ་གཅིག་ལྷ་དང་འགྲོགས་པའི་ཏིང་འཛིན་གྱིས། །འཛབ་བསྙེན་ཟུར་མ་བཅག་པར་བགྲང་དུ་གསོལ། བྱས་ལ། ཀཱི་ལ་ཡའི་རྗེས་ཟློས་ཚར་གསུམ་བྱེད་དུ་གཞུག །བཅུ་དྲུག་པ་གྲལ་བསྲེ་བ་ནི། ཧཱུྃ། རྩ་བ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །བསྙེན་སྒྲུབ་རྣམ་བཞི་བསྙེན་ཅིང་སྒྲུབ་པ་དང་། །ཡི་དམ་ལྷ་ཡི་འཛབ་བསྙེན་བགྲང་བའི་ཕྱིར། །དམ་ཚིག་རྡོ་རྗེའི་གྲལ་དུ་མཆིས་པར་གནང་། །ད་ཕྱིན་ཆད་མཆེད་གསར་རྙིང་སྐལ་བ་མཉམ་པར་གྱུར་པ་ཡིན་པས་གྲལ་གཅིག་ལ་འདུག་པས་ཆོག་གོ། །ཞེས་གནང་བ་བྱིན། གལ་ཏེ་མཆེད་རྙིང་པ་ཡིན་ན་དེ་ལ་བསྲེ་བའི་ཆོ་ག་འདི་རྣམས་མི་དགོས་ཏེ་བསྲེ་བའི་སྔོན་དུ་དམ་ཆུ་སྦྱིན་ནས་མནའ་འཀག་པ་ཙམ་གྱིས་ཆོག་སྟེ་སྟོད་ལས་སུ་ཤེས་པར་བྱའོ། ༈ །དེ་ནས་དབང་བསྐུར་བའི་རིམ་པ་ལ་ལྔ་ལས། དང་པོ་བགེགས་བསྐྲད་པ་ནི། ཉོན་ཅིག་སོགས་ཀྱིས་བསྐྲད། དེ་ནས་གསོལ་བ་གདབ་པ་ནི། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ལ་ཡིད་ཀྱི་འཇུག་པས་ཕྱག་འཚལ་བ་སྔོན་དུ་འགྲོ་བའི་སྒོ་ནས་གུས་འདུད་དྲག་པོ་དང་བཅས་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དམ་པ་དགོངས་སུ་གསོལ། །བཅོམ་ལྡན་རྡོ་རྗེ་གཞོན་ནུའི་དབང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དེ་རིང་བདག་ལ་བསྐུར་དུ་གསོལ། །ཞེས་ལན་གསུམ། གསུམ་པ་སློབ་དཔོན་གྱིས་གནང་བ་བྱིན་པ་ནི། མཆོག་ཏུ་གསང་བའི་ཆོས་འདི་ཡི། །ཁྱོད་ནི་གསང་བའི་སྣོད་ཡིན་ཏེ། །གསང་སྔགས་ཟབ་མོའི་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །དུས་གསུམ་སངས་རྒྱས་ཀུན་ཀྱི་དབང་། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཞེས་གནང་བ་བྱིན། བཞི་པ་སློབ་མས་སློབ་དཔོན་ལ་ཞུ་བའི་ཡོན་དུ་མེ་ཏོག་འབུལ་བ་ནི། འདིའི་རྗེས་ཟློས་དང་བཅས་ཏེ་འབུལ་བར་ཞུ། བླ་མ་སངས་རྒྱས་ཀུན་དང་མཉམ། །དཀྱིལ་འཁོར་ལྷ་དང་བཅས་པ་ལ། །ཅི་འབྱོར་པ་ཡི་མེ་ཏོག་འབུལ། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཐུགས་རྗེས་དགོངས་ཏེ་བཞེས་ནས་ཀྱང་། །བདག་གི་རབ་གནས་མཛད་དུ་གསོལ། །དེ་ནས་ལྔ་པ་དབང་བསྐུར་བ་དངོས་ནི། དང་པོ་བར་ཆད་བསལ་ཕྱིར་ཕུར་བུའི་དབང་བསྐུར་ཏེ། ལྷ་ཕུར་རྣམས་གཅིག་ཏུ་བསྡུས་ལ་ལག་ཏུ་གཏད་ནས། ཧཱུྃ། ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །སྒྲུབ་པའི་བགེགས་དང་བདུད་རྣམས་གཞོམ་པའི་ཕྱིར། །སྐྱེ་བོ་དམ་ཅན་རྣམས་ལ་དབང་བསྐུར་བས། །རིགས་ལྔ་བརྟུལ་ཞུགས་གྲུབ་པའི་དབང་ཐོབ་ཤོག །ཨཱོྂ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་བེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨཱཿ དེ་ལྟར་ཕུར་པའི་དབང་བསྐུར་བས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཐམས་ཅད་ཁྱེད་རང་རྣམས་ལ་ཐིམ་པས་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་ནུས་པའི་དབང་དམ་པ་ཐོབ་པར་གྱུར་པའི་མོས་པ་མཛོད། དེ་ནས་བུམ་པའི་དབང་ནི། ལྷ་བུམ་ལྔ་གཅིག་ཏུ་བསྡུས་ནས་མགོ་ལ་བསྐུར་ཏེ། ཧཱུྃ། ཆེ་བའི་ཡོན་ཏན་ཀུན་རྫོགས་ཤིང་། །བྱང་ཆུབ་སེམས་རབ་ཆུས་བཀང་བའི། །རྣམ་པར་དག་པའི་བུམ་པ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས། ལས་དང་ཉོན་མོངས་པའི་དྲི་མ་ཐམས་ཅད་དག །ཡེ་ཤེས་ལྔ་མངོན་དུ་གྱུར་ཏེ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཁྲག་འཐུང་དཔལ་ཆེན་པོའི་ལྷ་ཚོགས་སུ་གསལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་ཚེའི་དབང་བསྐུར་བ་ནི། ཚེ་བུམ་མགོ་ལ་བསྐུར་ཏེ། ཧཱུྃ། སྐྱེ་ཤི་མེད་པ་རྡོ་རྗེའི་ཚེ་ཡི་དབང་། །སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་བས། །ཚེ་རིང་ནད་མེད་ཕུམ་སུམ་ཚོགས་ནས་ཀྱང་། །སྐྱེ་ཤི་འཁོར་བའི་སྡུག་བསྔལ་བྲལ་བར་ཤོག །ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཨ། དེ་ལྟར་ཚེའི་དབང་བསྐུར་བས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་བྲལ་ནས་མི་ཤིགས་པ་རྡོ་རྗེ་ཚེའི་དབང་དམ་པ་ཐོབ་པར་གྱུར་པའི་མོས་པ་མཛོད། དེ་ནས་དབུ་རྒྱན་གྱི་དབང་ནི། དབུ་རྒྱན་མགོ་ལ་བཀོན་ཏེ། དེ་བཞིན་གཤེགས་པ་ཀུན་གྱི་རྒྱན། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་པོ་ཆེ་ཡི་ཐོད་པའི་ཕྲེང་བ་དབུ་རྒྱན་དང་། །དར་དཔྱངས་དག་གི་དབང་བསྐུར་རོ། །ཨཱོྂ་རཏྣ་མ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྂ། དེ་ལྟར་དབུ་རྒྱན་གྱི་དབང་བསྐུར་བས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་མནན་ཏེ་རིགས་ལྔའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ཐོབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་ཅོད་པན་གྱི་དབང་ནི། དར་མཐིང་དམར་གྱི་ཅོད་པན་མགོ་ལ་བསྐུར་ཏེ། ཆོས་ཉིད་ཅིར་ཡང་སྣང་བ་ལོངས་སྤྱོད་རྒྱན། །ནང་རྟགས་ཕྱིར་བསྟན་དར་དཔྱངས་ཁ་དོག་གཉིས། །གསུམ་ཡང་སྣང་། ཆོས་ཀྱི་རྒྱལ་སྲིད་སྐུས་འདུལ་ཕྲིན་ལས་བཞི། །དར་དཔྱངས་དབང་མཆོག་དམ་པ་ཐོབ་པར་ཤོག །ཨཱོྂ་རཏྣ་ཨཱརྱ་ལམྦྷོ་དྷ་ར་ཨ་བྷི་ཥིཉྩ་ཏྲཱྂ། དེ་ལྟར་དར་མཐིང་དམར་གྱི་ཅོད་པན་གྱི་དབང་བསྐུར་བས་སྲིད་པ་གསུམ་དུ་གྲགས་ཤིང་ཆོས་ཀྱི་རྒྱལ་སྲིད་ལ་མངའ་བརྙེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་རྡོ་རྗེའི་དབང་ནི། རྡོ་རྗེ་ཐུགས་ཀར་གཏད་ལ། ཧཱ་ལས་དོན་གྲུབ། འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །དོན་གྱི་བྱང་ཆུབ་སེམས་ཡིན་ཏེ། །གཉིས་མེད་དོན་གྱི་ངོ་བོ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨཱོྂ་བུདྡྷ་ལོ་ཙ་ན་བཛྲ་ཧཱུྃ། དེ་ལྟར་རྡོ་རྗེའི་དབང་བསྐུར་བས་བདེ་བར་གཤེགས་པའི་ཐུགས་མི་རྟོག་པའི་ཡེ་ཤེས་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་དྲིལ་བུའི་དབང་ཨཱཿལས་སྣང་མཐའ། ནི། དྲིལ་བུ་མགྲིན་པར་གཏུགས་ལ། འདི་ནི་ཤེས་རབ་ཀུན་གྱི་དངོས། །ཡེ་ཤེས་དག་པའི་ངོ་བོ་སྟེ། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོ་བས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨཱོྂ་བཛྲ་དྷརྨ་དྷཱ་ཏུ་གྷཎྜེ་ཨཱཿ དེ་ལྟར་དྲིལ་བུའི་དབང་བསྐུར་བས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་དབང་ཐོབ་སྟེ། ཁམས་གསུམ་དུ་ཟབ་མོའི་ཆོས་ཀྱི་སྒྲ་སྒྲོག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་མར་མེའི་དབང་ནི། མར་མེ་སྙིང་གར་གཏུགས་ལ། །དཔལ་ཆེན་ཡབ་ཡུམ་གསང་བའི་སྐུ་འདུས་པས། །སྐྱེ་མེད་དབྱིངས་ལས་ཡེ་ཤེས་མེ་འབར་བ། །སྐུ་གསུམ་ལྷུན་གྲུབ་དག་པའི་མར་མེ་འདིས། །ཀུན་གཞི་གནས་འགྱུར་སྤྱན་དགུའི་ཡེ་ཤེས་སྦྱིན། །བཛྲ་ཛྙཱ་ན་ཛྭ་ལ་རྂ། དེ་ལྟར་མར་མེའི་དབང་བསྐུར་བས་བདེ་བར་གཤེགས་པའི་ཐུགས་ཡེ་ཤེས་དགུ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་གཏོར་མའི་དབང་ནི། གཏོར་མ་མགོར་བཞག་སྟེ། ཡུམ་ལྔ་བྷ་གའི་ཀློང་ཡངས་སུ། །ཉི་ཟླ་ཐབས་དང་ཤེས་རབ་ལ། །ཚེ་དང་གལ་གཉིས་མཐུན་བསྡེབས་ནས། །དཀར་གྱི་ཐིག་བཏབ་དམར་གྱི་གུར་ཕུབ་པས། །ཐབས་དང་ཤེས་རབ་གཉིས་མེད་ཆོས་དབྱིངས་སྡུད། །འདུས་མ་བྱས་པས་ཡེ་ཤེས་གྲོལ་བའི་དབང་། །ཐབས་དང་ཤེས་རབ་གཉིས་མེད་དབང་ཐོབ་ཤོག །ཨཱོྂ་མ་ཧཱ་བ་ལིང་ཏ་ཏེ་ཛོ་བ་ལིང་ཏ་ཨ་བྷིཥིཉྩ་ཨ། དེ་ལྟར་གཏོར་མའི་དབང་བསྐུར་བས་བདེ་གཤེགས་ཀུན་གྱི་ཐུགས་དམ་བསྐངས་ཤིང་བར་ཆད་ཐམས་ཅད་ཞི་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་ཞལ་ཟས་ཀྱི་དབང་ནི། ཞལ་ཟས་ཁར་བྱིན་ལ། འཇིག་རྟེན་འདི་ཡི་སྲིད་པའི་ཞལ་ཟས་ལ། །འདོད་པའི་ཡོན་ཏན་མི་ཟད་གཏེར་བསྡུས་ཏེ། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །ཡིད་བཞིན་འདོད་རྒུའི་གཏེར་ལ་དབང་བསྐུར་བྱིན། །འཇིག་རྟེན་འདི་དང་ཕྱི་མ་ལ་འདོད་པའི་ཡོན་ཏན་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པར་གྱུར་ཅིག །ཨ་ལི་ཨུ་ལི་ཏ་ལི་ཏ་པ་ལི་ཨ་བྷིཥིཉྩ་ཧཱུྃ། དེ་ལྟར་ཞལ་ཟས་ཀྱི་དབང་བསྐུར་བས་འཇིག་རྟེན་འདི་དང་ཕྱི་མ་ལ་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་ཅིང་མི་ཟད་པའི་གཏེར་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་པར་བསམ་མོ། །སརྦ་མངྒ་ལཾ།། །། ༈ དེ་དག་གིས་རོག་ཕུར་གྱི་གཞུང་པོད་ཡོངས་སུ་རྫོགས་པ་ཡིན་ནོ། །འདིར་གཏོགས་པའི་ཕུར་པའི་ཊཱི་ཀ་ཉི་མའི་འོད་ཟེར་ནི་ཟུར་དུ་ཡོད་དོ། །དགེའོ། ༈ །མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ། །མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ། །ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་བའི། །བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིག །མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །མི་འབྲལ་དུས་གསུམ་དགེ་ལེགས་ཤོག །

དཔལ་རྡོ་རྗེ་ཕུར་པའི་ཊཱི་ཀ་ཉི་མའི་འོད་ཟེར། སྙེ་མོ་ཇོ་སྲས་བསོད་ནམས་དཔལ།

དཔལ་རྡོ་རྗེ་ཕུར་པའི་ཊཱི་ཀ་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །གང་གི་སྟོང་ཉིད་དབྱིངས་སུ་བདུད་བཞིའི་དཔུང་རྣམས་བཅོམ་ཞིང་སྒེག་སོགས་བདེ་བའི་གར་ལྡན་སྲིད་ཞིའི་མཐའ་ལས་འདས། །ཡང་དག་བདག་གཞན་དཔལ་གྱུར་ཉོན་མོངས་ཁྲག་འཐུང་རྡོ་རྗེའི་སྐུ་ནི་དུས་གསུམ་འགྱུར་མེད་གཞོན་ནུའི་ཚུལ། །ཤེས་རབ་རྒྱས་འདེབས་ཡུམ་དང་མཉམ་སྦྱོར་དཀྱིལ་འཁོར་འཁོར་ལོའི་བདག་ཉིད་བླ་མར་བཅས་ལ་ཕྱག་འཚལ་ཏེ། །དེ་ཡི་སྒྲུབ་ཐབས་འོ་མའི་རྒྱ་མཚོ་རྣམས་ལས་མངོན་པར་རྟོགས་པ་དྲི་མེད་མར་གྱི་སྙིང་པོ་བྲི། །འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ལས་ཀྱི་རིགས་གདུལ་བྱ་གདུག་པ་ཅན་འཇིགས་པར་བྱེད་པ་དཔལ་ལྡན་ཁྲག་འཐུང་གི་སྐུར་སྣང་བ་ཧེ་རུ་ཀ་ལས་ཀྱི་རྒྱལ་པོ་ཞེས་ཀྱང་བྱ། དེ་བཞིན་གཤེགས་པ་མ་ལུས་པའི་ཐུགས་ཡེ་ཤེས་ཀྱི་སྣང་བས་གདུལ་བར་བྱ་བའི་དོན་རྟག་པར་རྒྱུན་མི་ཆད་པར་མཛད་པས་ཕྲིན་ལས་རྡོ་རྗེ་གཞོན་ནུ་ཞེས་ཀྱང་བྱ། ཚེགས་ཆུང་དུས་དོན་ཆེན་པོ་ལ་སྦྱོར་བ་ཞལ་གྱི་གདམས་པ་མངོན་པར་རྟོགས་པའི་ཁྲིགས་མ་ནོར་བར་བསྟན་པས་མན་ངག་རྩ་དུམ་འཁྲུགས་སྡེབས་ཞེས་བྱ་བ་འདི་ནི། ༈ དང་པོ་རྒྱུད་ཡིན་པའི་ཕྱིར་ཕུན་སུམ་རྒྱུད་ཀྱི་མཚན་ཉིད་ནི་འབྲེལ་ཞིང་རྒྱུན་ཆགས་ལ་དངོས་གྲུབ་སྒྲུབ་པའི་ཡན་ལག་མ་ཚང་བ་མེད་ཅིང་ཕུམ་སུམ་ཚོགས་པ་ལྔ་དང་ལྡན་པ་སྟེ། རྡོ་རྗེ་རྩེ་མོ་ལས། འབྲེལ་དང་མ་ཚང་མེད་ཕྱིར་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །ཞེས་སོ། །ཚོགས་པ་ལྔའི་སྒོ་ནས་བཤད་ན། སྟོན་པ་ཕུན་སུམ་ཚོགས་པ་ནི་སྤངས་རྟོགས་ཕུན་སུམ་ཚོགས་པ་ལས་བྱུང་བའི་གཟུགས་ཀྱི་སྐུ་རིགས་གཉིས་བསྡུས་ཀྱི་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་སྟེ། ༈ འཁོར་ཕུན་སུམ་ཚོགས་པ་ལ་གཉིས་ལས། གདུལ་བར་བྱ་བ་གདུག་པ་ཅན་གྱི་འཁོར་ནི། ལྷ་ཆེན་པོ་ཕྱོགས་སྐྱོང་དང་བཅས་པ་སྟེ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། ཞེས་སོ། །འདུལ་བྱེད་གཉན་པོའི་འཁོར་ནི། ཁྲོ་བོ་ཁྲོ་མོ་ཟ་བྱེད་གསོད་བྱེད་སྒོ་མ་དམ་ཅན་དང་བཅས་པ་རྣམས་ཏེ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། ཞེས་སོ། ༈ །དུས་ཕུན་སུམ་ཚོགས་པ་ནི། གང་གི་ཚེ་གདུལ་བྱ་འདུལ་བའི་དུས་ལ་བབས་པ་གང་ཡིན་པ་སྟེ། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་སོ། །གལ་ཏེ་རྒྱུད་ཡིན་ན། དངོས་པོ་བདུན་ཇི་ལྟར་ཚང་ཞེ་ན། དེ་ཁོ་ན་ཉིད་རྟོགས་པ་ལྟ་བ་ནི། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། ཞེས་དང་། སྤྱོད་པ་ནི། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །དཀྱིལ་འཁོར་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །དབང་ནི། དབང་དང་དངོས་གྲུབ་འདིར་སྩོལ་ཅིག །དམ་ཚིག་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །ཕྲིན་ལས་ནི། སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །སྒྲུབ་པ་ནི། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །ཞེས་པས་བསྟན་ཏོ། ༈ །གཉིས་པ་ལུང་ཡིན་པའི་ཕྱིར། སྤྱིར་ལུང་ལུང་གི་མཚན་ཉིད་ནི། མདོ་རྒྱུད་ལས་ཚིག་དུམ་བུར་ཕྱུངས་པ་ནི་དྲངས་པས་ཏེ། མདོ་ལས། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པས་རྫུན་གྱི་ངག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་སོ། །གཉིས་ཀྱི་སྒོ་ནས་བཤད་ན། སྤྱིར་ལུང་ལ་གཉིས་ཏེ། གཏན་ལ་འབེབས་པའི་ལུང་དང་། མངོན་དུ་ཕྱུང་བའི་ལུང་ལས། འདི་ནི་ཕྱི་མའོ། །དེ་ལའང་དྲང་བ་མཚན་ཉིད་ཀྱི་ལུང་དང་། །ངེས་པ་སྔགས་ཀྱི་ལུང་གཉིས་ལས། འདི་ནི་ངེས་པ་སྔགས་ཀྱི་ལུང་ངོ་། །དེ་ལའང་གཞི་གནས་སྦྱོར་བའི་ལུང་། མཐུན་འཇུག་སྤྱོད་པའི་ལུང་། བྱ་བྲལ་རྫོགས་པའི་ལུང་། རྣམ་གྲོལ་རིག་པའི་ལུང་དང་བཞི་ལས། འདི་ནི་ཕྱི་མ་རྣམ་གྲོལ་རིག་པའི་ལུང་ཞེས་བྱའོ། ༈ །གསུམ་པ་མན་ངག་ཡིན་པའི་མན་ངག་གི་མཚན་ཉིད་ནི། ཚེགས་ཆུང་ངུས་རྟོགས་ཤིང་ཐོབ་པར་དཀའ་བའི་འབྲས་བུ་འགྲུབ་པར་འགྱུར་བ་སྟེ། ཐབས་ཆེ་ཚེགས་ཆུང་དོན་དཔག་མེད། །བྱ་སླ་དཔགས་དཀའ་མན་ངག་གོ། །ཞེས་སོ། །ཕྱིར་དགོས་དོན་རྣམ་པ་བཞིའི་སྒོ་ནས་བཤད། སློབ་དཔོན་གྱི་ཆེ་བའི་ཡོན་ཏན་དང་དེ་ལས་བརྒྱུད་པའི་མན་ངག་ལ་ཡིད་ཆེས་པར་བསྟན་པ་དང་། རྒྱུད་གང་ནས་བཏུས་ཤིང་ཕྱོགས་གར་གཏོགས་པས་ཁུངས་ལ་ཡིད་ཆེས་པར་བསྟན་པ་དང་། དགོས་འགྲེལ་ཁྱད་པར་ཅན་གྱིས་སྒྲུབ་པ་ལ་བརྩོན་པར་བསྟན་པ་དང་། ས་གཅོད་ཀྱི་དབྱེ་བས་དོན་གྱི་དམིགས་བཟུང་བ་བསྟན་པའོ། ༈ །དང་པོ་ལ་བཞི་སྟེ། སློབ་དཔོན་གང་གིས་མཛད་པ་དང་། །དེ་ཉིད་ཀྱི་ཆེ་བའི་ཡོན་ཏན་དང་། དེ་ལས་བརྒྱུད་པའི་རིམ་པ་དང་། །ཡིད་ཆེས་པའི་ཚུལ་ལོ། ༈ །དང་པོ་འདི་མཛད་པའི་མཁན་པོ་ནི། དངོས་ཅག་བོད་ཀྱིས་མ་ཡིན་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཞེས་པས་མཛད་པའོ། །གཉིས་པ་དེ་ཉིད་ཀྱི་ཆེ་བའི་ཡོན་ཏན་ལ་དྲུག་སྟེ། སྐྱེ་ས་ཡུལ་གྱི་ཁྱད་པར་དང་། །སྐྱེ་བརྒྱུད་རིགས་ཀྱི་ཁྱད་པར་དང་། །རྟེན་སྐྱེ་གནས་ཀྱི་ཁྱད་པར་དང་། །སྦྱངས་པ་ལ་ཡོན་ཏན་གྱི་ཁྱད་པར་དང་། །བརྙེས་པ་དངོས་གྲུབ་ཀྱི་ཁྱད་པར་དང་། །ཕྲིན་ལས་ནུས་མཐུའི་ཁྱད་པར་ལས། ༈ །དང་པོ་སྐྱེ་ས་ཡུལ་གྱི་ཁྱད་པར་ནི། དཔལ་ཧེ་རུ་ཀའི་གནས་བཅུའི་དབུས། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་གཙོ་བོ། རིག་པ་འཛིན་པའི་གསང་མཛོད། །དཔལ་ཨོ་རྒྱན་གྱི་ཡུལ། དྷ་ན་ཀོ་ཥའི་གླིང་ལས། ཕོ་བྲང་ཐོར་ཅོག་ཅན་ཞེས་བྱའོ། ༈ །སྐྱེ་རྒྱུད་རིགས་ཀྱི་ཁྱད་པར་ནི། རང་བཞིན་དང་སྤྱོད་པ་གཉིས་ཆར་གྱིས་མ་སྨད་པ་རྒྱལ་རིགས་ཨིནྡྲའི་རྒྱུད་ལས། སྟོབས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཀའ་ཁྲིམས་དང་ཆོས་ཁྲིམས་ཀྱིས་ལེགས་པར་བསྟོད་པའི་ཡབ་རྒྱལ་པོ་ག་ཤ་ཞེས་བྱའོ། ༈ །རྟེན་སྐྱེ་གནས་ཀྱི་ཁྱད་པར་ནི། མངལ་གྱི་དྲི་མས་གོས་པ་མེད་པར་མེ་ཏོག་པདྨ་ལ་བརྫུས་ནས་སྐྱེས་པ་སྟེ། དེ་ནས་ཕོ་བྲང་ཐོར་ཅོག་ཅན་ནས་ལྷོ་ཕྱོགས་རྒྱུད་ཧ་ཅང་མི་རིང་བ་ཞིག་ན་མཚོ་མདངས་ལྡན་དྲི་མ་མེད་པ་ཞེས་བྱ་བ་ཞིག་ཡོད་པ་དེར། རྒྱལ་པོ་ཉིད་ཀྱི་ཕྱི་འཁོར་བ་རིགས་ངན་འགའ་ཞིག་གིས་ཉ་དང་དུང་ལ་སོགས་པ་བཤོར་དུ་ཕྱིན་པ་ལས། དུས་ལན་གཅིག་གི་ཚེ། མཚོ་དེའི་དཀྱིལ་ན་པདྨའི་སྡོང་པོ་ཞིག་ལ་ཁྱེའུ་བཟང་སྡུག་ལ་འོད་ཆགས་པ་ལོ་བརྒྱད་པའི་ཚོད་ཙམ་རྒྱན་དང་ཆ་ལུགས་ཕུན་སུམ་ཚོགས་པ་ཞིག་དགའ་བཞིན་དུ་རྩེ་ཞིང་འདུག་པ་མཐོང་ནས། དེ་རྒྱལ་པོའི་སྲས་བྱ་བ་འོས་པར་ཤེས་ནའང་། རྒྱལ་པོ་ཉིད་ལ་མ་དྲིས་ན་བཀའ་ཁྲིམས་དང་འགལ་དོགས་ནས་སླར་ལོག་ནས་ཞུས་པས། རྒྱལ་པོའི་ཞལ་སྔ་ནས་མདང་གི་རྨི་ལམ་དང་སྦྱར་ན་ངའི་རྒྱལ་སྲིད་ལེགས་པར་ཟིན་ཅིང་། ང་ཉིད་དམུས་ལོང་དུ་གནས་པའི་སྤྱན་ཡང་ཕྱེད་ཀྱི། །ཁྱེའུ་དང་པདྨའི་སྡོང་པོ་གཉིས་ཀ་ཁྱེར་ཤོག་ཅིག་གསུངས་ནས་འོངས་ཏེ། པདྨའི་སྡོང་པོ་དེ་གསོལ་བས་སྤྱན་ལེགས་པར་ཕྱེད་པར་གྱུར། ཁྱེའུ་ལ་སྲས་མཛད་དེ་མིང་ཡང་རྒྱལ་པོ་ཐང་བཟང་མཚན་བྱ་བར་བཏགས་སོ། །དེའི་ཚེ་དེ་ལ་གཅེས་པར་འཛིན་པའི་སྒོ་ནས་ཕྱི་རོལ་དུ་འགྲོར་མི་སྟེར་ཞིང་། རྒྱལ་པོ་ཉིད་དྲེགས་ཆོས་ཆེ་ཞིང་རྩེད་མོ་ལ་དགའ་བས། ཕྱག་ཆ་ཁ་ཊྭཱཾ་ཀ་དང་ཌཱ་མ་རུ་གཅིག་ཐོགས་ཏེ། ཕོ་བྲང་སོ་ཕག་གི་མཁར་རྩེ་མང་དུ་གནས་པའི་གཅིག་ནས་གཅིག་ཏུ་མཆོང་ཞིང་རྩེ་བའི་བར་དུ་ཕྱག་ཆ་ཁ་ཊྭཾ་ཀ་ཤོར་ཏེ། རྒྱལ་པོའི་ནང་བློན་པ་རྣམས་ལས་དབང་ཆེ་ཞིང་ཁྲིམས་ལ་མཁས་པ་ཀ་མ་ཏི་ཞེས་བྱ་བའི་བུ་གཅིག་ཕོ་བྲང་གི་འདབས་ན་གནས་པའི་མགོ་ལ་ཕོག་སྟེ་དེ་ཉིད་ཤི་བར་གྱུར་ཏོ། །དེ་ལ་བློན་པོ་རྣམས་ཀྱིས་བཀའ་ཁྲིམས་དང་མཐུན་པའི་ཆད་པ་གཅོད་དགོས་གླེང་སྟེ། རབ་གསལ་ཤིང་གི་རྩེ་ལ་བསད་པར་རིགས་ནའང་རྒྱལ་བུ་ཡིན་པས་ཆད་པ་ཐ་ཆུང་སྤྱུགས་པར་བྱས་ཏེ། ཡབ་རྒྱལ་པོའི་སྙན་དུ་གསོལ་ནས། །རྒྱལ་བུ་ལ་ཐུགས་བརྩེ་ཡང་བཀའ་ཁྲིམས་གཉན་པའི་སྟོབས་ཀྱིས་རྒྱལ་བུའི་ལག་ནས་བཟུང་སྟེ། འདི་སྐད་དུ། རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལས། །སྲས་ཀྱིས་ཕོངས་ནས་རྒྱལ་བུ་ཁྱོད་བཙལ་ཡང་། །ལས་ཀྱི་དབང་གིས་གྲོགས་པོ་ཕུག་པར་སོང་། །བློན་པོ་རྣམས་ཀྱིས་བཀའ་ཁྲིམས་དང་སྦྱར་ནས། །བསྡད་པའི་དབང་མེད་ཁྱོད་རང་གང་བདེར་སོང་། །ཞེས་གསུངས་ནས་སྙིང་གཏུགས་ཏེ་བཤུམས་པ་ལས། རྒྱལ་བུས་ཀྱང་། འཇིག་རྟེན་འདི་ན་ཕ་དང་མ་དཀོན་ཀྱང་། །ལྔ་ཕུང་ཙམ་གྱིས་བསྡུས་པའི་ཕུང་པོ་འདི། །ཐང་ཅིག་ཙམ་དུ་རྒྱལ་སྲིད་བཟུང་སྙམ་པས། །བསྡད་པའི་དབང་མེད་ད་ནི་གང་བདེར་འགྲོ། །ཞེས་བྱ་སྟེ། ཡབ་ཀྱི་ཞབས་སྤྱི་བོར་བླངས་ཏེ་ཕྱག་འཚལ་ནས་ནུབ་ཕྱོགས་ཨུ་རྒྱན་གྱི་ཕོ་བྲང་ནས་ཕྱིར་བྱུང་སྟེ། ལྷོ་ཕྱོགས་ཀྱི་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བར་ཕྱིན་ཏེ། ཡུལ་དེའི་ལུགས་ཀྱིས་མི་ཤི་བའི་རོ་གང་དག་རོ་གོས་དར་ཡུག་རེ་དང་རོ་ཟས་འབྲས་ཁལ་རེ་དང་བཅས་ཏེ་དུར་ཁྲོད་དུ་སྐྱེལ་བ་ལས། རོ་ཟས་ཟ་ཞིང་རོ་གོས་གྱོན་ཏེ་བསྡད་པས་ཅུང་ཟད་འཚོ་བར་གྱུར་ནའང་། ལན་གཅིག་ཡུལ་དེར་མུ་གེ་ཆེན་པོ་བྱུང་སྟེ། རོ་ཟས་སྐྱེལ་བ་མེད་པས་དུར་ཁྲོད་ཀྱི་རོ་རྣམས་ཟོས་པས་རང་བཞིན་གྱི་ནུས་པས། དུར་ཁྲོད་ན་གནས་པའི་འཇིག་རྟེན་གྱི་མཁའ་འགྲོ་མི་སྲུན་བྱ་གཅན་གསོད་པ་ཅན་གྱི་ཚོགས་དང་བཅས་པ་རྣམས་དབང་དུ་འདུས་སོ། །དེའི་ཕྱག་ཆ་མདའ་ལྔ་དང་གཞུ་གཅིག་ཀྱང་ཐོགས་ཏེ། དུར་ཁྲོད་དེར་ཕོ་བྱུང་བསད། མོ་བྱུང་ཐམས་ཅད་ལ་ལོག་པར་སྤྱད་པས་མིང་ཡང་སྲིན་པོ་ཤཱནྟ་རཀྵི་ཏ་ཞེས་གྲགས་སོ། །དེ་འདུལ་དགོས་པར་གྲོས་འཆམས་ཏེ་ཡུལ་དེའི་རྒྱལ་པོ་ཏྲི་དར་མ་ཞེས་བྱ་བ་འཕོངས་ཀྱི་སྒྱུ་རྩལ་ལ་ཤིན་ཏུ་མཁས་པ་དགྲར་མཚོན་ཆ་མི་ཚོར་བར་འཕོག་པ་ཞིག་ཡོད་པ་དེ་ལུང་པའི་མདོར་བསྒུག་ཏུ་བཅུག་ཅིང་། ཡུལ་གྱི་མི་རྣམས་ཀྱིས་རི་བཤུས་ཏེ་ལིང་བཏབ་པ་ན། སྲིན་པོ་འཁོར་དང་བཅས་པས་ཀྱང་ལུང་པའི་མདོར་འོངས་ཏེ། རྒྱལ་བུ་མི་མ་ཡིན་གྱི་ཟིལ་གྱིས་གནོན་ནས་སྲིན་པོ་མི་ལྔ་སྟེ་ལྕགས་ཀྱི་མདའ་ཞིག་རྒྱལ་པོའི་སྨིན་མཚམས་སུ་བརྒྱབས་ཏེ་ལྟག་ཁུང་དུ་ཕྱུངས་ནས་མ་ཐུབ་པར་ཤོར་བས་བདུད་ཤོར་བ་གཞོན་ནུ་ཞེས་ཀྱང་གྲགས་སོ། །དེས་རང་བཞིན་གྱིས་རིགས་སད་པའི་རྐྱེན་བྱས་ཏེ། འཁོར་བའི་ཆོས་དང་རང་གི་ལས་ལ་ཡིད་སུན་པའི་སྐྱོ་བ་དྲག་པོ་སྐྱེས་ནས་ཡང་དག་པའི་ཆོས་ཤིག་བྱ་བར་སེམས་པར་གྱུར་ཏོ། ༈ །སྦྱངས་བ་ཡོན་ཏན་གྱི་ཁྱད་པར་ནི། དེ་ཉིད་ཀྱི་ཚེ་རྒྱ་གར་ཤར་ཕྱོགས་ཀྱི་རྒྱུད་དུ་བྱོན་ནས། བྲག་དམར་བྱ་ཁྱུང་ཅན་ཞེས་བྱ་བ་ན་རྣལ་འབྱོར་གྱི་རྒྱུད་ལ་དངོས་གྲུབ་བརྙེས་པའི་སློབ་དཔོན་པྲ་བྷ་ཧ་སྟི་རྩལ་ཞེས་བྱ་བ་བཞུགས་པ་ལ་ལུས་ཀྱི་འཁོར་གསུམ་ཕུལ་ཏེ་རབ་ཏུ་བྱུང་ནས། ཡོངས་སུ་རྫོགས་པའི་དགེ་སློང་དུ་གྱུར་པའི་མཚན་ནི་ཤཱཀྱ་སེང་གེ་ཞེས་བྱ་བར་བཏགས་སོ། །དེའི་ཚེ་མཆེད་པོ་ཤཱཀྱ་པྲ་བྷ་ཞེས་བྱ་བ་དང་། ཤཱཀྱ་མི་ཏྲ་ཞེས་བྱ་བ་གཉིས་དང་ལྷན་ཅིག་ཏུ་བསྙེན་པར་རྫོགས་པར་མཛད་དེ་རྣལ་འབྱོར་གྱི་རྒྱུད་ཀྱི་སྒོར་ཞུགས་ནས། དེ་ཁོ་ན་ཉིད་འདུས་པའི་རྒྱུད་ཚར་གཅིག་གསན་ཏེ་ཚིམ་མམ་ཞེས་བྱ་བ་ན། གཉིས་པོས་ནི་ཚིམ་ཞེས་ཟེར་ནས་སོང་ལ། དགེ་སློང་ཤཱཀྱ་སེང་གེ་ནི་བློན་པོའི་བུ་ལག་ཏུ་ལྷུང་བས་ཐུགས་མ་བདེ་ནས་བདག་ནི་མ་ཚིམ་ཞེས་བྱས་ཏེ་ཚར་བདུན་གསན་པས་རྣལ་འབྱོར་ཕྱི་རྡོ་རྗེ་དབྱིངས་ཀྱི་ལྷ་སུམ་ཅུ་རྩ་བདུན་གྱི་ཞལ་གཟིགས་ཤིང་། རྣལ་འབྱོར་ཕྱི་པའི་རྒྱུད་ཀྱི་སྒོ་ནས་ལྷག་པའི་ལྷས་རྗེས་སུ་བཟུང་སྟེ། ཐུན་མོང་དངོས་གྲུབ་ཀྱང་ཅི་རིགས་པ་ཐོབ་མོད་ཀྱི། ད་ནི་རྣལ་འབྱོར་ཆེན་པོ་ནང་གི་སྒོར་ཞུགས་ཏེ་ཚེ་ལ་དབང་བའི་མཆོག་གི་དངོས་གྲུབ་ཅིག་སྒྲུབ་དགོས་དགོངས་ཏེ། རྨེ་ཁྲོད་ཀྱི་དུར་ཁྲོད་ན་ཡབ་རྒྱལ་པོ་ལ་གསུམ། ཡུམ་སྐྲའི་ལྭ་བ་ཅན་གྱི་སྲས་ཀུ་ཀུ་རཱ་ཛ་ཞེས་བྱ་བ། ཉིན་བཞིན་ཁྱི་མོ་ལྔ་བརྒྱར་སྤྲུལ་ཏེ་དམ་པའི་ཆོས་ཁྱིའི་སྐད་དུ་འཆད་ཅིང་། མཚན་བཞིན་ལྷ་མོ་ལྔ་བརྒྱར་སྤྲུལ་ཏེ་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་པ། བྱང་ཆུབ་སེམས་དཔའ་རིན་ཆེན་མང་གི་སྤྲུལ་པར་གྲགས་པ་ཞིག་བཞུགས་པ་ལ་ཞུར་ཕྱིན་པས། ངས་ཁྱོད་འདུལ་བའི་དུས་ལ་བབས་སམ་མ་བབས་ཡི་དམ་གྱི་ལྷ་ལ་དྲི་ཡི་གསུངས་ནས་ཅུང་ཞིག་དགོངས་པ་མཛད་ཅིང་སྣང་བ་ལས། ངས་ཁྱོད་འདུལ་བའི་དུས་ལ་མ་བབས་པར་འདུག་པས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ཞེས་བྱ་བ་ན་སྨད་འཚོང་མ་ར་ནི་ལས་རབ་ཏུ་བྱུང་བ་དགེ་སློང་མ་ཀུན་དགའ་མོ་ཞེས་བྱ་ཞིང་། རྣལ་འབྱོར་མ་དྲི་མེད་མ་ཞེས་ཀྱང་བྱ་བ་ལྷ་མོ་སངས་རྒྱས་སྤྱན་གྱི་སྤྲུལ་པར་གྲགས་པ། རྣལ་འབྱོར་ཆེན་པོ་ཕྱི་ནང་གསང་བའི་དབང་དང་གདམས་ངག་ལ་མཁས་པ་ཞིག་ཡོད་ཀྱི། དེར་ཞུས་ཤིག་གསུངས་ནས། ཨོ་རྒྱན་གྱི་ཡུལ་དུ་སློབ་དཔོན་མ་ཀུན་དགའ་མོའི་སར་བྱོན་ཏེ། གཡོག་མོ་ཆུ་ལེན་མ་ཞིག་མཁན་མོ་ལ་འཕྲད་ཀྱིས་དང་། ཞེས་ཕྲིན་བཅོལ་བ་ན། སློབ་དཔོན་མ་སངས་རྒྱས་དང་འདྲ་བ་ཞིག་ལ་མཁན་མོ་ཞེས་ངག་འཁྱལ་བ་འདི་སུ་ཡིན་སྙམ་དུ་ཕྲིན་མི་བྱ་དགོས་སྙམ་དུ་སེམས་པ་སློབ་དཔོན་གྱིས་རིག་སྟེ། ཏིང་ངེ་འཛིན་གྱིས་མོའི་བུམ་པ་བུམ་སྟེགས་དང་སྦྱར་བས་མོ་མ་ལངས་པ་ན། མོ་ན་རེ། ཁྱོད་ཀྱང་རྫུ་འཕྲུལ་ཅན་ཅིག་འདུག་སྟེ། ང་ལའང་འདི་ལྟ་བུ་ཡོད་ཟེར་ནས་མཆན་ཁུང་ནས་གསེར་གྱི་གྲི་གུག་ཅིག་ཕྱུངས་ནས་རང་གི་ཁོག་པ་གཤགས་ཏེ་བསྟན་པའི་ནང་ནས་ཡོ་ག་རྡོ་རྗེ་དབྱིངས་ཀྱི་ལྷ་སུམ་ཅུ་རྩ་བདུན་རོམ་མེ་བཞུགས་ནས་སྣང་ངོ་། །དེ་ཉིད་ཀྱི་ཚེ་སློབ་དཔོན་མ་ཀུན་དགའ་མོས་མཁྱེན་ཏེ་ཕྱིར་བྱོན་ཏེ་མདུན་བསུས་ནས་སློབ་དཔོན་ཡི་གེ་ཧཱུཾ་གཅིག་ཏུ་བྱས་ཏེ། ཞལ་དུ་མིད་ཅིང་འཁོར་ལོ་བཞིར་རིམ་པར་བརྒྱུད་དེ་པདྨོར་ཕྱུངས་ནས་ནང་དང་གསང་བའི་དབང་ཡོངས་སུ་རྫོགས་པ་མཛད་དེ། སླར་བྲང་ཁང་དུ་ཁྲིད་ནས་གཞན་རྗེས་སུ་བཟུང་བའི་ཕྱིར་ཕྱིའི་དབང་ཡང་ཡོངས་སུ་རྫོགས་པ་བསྐུར་ཏེ། རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྒྱུད་གདམས་ངག་དང་བཅས་པ་མ་ལུས་པ་གནང་ངོ་། །གཞན་ཡང་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་འཇམ་དཔལ་སྐུའི་རྒྱུད་སྒྲུབ་ཐབས་དང་བཅས་པ་ཞུས་ཤིང་། ངག་གི་དབང་ཕྱུག་ལ་པདྨ་གསུང་གི་རྒྱུད་གདམས་པ་དང་བཅས་པ། ཧཱུྃ་ཀ་ར་ལ་ཡང་དག་ཐུགས་ཀྱི་རྒྱུད་གདམས་པ་དང་བཅས་པ། དྷ་ན་སཾ་སྐྲྀ་ཏ་ལ་ཕུར་པ་ཕྲིན་ལས་ཀྱི་རྒྱུད་གདམས་པ་དང་བཅས་པ། རཾ་བུ་གུ་ཧྱ་དེ་བ་ཙནྡྲ་ལ་སྲིད་པ་མ་མོའི་རྒྱུད་གདམས་པ་དང་བཅས་པ། ཤྲཱི་སིདྷ་ལ་མན་ངག་རྫོགས་པ་ཆེན་པོ་མཐའ་དག་ཞུས་ཏེ། གང་གསན་པ་དག་ཚེགས་མེད་དུ་མཁྱེན་པར་གྱུར་པས་བློ་ལྡན་མཆོག་སྲེད་རྩལ་ཞེས་བྱ་བར་གྲགས་སོ། །དེ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་མུ་སྟེགས་ཀྱི་སྟོན་པ་དྲུག་ཚར་བཅད་ཅིང་ནང་པའི་བསྟན་པ་ལ་བཙུད་པས་འཕགས་པ་སེང་གེ་སྒྲ་སྒྲོགས་ཞེས་ཀྱང་གྲགས་སོ། ༈ །བརྙེས་པ་དངོས་གྲུབ་ཀྱི་ཁྱད་པར་ནི། དེའི་རྗེས་སུ་ཚེ་ལ་དབང་བའི་རིག་འཛིན་བསྒྲུབ་པར་དགོངས་ནས། སྒྲུབ་པའི་གྲོགས་མཚན་ཉིད་དང་ལྡན་པ་ཞིག་བཙལ་བར་བསམ་པ་ལ། ཟ་ཧོར་གྱི་རྒྱལ་པོ་དཔལ་འཛིན་གྱི་བུ་མོ་མནྡ་ར་ཞེས་བྱ་བ། བུ་མོ་པདྨ་ཅན་གྱི་རིགས་མཚན་དང་ལྡན་པ་ཞིག་རྙེད་དེ། སྒྲུབ་པའི་གནས་བྲག་ཕུག་མཱ་ར་ཏི་ཀ་ཞེས་བྱ་བ། སྒོ་ཟླ་གམ་ལ་ངོ་མཚར་གྱི་རི་མོ་རང་བྱུང་ཞིང་། ཕུག་རིན་པོ་ཆེ་ཡུལ་བརྒྱད་པ་ལྟར་མཛེས་པར་གྱུར་པ་དུས་གསུམ་དུ་མེ་ཏོག་གི་ཆར་འབབ་ཅིང་། རིགས་གསུམ་མགོན་པོས་བྱིིན་གྱིས་བརླབས་པའི་གནས་དེར་ཡོ་བྱད་ལྔ་ལ་བརྟེན་ནས་བསྒྲུབས་པས་ཆོས་ཉིད་ཀྱི་བདེན་པ་མཐོང་ཞིང་། ཚེ་ལ་དབང་བའི་རིག་འཛིན་གྲུབ་སྟེ་སྐྱེ་ཤི་མེད་པའི་དངོས་གྲུབ་ཐོབ་ནས་ཟ་ཧོར་གྱི་རྒྱལ་པོ་ལ་བུ་མོ་གཏོད་དུ་ཕྱིན་པས། མཐའ་མི་ངན་པ་འདིས་ང་ཡི་བུ་མོ་བསླད་ཅིང་ཆུད་གསན་པས་འདི་ལ་ཆབ་གསོལ་དགོས་ཞེས་ཟེར་ནས། ཡུལ་གྱི་མི་རྣམས་ཀྱིས་ཙནྡན་གྱི་ཤིང་མགལ་པ་རེ་དང་ཏིལ་མར་ཕུལ་རེ་བསྡུས་ཏེ། ལུང་པའི་མདོར་ཤིང་ཁུར་ལྔ་བརྒྱའི་དབུས་སུ་བསྲེགས་པ་ལས། དུས་གཞན་གྱི་ཚེ་ཞག་གསུམ་ན་དུ་བ་ཆད་པ་ཡིན་པ། དུས་དེའི་ཚེ་ཞག་དགུའི་བར་དུ་དུ་བ་ཆད་དུ་མ་བཏུབ་པ་ལས། རྒྱལ་པོ་ཡ་མཚན་སྐྱེས་ཏེ་གཟིགས་སུ་བྱོན་པ་ན། སློབ་དཔོན་མེའི་གནོད་པས་བསྙེལ་བ་མེད་པའི་སྟེང་དུ་ཞིང་ཞོ་གཅིག་མལ་ཙམ་ཞིག་མཚོར་གྱུར་པའི་དབུས་ན། སོལ་བའི་གུར་ཆེན་པོ་ཞིག་གི་འོག་ན་པདྨའི་སྡོང་པོ་ལ་སྐུ་ལྟེ་བ་ཡན་ཆད་ཐོན་ཏེ་ཐོད་པའི་ཕྲེང་བས་སྐུ་ལ་མ་རེག་ཙམ་དུ་ག་ཤལ་མཛད་ནས། ཕྱག་མཚན་ཡང་པདྨའི་སྡོང་པོ་ལ་རྩེ་ཞིང་སྐུ་དྲང་དྲང་བསིལ་བསིལ་ལྟར་བཞུགས་པ་མཐོང་ནས་ངོ་མཚར་དུ་གྱུར་ནས་བསྟོད་པ་ནི། ཨེ་མ་ཧོཿ སྐུ་ནི་མི་གཡོ་ཀུན་ཏུ་བཟང་པོའི་སྐུ། །གསུང་ནི་མི་གཡོ་མཉམ་ཉིད་རོལ་པའི་གསུང་། །ཐུགས་ནི་མི་གཡོ་སྨྲ་བསམ་ཡུལ་ལས་འདས། །སྐུ་གསུང་ཐུགས་ལྡན་རྡོ་རྗེ་རྒྱལ་ལ་བསྟོད། །ཅེས་བྱས་ཏེ། མཚོ་ལས་སྐྱེས་ཤིང་འབྱུང་བ་མེའི་གནོད་པས་ཚུགས་པར་མ་གྱུར་པས། མཚོ་སྐྱེས་རྡོ་རྗེ་ཞེས་བཏགས་སོ། །གཞན་ཡང་དེའི་ཚེ་རྒྱ་གར་གྲོང་ཁྱེར་ཤར་ཕྱོགས་པ་རྣམས་ཀྱིས་པདྨ་ལས་བྱུང་ཞིང་པདྨ་བསྣམས་པས་པདྨ་འབྱུང་གནས་སུ་བཏགས་སོ། །ལྷོ་ཕྱོགས་པ་རྣམས་ཀྱིས་པདྨ་ལས་བྱུང་ཞིང་ཐོད་ཕྲེང་བསྣམས་པར་མཛད་པས་པདྨ་ཐོད་ཕྲེང་རྩལ་དུ་བཏགས་སོ། །ནུབ་ཕྱོགས་པ་རྣམས་ཀྱིས་པདྨ་ལས་བྱུང་ཞིང་སྟོང་ཉིད་ནམ་མཁའི་ཆོས་གོས་དང་ལྡན་པས་ན་པདྨ་སཾ་བྷ་ཝར་བཏགས་སོ། །བྱང་ཕྱོགས་པ་རྣམས་ཀྱིས་པདྨ་ལས་བྱུང་ཞིང་དེ་ཉིད་ལ་མངའ་མཛད་པས་ན་པདྨ་རྒྱལ་པོ་ཞེས་བྱ་བར་བཏགས་སོ། །དེ་ནས་སླར་ཡང་རྒྱ་གར་ལྷོ་ཕྱོགས་སུ་བྱོན་ཏེ་ཕོ་བསད་མོ་ལ་སྤྱད་པའི་སྡིག་པ་སྦྱངས་དགོས་སྙམ་དུ་དགོངས་ཏེ་ཡུལ་ཕྱོགས་དེ་ན་དགེ་བ་ལ་འཛུད་པའི་ཆོས་འཆད་ཅིང་བཞུགས་པ་ན། དེའི་ཚེ་ར་རྫི་ལོ་རབ་ཏུ་རྒས་པ་མིག་ཀོས་མཁུར་ཚོས་ནོན་པ་ཞིག་གིས་སྐད་ངོ་ཤེས་ཏེ། འདི་ནི་སྔོན་གྱི་སྲིན་པོ་ཤཱནྟ་རཀྵི་ཏའི་སྐད་འདྲ་ན། ངའི་མིག་ལ་སྐས་ཤིང་ཚུགས་དང་ཟེར་ནས་སྐས་ཤིང་བཙུགས་ནས་བལྟས་པས་ངོ་ལེགས་པར་ཤེས་ཏེ། ཡུལ་གྱི་རྒྱལ་པོ་ལ་བཟློས་པ་ན་ཡང་སྔར་བཞིན་བསྲེགས་པ་ལས་མ་ཚིག་པས་ཡ་མཚན་སྐྱེས་ཏེ་བསྟོད་པ་ཡང་སྔར་བཞིན་བྱས་སོ། །དེ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞིག་བསྒྲུབ་པར་དགོངས་ཏེ་རྒྱ་དང་བལ་ཡུལ་གྱི་མཚམས་ཨ་སུ་རའི་བྲག་ཕུག་ཅེས་བྱ་བར་དཔལ་ཡང་དག་ལྷ་དགུ་མངོན་དུ་ཕྱུང་བའི་སྒྲུབ་པ་མཛད་པ་ན། ནག་པོའི་ཕྱོགས་ལ་དགའ་བའི་ལྷ་འདྲེ་གདུག་པ་ཅན་གནོད་སྦྱིན་རྒོད་མ་ཁ། བྱི་ཁུང་གློག་མ་སྲིན། ཀླུ་རྒྱལ་འཁྱམས་པོ་དང་གསུམ་གྱིས་བར་ཆད་བརྩམས་ཏེ། ནམ་མཁའ་ལས་ཆར་མ་ཕེབས་ཤིང་རྩི་ཤིང་དང་ནགས་ཚལ་ཀུན་བསྐམས་ཏེ། རྩྭ་ལས་ཀྱང་མེ་བྱུང་ལ། མི་ནད་དང་ཕྱུགས་ནད་སྤྲིན་ཚོགས་པ་ལྟར་བྱུང་ནས། སློབ་དཔོན་གྱིས་བལ་པོ་ཇི་ལ་ཇི་ཟ་དང་། བལ་མོ་ཀུན་ཞི་ཞེས་བྱ་བའི་སློབ་མ་གཉིས་ལ་གསེར་ཕྱེ་མང་དུ་བསྐུར་ནས། རྒྱ་གར་དབུས་འགྱུར་གྱི་རྒྱལ་པོ་དང་པཎྜི་རྣམས་ཀྱི་སར་བཏང་སྟེ། ང་བྱང་ཆུབ་སྒྲུབ་པ་ལ་བགེགས་ཀྱི་བར་ཆད་བྱུང་བས་རྡོ་རྗེ་གདན་གྱི་འོག་ན་ཕུར་པ་བིདྱོཏྟ་མ་ལ་འབུམ་སྟེ་སྦས་ཡོད་པའི་ནང་ནས་དགྲ་བགེགས་བསྒྲལ་བའི་ལས་མཐའ་ཞིག་བརྫང་བར་ཞུ་ཞེས་བསྲིངས་པས། ཕུར་པའི་རྒྱུད་ཀྱི་དཔེ་མི་ཁུར་ཐེག་ཚད་གཉིས་བསྐུར་ནས་བྱུང་ངོ་། །དེ་བྱུང་བ་ཙམ་གྱིས་དམ་སྲི་གསུམ་པོ་ཡང་རང་ཤུགས་ཀྱིས་ཐུལ་ཏེ་ནམ་མཁའ་ལས་ཆར་བབས་ཤིང་། རྩི་ཤིང་དང་ནགས་ཚལ་བསྐམས་པ་ཀུན་ལོ་འབྲས་སྔ་མ་ལྟར་སོར་ཆུད་དེ། ལོ་ཕྱུགས་རབ་ཏུ་འཕེལ་ཞིང་རྒྱས་ནས་མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཏེ། སློབ་དཔོན་གྱིས་ཀྱང་ལྷ་དགུའི་ཞལ་གཟིགས་ཤིང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཏེ་མི་གཡོ་བ་བརྒྱད་པའི་ས་ལ་ལེགས་པར་གནས་པར་གྱུར་ཏོ། །དེའི་ཚེ་རྡོ་རྗེ་ཕུར་པ་རྩ་བ་སྡེ་ལྔ་ཞེས་བྱ་སྟེ། བིདྱོཏྟ་མ་ལ་དོན་གྱི་དགོངས་པ། སྒོམ་པ་ཕུན་སུམ་ཚོགས་པའི་མན་ངག །ཕྲིན་ལས་རྡོ་རྗེ་གཞོན་ནུ། རྩ་བ་འཁྲུགས་སྡེབས་ལས་གསང་ཐུགས་གསང་གཉིས་དང་བཅས་པ་མཛད་ནས། རྒྱ་གར་གྱི་པཎྜི་ཏ་རྣམས་ལ་གཟིགས་སུ་ཕུལ་བས་ཤིན་ཏུ་མཉེས་ཏེ། སྒྲ་ཚད་ཀྱིས་གཏན་ལ་ཕེབས། ལུང་རིགས་དང་མི་འགལ་ལ་ཉམས་སུ་བླངས་བདེ་བས་ཤིན་ཏུའང་ལེགས་སོ་ཞེས་ཀུན་གྱིས་བསྔགས་ཏེ། རྒྱལ་མཚན་གྱི་རྩེ་མོར་བཏགས་ཏེ་མཆོད་པ་བྱས་སྐད་དོ། ༈ །ཕྲིན་ལས་ནུས་མཐུའི་ཁྱད་པར་ནི། སློབ་དཔོན་དེ་ཉིད་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་པ་བྱང་ཆུབ་ཀྱི་སེམས་སུ་བལྟ་བ་དང་། ཏིང་ངེ་འཛིན་རྩལ་རྫོགས་པས་འཇིག་རྟེན་གྱི་ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པ་མ་ལུས་པ་དབང་དུ་འདུས་ཤིང་བྲན་དུ་འཁོལ་བར་གྱུར་ཏེ། དེའི་ཚེ་ལོ་རྒྱུས་ཁ་ཅིག་ནས་སླར་རྒྱ་གར་དུ་བྱོན་ནས་བཞུགས་པ་ན་བོད་ཀྱི་བཙན་པོའི་རྨང་ལམ་དུ་བྱུང་ནས་སྤྱན་དྲངས་སོ་ཡང་སྐད། དཔལ་ལྷ་རི་བའི་བཞེད་ཀྱིས་སྔར་གྱི་གནས་དེ་ཉིད་དང་ཐག་མི་རིང་བ་ཞིག་ན་ཡང་ལེ་ཤོད་ཀྱི་བྲག་ཕུག་ཅེས་བྱ་བ་ཞིག་ཡོད་པ་དེར། རྡོ་རྗེ་ཕུར་པའི་བསྙེན་པའི་དཀྱིལ་འཁོར་རྩིབས་བརྒྱད་པ་ཞིག་བཞེངས་ཏེ་ཐུགས་དམ་མཛད་པ་ན། སྲོད་ལ་ཤྭ་ན་མ་མཆེད་བཞི་བྱུང་ནས་སྲོག་སྙིང་ཕུལ་ཏེ་དམ་ལ་བཏགས་ཤིང་། ཤྭ་ན་མུ་ཁའི་དུས་ལ་བབ། །ཞེས་པའི་བསྐུལ་དང་། ཀ་ཏཾ་ཀ་ཡེ་ཞེས་པའི་སྲོག་སྙིང་ཡང་རྩ་བར་བཀོད་ལ། ནམ་གྱི་གུང་ལ་རེ་མ་ཏི་མཆེད་བཞི་བྱུང་སྟེ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་ཤིང་། བདག་ཉིད་ཆེན་མོའི་དུས་ལ་བབ། །ཞེས་པའི་བསྐུལ་དང་། ཛ་ཡེ་བི་ཛ་ཡེ་ཞེས་པའི་སྲོག་སྙིང་ཡང་རྩ་བར་བཀོད་ཅིང་། ཐོ་རེངས་སྐྱེས་བུ་གིང་གསུམ་བྱུང་ནས་སྲོག་སྙིང་ཕུལ་ཏེ་དམ་ལ་བཏགས་ནས། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ཞེས་པའི་བསྐུལ་དང་། མཱ་ར་སེ་ན་ཞེས་པའི་སྲོག་སྙིང་ཡང་རྩ་བར་བཀོད་པར་མཛད་དོ། །དེ་ནས་ཀྱང་ཆུ་མིག་རིས་ཀྱི་འགྲམ་བལ་མོ་ཚ་བའི་རོང་ཞེས་བྱ་བ་མེ་ཏོག་དགུན་ཡང་མི་སྐམ་པའི་ཚལ་དེར་བྱོན་ཏེ་སྲོད་ལ་དགོངས་པ་ཅུང་ཟད་ཅིག་མཛད་པ་ན། སྐུ་ཉམས་སུ་ལྕི་ཐིབ་བེ་བ་ཞིག་བྱུང་སྟེ་སྤྱན་སྔར་ཡང་རིབ་རིབ་པ་ཞིག་བྱུང་ནས། ཕྱག་གི་བཟུང་སྟེ་དབུ་ཞྭའི་ནང་དུ་བསྩལ་ཞིང་རྡོ་རྗེ་ཕུར་པས་རྒྱས་བཏབ་སྟེ་སྔས་འོག་ཏུ་བཅུག་ནས་ནངས་པར་གུང་སང་ཙམ་ན་གཟིགས་ཙ་ན། བུད་མེད་འཇིགས་སུ་རུང་བ་ནམ་མཁའི་མཐོངས་སུ་སླེབ་པ་བཞི་བྱུང་སྟེ། སློབ་དཔོན་གྱིས་མཁྱེན་བཞིན་དུ་ཁྱེད་ཅག་སུ་ཡིན་གསུངས་པ་ན། བདག་ཅག་ནི་བསེ་མོ་མཆེད་བཞི་ཞེས་ཀྱང་བྱ། ནམ་ཟླ་དུས་བཞིའི་རྒྱལ་མོ་ཞེས་ཀྱང་བྱ། །སྔོན་ཡང་མི་ཕྱུགས་ཀྱི་སྲོག་ལ་དབང་བར་བྱས། ད་ཡང་དེ་ལྟར་དུ་དབང་བསྐུར་དུ་གསོལ། །ཞེས་ཟེར་ཏེ་སོ་སོའི་སྲོག་སྙིང་ཕུལ་བས། སློབ་དཔོན་གྱིས་དེ་ལྟར་དབང་མ་བསྐུར་ཏེ། །ཕུར་པའི་སྲུང་མ་གྱིས་ཤིག་པར་དམ་སྩལ་ཏེ། དར་ནག་གི་ཅོད་པན་རེ་རེ་མགོ་ལ་བཏགས། ཞིང་གི་ཕུར་པ་རེ་རེ་ལག་ཏུ་བསྐུར། །དབང་གི་བསེ་ཁྲབ་རེ་རེ་ལུས་ལ་བཀོད། །བསྐྱོད་པའི་ཕོ་རྟ་རེ་རེ་འོག་ཏུ་བསྐྱོན། རྟེན་གྱི་མཚོ་བཞི་གནས་སུ་བྱིན། ཤུ་ལེན་ཏ་རི་ལ་སོགས་པའི་གསང་མཚན་རེ་རེ་ཡང་སོ་སོར་བཏགས་ཤིང་། ས་བདག་ཆེན་མོའི་དུས་ལ་བབ། །ཞེས་པའི་བསྐུལ་དང་། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་ཞེས་པའི་སྲོག་སྙིང་ཡང་རྩ་བར་བཀོད་པ་ཡིན་ནོ། །དེའི་ཚེ་བོད་ཡུལ་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཞེས་བྱ་བས་ཐུགས་དམ་གྱི་གཙུག་ལག་ཁང་ཞིག་བཞེངས་པར་བཞེད་དེ། འཁོར་འབངས་རྣམས་བསགས་ནས་འདམ་ག་བཞི་བོར་བ་ནི། ཁོ་བོ་ཅག་ཡབ་མེས་ཀྱི་རྗེས་སུ་འདུས་བྱས་ཀྱི་དགེ་བའི་རྩ་བ་རྣམས་ཀྱི་ཁྱད་པར་དུ་གྱུར་པའི་ཕྱག་བཞེས་ཆེན་པོ་ཞིག་ལ་འཇུག་པར་ངེས་པས། ཁྱེད་རྣམས་ཀྱིས་ཀྱང་ངས་ཇི་ལྟར་བསྒོ་བའི་བྱ་བ་ཡལ་བར་འདོར་དུ་མེད་པར་བསྒྲུབ་དགོས་ཀྱི། ཡང་ན་གཙང་ཆབ་ཟངས་ཀྱི་སྦུབས་སུ་གཞུག་གམ། དགེ་རྒྱས་བྱེ་མ་གླིང་གསེར་ཕྱེས་འགེངས་སམ། ཧས་པོ་རིའི་རྩེ་ལ་ཤེལ་གྱི་མཆོད་རྟེན་ཞང་པོ་རྒྱ་ཡུལ་མཐོང་བ་ཞིག་བཞེངས་སམ། ཐུགས་དམ་གྱི་གཙུག་ལག་ཁང་བྲེ་ཞབས་ཙམ་ཞིག་བཞེངས་པ་རྣམས་ལ་གང་ལ་དགའ་ཞེས་བཀའ་སྩལ་པ་ན། གཅིག་ཏུ་ཆོས་ལ་མི་དགའ་བའི་བློན་པོ་ཆེན་པོ་ངམ་རྟ་ར་ཀླུ་གོང་ཞེས་བྱ་བ་ན་རེ། ཀྱེ་རྒྱལ་པོ་ཆེན་པོ། ཐུགས་ནོངས་སམ། འོན་ཏེ་གདོན་གྱིས་བརླམས་པའང་སྲིད་དེ། གཙང་ཆབ་ཟངས་ཀྱི་སྦུབས་སུ་འཇུག་པ་ལ་ཟངས་ཁལ་གཅིག་ཙམ་ཡང་དཀོན་པ་མིན་ནམ། ཧས་པོ་རིའི་རྩེ་ལ་ཤེལ་གྱི་མཆོད་རྟེན་ཞང་པོ་རྒྱ་ཡུལ་མཐོང་བ་གཅིག་བཞེངས་པ་བས། ཤེལ་ཕྲེང་བརྒྱ་རྩ་ཙམ་ཡང་རྙེད་པར་ཤིན་ཏུ་དཀའ་སྟེ། རྒྱལ་པོའི་ཐུགས་དགོངས་བསྒྲུབ་པར་མི་ནུས་སོ། །ཞེས་ཟེར་བས། དེ་བྱང་མཐོ་ཡོར་ནག་པོར་ཐབས་ཀྱིས་རྟ་རྫི་ལ་བཤུགས་ཏེ་བཏང་བའི་ཤུལ་དུ། གཅིག་ཏུ་ཆོས་ལ་དགའ་བའི་བློན་པོ་མཆིམས་རྡོ་རྗེ་སྤྲེལ་ཆུང་ལ་སོགས་པའི་མཆིད་ནས། ཕྱག་བཞེས་སྔ་མ་གསུམ་པོ་ནི་བསྒྲུབ་པར་མི་ནུས་པ་བདེན་མོད་ཀྱི། འོན་ཀྱང་རྒྱལ་པོ་སྨྲ་བ་ལན་གཅིག་ཡིན་པས་བཀའ་ཐམས་ཅད་བཀག་པར་མི་འོས་པས་ཐུགས་དམ་གྱི་གཙུག་ལག་ཁང་བྲེ་མལ་ཙམ་ཞིག་བཞེངས་པ་འཐད་དོ་ཞེས་གླེང་སྟེ་བཞེངས་པ་ན། བོད་ཀྱི་ཆོས་ལ་སྡང་བའི་ལྷ་འདྲེ་གདུག་པ་ཅན་གྱིས་དབང་བྱས་ཏེ་གནས་པས་ཉིིན་མོ་མིས་བརྩིགས་པ་ཐམས་ཅད་ལྷ་འདྲེ་གདུག་པ་ཅན་གྱིས་བཤིག་ནས་བརྩིག་ཏུ་མ་སྟེར་བ་ན། བོ་དྷི་ས་ཏྭ་ལ་སོགས་པའི་མཁས་བཙུན་མང་དུ་སྤྱན་དྲངས་ཀྱང་མ་ཐུལ་བས་རྒྱལ་པོ་ཉིད་ཐུགས་ཤིན་ཏུ་གཡེར་བར་གྱུར་ཏེ། སློབ་དཔོན་བོ་དྷི་ས་ཏྭ་དབེན་གནས་མཆིམས་ཕུ་ན་ཐུགས་དམ་མཛད་ཅིང་བཞུགས་པའི་དྲུང་དུ་བྱོན་ཏེ། རྒུན་སྐྱེམས་ཕྲ་མེན་གྱི་སྣོད་བཀང་བ་ནི་ཞལ་དུ་དྲངས། ཁ་གསེར་ཁ་གཡུ་མགུལ་དུ་བཏགས། ཕྱག་དབུ་ཐོད་བུད་བུད་བཙལ་ཏེ། སློབ་དཔོན་ཆེན་པོ་ལགས། བདག་ཡོན་བདག་བསམ་པ་མ་དག་པ་ཡིན་ནམ། ཁྱེད་སློབ་དཔོན་གྱི་བྱིན་རླབས་ཆུང་བ་ཡིན་མ་འཚལ་ཏེ་ངའི་ཐུགས་དམ་གྱི་གཙུག་ལག་ཁང་ནི་འགྲུབ་འགྲུབ་མི་འདྲའོ་ཞེས་གསོལ་བ་དང་། སློབ་དཔོན་གྱི་ཞལ་ནས། དེ་ནི་ཁྱེད་ཡོན་བདག་བསམ་པ་མ་དག་པ་མིན་གྱི། ང་མཆོད་གནས་བྱིན་རླབས་ཆུང་བས་ལན་པ་ཡིན་ཏེ། ཁོ་བོ་ཅག་ཕྱི་ནང་གི་སྡེ་སྣོད་ལ་མ་རྨོངས་ཀྱང་ལྷ་སྲིན་དམ་ལ་མ་ཐོགས་པས་ཉེས་སོ། །འོན་ཀྱང་རྒྱལ་པོའི་ཐུགས་དགོངས་བསྒྲུབ་པའི་ཐབས་ནི་ཡོད་ལ། དེ་ནི་རྒྱ་དང་བལ་ཡུལ་གྱི་མཚམས་ན་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཞེས་བྱ་བ་ཚེ་ལ་དབང་བའི་རིག་འཛིན་ལ་གནས་ཤིང་། རིག་པ་རྩལ་གྱི་དབང་བརྙེས་པ། །ལྷ་མ་སྲིན་བྲན་བཞིན་དུ་ཁོལ་བ་ཞིག་ཡོད་དེ། དེ་སྤྱན་དྲངས་ན་ཐུལ་ནས་འོང་གསུངས། དེ་ནི་ཡུལ་ཐག་རིང་ཞིང་བདག་གི་ཡོ་བྱད་ཀྱང་ཟད་དེ་ཞུ་རྟེན་ཡང་མེད་པས་གདན་མི་དྲངས་ཏེ་འོང་ཞེས་གསོལ་བ་ན། སླར་ཡང་སློབ་དཔོན་གྱི་ཞལ་ནས། །འོ་ཅག་རྣམས་སྨོན་ལམ་གྱི་འབྲེལ་པ་ཡོད་པས་གདན་འདྲོངས་པར་ངེས་ཏེ། འབྲེལ་པ་ཇི་ལྟར་ཡོད་ན་ཐུགས་རྗེའི་བདག་ཉིད་འཕགས་པ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་སངས་རྒྱས་ཨ་མི་ཏ་བྷ་འོད་དཔག་མེད་ཀྱི་ཞབས་དྲུང་དུ། ཁམས་གསུམ་འཁོར་བ་མ་སྟོངས་ཀྱི་བར་དུ་བདག་འཚང་མི་རྒྱ་བར་དམ་བཅས་ཏེ། འགྲོ་བ་དཔག་ཏུ་མེད་པ་མྱ་ངན་ལས་འདས་པའི་སར་བསྒྲལ་ནས། ད་ནི་འཁོར་བའི་སེམས་ཅན་གཅིག་ཀྱང་མ་ལུས་ཏེ་འོང་བསམ་ནས་འཁོར་བའི་དབྱིངས་ལ་གཟིགས་པ་ན། ཅུང་ཟད་བྲི་བའང་མངོན་པར་མི་འདུག་པས་ཐུགས་མུག་ནས་སྤྱན་ཆབ་སིལ་གྱིས་བྱུང་བ་དེ་ཕྱག་གཉིས་ཀྱི་སྲིན་ལག་གིས་བླངས་ཏེ་མདུན་གྱི་བར་སྣང་ལ་འཐོར་བར་བྱས་ནས། འདི་གཉིས་ལ་བརྟེན་ནས་ཀྱང་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་ནུས་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པའི་མཐུས། མཆིལ་མའི་ཐིགས་པ་དེ་གཉིས་སུམ་ཅུ་རྩ་གསུམ་གྱི་གནས་སུ་བརྒྱ་བྱིན་གྱི་བུ་མོ་གངྒ་དང་གང་ཆུང་མར་གྱུར་ཏེ། ནུ་མོས་ཕུ་མོའི་ལྡུམ་ར་ནས་མེ་ཏོག་ཞིག་བརྐུས་པས་ལྷའི་འདུལ་ཁྲིམས་ཉམས་ཏེ་མིའི་ཡུལ་དུ་བྱ་རྫི་མོ་གསལ་བྱེད་ཀྱི་བུ་མོ་བདེ་མཆོག་གསལ་བྱ་བར་སྐྱེས་སོ། །དེས་མཆོད་རྟེན་ཆེན་པོ་བྱར་རུང་ཁ་ཤོར་བྱ་བ་ངོས་རེ་རེ་ལ་འདོམ་ལྔ་བརྒྱ་ལྔ་བརྒྱ་པ་ཞིག་བརྩིགས་པ་ལས། བྲེ་དང་སྲོག་ཤིང་མ་འབྱོངས་པར་མ་ཉིད་ཚེའི་དུས་བྱས་ཏེ་དམ་ཚིག་ལྷ་མོ་པྲ་མོ་ཧཱ་བྱ་བར་སངས་རྒྱས་སོ། །དེའི་དུས་ན་མོ་ལ་མིའི་ཡུལ་ན་རིགས་ངན་བཞི་དང་བཤོས་པའི་བུ་བཞི་ཡོད་དེ། རྟ་རྫི། ཕག་རྫི། ཁྱི་རྫི། བྱ་རྫི་དང་བཤོས་པའོ། །བུ་བཞིས་ཀྱང་མའི་དགེ་བའི་ལས་འཕྲོ་བླངས་ཏེ་མཆོད་རྟེན་གྱི་བྲེ་དང་སྲོག་ཤིང་བཙུགས་ནས། རབ་གནས་བྱས་ཏེ་སོ་སོ་ནས་སྨོན་ལམ་བཏབ་པ་ནི། ནང་གི་ཆེ་ཤོས་ན་རེ། བདག་གི་མའི་དགེ་བའི་ལས་འཕྲོ་ལེགས་པར་བླང་བའི་མཐུས། སྐྱེ་བ་ཕྱི་མ་ལ་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་ཆོས་སྐྱོང་བའི་རྒྱལ་པོ་ཞིག་ཏུ་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ནི་རྒྱལ་པོ་ཉིད་ཡིན་ཞིང་། དེའི་འོག་མས་སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་དགེ་སློང་སྡེ་སྣོད་འཛིན་པ་ཞིག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ནི་བོ་དྷི་ས་ཏྭ་བདག་ཡིན་ལ། དེའི་འོག་མས་སངས་རྒྱས་ཀྱི་བསྟན་པ་སྲུང་བར་བྱེད་པའི་རིག་འཛིན་སྔགས་འཆང་དགོངས་རྒྱུད་དག་པ་ལྷ་མ་སྲིན་བྲན་བཞིན་དུ་ཁོལ་བ་ཞིག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ནི་པདྨ་འབྱུང་གནས་སོ། །ཐ་ཆུང་ན་རེ། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་བསྲུང་བར་མཛད་པའི་ཕུ་བོ་གསུམ་གྱི་ཕྲིན་ལས་ཕྱོགས་གཅིག་པར་སྒྲུབ་པའི་ཕྲིན་ལས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ནི་ཆོས་བློན་ཆེན་པོ་རྦ་ཁྲི་གཞེར་སཾ་ཤི་སྟེ། དེ་ཕོ་ཉར་བརྫང་བར་གྱིས་ཤིག །ཅེས་གསུངས་སོ། །དེ་སྐད་གསུངས་པ་བཞིན་གཡོག་དང་བཅས་པ་ལ་བྱ་དགའ་ཆེར་སྩལ་ཏེ། གསེར་ཕྱེ་མང་དུ་བསྐུར་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་རྒྱ་དང་བལ་ཡུལ་མཚམས་ནས་བཞུགས་པ་སྤྱན་འདྲེན་དུ་བརྫངས་པ་ན། སློབ་དཔོན་གྱི་ཐུགས་ཀྱིས་མཁྱེན་ཏེ། །ཕོ་ཉ་བ་ལ་ཐུགས་བརྩེ་བས་དགོངས་ནས་བྱོན་པ་དང་ལམ་ཁར་མཇལ་ཏེ་མང་ཡུལ་དུ་སླེབ་པ་ན། བོད་ཀྱི་ལྷ་འདྲེ་རྣམས་ལས་ཆོས་ལ་དཀར་བ་དགྲ་ལྷའི་རྒྱལ་པོ་པཱུ་ཙ་མེ་གྷ་ཞེས་ཀྱང་བྱ། འོ་ཡུག་གཙང་བཙན་ཞེས་ཀྱང་བྱ། དགེ་བསྙེན་རྡོ་རྗེ་ལེགས་པ་ཞེས་ཀྱང་བྱ་བ་མཆེད་སུམ་བརྒྱ་དྲུག་ཅུ་དང་བཅས་པས་མདུན་བསུས་ཏེ་ཕྱག་བྱས་ཤིང་དམ་ལ་བཏགས་སོ། །དེ་ནས་དཔལ་ཐང་ལ་བྱོན་པ་བོད་ཀྱི་ལྷ་འདྲེ་མོ་རིགས་ལས་ཆོས་ལ་གནག་ཅིང་མཐུ་རྩལ་ཆེ་བ་བདུད་མོ་བཞི། གནོད་སྦྱིན་མོ་བཞི། སྨན་མོ་བཞི་སྟེ་བརྟན་མ་བཅུ་གཉིས་ཀྱིས་བར་ཆད་བྱས་ནས་གནམ་ལྕགས་ཀྱི་ཐོག་ཕབ་པ་ལས། སློབ་དཔོན་གྱི་དབུ་ཞྭའི་ཐོག་ཏུ་སོལ་དུམ་བཅུ་གཉིས་སུ་གྱུར་པ་ན། གཞན་བཅུ་གཅིག་བྲེད་ནས་དམ་ལ་བཏགས་ཤིང་། མཐུ་ཆེ་ཤོས་གཅིག་ནི་མ་ཐུལ་ཏེ། སློབ་དཔོན་གྱིས་འུ་ཡུག་བཞི་སྒྲོམ་གྱི་རོང་ལ་བྱོན་པ་ན། མོས་རི་གཡས་གཡོན་གཉིས་ལག་པ་གཉིས་ཀྱིས་བླངས་ཏེ། ཕན་ཚུན་འཕངས་ཏེ་བཅར་བར་བརྩམ་པ་ན། །སློབ་དཔོན་ཉིད་སྟེང་དུ་ཡེར་གྱིིས་བྱོན་པས་མོ་བྲེད་དེ་བྱང་གི་གནམ་མཚོ་ལ་བྲོས་པ་ན། སློབ་དཔོན་གྱིས་རྡོ་རྗེ་སྔགས་བསྔགས་པ་ཞིག་མཚོ་ནང་དུ་འཕངས་ཏེ་བཏང་བས། མཚོ་ཁོལ་ཏེ་ཚ་བའི་རྦལ་གྱིས་ཤ་རུས་དཀར་ཟང་གིས་ཕྱེ་ནས་བྱུང་སྟེ། སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་ཕྲེང་རྩལ། །བར་ཆད་མི་བགྱི་དགོངས་པ་ཡུད་ཙམ་ཀློད། །ཅེས་ཟེར་ཞིང་། ཞབས་སྤྱི་བོར་བླངས་ཏེ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་ཤིང་གསང་མཚན་ནི་ཤ་མེད་གངས་དཀར་རྡོ་རྗེ་ཀུན་ཏུ་བཟང་ཞེས་བྱའོ། །དེ་ནས་བྱང་ལམ་གྲིམས་ནས་བྱོན་ཏེ། བྱང་སྣ་བརྒྱད་ཀྱི་ཇག་པས་ཆིབས་མུག་རོ་འགྲམ་ནག་ཁྱེར་བ་ལ། གཟའི་གདོང་མོ་བཞི་བྲན་དུ་བཀོལ་ཏེ་སེར་བ་རྟ་མགོ་ཙམ་ཕབ། གཉན་ཆེན་ཐང་ལྷའི་གང་འདབས་སུ་དར་དཀར་གྱི་སྦྲ་ཞིག་ཕུབ་སྟེ་ཞག་འགའ་བསྙེལ་གསོ་བར་བཞེད་པའི་ནུབ་མོ་གཉན་ཆེན་ཐང་ལྷས་བར་ཆད་བྱས་ཏེ། མཚན་རིང་གནམ་ལྕགས་ཀྱི་ཐོག་ཕབ་པ་ན། སློབ་དཔོན་གྱིས་དར་དཀར་གྱི་སྦྲའུ་དེ་རྡོ་རྗེའི་གུར་ཞིག་ཏུ་དམིགས་པ་མཛད་པས་ཐོག་ཐམས་ཅད་འདྲེད་དེ། ཉེ་ལམ་ན་མཚོ་ཆུང་ཞིག་ཡོད་པའི་ནང་དུ་རིབ་རིབ་སོང་། ནངས་པར་གུང་སངས་ནས་གཟིགས་པ་ན། མཚོ་ནང་ཡོད་པའི་སྲོག་ཆགས་ཐམས་ཅད་ཐོག་གི་རྦལ་གྱིས་ཤི་ནས་མཚོ་དམར་ཉོག་ལ་སོང་སྟེ་འདུག་པའི་དོན་དུ་ངན་སོང་སྦྱོང་བའི་དཀྱིལ་འཁོར་ཞིག་བཞེངས་ཏེ། མཚོའི་ནང་དུ་ཤི་བའི་སྲོག་ཆགས་རྣམས་ཀྱི་དོན་མཛད་ཅིང་། ཐང་ལྷ་ལ་ཐུགས་ཆེར་ཁྲོས་ཏེ། མཐུ་རྩལ་ཅན་གཅིག་འདུག་གི་གསུངས་ནས་ཉིད་ཀྱི་སྡིགས་མཛུབ་ཀྱི་རྩེ་ལས་མེ་སྤར་ཏེ་གངས་རྩེ་ནས་བཞུ་བ་ན། ཐང་ལྷ་བྲེད་དེ་ཁྱེའུ་ཆུང་གཡུའི་ཟུར་ཕུད་ཅན་ཅིག་ཏུ་བྱས་ནས། མགོ་སློབ་དཔོན་གྱི་པང་དུ་བཞག །རྐང་པ་ཁམས་ཀྱི་གཡར་མོ་ཐང་དུ་བརྐྱངས་ཏེ། སློབ་དཔོན་ཆེན་པོ་ལགས། བདག་སུ་ཡིན་མཁྱེན་ནམ་ཟེར་བ་ལ། མཁྱེན་བཞིན་དུ་ཁྱོད་སུ་ཡིན་ཆ་མ་མཆིས་སོ་གསུངས་པ་དང་། ཁོ་ན་རེ། བདག་ནི་གཉན་ཆེན་པོ་ཐང་ལྷ་ཡར་ཞུར་ཞེས་ཀྱང་བྱ། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས་ཀྱང་བྱ་སྟེ། བོད་ཡུལ་འདི་ན་གཅིག་ཏུ་ཆོས་ལ་གནག་པའི་ཕོ་བདུད་མ་ལུས་པའི་དཔོན་ཡིན་ཏེ། ཁྲིམས་ལེན་གདུགས་ཚོད་ལ་གཤེགས་པར་ཞུ་ཞེས་རང་གི་གནས་སུ་སྤྱན་དྲངས་ཏེ་བསྙེན་བཀུར་བྱས་སོ། །དེའི་ཚེ་ཁྱོད་ཕོ་བདུད་ཐམས་ཅད་ཀྱི་དཔོན་ཡིན་ན། ཕོ་བདུད་གང་ལ་གནས་པ་རྣམས་ངའི་མདུན་འདིར་སྡུས་ཤིག་ཅེས་བཀའ་སྩལ་པས། ཁོ་ཉིད་ཀྱིས་སྤྱུགས་པ་ལན་གསུམ་གྱིས་བསྡུས་པ་ན། དང་པོ་བོད་ཡུལ་ན་མཐུ་ཆེ་བ་རྩལ་དྲག་པའི་རྒྱལ་པོ་བཞི། སྡེ་དཔོན་བཞི། དམག་དཔོན་བཞི། བདུད་པོ་བཞི། ལས་མཁན་ལྔ་སྟེ། ཉི་ཤུ་རྩ་གཅིག་སྤུངས་ཀྱིས་བྱུང་། ལན་གཉིས་པས་དེའི་འོག་ན་མཐུ་ཆེ་བའི་ཕོ་བདུད་རྣམས་འདུས། ལན་གསུམ་པས་བོད་ཀྱི་ལྷ་འདྲེ་ཕོ་བདུད་མ་ལུས་པ་རྣམས་གནམ་ས་བར་མཚམས་མེད་པར་གང་བ་ཙམ་ཞིག་འདུས་པ་ལས། གཞན་བདག་མ་ལུས་པ་བཀྱེ་སྟེ། དགེ་བསྙེན་ཉི་ཤུ་རྩ་གཅིག་དམ་ལ་བཏགས་ཤིང་སྲོག་སྙིང་ཕུལ་ཏེ་རྡོ་རྗེ་ཕུར་པའི་སྲུང་མར་ཁས་བླངས་སོ། །དེ་ནས་ཀླུང་དཔེ་ཞིག་ལ་ཀླུང་གཙང་རོང་ལ་བྱོན་ནས་ཞེས་སྣང་། ཤོད་རོང་ལ་བྱོན་ཏེ། ཀ་དོང་པོ་ཆེར་ཉི་ཚེ་བའི་སེམས་ཅན་དམྱལ་བ་མང་པོའི་དོན་མཛད། དེ་ནས་ཟུར་ཕུག་རྐྱང་བུའི་ཚལ་དུ་ཟ་འོག་གི་གུར་གཅིག་ཕུབ་ནས་ཞག་བདུན་གྱི་བར་དུ་དགོངས་པ་ལ་བཞུགས་ཏེ་བོད་ཀྱི་ལྷ་འདྲེ་མ་ལུས་པ་དམ་ལ་བཏགས་སོ། །དེའི་རྗེས་སུ་ཕོ་ཉ་བ་རྣམས་ཀྱིས་རྒྱལ་པོའི་སྤྱན་སྔར་ཕྱིན་ཏེ། ཇི་ལྟར་བསྒོ་བའི་བཀའ་ལེགས་པར་གྲུབ་སྟེ་སློབ་དཔོན་ནི་ཟུར་ཕུག་རྐྱང་བུའི་ཚལ་ན་བཞུགས་སོ་ཞེས་གསོལ་བ་དང་། དགྱེས་ཤིང་ཡི་རང་བར་གྱུར་ཏེ། །མཆོད་པའི་ཡོ་བྱད་རྣམས་དང་རོལ་མོ་སྣ་ཚོགས་ཀྱིས་མདུན་བསུས་ནས་ཕོ་བྲང་བསམ་ཡས་འོམ་བུའི་ཚལ་དུ་གདན་དྲངས་པ་ན། མངའ་བདག་རྒྱལ་པོ་དང་། སློབ་དཔོན་གཉིས་ཕྱག་ལ་མ་འཆམས་ཏེ། རྒྱལ་པོ་ན་ཏེ། ང་འདྲ་མགོ་ནག་གི་རྗེ། བདུད་རྔོག་ཆགས་ཀྱི་རྐྱེན། བྱང་ཆུབ་སེམས་དཔའི་གདུང་བརྒྱུད་ཡིན་པས་ང་ལ་ཕྱག་འཚལ་དགོས་ཞེས་ཟེར། སློབ་དཔོན་གྱི་ཞལ་ནས། བདག་རིག་འཛིན་སྔགས་འཆང་དགོངས་པ་ཡང་དག་པའི་ལམ་ལ་གནས་ཤིང་། ལྷ་མ་སྲིན་བྲན་བཞིན་ཁོལ་བ་ཡིན་པས་ང་ལ་ཕྱག་འཚལ་དགོས་ཞེས་གསུངས་པ་ན། རྒྱལ་པོས་མ་ཉན་ཏེ། སློབ་དཔོན་གྱིས་རྒྱལ་པོའི་ཐུགས་དམ་རྟེན་རྣམ་པར་སྣང་མཛད་ཀྱི་རྡོ་སྐུ་རང་བྱུང་ཞིག་བཞུགས་པས། རྣམ་པར་སྣང་མཛད་གཟུགས་ཀྱི་ལྷ། །ཡེ་ཤེས་ལྷ་ཡིས་ཕྱག་བགྱིད་དོ། །གསུངས་ཏེ། དབུ་དུན་མཛད་པས། རྣམ་པར་སྣང་མཛད་ཆོ་ལོ་ཙམ་དུ་གས་པར་གྱུར་པ་ན། རྒྱལ་པོ་འཁོར་དང་བཅས་པ་བྲེད་ཅིང་ཧ་ལས་པར་གྱུར་ཏེ། འདིས་ནི་བོད་ཁམས་ཐམས་ཅད་ཕུང་བར་བྱེད་པ་ཞིག་འོང་བར་འདུག་གོ་ཟེར་རོ། །སླར་ཡང་སློབ་དཔོན་གྱིས་རྣམ་པར་སྣང་མཛད་ཀྱི་སྤྱི་བོར་ཕྱག་རེག་པ་ཞིག་མཛད་པས། རྣམ་པར་སྣང་མཛད་གཟུགས་ཀྱི་ལྷ། །ཡེ་ཤེས་ལྷ་ཡིས་དབང་བསྐུར་རོ། །ཞེས་གསུངས་པས་སྔ་མ་བཞིན་དུ་སྲུབ་མེད་པར་གྱུར་པ་ན། འདིས་བོད་ཁམས་ཐམས་ཅད་འཚེངས་པ་ཞིག་འོང་བར་འདུག་གོ་ཟེར། འོན་ཀྱང་སླར་ལ་གས་ཀྱི་དོགས་ནས་རྒྱལ་པོ་ཉིད་ཀྱི་སྐུ་ལས་གསེར་གྱི་སྐུ་རགས་བཀྲོལ་ཏེ་རྣམ་པར་སྣང་མཛད་ཀྱི་སྐུ་ལ་གསེར་གྱི་འཁྱུད་མོས་ལེགས་པར་བསྡམས་ཏེ། ད་ལྟ་དབུ་རྩེ་འོག་ཁང་གི་བྱང་ཆུབ་ཆེན་པོའི་ཐུགས་ཀ་ན་བཞུགས་སོ། །དེའི་ཚེ་བློན་འབངས་རྣམས་ཀྱིས་གཟུ་བྱས་ཏེ། སློབ་དཔོན་གྱི་སྔོན་དུ་ཞེ་ས་འདྲེན་ཅིང་། རྒྱལ་པོས་ཕྱག་འཚལ་བར་མཛད་དེ། ད་ལྟ་བཙད་པོ་དང་དགེ་བའི་བཤེས་གཉེན་གྱི་ཕྱག་དང་ཞེ་ས་མཛད་པའི་སྲོལ་ཡང་དེ་ཉིད་ནས་བྱུང་བའོ། །དེ་ནས་སློབ་དཔོན་བྱོན་པ་ཙམ་གྱིས་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་ཀྱི་གདུག་རྩུབ་ཞི་ཞིང་དབང་དུ་འདུས་པར་གྱུར་ཏེ། ཁྱད་པར་དུ་གཙུག་ལག་ཁང་ལ་དགོས་པའི་ཡོ་བྱད་གསེར་རྣམས་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད་དང་། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་གཉིས་སློབ་དཔོན་གྱིས་གྲོགས་པོ་བྱེད་དུ་བཅུག་སྟེ། གསེར་བྲེ་ཁལ་དགུ་བཅུ་སྐྱེས་སུ་བྱིན། གཞན་ཡང་ལྕགས་རྣམས་ནི་གཟའི་རྒྱལ་པོ་རཱ་ཧུ་ལས་བྱིན། ཤིང་རྣམས་ནི་མིའམ་ཅིའི་རྒྱལ་པོ་ལྗོན་པས་བྱིན། དེ་མ་ཡིན་པ་ལྷ་མ་སྲིན་སྡེ་བརྒྱད་རྣམས་ཀྱིས་ཀྱང་རང་རང་གི་ཅི་འབྱོར་པའི་ཡོ་བྱད་ཀྱིས། དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཉིན་མོ་མིས་བརྩིགས་པ་ལས་ནུབ་མོ་ལྷ་འདྲེས་བརྩིགས་པ་མཐོ་བར་གྱུར་ཏེ། དབུ་རྩེ་རིམ་གསུམ། འཁོར་ཁང་རིམ་པ་གསུམ་དང་བཅས་པའི་ཀ་བ་བརྒྱད་ཅུ་རྩ་གཉིས་ཀྱིས་བཏེགས་ཤིང་། རྣམ་པར་ཐར་པའི་སྒོ་སུམ་ཅུ་སོ་དྲུག །བཤའ་རྩེ་བཞི་བཅུ་རྩ་གཉིས་དང་བཅས་པས་མཛེས་པ་དང་། རྩ་བའི་ལྷ་ལྡེར་ཚོ་བདུན་ཅུ་རྩ་གཉིས། ཞིང་ཁམས་ཀྱི་རི་མོ་མཐའ་ཡས་པ་དང་བཅས་པའི་ཕྱི་རོལ་ན། གླིང་ཆེན་པོ་བཞི། གླིང་ཕྲན་བརྒྱད་དང་བཅས་པའི་ལྷ་ཁང་། ཡཀྴ་ལྟག་འོག་ཉི་ཟླའི་ཚུལ་དུ་བྱས་པ། ཕྱོགས་བཞིར་མགོན་ཁང་བཞི། མཚམས་བཞིར་མཆོད་རྟེན་བཞི། ལྕགས་རི་མུ་ཁྱུད་ཀྱི་ནང་ན་གང་ཟག་གི་ལྷ་བདུན། རིན་པོ་ཆེའི་གཏེར་ཆེན་པོས་བརྒྱན་པ། དབྱིབས་ལེགས་པ་ཁོད་སྙོམས་པ། གཞན་གྱི་དཔེ་མེད་པ་ཞིག་རིང་པོར་མ་ལོན་པར་འབྱོངས་པར་གྱུར་ཏེ། རྒྱལ་པོའི་ཐུགས་ཀྱི་དགོངས་པ་འགྲུབ་པར་གྱུར་ཏོ། །དེ་ལྟར་གླིང་བཞི་གླིང་ཕྲན་བརྒྱད་དང་བཅས་པའི་ལྷ་ཁང་སོ་སོའི་བྱེད་པ་ནི། ཤར་གླིང་གསུམ་ལས་རིམ་པ་བཞིན། བརྡ་སྦྱོར་ཚང་མང་གླིང་དུ་ལོ་པཎ་རྣམས་ཀྱི་འཚོ་བ་སྦྱོར། མཁྱེན་རབ་འཇམ་དཔལ་གླིང་དུ་ཆོས་འཆད། རྣམ་དག་ཁྲིམས་ཀྱི་གླིང་དུ་སྡོམ་པ་འབོགས་སོ། །ལྷོའི་གླིང་གསུམ་ལས། བདུད་འདུལ་སྔགས་པའི་གླིང་དུ་དབང་བསྐུར། ཐུགས་རྗེ་རྒྱུན་འབྱུང་གི་གླིང་དུ་སྐྱབས་འགྲོ་བྱེད། སྒྲ་བསྒྱུར་རྒྱ་གར་གླིང་དུ་ཆོས་བསྒྱུར་རོ། །ནུབ་ཀྱི་གླིང་གསུམ་ལས། རྣམ་སྣང་བཻ་ཙའི་གླིང་དུ་ཐེག་པའི་རིམ་པ་ཤན་འབྱེད། དགའ་ལྡན་བྱམས་པའི་གླིང་དུ་ཆོས་ཀྱི་བགྲོ་བ་བྱེད། མི་གཡོ་བསམ་གཏན་གླིང་དུ་བསམ་གཏན་ལ་མཉམ་པར་འཇོག་གོ། །བྱང་གི་གླིང་གསུམ་ལས། སྣ་ཚོགས་ནོར་བུའི་གླིང་དུ་བཀའ་མི་ནུབ་པའི་རྒྱལ་མཚན་འཛུགས། བྱང་ཆུབ་གླིང་དུ་ཐེག་པ་ཆེན་པོར་སེམས་བསྐྱེད། དཀོར་མཛོད་གླིང་དུ་རྒྱལ་པོའི་དཀོར་རྣམས་བླུགས་པར་བྱེད་དོ། །གཞན་ཡང་ཇོ་མོ་གསུམ་གྱིས་རྒྱལ་པོའི་ཐུགས་དགོངས་རྫོགས་པར་བྱ་བའི་ཕྱིར་གཙུག་ལག་ཁང་རེ་རེ་བཞེངས་ཏེ། ཚེ་སྤོང་བཟའ་དམར་རྒྱན་གྱིས་ཁམས་གསུམ་མི་བཟློག་སྒྲོལ་མའི་གཙུག་ལག་ཁང་། ཕོ་ཡོང་བཟའ་རྒྱལ་མོ་བཙུན་གྱིས་དབུ་ཚལ་རིན་པོ་ཆེའི་གཙུག་ལག་ཁང་། འབྲོ་བཟའ་བྱང་ཆུབ་ཀྱིས་དགེ་བ་མཐའ་ཡས་ཀྱི་གཙུག་ལག་ཁང་བཞེངས་སོ། །དེ་ནས་བསམ་ཡས་ཀྱི་མངའ་གསོལ་མཛད་པར་བཞེད་ནས། སློབ་དཔོན་གྱིས་རྒྱལ་པོ་ལ་མཆོད་པའི་ཡོ་བྱད་ཤོམས་ཤིག་པར་བཀའ་སྩལ་བ་ན་རྒྱལ་པོ་ཐུགས་མ་བདེ་བར་གྱུར་ཏེ། གལ་ཏེ་མཆོད་པའི་ཡོ་བྱད་རྣམས་ཕྱོགས་གཅིག་ཏུ་བཤམས་ན་ནི་གླིང་ཕྲན་ལ་སོགས་པ་ཕྱོགས་གཞན་གྱི་ལྷ་རྣམས་ཀྱིས་མི་གཟིགས་ཤིང་། སོ་སོར་བཤམས་ནའང་། མཆོད་པའི་ཡོ་བྱད་དང་བཀོད་པ་ཅ་ཆ་བྲུ་ལུར་སོང་གི་དོགས་པ་ལས། སློབ་དཔོན་གྱི་ཞལ་ནས། རྒྱལ་པོ་ཆེན་པོ་ཐུགས་གཡེལ་མི་འཚལ་གྱི། མཆོད་པ་ཀུན་དབུ་རྩེ་དཀར་ཞལ་གྱི་ཐང་ལ་ཤོམས་མཛོད་ཅེས་གསུངས་ཏེ་བཤམས་པ་དང་། སློབ་དཔོན་གྱིས་དགོངས་པ་མཛད་པ་ན། གཙུག་ལག་ཁག་འོག་ཁང་དང་གླིང་ཕྲན་གྱི་ལྷ་རྣམས་ནི་མི་སོ་སོ་ནས་ལྟད་མོའི་ཁྲོམ་དུ་ཚོགས་པ་ལྟར་དཀར་ཞལ་གྱི་ཐང་ལ་བྱོན། བར་ཁང་དང་སྟེང་ཁང་གི་ལྷ་རྣམས་མི་ལྟད་མོ་ལྟ་བ་བཞིན་དུ་གཙུག་ལག་ཁང་གི་རྩེར་སྤུངས་ཀྱིས་བྱོན། གྱང་རིས་རྣམས་གོས་ལྟོ་སྦྱར་ཕྱི་ནང་ལོག་པ་བཞིན་དུ་ལྷ་ཁང་རྣམས་ཀྱི་ཕྱི་ལོགས་ལ་བཀྲ་ལམ་གྱིས་བྱོན་ཏེ། རབ་ཏུ་གནས་པར་མཛད་པ་ན། དབུས་ཀྱི་གཙོ་བོ་བྱང་ཆུབ་ཆེན་པོ་ཞལ་འཛུམ་པ་དང་བཅས་པའི་འོད་བྱུང་། སྒོ་སྲུང་ཁྲོ་བོའི་རྒྱབ་ཡོལ་ལས་མེ་འབར་བ་ཀུན་གྱིས་མཐོང་། ཨཱརྻ་པ་ལོའི་གླིང་གི་རྟ་མགྲིན་གྱིས་རྟ་སྐད་ཐེང་གསུམ་བཏོན་པ་འཛམ་གླིང་སུམ་གཉིས་ཀྱིས་ཐོས། །མཆོད་རྟེན་དཀར་པོའི་སྲོག་ཤིང་མཐོན་ཀའི་འཁོར་ལོ་བཅུ་གསུམ་རྒྱལ་པོ་ཆེན་པོ་བཞིས་མངོན་སུམ་དུ་བཙུགས་སོ། །དེའི་རྗེས་སུ་བརྒྱུད་པའི་རིམ་པ་ཡང་། རྒྱལ་པོ་ཉིད་དང་མཆིམས་ཤཱཀྱ་པྲ་བྷ། སྣ་ནམ་རྡོ་རྗེ་བདུད་འཇོམས། ཤུད་བུ་དཔལ་གྱི་སེང་གེ། མཁར་ཆེན་མཚོ་རྒྱལ། ཡུམ་དཔལ་གྱི་མཆོད་གནས་མ་ལ་སོགས་པ་རྣམས་ལ་སློབ་དཔོན་གྱིས་དབང་བསྐུར་ཏེ། སྤྱིར་ཆོས་མང་དུ་གསུངས་ཤིང་། ཁྱད་པར་པདྨའི་ཆོས་དྲུག་ཅེས་པ། སྙིང་ཞགས་གཉིས། པད་ཕུར་གཉིས། མ་གཤིན་གཉིས་ཏེ། དྲུག་པོ་དེ་སྒྲུབ་ཐབས་ཕྲ་མོ་དང་བཅས་པ། དགེ་སློང་ནམ་མཁའི་སྙིང་པོས་ལོ་ཙཱ་བྱས་ཏེ་གསུང་། དེ་ལས་ཀྱང་རྡོ་རྗེ་ཕུར་པའི་རྒྱུད་སྒྲུབ་ཐབས་དང་བཅས་པ་རྒྱ་ཆེར་གསུངས་ཏེ། མཆིམས་སྣ་ནམ་ཤུད་བུ་གསུམ་གྱིས་ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ་བསྒྲུབས་པས། རྡོ་རྗེ་ཕུར་པའི་ལུང་དྲོད་ཚད་ཕུལ་དུ་བྱུང་སྟེ། མཆིམས་ཤཱཀྱ་པྲ་བྷས་འོན་ཅང་རྡོའི་བྲག་ལ་བཏབ་པས་བྲག་ཆོ་ལོ་ཙམ་དུ་གྲུམ་པར་གྱུར། སྣ་ནམ་གྱིས་ཡར་གཙང་གི་གཙང་ཆུ་འདོམ་པའི་ཆུ་ལ་བཏབ་པས་ཕུར་པ་མ་བཏོན་གྱི་བར་དུ་ཆུ་འབབ་མ་ནུས། ཤུད་བུ་དཔལ་གྱི་སེང་གེས་ལྷ་སའི་ཟང་ཡག་ལ་བཏབ་པས་སྤང་ལ་མེ་འབར། མེ་ཤི་མ་ཐག་ཏུ་རྩྭ་སྐྱེས། ཞེས་ལ་ལ་ཟེར་རོ། །དེ་ལྟར་སློབ་དཔོན་གྱིས་མངའ་རིས་བོད་ཀྱི་རྒྱལ་ཁམས་འདིར་ལོ་བཞི་བཅུ་རྩ་གཉིས་ཀྱི་བར་དུ་བཞུགས་ནས། མཆིམས་ཕུ་སྒེ་འུར་གཞི་བྱས་པའི་བོད་ཀྱི་དབེན་གནས་ཆེན་པོ་བརྒྱད་དེ། ཤར་ངམ་ཤོད་ཕུག་མོ་ཆེ། ཤར་ལྷོ་ལྷོ་བྲག་མཁར་ཆུ། ལྷོ་མུ་ཏིག་ཤེལ་གྱི་སྤ་མ་གོང་། ལྷོ་ནུབ་སྤ་གྲོ་སྟག་ཚང་སེང་གེ་ཕུག །ནུབ་དཔལ་གྱི་ཆུ་བོ་རི། ནུབ་བྱང་སྒྲགས་ཀྱི་ཡང་རྫོང་། བྱང་སྨྲྀ་ཏི་ཆུ་མིག་ཅན། བྱང་ཤར་གཏི་སྒྲོ་ཤེལ་ཕུག་གོ། །དེ་ལྟར་ཆུང་ངུ་བརྒྱའོ། །བརྒྱ་རྩ་བརྒྱད་དུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ། མ་འོངས་སྒྲུབ་པ་པོ་རྣམས་འཚོ་བའི་གཏེར་ཁ་ཡང་མང་དུ་སྦས་ནས། ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་གཤེགས་པའི་ཚེ། ཇོ་མོ་གསུམ་གྱིས་རྒྱ་དང་བལ་ཡུལ་གྱི་མཚམས། ཨ་སུ་རའི་བྲག་ཕུག་ཚུན་ཆད་སྐྱེལ་ཆུང་བྱས་ཏེ། སྐུ་རྗེས་སུ་འབྲང་བར་ཞུས་པས། ཁྱེད་རྣམས་ཀྱིས་མི་མ་ཡིན་གྱི་གཟི་མི་བཟོད་དེ་སྲོག་གི་བར་ཆད་དུ་འགྲོ་བས་འདི་ནས་ལོག་ཅིག་གསུངས་ནས་ཡུན་རིང་དུ་མཉེས་པར་བྱས་པའི་དྲིན་ལན་དུ། རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཐུགས་ཀ་ནས་སྤྲུལ་ཏེ། མངོན་སུམ་དུ་སྣང་བར་མཛད་ནས་ཁྱེད་རྣམས་ཡི་དམ་གྱི་ལྷ་ལ་དབང་ཞུའམ། ང་ལ་དབང་ཞུ། ཞེས་གསུངས་པ་ན། ཅོག་རོ་བཟའ་ན་རེ། སློབ་དཔོན་ལས་ངོ་མཚར་ཆེ་བ་མ་མཆིས་ཀྱང་། བདག་གཞན་ལ་བཤད་པ་ཡ་མཚན་པས། ཡི་དམ་གྱི་ལྷ་ལ་དབང་ཞུ་ཞེས་ཟེར། མཁར་ཆེན་བཟའ་ན་རེ། ཡི་དམ་གྱི་ལྷ་ལས་ཁྱད་པར་ཆེ་བ་མ་མཆིས་ཀྱང་། བདག་དང་བརྡ་མི་འཕྲད་པས་སློབ་དཔོན་ཉིད་ལ་ཞུ་ཞེས་ཟེར། ཨ་ཙ་ར་གསལ་ལེ་ན་རེ། གང་ལེགས་ཆ་མེད་པས་གང་ལེགས་པ་ཞིག་ལ་ཞུ་ཟེར་རོ། །དེ་ཉིད་དུ་སློབ་དཔོན་གྱིས་ལྷ་ཚོགས་རྣམས་ཐུགས་ཀར་བསྡུས་ནས། ཅོག་རོ་བཟའ་ལ་མ་མཉེས་ཏེ་ཕྱི་བོན་ཚུལ་དུ་གྱེར་དང་བཅོལ་བསྐུལ་ཙམ་ལ་བརྟེན་ཏེ་བཤད། མཁར་ཆེན་བཟའ་ལ་མཉེས་ཏེ། ཟབ་མོའི་དབང་དང་གདམས་པ་མ་ལུས་པ་རྫོགས་པར་གནང་སྟེ། ཁྱོད་ཀྱིས་གསལ་ལེ་སྨིན་པར་གྱིས་ཤིག་གསུངས་ནས་གསལ་ལེ་མཁར་ཆེན་བཟའ་ལ་གཏད་དོ། །དེའི་དུས་སུ་མཁར་ཆེན་བཟས་སློབ་དཔོན་ལ་ཞུ་དོན་བཞི་ཕུལ་ཏེ། བདག་ཅག་བུད་མེད་འདྲ་བ་ཉོན་མོངས་པ་ཆེ་བས་ཉོན་མོངས་པ་ཐུལ་བའི་ཆོས་ཤིག་ཞུ་འཚལ། བདག་ཅག་བུད་མེད་འདྲ་བ་དགྲ་མང་བས། །མཐུ་ཆེ་བའི་ཆོས་ཤིག་ཞུ་འཚལ། བདག་ཅག་བུད་མེད་འདྲ་བ་ཤེས་རབ་ཆུང་བས། ཚིག་ཉུང་ལ་དོན་དྲིལ་བའི་ཆོས་ཤིག་ཞུ་འཚལ། བདག་ཅག་བུད་མེད་འདྲ་བ་ངང་ཐུང་བས། སྒྲུབ་ཐག་ཉེ་བའི་ཆོས་ཤིག་ཞུ་འཚལ། ཞེས་ཞུས་པས། ཐུགས་ཟིན་གྱི་ཤེས་རབ་མ་ཡིན་པས། སློབ་དཔོན་ཉིད་ཀྱིས་ཞལ་གཟིགས་ཟབ་མོ་ཐུགས་ཀྱི་སྒྲུབ་པ། རྩ་གསུམ་གདམས་ངག་ཅན་འདི་གསུངས་ཏེ། ལྷོ་ནུབ་སྲིན་པོའི་ཡུལ་དུ་མི་སྣང་བར་བཤེགས་སོ། །ཇོ་མོ་མཁར་ཆེན་བཟའ་ཉིད་ནི་དགུང་ལོ་སུམ་བརྒྱ་བཞེས་ཤིང་། ཆོས་འདིའི་གྲུབ་རྟགས་ཀྱང་ཕུལ་དུ་ཕྱིན་ཏེ། དང་པོ་བསྙེན་པ་ལ་འཇུག་པའི་དུས་ཉིད་ནས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་བྲིས་སྐུ་བཞད་ཅིང་འོད་བྱུང་བ་དང་། མར་མེ་རང་འབར་བ་དང་། གཏོར་མ་ཞག་ཏུ་ཁོལ་བ་དང་། ཕུར་བུ་རྩེ་འཕྱོང་བྱེད་པ་ལ་སོགས་པའི་རྟགས་དང་མཚན་མ་བཟང་པོ་བྱུང་ཞིང་། ཁྱད་པར་དུ་བསྙེན་ཕུར་ཞིག་ཡོད་པ་དེ། །དཀྱིལ་འཁོར་གྱི་སྟེང་ནས་ཡར་ནས་སོང་བ་དེ་གར་སོང་བལྟས་པས། སྒྲུབ་ཁང་གི་རྒྱབ་ན་སྐྱེར་ཕུང་ཆེན་པོ་ཞིག་ཡོད་པའི་རྩེ་མོར་བཏབ་སྟེ་དར་གྱི་ཅོད་པན་སྤུ་རེ་སྣང་བ། དེ་བཏོན་མ་ཐག་ཏུ་སྐྱེར་ཕུང་བསྐམས་ཤིང་། དེ་ལ་ཆགས་པའི་འདྲེ་ཕ་མིང་མི་བདོ་གཞོན་དར་ལ་བརླག་ཅིང་འཆི་བའི་དམ་སྲི་མཐུ་མོ་ཆེ་ཞིག་ཡོད་པ་གཅིག་ལེགས་པར་ཐུལ་ཏེ། མི་རྒྱུད་ཀྱང་ཆེར་འཕེལ་བར་གྱུར་སྐད་དོ། །དེ་ནས་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱི་ལང་ལབ་བྱང་ཆུབ་རྡོ་རྗེ་ལ་བརྒྱུད་ལུགས་གསུམ་སྟེ། ཕྱི་བརྒྱུད་ནི། མཁར་ཆེན་བཟས་མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་གནང་། དེས་མི་ནུབ་རྒྱལ་བའི་སྙིང་པོ་ལ། དེས་ངམ་འབྲེ་ཀླུའི་རྒྱལ་མཚན་ལ། དེས་སྲས་ཨ་ཙར་གསལ་ལེ་ལ། དེས་ལང་ལབ་བྱང་ཆུབ་རྡོ་རྗེ་ལ་བརྒྱུད་དེ། ཇོ་བོ་དེ་ནི་ཡུལ་ཉང་སྟོད་ཁོར་རེ་བ། ཡོ་བྱད་ཕྱུག་པ་ཞིག་ཡིན་པ་ལ། ཕ་སྤུན་མི་བདོ་ལ་ནོར་མེད་པ་ཚན་གཅིག་གིས་གཅུན་ནས་ཡོད་པ་ལས། སློབ་དཔོན་གཅིག་ལ་ཕུར་པ་རྣམ་གསུམ་སྐོར་གྱི་མན་ངག་ཞུས་ཏེ། ཡུན་རིང་བར་སྒྲུབ་པ་བྱས་ཀྱང་རྟགས་མ་བྱུང་ནས། ནུབ་གཅིག་རྨི་ལམ་ན་ནགས་ཚལ་ཆེན་པོ་ཞིག་ཏུ་ཞུགས་ནས་ཤིང་གཅོད་པ་འདུག་པ་ན། སྟྭ་རེ་རྟུལ་པོ་ཞིག་གིས་ཤིང་སྡོང་ཆེན་པོ་གཅིག་ལ་མི་ཆོད་བཞིན་དུ་རྡེག་ཅིང་འདུག་པའི་ཚེ། སྔགས་པ་གཞོན་ནུ་ཞིག་གིས། ཁྱོད་ཀྱིས་དེས་མི་ཡོང་འདིས་ཆོད་ཅིག་གསུངས་ནས་སྟྭ་གྲི་རྣོན་པོ་ཞིག་གཏད་པ་དེ་ཐོགས་ནས་ཤིང་ལ་བཏབ་ཚད་དེ་ལ་ཐག་ཏུ་ཆོད་པ་ཞིག་རྨིས་པ་དང་གཉིད་སད་དེ། ཡུན་རིང་དུ་སྒྲུབ་པ་བྱས་ཀྱང་རྟགས་མེད་པས་སྐྱོ་བ་སྐྱེས་ཏེ་མཚམས་བཏོན་ནས་ལམ་ཁ་ཞིག་ཏུ་བསྡད་པ་ན། ཉི་མ་ཕྱི་དྲོའི་དུས་ཞིག་གི་ཚེ། མདང་རྨི་ལམ་དུ་བྱུང་བ་དེ་ཁོ་ན་འདྲ་བའི་སྔགས་ཆུང་གཞོན་ནུ་ཕྱིང་ཁུག་རྒྱབ་ཏུ་ཁུར་བ་ཞིག་དང་འཕྲད་དེ། ཅི་ཤེས་དྲིས་པས། རྡོ་རྗེ་ཕུར་པ་རྩ་དུམ་གདམས་ངག་ཅན་གྱི་ལུགས་བྱ་བ་ཤེས་ཟེར། སྔར་བས་ཟབ་པ་ཞིག་ཡོད་པར་སྲིད་སྙམ་ནས། ནང་དུ་ཁྲིད་ནས་ཞུས་ཏེ་སྒྲུབ་པ་བྱས་པ་ན་ཞག་ཉི་ཤུ་རྩ་གཅིག་ལས་མ་ཐོགས་པར་ཕ་སྤུན་རྣམས་བག་སྟོན་ལ་ཚོགས་པའི་ཁང་པ་རྡིབ་ནས་དུས་གཅིག་ལ་ཤི་སྟེ་མཐུའི་གྲགས་པ་ཆེན་པོ་ཐོབ་སྐད། སྔགས་ཆུང་དེ་ཨ་ཙར་གསལ་ལེ་བྱ་བ་དེ་ཡིན་པར་འདུག་གོ། །ནང་བརྒྱུད་ནི། མཁར་ཆེན་བཟས་ཨ་ཙ་ར་གསལ་ལེ་ལ། །དེས་ལང་ལབ་བྱང་ཆུབ་རྡོ་རྗེ་ལའོ། །གསང་བརྒྱུད་ནི། ཇོ་མོ་མཁར་ཆེན་བཟའ་ཉིད་ཀྱིས་ལང་ལབ་བྱང་ཆུབ་རྡོ་རྗེ་ལ་གནང་སྟེ། དགུང་ལོ་སུམ་བརྒྱ་བཞེས་པས་སོ། །ལང་ལབ་བྱང་ཆུབ་རྡོ་རྗེ་ལ་ཐུགས་ཀྱི་སྲས་བཞི་སྟེ། ཉང་སྨད་ཀྱི་ཉར་བེར་སྔོན་ཅན་བཀའ་རྐུན་ཡིན་པས་ཡིག་ཆུང་ཅན་གནང་། སྐྱིན་མཁར་གྱི་སྐྱི་ནག་གྱང་འགྱེལ་མཐུ་འདོད་པས་ངན་སྔགས་ནོར་བུ་ལུགས་སུ་གནང་། ཉང་སྟོད་ཀྱི་སྲས་ཕུར་བུའི་མགོ་ཅན་ཤེས་རབ་ཆུང་ལ་མཉེས་པ་ཆེ་བས་མཆན་ཏིག་ཅན་གནང་། ཤངས་ཀྱི་སྣ་ནམ་ཤེས་རབ་ཚུལ་ཁྲིམས་ནི་བློ་རྣོ་ལ་མཉེས་པ་ཆེ་བས་རྩ་དུམ་གདམས་ངག་ཅན་གྱི་ལུགས་འདི་གནང་ངོ་། ཉང་བེར་སྔོན་ཅན་བཀའ་རྐུན་ཡིན་པའི་ལོ་རྒྱུས་ནི། དང་པོ་ནས་ཡུན་རིང་དུ་བསྟེན་པ་ཞིག་ཡིན་ཀྱང་མི་གཞི་ལ་མ་མཉེས་ནས་གདམས་པ་ཟབ་ཤོས་འདི་ཁོ་ན་ཡུན་རིང་དུ་མ་གནང་སྐད། དུས་ཕྱིས་ཤིག་ཁོར་རེར་མུ་གེ་ཆེན་པོ་ཞིག་བྱུང་བ་ན། ཉང་བེར་སྔོན་ཅན་ཡོ་བྱད་ཆེ་བས། ཇོ་བོ་ལང་ལབ་ཉང་སྨད་དུ་སྤྱན་དྲངས་པ་ན། ཇོ་མོ་ཆེན་མ་ཡུལ་དུ་བཞག །ཆུང་ཤོས་ཀྱིས་ཞབས་ཏོག་མཛད་ནས་ཡུལ་ཉང་སྨད་དུ་བྱོན་ནས་ཡུན་རིང་དུ་བཞུགས། དེའི་དུས་ན་ཡུལ་ནས་བང་ཆེན་བྱུང་སྟེ། ཇོ་མོ་ལ་མུ་གེ་ཕོག་ནས་སྐྲ་ཡང་ཡོ་བྱི་ཤི་བ་ལ་ཉེ་བར་ཡོད་པས། ཇོ་བོ་ལ་ངོ་འཕྲད་དུ་ཤོག་ཟེར་གྱིན་འདུག་ཟེར་བས། ཉང་བེར་སྔོན་ཅན་གྱིས་ཞབས་ཏོག་བྱས་ཏེ་ཡུལ་དུ་བྱོན་པ་ན། ཁོའི་བསམ་པ་ལ། ང་ཇོ་བོ་འདི་ལ་ཇི་ཙམ་གྱི་བསྙེན་བཀུར་ཞིག་བྱས་ཀྱང་གདམས་པ་ཟབ་མོ་ནི་མི་གནང་བར་འདུག་པ། ད་རེས་བཀའ་རྐུན་བྱེད་པ་གླགས་ཆེ་སྙམ་ནས་ཡུལ་དུ་མཚན་འགྲོས་ལ་རྒྱུགས་ཏེ། ཇོ་མོ་ཆུང་ཤོས་ཀྱི་སར་ཕྱིན་ནས། ཇོ་བོ་ན་རེ། དོམ་སྒྲོ་ནག་པོ་བསྐུར་ཟེར་བྱས་ཏེ་བླངས་ནས་ཞབས་བརྟོལ་ཏེ། ཆོས་འདིའི་དཔེ་ཕྱུངས་ནས་མཚན་མོ་མར་མེ་ལ་བྲིས་ཏེ། ཕྱི་མོ་སླར་སྔ་མ་བཞིན་བཅུག་ནས་ཇོ་མོ་རང་ལ་གཏད་དེ། ད་རུང་ཇོ་བོ་ཉང་གིས་གདན་དྲངས་ཏེ་ཆོས་ཞུ་བར་འདོད་པ་ན། ཇོ་བོའི་ཐུགས་དགོངས་ལ། འདི་སྤྱིར་ཞབས་ཏོག་ཆེ་ལ་ཁྱད་པར་དུ་མུ་གེའི་འཇིགས་པ་ལ་སྟོངས་བྱས་པ་ཡིན་པས་དྲིན་ལན་དུ་གདམས་པ་ཟབ་མོ་འདི་སྦྱིན་དགོས་སྙམ་ནས་གནང་བར་ཞལ་གྱིས་བཞེས་པ་ན། ཁོ་ན་རེ། ང་ལ་ཡང་དེ་ལྟ་བུ་ཞིག་ཡོད་དེ་ཨེ་མཐུན་ནམ་ཟེར་ནས་ཁོའི་དཔེ་བལྟས་བཀའ་རྐུན་འདུག་པར་ཤེས་ཏེ་ཐུགས་མུག་ནས། ཟབ་ཆོས་ཀྱི་སྣོད་དོམ་སྒྲོ་ནག་པོ་བོང་བུ་ལ་བཀལ་ནས་ཇོ་མོ་དང་བཅས་ཏེ་མདུན་དུ་བཅུག་ནས། སེང་ལྡེང་གི་རྔ་ཆུང་ཁོ་ལ་གནང་ནས། ཅིས་ཀྱང་མ་ལན། བྱང་ཆུབ་རྡོ་རྗེ་ལྟོག་པས་ལན། དེ་ལ་ཁྱེད་ཀྱི་དབྱར་ཟླ་བ་གསུམ་གྱི་ཟ་མའི་ཁ་ལན་གྱིས་གསུངས་ནས་ཡུལ་དུ་བྲོས་སོ། །འོན་ཀྱང་ཁྱེད་ཟས་དྲིན་ཅན་ཡིན་གསུངས་ནས། རྩ་བའི་གཞུང་ཉམས་སུ་ལེན་པ་ལ་ཕན་པའི་ཡིག་ཆུང་མང་པོ་ལྐོག་ཏུ་མཛད་ནས་བསྐུར་བས་ན་ཡིག་ཆུང་ཅན་ཞེས་བྱའོ། །སྣ་ནམ་ཤེས་རབ་ཚུལ་ཁྲིམས་ལ་སྲས་ནི་མེད། སྐུ་ཚེ་སྟོད་ལ་གདམས་པ་ཟབ་ཤོས་ཐུགས་ཀྱིས་མ་ཐོངས་ནས་འདྲ་མིན་ལྔ་བྱས་ཏེ། འགྲེལ་པའི་སྐོར། འདུས་པའི་སྐོར། དྷཱ་ཏི་ཚར་གསུམ་གྱི་སྐོར། ཤམ་དམར་ཅན། ཤམ་སྔོན་ཅན་དང་ལྔས་སྐུ་ཚེའི་སྟོད་ཀྱི་སློབ་བུ་རྣམས་སྨིན་པར་མཛད་དོ། །སྐུ་ཚེའི་སྨད་ལ་ཟབ་མོའི་གདམས་པ་བཀའ་ཆད་ཀྱིས་དོགས་ནས། རྒྱ་སྟོན་སངས་རྒྱས་དང་། ཁྱུང་པོ་གསལ་ལེ་བྱ་བ་གཉིས་ལ་གནང་སྟེ། ཟབ་པའི་རྒྱུ་མཚན་ཡང་། ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པར་འདོད་པས་ཉམས་སུ་བླངས་བདེ། དམ་ཅན་གཞི་སྙིང་གཅིག་ཏུ་དྲིལ་ནས་བསྒྲུབས་པས་མཐུ་ཆེ། གཞུང་རྩ་དུམ་འཁྲུགས་སྡེབས་སུ་ཉམས་སུ་བླངས་པས་ཚེགས་ཆུང་། སྟོད་ལས་རིན་པོ་ཆེའི་ཕྲེང་བ་ལྟ་བུ་ལ་བརྟེན་ནས་བྱང་ཆུབ་སྒྲུབ་ཅིང་། སྨད་ལས་དུག་ཕུར་ནག་པོའི་ལས་བྱང་ལ་བརྟེན་ནས་དགྲ་བགེགས་ཚར་གཅོད་པར་བྱེད་པ་ཆ་རྐྱེན་དགུའི་བམ་སྒྲུབ། སྲེག་ཆོག །གནས་ཆོག་གསུམ་སྟོད་ལས། མནན་བསྲེག་འཕང་གསུམ་སྨད་ལས། ཚོགས་ཚེ་ལྷག་ཆོག་གསུམ་པོ་ཐུན་མོང་གིས་སོ། །མན་ངག་དང་བཅས་པས་རང་གཞན་གྱི་དོན་སྒྲུབ་པའི་ཐབས་ཚང་ལ་མ་ནོར་བར་སྟོན་པས་སོ། །དེ་ལ་རྒྱ་སྟོན་སངས་རྒྱས་ཀྱིས། རྒྱ་ཐུང་ཤེས་རབ་རྒྱལ་མཚན་ལ། དེས་རྒྱ་ཁ་སེར་བ་ལ། དེས་ཨ་ཇོ་སྨན་ཆུང་པ་ལ། དེས་དཔལ་ལྷ་རི་བ་ལ་གནང་སྟེ། དེ་ཐམས་ཅད་ཀྱང་ཡི་དམ་ལྷའི་ཞལ་མཐོང་བ་ཤ་སྟག་ཡིན་ནོ། །དེ་ལ་རོག་ཤེས་རབ་བླ་མས་ཞུས་ཏེ། དེ་ཡང་དང་པོ་མའི་ལྷུམས་སུ་ཞུགས་པའི་དུས་སུ་ལྕགས་ཀྱི་ཕུར་པ་འོད་ཟེར་འཕྲོ་བ་དང་བཅས་པ་ཞིག་ཞུགས་པ་རྨིས་ཤིང་། གཞོན་པའི་དུས་ན་གངས་པ་ཤེའུ་ལ་ཕར་ཕྱིར་དང་ཚད་མ་གསན་པས་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ཏེ། སྡེ་མང་པོའི་ཆོས་དཔོན་མཛད། བར་དུ་ལྷ་རྗེ་གནུབས་པདྨ་དབང་རྒྱལ་གྱི་སྲས་ལ་འཇམ་དཔལ་དམར་ནག་གི་སྒྲུབ་ཐབས་ལ་སོགས་པ་མང་དུ་རྩད་བཅད། སྐུ་ཚེའི་སྨད་ལ་བླ་མ་དཔལ་དང་མཇལ་ནས་ཆོས་འདིའི་སྒྲུབ་པ་འབའ་ཞིག་མཛད་དེ། ཡི་དམ་ལྷའི་ཞལ་གཟིགས་ཤིང་ནུས་པ་ཆེན་པོ་ཐོབ་པས་སློབ་དཔོན་པདྨའི་སྤྲུལ་པར་གྲགས་སོ། །དེ་ནས་ཁྱུང་པོ་གསལ་ལེའི་བཀའ་མར་འབྲོག་གི་གུ་རུབ་ཡང་དག་ལ་ཡོད་པར་གསན་ནས་གདམས་པ་ལ་ཁྱད་ཅི་འདུག་གཟིགས་སུ་བྱོན་ཏེ། དེས་ཁྱུང་པོ་འཆལ་འབྲུབ་ལ་གནང་། དེས་ཇོ་སྲས་བློ་གྲོས་རྒྱལ་མཚན་ལ། དེས་གྲགས་པ་རྒྱལ་མཚན་ལ། །དེས་གུ་རུབ་ཡང་དག་ལ་གནང་ནས་འདུག་སྐད། དེ་ལ་སྟོད་ལས་ནི་བླ་མ་དཔལ་མཁས་པར་བྱུང་སྟེ། བསྙེན་པ་དབང་དང་འབྲེལ་བར་སྟོན་ཅིང་ཆོག་སྒྲིགས་ལེགས་ལ། སྨད་ལས་གུ་རུབ་ཡང་དག་མཁས་པར་བྱུང་སྟེ་གདམས་པའི་གནད་ཆེ་ཞིང་དབང་རང་རྐྱ་ལས་མི་མཛད་དོ། །འདིར་ནི་གཉིས་གཅིག་ཏུ་དྲིལ་བས་སྣ་ནམ་གྱི་གདམས་པ་མཐར་ཐུག་པའོ། །ཁོ་བོ་ཅག་གི་བླ་མས་ཤེས་རབ་འོད། ནི་མེས་པོ་དགེ་བཤེས་རོག་ཤེས་རབ་བླ་མ་ཉིད་ལས་ལུང་ཐོབ་ཅིང་། ཡབ་བཀྲ་ཤིས་གྲགས་ལ་ནན་ཏན་ཆེར་མཛད་དེ་དགུང་ལོ་བཅུ་བཞི་པ་ནས། འདི་ཉིད་ལ་ཐུགས་དམ་མཛད་དེ། བཅུ་གསུམ་པ་ལ་ལྷག་པའི་ལྷས་ཞལ་མངོན་སུམ་དུ་གཟིགས་པའོ། །དེ་ལྟར་སློབ་དཔོན་གྱི་ཡོན་ཏན་དང་། བརྒྱུད་པའི་ཁུངས་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། འདིར་འཇུག་པར་འགྱུར་པའི་གང་ཟག་ནི་གཉིས་སུ་སྲིད་པ་ལས། དབང་པོ་རྣོན་པོ་ཆོས་ཀྱི་རྗེས་སུ་འབྲང་བ་དག་ནི། བརྗོད་པར་བྱ་བའི་དོན་ནམ་རྗོད་པར་བྱེད་པའི་སྒྲའི་སྡེབ་སྦྱོར་ལ་སྐྱོན་མེད་པར་མཐོང་ན་ནི་རྗེས་སུ་འཇུག་ལ། མ་མཐོང་ན་མི་འཇུག་པ་ཉིད་ཀྱིས་དེ་ལྟ་བུའི་དོན་དུ་མི་འགྱུར་ནའང་། དབང་པོ་རྟུལ་པོ་གང་ཟག་གི་རྗེས་སུ་འབྲང་བ་དག་ནི། ཡོན་ཏན་དེ་ལྟ་བུ་དང་ལྡན་པས་མཛད་ཅིང་བར་མ་ཆད་པར་བརྒྱུད་པ་འདི་ལ་ནི་དོན་བཟང་པོ་ཞིག་ཡོད་དེ་འོང་སྙམ་ནས་འཇུག་པའི་ཡན་ལག་ཏུ་འགྱུར་བས་ཏེ། རི་སྙིང་དུ་སྡུག་ན་ངད་ཁ་ལ་ཞིམ་པ་བཞིན་ནོ། །དེ་ཡང་རྣ་བརྒྱུད་ལུང་གི་ཕྲེང་བ་ལས། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ནི། །ཕྱི་རོལ་རྒོལ་བ་ངན་པ་འབྱུང་སྲིད་ཀྱི། །དང་པོར་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨོས། །ཞེས་གསུངས་སོ། །སྤྱི་དོན་གཉིས་པ་རྒྱུད་གང་ནས་བཏུས་ཤིང་ཕྱོགས་གར་གཏོགས་པའི་ཁུངས་ལ་ཡིད་ཆེས་ཤིང་གྲུབ་མཐའི་ས་མཚམས་ངེས་པར་བསྟན་པ་ལས། དང་པོ་ནི་སྤྱིར་བསྡུ་བའི་གཞི་རྡོ་རྗེ་ཕུར་པའི་རྒྱུད་སྡེར་ཡོངས་སུ་གྲགས་པ་སུམ་ཅུ་རྩ་གཉིས་ཏེ་རྩ་བའི་རྒྱུད་གསུམ། བཤད་པའི་རྒྱུད་བཅུ། ཡན་ལག་གི་རྒྱུད་བཅུ། ལོ་མའི་རྒྱུད་བཞི། སྙིང་པོ་དོན་གྱི་རྒྱུད་ལྔའོ། །དང་པོ་རྩ་བའི་རྒྱུད་གསུམ་ནི། བིདྱོཏྟ་མ་ལ་འབུམ་སྡེའི་རྒྱུད། ཀཱི་ལ་བཅུ་གཉིས་ཀྱི་རྒྱུད། རྣལ་འབྱོར་བླ་ན་མེད་པ་གསང་ཆེན་དམ་པའི་རྒྱུད་དོ། །གཉིས་པ་བཤད་པའི་རྒྱུད་བཅུ་ནི། གབ་པ་འཁོར་ལོ་ནག་པོ་སྟོང་སྡེའི་རྒྱུད། ཀཱི་ལ་ཡ་མེ་ལྕེ་ཕྲེང་བའི་རྒྱུད། དྲག་པོ་མདུང་རྩེའི་རྒྱུད། འཇིག་རྟེན་སྣང་བྱེད་ཀྱི་རྒྱུད། རྡོ་རྗེ་བཀོད་པའི་རྒྱུད། དཔྱང་ཐག་ཆད་པའི་རྒྱུད། དགོངས་རྒྱུད། གསང་རྒྱུད། དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱུད། ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་དོ། །གསུམ་པ་ཡན་ལག་གི་རྒྱུད་བཅུ་ནི། ཧཱུྃ་ཀ་ར་སེར་བ་འབེབས་པའི་རྒྱུད། སྟོབས་པོ་སེར་བ་བཟློག་པའི་རྒྱུད། རྣམ་པར་རྒྱལ་བ་དབང་བསྐུར་བའི་རྒྱུད། དབྱུག་པ་སྔོན་པོ་སྦྱིན་སྲེག་གི་རྒྱུད། གཤིན་རྗེ་གཤེད་པོ་ལྷོག་པ་རྒྱབ་བརྟེན་གྱི་རྒྱུད། མི་གཡོ་མགོན་པོ་འཕྱོང་དྲུག་ལས་ལ་གཟུད་པའི་རྒྱུད། རྟ་མགྲིན་ཀླུ་འདུལ་བའི་རྒྱུད། ཊཱཀྐི་རཱ་ཛ་ལས་ལ་འགྱེད་པའི་རྒྱུད། བདུད་རྩི་འཁྱིལ་བ་སྨན་སྒྲུབ་པའི་རྒྱུད། ཁམས་གསུམ་རྣམ་པར་རྒྱལ་བ་ལས་དྲུག་ལ་རྦད་པའི་རྒྱུད་དོ། །བཞི་པ་ལོ་མའི་རྒྱུད་བཞི་ནི། ཤྭ་ན་དཀར་ནག་ཐུན་གྱི་རྒྱུད། །རེ་མ་ཏི་སྦས་པ་ནག་པོའི་རྒྱུད། བསེའི་ལྷ་མོ་ཡང་སྦས་གཏེར་གྱི་རྒྱུད། བསེའི་སྐྱེས་བུ་འགུགས་པ་རྒྱལ་པོའི་རྒྱུད་དོ། །ལྔ་པ་སྙིང་པོ་དོན་གྱི་རྒྱུད་ལྔ་ནི། སྐུའི་རྒྱུད་དཔལ་ཡེ་ཤེས་འཁོར་ལོ། །གསུང་གི་རྒྱུད་པདྨ་གསང་བ། །ཐུགས་ཀྱི་རྒྱུད་རྡོ་རྗེ་འབར་བ། །ཡོན་ཏན་གྱི་རྒྱུད་རིན་པོ་ཆེའི་གཙུག་ལག །ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེའོ། །དེ་དག་ལས་འདིར་ཁྱད་པར་དུ་བིདྱོཏྟ་མ་ལ་རྩ་བའི་རྒྱུད་ཀྱི་མངོན་པར་རྟོགས་པ་ཚང་ལ་མ་ནོར་བ་ཉུང་ངུ་སྟོན་པའི་ལེའུ་ཞིག་བསྡུས་ཏེ་ལོགས་སུ་ཕྱུང་བར་མཛད་པའོ། །ཕྱོགས་གང་དུ་གཏོགས་ན། ཐོས་བསམ་གྱི་ཤེས་རབ་ཀྱིས་རང་གི་ལྟ་བ་ངེས་པར་གྱུར་པའི་གྲུབ་མཐའ། ཡང་དག་པ་མ་ཡིན་པར་ཞུགས་པ་ཕྱི་རོལ་མུ་སྟེགས་བྱེད་དང་། ཡང་དག་པར་ཞུགས་པ་ནང་པ་སངས་རྒྱས་པ་གཉིས་ལས་འདི་ནི་ནང་པའོ། །དེ་ཡང་རྡོ་རྗེ་ཐེག་པ་བཀོད་པའི་རྒྱུད་ལས། བསྟན་པའི་ཚུལ་ནི་རྣམ་གཉིས་ཏེ། །དམན་པ་མུ་སྟེགས་བསྟན་པ་དང་། །མཆོག་གྱུར་སངས་རྒྱས་བསྟན་པའོ། །ཞེས་སོ། །དང་པོ་ཆོས་རྣམས་ཡང་དག་པའི་དངོས་པོར་མེད་པ་ལ་ཡོད་པར་སྒྲོ་བཏགས་ཏེ། གང་ཟག་གི་བདག་ཏུ་འཛིན་པ་རྟག་པར་ལྟ་བ་དང་། གནས་སྐབས་རྟེན་འབྱུང་གི་དངོས་པོ་ཡོད་བཞིན་ཅང་མེད་དུ་སྐུར་པ་འདེབས་པ་ཆད་པར་སྨྲ་བ་གཉིས་རྣམ་པར་བཅད་པའི་ནང་པ་སངས་རྒྱས་པ་ལའང་ཤེས་རབ་དང་སྙིང་རྗེ་ཆེན་པོ་དང་མི་ལྡན་པ་ཐེག་པ་ཆུང་ངུ་དང་། དེ་གཉིས་དང་ལྡན་པའི་ཐེག་པ་ཆེན་པོ་གཉིས་ལས་འདི་ནི་ཆེན་པོའོ། །དེ་ཡང་འཇམ་དཔལ་སྒྱུ་དྲྭ་ལས། སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱི་འགྲོ་དོན་བྱེད་པའི་མཆོག །ཅེས་སོ། །དང་པོ་གཟུང་འཛིན་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་དོན་དམ་དུ་འཛིན་པའི་ཉན་ཐོས་དང་། དེའི་ཕྱེད་ཤེས་པ་དོན་དམ་དུ་འཛིན་པའི་རང་རྒྱལ་གཉིས་རྣམ་པར་བཅད་པའིི་ཐེག་པ་ཆེན་པོ་ལའང་། རྒྱུ་ལ་ལམ་དུ་བྱེད་པ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་ལ་ལམ་དུ་བྱེད་པ་གསང་སྔགས་ཀྱི་ཐེག་པ་གཉིས་ལས། འདི་ནི་གསང་སྔགས་སོ། །དེ་ཡང་རྒྱུད་སྙིང་པོ་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་བྱེད་པ་ཡིན། །ཞེས་སོ། །དང་པོ་བདག་ཏུ་འཛིན་པ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དོན་དམ་དུ་འདོད་པ་སེམས་ཙམ་པ་དང་། དེ་ལྟ་བུའི་སྤྲོས་པ་དང་བྲལ་བར་འཛིན་པ་དབུ་མ་གཉིས་རྣམ་པར་བཅད་པའི་གསང་སྔགས་པ་ལའང་། ལྷ་དང་ཐ་དད་དུ་བལྟས་ནས་འཇུག་པར་བྱེད་པ་ཕྱི་ཐུབ་པ་རྒྱུད་དང་། ཐ་མི་དད་དུ་བལྟས་ནས་འཇུག་པར་བྱེད་པ་ནང་པ་ཐབས་ཀྱི་རྒྱུད་གཉིས་ལས། འདི་ནི་ནང་པ་ཐབས་ཀྱི་རྒྱུད་དོ། །རྡོ་རྗེ་སེམས་དཔའི་རྒྱུད་ལས། གཞལ་ཡས་ཁང་བཟང་དཀྱིལ་འཁོར་དང་། །ཁྲོ་ཚོགས་འདུ་འཕྲོ་མང་པོ་དང་། །སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ཉིད། །དེ་བས་རྣམ་འཕྲུལ་རིག་པའི་ངང། །ཞེས་སོ། །དང་པོ་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པ་ཀྲྀ་ཡ་དང་། ལུས་ངག་སེམས་ཀྱི་ཏིང་ངེ་འཛིན་ཆ་མཉམ་པ་སྤྱོད་པ་དང་། མཚན་མ་དང་བཅས་པ་སེམས་ཀྱི་ཏིང་ངེ་འཛིན་གཙོ་བོར་བྱེད་པ་རྣལ་འབྱོར་གྱི་རྒྱུད་རྣམ་པར་བཅད་པའི་ནང་པ་ཐབས་ཀྱི་རྒྱུད་ལའང་། བསྐྱེད་བྱའི་ལྷ་རྣམས་ཆོ་གའི་ཡན་ལག་ལ་བརྟེན་ནས་རིམ་གྱིས་བསྐྱེད་པ་མ་ཧཱ་ཡོ་ག་དང་། དེ་ཡང་བདུད་རྩི་མཆོག་གི་ལུང་ལས། ཨ་ཡི་ཆོ་འཕྲུལ་ཧཱུཾ་དུ་གསལ། ཧཱུཾ་ལས་ཐུགས་རྟགས་རྡོ་རྗེ་འབར། །དེ་ལས་ཆེ་མཆོག་ཕྱག་རྒྱ་ཆེ། །ཞེས་སོ། །ཆོ་གའི་ཡན་ལག་ལ་མ་བརྟེན་པར་སྐད་ཅིག་དྲན་རྫོགས་སུ་གསལ་བར་རྫོགས་པ་ལ་ཨ་ནུ་ཡོ་ག་དང་། དེ་ཡང་ཀུན་འདུས་ལས། སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །བྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །ཞེས་སོ། །བསྐྱེད་རྫོགས་ཀྱི་ཐ་སྙད་དང་བྲལ་བའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་སྟོན་པར་བྱེད་པ་ཨ་ཏི་ཡོ་ག་སྟེ། ཁྱུང་ཆེན་ལས། རང་བྱུང་ཡེ་ཤེས་མི་རྟོག་ཀུན་ཏུ་ཇི་བཞིན་གནས། །ཞེས་སོ། །དེ་ལ་འདིར་ནི་ཏིང་ངེ་འཛིན་ལ་ལྟོས་ནས་ཆོ་ག་ཡན་ལག་གསུམ་གྱིས་བསྐྱེད་པ་མ་ཧཱའོ། །གལ་ཏེ་འདི་ན་ཨ་ནུའི་ལྟ་བ་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་བསྟན་པས་མ་ཧཱར་འགལ་ལོ་ཞེ་ན། ཏིང་ངེ་འཛིན་ལ་ལྟོས་ནས་མ་ཧཱ་འདོད་པ་ཙམ་གྱིས་ལྟ་བར་ལྟོས་ནས་འགལ་བའི་ཁྱབ་པ་མེད་དོ། །དེ་ཡང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། གཙོ་བོར་སྒྲུབ་སྡེའོ། །དང་པོ་མ་ཧཱའི་ཏནྟྲ་སྡེ་བཅོ་བརྒྱད་ལ་སོགས་པ་རྣམ་པར་བཅད་པའི་སྒྲུབ་སྡེ་ལ། སིདྡྷི་མཆོག་གཙོ་བོར་བྱེད་པ་འཇིག་རྟེན་ལས་འདས་པའི་སྒྲུབ་སྡེ་དང་། སིདྡྷི་ཐུན་མོང་དང་མཆོག་ཏུ་བྱེད་པ་གཉིས་ཀ་ཆ་མཉམ་པར་བྱེད་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐུན་མོང་གི་སྒྲུབ་སྡེ་གཉིས་ལས། འདི་ནི་ཡེ་ཤེས་ལྷའི་སྒྲུབ་པའོ། །དེ་ལྟ་བུའི་རྦོད་གཏོང་མ་མོའི་སྒྲུབ་པ་དང་། དམོད་པ་དྲག་སྔགས་ཀྱི་སྒྲུབ་པ་དང་། བཅོལ་བསྐུལ་འཇིག་རྟེན་པའི་སྒྲུབ་པ་རྣམས་རྣམ་པར་བཅད་པ་ཡེ་ཤེས་ལྷའི་སྒྲུབ་པ་ལའང་། ཐོབ་བྱ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་ངེས་པས་ཐོབ་པར་བྱེད་པའི་ཐབས་ལའང་ལྔ་ལས། བཅོམ་ལྡན་འདས་ཡ་མཱནྟ་ཀའི་སྐུ་འཁོར་ལོ་བཞི་དང་ལྡན་པར་སྒྲུབ་པས་ན་འཇམ་དཔལ་སྐུའི་སྒྲུབ་པ་དང་། བདེ་བར་གཤེགས་པ་པདྨ་དབང་ཆེན་རྟ་སྐད་ཐེངས་གསུམ་ལ་བརྟེན་ནས་སྒྲུབ་པས་ན་པདྨ་གསུང་གི་སྒྲུབ་པ་དང་། དཔལ་ཆེན་པོ་བཛྲ་ཧེ་རུ་ཀའི་ཐུགས་རྗེ་མཁྱེན་པའི་ཡེ་ཤེས་མར་མེ་དགུ་ལ་སོགས་པ་ལ་བརྟེན་ནས་སྒྲུབ་པས་ན་ཡང་དག་ཐུགས་ཀྱི་སྒྲུབ་པ་དང་། བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀའི་དབུའི་གཙུག་ཏོར་ནས་ཞབས་ཀྱི་གདན་ཁྲི་ཡན་ཆོད་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡོན་ཏན་གྱི་ཚུལ་དུ་སྒྲུབ་པས་ན་བདུད་རྩི་ཡོན་ཏན་གྱི་སྒྲུབ་པ་དང་། ཡང་དག་པའི་བསྟན་ལ་སྡང་བ་ཚར་གཅོད་པར་བྱེད་པ་མངོན་སྤྱོད་ཀྱི་ཕྲིན་ལས་སྒྲུབ་པས་ན་ཕུར་པ་ཕྲིན་ལས་ཀྱི་སྒྲུབ་པ་དང་ལྔ་ལས། འདི་ནི་ཕུར་པ་ཕྲིན་ལས་ཀྱི་སྒྲུབ་པ་ཉིད་དོ། །གསུམ་པ་དགོས་འབྲེལ་ཁྱད་པར་ཅན་གྱི་སྒྲུབ་པ་ལ་བརྩོན་པར་བསྟན་པ་ནི། རྗོད་བྱེད་ཀྱི་ངག་རྡོ་རྗེ་ཁྲོས་པ་རྩ་བའི་གཞུང་འདི། བརྗོད་བྱའི་དོན་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་བྱེད་ཀྱི་ཐབས། ཡང་དག་པ་གནས་སྐབས་ཀྱི་བྱེད་པ་དང་བཅས་པ་ནི་དགོས་པ་སྟེ། འདི་ཉིད་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །ཞེས་སོ། །དེ་ལྟར་རྟོགས་པ་ལ་བརྟེན་ནས་བདག་དང་གཞན་གྱི་དོན་ཅི་རིགས་པ་ཐོབ་པ་ནི་ཡང་དགོས་ཡིན་ནོ། །དེ་ཡང་གཞུང་དོན་གནས་སྐབས་ཀྱི་འབྲས་བུ་ནི་ཐེག་པ་ཆེན་པོའི་ཆོས་ལ་བར་དུ་གཅོད་པ་འདུལ་བ་སྟེ། འདི་ཉིད་ལས། ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །ཞེས་སོ། །རང་གཞན་གཉིས་ཀའི་དོན་ཕུན་སུམ་ཚོགས་པ་མཐར་ཐུག་གི་འབྲས་བུ་ནི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཏེ། དེ་ཉིད་ལས། ཡེ་ཤེས་ཁྲོ་བོ་འགྲུབ་པར་མཛོད། །ཅེས་སོ། །དེ་ཡང་བརྗོད་བྱ་རྗོད་བྱེད་གཉིས་ནི་ཤེས་བྱ་དང་ཤེས་བྱེད་དུ་འབྲེལ་ལ། དགོས་པ་དང་དགོས་བྱེད་གཉིས་ནི་ཐབས་དང་ཐབས་བྱུང་གི་འབྲེལ་པ་ཉིད་ཀྱིས་མས་ནས་བཟློག་པའི་རིམ་པ་བཞིན་དགོས་པ་ཐབས་དང་མ་འབྲེལ་བ་དང་། དགོས་པ་འདོད་བྱ་མ་ཡིན་པ་དང་། དགོས་པ་མེད་པའི་ལོག་རྟོག་རྣམས་བཅད་པས། རྟོགས་ལྡན་འཇུག་པའི་ཡན་ལག་ཏུ་འགྱུར་བས་སོ། །དེ་ཡང་མདོ་ཏིང་འཛིན་རྒྱལ་པོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་གསུངས་སོ། །བཞི་པ་ས་གཅོད་ཀྱི་དབྱེ་བས་དོན་གྱི་དམིགས་བཟུང་བ་ལ་གསུམ་སྟེ། དམིགས་པར་བྱ་བའི་ཡུལ་དང་། སྒྲུབ་པའི་ཐབས་དང་། བསྒྲུབས་པའི་འབྲས་བུའོ། །དང་པོ་དམིགས་པར་བྱ་བའི་ཡུལ་ནི། སྔར་བསྟན་པའི་མཐར་ཐུག་གི་འབྲས་བུ་དགོས་པ་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟེ། དེ་ལ་གཉིས། རང་བཞིན་གྱིས་དམིགས་པར་བྱ་བའི་ཡུལ་བདག་གི་དོན་ཕུན་སུམ་ཚོགས་པ་དང་། སྙིང་རྗེས་དམིགས་པར་བྱ་བའི་ཡུལ་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །དང་པོ་ནི། ཡང་དག་པའི་ལྟ་བ་གནས་ལུགས་ཀྱི་དོན་ཇི་ལྟ་བ་རྟོགས་པ་ལས་བྱུང་བ་སྟེ། འདིར་ཡང་དག་པའི་གནས་ལུགས་ནི་གང་ཞེ་ན། ཡུལ་ཕས་ནས་སྣང་བ་ནི་དབྱིངས་སྐྱེ་བ་མེད་པ་ཀུན་ཏུ་བཟང་མོའི་རང་བཞིན་ལ། རིག་པ་ནང་ནས་འཆར་བ་ནི་ཡེ་ཤེས་འགག་པ་མེད་པ་ཀུན་ཏུ་བཟང་པོའི་རོལ་པ་སྟེ། དེ་གཉིས་གཉིས་སུ་མེད་པར་རྟོགས་པ་ནི་སྐྱེ་འགག་མེད་པའི་སྲས་བདེ་བ་ཆེན་པོ་སྟེ། བི་ཏོ་ལས། ཕུར་ནི་ཆོས་ཀྱི་དབྱིངས་ཡིན་ལ། །པ་ནི་རིག་པའི་ཡེ་ཤེས་ཡིན། །འདིར་ནི་གཉིས་སུ་མེད་པའི་དོན། །ལྷང་གིས་རྟོགས་ན་ཐེབས་པ་ཡིན། །ཞེས་སོ། །གཉིས་པ་ནི། དེ་ལྟ་བུའི་དོན་རྟོགས་ཤིང་། སྡུག་བསྔལ་གྱི་རྒྱུ་ལས་ངན་སྣ་ཚོགས་ལས་བཟློག་པར་ནུས་པས་ཏེ། ཚད་མེད་པའི་སྙིང་རྗེ་ཆེན་པོས་མངོན་སྤྱོད་ཀྱི་ཚུལ་གྱིས་སྡུག་བསྔལ་ལས་བསྒྲལ་བར་བྱ་བ་ནི། དམ་ཚིག་གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུས་པ་དང་། །འདུ་བར་འོངས་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་འདི། །རྣལ་འབྱོར་ཀུན་གྱིས་རྣལ་འབྱོར་ཆེན་པོས་རྟག་ཏུ་བསྒྲལ། ཞེས་པ་དཔེ་དག་པ་ལས་འབྱུང་། དང་དུ་བླང་། །ཞེས་སོ། །དེ་ལྟར་བསྒྲལ་བ་ལ་ཉེས་པས་མི་གོས་པ་ནི། དོན་འགྱུར་བཞིས་ཟིན་པ་ཞིག་དགོས་ཏེ། རང་རྒྱུད་ལ་ཉེས་པས་མི་གོས་ཤིང་ཡང་དག་པའི་ལམ་གྱི་ཡུལ་དུ་འགྲོ་བས་རང་གི་དོན་དུ་འགྱུར་བ་དང་། བསྒྲལ་བྱ་དེ་ངན་སོང་དང་འཁོར་བ་ནས་མཐོ་རིས་དང་ཐར་པའི་གནས་གོང་ནས་གོང་དུ་སྤོར་ནུས་པས་གཞན་གྱི་དོན་དུ་འགྱུར་བ་དང་། དེ་ཡང་གང་རུང་ཞིག་གིས་མ་ཡིན་པར་གཉིས་ཀའི་དོན་དུ་འགྱུར་བ་དང་། དེ་ལྟ་བུས་བསྟན་པ་ལ་ཕན་པར་བྱས་སོ་ཞེས་བསྟོད་པར་འོས་པས་ཆོས་ཀྱི་དོན་དུ་འགྱུར་བའོ། །དེ་ཡང་འདི་ཉིད་ལས། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་སོ། །སྒྲུབ་པར་བྱེད་པའི་ཐབས་ལ་གཉིས་ཏེ། སྟོད་ལས་རིན་པོ་ཆེའི་ཕྲེང་བ་ལྟ་བུའི་ལས་བྱང་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དུག་ཕུར་ནག་པོའི་ལས་བྱང་ལ་བརྟེན་ནས་དགྲ་བགེགས་ཚར་བཅད་པའོ། །དང་པོ་ལ་གཉིས་ཏེ། སྒྲུབ་པ་ཐུན་མོང་གི་ཆོས་བཞི་དང་། ཁྱད་པར་སྟོད་ལས་དང་འབྲེལ་ཏེ་བསྙེན་པ་དང་དབང་བསྐུར་རྗེས་གསུམ་མོ། །དང་པོ་ནི། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་ནི། དགོངས་རྒྱུད་ལས། སློབ་དཔོན་འཁོར་གནས་ཕྲན་སུམ་ཚོགས། །སྒྲུབ་པའི་རྫས་དང་དུས་ཉིད་དོ། །ཞེས་པས། གང་གིས་བྱ་བའི་སྟོན་པ་ཕུན་སུམ་ཚོགས་པ་དང་། གང་དུ་བྱ་བའི་གནས་ཕུན་སུམ་ཚོགས་པ་དང་། གང་དང་ལྷན་ཅིག་ཏུ་བྱ་བའི་འཁོར་སུམ་སུམ་ཚོགས་པ་དང་། གང་ལ་བརྟེན་ཏེ་བྱ་བ་རྫས་དང་ཡོ་བྱད་ཕུན་སུམ་ཚོགས་པ་དང་། གང་གི་ཚེ་བྱ་བའི་དུས་ཕུན་སུམ་ཚོགས་པའོ། །དང་པོ་སྟོན་པའི་མཚན་ཉིད་ལ་གཉིས་ཏེ། རང་བཞིན་གྱི་ཡོན་ཏན་དང་། སྦྱངས་པའི་ཡོན་ཏན་ནོ། །དང་པོ་ནི། སྟོན་པ་དེ་ཐུགས་རྗེ་ཆེ་ལ་ཞེ་བརྣག་པ་སྟེ། ཐུགས་རྗེ་ཆེན་པོས་གདུལ་བྱ་ཡལ་བར་མི་འདོར་ཞིང་། ཞེ་བརྣག་པས་སྒྲུབ་པ་མཐར་ཕྱིན་པར་བྱེད་དོ། །གཉིས་པ་ནི། རབ་བཟོ་གསོ་བ་སྒྲ་ཚད་མ་ནང་སྟེ་རིག་པའི་གནས་ལྔ་ལ་མཁས་ཤིང་། འབྲིང་ལུང་གི་རྒྱུད་ལྔ་ལ་སོགས་ཏེ་ཕྱི་ནང་གི་རྒྱུད་སྡེ་མཐའ་དག་ལ་མཁས་པ། ཐ་མ་ཡང་ཆོས་སྐོར་འདིའི་རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་མན་ངག་དང་འབྲེལ་བ། མན་ངག་ཕྱག་བཞེས་དང་འབྲེལ་བ་ལ་མཁས་པའོ། །འཁོར་ཕུན་སུམ་ཚོགས་པ་ལ་བཞི་ལས། གདུལ་བྱ་སྐྱེས་བུའི་འཁོར་ནི། སློབ་དཔོན་དང་དགོངས་པའམ་ཡོན་ཏན་རྡུལ་ཙམ་ཡང་ཁྱད་མེད་པ་ཉིད་ཀྱིས་རྒྱལ་ཚབ་བྱེད་ནུས་པའི་སློབ་མའོ། །ཐུགས་དམ་བསྐང་བ་ཡུམ་གྱི་འཁོར་ནི་གཟུངས་མ་མཚན་ཉིད་དང་ལྡན་པ་སྟེ། གསལ་བཀྲ་ལས། མཉེན་དྲང་སྐེད་རིང་སྟོད་སྨད་ཕྱེད། །ཡན་ལག་ཕྲ་འཇམ་ཚིགས་མིག་ཟླུམ། །དཔྲལ་བ་དབྱེས་ཆེ་མིག་དཀྱུས་རིང་། །ལུས་ལ་ཆུ་རླུང་ག་བུར་དྲི། །མིག་འབྲས་དཀྱིལ་ནི་ཨུཏྤལ་མདོག །ཆུ་ཞེང་གཉིས་ཀ་འབྲིང་དུ་སྟེ། །གསང་ཐུབ་ཤེས་རབ་སྤྱོད་ལམ་མཛེས། །ཞེས་གསུངས་པ་བཞིན་ནོ། །དྲག་པོ་བརྟུལ་ཞུགས་ཀྱི་འཁོར་ནི། གཙང་དམེ་ཆུང་ཞིང་དཔའ་བརྟུལ་ཆེ་བ་སྟེ། །དམ་རྫས་ལ་འཁུ་འཕྲིག་མེད་པར་སྤྱོད་ཅིང་། །སྒྲོལ་ཅིག་བྱས་ནས་སྒྲོལ་ནུས་ཤིང་། །སྦྱོར་ཅིག་བྱས་ན་སྦྱོར་ནུས་པའོ། །ཡང་ན་མངོན་སྤྱོད་ཀྱི་ཕྲིན་ལས་མྱུར་དུ་འགྲུབ་པའི་མཚན་མར། ཡན་ལག་ནག་ཅིང་རྩུབ་པ། སྐྲ་ཁམ་པ། མིག་ཤེལ་མིག །ཁ་ཧོམ་ཁུང་ལྟ་བུར་འདུག་ཅིང་། སྤྱོད་ལམ་རྩིང་ཞིང་རློམ་སེམས་ཆེ་བའོ། །ཕྱི་ནང་བརྡ་སྦྱོར་གྱི་འཁོར་ནི། ཕྱི་ནས་ཡོ་བྱད་ཐོ་མཚམས་སུ་སྐྱེལ་ཞིང་། ནང་ནས་ཐོ་མཚམས་སུ་ཡོ་བྱད་ལེན་པ་ལ་སོགས་པ་བང་ཆེན་རིང་རྒྱུག་བྱེད་པ་ལ་སོགས་པའོ། །གནས་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། སྟོད་ལས་དང་འབྲེལ་ཏེ་བསྙེན་པ་དང་དབང་བསྐུར་བའི་གནས་དང་། སྨད་ལས་དང་འབྲེལ་ཏེ་སྒྲུབ་པ་དང་ལས་སྦྱོར་གྱི་གནས་སོ། །དང་པོ་ལ་བཞི་སྟེ། གཞུང་དང་མཐུན་པས་སྒྲུབ་ཐག་ཉེ་བའི་གནས་དང་། ཞབས་ཀྱིས་བཅག་པས་བྱིན་ཆེ་བའི་གནས་དང་། གྲུབ་པ་ཐོབ་པས་བཀྲ་ཤིས་པའི་གནས་དང་། ཉམས་དགའ་ཞིང་ཡིད་དུ་འོང་བའི་གནས་སོ། །དང་པོ་ནི། དགོངས་རྒྱུད་ལས། མེ་ཏོག་གླིང་དང་རིན་ཆེན་རི། །དཔག་བསམ་ཤིང་ལ་བྱ་སྐད་སྙན། །འབྲུ་རྣམས་སྣ་ཚོགས་ས་དབྱིབས་ལེགས། །བཀྲ་ཤིས་གཞི་བཟང་ཡུན་རིང་བ། །གནས་ཀྱི་དམ་པ་ཡིན་པར་བཤད། །ཅེས་པས་གནས་དེ་གནམ་འཁོར་ལོ་རྩིབས་བརྒྱད། ས་པདྨ་འདབ་བརྒྱད་དུ་འདུག་པ། བར་སྣང་འོལ་ཀ་ཆུས་བཀང་བ་ལྟ་བུའམ་ཁ་དོག་ལྔ་མ་འདྲེས་པ་སོ་སོར་འདུག་པ། རྒྱབ་ཀྱི་བྲག་རྡོ་རྗེ་གཞོན་ནུའི་སྐུ་འདྲ་བར་གནས་པ། ཤར་ལྷོ་མཚམས་ན་བྲག་གམ་རི་ཤྭ་ན་མ་ཟངས་ཀྱི་ཝ་མོ་མཐུར་ལ་རྒྱུག་པ་འདྲ་བ་ཡོད་པ། ལྷོ་ནུབ་ན་བསེ་མོ་ཞུབ་ཆེན་ནམ་རྟ་པའི་ཆ་བྱད་དུ་འདུག་པ། ནུབ་བྱང་མཚམས་ན་ལས་ཀྱི་སྐྱེས་བུ་གིང་གསུམ་སྐྱེས་པ་ཆས་སུ་བཅུག་པ་ལྟར་འདུག་པ། བྱང་ཤར་ན་རེ་མ་ཏི་དྲེལ་རྟ་རྐང་གསུམ་ལ་ཆིབས་ནས་རྡོ་རྗེ་གཞོན་ནུའི་བཀའ་ནོད་པའི་ཚུལ་དུ་འདུག་པ། མདུན་ན་བྲག་ཁྲ་ཐབས་གཟན་ལ་བཅུམ་པ་ལྟར་འདུག་པ་དེ་ལྟ་བུར་བསྒྲུབ་ན་གཞུང་དང་མཐུན་པས་སྒྲུབ་ཐག་ཉེའོ། །ཞབས་ཀྱིས་བཅགས་པས་བྱིིིན་ཆེ་བའི་གནས་ནི། སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་རྡོ་རྗེ་གདན་ནམ། ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་བྱ་རྒོད་ཕུང་པོའི་རིའམ། ཆོ་འཕྲུལ་ཆེན་པོ་བསྟན་པའི་གནས་གྲོང་ཁྱེར་ཡངས་པ་ཅན་ལ་སོགས་ཏེ། དེ་ལྟ་བུར་བསྒྲུབ་ན་སྟོན་པའི་ཞབས་ཀྱིས་བཅགས་པའི་བྱིན་རླབས་ཀྱིས་བར་ཆད་མི་འབྱུང་ངོ་། །གྲུབ་པ་ཐོབ་པ་བཀྲ་ཤིས་པའི་གནས་ནི། །སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པ་སྔོན་གྱི་རིག་འཛིན་རྣམས་ཀྱིས་སྒྲུབ་པ་བྱས་པའི་གནས་ཨ་སུ་རའམ། ཡང་ལེ་ཤོད་ཀྱི་བྲག་ཕུག་གམ། །ཆུ་མིག་བྱང་ཆུབ་རིས་ལ་སོགས་པར་སྒྲུབ་པ་བྱས་ན། དེར་གནས་པའི་ལྷ་འདྲེ་དྲག་པོ་རྣམས་ཀྱིས་ཇི་ལྟར་བསྒོ་བ་བཞིན་དགོས་པའི་གྲོགས་དན་བྱས་ཏེ་གྲུབ་པ་ཐོབ་ཅིང་བཀྲ་ཤིས་པར་འགྱུར་བའོ། །ཉམས་དགའ་ཞིང་ཡིད་དུ་འོང་བའི་གནས་ནི། གནས་དེའི་ཤར་རི་བརྡལ་བ། ལྷོ་བྲེས་པ། ནུབ་མཐོ་བ། བྱང་སྐྱོབ་པའམ། ཡང་ན་ཤར་རི་དར་དཀར་གྱི་ཡོལ་བ་འདྲ་བ། ལྷོ་རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བ། ནུབ་རི་བློན་པོ་ཕྱག་བྱེད་པའི་ཚུལ་ཅན། བྱང་རི་བཙུན་མོ་གོ་ཟུ་གྱོན་པ་དང་མཚུངས་པ། རྩི་ཤིང་འབྲས་བུ་ཅན་མང་པོ་ཡོད་པ། བྱ་མང་པོ་སྐད་སྙན་པར་སྒྲོག་པ། ཕུ་ཆུ་ལྷུང་ལྷུང་གི་སྒྲ་འབྱིན་པ། མེ་ཏོག་སྣ་ཚོགས་བཀོད་པ། བུང་བ་རྒྱང་རིང་པོ་ནས་གླུ་ལེན་པ། དེ་ལྟ་བུར་ཉམས་དགའ་ཞིང་སྡོད་སྙིང་འདོད་པས། འདུག་སྲན་ཆེ་བ་ཉིད་ཀྱིས་སྒྲུབ་པ་མཐར་ཕྱིན་པའི་དགོས་པ་ཡོད་དོ། །སྨད་ལས་དང་འབྲེལ་ཏེ་སྒྲུབ་པ་ལས་སྦྱོར་གྱིི་གནས་ནི། དྲག་པོ་མངོན་སྤྱོད་ཀྱི་ལས་དང་རྗེས་སུ་མཐུན་པ་གནག་ཅིང་རྩུབ་པའི་ཕྱོགས་སམ། མ་མོ་གནས་པའི་དུར་ཁྲོད་དམ། ཀླུ་གནས་པའི་ཆུ་གླིང་ངམ། བཙན་གནས་པའི་གྲོག་པོ་ཕུག་རྡུགས་སམ། རྒྱལ་པོ་གནས་པའི་ལྷ་ཁང་གོག་པོའམ། དམ་སྲི་གནས་པའི་དབེན་རུལ་རྙིང་པའམ། འགོང་པོ་གནས་པའི་ལམ་རྒྱ་གྲམ་མམ། ཀུན་གྱི་རྒྱུ་སྲང་ལུང་གསུམ་འདུས་པའི་མདོའམ། བདུད་གནས་པའི་ས་གཞི་གྲུ་གསུམ་དུ་འདུག་པ་རྣམས་སུ་བྱ་སྟེ། དེས་ཀྱང་རང་ལ་བར་དུ་གཅོད་པ་བྱས་ཀྱི་དོགས་ནས་བརྩོན་འགྲུས་ཀྱི་ལྕག་ཏུ་འགྱུར་པ་དང་། ཁོ་ཉིད་ཡུན་རིང་བསྡད་པ་ལ་མི་དགའ་བས་དངོས་གྲུབ་མྱུར་དུ་ཐོབ་པའི་གྲོགས་བྱེད་པས། དང་པོ་བདེན་པ་བརྡར། བར་དུ་ཟིལ་གྱིས་མནན། ཐ་མ་ལས་ལ་གཟུད་པར་བྱ་སྟེ། དགོངས་རྒྱུད་ལས། ཡུལ་ས་དེ་ཡི་བདག་པོ་ལ། །བདེན་པ་བརྡར་ཞིང་ས་རིན་བཅལ། །ཞེས་སོ། །རྫས་དང་ཡོ་བྱད་ཕུན་སུམ་ཚོགས་པ་ལ་བཞི་སྟེ། འཚོ་བ་ཟས་ཀྱི་ཡོ་བྱད། རྐྱེན་ཟློག་སྨན་གྱི་ཡོ་བྱད། མཆོད་པ་རྫས་ཀྱི་ཡོ་བྱད། སྒྲུབ་པ་རྫས་ཀྱི་ཡོ་བྱད་དོ། །དང་པོ་འཚོ་བ་ཟས་ཀྱི་ཡོ་བྱད་ནི། མ་གྲུབ་ན་སྤོགས་ཆོག་དགོས་པའི་ཕྱིར་ལྡབ་ཐང་དུ་ཁྱེར་ཏེ། གྲུབ་ན་ནི་སྒྲུབ་པ་ཆེན་པོའི་ཚེ་དཔའ་བོའི་དགའ་སྟོན་བྱ་བ་ཡིན་ནོ། །རྐྱེན་ཟློག་སྨན་གྱི་ཡོ་བྱད་ནི། དགྲའི་རྐྱེན་བཟློག་པ་ལ་མདའ་ལྔ་དང་གཞུ་གཅིག །རྡོ་རྗེའི་གོ་མཚོན་དང་བཅས་པ་དང་། བགེགས་ཀྱི་རྐྱེན་བཟློག་པ་ལ་གུ་གུལ་དང་ཚིལ་ཆེན། ཉུངས་དཀར། ཞིང་གི་དབྱུག་ཏོ། འདྲེ་བྲབ་པའི་ལྕག་ལ་སོགས་པ་དང་། ནད་ཀྱི་རྐྱེན་བཟློག་པ་ལ། སྤྱོད་ལམ་དང་མཐུན་པའི་གནས། ཁམས་དང་མཐུན་པའི་ཟས། ནད་དང་མཐུན་པའི་སྨན་དང་སྨན་པར་བཅས་པ་སྟ་གོན་དུ་བྱའོ། །མཆོད་པ་རྫས་ཀྱི་ཡོ་བྱད་ལ་གཉིས་ཏེ། །མཆོད་རྫས་དངོས་དང་། དཀྱིལ་འཁོར་གྱི་རྒྱན་ནོ། །དང་པོ་ལ་གསུམ་ལས། ཕྱིའི་མཆོད་པ་ནི། མེ་ཏོག་ལ་སོགས་པ་ཐུན་མོང་དུ་ཉེ་བར་སྤྱོད་པ་ལྔའོ། །ནང་གི་མཆོད་པ་ནི། སྨན་རཀ་གཏོར་མ་གསུམ་སྟེ། དེ་ཡང་སྣོད་ཁྱད་པར་ཅན་བྷནྡྷ་མཚན་ལྡན་དུ། བཅུད་ཁྱད་པར་ཅན་རིམ་པ་བཞིན་དུ་བདུད་རྩིའི་ཕྱེ་མ་དང་ལྡན་པའི་ཛ་གད་དང་ཤ་ཆ ེན་པོས་བརྒྱན་པའི་གཏོར་མ་དང་། མཱུ་ལ་རཀྟ་དང་བཅས་པའི་དམར་ཆེན་དང་། དེ་རྣམས་སྦྱོར་བ་ཁྱད་པར་ཅན་འབགས་བཙོག་ཏུ་མ་གྱུར་པ་རྣམ་པར་དག་པས། ཡིད་དུ་འོང་བ་རྒྱལ་པོ་ཕྱག་མགུལ་བས་སྟེགས་དང་ལྡན་པ་བཤམས་པར་བྱའོ། །གསང་བའི་མཆོད་པ་ནི། ཁྲག་སྐམ་གྱི་མེ་ཏོག །ཚིལ་ཆེན་གྱིི་བདུག་སྤོས། ཞུན་ཆེན་གྱི་མར་མེ། ཁྲག་ཆེན་གྱི་ཨརྒྷཾ། ཤ་ཆེན་གྱི་ཞལ་ཟས། ཐོད་པ་ལྟག་སྤྲོད་ཀྱི་རྔ། ཞིང་ཆེན་གྱི་གཡབ་མོ། ཀེང་རུས་ཀྱི་རྒྱལ་མཚན། མི་རྐང་གི་གླིང་བུ་ལ་སོགས་པའོ། །དཀྱིལ་འཁོར་གྱི་རྒྱན་ནི། གྲི་བཞི། མེ་ལོང་བཞི། མདའ་བཞི། དར་སྣ་བཞིའོ། །གཞན་ཡང་ཚོན་སྐུད་ཀྱི་དྲྭ་བ་དང་། བླ་ན་མེད་པའི་དུར་ཁྲོད་ཀྱི་རྫས་ཀྱི་རྒྱན། ཞིང་ཆེན་གྱི་བླ་བྲེ། ཞིང་ཆུང་གི་ཟར་ཚགས། རྒྱུས་ཆེན་གྱིི་དྲྭ་བ། བ་སུ་ཏའི་ཕྲེང་བ། བྷཉྫ་སྐམ་རློན་གྱི་ཚར་ཚར་དང་། ཙིཏྟ་སྣ་འཕྱང་དང་བཅས་པ་ལ་སོགས་པའོ། །སྒྲུབ་པ་རྫས་ཀྱི་ཡོ་བྱད་ལ་གཉིས་ཏེ། སྟོད་ལས་དང་འབྲེལ་ཏེ་བསྙེན་པ་དང་དབང་བསྐུར་བའི་ཡོ་བྱད་དང་། སྨད་ལས་དང་འབྲེལ་ཏེ་སྒྲུབ་པ་ལས་སྦྱོར་གྱི་ཡོ་བྱད་དོ། །དང་པོ་ནི། བསྙེན་པ་དབང་དང་འབྲེལ་བ་ལ་ལྷ་ཕུར་ཉི་ཤུ་རྩ་དྲུག །ལྷའི་བུམ་པ་ལྔ་། རྡོ་རྗེའི་ཚེ། དབུ་རྒྱན། དར་དཔྱངས་དང་རྡོ་རྗེ། དྲིལ་བུ་ལ་སོགས་པ་སློབ་མ་རྣམས་གང་འདོད་པའི་དབང་རྫས་རྣམས་མ་ཚང་བ་མེད་པར་བསག་ཅིང་། བསྙེན་པ་རང་རྐྱང་བ་ལ་ལྷ་གྲངས་དང་མཉམ་པའི་ཕུར་པ་དང་། བསྙེན་ཕུར་གྱིས་ཆོག་གོ། །སྨད་ལས་དང་འབྲེལ་ན། དགྲ་ལ་བྱ་བ་དང་། འདྲེ་ལ་བྱ་བ་དང་། གཉིས་ཀ་ཐུན་མོང་གི་རྫས་སོ། །དང་པོ་དགྲ་ལ་བྱ་བའི་རྫས་ནི་གཉིས། ལིངྒ་བཅའ་བ་དང་། མིང་བྱང་བྲི་བའོ། །དང་པོ་ལིངྒ་བཅའ་བ་ནི། དགྲ་བོའི་དྲི་མ་ལྔ་དང་། གྲོག་མཁར་གྱི་ས་རྣམས་དུག་ཆུས་སྦྲུས་ལ། འཇག་མ་ལ་རུ་ཤིང་བྱས་ཏེ། རས་བལ་གྱི་བལ་ལམ་ཡུགས་སའི་སྐྲ་ཤད་ཀྱིས་བཅིངས་པའི་ཁོང་པར་ཁྲག་དང་དུག་སྣ་ཚོགས་བླུགས་པའི་ཕྱིར་སྔར་གྱི་འདག་པས་བྱུགས་ཏེ་དགྲའི་གཟུགས་ཇི་ལྟ་བར་བྱའོ། །མིང་བྱང་བྲི་བ་ལ་བཞི་ལས། གཞི་དུར་ཁྲོད་ཀྱི་རོ་རས་ལ་སྨྱུ་གུ་ནི་མི་མཚོན་གྱིས་བསད་པའི་རྐང་ལ་བྱ། སྣག་ཚ་ནི་དུག་ཐལ་ཆེན་དང་སྦྱར་ཏེ། འབྲི་ལུགས་ནི། སྙིང་གར་མིང་། དཔྲལ་བར་རུས། བརླ་ལ་བླ་དྭགས། ཡན་ལག་དྲུག་ལ་སྔགས་དྲུག་སྟེ། །ཐ་མ་བཞི་སྙིང་གཅིག་ཏུ་དྲིལ་བའི་སྔགས་ཀྱིས་བར་མཚམས་མེད་པར་འཁོར་བར་བྲིས་ཏེ། ལེགས་པར་དྲིལ་ནས་ཚོན་སྐུད་ཀྱིས་བཅིངས་ཏེ། ལིངྒའི་སྙིང་གར་གཞུག་གོ། །འདྲེ་ལ་བྱ་བ་ལའང་སྔ་མ་བཞིན་ཏེ། ལིངྒ་བཅའ་བ་ནི། གང་གནོད་པའི་ཕྱོགས་ནས་ས་བླངས་ཏེ། ལུག་ཐུག་པོའི་ཆུས་སྦྲུས་ལ། རྨི་ལམ་དུ་གང་བྱུང་བའི་གཟུགས་རྐང་པ་ཕྱིར་བསྟན་པ་བྱའོ། །མིང་བྱང་ནི་སྔར་དང་འདྲ་སྟེ། ཤོག་བུ་ལ་བྱར་རུང་ངོ་། །གཉིས་ཀ་ཐུན་མོང་གི་རྫས་ནི། སྔར་གྱི་སྟེང་དུ་དམ་ཅན་གྱི་ཕུར་པ་བཅོ་ལྔ་། མགྱོགས་ཕུར་སུམ་ཅུ་དང་བཅས་པ་དང་། དབུས་སུ་འབྲུ་སྣ་ཚོགས་ལས་བྱས་པའི་གཏོར་མ། ཤར་ལྷོར་ཝ་ཤ་ཁྱི་ཤ་ལ་སོགས་ཏེ་སྡེར་ཆགས་སྣ་ཚོགས་ཀྱི་ཤས་བརྒྱན་པའི་གཏོར་མ་བཞག །ལྷོ་ནུབ་ཏུ་ཁྲག་ཞག་འོ་མ་མར་ཁུའི་དབུས་ཀྱུ་གུ་དང་བཅས་པའི་གཏོར་མ་བསེ་མོའི་རྫས་སུ་བཞག །ནུབ་བྱང་མཚམས་སུ་ཤ་རྐང་ལག་མ་བྲལ་བ་དགུ །བཤོས་བུ་ཟུར་གསུམ་པ་དགུ། སྟག་རས་གཟིག་རས་ལ་སོགས་པ་སྤྱན་གཟིགས་སྣ་ཚོགས་གིང་གི་རྫས་སུ་བཞག །བྱང་ཤར་དུ་ཁྲག་སྣ་སྙིང་སྣ་ནལ་བུའི་ཤ་ཁྲག་གིས་བརྒྱན་པའི་གཏོར་མ་ཚིལ་ཆེན་གྱི་སྤྲིན་ཁ བ་ཅན་རྨ་བྱའི་གདུགས་ཕུབ་པ་རེ་མ་ཏིའི་རྫས་སུ་དགོད། རྒྱུད་གཏོར་ཅི་འབྱོར་པ་བྱའོ། །གཞན་ཡང་ལས་དྲུག་གི་རྫས་དང་དབྲལ་བའི་རྫས་གུ་གུལ་དང་ཚིལ་ཆེན། གཟུགས་ལ་དབབ་པའི་སྡིགས་ཕུར་དང་ཉུངས་ཀར། བྱད་དུ་འཆིང་བའི་ཚོན་སྐུད། སྨྱོ་རུ་གཞུག་པའི་དུག་གཏོར་རྫས་ཐང་ཕྲོམ་དང་དུག་སྣ། གཏུན་དུ་བརྡུང་བའི་ཐོ་བ་དང་གཏུན་པ། ཞལ་དུ་བསྟབ་པའི་བྲ་མའི་ཧོམ་ཆག་གང་བ་རྣམས། གཞན་ཡང་ལས་ཀྱི་མཐར་མནན་པ། སྲེག་པ། འཕང་བའི་རྫས་རྣམས་ཆོ་ག་སོ་སོར་བཀོལ་བ་ལས་ཤེས་པར་བྱའོ། །དུས་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། སྟོད་ལས་དང་འབྲེལ་བ་ལ། ཟླ་བ། གཟའ། སྐར་མ། ཚེས་གྲངས། དུས་ཚོད་དོ། །ཟླ་བ་ནི་ར་བ་བཞིའི་ཡར་ངོ་། གཟའ་ནི་ཕུར་བུ་ཤིས་པ་སྟེ། ཕུར་བུ་བནྡེའི་བླ་གཟའ་ཡིན་པས་སོ། །སྐར་མ་ནི། བཀྲ་ཤིས་པའི་སྐར་མ་རྒྱལ་ལམ་མགོ། ཚེས་གྲངས་ནི་ཡར་གྱི་བརྒྱད། དུས་ཚོད་ནི། སྔ་དྲོ་དབུ་གཟུག་པ་སྟེ། རྒྱུད་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་རུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པ། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པ་བླང་བར་བྱ། །ཞེས་སོ། །སྨད་ལས་དང་འབྲེལ་བ་ལའང་། ཟླ་བ་ནི། ཐ་ཆུང་བཞིའི་མར་ངོ་། གཟའ་ནི་མི་ཤིས་པའི་གཟའ་མིག་དམར། སྐར་མ་མི་ཤིས་པའི་སྐར་མ་མཆུ་དང་གྲེ། ཚེས་གྲངས་ནི་མར་གྱི་བརྒྱད་དེ། །ཉི་ཤུ་གཉིས་ནས་དགུའི་བར། །དུས་ཚོད་ནི་ནམ་ཕྱེད་ལ་གདབ་པར་བྱ་སྟེ། རྒྱུད་ལས། སྲོད་ལ་ཞུགས་དང་ཐོ་རངས་ལ། །འདི་ལ་གདབ་པར་ཡང་མི་བྱ། །དཀྱིལ་འཁོར་གསུམ་གྱི་སྒྲུབ་པའི་གཞུང་བསྲང་བ་ལ་གཉིས་ཏེ། དཀྱིལ་འཁོར་གསུམ་གྱི་སྔོན་དུ་འགྲོ་བ་ཕྲིན་ལས་ཀྱི་རིམ་པ་དང་། དཀྱིལ་འཁོར་གསུམ་དངོས་སོ། །དང་པོ་ལ་ལྔ་སྟེ། བཤགས་པ་བྱ་ཞིང་མཚམས་བཅད་པ། དཀྱིལ་འཁོར་བརྩིགས་ཤིང་ཆག་ཆག་དང་ཐིག་གདབ་པ་དང་། སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་བསྲེ་བསྣན་བྱ་བ་དང་། དཀྱིལ་འཁོར་བྲི་ཞིང་རྫས་དགོད་པ་དང་། ཐུན་མོང་གི་ལས་བདུན་ཉམས་སུ་བླང་བའོ། །དང་པོ་ལ་གསུམ་སྟེ། ཕྱི་བཤགས་བྱ་ཞིང་ཕྱི་མཚམས་བཅད་པ། བར་བཤགས་བྱ་ཞིང་བར་མཚམས་བཅད་པ། ནང་བཤགས་བྱ་ཞིང་ནང་མཚམས་བཅད་པའོ། །དང་པོ་ཕྱི་བཤགས་ནི། དབུས་སུ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཤར་དུ་ལངྐར་གཤེགས་པ། ལྷོར་རིན་པོ་ཆེ་ཏོག་གི་གཟུངས། །ནུབ་ཏུ་སངས་རྒྱས་ཕལ་པོ་ཆེ། །བྱང་དུ་མདོ་སྡེ་མྱ་ངན་ལས་འདས་པ་སྟེ་འབུམ་སྟེ་ལྔ་འདོན་ཞིང་། དེ་ཙམ་མ་གྲུབ་ནའང་དེ་བཞིན་གཤེགས་པའི་གསུང་སྤང་སྡུད་ཙམ་བཀླག་པར་བྱ། གཞན་ཡང་དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་འབུལ་ཞིང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་གཏོར་མ་སྦྱིན་ཏེ་བཀའ་བསྒོ་བ་དང་། རྡོ་རྗེ་སློབ་དཔོན་གྱི་ལོ་གྲངས་དང་མཉམ་པའི་སཱཙྪ་གདབ་པ་དང་། ལམ་འཕྲང་བཟོ་བ་ལ་སོགས་པ་དགེ་བའི་ལས་ལྕོགས་ཚད་བྱའོ། །ཕྱི་མཚམས་སུ་གནས་ནས་བཀྱགས་སྟེགས་ཙམ་གྱི་ཕྱོགས་བཞིར་ཤར་དུ་ཐོ་དཀར་པོ་ཟླུམ་པོ། ལྷོར་སྔོན་པོ་གྲུ་གསུམ། ནུབ་ཏུ་དམར་པོ་ཟླ་གམ། བྱང་དུ་སེར་པོ་གྲུ་བཞི། ཁྲུ་བཞིའམ་མཐོ་གང་ཇི་ལྟར་འགྲུབ་པ་བང་རིམ་གསུམ་པ་ལ་སོགས་པ་དག་ལེགས་པར་བརྩིགས་ཏེ། འབྲས་བུ་དང་ལྡན་པའི་ཤིང་རེ་རེ་ཡང་སྲོག་ཤིང་དུ་བཙུགས་ལ། རྒྱལ་པོ་ཆེན་པོ་བཞིའི་སྐུ་ཡོངས་སུ་རྫོགས་པའམ། ཐུགས་ཕྱག་མཚན། གསུང་ཡིག་འབྲུ་གང་ཡང་རུང་བ་བྲིས་ལ། དེའི་རྒྱབ་ཏུ་སོ་སོའི་གསོལ་བྱང་བྲིས་པ་རྣམས་གདགས་ཤིང་། དེ་དག་རེ་རེའི་མདུན་དུ་མཎྜལ་ཟླུམ་པོའི་སྟེང་དུ། མཆོད་ཡོན་སྔོན་དུ་འགྲོ་བ་ཅན་གྱི་ཉེ་བར་སྤྱད་པའི་མཆོད་པ་ལྔ་དང་བཅས་པའི་འབྲུའི་གཏོར་མ་བཟང་པོར་དཀར་གསུམ་དང་། ཁུར་བ་དང་། ཤིང་ཐོག་ལ་སོགས་པ་ཁ་ཟས་གཙང་མ་སྣ་ཚོགས་ཀྱིས་བརྒྱན་པ་བཞི་བཤམས་ཏེ། རྒྱལ་པོ་ཆེན་པོ་བཞི་ལ་ཕྲིན་ལས་བཅོལ་བ་ལ་དྲུག་སྟེ། དམ་ཚིག་པ་བསྐྱེད་པ་དང་། ཡེ་ཤེས་པ་སྤྱན་དྲངས་པ་དང་། ཕྱག་བཙལ་བ་དང་། མཆོད་པ་འབུལ་བ་དང་། གཏོར་མ་བཏང་བ་དང་། ཕྲིན་ལས་བཅོལ་བའོ། །དང་པོ། ངག་ཏུ། ༀ་ནཱི་ལཾ་བཱ་ར་ཏྡྷཱ་ར་བཛྲ་པཱ་ཎི་ཧཱུྃ་ཕཊ྄། ཅེས་བརྗོད་པས་བདག་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་གདེངས་ཤིང་གསོར་བར་མཛད་པ། གཡོན་པ་དྲིལ་བུ་དཀུར་བརྟེན་པ། །སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། །མཆེ་བ་གཙིགས་ཤིང་ལྗགས་འགྱུར་བ། །དབུ་སྐྲ་སེར་པོ་གྱེན་དུ་བརྫེས་ཤིང་སྟག་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བ། པདྨ་དང་ཉི་ཟླའི་གདན་ལ་བཞུགས་པ་ཉིད་དུ་གྱུར་པའི་ཐུགས་ཀ་ནས་བྷྲཱུྂ་བཞི་འཕྲོས་ཏེ། ཐོ་བཞི་ལ་ཕོག་པས་ལྷའི་གཞལ་མེད་ཁང་བཀོད་པ་ཕུན་སུམ་ཚོགས་པ་དང་འགྲན་པ་ལྟ་བུ་བཞིར་གྱུར་པའི་ནང་དུ། སླར་ཡང་ཐུགས་ཀ་ནས་ཕུཿབཞི་འཕྲོས་པས། དེ་ཡོངས་སུ་གྱུར་པ་ལས། ཤར་ལ་སོགས་པ་རིམ་བཞིན་དུ་ཕྱག་མཚན་པི་ཝཾ། རལ་གྲི། སྦྲུལ་ཞགས། ནེའུ་ལེ་རྣམས་སུ་གྱུར། དེ་རྣམས་འོད་དུ་ཞུ་བ་ལས་རྒྱལ་པོ་ཆེ་བཞིར་གྱུར་ཏེ། ཤར་ཕྱོགས་སུ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སྐུ་མདོག་དཀར་པོ་ཕྱག་གཡོན་གྱིས་པི་ཝཾ་འཛིན་ཅིང་གཡས་པས་རྒྱུད་མངས་སྒྲེང་བར་བརྩོན་པ། ལྷོ་ཕྱོགས་སུ་འཕགས་སྐྱེས་པོ་སྐུ་མདོག་སྔོན་པོ་གཡས་པས་རལ་གྲི་འཛིན་ཅིང་གཡོན་པའི་སོར་མོ་ལ་བརྡར་བ་ལྟར་དུ་མཛད་པ། ནུབ་ཕྱོགས་སྤྱན་མི་བཟང་སྤྱན་ཤིན་ཏུ་འབུར་བ་སྐུ་མདོག་དམར་པོ་ཕྱག་གཡོན་གྱི་སྦྲུལ་ཞགས་དང་བཅས་པའི་མཆོད་རྟེན་དང་། གཡས་པས་དར་མདུང་འཛིན་པ། བྱང་ཕྱོགས་སུ་རྣམ་ཐོས་ཀྱི་བུ་སྐུ་མདོག་སེར་པོ་གཡོན་གྱིས་རིན་པོ་ཆེ་སྣ་ཚོགས་ཁ་ནས་འཛག་པ་དང་བཅས་པའི་ནེའུ་ལེའི་རྐྱལ་པ་དང་། གཡས་རིན་པོ་ཆེའི་རྒྱལ་མཚན་བསྣམས་པར་གྱུར་ཏེ། ཀུན་ཀྱང་ལྷའི་ན་བཟའ་སྣ་ཚོགས་པའི་ལྷབ་ལྷུབ་དང་བཅས་པའི་འཇོལ་བེར་གྱི་སྟེང་ན་རིན་པོ་ཆེ་སྣ་ལྔའི་ཁྲབ་དང་། ཆུ་སྲིན་གྱི་སྟོད་གཡོགས། འབྲུག་གི་སྨད་དཀྲིས། བསེའི་སྐེད་ཆས་རྣམས་དར་སྣ་ཚོགས་པའི་ཐི་གུས་སྒྲོགས་ཤིང་བསྡམས་པ། ལྷའི་རིན་པོ་ཆེ་སྣ་ཚོགས་པའི་དར་དཔྱངས་དང་བཅས་པའི་དབུ་རྒྱན་དང་བཅས་པ་བསྐྱེད་དོ། །གཉིས་པ་ཡེ་ཤེས་པ་སྤྱན་དྲང་བ་ནི། རི་རབ་གླིང་བཞིའི་ངོས་བཞི་ནས། །ཅེས་པ་ལ་སོགས་པ་དང་། བཛྲ་ས་མཱ་ཛཿ ཞེས་བརྗོད་པས་རང་བཞིན་གྱིི་གནས་རི་རབ་བང་རིམ་བཞི་པའི་ངོས་བཞིའི་ཤར་ལ་སོགས་པ་དག་ནས་རིམ་པ་བཞིན་ཕོ་བྲང་ཡུལ་འཁོར་ཅན། འཕགས་པར་སྐྱེས་དང་། སྣ་ཚོགས་གཟུགས་དང་། ལྕང་ལོ་ཅན་རྣམས་ནས་རྒྱལ་པོ་ཆེན་པོ་བཞི་པོ་དག་རེ་རེ་རིམ་པ་ལྟར། དྲི་ཟ། གཤིན་རྗེ། ཀླུ། གནོད་སྦྱིན་བྱེ་བ་བྱེ་བའི་འཁོར་དང་བཅས་པ་སྤྱན་དྲངས་ཏེ། དམ་ཚིག་པ་ལ་གཉིས་སུ་མེད་པར་གཞུག་གོ། །གསུམ་པ་ཕྱག་བཙལ་བ་ནི། གསང་བདག་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་ནས། །ཞེས་པ་ལ་སོགས་པ་བརྗོད་པའི་ཚུལ་གྱིས་སོ། །གལ་ཏེ་ཕྱག་ན་རྡོ་རྗེ་ཡེ་ཤེས་སྐུ་ཅན་ཞིག་གིས་རྒྱལ་ཆེན་འཇིག་རྟེན་པ་ལ་ཕྱག་བཙལ་ན་མི་རིགས་ཞེ་ན། སྐྱོན་མེད་དེ་རྒྱུད་གཞན་ལས། ཡུལ་འཁོར་སྲུང་ནི་མི་བསྐྱོད་པའི་ཐུགས་ལས་བྱུང་། ཞེས་སོ། །བཅོམ་ལྡན་འདས་མི་བསྐྱོད་པའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བ་གདུལ་བྱ་འཇིག་རྟེན་པ་གོ་མཐུན་པར་ཡུལ་འཁོར་སྲུང་དུ་སྣང་བ་ལ་སོགས་པའི་ཕྱིར་དང་། གཞན་ཡང་དཔེ་འཇིག་རྟེན་ན་ཇོ་བོས་བྲན་ལ་བྱ་བ་འཆོལ་བའི་ཚེ། འོ་ན་ཁྱོད་གྱིས་བྱ་བ་འདི་དང་འདི་གྱིས་ཤིག་བྱ་བ་བཞིན་ཡིན་ནོ། །བཞི་པ་མཆོད་པ་འབུལ་བ་ནི། །གཙང་ཞིང་གཙང་མར་སྦྱར་བ་ཡི། །ཞེས་པ་ལ་སོགས་པ་དང་། ཨི་དཾ་པུཥྤེ་ལ་སོགས་པ་བསང་ཆུའི་བུམ་པས་མཆོད་པའི་ཉེས་པ་བསང་བ་སྔོན་དུ་འགྲོ་བའི་མཆོད་པ་ལྔས་རིམ་པ་བཞིན་མཆོད་པར་བྱའོ། །ལྔ་པ་གཏོར་མ་བཏང་བ་ནི། སྔགས་དྲུག་ཕྱག་རྒྱ་དྲུག་གིས། དང་པོ་སྦྱང་བ། སྤེལ་བ། མོས་པར་བསྒྱུར་བ། གཏོར་མའི་དོན་དུ་བྱ་བ་གསུམ་དང་། བར་དུ་སྦྱིན་པ། སོ་སོར་ཐོབ་པར་བྱེད་པ་མགྲོན་གྱི་དོན་དུ་བྱ་བ་གཉིས་དང་། ཐ་མར་དབང་དུ་བྱ་བ་བདག་གི་དོན་དུ་བྱ་བ་ཞིག་གིས་སོ། །དྲུག་པ་ཕྲིན་ལས་བཅོལ་བ་ནི། དཔལ་ལྡན་རྒྱལ་ཆེན་ཡུལ་འཁོར་སྲུང་། །ཞེས་པ་ལ་སོགས་པའི་ཚིག་གིས་གསོལ་བྱང་དང་བཅས་པ་བརྗོད་པས། སྒྲུབ་ཁང་གི་ཕྱོགས་སོ་སོ་བར་མཚམས་མེད་པར་གནས་པས་བར་དུ་གཅོད་པའི་བགེགས་སོ་སོ་ནས་སྲུང་བ་བྱེད་པར་བསམ་ཞིང་། ནང་དུ་མཆོད་པ་ཡིན་ན་གཏོར་མ་ཕྱོགས་སོ་སོར་བསྐྱལ་བར་བྱའོ། །བར་བཤགས་བྱ་ཞིང་བར་མཚམས་བཅད་པ་ལ་གཉིས་ཏེ། དང་པོ་ནི། བཤགས་པའི་རྒྱལ་པོ་ན་རག་དོང་སྤྲུགས་འདོན་ནོ། །བར་མཚམས་ལ་གཉིས་ཏེ། དམ་སྲི་མནན་པ་དང་། སྒོ་བྱང་གདགས་པའོ། །དང་པོ་ལ་བཞི་ལས། གང་གིས་མནན་ན། བདག་ཉིད་ལྷག་པའི་ལྷའི་བསྙེན་མཚམས་དང་བཅས་པའོ། །གང་མནན་ན། བསྐྱེད་རྫོགས་གསུམ་གྱི་སྒོར་ཞུགས་ཀྱང་བཀའ་བསྒོ་ལོག་སྟེ། དམ་ཚིག་ལ་ཞུགས་པ་རྣམས་ལ་ཁྱད་པར་དུ་གནོད་པར་བྱེད་པའི་ཕུང་སྲིར་གྱུར་པ་སྟེ། དེ་ནི་སྔར་དམ་ཚིག་འདྲེས་པར་གྱུར་པས་མཚམས་ཀྱི་སྦྱོར་བ་གཞན་གྱིས་མི་ཐུབ་པའི་ཕྱིར་འདིར་ལོགས་སུ་མནན་དགོས་པ་ཡིན་ནོ། །ཇི་ལྟར་མནན་ན། སྒྲུབ་ཁང་གི་ཐེམ་པའི་ཕྱི་རོལ་ནས་རྐང་འདོམ་བདུན་གཞལ་བའི་སར་དོང་གྲུ་གསུམ་ལ་རོ་སོལ་གྱིས་ནག་པོར་བྱུག་ཅིང་། ཟླུམ་པོ་ལ་མེ་རི་བྱས་ཏེ། རས་སམ་ཤིང་ཤུན་ལ་དམ་སྲིའི་ལིངྒ་སྙིང་གར་དམ་སྲི་གཾ་པ་རི་མཱ་ར་ཡ་ནན་ཅེས་པ་བྲིས་ཏེ་མདུན་དུ་བཞག་ལ། སྟེང་གི་ཕྱོགས་ནས་དགྲ་དང་བགེགས་འགུགས་པ། །ཞེས་པ་ལ་སོགས་པས་ཕོ་ཉ་བསྐུལ་ཞིང་། རང་གི་ཐུགས་ཀ་ནས་ཕོ་ཉ་སྐར་ཚོགས་ལྟ་བུར་འཕྲོས་ཏེ། དམ་སྲི་རང་གི་གནས་དབེན་རུལ་རྙིང་པ་ནས་ལུས་འགུགས་པ་རླུང་གི་འཁོར་ལོ་ལ་བསྐྱོན། ངག་འགུགས་པ་མགྲིན་པར་ཞགས་པས་བཅིང་། སེམས་འགུགས་པ་སྙིང་ལྕགས་ཀྱུས་ཕུག་སྟེ་ལིངྒ་ལ་བསྟིམ། དེ་ནས་བདག་ཉིད་ཁྲོ་བོའི་ང་རྒྱལ་གྱིས་ཉམ་ང་བག་ཚ་མེད་པར་གནས་པས། དུར་ཁྲོད་ཆེན་པོའི་གནས་མཆོག་ཞེས་པ་ལ་སོགས་པ་བརྗོད་ཅིང་། ཕུར་བུ་སོར་བཞི་པ་ཞིག་ཁྲོ་བོ་བདུད་རྩི་འཁྱིལ་བ་སྟོད་ཁྲོ་བོ་སྨད་ཕུར་བུ་རྩེ་གཅིག་པའི་རྣམ་པར་ཡོད་པ་ཞིག་དམ་སྲིའི་སྙིང་གར་གདབ་སྟེ་ཚོན་སྐུད་ཀྱིས་བཅིངས་ལ་ཐོད་པ་མཚན་ངན་ཨག་ཚེ་དང་མ་བྲལ་བའི་ནང་དུ་གཞུག་སྟེ་དོང་དུ་བསྐྱུར་ལ། ཁ་རོ་གཡམ་ལ་འོག་ཏུ་རྡོ་རྗེ་རྒྱ་གྲམ་སྟེང་འཁོར་ལོ་རྩིབས་བརྒྱད་པའི་དབུས་སུ་ལཾ་གྱིས་མཚན་པ་ཞིག་གིས་ཁ་བཅད་དེ་སས་བྱིབས་ལ་སྐུ་གསུང་ཐུགས་ཀྱི་རི་རབ་དགུ་བརྩེགས་ཀྱིས་མནན་པའི་སྟེང་དུ་ཁྲོ་བོ་རྣམས་ཀྱིས་ཕྲིན་ལས་བཞིའི་བྲོ་བརྡུང་སྟེ། བསྐལ་པ་མ་ཞིག་གི་བར་དུ་མི་ཐར་བར་བསམ་པར་བྱའོ། །མནན་པའི་དགོས་པ་ནི། དམ་སྲི་དམར་པོས་བར་དུ་མི་ཆོད་པའོ། །གཉིས་པ་སྒོ་བྱང་གདགས་པ་ནི། ལུག་གི་སོག་པའི་ནང་ལོགས་སུ་ལས་ཀྱི་གཤིན་རྗེ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་དབྱུག་ཏོ་གཡོན་སྦྲུལ་ཞགས་བསྣམས་པ། མ་ཧེ་ཆུ་གླང་ལ་ཆིབས་ཤིང་རྨིག་པས་དམ་སྲི་བརྫིས་པའི་སྙིང་གར་ཡང་དམ་སྲིའི་མིང་མཐའ་རྟེན་དང་བཅས་པ་བྲི། རྒྱབ་ཏུ་གསོལ་བྱང་བྲིས་ཏེ་ལས་ཀྱི་གཤིན་རྗེར་དངོས་སུ་བསྐྱེད་ཅིང་། དགུག་གཞུག་བྱས་ཏེ། ཧོཿ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཅེས་བྱ་བ་ཁྱོད་ཀྱིས་བྱ་བ་ལ་སོགས་པ་བརྗོད་ཅིང་། སྒྲུབ་ཁང་གི་ཡ་ཐེམ་ལ་བཏགས་པའི་ཇི་སྲིད་སྒྲུབ་པ་མ་ཐོན་གྱི་བར་དུ་ཕྱིའི་དགྲ་བགེགས་ནང་དུ་མི་གཏོང་ཞིང་ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་ཕྲིན་ལས་བྱེད་པར་བསམ་མོ། །ནང་བཤགས་བྱ་ཞིང་ནང་མཚམས་བཅད་པ་ལ་གཉིས་ཏེ། དང་པོ་ནི། ལྷ་དང་འཁོན་གཅུག་སེལ་བར་བྱེད་པ་བརྗོད་མེད་ཀྱི་བཤགས་པ། ཀུན་ཏུ་བཟང་པོའི་སྤྱོད་པ་ལ་ཉེས་པས་མི་གོས་པར་བྱེད་པ་ལྟ་བའི་ཀློང་བཤགས། རང་གི་ཉེས་པ་ལ་འགྱོད་ཅིང་ཚངས་པར་བྱེད་པ་རུ་དྲའི་སྨྲེ་བཤགས། དམ་ཅན་གྱི་བཀའ་ཆད་ཀྱི་ཉེས་པ་མི་འབྱུང་བར་བྱེད་པ་ཡེ་ཤེས་མཁའ་འགྲོའི་བཤགས་པ་སྟེ། རུ་ཆེན་བཞིའི་བཤགས་པ་བྱའོ། །ནང་མཚམས་སུ་ཕྱོགས་སྐྱོང་བཅུ་ལ་ཕུར་བུ་གདབ་པ་ལ་བཞི་ལས། དང་པོ་གང་གིས་གདབ་ན། བདག་ཉིད་རྡོ་རྗེ་གཞོན་ནུའི་ཏིང་ངེ་འཛིན་དང་ལྡན་པའོ། །གང་ལ་གདབ་ན། ཕྱོགས་སྐྱོང་བཅུ་ལའོ། །ཇི་ལྟར་གདབ་ན། རང་གི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་བོ་སྟོད་ཁྲོ་བོ་ལ་སྨད་ཕུར་བུ་རྩེ་གཅིག་པའི་རྣམ་པར་བསྐྱེད་དེ་ཐོད་པ་མཚན་ངན་ལ་སོགས་པའི་སྣོད་དུ་བཞག་ལ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ནས། ཐལ་ཆེན་དང་། གུ་གུལ་དང་། རཀྟས་གཟི་བརྗིད་བསྐྱེད་ལ། དེ་དག་གི་ཐུགས་ཀ་ནས་བྱུང་བའི་ཁྲོ་བོ་གནོད་མཛེས་བདག་པོ་དང་རྣམ་པ་མཚུངས་པ་བཅུས་ཕྱོགས་སྐྱོང་བཅུ་སྔ་མ་ལྟར་བཀུག་སྟེ། ཕྱི་ཁྱམས་ཀྱི་ཕྱོགས་བཅུ་ན་ཕོ་མོ་གཉིས་གཉིས་བྱི་ཆིངས་སུ་གནས་པར་བསྐྱེད་དེ། རྩ་བའི་སྙིང་པོ་འགྲུབ་ཚད་བཟླས་ལ། སྟེང་གི་ཕྱོགས་ནས་དགྲ་དང་བགེགས་འདུལ་བ། །ཞེས་པ་ལ་སོགས་པའི་ཚིག་དང་། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ། སྟེང་གི་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ྄། ཅེས་པ་ལ་སོགས་པའི་སྔགས་ཀྱིས་སྟེང་ཚངས་པ་ཕོ་མོ་བྱི་ཆིངས་སུ་གནས་པའི་སྙིང་གར་བཏབ་པ་ན་འོག་གསེར་གྱི་ས་གཞི་ལ་ཐུག་པར་གྱུར། ཤར་ལ་སོགས་པའི་ལྷག་མ་རྣམས་དེས་མཚུངས་པར་ཤེས་པར་བྱ་སྟེ། དགོངས་རྒྱུད་ལས། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུའི། །དྲེགས་པ་བྱི་ཆིངས་བསྣོལ་བར་གདབ། །ཅེས་སོ། །བཏབ་པའི་དགོས་པ་ནི། རྒྱལ་པོ་བཙོན་དུ་བཟུང་ན་དམངས་ཆམ་ལ་འབེབས་པ་ལྟར། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་ལ་ཕུར་པ་བཏབ་པས། བགེགས་ཕྲན་རྣམས་ཀྱང་ལྡང་མི་ནུས་པར་འགྱུར་པའོ། །གཉིས་པ་དཀྱིལ་འཁོར་བརྩིག་ཅིང་ཆག་ཆག་དང་ཐིག་གདབ་པ་ལ་གསུམ་སྟེ། ནང་རྟགས་ཕྱིར་བསྟན་པའི་ཕྱིར་དཀྱིལ་འཁོར་བརྩིག་པ་དང་། དཀྱིལ་འཁོར་བྱིན་དང་ལྡན་པའི་ཕྱིར་ཆག་ཆག་གདབ་པ་དང་། རྡུལ་ཚོན་གྱི་བྱ་བ་གོ་བདེ་བར་བྱ་བའི་ཕྱིར་ཐིག་གདབ་པའོ། །དང་པོ་ནང་རྟགས་ཕྱིར་བསྟན་པའི་ཕྱིར་དཀྱིལ་འཁོར་བརྩིག་པ་ནི། འབྱོར་པ་ཆེ་ཞིང་གནས་ཁང་ཡངས་ན་སའི་སྟེགས་བུ་རྒྱར་འདོམ་གང་ལ་དཔངས་སུ་ཁྲུ་གང་བ་སྟེ། རྒྱུད་ལས། དཀྱིལ་འཁོར་འདོམ་གང་ཚད་དུ་སྟེ། །ཞེས་སོ། །དེའི་དགོས་པ་ནི། རང་གི་ལུས་འདི་ལ་ཡན་ལག་ཕན་ཚུན་གང་ལྟར་ཡང་འདོམ་གང་ཡོད་པའི་ཕྱིར། རང་གི་ལུས་ཉིད་དཀྱིལ་འཁོར་དུ་ཤེས་པར་འགྱུར་པའོ། །གལ་ཏེ་འབྱོར་པ་ཆུང་ཞིང་གནས་ཁང་དོག་ན་ནི་རྒྱར་མདའ་གང་ལ་དཔངས་སུ་ཆག་གང་སྟེ། ལུས་འདོམ་གང་བའི་མཐའ་ནས་གཞལ་བའི་མདའ་གང་གི་ས་ན་སེམས་ཀྱི་རྟེན་སྙིང་ཡོད་ཅིང་། དེ་ཡང་ཆག་གང་གི་ཚད་ཅན་ནོ། །དགོས་པ་ནི། དཀྱིལ་འཁོར་རང་གི་སེམས་སུ་ཤེས་པར་གྱུར་པ་སྟེ། རྒྱུད་ལས། སེམས་ནི་དཀྱིལ་འཁོར་ཆེན་པོ་སྟེ། །ཞེས་སོ། །དེ་ལྟར་ཆེ་ཆུང་གང་ལའང་ཕྱོགས་མཚམས་ཕྱེད་ཅིང་དབུས་མཐོ་བ། མཐའ་སྙོམས་པ་མེ་ལོང་གི་ངོས་ལྟར་མཁྲེགས་པ་སྟེ། འོན་ཀྱང་ཤར་མཐོ་ན་ཚེ་ཐུང་ལ་བྱང་མཐོ་ན་ནོར་འཛད་པར་གསུངས་པས། ཤར་དང་བྱང་ཅུང་ཟད་དམའ་བ་ཉིད་དུ་བྱས་ནས། སློབ་དཔོན་ཉིད་སྟེང་དུ་འདུག་སྟེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་བེ་ཤ་སྟྭཾ་བྷ་ནི་ཧཱུྃ་ཕཊ། ཅེས་བརྗོད་པས། ཕྱི་སྣོད་བྷནྡྷ་འབར་བའི་གཞལ་ཡས་ཁང་ལ་ནང་བཅུད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ཝལ་གྱིིས་བསྒོམ་སྟེ་ས་བཟུང་བའོ། །དཀྱིལ་འཁོར་བྱིན་དང་ལྡན་པའི་ཕྱིར་ཆག་ཆག་གདབ་པ་ལ་བཞི་ལས། རྒྱུ་ནི། བདུད་རྩི་ལྔ་དང་ལྡན་པའི་རཀྟ་ཆང་ལ་སྦྱར་བ་སྟེ། དགོངས་རྒྱུད་ལས། ཁམས་གསུམ་སྲིད་གསུམ་དབང་དུ་བསྡུ་བའི་ཕྱིར། །རཀྟ་ཆགས་པའི་དབང་གིས་ཆག་ཆག་གདབ། །ཅེས་སོ། །གདབ་པའི་ཐབས་ནི། དུས་གསུམ་རྒྱལ་བའི་བཞུགས་གནས་ཁྱད་པར་ཅན། །ཅེས་པ་ལ་སོགས་པའི་ཚིག་དང་། མ་ཧཱ་ཛྙཱ་ན་མཎྜ་ལ་ཧཱུྃ། ཞེས་པས་རིམ་པ་བཞིན་དུ་དབུས་ནས་བརྩམས་ཏེ་ཕྱོགས་བཞི་མཚམས་བཞིའི་མཐར་ཐུག་པར་གོ་རིམ་མ་ནོར་བར་གདབ་པར་བྱའོ། །ཚད་ནི་གླང་ཀོ་ཙམ་དུ་གསུངས་པས། འཁྱིལ་ཡང་མ་འཁྱིལ་བར་མཚམས་ཀྱང་མེད་པར་རོ། །དགོས་པ་ནི། བདུད་རྩི་ལྔའི་རང་བཞིན་ཡེ་ཤེས་ལྔའི་དཀྱིལ་འཁོར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བར་བྱིན་གྱིས་བརླབ་པར་འགྱུར་རོ། །རྡུལ་ཚོན་གྱི་བྱ་བ་གོ་བདེ་བར་བྱ་བའི་ཕྱིར་ཐིག་གདབ་པ་ལ་བཞི་སྟེ། རྒྱུ། ཚད། བྱིན་གྱིས་བརླབ་པ། གདབ་པའི་ཐབས་སོ། །དང་པོ་རྒྱུ་ལ་གཉིས་ལས། ཐིག་སྐུད་ཀྱི་རྒྱུ་ནི་ཞིང་གི་རྒྱུ་མ་ལ་བྱ་གསུངས་ཏེ། ཡང་ན་རས་བལ་གཙང་མ་རིན་ལ་མ་འཛེམ་པར་ཉོས་ལ། བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པས་བཀལ་བའི་སྐུད་པ་སུམ་བསྒྲིལ་ལོ། །ཐིག་ཆལ་གྱི་རྒྱུ་ནི། རྡོ་རྒྱུས་དང་ཐལ་ཆེན་སྦྱར་བའམ། ཚོན་དཀར་པོ་དྲི་མ་མེད་པས་སྦགས་ལ་བྱའོ། །ཚད་ནི། རིང་ཐུང་དཀྱིལ་འཁོར་གྱི་ཉིས་འགྱུར་ཏེ། དཀྱིལ་འཁོར་འདོམ་གང་ལ་གདབ་པའི་ཐིག་སྐུད་ནི་འདོམ་དོ་ཡིན་ནོ། །སྦོམ་ཕྲ་སྒོའི་ཉི་ཤུ་ཆ་སྟེ། རྩིག་པའི་རེ་ཁཱ་དང་མཉམ་པའོ། །བྱིན་གྱིས་བརླབ་པ་ནི། བདག་ཉིད་གཙོ་བོའི་ལྷའི་སྐུར་གནས་པའི་ལག་པ་གཡས་ཀྱི་སོར་མོ་ལ་རིགས་ལྔ། གཡོན་གྱི་སོར་མོ་ལ་ཡུམ་ལྔ་བསམ་སྟེ། ཐིག་སྐུད་བར་དུ་བཅུག་ནས་ཐལ་མོ་སྦྱར་བས། ཡབ་ཡུམ་སྦྱོར་བ་བྱས་པའི་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁའ་ལ་དཀར་ཕྲེང་གིས་བྱུང་བར་བསམ་མོ། །གདབ་པའི་ཐབས་ནི། ཡེ་ཤེས་ལྔ་ཡི་སྐུད་པ་འདིས། །ཞེས་པ་ལ་སོགས་པའི་ཚིག་དང་། སཱུ་ཏྲ་ས་མ་ཡེ་ཧཱུྃ། ཞེས་ནམ་མཁའ་ལ་ལན་གསུམ་བཏབ་པས་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གྱུར་པར་བསམ་མོ། །བར་སྣང་ལ་ལན་གསུམ་བཏབ་པས། སྣོད་ཀྱི་འཇིག་རྟེན་བྷནྡྷ་འབར་བའི་གཞལ་ཡས་ཁང་དུ་གྱུར་པར་བསམ་མོ། །དེ་ནས་ཐིག་རླན་གྱིས་སྦངས་ཚངས་ལ་ཐིག་དང་པོ་ནས་ཉེ་བར་བཟུང་ནས་རྩ་བའི་ཐིག་བརྒྱད། ཆ་ཆེན་བཅུ་དྲུག་ཆ་ཕྲན་དང་བཅས་པ་བསྐོར་ཕྱོགས་མ་འཁྲུལ་བར་གདབ་སྟེ། དེ་ཡང་། གནམ་ཐིག་ཆད་ན་སློབ་དཔོན་འཆི། །ས་ཐིག་ཆད་ན་སློབ་མ་འཆི། །ཕྱོགས་འཁྲུལ་པས་ནི་གཉིས་ཀ་ཉམས། །རིང་ཐུང་གྱུར་ན་ནད་ཀྱིས་ཐེབས། །ཞེས་གསུངས་པས་སྐྱོན་གྱི་ཕྱོགས་དང་བྲལ་བ་ཉིད་དུ་གདབ་པར་བྱའོ། །གཉིས་པ་སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་བསྲེ་བསྣན་བྱ་བ་ལ་གཉིས་ཏེ། འདྲེས་པ་ལ་བསྣན་པ་དང་། མ་འདྲེས་པ་བསྲེ་བའོ། དང་པོ་ནི། །བར་འདིར་མཆེད་གསར་པ་རྣམས་དང་རྙིང་པ་རྣམས་ཕྱེ་ནས་གསར་པ་རྣམས་འཁོར་ཁང་ཕྱི་མར་ཁྲིད་ལ། དཀྱིལ་འཁོར་དུ་གཞུག་པའི་ཡོན་ཉེར་སྡོག་བྱེད་དུ་བཅུག་སྟེ། དཀྱིལ་འཁོར་ལ་དར་གྱི་ཡོལ་བས་བྲེས་ཤིང་། དབུས་སུ་དྲིའི་ཐིག་ལེ་དང་བཅས་པའི་མེ་ཏོག་གི་ཚོམ་བུ་བཀོད་དེ། དེ་བཞིན་གཤེགས་པ་ལྔའི་གཟུགས་བརྙན་དངོས་སུ་བཞག་པའམ། ཡང་ན་དྲིལ་བུ་དང་དབུ་དང་ལྡན་པ་ཞིག་བཞག་ཅིང་། སློབ་དཔོན་གྱི་ཏིང་ངེ་འཛིན་གྱིས་རིགས་ཀྱི་གཙོ་བོ་ཚོམ་བུའི་དཀྱིལ་འཁོར་བསྐྱེད་དེ། ཡེ་ཤེས་པ་སྤྱན་དྲངས་ཤིང་གཉིས་སུ་མེད་པར་གཞུག་པ་དང་། མཆོད་བསྟོད་བཟླས་པ་ཅི་རིགས་པ་བྱས་ལ། སྨན་བྱིན་གྱིས་བརླབ་ཅིང་། ཆེ་བའི་ཡོན་ཏན་བརྗོད་དེ། རྩ་བའི་ལྷ་ལ་སྨན་གྱི་མཆོད་པ་རྒྱས་པར་བྱས་ལ། སྨན་ལྷག་མ་ལ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་དམ་ཆུར་བྱིན་གྱིས་བརླབ་སྟེ། ལས་མཁན་གྱིས་མཆེད་རྙིང་པ་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་ལ། རྣལ་འབྱོར་རྣམས་ཀྱི་དཀའ་ཐུབ་དམ། །ཞེས་པ་ལ་སོགས་པས་དམ་ཚིག་གསོ་བར་བྱའོ། །གཉིས་པ་མ་འདྲེས་པ་བསྲེ་བ་ལ་ཆོས་བཅུ་དྲུག་ལས། དང་པོ་མཚམས་བཅད་པ་ནི། ལས་མཁན་གྱིས། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཞེས་པ་ལ་སོགས་པ་དང་། ཁྲོ་བོ་བཅུའི་སྔགས་བརྗོད་དེ། བདག་ཉིད་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་བཅུ་ཡང་སྤྲུལ་སུམ་སྤྲུལ་དང་བཅས་པས་མཆེད་གསར་པ་རྣམས་ཀྱི་རྗེས་སུ་འབྲང་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་ལ་བར་དུ་གཅོད་པའི་བགེགས་རྣམས་མི་གནས་པར་བསྐྲད་ཅིང་། སླར་འདུས་པ་ལས་ལོགས་ཐམས་ཅད་ཁྲོ་ཆུང་གི་ར་བ་དང་། སྟེང་ཕྱོགས་མ་ལུས་པའང་དེ་ཉིད་ཀྱི་གུར་ཏེ། བགེགས་ཀྱི་སྦྱོར་བས་མི་ཚུགས་པར་བསམ་མོ། །གཉིས་པ་གནས་སུ་དྲང་བ་ནི། འཁོར་བའི་སེམས་ཅན་ཐམས་ཅད་ཀུན། །ཞེས་པ་ལ་སོགས་པ་དང་། བཛྲ་ས་མཱ་ཛཿ ཞེས་བརྗོད་ཅིང་། མཆེད་གསར་པ་རྣམས་ལ་བུམ་ཆུས་ཁྲུས་བྱས་པ་སྔོན་དུ་འགྲོ་བས་མིག་དར་གྱིས་གཡོགས་ལ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ལམ་ནས་དྲངས་ཏེ། དཀྱིལ་འཁོར་གྱི་ཤར་སྒོར་ཡོལ་བའི་དྲུང་དུ་བཀུག་ལ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཁད་བསྲིངས་ཏེ་ཐར་པ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བསྙེན་པར་བསམ་དུ་གཞུག་གོ། །གསུམ་པ་སེམས་བསྐྱེད་པ་ནི། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཞེས་པ་ལ་སོགས་པ་བརྗོད་དེ། བདག་ཅག་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་དུ་ཞུགས་པ་ལ་དབང་དང་དམ་ཚིག་ལེགས་པར་བླངས་ཏེ་སེམས་ཅན་གྱི་དོན་བྱའོ་སྙམ་དུ་བསམ་པར་གྱིས་ཤིག །ཅེས་བྱའོ། །བཞི་པ་དཀྱིལ་འཁོར་དུ་གཞུག་པར་ཞུ་བ་འབུལ་བ་ནི། རྡོ་རྗེ་སྐུ་ཡི་དཀྱིལ་འཁོར་དུ། །ཞེས་པ་ལ་སོགས་པ་ལས་མཁན་གྱིས་བརྗོད་ཅིང་། མཆེད་གསར་པ་རྣམས་ཀྱིས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་རྗེས་ཟློས་བྱེད་དུ་གཞུག་གོ། །ལྔ་པ་ལན་གནང་བ་ནི། སློབ་དཔོན་གྱིས། མཆོག་ཏུ་གསང་བའི་ཆོས་འདི་ནི། །ཞེས་པ་ལ་སོགས་པ་དང་། བུ་ཁྱོད་ལམ་བདེ་བས་འབྲས་བུ་བདེ་བ་ཆེན་པོ་སངས་རྒྱས་ཀྱི་བྱང་ཆུབ་མྱུར་དུ་ཐོབ་པར་བྱེད་པའི་ཐབས་གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་པར་མོས་སམ། ཞེས་བརྗོད་ཅིང་། སློབ་མས་ཀྱང་། མོས་ལགས། ཞེས་བརྗོད་པར་བྱའོ། །དྲུག་པ་ཡོན་འབུལ་བ་ནི། སླར་ཡང་སློབ་དཔོན་གྱིས། ཁྱེད་རྣམས་དཀྱིལ་འཁོར་དུ་འཇུག་མོས་ན། དཀྱིལ་འཁོར་དུ་འཇུག་པ་ལ་ཡོན་འབུལ་དགོས་པས་སེར་སྣའི་མདུད་པ་མེད་པར་བྱ་བའི་ཕྱིར་ཡོན་ཅི་འབུལ། ཞེས་བརྗོད་ཅིང་། སློབ་མས་ཀྱང་། ཨུ་ཧུ་ལགས། བླ་མ་འགྲོ་བའི་མགོན་པོ། དཀྱིལ་འཁོར་ཆེན་པོའི་མངའ་བདག་ཁྱེད་ལ་ཆེ་སྟེ་རྟ་དང་གླང་པོ། འཛམ་བུ་གླིང་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་སྟེ་ཕུལ་ཡང་ཆེ་ཞིང་རིང་བ་མ་མཆིས་ཀྱང་། ཆུང་སྟེ་ཁབ་དང་སྐུད་པ་ཙམ་ལས་མ་འབྱོར་ནའང་བླ་མས་ཐུགས་རྗེས་བཟུང་འཚལ་བས། འདི་ན་ཆེ་གེ་མོས་འདི་ལྟ་བུ་ཞིག་འབུལ་བར་གདའོ། །ཞེས་སོ་སོའི་མིང་ནས་བརྗོད་ཅིང་ཡོན་འབུལ་དུ་གཞུག་གོ། །བདུན་པ་མེ་ཏོག་འབུལ་བ་ནི། སློབ་མས་མེ་ཏོག་གི་ཕྲེང་བ་ལེགས་པར་བཟུང་སྟེ། ཚེ་རབས་དཔག་ཏུ་མེད་པའི་སྔོན་རོལ་ནས་བདག་དང་ལས་ཀྱིས་འབྲེལ་ཞིང་ཐུགས་བརྩེ་བར་གྱུར་བའི་ལྷ་གང་ཡིིན་པ་ཞིག་ལ་བདག་གི་མེ་ཏོག་འདི་འབབ་པར་གྱུར་ཅིག་སྙམ་དུ་བསམ་ལ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཞེས་པ་ལ་སོགས་པ་དང་། པྲ་ཏཱིཙྪ་བཛྲ་ཧོཿ ཞེས་པས་ཡོལ་བའི་ཕྱི་རོལ་ནས་དར་གྱི་མིག་གཡོགས་དང་བཅས་པས་དཀྱིལ་འཁོར་དུ་མེ་ཏོག་གི་ཕྲེང་བ་དོར་ཞིང་། ལས་མཁན་གྱིས་དྲིལ་བུའི་སྒྲ་དང་བཅས་པས་གཏོར་དུ་གཞུག་སྟེ། གང་བབས་པའི་ཕྱོགས་ལས་ལྷག་པའི་ལྷ་གང་ཡིན་ཤེས་པར་འགྱུར་ཏེ། དབུས་སུ་བབ་ན་རྡོ་རྗེ། ཤར་དུ་དེ་བཞིན་བཤེགས་པ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་ལས་ཀྱི་རིགས་སུ་ངེས་པར་འགྱུར་རོ། །གལ་ཏེ་མ་ཕོག་ན་ལན་གསུམ་བསྐྱར་ཞིང་། དེས་ཀྱང་མ་ཕོག་ན་སྐལ་བ་མེད་པས་བཏོན་ལ་བཏང་ཟེར་ཡང་གདོན་རང་མི་འདོན། དེ་ལ་དབང་རྫོགས་པར་བསྐུར་དུའང་མི་རུང་ངོ་། །བརྒྱད་པ་མིག་དབྱེ་བ་ནི། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །ཞེས་པ་ལ་སོགས་པ་དང་། ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་ལས་མཁན་གྱིས་མིག་སྨན་བྱུག་པའི་ཐུར་མས་སློབ་མ་རྣམས་ཀྱི་མིག་གཡོགས་བཤུས་ལ་ཡོལ་བ་བསལ་ཏེ། བསྐལ་པ་ཐོག་མ་མེད་པ་ནས་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་པའི་མིག་ལེགས་པར་ཕྱེད་པས་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པའི་ཞལ་མཐོང་བར་བསམ་སྟེ་ཕྱག་འཚལ་དུ་གཞུག་ཅིང་། ཅི་མཐོང་ཡང་དྲི་བར་བྱ་སྟེ། གལ་ཏེ་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། སྣ་ཚོགས་པའི་མདོག་ཏུ་སྣང་བའི་རང་བཞིན་དུ་ཞི་བ་རྒྱས་པ་དབང་དྲག་པོ་སྣ་ཚོགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་ལུང་བསྟན་ནོ། །དགུ་པ་དམ་ཚིག་དབོག་པ་ནི། སློབ་དཔོན་གྱིས། རྡོ་རྗེ་སློབ་དཔོན་གཙོ་ཉིད་དང་། །ཞེས་སོགས་བརྗོད་ཅིང་། སློབ་མས་རྗེས་ཟློས་བྱེད་དོ། །བླ་མ་ལ་བཀུར་ཞིང་མཆེད་ལ་བྱམས་པ་སྐུའི་དམ་ཚིག་དང་། ལྷག་པའི་ལྷའི་སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་གསུང་གི་དམ་ཚིག་དང་། གསང་བ་གཞན་ལ་མི་སྤེལ་བ་ཐུགས་ཀྱི་དམ་ཚིག་རྣམས་དང་། སྤྱད་པར་བྱ་བ་ལྔ། མི་སྤང་བ་ལྔ། དང་དུ་བླང་བ་ལྔ། ཤེས་པར་བྱ་བ་ལྔ་། བསྒྲུབ་པར་བྱ་བ་ལྔ་སྟེ། ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་དང་བཅས་པ་རྣམས་བསླབ་བྱ་དང་བཅས་པ་ལེགས་པར་དབོགས་ཏེ། སོ་སོ་ཐར་པའི་ཆོ་ག་ལྟར་བརྗོད་པ་གསུམ་གྱི་ཐ་མ་ལ་ཐོབ་པར་འགྱུར་བ་ཡིན་ནོ། །གལ་ཏེ་སྐུའི་ཡུལ་བླ་མ་དང་མཆེད་དང་གྲོགས་ལ་རང་གི་སྒོ་གསུམ་ཀར་གྱི་བསྲུང་བར་བྱ་བ་ལས། ཅིིའི་ཕྱིར་སྐུའི་དམ་ཚིག་ཅེས་བྱ་ཞེ་ན། བདེན་མོད་ཀྱི། འདིར་ནི་འོག་མ་གསུང་དང་ཐུགས་ལས་ཁྱད་པར་དུ་ལུས་ཀྱི་བྱ་བ་དང་འབྲེལ་བའོ། །དེ་བཞིན་དུ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་སྒོམ་པ་གསུང་གི་དམ་ཚིག་ཏུ་ཇི་ལྟར་འགྱུར་ཞེ་ན། དེ་ཡང་བདེན་ཏེ་ལྷའི་ཏིང་ངེ་འཛིན་ལ་བརྟེན་ནས་སྔགས་ཟློས་པ་ཉིད་ཀྱི་རྟེན་ལ་བཏགས་པའོ། །བཅུ་པ་དམ་ཚིག་བསྒྲག་པ་ནི། སྔར་གྱི་དམ་ཆུ་ལྷག་མ་མཆེད་གསར་པ་རྣམས་ཀྱི་ལྕེ་ལ་བཞག་སྟེ། འདི་ནི་རྡོ་རྗེ་དམྱལ་བའི་ཆུ། །ཞེས་པ་ལ་སོགས་པ་དང་། ས་མ་ཡ་ན་ར་ཀན། ཞེས་ཟློས་སུ་བཅུག་པས། དེ་ཉིད་ལྕེ་ལ་བཞག་ཀྱང་སྙིང་གར་སོང་སྟེ་ཧཱུྃ་མཐིང་ནག་ཞིག་ཏུ་གནས་པ་ལས་དམ་ཚིག་མ་ཉམས་ན་ལྷག་པའི་ལྷ་རྡོ་རྗེ་སེམས་དཔར་འགྱུར་ཞིང་མཐོ་རིས་དང་ཐར་པར་འདྲེན་པའི་སློབ་དཔོན་བྱེད་ལ། གལ་ཏེ་དམ་ཚིག་ཉམས་ན་ནི་དམ་ཚིག་ཉམས་པའི་གཤེད་མ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ཞེས་བྱ་བ་ལྕགས་ཀྱི་སྡིག་པ་མགོ་དགུ་པའི་རྣམ་པར་གྱུར་ཏེ། འདིར་ཡང་ཚེ་ཐུང་ཞིང་ནད་མང་བ་ལ་སོགས་པ་སྡུག་བསྔལ་སྣ་ཚོགས་པ་ལ་སྦྱོར་ཞིང་། ཕྱི་མ་རྡོ་རྗེ་དམྱལ་བ་ཉིད་དུ་ཁྲིད་པར་འགྱུར་རོ། །ཞེས་བརྗོད་པར་བྱ་སྟེ། དགོངས་རྒྱུད་ལས། སློབ་མ་ལུང་དང་ལྡན་པ་དེ། །ལྷག་པའི་བསམ་པས་རྗེས་བཟུང་ནས། །དཀྱིལ་འཁོར་དམ་པ་ལྡན་པའི་ཕྱིར། །བདུད་རྩི་ཁར་བླུག་མནའ་ཡང་དགག །ཅེས་སོ། བཅུ་གཅིག་པ་དམ་ཚིག་གི་ཁེ་ཉེན་བཤད་པ་ནི། སྐུ་ཡི་དམ་ཚིག་ལེགས་པར་བསྲུང་ན་སྲོག་གཅོད་པ་ལ་སོགས་པ་ལུས་ཀྱི་མི་དགེ་བ་རྩ་བ་ནས་འདག་ཅིང་། སངས་རྒྱས་ཀྱི་སྐུ་མཚན་དཔེར་ལྡན་པ་ཐོབ་པར་འགྱུར་བ་དང་། གསུང་གི་དམ་ཚིག་ལེགས་པར་བསྲུང་ན་རྫུན་དུ་སྨྲ་བ་ལ་སོགས་པ་ངག་གི་མི་དགེ་བའི་སྒྲིབ་པ་རྩ་བ་ནས་འདག་ཅིང་སངས་རྒྱས་ཀྱི་གསུང་ཚངས་པའི་དབྱངས་ལྟ་བུ་ཐོབ་པར་འགྱུར་པ་དང་། ཐུགས་ཀྱི་དམ་ཚིག་ལེགས་པར་བསྲུང་ན་བརྣབ་སེམས་ལ་སོགས་པ་ཡིད་ཀྱི་མི་དགེ་བའི་སྒྲིབ་པ་རྩ་བ་ནས་འདག་ཅིང་སངས་རྒྱས་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་བ་དང་། གཞན་ཡང་ཡན་ལག་གི་དམ་ཚིག་རྩ་བ་ནས་ལེགས་པར་བསྲུང་ན། ཤེས་བྱའི་སྒྲིབ་པ་ཅི་རིགས་པ་འདག་ཅིང་འཁོར་བའི་སྤྱོད་ཡུལ་ཡང་དག་པའི་ལམ་དུ་བསླངས་པ་ཉིད་དུ་འགྱུར་རོ། །གཞན་ཡང་། སྐུའི་དམ་ཚིག་ཉམས་ན་བསྐལ་པ་ཆེན་པོ་གཅིག་ཏུ་རྡོ་རྗེའི་དམྱལ་བར་འགྲོ་ཞིང་། དེ་ནས་ཐོན་ནས་ཀྱང་ཚེ་རབས་མང་པོར་ལུས་ལ་མཛེ་དང་ཕོལ་མིག་ལ་སོགས་པ་སྣ་ཚོགས་པ་འབྱུང་བར་འགྱུར། གསུང་གི་དམ་ཚིག་ཉམས་ན་ནི་བསྐལ་པ་ཆེན་པོ་གཉིས་སུ་རྡོ་རྗེའི་དམྱལ་བར་འགྲོ་ཞིང་། དེ་ནས་ཐོན་ནས་ཀྱང་ཚེ་རབས་མང་པོར་ངག་དིག་ལྐུག་ཅན་ལ་སོགས་པར་འགྱུར་ལ། ཐུགས་ཀྱི་དམ་ཚིག་ཉམས་ན་ནི་བསྐལ་པ་ཆེན་པོ་གསུམ་དུ་རྡོ་རྗེའི་དམྱལ་བར་འགྲོ་ཞིང་། དེ་ནས་ཐོན་ནས་ཀྱང་ཚེ་རབས་མང་པོར་བརྒྱལ་ནད་དང་སྨྱོ་འབོགས་ཅན་ལ་སོགས་པར་འགྱུར་བ་དང་། ཡན་ལག་གི་དམ་ཚིག་ཉམས་ན་ནི་ཕྱིན་ཆད་ཟབ་མོའི་ཆོས་དང་འཕྲད་པར་མི་འགྱུར་རོ། །བཅུ་གཉིས་པ་ལྷ་དབབ་པ་ནི་གསུམ་སྟེ། མོས་པའི་ལྷ། བབས་པའི་ལྷ། ལྷག་པའི་ལྷའོ། །དང་པོ་གང་ལ་མོས་པ་དེ་དང་ལས་དང་ཐུགས་རྗེས་འབྲེལ་པ་ཉིད་པས་དེ་ཉིད་བསྒོམ་པས་ཆོག་ལ། གཉིས་པ་ནི། མེ་ཏོག་གང་དུ་བབས་པ་དེ་ཕོག་ཅིང་བསྒོམ་པས་དངོས་གྲུབ་ཉེ་ཞིང་། གསུམ་པ་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཁོ་ནའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ལ་སོགས་པ་རྣམས་ལེགས་པར་བསྟན་ཏེ་བསྒོམ་དུ་གཞུག་གོ། །བཅུ་གསུམ་པ་སྙིང་པོ་དབོག་པ་ནི། ལྷའི་ཐུགས་བསྐུལ་བའི་སྙིང་པོ་གང་ཡིན་པའི་བཟླས་ལུང་བྱའོ། །བཅུ་བཞིི་པ་གསང་མཚན་གདགས་པ་ནི། མེ་ཏོག་ཕོག་པའི་ལྷ་གང་ཡིིན་པའི་རིགས་དང་བསྟུན་ཏེ། རྡོ་རྗེ་རྒྱལ་པོ། རིན་ཆེན་མྱུ་གུ། ཆོས་ཀྱི་དབང་ཕྱུག །ལས་ཀྱི་རྡོ་རྗེ། དེ་བཞིན་གཤེགས་པའི་བསྲུང་བ། ཞེས་པའམ། ཡང་ན་ལྷག་པའི་ལྷའི་མཚན་ནས་དྲངས་ཏེ། །སྐྱེས་པ་རྣམས་ལ་རྡོ་རྗེ་དྲག་པོ་རྩལ། །བུད་མེད་རྣམས་ལ་རྡོ་རྗེ་དཔལ་ཕྲེང་མ། །བྱིས་པ་རྣམས་ལ་རྡོ་རྗེ་མྱུ་གུ་རྩལ། །ཞེས་གདགས་པར་བྱའོ། །གསང་མཚན་འདི་ལ་དགོས་པ་ཆེན་པོ་ཡོད་དེ། རང་ཅག་རྣམས་ཚེ་འདིའི་སྣང་བ་ནུབ། བར་དོའི་སྣང་བ་ཤར་བའི་ཚེ་ལྷག་པའི་ལྷ་དང་བླ་མས་རྗེས་སུ་བཟུང་སྟེ་རང་གི་མདུན་དུ་བྱོན་ནས། ཀྱེ། དཔལ་རྡོ་རྗེ་ཆྒཻ་མོ་ཞེས་སྔར་བཏགས་པའི་གསང་མཚན་གང་ཡིན་པ་ནས་འབོད་པར་འགྱུར། དེའི་ཚེ་རང་གི་མིང་ངོ་ཤེས་ཤིང་ལན་ཐེབས་ན་དེ་དང་རྗེས་སུ་ཟིན་ནས་དག་པའི་ཞིང་དུ་འཁྲིད་པར་འགྱུར་ཞིང་། གལ་ཏེ་དེ་ལྟར་མ་ཤེས་ན་ནི་དམྱལ་བའི་གཤེད་མས་ཟིན་ནས་རང་དབང་མེད་བཞིན་འཇིགས་སྐྲག་དང་བཅས་བཞིན་ངན་སོང་གི་གནས་སུ་འཁྲིད་པར་འགྱུར་བ་ཡིན་ནོ། །བཅོ་ལྔ་པ་བཟླས་པའི་ཕྲེང་བ་གཏད་པ་ནི། སློབ་དཔོན་ཐུགས་དམ་མཆེད་གསར་པ་རྣམས་ཀྱི་ཕྲེང་བ་སྦྲེལ་ཏེ་ལག་ཏུ་གཏད་ལ། རིག་པ་སྲོག་གིས་སྦྲེལ་བའི་ཕྲེང་ཐག་ཅེས་པ་ལ་སོགས་པ་བརྗོད་ཅིང་། སྙིང་པོ་ཀཱི་ལ་ཡ་འབྲུ་བཅུ་བཞི་པ་ཟློས་སུ་གཞུག་གོ། །བཅུ་དྲུག་པ་གྲལ་བསྲེ་བ་ནི། བསྙེན་སྒྲུབ་རྣམ་བཞི་བསྙེན་ཅིང་སྒྲུབ་པ་དང་། །ཞེས་པ་ལ་སོགས་པ་བརྗོད་དེ། དེ་ཕྱིན་ཆད་མཆེད་གསར་རྙིང་སྐལ་བ་མཉམ་པར་འགྱུར་བ་ཡིན་པས་ད་ནི་གྲལ་གཅིག་ལ་འདུག་པས་ཆོག་གོ་ཞེས་བྱའོ། །བཞི་པ་དཀྱིལ་འཁོར་བྲི་ཞིང་རྫས་དགོད་པ་ལ་གཉིས་ཏེ། དཀྱིལ་འཁོར་བྲི་བ་དང་། རྫས་དགོད་པའོ། །དང་པོ་ལ་བཞི། རྒྱུ་དང་། བྱིན་གྱིས་བརླབ་པ་དང་། དགྱེ་བའི་ཐབས་དང་། དགོས་པའོ། དང་པོ་ནི། འབྱོར་པ་རབ་ཀྱིས་རིན་པོ་ཆེའམ་རིན་པོ་ཆེ་ཕལ་པ་ལྔ་ལ་བྱ་སྟེ། སྔོན་པོ་བཻཌཱུརྻའམ་མཐོན་ཀ །དཀར་པོ་མན་ཤེལ་ལམ་དངུལ། སེར་པོ་ཨུ་ཤ་རཱ་གའམ་གསེར། དམར་པོ་པདྨ་རཱ་གའམ་བྱི་རུ། ལྗང་གུ་ཨིནྡྲ་ནཱི་ལའམ་གཡུ་ལ་བྱ། འབྲིང་གིས་སྨན་ལྔའམ་འབྲུ་ལྔ་གང་ཡང་རུང་བ་ཚོན་ལྔས་ཁ་དོག་སོ་སོར་བསྒྱུར་བ་ལ་བྱ། ཐ་མས་ཀྱང་བཀྲ་ཤིས་པའི་ས་ཕྱོགས་ནས་བྱུང་བའི་ཚོན་ཁ་དོག་ལྔ་དྲི་མ་མེད་པ་དང་ལྡན་པ་ལ་བྱའོ། །གཉིས་པ་བྱིན་གྱིས་བརླབ་པ་ནི། ཚོན་རྣམས་བྷནྡྷའི་ཚལ་བུའམ་རིན་པོ་ཆེའི་སྣོད་དུ་བཞག་ལ། ཕོ་བྲང་གི་ཐིག་ཆར་ཚུད་པར་དབུས་སུ་མཐིང་ག །ཤར་དུ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ་རྣམས་བཀོད་དེ། རིགས་ཀྱི་ས་བོན་ལྔ་ལས་མཐིང་ག་ལ་ཧཱུྃ་རྟིང་པ་ཤར་དུ་བསྟན་པ་བྲི་ཞིང་། དཀར་པོ་ལ་ༀ། སེར་པོ་ལ་སྭཱ། དམར་པོ་ལ་ཨཱཾཿ ལྗང་གུ་ལ་ཧཱ་རྣམས་རྟིང་པ་དབུས་སུ་བསྟན་ནོ། དེ་དག་ཡོངས་སུ་གྱུར་པ་ལས། རིགས་ཀྱི་ཕྱག་མཚན་རྡོ་རྗེ། འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲི་རྣམས་སུ་གྱུར། དེ་ཡང་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་དང་ཀུན་ཏུ་བཟང་མོ། རྣམ་སྣང་དང་སྤྱན་མ། རིན་འབྱུང་དང་མཱ་མ་ཀཱི། མཐའ་ཡས་དང་གོས་དཀར་མོ། དོན་གྲུབ་དང་སྒྲོལ་མ་སྟེ། རིགས་ལྔ་ཡབ་ཡུམ་བཅུར་གྱུར་པ་དག་གཉིས་སུ་མེད་པའི་སྦྱོར་བ་མཛད་པས་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཡོངས་སུ་གྱུར་ནས་ཚོན་རྣམས་སོ་སོ་ལ་ཐིམ་ནས། དོན་ཡེ་ཤེས་ལྔའི་རང་བཞིན་ལ་རྟགས་ཚོན་རྩི་ཁ་དོག་ལྔའི་འོད་རབ་ཏུ་འབར་བའི་རྣམ་པ་ཅན་དུ་གྱུར་པར་བསམ་མོ། །གསུམ་པ་དགྱེ་བའི་ཐབས་ནི། སྟོད་ལས་ཀྱི་དབང་དུ་དབུས་ཀྱི་ཕོ་བྲང་སྙིང་པོ་གྲུ་གསུམ་མཐིང་ནག་ཕྱི་རོལ་ཟླ་གམ་གསུམ་དམར་པོ། མུ་ཁྱུད་ནང་མ་དཀར་པོ། འཁོར་ལོ་རྩིབས་བརྒྱད་སེར་པོ། རྩིབས་མཆན་དམར་པོ། ཕོ་བྲང་རྡོ་རྗེའི་མུ་ཁྱུད་མཐིང་ག །གྲུ་ཆད་ལྗང་གུ། སྒོ་ཁྱམས་ཕྱོགས་ཚོན། རྩིག་པ་དམར་སེར་དཀར་པོ་སུམ་སྦྲགས། ཞིང་གི་ཀ་བ་དང་། མི་མགོའི་ཁ་བད་སྨུག་པོ་སྟེ། ལྷག་མ་རྣམས་གཞན་དང་མཐུན་ཞིང་། སྨད་ལས་ལ་ཨེ་ཀ་དམར་ནག་གི་ཚུལ་དུ་བཞེངས་ཏེ། བི་ཏོ་ལས། དབུས་ན་ཕོ་བྲང་ཨེ་ཡི་དཀྱིལ། །ཟླ་གམ་དབང་ཆེན་རཀྟའི་རྒྱ་མཚོ་འཁྲུག །ཆོས་སྐུ་སྐྱེ་མེད་མུ་ཁྱུད་ཟླ་གམ་འཁྱིལ། །མཁའ་དབྱིངས་བཅུ་དྲུག་ཨེ་ཡིས་མཐའ་བསྐོར་ཏེ། །དུག་གསུམ་འཇོམས་ཕྱིར་ཐོད་པ་ཚར་གསུམ་དང་། །བར་ཁྱམས་དང་ནི་ཡེ་ཤེས་སྒོ་བཞིར་ལྡན། །ཕྱི་རོལ་ཁོར་ཡུག་བསྐལ་པའི་མེ་ཡིས་བསྐོར། །ཅེས་སོ། །གཞན་ཡང་ཚོན་ནི། སྲབ་ན་དབུལ་པོར་འགྱུར་བས་ཏེ། །གལ་ཏེ་འཐུག་ན་ནད་ཀྱིས་ཐེབས། །ཚོན་འདྲེས་གྱུར་པས་བློ་ཉམས་སོ། །ཞེས་གསུངས་པ་དེ་ལྟ་བུའི་སྐྱོན་མེད་པར་བྲི་བར་བྱའོ། །བཞི་པ་དགོས་ཆེད་ནི། རང་བཞིན་གྱི་དཀྱིལ་འཁོར་མ་མཐོང་བ་རྣམས་བྲོད་པ་བསྐྱེད་ཅིང་ཏིང་ངེ་འཛིན་གསལ་བའི་ཡན་ལག་ཏུ་འགྱུར་པའོ། །གཉིས་པ་རྫས་དགོད་པ་ལ་གཉིས་ཏེ། སློབ་དཔོན་གྱིས་བྱིིན་གྱིས་རློབ་པ་དང་། ལས་མཁན་གྱིས་དགོད་པའོ། །དང་པོ་སྟོད་ལས་དང་འབྲེལ་བར་ཉམས་སུ་བླང་བ་ནི། ཐོག་མར་རྫས་རྣམས་བཤར་གདབ་པར་བྱ་སྟེ། ལྷ་ཕུར་ཉི་ཤུ་རྩ་དྲུག །བུམ་པ་ལྔ། ཛ་གད་གཏོར་མ། རཀྟ། མར་མེ། ཚེ། རྡོ་རྗེ། དྲིལ་བུ་ལ་སོགས་པ་སློབ་དཔོན་གྱི་མདུན་དུ་ཞིང་ཆེན་གྱི་གཡང་གཞི་ལ་སོགས་པའི་སྟེང་དུ་དགྲམ་ལ་བྱིན་གྱིས་བརླབ་པར་བྱ་སྟེ། དང་པོ་ཁམས་གསུམ་ཡོངས་སྒྲོལ་གྱི་ཕུར་པ་བྱིན་གྱིས་བརླབ་པ་ནི། གཙོ་བོ་ཡབ་ཡུམ་གྱི་ཕུར་བུ་སོར་བཅོ་བརྒྱད་པ། ཁྲོ་བོ་ཁྲོ་མོའི་སོར་བཅུ་གཉིས་པ། སྒོ་མ་དམ་ཅན་གྱི་སོར་བརྒྱད་པ། སྲས་མཆོག་གི་སོར་བཞི་པ་སྟེ། ཕུར་བུ་ཉི་ཤུ་རྩ་བདུན། བདུད་རྩི་ལྔས་བཀྲུ། གཅུམ་གཞོགས་ལ་རང་རང་གི་སྙིང་པོ་བྲི་ཞིང་དབལ་ལ་རཀྟ་བྱུགས། སྤྱི་བོར་དར་མཐིང་ནག་མཛུབ་གང་བ་རེ་གདགས་སོ། །དེ་ནས་ཕུར་བུ་རྣམས་མི་དམིགས་པ་ལས་ཡིག་འབྲུ་རྣམས་སུ་གྱུར། དེ་རྣམས་འོད་དུ་ཞུ་བ་ལས་ཕྱག་མཚན་དུ་གྱུར། དེ་ལ་བསྐྱེད་སྔགས་བརྗོད་པས་སྐུ་ཡོངས་སུ་རྫོགས་པར་བསྐྱེད་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་བོ། །གུ་གུལ་དང་རཀྟས་གཟི་བྱིན་བསྐྱེད་དོ། །རྣམ་དག་གཞལ་མེད་ཀྱི་ཏིང་ངེ་འཛིན་གྱིས་བུམ་པ་བྱིན་གྱིས་བརླབ་པ་ནི། རིན་པོ་ཆེའམ། ས་ལ་རིན་པོ་ཆེ་བརྡར་བ་ལས་བྱས་པའི་བུམ་པ་མཚན་ཉིད་དང་ལྡན་པ་ལྔའམ་གཅིག་ལ་ཙནྡན་གྱིས་དཀར་པོར་བྱུགས་ཏེ། རིགས་ལྔའམ་ལྷག་པའི་ལྷའི་མཚན་མ་བྲི་ཞིང་། འབྲས་བུ་ཅན་གྱིི་ཤིང་གིས་ཁ་བརྒྱན་ཏེ། རས་ཁ་ཚར་མ་ཉམས་པས་མགུལ་ཆིངས་བྱས་ལ། གུ་གུལ་གྱི་དུད་པས་བདུག་སྟེ། སྲོག་ཆགས་མེད་པའི་ཆུ་གཙང་མ་བླུག་གོ། །དེར་གཞུག་པའི་རྫས་ནི། ཀཎྜ་ཀ་རི། སླེ་ཏྲེ། རྒྱ་མཚོའི་ལྦུ་བ། དབང་པོ་ལག་པ། ཤུ་དག་དཀར་པོ་སྟེ་སྨན་ལྔ། ཨ་ཀ་རུ། ཙནྡན། དུ་རུ་ཀའམ་ཛཱ་ཏི། ལྕེ་བོག་དཀར་པོ་སྟེ་སྤོས་ལྔ ། ནས། འབྲས། གྲོ། སྲན་མ། སོ་བ་སྟེ་འབྲུ་ལྔ། ལན་ཚྭ། བུ་རམ། རྩི་མར། ཏིལ། མར་ཏེ་སྙིང་པོ་ལྔ། སྔར་སྨོས་པའི་རིན་པོ་ཆེ་ལྔ་སྟེ་ཉི་ཤུ་རྩ་ལྔ་གཞུག་ཅིང་། གཟུངས་ཐག་ལེགས་པར་བཏགས་ལ། བུམ་པ་ཁཾ་ལས་ཡེ་ཤེས་ཀྱི་བུམ་པར་བསྐྱེད་པའི་ནང་དུ། ལྷ་ཚོགས་བཞི་བཅུ་རྩ་དྲུག་ཚང་བར་བསྒོམས་ལ། ཡེ་ཤེས་པ་གཞུག་ཅིང་། གཉིས་སུ་མེད་པར་གྱུར་པ་ལ་མཆོད་བསྟོད་བཟླས་པ་བྱ་སྟེ། ལྷ་རྣམས་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཞུ་བ་ལས། བུམ་པ་བྱང་ཆུབ་སེམས་ཀྱི་བདུད་རྩི་དྲི་མ་མེད་པས་ཁེངས་པར་བསམ་སྟེ། དགོངས་རྒྱུད་ལས། བུམ་པ་ལྔ་ཡང་ཆོས་ཀྱིས་བརྒྱན། །སོ་སོའི་དཔའ་བོའི་འབྲུ་ལྔ་ཡི། །ཞབས་སུ་སྔགས་བཟླས་བསྟིམ་པར་བྱ། །ཞེས་སོ། །འབྱུང་བ་བཅུད་ལེན་གྱི་ཏིང་ངེ་འཛིན་གྱིས་བདུད་རྩི་བྱིན་གྱིས་བརླབ་པ་ནི། བདག་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀ་ནས་རྂ་ཡྂ་ཁྂ་འཕྲོས་པས། རྂ་ལས་ཡེ་ཤེས་ཀྱི་མེར་གྱུར་ཏེ་བདུད་རྩིའི་སྣོད་བཅུད་ཀྱི་དངོས་པོ་མི་སྣང་བར་བསྲེགས། ཡྂ་ལས་ལྷག་མཐོང་གི་རླུང་གིས་གཏོར། ཁྂ་ལས་ཞི་གནས་ཀྱི་ཆུས་བཀྲུས་ཏེ་མཚན་མ་སྦྱངས། དེ་ནས་བདག་གི་ཐུགས་ཀ་ནས་བྷ་གཅིག་འཕྲོས་པ་སྣོད་ལ་ཕོག་སྟེ། བྷནྡྷའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ་ཕྱི་དཀར་ལ་ནང་དམར་བ་ཞིག་ཏུ་བསམ། དེའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདུད་རྩིའི་དངོས་གཞི་ལྔར་གནས་པར་བསམ་སྟེ། དབུས་སུ་བྱང་སེམས། ཤར་དུ་དྲི་ཆེན། ལྷོར་མཱཾ་ས། ནུབ་ཏུ་རཀྟ། བྱང་དུ་དྲི་ཆུའོ། །དེ་རྣམས་ཀྱི་སྟེང་དུ་དཔའ་བོ་འབྲུ་ལྔ་བསམ་སྟེ། བྱང་སེམས་ཀྱི་སྟེང་དུ་ཧཱུྃ། དྲི་ཆེན་གྱི་སྟེང་དུ་ཨཱོཾ། མཱཾ་སའི་སྟེང་དུ་སྭཱ། རཀྟའི་སྟེང་དུ་ཨཱྂཿ དྲི་ཆུའི་སྟེང་དུ་ཧཱའོ། །དེ་ནས་ངག་ཏུ། པདྨ་དྷཱ་ར་ཧྲཱིཿཞེས་བརྗོད་པས། ལག་པ་གཡོན་པའི་མཐེ་བོང་ལ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་པོ། གཡས་དབྱུག་ཏོ། གཡོན་སྡིགས་མཛུབ་དང་བཅས་པས་ཡུམ་ལ་འཁྱུད་པ། ཞབས་གཡས་བསྐུམ། གཡོན་བརྐྱང་ནས་གནས་པ། སྤྱི་གཙུག་རྟ་མགོ་ལྗང་གུས་མཚན་པ་ཞིག་བསམ་ཞིང་། སྲིན་ལག་ལ་ཡུམ་མི་ཕམ་མ་སྐུ་མདོག་ཡབ་དང་མཚུངས་པ་ཞིག་ཞལ་སྦྱོར་དུ་འཁྲིལ་བའོ། །དེ་གཉིས་ཀྱི་བར་དུ་ཧྲཱིཿདམར་པོ་གནས་པར་བསམ་ལ། ཧྲཱིཿདེས་ཡབ་ཡུམ་སྦྱོར་བའི་བརྡས་བསྐུལ་ཏེ་སྦྱོར་བ་བྱས་པས་བྱང་ཆུབ་སེམས་སུ་ཞུ་ནས། དཔའ་བོ་འབྲུ་ལྔ་ལ་ཕོག །དེ་འོད་དུ་ཞུ། བདུད་རྩིའི་དངོས་བཞི་ལ་ཕོག་པས་བདུད་རྩི་བྱང་ཆུབ་སེམས་སུ་བསམ། དེ་རྣམས་ལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ལ་ཕོག་པས་སྦྱོར་བའི་བརྡས་བསྐུལ་ནས་ཡབ་ཡུམ་སྦྱོར་བ་བྱས་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་ནས་སྐུ་གསུང་ཐུགས་ཀྱི་ས་བོན་དང་བཅས་པ་བདུད་རྩིའི་སྣོད་དུ་བབ་པར་བསམ་ཞིང་། སྔགས་བརྒྱ་རྩ་བརྒྱད་དམ་ཅི་རིགས་པ་བཟླའོ། །དེ་ནས་ཀཱ་ཡ་སིདྡྷི་ༀ། ཞེས་པས་བདུད་རྩི་ལྕེ་སྟེང་དུ་བཞག་པས་གོང་གི་སྐུའི་ས་བོན་དེ་བདག་གི་སྤྱི་བོར་གནས་པ་ལས་ཕྱོགས་བཅུའི་སངས་རྒྱས་ཀྱི་སྐུའི་བྱིན་རླབས་ཐོབ་པར་བསམ། གསུང་དང་ཐུགས་ཀྱང་དེས་འགྲེའོ། །དེ་ནས་བི་ཤུདྡྷེ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་མཐེབ་སྲིན་གྱིས་མཆོད་ཚོགས་རྣམས་ལ་གཏོར་བས་ཉེས་སྐྱོན་དག་པར་བསམ། དེ་ནས་དྷརྨ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་མཆེད་ལྕམ་རྣམས་ལ་གཏོར་བས་ཉམས་སྒྲིབ་དག་པར་བསམ། དེ་ནས་བཛྲ་ཡཀྵ་ཀྲོ་དྷ་ཧ་ལ་ཧ་ལ་ཧཱུྃ་ཕཊ། ཅེས་ཕྱོགས་ཐམས་ཅད་དུ་གཏོར་བས་བདུད་རྩིའི་ཟེགས་མ་ལས་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་ནས་བགེགས་བསྐྲད་པར་བསམ་མོ། །ཁྱད་པར་རྨད་དུ་བྱུང་བའི་ཏིང་ངེ་འཛིན་གྱིས་གཏོར་མ་བྱིན་གྱིས་བརླབ་པ་ནི། བདག་ཀུ་མཱ་རར་གསལ་བའི་ཐུགས་ཀ་ནས་རྂ་ཡྂ་ཁྂ་གསུམ་འཕྲོས་པས་སྔར་བཞིན་མཚན་མ་སྦྱངས། བདག་གི་ཐུགས་ཀ་ནས་བྷྲཱུྂ་གཅིག་འཕྲོས་པས་སྣོད་ལ་ཕོག །དེ་བྷནྡྷའི་གཞལ་ཡས་ཁང་སྔ་མ་ལྟ་བུར་བསམ། དེ་ལས་དེའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ། དེ་ལས་ༀ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ཧྲི་ཤོ་ས་མ་ཡེ་སྭཱ་ཧཱ། ཞེས་ལན་དྲུག་བརྗོད་པས་དང་པོ་གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་ཐོགས་པ། གཉིས་པ་སྒྲའི་ལྷ་མོ་དཀར་མོ་པི་ཝཾ་ཐོགས་པ། གསུམ་པ་དྲིའི་ལྷ་མོ་སེར་མོ་སྤོས་ཁང་ཐོགས་པ། བཞི་པ་རོའི་ལྷ་མོ་དམར་མོ་ཞལ་ཟས་ཀྱིས་གང་བའི་གཞོང་པ་ཐོགས་པ། ལྔ་པ་རེག་བྱའི་ལྷ་མོ་ལྗང་གུ་ན་བཟའ་ཐོགས་པ། དྲུག་པ་ཆོས་ཀྱི་ལྷ་མོ་མཐིང་ག་རྡོ་རྗེ་དང་དྲིལ་བུ་ཐོགས་པ་སྟེ། འདོད་ཡོན་དྲུག་གི་ལྷ་མོ་དཔག་ཏུ་མེད་པ་བྱུང་བར་བསམ་མོ། །ཐུགས་རྗེ་ཆགས་པའི་ཏིང་ངེ་འཛིན་གྱིས་རཀྟ་བྱིན་གྱིས་བརླབ་པ་ནི། བདག་གི་ཐུགས་ཀ་ནས་རྂ་ཡྂ་ཁྂ་འཕྲོས་པས་རཀྟའི་སྣོད་ལ་ཕོག་སྟེ་མཚན་མ་སྦྱངས། མ་ཞིག་འཕྲོས་ཏེ་སྣོད་ལ་ཕོག་པས། བྷནྡྷའི་སྣོད་ཆེན་པོ་སྔ་མ་ལྟ་བུ་ཞིག་ཏུ་གྱུར་པའི་ནང་དུ་ར་དམར་པོ་ཞིག་བསམ། ༀ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ། ཞེས་བརྗོད་པས། ར་དེ་འོད་དུ་ཞུ་བ་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག་ཅིང་འཁྱིལ་བ། ཤར་གྱི་རྦ་ཀློང་ནུབ་ཏུ་འཕྱོ་བ། ནུབ་ཀྱི་རྦ་ཀློང་ཤར་དུ་འཕྱོ་བ། ལྷོའི་རྦ་ཀློང་བྱང་དུ་འཕྱོ་བ། བྱང་གི་རྦ་ཀློང་ལྷོ་རུ་འཕྱོ་ཞིང་། མཐའ་མར་ཚིལ་ཆེན་གྱི་དར་ཆགས་པ་ཞིག་ཏུ་གྱུར་པར་བསམ་མོ། །དབྱིངས་དང་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱིས་མར་མེ་བྱིན་གྱིས་བརླབ་པ་ནི། ཀོང་བུ་ལྟར་སྣང་བ་ཆོས་ཀྱི་དབྱིངས་སྟོང་པ་ཉིད། སྡོང་བུ་ལྟར་སྣང་བ་རྟོག་བྲལ་རིག་པའི་ཡེ་ཤེས། མར་ཁུ་ལྟར་སྣང་བ་རྟོག་པ་མེད་པའི་ཡེ་ཤེས་རང་གསལ་བ་ཉིད་དོ། །ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་གྱིས་རྡོ་རྗེ་དང་དྲིལ་བུ་བྱིན་གྱིས་བརླབ་པ་ནི། རྡོ་རྗེ་ཐབས་རིག་པའི་ཡེ་ཤེས་ལ། དྲིལ་བུ་ནི་ཤེས་རབ་ཆོས་ཀྱི་དབྱིངས། དེ་གཉིས་ཀ་འཆང་བ་ནི་དེ་དག་གཉིས་སུ་མེད་པར་རྟོགས་པར་བྱའོ། །འཆི་མེད་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ཚེ་བྱིན་གྱིས་བརླབ་པ་ནི། ལོགས་སུ་ཤེས་པར་བྱའོ། །གཉིས་པ་དགོད་པ་ནི། ལས་མཁན་གྱིས་དགོད་ཚིག་ལས་བྱང་ནས་བྱུང་བས་དགོད་དེ། དགོངས་རྒྱུད་ལས། གྲུ་གསུམ་ཉི་ཤུ་རྩ་གཅིག་ལ། །ཕུར་པ་ཉི་ཤུ་རྩ་གཅིག་བཀོད། །ཅེས་པས། ལྷ་ཕུར་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་པ་ལ་སོགས་པས་དགོད་པར་གསོལ་བ་བཏབ་པ་སྔོན་དུ་འགྲོ་བས། དབུས་ནས་རང་བྱུང་གྲུབ་པའི་ལྷ། །ཞེས་པ་ལ་སོགས་པ་དང་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཏིཥྛ་ལྷན་ཅེས་པའི་སྔགས་དང་བཅས་པས་དབུས་ཕོ་བྲང་གྲུ་གསུམ་མཐིང་ནག་ལ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དགོད། གཞན་ཡང་སྟེང་གི་ཕྱོགས་ནས་ཞེས་པ་ལ་སོགས་པས་ཕྱོགས་མཚམས་བརྒྱད་ཀྱི་ཁྲོ་བོ་འཁོར་ལོ་རྩིབས་བརྒྱད་ལ་དགོད་ཅིང་། སྟེང་གི་ཁྲོ་བོ་ཡབ་ཡུམ་ཤར་གྱི་རྩིབས་ལ། འོག་གི་ཁྲོ་བོ་ཡབ་ཡུམ་ནུབ་ཀྱི་རྩིབས་ལ། སྒོ་མ་བཞི་སྒོ་བཞིར་རོ། །དེ་བཞིན་དུ། དུས་གསུམ་བདེ་གཤེགས་ཞེས་པ་ལ་སོགས་པས་བུམ་པ་ལྔ་ཕྱོགས་བཞི་དབུས་དང་ལྔར་དགོད་ཅིང་། གཅིག་ལས་མེད་ན་གཙོ་བོའི་མདུན་དུའོ། །འབྲུ་བཅུད་སྟོང་ལ་སྦྱར་བའི་ཞེས་པ་ལ་སོགས་པས་བདུད་རྩི་བྱང་ཤར་མཚམས་སུ། ཐབས་དང་ཤེས་རབ་ཞེས་པ་ལ་སོགས་པས་རྡོ་རྗེ་དྲིལ་བུ་མདུན་དུ། ཐུན་མོང་གི་མཆོད་པ་ལྔ་ཡང་། །མེ་ཏོག་ཤར། བདུག་སྤོས་ལྷོ། མར་མེ་ནུབ། དྲི་ཆབ་བྱང་། ཞལ་ཟས་མཚམས་སུ། ཕྱོགས་བཞིར་ཐུགས་ཀྱི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱི་རྟེན་དུ་གྲི་བཞི་དང་མེ་ལོང་བཞི། མཚམས་བཞིར་གསུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱི་རྟེན་དུ་མདའ་བཞི་དང་དར་བཞི། ཞིང་ཆེན་གྱི་བླ་བྲེ་དང་། བ་སུ་ཏའི་ཕྲེང་བ་ལ་སོགས་པས་མཐའ་མ་བསྐོར་ལ་བཞག་གོ། །བསྙེན་པ་རང་རྐྱང་བྱེད་ན། གཞན་མཐུན། བུམ་པ་མི་དགོས་ཤིང་། སྨད་ལས་དང་འབྲེལ་ནའང་བུམ་པ་མི་དགོས་ལ། ཕུར་བུ་ནི་གོང་གི་སེང་དུ། བྱང་ཤར་གྱི་གྲུར་རེ་མ་ཏིའི་ཕུར་བུ་བཞི། ཤར་ལྷོར་ཤྭ་ན་མའི་ཕུར་པ་བཞི། ལྷོ་ནུབ་ཏུ་བསེ་མོའི་ཕུར་པ་བཞི། ནུབ་བྱང་དུ་གིང་གི་ཕུར་པ་གསུམ་ཚུལ་བཞིན་དུ་བྱིན་གྱིས་བརླབས་ལ་དགོད། གཞན་ཡང་དཀྱིལ་འཁོར་གྱི་བྱང་ཤར་དུ་མགྱོགས་ཕུར་སུམ་ཅུ་ཡང་ཞིང་གི་རྒྱུ་མས་བཅིངས་ཏེ་ཇག་པ་བསྐུངས་སུ་བཅུག་པའི་ཚུལ་དུ་དགོད་དོ། །གཏོར་མ་ཡང་དབུས་སུ་འབྲུ་སྣ་ཚོགས་ལས་བྱས་པའི་གཏོར་མ་དཔལ་ཆེན་པོའི་རྫས་སུ་དགོད། ཤར་ལྷོ་ཤྭ་ན་མའི་དམ་རྫས་ཝ་ཤ་དང་ཁྱི་ཤ་ལ་སོགས་ཏེ་སྡེར་ཆགས་སྣ་ཚོགས་ཀྱི་ཤས་བརྒྱན་པའི་གཏོར་མ། ལྷོ་ནུབ་ཏུ་ཁྲག་ཞག་འོ་མ་མར་ཁུའི་དབུས་ཀྱུ་གུ་དང་བཅས་པའི་གཏོར་མ་བསེ་མོའི་རྫས་སུ་དགོད། ནུབ་བྱང་དུ་ཤ་དཔུང་ལག་མ་བྲལ་བ་དགུ། བཤོས་བུ་ཟུར་གསུམ་པ་དགུ། སྟག་རས་གཟིག་རས་ལ་སོགས་པ་སྤྱན་གཟིགས་སྣ་ཚོགས་གིང་གི། བྱང་ཤར་དུ་ཁྲག་སྣ་སྙིང་སྣ་ནལ་བུའི་ཤ་ཁྲག་གིས་བརྒྱན་པའི་གཏོར་མ། ཚིལ་ཆེན་གྱི་སྤྲིན་ཁེབས་ཅན་དང་། །རྨ་བྱའི་གདུགས་ཕུབ་པ་རེ་མ་ཏིའི་རྫས་སུ་དགོད། རྒྱུན་གཏོར་ཅི་འབྱོར་པ་བྱའོ། །ལྔ་པ་ཐུན་མོང་གི་ལས་བདུན་ཉམས་སུ་བླང་བ་ལ་བདུན་ཏེ། བར་ཆད་བསྲུང་བའི་ཕྱིར་མཚམས་བཅད་པ་དང་། ཉམས་གྲིབ་སྦྱང་བའི་ཕྱིར་བཤགས་པ་བྱ་བ་དང་། རང་བཞིན་གྱི་དཀྱིལ་འཁོར་ངོ་ཤེས་པར་བྱ་བའི་ཕྱིར་བརྡ་སྒོ་དབྱེ་བ་དང་། ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར་བརྡ་ཕྱག་འཚལ་བ་དང་། གཞན་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བྱ་བའི་ཕྱིར་དམ་བཅའ་བ་དང་། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་བྱ་བའི་ཕྱིར་བྱིན་དབབ་པ་དང་། མ་མོ་དང་མཁའ་འགྲོ་མས་ངོ་ཤེས་པར་བྱ་བའི་ཕྱིར་རྟགས་གདབ་པའོ། །དང་པོ་ལ་གསུམ་ལས། ཐོག་མར་བཀའ་བསྒོ་བ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་པས་བདག་ཉིད་སྐད་ཅིག་གིས་རྡོ་རྗེ་གཞོན་ནུ་སྟོད་ཞལ་གསུམ་ཕྱག་དྲུག་པ། སྨད་ཕུར་པ་མགར་གྱི་སོལ་མེ་ནས་བཏོན་པ་ལྟ་བུ་ཞིག་ཏུ་བསྐྱེད་ཏེ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཞེས་པ་ལ་སོགས་པ་བརྗོད་དོ། །གཉིས་པ་མཚམས་བཅད་པ་དངོས་ནི། །ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། ཅེས་པ་ལ་སོགས་པ་བརྗོད་པས། བདག་གི་ཐུགས་ཀ་ནས་ཁྲོ་བོ་ཧཱུྃ་ཀ་ར་ལ་སོགས་པ་ཕྱོགས་མཚམས་སྟེང་འོག་བཅུར་འཕྲོས་ཏེ་ཞལ་ཕྱིར་གཟིགས་པའི་ཚུལ་གྱིས་མཚམས་ཀྱི་ཕྲིན་ལས་དུས་ལས་མི་གཡོ་བར་མཛད་པ་དང་། དེ་དག་ལས་བྱུང་བའི་ཡང་སྤྲུལ་སུམ་སྤྲུལ་གྱི་ཁྲོ་ཆུང་བསྐལ་པའི་འཐོར་རླུང་ལྟར་སྤྲོས་ཏེ་གཡས་ཕྱོགས་སུ་བསྐོར་བས་བགེགས་རྣམས་གསང་སྔགས་ཀྱི་མིང་ཙམ་ཡང་མི་གྲགས་པའི་སར་བསྐྲད་ཅིང་། སླར་ལོག་སྟེ་གཡོན་ཕྱོགས་སུ་འཁྱིལ་བའི་ཚུལ་གྱིས་ཕྱོགས་མཚམས་སྟེང་འོག་ཀུན་རྡོ་རྗེའི་ར་གུར་དུ་གྱུར་ཏེ་བགེགས་ཀྱིས་གླགས་མི་རྙེད་པར་བསམ་ཞིང་། ཧཱུྃ། ཨེ་མ་ང་ནི་རང་བྱུང་བའི། །ཞེས་པ་ལ་སོགས་པས་གསལ་གདབ་པའི་ཚིག་བརྗོད་པས། ནང་མཚམས་ཀྱི་ཁྲོ་བོ་དེ་དག་ཀུན་ཀྱང་ཞལ་བགྲད་པ། མཆེ་བ་གཙིགས་པ། ལྗགས་འགྱུར་བ། སྤྱན་ཟུར་ལྡོག་པ། སྨིན་མ་བསྡུས་པ་སྟེ། འཇིགས་འཇིགས་རྔམས་རྔམས་ལྟ་བུར་གསལ་བར་བྱའོ། །ཐ་མ་བཀའ་ནན་བྱ་བ་ནི། །མཚམས་བཅད་ནང་འདི་ཚུན་ཆད་དུ། །ཞེས་པ་ལ་སོགས་པ་དང་། སུམྦྷ་ནིའི་སྔགས་བརྗོད་པས། སླར་ཡང་སྤྲུལ་པའི་ཁྲོ་ཆུང་རྣམས་ཀྱིས་བགེགས་རྣམས་རང་དབང་མེད་པར་བྱེད་པའོ། །གལ་ཏེ་ཆོས་འདི་སྲིད་པ་གསུམ་གྱི་སེམས་ཅན་རྡོ་རྗེ་ཕུར་བུའི་ལྷར་བྱེད་པ་མེད་པར་གདོད་མ་ནས་གནས་པར་འདོད་པ་ལྟར་ན། བར་དུ་གཅོད་པའི་བགེགས་ཀྱང་དེ་ལས་གཞན་དུ་མི་འཐད་པས། རང་གི་ལྷག་པའི་ལྷ་ལ་མཚམས་བཅད་པར་འགྱུར་རོ་ཞེ་ན། ལན་ལ། ཁ་ཅིག་ན་རེ། དེ་ལྟར་གནས་ཀྱང་གནས་པ་ལྟར་མ་རྟོགས་པའི་ཐབས་སུ་འོ་ཟེར་བ་ནི་མི་འཐད་དེ། དེ་ལྟར་གནས་ལུགས་རྟོགས་པར་བྱེད་པ་ལ་བློ་གནས་ལུགས་དང་མཐུན་པར་འཇུག་ཅིང་བསྒོམ་དགོས་སམ་མི་དགོས་གྲང་། དང་པོ་ལྟར་ན། བར་དུ་གཅོད་པའི་བགེགས་ཀྱང་ཤེས་བྱའི་གནས་ལུགས་ཉིད་ལས་མཚམས་ཀྱི་སྦྱོར་བས་བསྲུང་མི་དགོས་ཤིང་། བསྲུང་བར་མི་འགྱུར་ལ། བསྲུང་བ་སྐྱོན་དུ་འགྱུར་རོ། །གཉིས་པ་ལྟར་ན་འགྲོ་བ་རྣམས་འབད་མེད་དུ་གྲོལ་བ་ཡིན་ནོ། །རང་ལུགས་ནི་གནས་ལུགས་མ་རྟོགས་པའི་རིང་དུ་མི་འཐད་པའི་རྟགས་མ་གྲུབ་ཅིང་། རྟོགས་ན་རང་གི་ལྷ་ལ་མཚམས་བཅད་པའི་ཁྱབ་པ་མེད་དོ། །གཉིས་པ་བཤགས་པ་བྱ་བ་ལ་བཞི་ལས། དང་པོ་རྟེན་བསྒྱུར་བ་ནི། སྔགས་འཆང་མཁས་པས་གོས་བརྗེ་བའི་ཚུལ་དུ་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་པ་གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན་པ། གཡོན་པས་དངུལ་གྱི་དྲིལ་བུ་དཀུར་བརྟེན་པ། ཞི་བའི་ཆས་བཅུ་གསུམ་གྱིས་མཛེས་ཤིང་། པདྨ་དང་ཟླ་བའི་གདན་ལ་ཞབས་ཕྱེད་ཀྲུང་དུ་བཞུགས་པ་ཞིག་བསྐྱེད། གཉིས་པ་བཤགས་པའི་དཔང་པོ་སྤྱན་དྲངས་པ་ནི། བཛྲ་ས་མཱ་ཛཿཞེས་ལན་གསུམ་བརྗོད་ཅིང་། ག་གོ་ནའི་ཕྱག་རྒྱ་དཔུང་མགོ་གཉིས་སུ་ལན་གསུམ་བཀྲོལ་བ་ལས། དང་པོ་ཕྱོགས་བཅུའི་སངས་རྒྱས་དང་བླ་མ་རྡོ་རྗེ་འཛིན་པ་རྣམས། གཉིས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས། གསུམ་པ་རིག་འཛིན་དང་དམ་ཅན་རྣམས་སྤྱན་དྲངས་ལ། མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམ་མོ། །གསུམ་པ་བཤགས་པ་དངོས་ནི། སྔོན་ཆན་སྡིག་པ་བྱས་པ་ལ་འགྱོད་པས་ད་ལྟ་སྙིང་ཐག་པ་ནས་བཤགས་ཤིང་། ཕྱིས་མི་བྱེད་པར་དམ་བཅའ་བའི་དཔང་དང་རྟེན་དུ་སྔར་སྤྱན་དྲངས་པ་རྣམས་འཇོག་པ་སོགས་སྟོབས་བཞིའི་སྒོ་ནས་བརྗོད་མེད་ལ་སོགས་པ་གང་ཡང་རུང་བ་ཞིག་བརྗོད་དོ། །བཞི་པ་འབྲས་བུ་ནི། དེ་ལྟར་བཤགས་པ་བྱས་པས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་ནས་བདག་ལ་ཕོག་པས་བདག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པར་བསམ་མོ། །གལ་ཏེ་བཤགས་པར་བྱ་བའི་སྡིག་པ་ཡང་དག་པའི་དངོས་པོར་གྲུབ་བམ་མ་གྲུབ། དང་པོ་ལྟར་ན་དེ་ཉིད་བཤགས་བྱར་མི་རུང་བར་འགྱུར་ཏེ། ཟད་ཅིང་སྲབ་པར་མི་འགྱུར་བའི་ཕྱིར། ཆོས་ཉིད་དེ་བཞིན་ཉིད་བཞིན་ནོ། །གཉིས་པ་ལྟར་ན་བཤགས་མི་དགོས་པར་འགྱུར་ཏེ། སྡུག་བསྔལ་གྱི་འབྲས་བུ་སྐྱེད་པའི་དོན་བྱེད་མི་ནུས་པའི་ཕྱིར་ཞེ་ན། ལན། ཡང་དག་ཏུ་བདེན་པའི་དངོས་པོ་མ་གྲུབ་པས་བཤགས་བྱར་མི་འཐད་ཅིང་། རྫུན་པའི་དངོས་པོས་གནས་སྐབས་ཀྱི་འབྲས་བུ་བསྐྱེད་ནུས་པས་བཤགས་པའང་དགོས་པ་ཡིན་ནོ། །གསུམ་པ་བརྡ་སྒོ་དབྱེ་བ་ནི། །རྣལ་འབྱོར་བ་རྣམས་ཀྱིས་རྡོ་རྗེའི་ཐལ་མོ་ཐུགས་ཀར་སྦྱར་ཏེ། ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི། །ཞེས་པ་ལ་སོགས་པ་དང་། ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། ཅེས་བརྗོད་དེ་ཐལ་མོ་སོ་སོར་ཕྲལ་བས། རང་བཞིན་གྱི་དཀྱིལ་འཁོར་དོན་དམ་པར་ཆོས་ཀྱི་དབྱིངས་སྐྱེ་བ་མེད་ཅིང་ཀུན་རྫོབ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གནས་པའི་སྒོ་ཕྱེ་བར་བསམ་མོ། །བཞི་པ་བརྡ་ཕྱག་འཚལ་བ་ནི། །ཡེ་ནས་རྣམ་པ་ཀུན་ལྡན་པའི། །ཞེས་པ་ལ་སོགས་པ་བརྗོད་ཅིང་། རང་བཞིན་གྱི་དཀྱིལ་འཁོར་ལྷག་པའི་ལྷ་དང་། རྡོ་རྗེ་སློབ་དཔོན་མཆེད་ལྕམ་དྲལ་དང་བཅས་པ་རྣམས་ལ་གཉིས་སུ་མེད་པར་དགྱེས་པའི་གར་དང་བཅས་པས་ཕྱག་བཙལ་བར་བསམ་མོ། །ལྔ་པ་དམ་བཅའ་བ་ནི། ཧོ། དྲག་པོ་ལས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །ཞེས་པ་ལ་སོགས་པ་བརྗོད་ཅིང་། དེ་ནས་བཟུང་སྟེ་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་སྡིག་པ་སྤོང་ཞིང་། དགེ་བ་སྒྲུབ་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པར་དམ་བཅས་པའོ། །དྲུག་པ་བྱིན་དབབ་པ་ནི། རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས་རོལ་མོ་སྣ་ཚོགས་ཐོགས་ཏེ། དཀྱིལ་འཁོར་གྱི་མཐའ་བསྐོར་ཞིང་། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཞེས་པ་ལ་སོགས་པ་བརྗོད་ཅིང་། རང་བཞིན་གྱི་དཀྱིལ་འཁོར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་དང་། ལྷག་པའི་ལྷ་དམ་ཅན་རྒྱ་མཚོ་དང་བཅས་པ་རྣམས་སྨོན་ལམ་དང་ཐུགས་རྗེའི་དབང་གིས་འདི་ཉིད་ཀྱི་མདུན་གྱི་ནམ་མཁའ་ལ་སྤྲིན་གྱི་ཕུང་པོ་གཏིབས་པ་བཞིན་དུ་བྱོན་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བྱིན་གྱིས་བརླབ་པར་བསྒོམ་མོ། །བདུན་པ་རྟགས་གདབ་པ་ལ་བཞི་ལས། གང་གདབ་ན། རཀྟ། ཞག །ཐལ་ཆེན་གསུམ་གྱིས་གདབ། གང་ལ་གདབ་ན། རྡོ་རྗེ་སློབ་དཔོན་འཁོར་དང་བཅས་པ་ལ་གདབ། ཇི་ལྟར་གདབ་ན་ཞག་གི་ཟོ་རིས་ནི། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཞེས་པ་ལ་སོགས་པའི་ཚིག་བརྗོད་པས། རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་དྲལ་རྣམས་ཀྱི་བྲང་ལ་གདབ་སྟེ། འདི་ནི་སྔོན་དཔལ་ཆེན་པོས་དྲེགས་པ་ཅན་བཏུལ་བའི་ཚེ། དེའི་གཏི་མུག་ཟད་པར་བྱ་བའི་ཕྱིར་ཤ་རྣམས་ཞལ་དུ་གསོལ་བས་ཞག་རྣམས་འཛག་པའི་མཚན་མའོ། །དེ་བཞིན་དུ་རཀྟའི་ཐིག་ལེ་མཁུར་ཚོས་གཉིས་དང་སྣ་དང་གསུམ་ལ་གདབ་སྟེ། དྲེགས་པ་ཅན་གྱིི་འདོད་ཆགས་ཟད་པར་བྱ་བའི་ཕྱིར་ཁྲག་རྣམས་ཞལ་དུ་བཟེད་ཅིང་ཤིན་ཏུ་རྔམས་པའི་ཚུལ་གྱིས་རོལ་པས། མཁུར་ཚོས་གཉིས་ཤངས་དང་གསུམ་རཀྟར་ཚུད་པའི་མཚན་མའོ། །ཐལ་ཆེན་གྱི་ཚོམ་བུ་དཔྲལ་བར་གདབ་སྟེ། དྲེགས་པ་ཅན་གྱི་ཞེ་སྡང་ཟད་པར་བྱ་བའི་ཕྱིར་རུས་པ་ཀུན་ཡེ་ཤེས་ཀྱི་མེས་སྦྱངས་ཏེ། དཔའ་རྟགས་སུ་ཐལ་ཆེན་གྱི་ཚོམ་བུས་དཔྲལ་བར་མཚན་པའོ། །བཏབ་པའི་དགོས་པ་ནི། མ་མོ་དང་མཁའ་འགྲོ་རྣམས་ཀྱིས་བདག་ཉིད་ལ་དཔུང་གི་རུ་དར་མཐོང་བ་ལྟར་རང་གི་སྡེ་ཚན་དུ་ངོ་ཤེས་པར་འགྱུར་བ་དང་། དཔའ་བོ་ཆས་སུ་ཚུད་པ་བཞིན་དུ་འཇིགས་པའི་བར་ཆད་ཀྱིས་མི་ཚུགས་པ་དང་། བྲན་གྱིས་རྗེ་མཐོང་བ་ལྟར་བཀུར་འོས་ཀྱི་གཙོ་བོར་མཐོང་བར་འགྱུར་རོ། ༈ །དཀྱིལ་འཁོར་གསུམ་དངོས་བསྟན་པ་ལ་གསུམ་སྟེ། ཚོགས་གཉིས་ཟུང་འཇུག་ཏུ་བྱ་བའི་ཕྱིར་ཏིང་ངེ་འཛིན་གསུམ་བསྟན་པ། ཕྱི་སྣོད་འཇིག་རྟེན་སྦྱང་བའི་ཕྱིར་རྟེན་གཞལ་ཡས་ཁང་བསྒོམ་པ་དང་། ནང་བཅུད་ཀྱི་སེམས་ཅན་སྦྱང་བའི་ཕྱིར་བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །ངག་དོན་ལ་གསུམ་ལས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་བཅུ་སྟེ། ངོ་བོ་དང། ངེས་ཚིག་དང་། དབྱེ་བ་དང་། མིང་གི་རྣམ་གྲངས་དང་། ལས་དང་། བསྟན་པའི་ཡོན་ཏན་དང་། མ་བསྟན་པའི་སྐྱོན་དང་། གཞི་ལམ་འབྲས་བུ་གསུམ་ལས་གང་དུ་གཏོགས་པ་དང་། སྐུ་གསུམ་ལས་གང་ཡིིན་པ་དང་། ཇི་ལྟར་སྒོམ་པའི་ཐབས་སོ། །དང་པོ་ངོ་བོ་ནི། ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་ལ་དམིགས་པའི་བློ་རྩེ་གཅིག་པའོ། །ངེས་ཚིག་ནི། དེ་མ་ནོར་བཞིན་མ་བཅོས་བཞིན་ཆོས་ཉིད་ལས་མ་གཡོས་ཏེ། མ་ནོར་མ་བཅོས་མ་གཡོ་བ་ལ་མ་ཡེངས་པར་སེམས་འཛིན་པའོ། །དབྱེ་ན་བཞི་སྟེ། དེ་ནི་ཆོས་རྣམས་ཀྱི་ཡང་དག་པའི་གནས་ལུགས་ཉིད་ལས། མ་ནོར་བའི་དེ་བཞིན་ཉིད། དེ་ཡང་རྒྱུ་རྐྱེན་ལས་མ་བྱུང་བས་མ་བཅོས་པའི་དེ་བཞིན་ཉིད། སེམས་ཅན་མ་ལུས་པའི་རྒྱུད་ལ་རང་བཞིན་གྱིས་གནས་པས་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད། དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པས་མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་དོ། །མིང་གི་རྣམ་གྲངས་ནི། དེ་བཞིན་ཉིད། དོན་དམ་པའི་བདེན་པ། སྐྱེ་བ་མེད་པ། ཆོས་ཀྱི་སྐུ་ཞེས་བྱའོ། །ལས་ནི། མཚན་མའི་རྣམ་རྟོག་ཐམས་ཅད་འཇོམས་པར་བྱེད་དོ། །བསྟན་པའི་ཡོན་ཏན་ནི། ལྟ་བ་ཆོས་ཉིད་ཀྱི་རྩིས་ཐེབས་ནས་བྱེད་སྤྱོད་ཐམས་ཅད་ཡང་དག་པའི་ལམ་དུ་འགྱུར་བའོ། །མ་བསྟན་པའི་སྐྱོན་ནི། ལྟ་བ་ཆོས་ཉིད་ཀྱི་རྩིས་མ་ཐེབས་པས། །བསྐྱེད་རིམ་རང་རྒྱུད་པར་ལྷུང་ན་གོལ་སར་ལྷུང་སྟེ། དེ་ཡང་རྒྱུའི་ཡི་གེ་རང་རྒྱུད་པར་བསྒོམ་ན་འདུས་བྱས་ཀྱི་མཆོད་རྟེན་དུ་སྐྱེ། ཞི་བའི་ང་རྒྱལ་རང་རྒྱུད་པར་བསྒོམ་ན་ལྷ་ཚེ་རིང་པོར་སྐྱེ། ཁྲོ་བོའི་རྣམ་པ་རང་རྒྱུད་པར་བསྒོམ་ན་ལས་ཀྱི་སྲིན་པོར་སྐྱེ། མགོ་བརྙན་རང་རྒྱུད་པར་བསྒོམ་ན་དུར་ཁྲོད་ཀྱི་ཝ་སྤྱང་དུ་སྐྱེ། ཞེ་སྡང་རང་རྒྱུད་པར་བསྒོམ་ན་དམྱལ་བར་སྐྱེའོ། །ཤེས་བྱའི་ཆོས་ཀུན་གཞི་ལམ་འབྲས་བུ་གསུམ་དུ་ངེས་པ་ལས་གནས་ལུགས་དང་མཐུན་པར་འཇུག་པས་ན་གཞིར་གཏོགས། སྐུ་གསུམ་ལས་ཆོས་སྐུ་སྟེ་སྤྲོས་བྲལ་ཙམ་དུ་ཆོས་མཐུན་པས་ཆོས་སྐུ་མངོན་དུ་བྱེད་པའི་རྒྱུ་ཡིན་པས་ན་འབྲས་བུའི་མིང་གི་རྒྱུ་ལ་བཏགས་པའོ། །གལ་ཏེ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ཆོས་སྐུ་མངོན་དུ་བྱེད་ན། དེ་ཀུན་ཏུ་སྣང་བ་ལ་སོགས་པའི་ཏིང་ངེ་འཛིན་གཞན་མི་དགོས་པར་འགྱུར་རོ་ཞེ་ན། ལན་དུ་ཁ་ཅིག་ན་རེ། འདིས་ཆོས་སྐུ་ཐོབ་ཀྱང་ད་རུང་གཟུགས་སྐུ་ཐོབ་པར་བྱེད་པ་ལ་ཏིང་ངེ་འཛིན་གཞན་བསྒོམ་དགོས་སོ། །ཞེས་ཟེར་བ་ནི་མི་རིགས་ཏེ། སྐུ་གཉིས་ངོ་བོ་གཅིག་པ་ཉིད་ཀྱིས་གཅིག་ཐོབ་ལ་གཅིག་མ་ཐོབ་པ་ནི་མི་སྲིད་པའི་ཕྱིར་རོ། །དེ་ཡང་རྒྱུ་མཚན་གཟུགས་སྐུ་ནི་ཆོས་སྐུའི་ཕྲིན་ལས་ཡིན་པས་སོ། །རང་ལུགས་ཀྱི་ལས་དང་པོ་པའི་ཏིང་ངེ་འཛིན་མོས་པ་ལས་བྱུང་བའི་དེ་བཞིན་ཉིད་ཀྱིས་ཆོས་སྐུ་ཐོབ་པའི་ཕྱིར་གཞན་མི་དགོས་པའི་རྟགས་མ་གྲུབ་ཅིང་། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཇི་ལྟ་བ་བསྐྱེད་དུ་བྱར་མེད་པ་མངོན་དུ་གྱུར་པ་ཉིད་ཀྱིས་ཆོས་སྐུ་ཐོབ་པའི་ཕྱིར་ན་ལས་དང་པོ་པས་ཏིང་ངེ་འཛིན་གཞན་མི་དགོས་པའི་ཁྱབ་པ་མ་གྲུབ་ལ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གསུམ་བསྐྱེད་དུ་བྱར་མེད་པས། ཇི་ལྟར་གསལ་བ་དེས་ཆོས་སྐུ་ཐོབ་པས་ན། ཏིང་ངེ་འཛིན་གཞན་བསྒོམ་མི་དགོས་པ་ནི་འདོད་རྟོག་ཡིན་ནོ། །ཇི་ལྟར་སྒོམ་པའི་ཐབས་ནི། ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངང་ལ་བློ་གནས་པར་བྱའོ། །ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ལ་བཅུ་ལས། ངོ་བོ་ནི་སྙིང་རྗེ་སྒྱུ་མའི་བདག་ཉི་ཅན་ནོ། །ངེས་ཚིག་ནི། སྣང་ཡང་བདེན་པས་སྟོང་ཞིང་སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཁྱབ་པས་ན། སྙིང་རྗེ་སྒྱུ་མའམ་ཀུན་ཏུ་སྣང་ཞེས་བྱའོ། །དབྱེ་ན་སྒྱུ་མའི་ཆོས་དྲུག་སྟེ། དེ་མ་ཡིན་པ་ལ་དེར་ཞེན་པས་ལོག་རྟོག་སྒྱུ་མ། གནས་སྐབས་ཀྱི་དོན་བྱེད་ནུས་པས་དངོས་པོ་སྒྱུ་མ། དེ་ཡང་རེ་ཞིག་པའི་རྒྱུ་རྐྱེན་ལ་རག་ལས་པས་རྟེན་འབྲེལ་སྒྱུ་མ། ལྷའི་སྐུར་གསལ་བ་ཐ་མལ་གྱི་ལུས་ལ་རྒྱས་འདེབས་པ་ཕྱག་རྒྱ་སྒྱུ་མ། དེ་ཐ་མལ་གྱི་རྣམ་རྟོག་སྤོང་བར་བྱེད་པས་ཐབས་སྒྱུ་མ། དེ་ཡང་ཡང་དག་པར་སྣང་ལ་རང་བཞིན་མེད་པས་ཡེ་ཤེས་སྒྱུ་མའོ། །མིང་གི་རྣམ་གྲངས་ནི། ཀུན་ཏུ་སྣང་ངམ། སྙིང་རྗེ་ཆེན་པོའམ། སྒྱུ་མ་ལྟ་བུའི་རྒྱུ་འབྲས་མཚམས་སྦྱོར་གྱི་ཏིང་ངེ་འཛིན་ཞེས་ཀྱང་བྱའོ། །ལས་ནི་དེ་བཞིན་ཉིད་དང་འབྲས་བུ་ལྷའི་སྐུ་བསྒོམ་པའི་མཚམས་སྦྱོར་བར་བྱེད་དོ། །བསྟན་པའི་ཡོན་ཏན་ནི། སྟོང་པ་ཕྱོགས་གཅིག་པར་མི་འགྲོ་སྟེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་འགྱུར་རོ། །མ་བསྟན་པའི་སྐྱོན་ནི། སྟོང་པ་ཕྱོགས་གཅིག་པར་འགྲོ་བའོ། །གཞི་ལམ་འབྲས་བུ་གསུམ་ལས་གཞན་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་རྣམས་ཀྱི་འཇུག་ཡུལ་དུ་གྱུར་པས་ལམ་མོ། །སྐུ་གསུམ་ལས་ལོངས་སྐུ་སྟེ། སྣང་ལ་རང་བཞིན་མེད་པ་ཙམ་དུ་ཆོས་མཐུན་པའོ། །ལོངས་སྐུ་མངོན་དུ་བྱེད་པའི་རྒྱུ་ཡིན་ནོ། །སྒོམ་པའི་ཐབས་ནི། དེ་ལྟར་མ་རྟོགས་པ་རྣམས་ལ་སྙིང་རྗེ་སྙམ་དུ་ཀུན་ཏུ་ཁྱབ་པའི་སྙིང་རྗེ་བསྒོམ་པའོ། །རྒྱུའི་ཏིང་ངེ་འཛིན་ལ་བཅུ་ལས། ངོ་བོ་ནི་རྒྱུའི་ཡི་གེ་ཧཱུྃ་མཐིང་ནག་གོ། །ངེས་ཚིག་ནི། ལྷ་དང་གཞལ་ཡས་ཁང་བསྐྱེད་པའི་རྒྱུ་ཡིན་པས་སོ། །དབྱེ་བ་ནི་ཧཱུྃ་ལ་ཡི་གེ་ཆ་ལྔ་དང་བཅས་པས་ཡེ་ཤེས་ལྔའི་ངོ་བོ་ཉིད་དེ། ཧ་ཆོས་ཀྱི་དབྱིངས། འ་བྱ་བ་གྲུབ་པ། ཞབས་ཀྱུ་སོ་སོར་རྟོག་པ། ཟླ་ཚེས་མཉམ་པ་ཉིད། ཐིག་ལེ་མེ་ལོང་ལྟ་བུའོ། །མིང་གི་རྣམ་གྲངས་ནི། བསྐྱེད་པའི་རིིམ་པ། ལྷའི་རྣལ་འབྱོར། རྒྱུའི་ཏིང་ངེ་འཛིན་ཞེས་ཀྱང་བྱའོ། །ལས་ནི། ལྷ་དང་གཞལ་ཡས་ཁང་བསྐྱེད་པར་བྱེད་དོ། །བསྟན་པའི་ཡོན་ཏན་ནི། ཏིང་ངེ་འཛིན་ཁ་ཚང་བའོ། །མ་བསྟན་པའི་སྐྱོན་ནི། ལྷ་དང་གཞལ་ཡས་ཁང་བསྐྱེད་པའི་ས་བོན་མེད་པར་འགྱུར་རོ། །གཞི་ལམ་འབྲས་བུ་གསུམ་ལས་སྔར་གྱི་སྙིང་རྗེ་སྒྱུ་མ་ཙམ་ལས་བྱུང་བ་ཉིད་པས་འབྲས་བུར་གཏོགས་སོ། །གལ་ཏེ་འབྲས་བུའི་ཁོངས་སུ་གཏོགས་ན། རྒྱུའི་ཏིང་ངེ་འཛིན་དུ་འགལ་ལོ་ཞེ་ན། སྙིང་རྗེ་སྒྱུ་མ་ལ་ལྟོས་ནས་འབྲས་བུ་ཡིན་པས་། ལྷ་དང་གཞལ་ཡས་ཁང་བསྒོམ་པ་ལ་ལྟོས་ནས་རྒྱུར་འགྲོ་སྟེ། ལྟོས་ས་ཐ་དད་པའི་ཕྱིར་རོ། །སྐུ་གསུམ་ལས་སྤྲུལ་སྐུ་སྟེ་གསུང་ཡིག་འབྲུའི་རྣམ་པར་སྣང་ཞིང་། སྤྲུལ་སྐུ་མངོན་དུ་བྱེད་པའི་རྒྱུ་ཡིན་པས་སོ། །སྒོམ་པའི་ཐབས་ནི། སེམས་ཅན་རྣམས་སྙིང་རྗེ་བ་ལ་ཁ་འཁུན་ཅིང་བསྡད་པས་མི་ཕན་ཏེ། དེ་རྣམས་ཀྱི་དོན་བྱ་བའི་ཕྱིར་ནམ་མཁའ་སྟོང་པའི་གོ་སྐབས་སུ་རང་གི་སེམས་ཀྱི་སྣང་བ་ཡི་གེ་ཧཱུྃ་མཐིང་སྔོན་རྨ་བྱའི་སྒྲོ་ལྟ་བུ་ཞིག་ལྷང་ངེ་གསལ་བར་བསྒོམས་ཏེ། དགོངས་རྒྱུད་ལེའུ་ལྔ་པ་ལས། དང་པོ་ཀུན་གཞི་སྟོང་པ་ཉིད་ཀྱི་ལུང་། །གཉིས་པ་འགྲོ་དོན་རྒྱུ་འབྲས་མཚམས་སྦྱོར་ལུང་། །གསུམ་པ་ཡེ་ཤེས་སེམས་དཔའ་སྒྱུ་མའི་ལུང་། །ཞེས་སོ། །དེ་ནས་རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །ཅེས་པ་ལ་སོགས་པས་གསལ་གདབ་བོ། །བསྡུས་དོན་ལ་གསུམ་སྟེ། དང་པོ་དེ་བཞིན་ཉིད་ཀྱི་ངོ་བོ་ནི་རྡོ་རྗེ་ཞེས་པ་དང་། ཁྱད་པར་གྱི་ལས་ནི་ཁྲོས་པས་ཞེས་པས་བསྟན་ཅིང་། གཉིས་པ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ནི་ཞེ་སྡང་གཅོད་ཅེས་པས་བསྟན་ལ། གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི་མཚོན་ཆེན་ཞེས་པ་ལ་སོགས་པས་སོ། །ཚིག་དོན་རྡོ་རྗེ་ཞེས་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་དམིགས་ཡུལ་ཆོས་ཉིད་དུ་སྟོང་པ་ཉིད་དེ། ཁྲོས་པས་ནི་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་མཚན་མའི་རྣམ་རྟོག་འཇོམས་པ་ལ་བྱ་ཞིང་། ཞེ་སྡང་གཅོད་ནི་གོང་གི་སྟོང་པ་ཉིད་མ་རྟོགས་པར་རྣམ་རྟོག་རང་རྒྱུད་དུ་ཞེན་པ་རྣམས་ལ་སྙིང་རྗེ་སྐྱེས་ནས་འདུལ་བས་ཏེ། དེ་གཅིག་པུར་མ་ཟད་ཀྱི་ཉོན་མོངས་པ་ལྔ་ཀར་གཅོད་པའོ། །གལ་ཏེ་དེ་ལྟར་ན་གསང་སྔགས་ཐབས་ལ་མཁས་པའི་ལམ་མ་ཡིན་པར་འགྱུར་རོ་ཞེ་ན། མཚོན་ཆ་ངོ་བོ་མ་སྤངས་པས་ཐབས་མཁས་སུ་འགྱུར་པས་སོ། །གང་གིས་ན་ལྷ་དང་གཞལ་ཡས་ཁང་བསྐྱེད་ཅིང་མཚོན་པ་ནི་ཐ་མལ་པའི་མཚོན་བྱེད་ལས་ཁྱད་པར་དུ་གྱུར་པས་ན་མཚོན་ཆེན་ཏེ་ཆོས་ཉིད་མི་འགྱུར་བའི་བརྡར། རང་གི་རིག་པའི་ཡི་གེ་ཧཱུྃ་ཁ་དོག་སྔོན་པོ་འབར་བ་དང་བཅས་པར་གསལ་བ་ཡིས་ཅི་བྱེད་ན། ལྷ་དང་གཞལ་ཡས་ཁང་བསྐྱེད་པའི་ལས་བྱེད་དོ། །རྟེན་གཞལ་ཡས་ཁང་བསྐྱེད་པ་ལ་གསུམ་སྟེ། །ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་གསུམ་སྟེ། གཞི་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། རྟེན་གཞལ་ཡས་ཁང་བསྐྱེད་པ་དང་། ཞར་ལ་གདན་བསྐྱེད་པའོ། །དང་པོ་གཞི་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། རྒྱུའི་ཡི་གེ་ཧཱུྃ་དེ་ལས་ཨེ་སྥ་ར་ཎ་ཕཊ། ཅེས་པས་ཨེ་གཅིག་འོག་གི་ཕྱོགས་སུ་ཆ ད། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་ཨེ་འོད་དུ་ཞུ་བ་ལས། ཨེ་དྷརྨ་དྷཱ་ཏུ་ཆོས་ཀྱི་འབྱུང་གནས་ཞེས་བྱ་སྟེ། ནམ་མཁའི་དབྱིབས་གྲུ་གསུམ་པ་ལ་ཁ་དོག་མཐིང་ག་རྒྱ་ཁྱོན་དཔག་ཏུ་མེད་པ། ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པའི་རང་བཞིན་དུ་བསྒོམ་མོ། །གལ་ཏེ་ནམ་མཁའ་དངོས་མེད་ལ་དབྱིབས་དང་ཁ་དོག་མི་འཐད་དོ་ཞེ་ན། བདེན་ཏེ་དབྱིབས་སུ་སྣང་བ་ནི་ལུང་པའི་དབང་གིས་ཏེ། འཛམ་བུ་གླིང་གྲུ་གསུམ་དུ་ཡོད་པ་དང་། ཁ་དོག་ཏུ་སྣང་བ་ནི་བར་སྣང་གི་རྡུལ་གྱིས་ཏེ། རི་རབ་ལྷོ་ངོས་བཻཌཱུརྱ་སྔོན་པོའི་ཁ་དོག་བར་སྣང་གི་རྡུལ་ལ་ཕོག་པས། འཛམ་བུ་གླིང་གི་ནམ་མཁའ་སྔོན་པོར་སྣང་བ་ཉིད་ལ་བྱིས་པ་ལས་དང་པོ་པ་དེ་ལྟར་ཞེན་པ་དང་། རེ་ཞིག་སྒོ་བསྟུན་པའོ། དེ་ལས་ཡྂ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས། ཧཱུྃ་དེ་ལས་ཡྂ་གཅིག་འོག་གི་ཕྱོགས་སུ་ནམ་མཁའི་སྟེང་དུ་ཆད། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་ཡྂ་འོད་དུ་ཞུ་བ་ལས་རླུང་གི་དཀྱིལ་འཁོར་དབྱིབས་ཟླ་གམ་ཁ་དོག་དུད་ཁ་རྔམས་སུ་དཔག་ཚད་དྲུག་འབུམ་ལ། རྒྱར་གྲངས་མེད་པ་ཡུམ་དམ་ཚིག་སྒྲོལ་མའི་མཁའ་ཀློང་དུ་བསྒོམ་མོ། །ར་སྥ་ར་ཎ་ཕཊ྄་ཅེས་པས་ཧཱུྃ་ལས་ར་གཅིག་རླུང་གི་སྟེང་དུ་ཆད། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་ར་འོད་དུ་ཞུ་བ་ལས། རཀྟའི་རྒྱ་མཚོ་དབྱིབས་ཟླུམ་པོ། ཁ་དོག་དམར་པོ་རྔམས་སུ་འབུམ་ཕྲག་བརྒྱད་པ། རྒྱ་ཁྱོན་རླུང་གིས་གར་ཁྱབ་ཏུ་ཁྱབ་པ་ཡུམ་མཱ་མ་ཀཱིའི་མཁའ་ཀློང་དུ་བསྒོམ། སུཾ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས་ཧཱུྃ་ལས་སུཾ་གཅིག་ཆད་པས་རཀྟའི་རྒྱ་མཚོའི་སྟེང་དུ་བབས། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་སུཾ་འོད་དུ་ཞུ་བ་ལས། མཆོག་ཕྲན་གྱི་ས་གཞི་ཁ་དོག་སྨུག་པོ་དབྱིབས་གྲུ་བཞི། རྔམས་སུ་སུམ་འབུམ་ཉི་ཁྲི་དང་ལྡན་པ། ཡུམ་སངས་རྒྱས་སྤྱན་མའི་མཁའ་ཀློང་དུ་བསྒོམ། ཀེཾ་སྥ་ར་ཎ་ཕཊ྄། ཅེས་བརྗོད་པས་ཧཱུྃ་ལས་ཀེཾ་གཅིག་ཆད་པ་དེ་མཆོག་ཕྲན་གྱི་ས་གཞིའི་སྟེང་དུ་བབས། སཾ་ཧ་ར་ཎ ཧཱུྃ་ཞེས་པས་ཀེཾ་འོད་དུ་ཞུ་བ་ལས། ཀེང་རུས་ཀྱི་རི་རབ་ཁ་དོག་སྔོ་སྐྱ། །དབྱིབས་སོག་པུ་རྟིང་པ་སྤྲད་པ་ལྟ་བུ། །དཔག་ཚད་བརྒྱད་ཁྲི་རཀྟའི་རྒྱ་མཚོར་ནུབ་ཅིང་བརྒྱད་ཁྲི་གྱེན་དུ་འཕགས་པ་ཞིག་ཏུ་བསྒོམ། །རཾ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས་ཧཱུྃ་ལས་རཾ་གཅིག་ཆད། རི་རབ་ཀྱི་སྟེང་དུ་བབས། སཾ་ཧ་ར་ཎ་ཧཱུྃ་ཞེས་བརྗོད་པས་རཾ་འོད་དུ་ཞུ་བ་ལས་མེའི་དཀྱིལ་འཁོར་དབྱིབས་གྲུ་གསུམ་ཁ་དོག་དམར་པོ་རྒྱ་ཁྱོན་དཔག་ཏུ་མེད་པ་ཡུམ་ན་བཟའ་དཀར་མོའི་མཁའ་ཀློང་དུ་བསྒོམ་མོ། །གཉིས་པ་གཞལ་ཡས་ཁང་བསྐྱེད་པ་ནི། བྷྲཱུྂ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས། ཧཱུྃ་དེ་ལས་བྷྲཱུྂ་གཅིག་ཆད་དེ་མེའི་གསེབ་ཏུ་བབས། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་བྷྲཱུྂ་འོད་དུ་ཞུ་བ་ལས་བྷྲཱུྂ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཙཀྲ་མཎྜ་ལ་ཨེ་བྷྲཱུྂ། ཞེས་བརྗོད་པས་བྷནྡྷ་འབར་བའི་གཞལ་ཡས་ཁང་གཉིས་སུ་མེད་པ་ཡེ་ཤེས་ཀྱི་སྣང་བ་ཉིད་ལས་ཕྱི་ཟག་པ་མེད་པའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་། དུས་གསུམ་གྱི་སངས་རྒྱས་མ་ལུས་པའི་བཞུགས་གནས་སུ་གྱུར་པ། ནང་དུར་ཁྲོད་ཀྱི་རྫས་ཐོད་པ་སྐམ་རློན་སྣ་ཚོགས་ལས་གྲུབ་པ། མངོན་སྤྱོད་ཀྱི་ལས་ཀྱིས་གདུག་པ་ཅན་ཚར་གཅོད་པའི་ཕྱིར། དབུས་གྲུ་གསུམ་མཐིང་ནག་རྡོ་རྗེའི་བྲག་ཆེན་པོ་འཇིགས་སུ་རུང་བ་ལ་ཁྲག་གི་མཚོ་རིས་ཀྱིས་མཚན་པ། རྗེས་སུ་འཛིན་པའི་ལས་ཀྱིས་གདུལ་བྱ་ལ་ཆགས་པས། ཕྱི་རོལ་ཟླ་གམ་ཁྲག་མཚོ་དམར་པོ་རྦ་རླབས་རབ་ཏུ་འཁྲུགས་པ་གསུམ་གྱིས་བསྐོར་བ། དེ་ཡང་གཉིས་མེད་ཀྱི་ཡེ་ཤེས་ཆེན་པོ་གཅིག་གིས་བསྡུས་པ་ཉིད་ལས་ཐོད་སྐམ་གྱི་རྩིག་པ་ཟླུམ་པོ་དང་བཅས་པ། གདུལ་བྱའི་ཉོན་མོངས་པ་གཅོད་པས་ཕོ་བྲང་མཚོན་ཆའི་འཁོར་ལོ་རྩིབས་བརྒྱད་པ། བདེན་པ་བཞི་རྣམ་པར་དག་པས་གྲུ་ཆད་བཞིས་བརྒྱན་པ། རྣམ་པར་ཐར་པའི་སྒོ་བཞི་ནས་འཇུག་པས་ཞིང་གི་སྒོ་གླེགས་དང་བཅས་པས་སྒོ་བཞི་དང་ལྡན་པ། སེར་སྣ་རྣམ་པར་དག་པས་འབྱུང་པོ་ཕོ་མོའི་རང་བཞིན་རུས་སྦལ་ཕོ་མོ་ཡ་ཐེམ་མ་ཐེམ་བྱས་པ། ཞེ་སྡང་རྣམ་པར་དག་པས་ཆུ་སྲིན་ཐོད་པས་རྟ་བབས་བྱས་པ། ང་རྒྱལ་རྣམ་པར་དག་པས་ལྷ་ཆེན་པོ་བརྒྱད་ཀྱི་རང་བཞིན་ཞིང་སྐེམ་པོ་བརྒྱད་ཀྱིས་ཀ་བ་བྱས་པ། གཏི་མུག་རྣམ་པར་དག་པས་ཀླུ་ཆེན་པོ་བརྒྱད་ཀྱི་རང་བཞིན་སྦྲུལ་ཆེན་པོ་བརྒྱད་ཀྱིས་གདུང་མ་བྱས་པ། ཕྲག་དོག་རྣམ་པར་དག་པས་གཟའ་ཆེན་པོ་བརྒྱད་ཀྱི་རང་བཞིན་སྣ་ཚོགས་པའི་སྦྲུལ་གྱིས་ཕྱམ་བྱས་པ། འདོད་ཆགས་རྣམ་པར་དག་པས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་རང་བཞིན་སྦྲུལ་ཕྲན་མང་པོས་དྲལ་མ་བྱས་པ། བདག་འཛིན་རྣམ་པར་དག་པས་རུ་དྲ་ཕོ་མོའི་ལྤགས་པས་ཐོག་ཕུབ་པ། ཐབས་ཤེས་རབ་ཀྱི་སྣང་བས་འགྲོ་བ་མང་པོའི་མ་རིག་པའི་མུན་པ་སེལ་བ་ཉིད་ཀྱིས་ཉི་མ་དང་ཟླ་བའི་མཐོངས་དཀར་ཡོད་པ། ཡེ་ཤེས་སྣང་བ་ཀུན་ཏུ་མཛེས་པས་ལྕང་ལོར་བཅས་པའི་ཐོད་པ་སྣ་ཚོགས་ཀྱིས་ཁ་བད་བྱས་པ། ཟག་པ་མེད་པའི་བདེ་བ་རྒྱུན་མི་ཆད་པའི་ཕྱིར་ཁ་བད་ཀྱི་འོག་ན་ཙིཏྟ་སྣ་ཚོགས་པའི་ཕྲེང་བའི་དྲྭ་བ་དང་དྲྭ་བ་ཕྱེད་པས་མཚན་པ། ཐ་མལ་གྱི་རྣམ་རྟོག་སྣ་ཚོགས་པ་ཡེ་ཤེས་ཀྱི་གཟི་བྱིན་གྱིས་རྣམ་པར་གནོན་པས་ཞིང་ཆེན་གྱི་འཕན་འཕྱར་ཞིང་ཀེང་རུས་ཀྱི་རྒྱལ་མཚན་བསྒྲེངས་པ། ལས་དང་སྡུག་བསྔལ་གྱིི་ཚང་ཚིང་མི་གནས་པར་སྡུད་པས་ཕྱོགས་བཞིར་ཁྲག་གི་ཞམ་ཆུ་ཆེན་པོ་འབབ་པ། ཐམས་ཅད་དུ་ཆོས་ཉིད་མི་འགྱུར་བས་ཐོད་པའི་རྩིག་པ་རྣམས་ལ་གནམ་ལྕགས་ཀྱི་གཟེར་ཐལ་ལེ་བ་བཏབ་པ། ཀུན་ཀྱང་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་ཏུ་ཡོངས་སུ་རྫོགས་པས་ཙིཏྟའི་ཏོག་ཆེན་པོ་གཅིག་ཏུ་གྱུར་པ། མངོན་སྤྱོད་ཀྱི་ལས་སྣ་ཚོགས་ཡོངས་སུ་འགྲུབ་པ་ཉིད་ཀྱིས་གྲུ་གསུམ་མཐིང་ནག་བཅོ་ལྔས་བརྒྱན་པ། ཡེ་ཤེས་ཀྱི་སྤྱོད་ཡུལ་ཉིད་ལས་གཞན་དུ་མ་ཡིན་པས་ཕྱི་ནས་བལྟས་ན་ནང་གསལ་ཞིང་། ནང་ནས་བལྟས་ན་ཕྱི་གསལ་བ་ཞིག་ཏུ་བསྒོམ་མོ། །གསུམ་པ་གདན་བསྐྱེད་པ་ནི། ངག་ཏུ་ཛཿཧཱུྃ་བྂ་ཧོཿ རུ་དྲ་ཏི་ར་བཾ་ཞེས་བརྗོད་པས། སྔར་གྱི་རྒྱུའི་ཡི་གེ་ཧཱུྃ་ལས་ལྷ་མོ་བཞི་འཕྲོས་ཏེ། ལྕགས་ཀྱུ་མས་རུ་དྲ་ཕོ་མོའི་སྙིང་ནས་བཟུང་། ཞགས་པ་མས་མགྲིན་པ་ཞགས་པས་བཅིངས། ལྕགས་སྒྲོག་མས་དཔུང་པ་ལྕགས་སྒྲོག་གིས་བསྡམས། དྲིལ་བུ་མས་རང་དབང་མེད་པར་བཀུག་སྟེ། དབུས་ཀྱི་གདན་ལ་བྱི་ཆིངས་སུ་བཅིངས་པར་བསམ་མོ། །ཝ་རུ་ན་ཏི་ར་བཾ་ཞེས་བརྗོད་པས། ཀླུ་ཕོ་མོའང་སྔ་མ་ལྟར་གདན་དུ་བྱ་ཞིང་། མ་སཱུརྻ་མཎྜ་ལ་ཞེས་པ་ཉི་མའི་གདན། ཨ་ཙནྡྲ་མཎྜ་ལ་ཞེས་པས་ཟླ་བའི་གདན། པཾ་པདྨ་མཎྜ་ལ་ཞེས་པས་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པས་ཏེ། རྒྱལ་བྱེད་དཔའ་རྟགས་ཀྱི་གདན། ཐབས་དང་ཤེས་རབ་ཀྱི་གདན། མ་ཆགས་པདྨའི་གདན་རྣམས་འོག་ནས་འོག་ཏུ་རིམ་པ་བཞིན་བསམ་མོ། །བསྡུས་དོན་ལ་དབྱེ་བ་མེད། ཚིག་གི་དོན་ནི། སྔར་གྱི་རྒྱུའི་ཡི་གེ་ཧཱུྃ་མཐིང་སྔོན་དེ་མདུན་གྱི་ནམ་མཁའི་དཀྱིལ་ན་གནས་པ་ལས་ཐིགས་པ་དང་འདྲ་བ་ཨེ་ཡྂ་ར་སུཾ་ཀེཾ་རྂ་བྷྲཱུྂ་ཞེས་པའི་ཡིག་འབྲུ་དྲུག་ཤར་ཞིང་བབ་པ་ལ་བརྟེན་ནས། འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའོ། །བརྟེན་པ་ལྷ་བསྐྱེད་པ་ལ་གསུམ་སྟེ། བདག་ཉིད་རྩ་བའི་དཀྱིལ་འཁོར་བསྐྱེད་པ་དང་། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་དང་། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ངག་དོན་ལ་བཞི་ལས། བདག་རྩ་བའི་དལ་གྱི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། བསྐྱེད་ཐབས་ཀྱི་ཏིང་ངེ་འཛིན་ནོ། །ངོ་བོ་ཆོ་ག་གསུམ་གྱིས་བསྐྱེད་པའི་དལ་གྱི་བདག་པོའོ། །ངེས་ཚིག་ནི། དལ་གཉིས་འབྱུང་བའི་རྒྱུར་འགྱུར་བས་བདག་ཉིད་རྩ་བའི་དལ་ཞེས་བྱའོ། །དབྱེ་ན་སེམས་དཔའ་གསུམ་ཡུམ་དང་བཅས་པའོ། །བསྐྱེད་ཐབས་ཀྱི་ཏིང་ངེ་འཛིན་ལ་ལྔ་སྟེ། །བདག་རྡོ་རྗེ་གཞོན་ནུར་བསྐྱེད་པ་དང་། ཐུགས་ཡེ་ཤེས་སེམས་དཔར་བསྐྱེད་པ་དང་། གཡོན་ཕྱོགས་སུ་ཡུམ་བསྐྱེད་པ་དང་། །ཚིག་གིས་གསལ་གདབ་པ་དང་། དལ་བརྒྱད་ལྡན་དུ་ཉམས་སུ་བླང་བའོ། །དང་པོ་ཆོ་ག་གསུམ་ནི། རྒྱུའི་མའི་མངལ་དུ་བར་དོའི་རྣམ་ཤེས་ཡི་གེ་ཧཱུྃ་གི་ཞུགས་པ་སྦྱང་བའི་ཕྱིར། ཡི་གེ་ཧཱུྃ་དེ་སྐར་ཆེན་ཐང་ལ་བབས་པ་བཞིན་གཞལ་ཡས་ཁང་གི་གནམ་སྐར་ནས་བབས་ཏེ། གདན་སྟེངས་སུ་བབས་པ་ནི་གསུང་ཡིག་འབྲུའི་ཆོ་གའོ། །དེ་ལས་དེ་ཉིད་ཁུ་ཁྲག་འདྲེས་པ་ལས་ཕོ་མོ་རྣམས་རྡོ་རྗེའི་དབྱིབས་སུ་ཆགས་པ་སྦྱང་བའི་ཕྱིར། ཧཱུྃ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས་ཧཱུྃ་ལས་ཧཱུྃ་གྲངས་མེད་པ་འཕྲོས་པས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་གཞིའི་ཧཱུྃ་ལ་འདུས་པས་འོད་དུ་ཞུ་སྟེ། ཏིཥྛ་བཛྲ་སཾ་ཧ་ར་ཎ་ཧཱུྃ་ཞེས་པས་མཐིང་ནག་ལྟེ་བ་ལ་ཧཱུྃ་གིས་མཚན་པ། རྡོ་རྗེ་རྩེ་དགུ་པ་གཅིག་ཏུ་གྱུར་པ་ནི། ཐུགས་ཕྱག་མཚན་གྱི་ཆོ་གའོ། །དེ་ལས་འོད་འཕྲོས་པ་ལས་དེ་ལས་ཡན་ལག་དང་སྐྱེ་མཆེད་དངོས་སྦྱང་བའི་ཕྱིར། རྡོ་རྗེ་གཞོན་ནུ་ཚོན་གང་བར་གྱུར་པ་ནི་སྐུ་ཕྲ་མོའི་ཆོ་གའོ། །དེ་ལ་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄། ཅེས་བརྗོད་པས་ལུས་ཡོངས་སུ་རྫོགས་པ་སྦྱང་བའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་སྐུ་ཆེ་ལ་ཡན་ལག་རགས་པར་གྱུར་ཏེ། དེ་ཡང་ཐམས་ཅད་དུ་དྲག་པོའི་ལས་མཛད་པས་སྐུ་མདོག་མཐིང་ནག །སྐུ་གསུམ་དབྱེར་མེད་དུ་རྣམ་པར་དག་པས་ཞལ་གསུམ། ཕྱིན་དྲུག་རྣམ་པར་དག་པས་ཕྱག་དྲུག །བསྡུ་དངོས་གཞི་རྣམ་པར་དག་པས་ཞབས་བཞི་པ། ཆོས་ཀྱི་སྐུ་ལ་ཉེས་པའི་སྐྱོན་དང་བྲལ་བ་ཉིད་ཀྱིས་དགྱེས་པའི་ཞལ་གཡས་དཀར་ལ་བཞད་པ། སྤྲུལ་པའི་སྐུས་གདུལ་བྱ་མ་ལུས་པ་ལ་ཆགས་པས་ཞལ་གཡོན་དམར་ལ་གདངས་པ། ལོངས་སྤྱོད་རྫོགས་པའི་སྐུ་ཆོས་ཉིད་འགྱུར་བ་མེད་པ་ཐུགས་སུ་ཆུད་ཅིང་ཟག་མེད་ཀྱི་བདེ་བས་ཚིམ་པས་ཞལ་དབུས་མཐིང་ལ་རྔམས་པ། ཐེག་པ་ས་དགུའི་དོན་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་ཏུ་རྟོགས་པས་ཕྱག་དྲུག་གི་གཡས་ཀྱི་དང་པོས་རྡོ་རྗེ་རྩེ་དགུ་པ་གསོར་བར་མཛད་པ། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་དུག་ལྔ་རྩ་བ་ནས་འཇོམས་པས་བར་པ་རྡོ་རྗེ་རྩེ་ལྔ་འཆང་བ། མ་རིག་པའི་བུད་ཤིང་བསྲེགས་པས་གཡོན་དང་པོ་སྡིགས་མཛུབ་ལ་ཡེ་ཤེས་ཀྱི་མེ་འབར་བ། དུག་གསུམ་རྩད་ནས་གཅོད་པས་བར་མས་ཁ་ཊྭཱྂ་རྩེ་གསུམ་བསྣུན་པ། གདུག་པ་ཅན་ཐལ་བར་རློག་པ་ཉིད་ཀྱིས་ཐ་མ་གཉིས་ཀྱིས་རི་རབ་ཀྱི་ཕུར་བུ་འདྲིལ་བ། སྲིད་པ་དང་ཞི་བའི་མཐའ་ལ་མི་གནས་པས་ཞབས་གཉིས་བརྐྱང་བསྐུམ་དུ་བཞུགས་པ། གདུག་པ་ཅན་ཚར་གཅོད་པས་ཞབས་གཉིས་གྱད་ཀྱི་དོར་སྟབས་འཕེན་སྡུད་མཛད་པ། ཐེག་པ་རིམ་པ་དགུའི་དོན་ཇི་ལྟ་བར་གཟིགས་པས་སྤྱན་དགུ་སྡང་མིག་དམར་པོ་བགྲད་པ། བྱང་སེམས་འཕོ་བ་སྤངས་པས་རལ་པ་ཁམ་ནག་གྱེན་དུ་འཁྱིལ་བ། ཤེས་རབ་ཀྱིས་ཆོས་དབྱིངས་ལ་ཆགས་པས་སྨ་ར་ཨག་ཚོམ་གཡས་ནས་གཡོན་དུ་འཁྱིལ་བ། རིགས་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པས་རིགས་ལྔའི་སངས་རྒྱས་ཀྱིས་དབུ་ལ་བརྒྱན་པ། བྱེ་བྲག་སྦྱི་བོར་བཛྲ་ཁྲག་འཐུང་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ་གཡས་ན་རྡོ་རྗེ་ཁ་ཊྭཱྂ་རྔེའུ་ཆུང་། གཡོན་དྲིལ་བུ་དུང་དམར་རྒྱུ་ཞགས་སོ། །དེ་བཞིན་དུ་མཚོག་མར་བུདྡྷ་ཁྲག་འཐུང་མཐིང་ནག་གཡས་དང་པོ་འཁོར་ལོ། རྣ་ལྟག་གཡས་པར་རནྟ་ཁྲག་འཐུང་སེར་ནག་གཡས་དང་པོ་རིན་པོ་ཆེ། ལྟག་པར་པདྨ་ཁྲག་འཐུང་དམར་ནག་གཡས་དང་པོ་པདྨ་བསྣམས་པའོ། །རྣ་ལྟག་གཡོན་པར་ཀརྨ་ཁྲག་འཐུང་ལྗང་ནག་གཡས་དང་པོ་རྒྱ་གྲམ་བསྣམས་པའོ། །ལྷག་མ་ཀུན་དང་པོ་དང་མཚུངས་སོ། །ཐེག་པ་དུར་ཁྲོད་ཀྱི་ཆས་བརྒྱད་ལ། མཆོག་གི་སྟོབས་མངའ་བས་གླང་ཆེན་གྱི་ཀོ་རློན་དང་། མ་ཉམས་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཞིང་གི་གཡང་གཞིའི་ན་བཟའ། དཔའ་གཏུམ་དྲག་པོའི་ཚུལ་གྱིས་ཤིན་ཏུ་མྱུར་བའི་ལས་མཛད་པས་སྟག་གི་ལྤགས་པའི་ཤམས་ཐབས་ཏེ་བགོ་བའི་གོས་གསུམ། བྱས་པ། དུས་གསུམ་སངས་རྒྱས་མ་ལུས་པའི་ངོ་བོ་ཉིད་པས་ཐོད་པ་ཚར་གསུམ་གྱི་ཕྲེང་བས་བརྒྱན་པ་སྟེ། བྱེ་བྲག་ཐོད་པ་སྐམ་པོ་ལྔས་དབུར་བརྒྱན་པ། ཐོད་པ་རློན་པ་ལྔ་བཅུས་དཔུང་པ་བརྒྱན་པ། ཤ་ར་རི་ཉི་ཤུ་རྩ་ལྔས་སེ་རལ་ཁ་འཕྱང་བ། མཉེན་ལྕུག་ཡུམ་གྱི་བདེ་བ་དང་མི་འབྲལ་བ་ཉིད་ཀྱིས་སྤྲུལ་རིགས་ལྔས་བརྒྱན་པ་སྟེ། བྱེ་བྲག་རྒྱལ་རིགས་དཀར་ཁྲས་དབུ་ཐོད་དང་སྙན་ཆ། བྲམ་ཟེའི་རིགས་དམར་ཁྲས་མགུལ་ཆུ་དང་དཔུང་རྒྱན། རྗེའུ་རིགས་སེར་ཁྲས་སེ་རལ་ཁ། དམངས་རིགས་ལྗང་གུས་སྐ་རགས། གདོལ་པ་ནག་པོས་ཕྱག་གདུབ་དང་ཞབས་གདུབ་སྟེ་གདགས་པའི་རྒྱན་གཉིས་སོ། བྱས་པ། ཐུགས་རྗེས་སེམས་ཅན་ལ་ཆགས་པས་རཀྟའི་ཐིག་ལེ་དང་། དོན་དམ་པའི་བཅུད་དང་ལྡན་པས་ཞག་གི་ཟོ་རིས་དང་། ཕྲིན་ལས་ཐོགས་པ་མེད་པས་ཐལ་ཆེན་གྱི་ཚོམ་བུས་མཚན་པ། སྟེ་བྱུག་པའི་རྫས་གསུམ་མོ། །གདུག་པ་ཅན་ཐམས་ཅད་སྡིགས་པའི་ཕྱིར་སྨིན་མཚམས་ཁྲོ་གཉེར་རབ་ཏུ་བསྡུས་ཤིང་ཞབས་བགྲད་པ། མཆེ་བ་གཙིགས་པ། ལྗགས་འགྱུར་བ། ཞལ་མེ་སྟག་གི་ཚྭ་ཚྭ་འཕྲོ་བ། ཧཱུྃ་དང་ཕཊ་ཀྱི་སྒྲ་བསྐལ་པའི་འབྲུག་ལྟར་སྒྲོག་པ། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ལུས་ཐམས་ཅད་ཁྲོ་ཆུང་གི་གྲོང་ཁྱེར་གྱིས་གཏམས་པ། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་མཚན་མའི་རྣམ་རྟོག་ཟིལ་གྱིས་གནོན་པས་རྡོ་རྗེའི་གཤོག་པ་ཕྱོགས་བཅུར་བརྒྱངས་པ། ལྟ་བས་མི་བཟོད་པའི་རྔམས་བརྗིད་མཚུངས་པ་མེད་པ་མངའ་བས་བསྐལ་པའི་མེ་རབ་ཏུ་འབར་བའི་ཀློང་ན་བཞུགས་པར་བསྒོམ་མོ། །གཉིས་པ་ཐུགས་ཡེ་ཤེས་སེམས་དཔའ་བསྐྱེད་པ་ནི། སྔར་སྒོ་ལྔའི་རྣམ་ཤེས་སྦྱོང་བྱེད། བསྐྱེད་པ་གཙོ་བོ་དམ་ཚིག་སེམས་དཔའི་ཐུགས་ཙིཏྟ་སྨུག་པོ་གུར་ཕུབ་པ་ལྟ་བུའི་གཞལ་ཡས་ཁང་གི་རྟ་མགྲིན་ཡབ་ཡུམ་གྱིས་བསྲུང་བའི་ནང་སྙིང་ཚིལ་དཀར་མོ་གདན་ཟླ་བའི་སྟེང་དུ་ཡེ་ཤེས་སེམས་དཔའ་ཡིད་ཀྱི་རྣམ་ཤེས་སྦྱོང་བྱེད། ཚོན་གང་བ། ཡེ་ཤེས་སེམས་དཔའ་ཕྱི་རོལ་ཅི་འདྲ་བ་ལ་རྒྱན་ཆས་སྤངས་པ་གཅིག་བསྒོམ་མོ། །དེའི་ཐུགས་ཉོན་མོངས་པ་ཅན་གྱི་ཡིད་སྦྱོང་བྱེད། ཀར་རྡོ་རྗེ་འགྲེང་བུའི་ལྟེ་བ་ལའང་ཟླ་བའི་དལ་གྱི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཀུན་གཞིའི་རྣམ་ཤེས་སྦྱོང་བྱེད། ཧཱུྃ་མཐིང་ནག་ལ་ཀཱི་ལ་ཡ་འབྲུ་དགུས་བསྐོར་བར་བསམ་སྟེ། དགོངས་རྒྱུད་ལས། ཙིཏྟ་རིན་ཆེན་གཞལ་ཡས་ཁང་། །ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ། །རྡོ་རྗེ་ལྟེ་བའི་ཆངས་བཟུང་ལ། །བཟླས་པའི་ཡིག་འབྲུས་བསྐོར་བའོ། །ཞེས་སོ། །གསུམ་པ་ཡུམ་བསྐྱེད་པ་ནི། གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གཅིག་གཡོན་ཕྱོགས་སུ་ཆད་དེ། འོད་དུ་ཞུ་བ་ལས་དཱི པྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཞེས་བརྗོད་པས། ལུས་དང་གྲིབ་མ་འདུ་འབྲལ་མེད་པའི་ཚུལ་དུ་ཡབ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཡུལ་ཅན་དུ་གྱུར་པའི་ཡུམ་འཁོར་ལོ་རྒྱས་འདེབས་མ། ཆོས་ཉིད་འགྱུར་བ་མེད་པ་གཅིག་ཏུ་རྟོགས་པར་བྱེད་པ་ཐབས་ཤེས་རབ་ཟུང་དུ་ཆུད་པས་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཆོས་ཀྱི་དབྱིངས་ཀྱིས་རིག་པའི་ཡེ་ཤེས་ཐམས་ཅད་དུ་མི་གཏོང་བ་ཉིད་ཀྱིས་གཡས་ཡབ་ལ་འཁྱུད་པ། ཤེས་རབ་ཀྱི་ཐབས་ལ་ཆགས་པས་གཡོན་དུང་དམར་གཙོ་ལ་སྟོབ་པ། རྒྱན་ཆ་རྣམས་ཕལ་ཆེར་ཡབ་དང་མཐུན་པ་ལས། ཁྱད་པར་དུ་དགའ་བ་བཅུ་དྲུག་གི་ཐིག་ལེ་རྣམས་མ་འདྲེས་པ་ཡོངས་སུ་རྫོགས་པ་ཉིད་ཀྱིས་ཡུམ་ལ་གཟིག་གི་ཤམ་ཐབས་བྱས་པ་དེ་ལྟ་བུར་བསྐྱེད་དོ། །གལ་ཏེ་ཡབ་ཡུམ་ཞལ་སྦྱོར་ནི། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྟགས་སུ་སྣང་བ་ཡིན་ན། ཡབ་ཡུམ་རིམ་པ་ཅན་དུ་བསྐྱེད་པས་ཡུལ་དང་ཡུལ་ཅན་དུས་མི་མཉམ་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། རང་བཞིན་གྱི་སྣང་བ་དང་། གདུལ་བྱ་ལམ་པ་གཅིག་ཆར་བ་གཉིས་ཀའི་དབང་དུ་སྔ་ཕྱི་མེད་ཀྱང་། འདིར་རིམ་གྱིས་པའི་དབང་དུ་དུས་གཅིག་ཏུ་སྣང་བ་རིམ་ཅན་དུ་བྱ་དགོས་པའི་ཕྱིར་རོ། །བཞི་པ་ཚིག་གིས་གསལ་གདབ་པ་ནི། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ཞེས་པ་ལ་སོགས་པས་གསལ་གདབ་བོ། །ལྔ་པ་དཀྱིལ་འཁོར་བརྒྱད་ལྡན་དུ་ཉམས་སུ་བླང་བ་ནི། གཙོ་བོ་དམ་ཚིག་གི་ཕྱག་རྒྱ། ཏིང་ངེ་འཛིན་སེམས་དཔའ་ཆོས་ཀྱི་ཕྱག་རྒྱ། གཟུངས་མ་ལས་ཀྱི་ཕྱག་རྒྱ། མཐར་ཐུག་ཕྱག་རྒྱ་ཆེན་པོ་སྟེ་སྐུ་ཕྱག་རྒྱའི་དཀྱིལ་འཁོར་དང་། དབུ་རིགས་ལྔའི་དལ་དང་། ལུས་ལ་ཁྲོ་ཚོགས་ཀྱི་དལ་དང་། ཐུགས་ཀ་ཡེ་ཤེས་སེམས་དཔའི་དལ་དང་། སྒོ་རྟ་མགྲིན་ཡབ་ཡུམ་གྱི་དལ་དང་། བཟླས་བརྗོད་བསྙེན་པའི་དལ་དང་། གཉིས་སུ་མེད་པ་ཡུམ་གྱི་དལ་དང་། ཞབས་འགྲོ་བ་འདུལ་བའི་དལ་ལོ། །བསྡུས་དོན་ལ་གསུམ་ལས། བསྐྱེད་བྱའི་གཙོ་བོ་ཡབ་ཡུམ་ནི། །ཞེས་པ་ལ་སོགས་པ་དང་། ཐུགས་ཡེ་ཤེས་སེམས་དཔའ་ནི། སྙིང་གི་སྒོ་རུ་ཞེས་པ་ལ་སོགས་པས་བསྟན་ཅིང་། བསྐྱེད་པའི་སྔགས་ཡབ་ཀྱི་ནི་ༀ་བཛྲ་ཞེས་པ་ལ་སོགས་དང་། ཡུམ་གྱི་ནི་ༀ་དཱིཔྟ་ཞེས་པ་ལ་སོགས་ཏེ། འདིར་སྔགས་ཀྱི་དོན་ངེས་པར་བྱ་བ་ལ། ངོ་བོ། ངེས་ཚིག །མཚན་ཉིད། དབྱེ་བ། སོ་སོའི་དོན་ནོ། །དང་པོ་སྔགས་ཀྱི་ངོ་བོ་ནི། མནྟྲའི་སྒྲ་ལས། མ་ན་ཡིད་ལ། ཏྲ་ཡ་ན་སྐྱོབ་པས་ཏེ། ཡིད་དམ་ཤེས་པ་ངན་འགྲོ་དང་སྲིད་པའི་མཚོ་ལས་སྐྱོབ་པས་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། མ་ན་ཡིད་ཅེས་བྱ་བ་སྟེ། ཏྲ་ནི་སྐྱོབ་པ་ཉིད་དུ་བཤད། །ཅེས་སོ། །གལ་ཏེ་དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པའང་སྔགས་སུ་འགྱུར་རོ་ཞེ་ན། དེ་ལྟར་མ་ཡིན་ཏེ། འདིར་ལམ་བདེ་བར་སྐྱོབ་པ་དང་འབྲས་བུ་མྱུར་བར་སྐྱོབ་པ་ཉིད་ཀྱི་ཁྱད་པར་དུ་བྱས་ཏེ། འདོད་ཡོན་སྤང་པའི་དཀའ་ཐུབ་དང་དཀའ་སྤྱད་ལ་མི་ལྟོས་ཤིང་། དུས་ཀྱང་སྐྱེས་བུ་བརྩོན་འགྲུས་དང་ལྡན་པས་ཚེ་འདི་ཉིད་ཀྱིས། འབྲིང་བར་མདོར། ཐ་མས་ཀྱང་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ཆད་ཀྱིས་ཏེ་རིམ་པ་བཞིན། དེའང་སྔར་གྱི་རྩ་བའི་རྒྱུད་འདི་ཉིད་ལས། དཀའ་ཐུབ་སྡོམ་པ་མི་བཟད་པས། །བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་ཏེ། །འདོད་པའི་ཡོན་ཏན་ལྔ་རྣམས་ལ། །ཅི་བདེ་བར་ནི་སྤྱད་པས་འགྲུབ། །ཅེས་པ་དང་། འདི་ཡིས་ཆོས་ཀྱི་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོ་རྣམ་པར་བརྒྱན། །ཚེ་འདི་ཉིད་ཀྱིས་ཐོབ་པར་འགྱུར། །ཞེས་གསུངས་ཤིང་། ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཡང་ན་ལུས་འདི་སྤངས་མ་ཐག །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །ཅེས་གསུངས་ལ། མཁའ་འགྲོ་མ་གསང་བའི་རྒྱུད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་པར་གྱིས། །མ་བསྒོམས་པར་ཡང་སངས་རྒྱས་འགྱུར། །ཞེས་པ་དང་། དམ་ཚིག་ཉི་ཤུ་རྩ་ལྔ་པ་ལས། དམ་ཚིག་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ནས་འགྲུབ། །ཅེས་སོ། །དེ་ལྟར་མིན་ཡང་། ངོ་བོ་ཁྱབ་ཆེས་ཁྱབ་ཆུང་སྐྱོན་དུ་མི་ཆེ་བ་ཡིན་ནོ། །ངེས་ཚིག་ནི། ཉོན་མོངས་པ་མ་སྤངས་བཞིན་རང་སར་དག་པར་བྱེད་པས་ན་སྔགས་ཏེ། རྒྱུད་ལས། དུག་གསུམ་གཏིང་འབྱིན་ཕྱིར་ན་སྔགས། །ཞེས་སོ། །མཚན་ཉིད་ནི། སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཏེ། རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །བདེ་བར་གཤེགས་པའི་ཐུགས་ཉིད་དོ། །ཞེས་སོ། །དབྱེ་ན་ཐུན་མོང་དང་ཁྱད་པར་གཉིས་ལས། དང་པོ་ལ་གསུམ་སྟེ། གསང་སྔགས་དང་། གཟུངས་སྔགས་དང་། རིག་སྔགས་སོ། །དེ་དག་གི་ཁྱད་པར་ཡང་། བསྐྱེད་རིམ་དུ་ལྷ་དང་ལྷ་མོ་ཟུང་མཉམ་དུ་སྟོན་པས་གསང་སྔགས། མོ་ཤས་ཆེ་བས་གཟུངས་སྔགས་སོ། །ཕོ་ཤས་ཆེ་བས་རིག་སྔགས་སོ། །བཟླས་པའི་རིམ་པར་ༀ་གྱིས་སྣ་དྲངས་པ་གསང་སྔགས། ན་མོ་རཏྣ་ཏྲ་ཡཱ་ཡས་སྣ་དྲངས་པ་རིག་སྔགས། ཏདྱ་ཐཱས་སྣ་དྲངས་པ་གཟུངས་སྔགས་སོ། །མཁའ་འགྲོ་མ་གསང་བའི་རྒྱུད་ལས། མ་རིག་རྣམས་ལ་གསང་བའི་ཕྱིར། །གསང་སྔགས་ཞེས་སུ་བསྟན་པ་ཡིན། །དེ་དོན་ཕྱིན་ཅི་མ་ལོག་པས། །རིག་སྔགས་ཞེས་ནི་བསྟན་པ་ཡིན། །སྟོང་པའི་ངང་ལས་མ་གཡོས་པས། །གཟུངས་སྔགས་ཞེས་ནི་བསྟན་པ་ཡིན། །ཅེས་ཀྱང་བསྟན་ཏོ། །ཁྱར་པར་གྱི་དབྱེ་བ་ལ་བདུན་ཏེ། རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི། བཟླས་པ་ལས་ཀྱི། བསྐུལ་བ་ཕྲིན་ལས་ཀྱི། ཕྲིན་ལས་སྒྲུབ་པའི། དྲག་པོ་ལས་སྦྱོར་གྱི། སྟོབ་བྱེད་མཆོད་པའི་སྔགས་སོ། །རྒྱུ་མ་ནོར་བ་རྩ་བའི་སྔགས་ནི། ལྷ་ཚོགས་བཞི་བཅུ་ཞེ་དྲུག་བསྐྱེད་པའི་ཧཱུྃ་ཞེ་དྲུག་གོ། །བསྐྱེད་པ་རྐྱེན་གྱི་སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ལ་སོགས་པ་ལྷ་སོ་སོའི་མཚན་སྔགས་སོ། །བཟླས་པ་ལས་ཀྱི་སྔགས་ནི། སརྦ་བིགྷྣཱན་ལ་སོགས་པ་ལས་ཀྱི་སྔགས་ཤམ་བུར་བཏགས་པའོ། །བསྐུལ་བ་ཕྲིན་ལས་ཀྱི་སྔགས་ནི། ཕཊ྄་སུམ་ཅུ་སོ་དྲུག་གོ། །ཕྲིན་ལས་སྒྲུབ་པའི་སྔགས་ནི། །ཧ་ས་ཡ་ར་ལ་སོགས་པའོ། །དྲག་པོ་ལས་སྦྱོར་གྱི་སྔགས་ནི། བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ལ་སོགས་པའོ། །གསལ་གདབ་པ་ནི། སྙིང་རྗེས་བསྒྲལ་བའི་ཞེས་པ་ལ་སོགས་པས་བསྟན་ཏོ། །ཚིག་དོན་ནི་སྲོག་གི་སེམས་ཀྱི་རྣམ་པ་ནམ་མཁའི་ཧཱུྃ་དེ་ཉིད་གཞལ་ཡས་ཁང་ཕོ་བྲང་གི་གདན་སྟེང་གཙོ་བོའི་གོ་ས་རུ་ཤར་ཞིང་བབས་པ་ལས། ཆོ་ག་གསུམ་གྱིས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་བསྐྱེད་ཅིང་རང་གི་དངོས་པོ་གཞན་ཡང་བསྡུས་ཏེ། ཡུམ་འཁོར་ལོ་རྒྱས་འདེབས་མ་ཡང་སྐད་ཅིག་དྲན་རྫོགས་ཀྱིས་སོ། །དེ་ལྟར་བསྐྱེད་པའི་ཡབ་རྡོ་རྗེ་གཞོན་ནུའི་ཙིཏྟ་སྨུག་པོ་གུར་ཕུབ་པ་འདྲ་བའི་སྲོག་རྩ་འོག །རྟ་མགྲིན་ཡབ་ཡུམ་གྱིས་བསྲུང་བའི་ནང་དུ་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ལ་སྔགས་ཀྱིས་བསྐོར་བ་ཞིག་བསྒོམ་པའོ། །ༀ་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་སྔགས་འོག་མ་བྱིན་གྱིས་རློབ་པར་བྱེད་པ། བཛྲ་ནི་རྡོ་རྗེ། ཀཱི་ལི་ཀཱི་ལ་ཡ་ནི་ཕུར་པ། ཧཱུྃ་སྡུས་ཤིག །ཕཊ་ནི་སྒྲོལ་གཅིག་པའོ། །དཱིཔྟ་ནི་རྒྱས་འདེབས། ཙཀྲ་ནི་འཁོར་ལོ། ཧ་ན་ཧ་ན་ནི་བརླག་པར་གྱིས་ཤིག་པའོ། །དེ་ལྟར་བདག་ཉིད་རྩ་བའི་དཀྱིལ་འཁོར་བསྒོམ་པ་ལ་དགོས་པ་ཅི་ཡོད་ན། གདུལ་བྱ་ལས་ངན་སྣ་ཚོགས་བྱེད་པ་ཐབས་གཞན་གྱིས་བཟློག་པར་མ་ནུས་པ་དག་གིས་མྱོང་འགྱུར་གྱི་སྡུག་བསྔལ་རྒྱུ་དང་བཅས་པ་ལ་ཤས་མི་བཟོད་པའི་སྙིང་རྗེས་མངོན་སྤྱོད་ཀྱིས་བསྒྲལ་བ་ནི་སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་བྱེད་པར་དམ་བཅས་པ་ལས་མི་འདའ་བའི་དམ་ཚིག་གོ། །གལ་ཏེ་དེ་ལ་སྲོག་བཅད་པའི་ཉེས་པ་མི་འོང་ངམ་ཞེ་ན། བདུད་དང་སྲིན་པོ་ལྟར་སྙིང་རྗེ་དང་ཐབས་མེད་པ་མ་ཡིན་པས་བསད་ཅིང་མནན་པ་རང་རྒྱུད་པ་ལྟ་བུ་མ་ཡིན་ཏེ། བསྒྲལ་བྱའི་ཕུང་པོ་ལ་རྡོ་རྗེའི་ཕུར་བུ་གཏབ་སྟེ་ལུས་ལ་ལྷ་ཚོགས་ཀྱིས་བར་མཚམས་མེད་པར་གཏམས་པར་བྱས་ནས། དེའི་སེམས་སམ་རྣམ་པར་ཤེས་པ་ནི་ཡི་གེ་ཧཱུྃ་ལས་ཡེ་ཤེས་སེམས་དཔར་བྱས་ཏེ། འོག་མིན་དུ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཀྱི་སྦྱོར་མཚམས་སུ་འཕངས་ཏེ་རྒྱལ་བའི་སྲས་ཉིད་དུ་གྱུར་པར་བསྒོམ་མོ། །གལ་ཏེ་འོག་ནས་སྲིད་པ་རྡོ་རྗེ་ཕུར་པའི་ལྷ་ཞེས་གསུངས་པ་ལྟར། སྲིད་པ་གསུམ་གྱི་སེམས་ཅན་རྣམས་རྡོ་རྗེ་ཕུར་པའི་ལྷ་ཚོགས་སུ་རང་བཞིན་གྱིས་སངས་རྒྱས་པར་ཤེས་ནས་སྒྲོལ་ལམ། འོན་ཏེ་མ་ཤེས་ཀྱང་སྒྲོལ་བ་ཡིན། དང་པོ་ལྟར་ན་དེས་མཚམས་མེད་པའི་ལས་སུ་འགྱུར་ཞིང་། གཉིས་པ་ལྟར་ན་བསྒྲལ་བྱའི་ཤེས་རྒྱུད་གནས་སྤོར་མི་ནུས་པར་འགྱུར་རོ་ཞེ་ན། ལན་ནི་རྟོགས་ནས་སྒྲོལ་ཡང་མཚམས་མེད་པའི་ལས་སུ་གྱུར་པའི་ཁྱབ་པ་མེད་དེ། བསྒྲལ་བྱ་དེ་ལྟར་མ་རྟོགས་པ་རྟོགས་པར་བྱེད་པའི་ཐབས་ཀྱི་མཛད་པ་དེ་ལ་སངས་རྒྱས་རྣམས་དགྱེས་ཤིང་། རང་ཉིད་ཀྱིའང་ཡང་དག་པའི་ལམ་གྱི་ཡན་ལག་གི་མཐུན་རྐྱེན་དུ་གྱུར་པའི་ཕྱིར་རོ། །དེའང་རྒྱུད་ལས། གང་ཞིག་གཅིག་པུ་བསད་པ་བས། །མང་པོ་མྱ་ངན་འདས་འགྱུར་བ། །བསོད་ནམས་ཕུང་པོ་ཆེར་འགྱུར་གྱི། །གཞན་དུ་སྡིག་པའི་ཕུལ་ཡིན་ནོ། །ཞེས་པ་བཞིན་ནོ། །ཕྱོགས་བཅུ་ཁྲོ་བོའི་དལ་བསྐྱེད་པ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་བཞི་སྟེ། ཕྱོགས་བཅུ་ཁྲོ་བོའི་དལ་གྱི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། བསྐྱེད་ཐབས་ཀྱི་ཏིང་ངེ་འཛིན་ནོ། །དང་པོ་ནི། བདག་ཉིད་རྩ་བའི་དཀྱིལ་འཁོར་དུ་གནས་པའི་འཁོར་གྱི་ལྷ་ཚོགས་སོ། །ངེས་ཚིག་ནི་གདུལ་བྱ་ཕྱོགས་སྐྱོང་བཅུ་འདུལ་བའི་གཉེན་པོར་ཁྲོ་བོའི་དཀྱིལ་འཁོར་གྱི་འཁོར་ལོར་སྣང་བས་ན་ཕྱོགས་བཅུ་ཁྲོ་བོའི་དལ་ཞེས་བྱའོ། །དབྱེ་ན་ལྔ་སྟེ། སྤྲུལ་ཧཱུྃ་ཀ་ར་ལ་སོགས་པའོ། པ་ཁྲོ་བོའི། གཉིས་སུ་མེད་པ་སྒྲ་འབྱིན་ལ་སོགས་པའོ། ཡུམ་གྱི། ཡང་སྤྲུལ་ཕག་མགོ་ཅན་ལ་སོགས་པ། ཕྱག་བརྙན་གྱི། ཕྲིན་ལས་ཤར་སྒོ་མ་ལ་སོགས་པ། སྒོ་མའི། བཀའ་ཤྭ་ན་མ་ལ་སོགས་པ། སྡོད་དམ་ཅན་གྱི་དཀྱིལ་འཁོར་རོ། །བསྐྱེད་ཐབས་ཀྱི་ཏིང་ངེ་འཛིན་ལ་དྲུག་སྟེ། ཆོས་ཉིད་ཀྱི་རང་སྒྲས་བསྟོད་ཅིང་གསལ་གདབ་པ་དང་། ཆོ་ག་གསུམ་གྱིས་བསྐྱེད་པ་དངོས་དང་། ངེས་པ་བཅུ་ལྡན་གྱིས་གཏན་ལ་དབབ་པ་དང་། དལ་ལྔ་ལྡན་གྱིས་ཉམས་སུ་བླང་བ་དང་། །ཞར་ལ་སྒོ་མ་བཞི་བསྐྱེད་པ་དང་། དམ་ཅན་དོན་ལ་འཁོར་བར་བསྒོམ་པའོ། །ཆོས་ཉིད་ཀྱི་རང་སྒྲས་བསྟོད་ཅིང་གསལ་གདབ་པ་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་པ་ལ་སོགས་པ་བརྗོད་པས། ཚིག་བདག་གིས་བརྗོད་ཀྱང་གཞལ་ཡས་ཁང་དང་། །ནམ་མཁའ་ལས་རང་སྒྲ་གྲགས་པར་བསམ་མོ། །ཆོ་ག་གསུམ་གྱི་བསྐྱེད་པ་དངོས་ནི། །ཛཿཧཱུྃ་བྂ་ཧོཿཞེས་བརྗོད་པས། བདག་རྡོ་རྗེ་གཞོན་ནུའི་ཐུགས་ཀ་ནས་ལྷ་མོ་བཞི་སྤྲོས་ལ་ཕྱོགས་སྐྱོང་བཅུ་བཀུག་ལ། གདན་སྟེང་བཅུར་ཕོ་མོ་བྱི་ཆིངས་སུ་བྱས་ནས། ལྷ་མོ་གཙོ་བོའི་ཐུགས་ཀར་ཐིམ། །དེ་ནས་པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཞེས་བརྗོད་པས་ཉི་ཟླ་པདྨའི་གདན་དུ་གྱུར་པར་བསམ་མོ། །དེ་ནས་ཧཱུྃ་ཧཱུྃ་ཞེས་པ་ལ་སོགས་པ་བརྗོད་པས། བདག་གཙོ་བོའི་ཐུགས་ཀ་ནས་ཧཱུྃ་ཟུང་བཅུ་འཕྲོས་ནས་གདན་སྟེང་བཅུར་བབས་པ་ལས་ཧཱུྃ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས་ཧཱུྃ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་སླར་གཞིའི་ཧཱུྃ་ལ་འདུས་པས་འོད་དུ་ཞུ་སྟེ་རྡོ་རྗེར་གྱུར། དེ་ལས་འོད་འཕྲོས་འདུས་པ་ལས་ཁྲོ་བོ་ཁྲོ་མོ་ཚོན་གང་བ་སྐུ་ཕྲ་མོའི་རྣམ་པ་ཅན་དུ་བསམ་མོ། །དེ་ལས་ༀ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ྄་ཅེས་པ་ལ་སོགས་པའི་སྔགས་རྣམས་བརྗོད་པས་སྐུ་ཆེ་ལ་ཡན་ལག་རགས་པར་བསྐྱེད་དེ། ཁྲོ་བོ་ཆེན་པོ་ཧཱུྃ་ཀ་ར་དང་ཞེས་པ་ལ་སོགས་པས་གསལ་གདབ་བོ། །ངེས་པ་བཅུ་ལྡན་གྱིས་གཏན་ལ་དབབ་པ་ནི། གྲངས་ངེས་པའི་རྒྱུ་མཚན། བཞུགས་རིམ། རྣམ་པ། སྐུ་མདོག །ཕྱག་མཚན། རྒྱན་ཆས། བཞུགས་ཚུལ། སྤྲུལ་པ། ཕྲིན་ལས། རང་བཞིན་ངེས་པའི་རྒྱུ་མཚན་ནོ། །དང་པོ་གྲངས་ངེས་པ་ནི། མི་དགེ་བཅུ་སྤོང་ཞིང་། ཞིང་བཅུ་སྒྲོལ་བའི་ཕྱིར་བཅུར་ངེས། བཞུགས་རིམ་ནི། ཕྱོགས་སྐྱོང་བཅུ་འདུལ་བའི་ཕྱིར་ཕྱོགས་བཅུར་བཞུགས་པར་ངེས། རྣམ་པ་ནི་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་ལས་ཐབས་ཤེས་རབ་ཀྱིས་དོན་མཛད་པའི་ཕྱིར་ཞལ་གཅིག་ཕྱག་གཉིས་པར་ངེས། སྐུ་མདོག་ནི་ཆོས་ཀྱི་སྐུ་ལ་འགྱུར་བ་མེད་པའི་རྟགས་སུ་མཐིང་ནག་ཁོ་ནར་ངེས། ཕྱག་མཚན་ནི། ཐུགས་རྗེས་སེམས་ཅན་འཁོར་བ་ནས་འདྲེན་པའི་ཕྱིར་གཡོན་ལྕགས་ཀྱུ། གདུག་པ་ཅན་མ་ལུས་པ་སྒྲོལ་བའི་ཕྱིར་གཡས་ཕུར་བུ་འདེབས་པར་ངེས་སོ། །རྒྱན་ཆས་ནི། དྲག་པོའི་ཕྲིན་ལས་མཐར་ཕྱིན་པའི་ཕྱིར་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པར་ངེས་སོ། །བཞུགས་ཚུལ་ནི། ཐབས་ཤེས་རབ་ཀྱིས་གདུག་པ་ཅན་འདུལ་བའི་ཕྱིར། གཡས་བརྐྱང་གཡོན་བསྐུམ་པ་ཁོ་ནར་ངེས་སོ། །སྤྲུལ་པ་ནི། ཟ་བྱེད་རྣམས་ཐབས་ཀྱི་རྟགས་སུ་ཡབ་ཀྱི་དཔུང་པ་གཡས་སུ། གསོད་བྱེད་རྣམས་ནི་ཤེས་རབ་ཀྱི་རྟགས་སུ་ཡུམ་གྱི་དཔུང་པ་གཡོན་པར་ངེས་སོ། །དེ་དག་ཀྱང་སྐུ་ལྟེ་བ་ཡན་ཆད་ཐོན་པ། ཞལ་མགོ་བརྙན་ལ་ཕྱག་གཉིས་པ། །གཡས་ལྕགས་ཀྱུ་དང་གཡོན་ཕུར་པ་འདེབས་པའོ། །ཕྲིན་ལས་ནི། གདུག་པ་ཅན་འདུལ་བའི་ཕྱིར་དྲག་པོའི་ལས་ཁོ་ནར་ངེས། རང་བཞིན་ནི། ཞི་བའི་ངང་ལས་སྐུ་ཁྲོ་བོའི་རྣམ་པར་ངེས་ཏེ། དགོངས་རྒྱུད་ལེའུ་བཅུ་བདུན་པ་ལས། ཞལ་གཅིག་ཕྱག་ཀྱང་གཉིས་པ་ལ། །ཐོ་བ་ལྕགས་ཀྱུ་གཡས་དང་གཡོན། །དྲེགས་པ་ཕོ་མོ་བཟུང་ནས་ནི། །ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅུ། །དྲེགས་པ་བྱི་ཆིངས་བསྣོལ་མར་གདབ། །ཅེས་སོ། །དལ་ལྔ་ལྡན་གྱིས་ཉམས་སུ་བླང་བ་ནི། སྐུ་ཕྱག་རྒྱའི་དལ་དང་། བཟླས་བརྗོད་བསྙེན་པའི་དལ་དང་། གཉིས་སུ་མེད་པ་ཡུམ་གྱི་དང་། སྤྲུལ་པ་མགོ་བརྙན་གྱི་དང་། ཞབས་འགྲོ་བ་འདུལ་བའི་དལ་ལོ། །ཞར་ལ་སྒོ་མ་བཞི་བསྐྱེད་པ་ནི། ཛཿཧཱུྃ་བྂ་ཧོཿཞེས་བརྗོད་པས་བདག་གཙོ་བོའི་ཐུགས་ཀ་ནས་ཡིག་འབྲུ་བཞི་སྒོ་བཞིར་འཕྲོས། དེ་འོད་དུ་ཞུ་བ་ལས་ཕྱག་མཚན་བཞིར་གྱུར། དེ་ལས་བསྐྱེད་པ་རྐྱེན་གྱི་སྔགས་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བི་དཱ་ཡ་བིང་བིང་ཧཱུྃ་ཕཊ྄་ཅེས་པ་ལ་སོགས་པས་སྒོ་མ་བཞིར་བསྐྱེད་དེ། ཤར་དུ་པུ་ཤུད་མགོ་ཅན། ལྷོར་ཀཾ་ཀའི་མགོ་ཅན། ནུབ་ཏུ་སྲིན་བྱའི་མགོ་ཅན། བྱང་དུ་ཁྲའི་མགོ་ཅན་རྣམས་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་ལྕགས་ཀྱུ་གཡོན་ཕུར་པ་བསྣམས་པ། དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པར་བསྐྱེད་དོ། །དམ་ཅན་དངོས་སུ་བསྐྱེད་མི་དགོས་ཏེ། གཞི་སྙིང་གཅིག་ཏུ་དྲིལ་བའི་སྔགས་ལན་གཅིག་བརྗོད་པ་ཙམ་གྱིས་ཐིབས་སེ་བྱོན་པར་བསམ་སྟེ། རྒྱལ་པོ་གང་ན་གནས་པ་ན་འབངས་རང་བཞིན་གྱིས་ཡོང་བ་དང་འདྲ་བར། བདག་གཙོ་བོ་རྡོ་རྗེ་གཞོན་ནུ་བསྒོམས་པས། དམ་ཅན་རྣམས་རང་བཞིན་གྱིས་འདུས་ནས་གནས་སོ། །བསྡུས་དོན་ལ་གསུམ་ལས། བསྐྱེད་ཅིག་པར་གསལ་གདབ་པ་ནི། །རྡོ་རྗེ་གཞོན་ནུ་ལ་སོགས་པ་དང་། བསྐྱེད་པའི་སྔགས་ནི་ༀ་བཛྲ་ཀྲོ་དྷ་ཞེས་པ་ལ་སོགས་པ་དང་། གསལ་གདབ་པའི་ཚིག་ན་ཁྲོ་བོ་ཆེན་པོ་ཧཱུྃ་ཀ་ར་ཞེས་པ་ལ་སོགས་པའོ། །ཚིག་དོན་ནི། རྡོ་རྗེ་ཞེས་པ་ལ་དོན་དང་རྟགས་གཉིས་ལས། དོན་རྡོ་རྗེ་ནི་ཆོས་ཉིད་གཉིས་སུ་མེད་པའི་དོན་ཐུགས་སུ་ཆུད་པ་སྟེ། རྟགས་རྡོ་རྗེ་ནི་རྩེ་དགུ་པ་དང་རྩེ་ལྔ་པ་ལ་བྱ་ཞིང་། ཆོས་སྐུ་འགྱུར་བ་མེད་པའི་བརྡར་གཟུགས་སྐུ་བསྒྲེས་རྒུད་མི་མངའ་བར་རྟག་ཏུ་ལང་ཚོ་བཅུ་དྲུག་པ་ལྟར་བཞུགས་པས་ན་གཞོན་ནུ་རིག་འཛིན་ནི་ཁྲོ་བོ་ཁྲོ་མོ་ཟ་བྱེད་གསོད་བྱེད་རྣམས་སོ། །སྲིད་པ་གསུམ་ན་གནས་པའི་འགྲོ་བ་ཀུན་འཁོར་བ་ལས་བསྒྲལ་ནས་རྡོ་རྗེ་ཕུར་པའི་ལྷ་ཚོགས་སུ་གྲུབ་པར་མཛོད་ཅིག་ཅེས་བསྐུལ་བའོ། །དེ་ཡང་གཞན་ནས་བསྒྲུབ་ཏུ་ཡོད་པ་ལྟ་བུ་མ་ཡིན་ཏེ། སྲིད་པ་གསུམ་ན་གནས་པའི་སེམས་ཅན་ཀུན་རྡོ་རྗེ་ཕུར་པའི་ལྷར་བྱེད་པ་མེད་པར་རང་བཞིན་གྱིས་གནས་ཤིང་། འོ་ན་བསྒྲལ་ཅི་དགོས་སྙམ་ན། དེ་ལྟར་གནས་ཀྱང་གནས་པ་ལྟར་མ་རྟོགས་པ་རྣམས་ལ་ཕན་གདགས་པའི་ཕྱིར་ཡེ་ཤེས་ཀྱི་ལྷ་ཞི་བ་ལྟ་བུ་མ་ཡིན་ཏེ། རེ་ཞིག་གདུལ་བྱ་ལ་དགོངས་ནས་ཁྲོ་བོའི་རྣམ་པར་གྲུབ་པར་མཛོད་ཅིག་པའོ། །གལ་ཏེ་དེ་ལྟར་རྟོགས་པའི་ཚེ་སྔར་གྱི་རང་བཞིན་དེ་ལས་བསྐྱེད་དུ་བྱུང་ངམ་མ་བྱུང་། དང་པོ་ལྟར་ན་སྔར་གྱི་རང་བཞིན་དེ་གཞན་དུ་འགྱུར་པས་རང་བཞིན་ཉམས་ལ། གཉིས་པ་ལྟར་ན་རྟོགས་པ་དོན་མེད་པར་འགྱུར་རོ་ཞེ་ན། ཡུལ་གྱི་རང་བཞིན་ལས་བསྐྱེད་དུ་བྱར་མེད་པས་རང་བཞིན་མ་ཉམས་ཤིང་། བློའི་འཛིན་སྟངས་ལ་བསྐྱེད་དུ་བྱར་ཡོད་པས་རྟོགས་པ་དོན་མེད་པར་མི་འགྱུར་རོ། །ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ནི་རྡོ་རྗེ་ཁྲོ་བོ་ཧཱུྃ་མཛད་དེ་ཡབ་ཀྱི་དང་། ཡུམ་གརྫ་གརྫ་ཁུག་ཅིག་པས་ཏེ་སྲས་བསྐྱེད་པའམ་ཀུན་གྱི་ལས་སྔགས་སོ། །ངང་ངམ་ཤུགས་ཀྱིས་གདུལ་བྱ་འདུལ་བའི་ཕྱིར་ཁྲོ་བོ་སྟེ། རུ་ཏྲ་ལྟ་བུ་ཁྲོས་པ་ཡིན་ཀྱང་། དེར་ཐབས་ཀྱིས་མ་ཟིན་ཅིང་འདིར་ཐབས་ཀྱིས་ཟིན་པས་ན་ཆེན་པོ། གདུལ་བྱ་ལྷ་ཆེན་པོ་ཚངས་པ་ལྟ་བུ་གཞན་དབང་དུ་མ་གྱུར་པ་རྣམས་ཉིད་ཀྱི་གདུལ་བྱར་སྡུད་པར་མཛད་པས་ན་ཧཱུྃ་ཀ་ར་དང་། ཐམས་ཅད་བསྐྱེད་པའི་ཕྱིར་རམ་སྲས་ཀྱི་དལ་འབྱུང་བའི་ཕྱིར་ན་ཡུམ་དེ་གཉིས་སུ་མེད་དེ་མི་ཕྱེད་པས་ན་རྡོ་རྗེ། ཆོས་དབྱིངས་སྐྱེ་བ་མེད་པའི་སྒྲ་འབྱིན་པས་ན་སྒྲ་འབྱིན་མ་ནི་གཞི་ངེས་པ་ལ་སྣ་ཚོགས་སུ་སྤྲུལ་པས་སམ། ཡུམ་གྱི་ཐུགས་ལས་སྤྲུལ་ཅིང་བྱུང་བས་ན། སྤྲུལ་པ་མི་འདྲ་བ་གཅིག་ལ་གཅིག་གིས་སྤྲས་པ་སྟེ། ཁྲོ་བོ་ཁྲོ་མོའི་ལུས་ལ་དུད་འགྲོའི་མགོ་ཅན་དུ་གནས་པས་ཕྲ་མེན་མ་ཕག་གི་མགོ་ཅན་ནི་དཔེར་ན་སེམས་ཅན་ཕག་རླན་ལ་གནས་ཤིང་གཙང་བཙོག་མེད་པ་བཞིན་དུ་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་ཅིང་ཕྱོགས་རིས་སུ་མི་འབྱེད་པ། སྨྲིག་བུའི་མགོ་ཅན་ནི། སྨྲིག་བུ་གཉིད་ཆེ་ཞིང་སྐམ་ལ་གནས་པ་བཞིན་དུ་ཆོས་ཉིད་མི་རྟོག་པའི་ངང་ལ་གནས་ཤིང་འཁོར་བའི་འདམ་དང་བྲལ་བའོ། །ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ནི་རྣམ་པར་རྒྱལ་བ། ཧ་ན་ཧ་ན་ཧཱུྃ་ཕཊ་ནི་རྟོགས་ཤིག་རྟོགས་ཤིག་པའོ། །རྟག་ཆད་ཀྱི་མཐའ་ལས་རྒྱལ་བས་ན་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང་། ཆོས་ཉིད་ཀྱི་དོན་ལ་མངའ་བརྙེས་པས་ཡུམ་རྡོ་རྗེའི་སྙེམས་མ། སྤྲུལ་པའི་ཕྲ་མེན་སྟག་གི་མགོ་ཅན་ནི། སྟག་རི་མོ་བཀྲ་ལ་ཟས་སུ་ཤ་ཟ་བ་བཞིན་དུ། ཕྱི་ནང་གི་ཆོས་ཐམས་ཅད་མ་འདྲེས་པར་གསལ་ལ་གཉིས་མེད་ཀྱི་ཡེ་ཤེས་ཐུགས་སུ་ཆུད་པ་དང་། བྱ་རྒོད་ཀྱི་མགོ་ཅན་ནི། བྱ་རྒོད་ཤ་ཟན་ཡིན་ཡང་སྲོག་མི་གཅོད་པར་རོ་གང་ན་འདུག་པ་དེ་ངོ་ཤེས་པ་བཞིན་དུ། གདུལ་བྱའི་དོན་བྱེད་ཀྱང་རང་རྒྱུད་དུ་ཞེན་པ་མེད་པས་དེ་དང་དེའི་བསམ་པ་མཁྱེན་པའོ། །ༀ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུྃ་ནི་དབྱུག་པ་སྔོན་པོས་ཏེ། ད་ཧ་ད་ཧ་ཧཱུྃ་ཕཊ྄་ནི་བརླག་པར་གྱིས་ཤིག་བརླག་པར་གྱིས་ཤིག་པའོ། །ཆོས་ཉིད་འགྱུར་བ་མེད་པ་ཐུགས་སུ་ཆུད་པས་མཐར་འཛིན་པའི་ལྟ་བ་ངན་པ་བརླག་པར་བྱེད་པའི་ཁྲོ་བོ་ཆེན་པོ་དབྱུག་པ་སྔོན་པོ་དང་། རིག་པའི་ཡེ་ཤེས་སྡེར་མོ་དང་འདྲ་བས་ཆོས་ཉིད་ཀྱི་དོན་འཛིན་པས་ཡུམ་རྡོ་རྗེ་སྡེར་མོ། སྤྲུལ་པའི་ཕྲ་མེན་གཡག་གི་མགོ་ཅན་ནི། གཡག་ནི་རྔམས་ལ་མི་འགྱུར་བ་བཞིན་དུ། རྣམ་པར་མི་རྟོག་པའི་མངོན་སྤྱོད་ཀྱིས་གདུག་པ་ཅན་ཚར་གཅོད་པ་དང་། བྱ་རོག་གི་མགོ་ཅན་ནི། མིག་གིས་སྟེང་འོག་གཉིས་ཀ་དུས་གཅིག་ལ་མཐོང་བ་དང་འདྲ་བར། སངས་རྒྱས་དང་སེམས་ཅན་གཉིས་ཀར་མི་རྟོག་པར་གཟིགས་པའོ། །ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་ནི་གཤིན་རྗེ་གཤེད་པོས་ཏེ། པ་ཙ་པ་ཙ་ཧཱུྃ་ནི་མེད་པར་གྱིས་ཤིག་མེད་པར་གྱིས་ཤིག་པའོ། །ལྷོ་ཕྱོགས་ཀྱི་བགེགས་ཀྱི་གཉེན་པོ་ཉིད་ལ་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་མངའ་བརྙེས་པས་ན་ཡུམ་དུར་ཁྲོད་བདག་མོ། སྤྲུལ་པའི་ཕྲ་མེན་ཤ་བའི་མགོ་ཅན་ནི། རྫི་རྣོ་ལ་འབྲོས་པ་ལ་བརྩོན་པ་ལྟར། རྣམ་རྟོག་ཆོས་ཉིད་དུ་ངོས་ཟིན་ཅིང་འཁོར་བའི་གནས་ནས་འབྲོས་པ་ལ་བརྩོན་པ་དང་། འུག་པའི་མགོ་ཅན་ནི། འུག་པས་ཉིན་མོ་མི་མཐོང་ཡང་ནུབ་མོ་མཐོང་བ་ལྟར་འཁྲུལ་བའི་རྟོག་པ་ནུབ་ཅིང་ཡང་དག་པའི་དོན་གསལ་བའོ། །ༀ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་ནི་འཕགས་པ་མི་གཡོ་བས་ཏེ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄་ནི་ཆིངས་ཤིང་ཆིངས་ཤིག་པའོ། །ཉོན་མོངས་པ་དང་རྣམ་པར་རྟོག་པའི་དབང་དུ་མི་འགྱུར་ཞིང་། འགྲོ་བའི་དོན་ལ་བརྩོན་པས་ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོ་དང་། རང་བཞིན་གཉིས་མེད་རྟོགས་པའི་ཤེས་རབ་ཀྱིས་ཉོན་མོངས་པ་ཡེ་ཤེས་སུ་བསྡུས་པས་ན་ཡུམ་རྡོ་རྗེ་གཏུན་ཁུང་མ། སྤྲུལ་པའི་ཕྲ་མེན་གཟིག་གི་མགོ་ཅན་ནི། གཟིག་གི་ཐིག་ལེ་བཀྲ་ལ་མཆོང་རྩལ་ཆེ་བ་བཞིན་ཤེས་བྱ་མ་འགགས་པར་མཁྱེན་པས་འགྲོ་བ་སྒྲོལ་བའི་སྟོབས་དང་ལྡན་པ་དང་། ཁྭ་ཏའི་མགོ་ཅན་ནི། ཁྭ་ཏ་ལ་སྒྲིབ་ཤིང་ཡོད་པས་གཞན་གྱིས་མི་མཐོང་བ་བཞིན་གནས་ལུགས་ཀྱི་དོན་ཐུགས་སུ་ཆུད་པས་གདུལ་བྱ་གཞན་གྱིས་མི་རྟོགས་པའོ། །ༀ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ནི་རྟ་མགྲིན་ཏེ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ནི་ཐུལ་ཅིག་ཐུལ་ཅིག་པའོ། །བརྩོན་འགྲུས་མྱུར་བའི་ཤུགས་ཀྱིས་རྟའི་དབུ་བྱུང་བས་ཁྲོ་བོ་ཆེན་པོ་རྟ་མགྲིན་ཏེ། མཚན་མའི་རྣམ་རྟོག་ལ་རྔམས་པས་ན་ཡུམ་རྡོ་རྗེ་གཏུམ་མོ། །སྤྲུལ་པའི་ཕྲ་མེན་བྱི་ལའི་མགོ་ཅན་ནི། བྱི་ལ་ཡང་རྩལ་ཆེ་ཞིང་རྒྱུད་ཞི་བ་བཞིན་འགྲོ་བའི་དོན་ལ་བརྩོན་ཞིང་། ཐུགས་ཞི་བའི་ངང་ལས་མ་གཡོས་པ་དང་། པུ་ཤུད་ཀྱི་མགོ་ཅན་ནི། པུ་ཤུད་ལ་མིག་རྩི་ཡོད་ཅིང་། །གཤོག་པ་དྲག་པོར་གཡོབ་པ་ལྟར་མ་རིག་པའི་ལིང་ཏོག་སེལ་བ་ལ་བརྩོན་པ་དྲག་པོས་འཇུག་པ་ལྟར་འགྲོ་བའི་དོན་བྱེད་པའོ། །ༀ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ་ནི་གཞན་གྱིས་མི་ཐུབ་པས་ཏེ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄་ནི་བརྟན་པར་གྱིས་ཤིག་བརྟན་པར་གྱིས་ཤིག་པའོ། །དོན་ཆོས་ཉིད་ལ་རྣམ་པར་རྟོག་པས་མི་བསྐྱོད་ཅིང་། རྟགས་དྲེགས་པ་ཅན་འཇོམས་པས་ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ་དང་། རྟོགས་པའི་རིག་པ་མདའ་ལྟ་བུ་འཕངས་ནས་རྣམ་རྟོག་གི་ཡིད་གསོད་པས་ན་ཡུམ་རྡོ་རྗེ་མདའ་སྙེམས་མ། སྤྲུལ་པའི་ཕྲ་མེན་སྤྱང་ཀིའི་མགོ་ཅན་ནི། སྤྱང་ཀི་གསོད་པ་ལ་དགའ་ཞིང་སྙིང་རྗེ་ལ་ཕྱོགས་རིས་ཡོད་པ་བཞིན་དམ་ཉམས་སྒྲོལ་ཞིང་སྣོད་ལྡན་གྱི་དོན་བྱེད་པ་དང་། ཁྲའི་མགོ་ཅན་ནི། ཁྲ་ནི་སྡེར་མོ་རྣོ་ཞིང་སྤར་མོ་དམ་པ་བཞིན་དུ། ཐུགས་རྗེ་ཆེན་པོས་གདུལ་བྱ་ཡལ་བར་མི་འདོར་བའོ། །ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ནི་བདུད་རྩི་འཁྱིལ་བས་ཏེ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ྄་ནི་ཆོད་ཅིག་ཆོག་ཅིག་པའོ། །རྣམ་རྟོག་གི་བདུད་ལ་ཡེ་ཤེས་ཀྱི་རྩིས་འདེབས་པས་ན་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་དང་། གཉིས་མེད་ཀྱི་ཡེ་ཤེས་རླུང་ལྟ་བུས་རྣམ་རྟོག་སྤུར་མ་ལྟར་གཏོར་བར་བྱེད་པས་ན་ཡུམ་རྡོ་རྗེ་རླུང་འབྱིིན་མ། སྤྲུལ་པའི་ཕྲ་མེན་སེང་གེའི་མགོ་ཅན་ནི། །སེང་གེ་ནི་ཡང་རྩལ་ཆེ་ཞིང་གཅན་གཟན་གཞན་ཟིལ་གྱིས་གནོན་པ་ལྟར། རྟོགས་པའི་རྩལ་གྱིས་ཉོན་མོངས་པ་ཟིལ་གྱིས་གནོན་པ་དང་། ཕ་ཝང་གི་མགོ་ཅན་ནི་ཕ་ཝང་གིས་ཚེ་གསུམ་དྲན་པ་ལྟར་དུས་གཅིག་ཏུ་རྟོགས་པའོ། །ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ལ་ཧཱུྃ་ནི་འཇིག་རྟེན་གསུམ་ན་རྣམ་པར་རྒྱལ་བས་ཏེ། བནྡྷ་བནྡྷ་ཧཱུྃ་ཕཊ྄་ནི་ནོན་ཅིག་ནོན་ཅིག་པའོ། །འདོད་གཟུགས་གཟུགས་མེད་ལས་སྤངས་ཐོབ་ཀྱིས་རྒྱལ་བས་ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བ་དང་། མཚན་མའི་ཆོས་ཀུན་མཚན་མ་མེད་པའི་ངང་དུ་གསོད་པས་ན་ཡུམ་རྡོ་རྗེ་གསོད་བྱེད་མ། སྤྲུལ་པའི་ཕྲ་མེན་དྲེད་ཀྱི་མགོ་ཅན་ནི། དྲེད་ནི་རོ་ངན་ལ་གཉིད་ཆེ་བ་ལྟར། ཐུགས་རྗེས་སེམས་ཅན་མི་གཏོང་ཞིང་རྣམ་རྟོག་ལས་མི་གཡོ་བ་དང་། སྲེ་མོའི་མགོ་ཅན་ནི། སྲེ་མོང་ནི་ཡང་རྩལ་ཆེ་ཞིང་ཕྱོགས་ཀུན་ཏུ་རྒྱུག་པ་ལྟར། ཕྲིན་ལས་མྱུར་མགྱོགས་ཀྱིས་གདུལ་བྱ་སྣ་ཚོགས་པའི་དོན་བྱེད་དོ། །ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་ནི་སྟོབས་པོ་ཆེ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ་ནི་སྤོར་ཅིག་སྤོར་ཅིག་པའོ། །གདུལ་བྱའི་དོན་ལ་གཡེལ་བ་མེད་པས་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང་། ཐུགས་རྗེས་འགྲོ་བའི་དོན་ལ་ངེས་པར་གཤེགས་པས་ན་ཡུམ་རྡོ་རྗེའི་བསྐྱོད་མ། སྤྲུལ་པའི་ཕྲ་མེན་དོམ་གྱི་མགོ་ཅན་ནི། དོམ་ནི་རོ་ངན་པ་ལྟར་ཐུགས་རྗེས་སེམས་ཅན་མི་གཏོང་ཞིང་རྣམ་རྟོག་ལས་མི་གཡོ་བ་དང་། བྱི་བའི་མགོ་ཅན་ནི། བྱི་བ་ནི་ཚང་སྒོ་མང་ཡང་གཅིག་ཏུ་འབྲེལ་བ་ལྟར། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་དོན་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པ་གཅིག་ཏུ་སྡུད་པས་ཏེ། ཕྱོགས་མཚམས་ཀུན་ལྷ་ཞེ་དྲུག་གིས་བར་མཚམས་མེད་པར་གཏམས་ནས་གནས་པའོ། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་པ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་བཞི་སྟེ། ཕུར་པ་རྫས་ཀྱི་དལ་གྱི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། བསྐྱེད་ཐབས་ཀྱི་ཏིང་ངེ་འཛིན་ནོ། །དང་པོ་ངོ་བོ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྣང་བ་ལས་གྱུར་པའི་སྲས་མཆོག་བཛྲ་ཀཱི་ལ་ཡའོ། །ངེས་ཚིག་ནི། འདེབས་ཤིང་སྒྲོལ་བའིི་ཐབས་ཡོ་བྱད་དང་བཅས་པས་ན་ཕུར་པ་རྫས་ཀྱི་དལ་ཅེས་བྱའོ། །དབྱེ་ན་བཞི། རང་གི་ཡེ་ཤེས་ཀྱི་དང་། ཁྱབ་པ་ཐུགས་རྗེའི་དང་། ལྷག་པ་བྱང་ཆུབ་ཀྱི་སེམས་དང་། འདུས་བྱས་རྫས་ཀྱི་ཕུར་པའོ། །དེ་རེ་རེ་ལ་རང་གི་ངོ་བོ། གདབ་པའི་ཡུལ། ཐེབས་པའི་ཚད། བཏབ་པའི་དགོས་པའོ། །དང་པོ་རང་རིག་ཡེ་ཤེས་ཀྱི་ཕུར་པའི་ངོ་བོ་ནི་ཆོས་རྣམས་གཉིས་སུ་མེད་པར་རྟོགས་པའོ། །གདབ་པའི་ཡུལ་ནི་ཆོས་ཀྱི་དབྱིངས་སོ། །ཐེབས་པའི་རྟགས་ནི། རིག་པ་ཆོས་ཀྱི་དབྱིངས་སུ་འདྲེས་པའོ། །བཏབ་པའི་དགོས་པ་ནི་གཟུང་འཛིན་གྱི་འཁྲུལ་པ་ཉེ་བར་ཞི་སྟེ། རང་གི་དོན་ཕུན་སུམ་ཚོགས་པ་ཐོབ་པའོ། །ཁྱབ་པ་ཐུགས་རྗེའི་ཕུར་པའི་ངོ་བོ་ནི། དེ་ལྟར་མ་རྟོགས་པ་རྣམས་ལ་ཤས་མི་བཟོད་པའི་སེམས་སོ། །གདབ་པའི་ཡུལ་ནི་སེམས་ཅན་གྱི་ཁམས་སོ། །ཐེབས་པའི་ཚད་ནི། གདུལ་བྱ་ཡང་དག་པའི་ལམ་ལ་འཁོད་པར་འགྱུར་པའོ། །དགོས་པ་ནི་གཞན་དོན་ཕུན་སུམ་ཚོགས་པ་ཐོབ་པའོ། །ལྷག་པ་བྱང་ཆུབ་སེམས་ཀྱི་ཕུར་པའི་ངོ་བོ་ནི། ཡབ་ཀྱི་གསང་བའི་རྡོ་རྗེ་ཀུན་རྫོབ་བྱང་ཆུབ་སེམས་དང་བཅས་པའོ། །གདབ་པའི་ཡུལ་ནི་ཡུམ་གྱི་གསང་བའི་པདྨ་ལའོ། །ཐེབས་པའི་ཚད་ནི་བདེ་སྟོང་དབྱེར་མེད་དུ་ཉམས་སུ་མྱོང་བའོ། །བཏབ་པའི་དགོས་པ་ནི། འདོད་ཆགས་བྱང་ཆུབ་ཀྱི་ལམ་དུ་འགྱུར་བའོ། །འདུས་བྱས་རྫས་ཀྱི་ཕུར་པ་ལ། རྒྱུ། དབྱིབས། ཚད། དོན་རྟགས་སོ། །རྒྱུ་ནི། ལས་བཞིའི་དབྱེ་བས་ཞི་བ་ལ་དངུལ་ལམ་དཀར་པོའི་ཤིང་ལ་སོགས་པའོ། །དབྱིབས་ནི། ཞི་བ་ལ་དབལ་ཟླུམ་པོར་བྱ་བ་ལ་སོགས་པའོ། །ཚད་ནི་སོར་བཞི། བརྒྱད། བཅུ་གཉིས། བཅོ་བརྒྱད་པའོ། །དོན་རྟགས་ནི། འབྱུང་བ་བཞི་རྣམ་པར་དག་པས་སོར་བཞི་ལ་སོགས་པ་སྟེ། རྒྱུད་ལས། སོར་བཞི་འབྱུང་བ་བཞི་ཡི་ཚད། །སོར་བརྒྱད་རྣམ་ཤེས་བརྒྱད་ཀྱི་ཚད། །བཅུ་གཉིས་སྐྱེ་མཆེད་བཅུ་གཉིས་ཚད། །བཅོ་བརྒྱད་ཁམས་ནི་བཅོ་བརྒྱད་ཚད། །ནས་གང་ཚད་དུ་བསྟན་པ་ནི། །བྱང་ཆུབ་སེམས་མཆོག་ཚད་དུ་བསྟན། །ཅེས་སོ། །གདབ་པའི་ཡུལ་ནི་དགྲ་དང་བགེགས་ལའོ། །ཐེབས་པའི་ཚད་ནི་ལུས་སྲོག་བྲལ་ཏེ་གནོད་པའི་སྦྱོར་བ་རྒྱུན་ཆོད་པ་ལ་སོགས་པའོ། །བཏབ་པའི་དགོས་པ་ནི་ཡང་དག་པའི་ལམ་གྱི་བར་ཆད་ཞི་བ་ལ་སོགས་པའོ། །བསྐྱེད་ཐབས་ཀྱི་ཏིང་ངེ་འཛིན་ལ་ལྔ་སྟེ། ཆོས་ཉིད་ཀྱི་རང་སྒྲས་བསྟོད་ཅིང་གསལ་གདབ་པ་དང་། ཆོ་ག་གསུམ་གྱིས་སྲས་མཆོག་བསྐྱེད་པ་དང་། དབང་བསྐུར་བྱིན་གྱིས་བརླབ་པར་བྱ་ཞིང་གཟི་བྱིན་བསྐྱེད་པ་དང་། ཤེས་པ་གསུམ་གྱིས་གཏན་ལ་དབབ་པ་དང་། །དཀྱིལ་འཁོར་ལྔ་ལྡན་གྱིས་ཉམས་སུ་བླང་བའོ། །ཆོས་ཉིད་ཀྱི་རང་སྒྲས་བསྟོད་ཅིང་གསལ་གདབ་པ་ནི། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །ཞེས་པ་ལ་སོགས་པའི་ཚིག་བརྗོད་པས་གཞལ་ཡས་ཁང་གི་ནམ་མཁའ་ལ་རང་སྒྲ་གྲགས་པར་བསམ་མོ། །ཆོ་ག་གསུམ་གྱིས་བསྐྱེད་པ་དངོས་ནི། བདག་གཙོ་བོའི་ཐུགས་ཀ་ནས་ཧཱུྃ་གཅིག་འཕྲོས་ནས་བསྙེན་ཕུར་ལ་ཕོག་པས། ཕུར་པའི་མཚན་མ་སྦྱངས་ཏེ་ཡི་གེ་ཧཱུྃ་དུ་གྱུར། དེ་ལས་འོད་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་གཞིའི་ཧཱུྃ་ལ་འདུས་པས་འོད་དུ་ཞུ་བ་ལས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄། ཅེས་བརྗོད་པས་སྲས་མཆོག་ཛྲ་ཀཱི་ལ་ཡ་སྐུ་ཆེ་ལ་ཡན་ལག་རགས་པ། སྟོད་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ། རྡོ་རྗེ་གཞོན་ནུ་འདྲ་བ་ལ་སྨད་ཕུར་པ་སྟེ། དེའང་ཆོས་ཐམས་ཅད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོར་ཡང་དག་པར་རྒྱས་བཏབ་པས་རྒྱ་མདུད་ཀྱིས་མཚན་པ། དེ་ལྟར་མ་རྟོགས་པ་རྣམས་ཚད་མེད་པའི་སྙིང་རྗེ་ཆེན་པོས་མི་གཏོང་བ་ཉིད་ཀྱིས་ཆུ་སྲིན་གྱི་ཁ་ནས་འབྱུང་ཞིང་། དྲག་པོ་མངོན་སྤྱོད་ཀྱི་དོན་མཛད་པས། དབལ་ཟུར་གསུམ་མགར་གྱི་སོལ་མེ་ནས་བཏོན་པ་འདྲ་བ་གཅིག་བསྐྱེད་དོ། །དེ་ཡང་ཕྱི་ནི་ཁྲོ་བོ་དང་ཕུར་པར་གསལ་ཞིང་། ནང་གཞལ་ཡས་ཁང་དུ་གསལ་བ་ལ། ལྷ་ཚོགས་རྣམས་དགོད་པའང་རྒྱ་མདུད་གོང་མ་ལ་ཧཱུྃ་ཀ་ར་ཡབ་ཡུམ་ཁྲ་ཐབས་དང་བཅས་པ། གཅུམ་གཞོགས་བརྒྱད་འཁོར་ལོ་རྩིབས་བརྒྱད་ཀྱི་རང་བཞིན་ལ། ཕྱོགས་མཚམས་ཀྱི་ཁྲོ་བོ་ཡབ་ཡུམ་ཁྲ་ཐབས་དང་། རྒྱ་མདུད་འོག་མ་ལ་སྟོབས་པོ་ཆེ་ཡབ་ཡུམ་ཁྲ་ཐབས་དང་བཅས་པ། རྒྱ་མདུད་ཀྱི་ལོགས་བཞིར་སྒོ་མ་བཞི། ཟུར་རྣམས་སུ་ཕུར་པའི་སྲུང་མ་རྣམས་བསྐྱེད་དེ། དབང་བསྐུར་བྱིན་བརླབ་བྱ་ཞིང་གཟི་བརྗིད་བསྐྱེད་པ་ལ་བདུན་ཏེ། དང་པོ་རིགས་སོ་སོར་བྱིན་གྱིས་བརླབ་པ་ནི། ལྷ་ཚོགས་རྣམས་ཀྱི་སྔགས་བརྗོད་པས། ལྷ་ཚོགས་རྣམས་ཀྱི་བྱིན་རླབས་ཕུར་པ་ལ་སིབ་སིབ་ཐིམ་པར་བསམ་མོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་བྱིན་གྱིས་བརླབ་པ་ནི། ཕུར་པ་དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པ་ཧྲཱིཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག །ལྟེ་བར་ཏྲཱྂ་སེར་པོ། རྩེ་མོ་ལ་ཧཱ་ལྗང་གུ་བསམ་ལ་དོན་ཡེ་ཤེས་ལྔ་དང་ལྡན་པར་བསམ་མོ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་ནི། ཕུར་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་བསམ་སྟེ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ལྡན་པར་བསམ་མོ། །ཐུགས་ཡེ་ཤེས་རྩེ་གཅིག་པར་བྱིན་གྱིས་བརླབ་པ་ནི། ཕུར་པའི་ངོས་གསུམ་ལ་ཧཱུྃ་གསུམ། ཟུར་གསུམ་ལ་ཕཊ་གསུམ་བསམ་སྟེ། གཅིག་ཏུ་ཚར་གཅོད་པ་དབང་དྲག་ཞི་ལས་ཁོ་ན་མཛད་པར་བསམ་མོ། །ལག་གི་འདུ་བྱེད་ཀྱི་བྱིན་གྱིས་བརླབ་པ་ནི། བདག་གི་མ་སཱུརྻ་མཎྜ་ལ་ཞེས་བརྗོད་པས་ལག་པ་གཡས་སུ་མ་ལས་ཉི་མའི་དལ་ལ་དཔའ་བོ་འབྲུ་ལྔ་སྟེ། གུང་མོ་ལ་ཧཱུྃ། མཐེ་བོང་ལ་ༀ། མཛུབ་མོ་ལ་སྭཱ། སྲིན་ལག་ཨཱཾཿ མཐེའུ་ཆུང་ལ་ཧཱ་རྣམས་བསམ། ཨ་ཙནྡྲ་མཎྜ་ལ་ཞེས་བརྗོད་པས། ལག་པ་གཡོན་པར་ཨ་ལས་ཟླ་བའི་དལ་ལ་དཔའ་མོ་འབྲུ་ལྔ་བསམ་སྟེ། གུང་མོ་ལ་མཱུཾ། མཐེ་བོང་ལ་ལཱཾ། མཛུབ་མོ་ལ་མཱཾ། སྲིན་ལག་ལ་པྱཱཾ། མཐེའུ་ཆུང་ལ་ཏཱཾ་བསམ་སྟེ། དེ་རྣམས་འོད་དུ་ཞུ་བ་ལས། རིགས་ལྔ་ཡབ་ཡུམ་བཅུར་གྱུར་པར་བསམ། །དེ་ལ་སུ་ར་སྟྭཾ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི་ཞེས་པས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ་ཞེས་པས་ཕྱག་རྒྱ་བསྡམ། ས་མ་ཡ་སྟྭཾ་ཞེས་པས་ཡབ་ཡུམ་སྦྱོར་བ་བྱས། དེ་ནས་ཕུར་པ་ལག་ཏུ་བླངས་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཨ་བེ་ཤ་ཡ་ཨ་ཨཱ་ཞེས་བརྗོད་པས། ཡབ་ཡུམ་སྦྱོར་བ་བྱས་པའི་བྱང་ཆུབ་ཀྱི་སེམས་ཕུར་པ་ལ་བསྟིམ། རིགས་ལྔ་ཡབ་ཡུམ་ཡང་འོད་དུ་ཞུ་ནས་ཕུར་པ་ལ་བསྟིམ་མོ། །དེས་ཕུར་པ་དེ་བཀྲག་དང་གཟི་མདངས་དང་ལྡན་པར་བསམ་མོ། །དེ་ནས་སྐུ་གསུང་ཐུགས་རྫོགས་པར་བྱིན་གྱིས་བརླབ་པ་ནི། ༀ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་བཛྲ་ནན། ཛྭ་ལ་ཛྭ་ལ་པྲ་ཛྭ་ལ་སུ་ཏ་སུ་ཏ་སརྦ་ས་པ་ན་ཡེ་སྭཱ་ཧཱ། ཞེས་བརྗོད་པས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཕུར་པར་འདུས་པས་སྐུ་ཆེ་ལ་ཡན་ལག་རགས་པས་སྟོང་གསུམ་ལྷག་གིས་གང་བར་བསྒོམ་མོ། །ༀ་པདྨ་ཀཱི་ལི་ཀཱི་ལ་ཡ་ཝཱ་ཀ་བཛྲ་ནན། ༀ་སརྦ་དུཥྚཱན་བི་ཤོ་དྷ་ཡ་ཧཱུྃ་ཕཊ྄། ཅེས་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་འདུས་ཏེ། སྒྲ་གྲགས་པ་ཐམས་ཅད་ཀཱི་ལ་ཡའི་སྒྲར་གྱུར་པར་བསམ་མོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་བཛྲ་ནན། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄། ཅེས་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་འདུས་ཏེ། དྲན་རྟོག་ཐམས་ཅད་ཀཱི་ལ་ཡའི་ཐུགས་སུ་བསྒོམ་མོ། །དེ་ནས་ཨེ་ཞེས་བརྗོད་པས་མདུན་དུ་ཨེ་གཅིག་བསྒོམ་མོ། །དེ་ཞུ་བ་ལས། གྲུ་གསུམ་མཐིང་ནག་གི་གདན་དུ་གྱུར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ནྲྀ་ཏྲི་མཱ་ར་ཡ་ཧཱུྃ་ཕཊ་ཅེས་བརྗོད་པས། དེའི་སྟེང་དུ་དགྲའི་སྙིང་པོ་ནྲྀ་དང་བགེགས་ཀྱི་སྙིང་པོ་ཏྲི་གཉིས་བསྣོལ་ནས་འདུག་པར་བསམ་མོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཏིཥྛ་ལྷན། ཞེས་བརྗོད་ལ་གོང་གི་གདན་སྟེང་དེར་བཞུགས་སུ་གསོལ་ལོ། །དེ་ནས་དྲག་པོ་རྫས་ཀྱི་བྱིན་གྱིས་བརླབ་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བེ་ཏ་ལི་མཎྜ་ལ་རཀྴ་རཀྴ་ཧཱུྃ་ཕཊ྄་ཅེས་བརྗོད་ཅིང་། ཉུངས་ཀར་རྒྱལ་པོ་གཏོར་བས། ཁྲོ་ཆུང་དུ་གྱུར་ནས་བ་སྤུའི་བུ་ག་གཏམས་ནས་འདུག་པར་བསམ་མོ། །སྐུ་མཉེས་པའི་མཆོད་པའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གྷུ་ཏ་ལ་པྲ་ཏ་ལ་པྲ་ཏ་ལ་ཧཱུྃ་ཕཊ྄། ཅེས་བརྗོད་ཅིང་གུ་གུལ་གྱི་དུད་པས་བདུག་པས། སྔོན་གྱི་ཞེ་སྡང་རྗེས་སུ་དྲན་ནས་སྤྱན་རྩ་དམར་ལོག་གིས་སོང་བར་བསམ། ཐུགས་མཉེས་པའི་མཆོད་པའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་ཛྭ་ལ་ཧཱུྃ་ཕཊ྄་ཅེས་བརྗོད་ཅིང་རཀྟ་གཏོར་བས། ཐུགས་རྗེ་ཆགས་པའི་སྒོ་ནས་གཟི་མདངས་ལྡན་པར་བསམ། གསུང་མཉེས་པའི་མཆོད་པའོ། །ཤེས་པ་གསུམ་གྱིས་གཏན་ལ་དབབ་པ་ལ་གསུམ་སྟེ། སྲས་མཆོག་གཞལ་ཡས་ཁང་དུ་ཤེས་པ་དང་། །ལྷར་ཤེས་པ་དང་། ཕྱག་མཚན་དུ་ཤེས་པའོ། །དབལ་གྲུ་གསུམ་ནི་ནམ་མཁའ་གྲུ་གསུམ། སྟེང་གི་ཟླ་གམ་ནི་རླུང་གི་དལ། རྒྱ་མདུད་ལོགས་ཀྱི་ཟླུམ་པོ་ནི་རཀྟའི་རྦ་ཀློང་། རྒྱ་མདུད་འོག་མ་ནི་ཀེང་རུས་ཀྱི་རི་རབ། གཅུམ་གཞོགས་ནི་གཞལ་ཡས་ཁང་། རྒྱ་མདུད་གོང་མ་ཡ་ཐོག་གོ། །ལྷར་ཤེས་པ་ནི། དེ་ལ་ལྷ་དགོད་པ་སྟེ། གོང་དུ་བསྟན་པ་བཞིན་ནོ། །ཕྱག་མཚན་དུ་ཤེས་པ་ནི། དེ་ལྟར་བསྙེན་ཕུར་སྲས་མཆོག་ཏུ་བྱིན་གྱིས་བརླབ་པ་ནི། རྡོ་རྗེ་གཞོན་ནུའི་ཕྱག་འོག་མ་ན་བསྣམས་པ་དེ་ཉིད་ཀྱང་ཡིན་པས་ཕྱག་མཚན་ལ། གཞན་ཡང་དུས་བཞིར་སུར་ཕུག་ཏུ་འདེབས་པའི་ཚེ་ན་སྲས་མཆོག་ཏུ་བྱིན་གྱིས་བརླབས་པ་དེ་བཏབ་པས་དགྲ་བགེགས་ཀྱི་ལུས་རྡུལ་ཕྲན་བཞིན་དུ་རླག་པར་བྱེད་པས་ཕྱག་མཚན་ནོ། །དཀྱིལ་འཁོར་ལྔ་ལྡན་དུ་ཉམས་སུ་བླང་བ་ནི། རང་བཞིན་སྟོང་ཉིད་རྒྱུ་རྐྱེན་ལས་མ་བྱུང་བས་ཆོས་སྐུ་སྐྱེ་བ་མེད་པའི་དལ་དང་། རྣམ་པ་སྟོང་པས་སྟོང་པའི་སྣང་བ་ལས་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའིི་ལོངས་སྤྱོད་རྫོགས་པའི་དལ་དང་། གདུལ་བྱ་གདུག་པ་ཅན་ལ་འཇིགས་བྱེད་ཁྲོ་བོའི་སྐུར་རྣམ་པར་འཕྲུལ་པ་མཛད་པས་སྤྲུལ་སྐུ་འགགས་པ་མེད་པའི་དལ་དང་། དེས་ཚར་གཅོད་པའི་མཛད་པ་ཕྱི་བཤོལ་མེད་པར་མཛད་པས་ཕྲིན་ལས་མྱུར་མགྱོགས་ཀྱི་དལ་དང་། དེ་ཡང་གནོད་བྱེད་ཀྱི་སྙིང་དཀར་ནག་མཚམས་སུ་བཏབ་ཅིང་གཡོ་བ་མེད་པར་བྱེད་པས་ཞབས་དགྲ་བགེགས་འདུལ་བའི་དལ་ལོ། །གལ་ཏེ་སྦྱང་བྱ་ཐ་མལ་གྱི་སྣོད་བཅུད་འདི་དག་གི་སྟེང་ན་སྦྱོང་བྱེད་དཀྱིལ་འཁོར་གསུམ་ངོ་བོ་གཉིས་མེད་དུ་ཡོངས་སུ་གྲུབ་པའི་རང་བཞིན་དུ་ཡོད་དམ། བློ་རྟོག་པས་སྔར་མེད་ཀུན་བརྟགས་ཀྱི་ཚུལ་དུ་ཡོད་ཅེ་ན། དང་པོ་ལྟར་ན་ཆོ་གའི་ཡན་ལག་གིས་བསྐྱེད་མི་དགོས་པར་འགྱུར་ལ། གཉིས་པ་ལྟར་ན་ཐ་མལ་གྱི་རྣམ་རྟོག་སྤོང་བ་སོགས་ཀྱི་དོན་བྱེད་མི་ནུས་པར་འགྱུར་རོ་ཞེ་ན། ལན་ནི། ངོ་བོ་ཡོངས་སུ་གྲུབ་ཟིན་ཀྱང་ཕྱིན་ཅི་ལོག་ཏུ་རྟོག་པའི་དྲི་མས་བསྒྲིབས་པ་བསལ་བའི་ཕྱིར་ཆོ་གའི་ཡན་ལག་གི་མངོན་སུམ་དུ་བསྐྱེད་དགོས་པ་ཉིད་ཀྱིས་དེ་ལྟ་བུ་མི་དགོས་པའི་ཁྱབ་པ་མེད་དོ། །བསྡུས་དོན་ལ་དབྱེ་བ་མེད་དོ། །ཚིག་དོན་ནི། སྤངས་རྟོགས་མཐར་ཐུག་པའི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་ཐུགས་ཡེ་ཤེས་ཀྱི་རྟེན་ཆོས་ཀྱི་སྐུ་ནི། དོན་ཆོས་ཀྱི་དབྱིངས་རྡོ་རྗེ་སྟེ་སྟོང་པ་ཉིད་ཀྱི་ངང་དུ་རིག་པའི་ཡེ་ཤེས་གྲོལ་བ་ལས་མ་གཡོས་པ་ལས་རྟགས་གཟུགས་ཀྱི་སྐུར་བསྟན་དུ་གསོལ་ཞེས་བྱ་ཞིང་། དེ་ཡང་ཐུགས་ཞི་བའི་ངང་ལས་སྨོན་ལམ་དང་ཐུགས་རྗེའི་དབང་གིས་སྐུ་ཁྲོ་བོའི་རྣམ་པ་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་ཞིང་མེ་རི་མེ་དཔུང་འབར་བའི་ནང་ན་བཞུགས་པའི་ཡེ་ཤེས་ཀྱི་ཁྲོ་བོ་རབ་ཏུ་ཁྲོ་ཞིང་གཟི་བརྗིད་མི་བཟད་པ་མངའ་བ་དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་དབྱིག་ཅེས་བྱ་སྟེ་བཟང་ཤོས་ཉིད་དུ་སྒྲུབ་པ་པོ་བདག་ཉིད་བསྐྱེད་པར་གྱིས་ཤིག །ཅེས་གསོལ་བ་གདབ་པ་སྔོན་དུ་འགྲོ་བས་ཆོ་ག་གསུམ་གྱིས་ཕུར་པ་རྫས་ཀྱི་དལ་བསྐྱེད་དེ་བྱིན་རླབས་བདུན་བྱའོ། །གལ་ཏེ་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ་སོགས་པས་བཟང་ངན་ཡོད་ན་ནི། མཐར་ཐུག་གི་འབྲས་བུར་མི་འགྱུར་རོ་ཞེ་ན། ལན་ནི། མཐར་ཐུག་གཅིག་ལས་མེད་ཀྱང་གནས་སྐབས་ལ་མཐར་ཐུག་ཏུ་སྒྲོ་བཏགས་པའི་ཐུན་མོང་ཐེག་པའི་འབྲས་བུའི་སྐུ་སོགས་ལས་ཁྱད་པར་དུ་བྱས་པས་སྐྱོན་མེད་དོ། །ཁམས་གསུམ་གྱིས་སྲོག་ཡེ་ཤེས་སུ་དབང་བསྐུར་བ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་གཉིས་ཏེ། གསོལ་བ་གདབ་པ་དང་། དབང་བསྐུར་བ་དངོས་སོ། །དང་པོ་ནི། བདག་ལས་ཀྱི་རྡོ་རྗེ་གཞོན་ནུ་ཞིག་གཙོ་བོའི་ཐུགས་ཀ་ནས་ཤར་ཁྱམས་སུ་ཐོན་ཏེ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །ཞེས་པ་ལ་སོགས་པའི་ཚིག་གིས་གསོལ་བ་བཏབ་པས། ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་ནས་འོད་ཟེར་བྱུང་སྟེ་བདག་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ཏེ་འོད་དུ་ཞུ་ནས་གཙོ་བོའི་ཐུགས་ཀར་ཐིམ་པར་བསམ། དབང་བསྐུར་བ་དངོས་ལ་གསུམ་ལས། དང་པོ་རྩ་བའི་དལ་གྱིས་དལ་གཉིས་ལ་དབང་བསྐུར་བ་ནི། ཧཱུྃ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་ལ་ཕོག་པས་ཆེ་བའི་ཡོན་ཏན་བསྡུས། སཾ་ཧ་ར་ཎ་ཧཱུྃ། ཞེས་བརྗོད་པས། འོད་དལ་གཉིས་ལ་འདུས་པས་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པར་དབང་བསྐུར་རོ། །གལ་ཏེ་རྩ་བའི་དལ་རང་ཉིད་ཀྱིས་དབང་མ་ཐོབ་པར་དལ་གཉིས་ལ་དབང་བསྐུར་བར་མི་རིགས་སོ་ཞེ་ན། སྐྱོན་མེད་དེ་རང་ཉིད་ཀྱི་རིགས་རྣམས་དབྱེ་བ་མེད་པ་དལ་གྱི་བདག་པོའི་རིགས་ཅན་ཉིད་ཡིན་པས་རང་བས་སྐལ་བ་དམན་པའི་འཁོར་ལ་དབང་བསྐུར་དུ་རུང་བ་ནི། དཔེ་བྲམ་ཟེ་མདུན་ན་འདོན་ལ་རྒྱལ་པོར་དབང་མ་བསྐུར་བའི་རྒྱལ་བུ་གཞོན་ནུས་ཀྱང་བློན་པོ་ཉིད་ལ་རྒྱལ་སྲིད་ཀྱི་ཡོ་བྱད་ཅི་རིགས་ལ་དབང་བྱེད་པའི་ལུང་སྦྱིན་ནུས་པ་བཞིན་ནོ། །དལ་གཉིས་ཀྱིས་ཁམས་གསུམ་སེམས་ཅན་ལ་དབང་བསྐུར་བ་ནི། ཧཱུྃ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས་དལ་གཉིས་ལས་འོད་འཕྲོས་པས་ཁམས་གསུམ་སེམས་ཅན་ལ་ཕོག་པས་སྒྲིབ་པ་གཉིས་སྦྱངས་ནས་ཨ་ནྲྀ་སུ་ཏྲི་པྲེ་དུཿར་གྱུར། དེ་ཡང་ཡི་གེ་ཧཱུྃ་དུ་གྱུར། སཾ་ཧ་ར་ཎ་ཧཱུྃ། ཞེས་བརྗོད་པས་ཧཱུྃ་དེ་ཚུར་འདུས་ཏེ་གཙོ་བོའི་ཐུགས་ཀར་རྟ་མགྲིན་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་ནས་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་གྱུར་པར་བསམ་མོ། །ཕྱོགས་བཅུའི་སངས་རྒྱས་ཀྱིས་བདག་རྩ་བ་ལ་དབང་བསྐུར་བ་ནི། ༀ་སྥ་ར་ཎ་ཕཊ྄་ཅེས་བརྗོད་པས་བདག་རྩ་བའི་སྤྱི་བོར་ༀ་བསམ། དེ་ལས་འོད་ཟེར་འཕྲོས་ནས་ཕྱོགས་བཅུའི་སངས་རྒྱས་ལ་ཕོག་པས་སྐུ་ཆེ་བའི་ཡོན་ཏན་བསྡུས། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་སླར་བདག་རྩ་བ་ལ་འདུས་པས་སྐུས་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པའི་དབང་བསྐུར། ཨཱཿསྥ་ར་ཎ་ཕཊ྄་ཅེས་པས་བདག་གི་མགྲིན་པར་ཨཱཿབསམ། དེ་ལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ལ་ཕོག་པས་གསུང་ཆེ་བའི་ཡོན་ཏན་བསྡུས། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་སླར་བདག་ལ་འདུས་པས་གསུང་གི་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པའི་དབང་བསྐུར། ཧཱུྃ་སྥ་ར་ཎ་ཕཊ྄་ཅེས་པས་བདག་གི་ཐུགས་ཀ་ནས་ཧཱུྃ་ལས་འོད་ཟེར་འཕྲོས་ཏེ་ཕྱོགས་བཅུའི་སངས་རྒྱས་ལ་ཕོག་པས་ཐུགས་ཆེ་བའི་ཡོན་ཏན་བསྡུས། སཾ་ཧ་ར་ཎ་ཧཱུྃ། ཞེས་པས་འོད་དེ་སླར་བདག་ལ་འདུས་པས་ཐུགས་ཀྱིས་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པའི་དབང་བསྐུར་ཏེ། དགོངས་རྒྱུད་ལས། ཕྱོགས་བཅུའི་སྲོག་ལ་དབང་བསྐུར་ནས། །སྲོག་གི་ཡེ་ཤེས་འགྱུར་བར་བྱ། །ཁམས་གསུམ་སྒྲོལ་བའི་དབང་བསྐུར་རོ། །ཞེས་སོ། །བསྡུས་དོན་ལ་དབྱེ་བ་མེད་དོ། །ཚིག་དོན་ནི། གདུལ་བྱ་བསྒྲལ་ཡང་ཉེས་པས་མི་གོས་པའི་ཐབས་ཀྱི་སྤྱོད་པ། མ་འགགས་པས་འགྲོ་བ་ལ་ཕན་གདགས་པའི་དོན་དུ་གསོལ་བ་འདེབས་པའོ། །དེ་ལྟར་ཕན་འདོགས་པ་ཅིས་ཞེ་ན། འགྲོ་བ་རྣམས་ཀྱིས་བདག་གི་ཕ་མ་མ་བྱས་པ་མེད་ཅིང་དེ་རྣམས་ཀྱི་རྒྱུ་ལས་ངན་སྤྱད་པས་འབྲས་བུ་སྡུག་བསྔལ་མྱོང་བ་ལས་ཐར་བར་བྱ་བའི་ཕྱིར་བསྒྲལ་ལོ་སྙམ་པའི་བྱམས་པ་དང་སྙིང་རྗེས་གདུལ་བྱའི་དུས་ལ་གང་བབ་བ་དེ་འདུལ་བ་སྟེ། གང་གིས་ན་སངས་རྒྱས་རྣམས་ཀྱི་རྗེས་སུ་འབྲངས་ཏེ་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྫོགས་པར་མཛད་ནས། དེའི་ཕྱིར་བདག་རྩ་བའི་དལ་གྱིས་དལ་གཉིས། །དལ་གཉིས་ཀྱིས་ཁམས་གསུམ་གྱི་སེམས་ཅན། ཕྱོགས་བཅུའི་སངས་རྒྱས་ཀྱིས་བདག་རྩ་བ་ལ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པར་བྱེད་པའི་དབང་དང་། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ད་ལྟ་ཉིད་དུ་སྩོལ་ཅིག་ཅེས་བསྐུལ་ལོ། །གལ་ཏེ་སངས་རྒྱས་རྣམས་ཀྱི་ཕྲིན་ལས་ཞི་རྒྱས་དབང་དྲག་རྣམས་ནི་གདུལ་བྱ་ཁོ་ནའི་དོན་དུ་རྫོགས་པར་བྱེད་དམ། ཐམས་ཅད་ཀྱི་དོན་དུ་རྫོགས་པར་བྱེད། དང་པོ་ལྟར་ན་མ་ཡིན་ཏེ། ཕྲིན་ལས་བཞི་ནི་གདུལ་བྱ་ལས་དང་ལྡན་པ་དང་དཔྱང་ཐག་ཆད་པ་གཉིས་ཀའི་དོན་དུ་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལྟར་ན་འཁོར་བ་དོང་སྤྲུགས་ཀྱང་སྲིད་པར་མི་འགྱུར་རམ་ཞེ་ན། འདིར་གདུལ་བྱ་རེ་རེའི་དོན་དུའང་མི་འགལ་ཏེ། དཔྱང་ཐག་ཆད་པའི་གདུལ་བྱ་གཅིག་གི་དོན་དུའང་དང་པོར་དབང་དྲག་གིས་ཚར་བཅད་ནས། གཉིས་པ་ཞི་རྒྱས་ཀྱིས་རྗེས་སུ་འཛིན་པའི་ཕྱིར་རོ། །དེ་བཞིན་དུ་ཐམས་ཅད་ཀྱི་དོན་དུའང་ཡིན་ཏེ། མ་ཡིན་ན་གདུལ་བྱ་ལ་ཉེ་རིང་བྱས་པས་ཧ་ཅང་ཐལ་བས་སོ། །སྤྱན་དྲངས་མཆོད་ཅིང་བསྙེན་པ་དབུལ་བ་ལ་གསུམ་སྟེ། སྤྱན་དྲངས་པ་དང་། མཆོད་པ་དབུལ་བ་དང་། བསྙེན་པ་བྱ་བའོ། །དང་པོ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་བཞི་ལས། གང་ནས་སྤྱན་འདྲེན་པ་ལ་གསུམ་སྟེ། རང་བཞིན་ལྷུན་གྲུབ་སེམས་ཀྱི་རྟོག་ཚོགས་དང་། རང་བཞིན་དག་པ་ཕྱོགས་བཅུའི་ཞིང་ཁམས་དང་། རང་བཞིན་མཐར་ཕྱིན་འོག་མིན་ཆེན་པོའི་གནས་ནས་སོ། །གང་གིས་སྤྱན་འདྲེན་ན་གཙོ་བོ་དམ་ཚིག་གི་ཐུགས་ལས་བྱུང་བ་ཕྱག་རྒྱའི་ལྷ་མོ་བཞིའོ། །གང་དུ་སྤྱན་འདྲེན་ན་དམ་ཚིག་གི་གནས་སུའོ། །ཇི་ལྟར་སྤྱན་དྲངས་པ་ལ་གསུམ་སྟེ། སྙན་གསན་དབབ་པ། སྤྱན་དྲངས་པ་དངོས། བཞུགས་སུ་གསོལ་བའོ། །དང་པོ་ནི། ༀ་བཛྲ་ས་མ་ཡ་ཛཿ ཞེས་བརྗོད་པས། བདག་གི་ཐུགས་ཀ་ནས་ཛཿགཅིག་འོག་མིན་དུ་འཕྲོས་པས་དེ་རྣམས་ཆོས་སྐུ་ལས་གཟུགས་སྐུར་བཞེངས་ཏེ། སེམས་ཅན་གྱི་དོན་དྲན་པར་བསམ་སྟེ། དེས་འཇིག་རྟེན་དགྲས་གཙོས་པའི་སྐྱེ་བོ་ཁ་ཉེན་པོ་འགའ་ཞིག་ཡུལ་གཞན་གྱི་རྒྱལ་པོ་ལ་སོགས་དབང་ཆེ་བར་གནས་པ་དག་ལ་སྐྱབས་འཚོལ་བའི་ཕྱིར་རང་གི་གནས་སུ་སྤྱན་འདྲེན་པའི་སྔོན་དུ། བདག་གི་གམ་དུ་བསྙེན་བཀུར་ཆ་ཕྲ་མོ་ཞིག་ལ་མྱུར་དུ་བྱོན་པར་ཞུ་ཞེས་སྙན་བཀྱག་པའི་ཚེ། རྒྱལ་པོ་ལ་སོགས་པ་དེ་ཡང་བཏང་སྙོམས་སུ་མི་བཞུགས་པར་དེར་འགྲོ་བའི་ཡོ་བྱད་རྣམས་གྲབས་སུ་འཛུད་པ་བཞིན་ནོ། །སྤྱན་དྲངས་པ་དངོས་ནི། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །ཞེས་པ་ལ་སོགས་པ་དང་། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་བདག་གཙོ་བོའི་ཐུགས་ཀ་ནས་ལྷ་མོ་བཞི་འོག་མིན་དུ་སྤྲོས་པས་འོག་མིན་དུ་ལྕགས་ཀྱུ་མས་གཙོ་བོའི་ཐུགས་ཀ་ནས་བཟུང་། ཞགས་པ་མས་བཅིངས། ལྕགས་སྒྲོག་མས་བསྡམས། དྲིལ་བུ་མས་མཉེས་པའི་མཆོད་པས་ཕུལ་ཏེ་སྤྱན་དྲངས་པས། རྒྱལ་པོ་བསྐྱོད་ན་འཁོར་འོང་བ་བཞིན་དུ། འཁོར་གཞལ་ཡས་ཁང་དང་བཅས་པ་མདུན་གྱི་ནམ་མཁའ་ལ་བྱོན་ཏེ། དམ་ཚིག་པ་དང་མེ་རི་འདབ་འབྱོར་ན་བཞུགས་པར་བསྒོམ་མོ། །གལ་ཏེ་རང་བཞིན་གྱི་གནས་འོག་མིན་ལྟ་བུ་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆ་གཅིག་ལས་མི་བཞུགས་སམ། དུ་མ་བཞུགས་པ་ཡིན་གྲང་། དང་པོ་ལྟར་ན་དམ་ཚིག་གི་གནས་གཅིག་ཏུ་དྲང་བའི་ཚེ་གཞན་དུ་སྤྱན་དྲང་དུ་མེད་པར་འགྱུར་ལ། གཉིས་པ་ལྟར་ན་དེ་དག་ལས་གང་གཞན་ནས་གང་སྤྱན་འདྲེན་ཞེ་ན། ལན་ནི་གཉིས་ཀ་ལྟར་མ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ་ནི་གཅིག་ལས་མ་གཡོས་བཞིན་དུ་གདུལ་བྱ་མོས་པ་སྣ་ཚོགས་པའི་ངོ་ལ་རང་རང་གི་བསམ་པ་དང་མཐུན་པར་དུ་མར་སྣང་བ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་ཟླ་བ་གཅིག་ལས་མེད་ཀྱང་ས་གཞི་ལ་ཆུ་སྣོད་དང་རྗེས་སུ་འཚམས་པའི་ཟླ་བའི་གཟུགས་བརྙན་དུ་མར་སྣང་བ་བཞིན་ནོ། །བཞུགས་སུ་གསོལ་བ་ནི། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར། །ཞེས་པ་ལ་སོགས་པ་དང་། ཙཀྲ་མཎྜ་ལ་ས་མ་ཡ་ཏིཥྛ་ལྷན། ཞེས་བརྗོད་པས་དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆུ་ལ་ཆུ་ཐིམ་པ་ལྟར། གཙོ་བོ་ལ་གཙོ་བོ། འཁོར་ལ་འཁོར། གཞལ་ཡས་ཁང་ལ་གཞལ་ཡས་ཁང་ཐིམ་ཞིང་དབྱེར་མེད་དུ་གྱུར་ནས་འགྲོ་བའི་དོན་མ་རྫོགས་ཀྱི་བར་དུ་བཞུགས་པར་བསམ་སྟེ། གཅེས་པའི་མགྲོན་གདན་བཟང་པོ་ལ་འཇོག་པ་བཞིན་ནོ། །བསྡུས་དོན་ལ་གསུམ་ལས། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །ཞེས་པ་ལ་སོགས་པས་སྙན་གསན་དབབ་པ་དང་། ཡེ་ཤེས་ཁྲོ་བོ་གཤེགས་ཞེས་པས་སྤྱན་དྲངས་ཤིང་། སླར་ཡང་གཤེགས་ནས་ཀྱང་ཞེས་པས་བཞུགས་སུ་གསོལ་བའོ། །ཚིག་དོན་ནི། སྲིད་པ་གསུམ་གྱི་སེམས་ཅན་རྣམས་རྡོ་རྗེ་ཕུར་པའི་ལྷ་ཚོགས་དང་། མངོན་པར་རམ་མངོན་སུམ་དུ་བསྒྲུབ་པའི་ཕྱིར་དུ། བདག་དམ་ཚིག་པས་ཡེ་ཤེས་ཀྱི་ལྷ་ལ་དྲི་མ་དག་ཅིང་སྐལ་བར་ལྡན་པར་བྱེད་པའི་དབང་དང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང་བའི་ཕྱིར་ཏེ་དེ་ཡང་སྟོད་ལས་བཞིན་ལྷ་ལས་དང་། སྨད་ལས་བཞིན་དགྲ་ལས་བླང་བའོ། །ཡེ་ཤེས་པ་དེ་ཡང་དོན་ཆོས་ཉིད་ཞི་བའིི་ངང་ལས་མ་གཡོས་བཞིན་རྟགས་གདུལ་བྱ་གདུག་པ་ཅན་འདུལ་བའི་ཕྱིར་ཁྲོ་བོའི་སྐུར་བསྟན་ནས་དམ་ཚིག་གི་གནས་སུ་གཤེགས་སུ་གསོལ། ཞིང་དེ་ལྟ་བུ་ཡེ་ཤེས་ཀྱི་ཁྲོ་བོ་དམ་ཚིག་གི་གནས་སུ་གཤེགས་ནས་ཀྱང་། ཅི་བྱེད་ན། མཆོག་གི་དངོས་གྲུབ་ཡེ་ཤེས་གྲུབ་པའི་རྟགས་དང་། ཐུན་མོང་དམ་ཅན་སྒྲུབ་པའི་མཚན་མ་རྣམས་རབ་དངོས་སམ། འབྲིང་ཉམས་སམ། ཐ་མ་རྨི་ལམ་གྱི་ཡུལ་དུ་བསྟན་པ་དང་། ཀཱི་ལ་ཡ་ནི་ཕུར་པ་སྟེ། །རྡོ་རྗེ་ཕུར་བུའི་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་བའི་ཕྱིར་བཞུགས་སུ་གསོལ་ཞེས་བྱའོ། །མཆོད་པ་འབུལ་བའི་རིམ་པ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་ལྔ་ལས། གང་གི་འབུལ་བའི་མཁན་པོ་ནི། བདག་ལས་ཀྱི་རྡོ་རྗེ་གཞོན་ནུ་གཅིག་མར་མེ་གཅིག་ལས་གཅིག་མཆེད་པའི་ཚུལ་དུ་དཀྱིལ་འཁོར་གྱི་ཤར་སྒོར་སྒོ་མ་ལྕགས་ཀྱུ་མའི་རྒྱན་དུ་བྱེད་པ་དེས། གང་ལ་འབུལ་ན་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པའི་ལྷ་ཚོགས་ལ། གང་འབུལ་ན་བཅུ་སྟེ། མཉེས་པ་ཕྱག་གི། ཕྱི་ལྷ་མོ་ལྔའི། ཕྱག་རྒྱ་གར་གྱི། བ་ལིཾ་གཏོར་མའི། བདུད་རྩི་སྨན་གྱི། རཀྟ་ཚར་གསུམ་གྱི། ཟབ་མོ་སྦྱོར་སྒྲོལ་གྱི། བསྟོད་པ་གླུའི། ཞལ་ཟས་ཚོགས་ཀྱི། མཇུག་ལྷག་མའི་མཆོད་པའོ། །ཅིའི་ཕྱིར་འབུལ་ན་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ནས་འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་གཉིས་ཐོབ་པར་བྱ་བའི་ཕྱིར་རོ། །ཇི་ལྟར་དབུལ་ན། དང་པོ་མཉེས་པ་ཕྱག་གི་མཆོད་པ་ནི། བདག་ལས་ཀྱི་རྡོ་རྗེ་གཞོན་ནུས་དཀྱིལ་འཁོར་གྱི་ཤར་སྒོ་ནས། ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པའི། །ཞེས་པ་ལ་སོགས་པའི་ཚིག་བརྗོད་པས། ཡན་ལག་ལྔ་ས་ལ་བཏུད་པ་གུས་པའི་ཚུལ་གྱིས་ཕྱག་འཚལ་ཏེ་ཨ་ཏི་པཱུ་ཧོཿ ཞེས་བརྗོད་པ་ནི་མཆོད་པ་ལ་ཤིན་ཏུ་དགྱེས་སམ། ཞེས་བྱ་སྟེ། ལྷ་ཚོགས་རྣམས་ཀྱིས་པྲ་ཏཱིཙྪ་ཧོཿ ཞེས་པས་དེ་ལ་རབ་ཏུ་མཉེས་སོ་ཞེས་པའི་ལན་གནང་བར་བསམ་སྟེ། གདན་ལ་བཞུགས་མ་ཐག་པར་ཕྱག་དང་ཞེ་ས་བསྙུན་སྨེད་ཀྱིས་མདུན་བསུ་བར་བྱེད་པ་བཞིན་ནོ། །ཕྱི་ལྷ་མོ་ལྔའི་མཆོད་པ་ནི། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པ་ལ་སོགས་པ་བརྗོད་པས་ཐུན་མོང་གི་མཆོད་པ་བཤམས་ནས་ཡོད་ན་ཡོད་པ་དེ་དག་ལས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་བྱུང་ནས་བདེ་བར་གཤེགས་པ་ལ་མཉེས་པའི་མཆོད་པ་ཕུལ་བར་བསམ་ཞིང་། མེད་ན་བདག་ལས་ཀྱི་རྡོ་རྗེ་གཞོན་ནུའི་ཐུགས་ཀ་ནས་སྤྲུལ་ལ་དབུལ་ཏེ། ཁྱད་པར་དུ་ལྷ་མོ་མེ་ཏོག་དཀར་མོ་མེ་ཏོག་གི་ཕྲེང་བ་བསྣམས་པ་དབུ་ལ། བདུག་སྤོས་མ་སེར་མོ་སྤོས་ཁང་བསྣམས་པ་ཤངས་ལ། མར་མེ་མ་དམར་མོ་མར་མེའི་ཀོང་བུ་བསྣམས་པ་སྤྱན་ལ། དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་བསྣམས་པ་ཐུགས་ལ། ཞལ་ཟས་མ་དམར་མོ་ཞལ་ཟས་ཀྱི་གཞོང་པ་ཐོགས་པ་ཞལ་དུ་ཕུལ་བར་བསམ་སྟེ། འདི་མན་གྱི་མཆོད་པ་ཀུན་ཕལ་ཆེར་དེ་ལྟར་མདུན་བསུ་བའི་རྗེས་སུ་ཅི་འབྱོར་བའི་བསྙེན་བཀུར་བྱེད་པ་བཞིན་ནོ། །ཕྱག་རྒྱ་གར་གྱི་མཆོད་པ་ནི། རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །ཞེས་པ་ལ་སོགས་པའི་ཚིག་བརྗོད་ཅིང་པད་སྐོར་གྱི་གར་སྔོན་དུ་འགྲོ་བའི་ལག་པས་ལྷ་སོ་སོའི་ཕྱག་རྒྱ་བཅས་པའི་ཚེ་དེ་དང་དེའི་ཏིང་ངེ་འཛིན་ཤིན་ཏུ་གསལ་བར་གྱུར་པར་བསམ་མོ། །བ་ལིཾ་གཏོར་མའི་མཆོད་པ་ནི། །དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པ་ལ་སོགས་པའི་ཚིག་དང་། །བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧི་ཧི་ཧི། ཞེས་བརྗོད་པས། སྔར་བྱིན་གྱིས་བརླབས་པའི་གཏོར་མ་དེ་ལས་འདོད་ཡོན་དྲུག་གི་ལྷ་མོ་དཔག་ཏུ་མེད་པ་བྱུང་ནས་ཡེ་ཤེས་ཀྱི་ལྷ་ཚོགས་ལ་མཉེས་པའི་མཆོད་པ་ཕུལ་ཏེ། བྱེ་བྲག་གཟུགས་མ་དཀར་མོ་མེ་ལོང་ཐོགས་པ་སྤྱན་ལ། སྒྲ་མ་སྔོན་མོ་པི་ཝཾ་ཐོགས་པ་སྙན་ལ། དྲི་མ་སེར་མོ་སྤོས་ཕོར་ཐོགས་པ་ཤངས་ལ། རོ་མ་དམར་མོ་ཞལ་ཟས་ཐོགས་པ་ལྗགས་ལ། རེག་བྱ་མ་ལྗང་གུ་ན་བཟའ་ཐོགས་པ་སྐུ་ལ། ཆོས་མ་མཐིང་ག་རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ཐུགས་མཉེས་པའི་མཆོད་པ་ཕུལ་ཞིང་། གཏོར་མ་ལྷག་མ་བདུད་རྩི་དང་ཤ་ཁྲག་ཏུ་གྱུར་ནས། དམ་ཅན་རྣམས་ལོངས་སྤྱོད་པར་བསམ་མོ། །བདུད་རྩི་སྨན་གྱི་མཆོད་པ་ལ་བཞི་སྟེ། སྨན་བྱིན་གྱིས་བརླབ་པ་དང་། སྤྱིར་དབུལ་བ་དང་། སྒེར་སྒེར་དབུལ་བ་དང་། དངོས་གྲུབ་བླང་བའོ། །བྱིན་གྱིས་བརླབ་པ་ནི། །ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་བརྗོད་པས་སྔར་བྱིན་གྱིས་བརླབས་པའི་བདུད་རྩི་དེ་གསལ་གདབ་བོ། །སྤྱིར་མཆོད་པ་ནི། རང་བྱུང་གདོད་ནས་དག་པ་སྟེ། །ཞེས་པ་ལ་སོགས་པའི་ཚིག་དང་། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོ་ཤྲཱི་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི་ཞེས་བརྗོད་དོ། །བདུད་རྩི་མཐེབ་སྲིན་ཉི་ཟླ་གྭའུ་ཁ་སྦྱོར་གྱིས་ནམ་མཁའ་ལ་གཏོར་བས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དལ་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོ་དང་བཅས་པ་ལ་བདུད་རྩི་བྱང་ཆུབ་སེམས་དྲི་མ་མེད་པ་དེ་ཕོག་པས་ཞལ་དུ་སོང་སྟེ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ་བར་བསམ་མོ། །སྒེར་སྒེར་དབུལ་བ་ལ་གསུམ་སྟེ། །རྩ་བའི་ལྷ་ལ་དང་། མགྲོན་གྱི་ལྷ་ལ་དང་། དྲིན་གྱི་ལྷ་ལ་མཆོད་པའོ། །རྩ་བའི་ལྷ་ནི་རྡོ་རྗེ་གཞོན་ནུ་ནས་གིང་གསུམ་ཡན་ཆད་དོ། །དེ་དག་ལ་རང་རང་གི་འབུལ་ཚིག །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། ཞེས་པ་ལ་སོགས་པ་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་བརྗོད་ཅིང་བདུད་རྩི་ཕུལ་བས་ལྷ་ཚོགས་རྣམས་ཀྱིས་ཞལ་དུ་གསོལ་ཏེ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འབུལ་བར་བསམ་མོ། །མགྲོན་གྱི་ལྷ་ནི། འདུས་པ་མདོ་ཡི་ལྷ་ཚོགས་ལ་སོགས་ཏེ་ཡེ་ཤེས་ཀྱི་ལྷ་དང་། རིག་འཛིན་བྱང་ཆུབ་སེམས་དཔའ། དམ་ཅན་ཆོས་སྲུང་མ་ལུས་པ་རྣམས་ཏེ། །དེ་དག་ལ་འབུལ་ཚིག །འདུས་པ་མདོའི་ལྷ་ཚོགས་ཁ་རཾ་ཁཱ་ཧི། །ཞེས་པ་ལ་སོགས་པ་བརྗོད་ཅིང་བདུད་རྩི་གཏོར་བས་ཞལ་དུ་གསོལ་ཏེ་སྐུ་གསུང་ཐུགས་མཉེས་པར་བསམ་མོ། །དྲིན་གྱི་ལྷ་ནི། རྡོ་རྗེ་སློབ་དཔོན་དང་། མཆེད་ལྕམ་དྲལ་དང་། དུས་གསུམ་གྱི་ཕ་མ་སྟེ། དེ་དག་ལ་ཡང་འབུལ་ཚིག །དམ་ཚིག་དབང་དང་ཤེས་རྒྱུད་གབ་སྦས་པའི། །ཞེས་པ་ལ་སོགས་བརྗོད་ཅིང་བདུད་རྩི་གཏོར་བས་མཉེས་པར་བསམ། གཞན་ཡང་ཅི་རིགས་པ་འབུལ་ལ། །དངོས་གྲུབ་བླང་བ་ནི། དེ་ལྟར་ལྷ་ཚོགས་རྣམས་ལ་མཉེས་པའི་མཆོད་པ་ཕུལ་བས། ལྷ་ཚོགས་རྣམས་ཀྱིས་སྐྱེས་ལ་སྐྱེས་ལན་གྱི་ཚུལ་དུ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཡི་གེ་ༀ་ཨཱཿཧཱུྃ་གི་ཚུལ་དུ་བདུད་རྩི་ལྷག་མའི་ནང་དུ་བབས་པར་བསམ་མོ། །དེ་ནས་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར་བཤགས་པ་བྱ་སྟེ། ལྟ་བ་འཕང་དམས་ཆོས་ཉིད་དོན་མ་རྟོགས། །ཞེས་པ་ལ་སོགས་པ་བརྗོད་ཅིང་། །བདུད་རྩི་གཏོར་བས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་བྱུང་སྟེ་བདག་ལ་ཕོག་པས་ཉམས་གྲིབ་དང་སྒྲིབ་པ་ཐམས་ཅད་དག་ནས་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱས་པར་བསམ་མོ། །དེ་ནས་དངོས་གྲུབ་བླང་སྟེ། ཧཱུྃ། མུ་ཏིག་དཀར་པོ་དྲི་མེད་དང་། །ཞེས་པ་ལ་སོགས་པའི་ཚིག་དང་། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ༀ། ཞེས་བརྗོད་ཅིང་། བདུད་རྩིའི་ནང་གི་ༀ་དེ་མཐེབ་སྲིན་གྱིས་བླངས་ཏེ་ལྕེ་ཐོག་ཏུ་བཞག་པས་དུང་ཁང་དུ་ཆགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མངོས་གྲུབ་ཐོབ་པར་བསམ་མོ། །དེས་འགྲེ། ཨཱཿགསུང་མགྲིན་པ། ཧཱུྃ་ཐུགས་སྙིང་གར་ཆགས་པར་བསམ་མོ། །དེ་ནས་གཏོར་མའི་ནང་དུ་ཡང་བདུད་རྩི་སྦྲེང་ངོ་། །གསང་བ་རཀྟ་ཚར་གསུམ་གྱི་མཆོད་པ་ནི་གཉིས་ཏེ། བྱིན་གྱིས་བརླབ་པ་དང་། དབུལ་བའོ། །བྱིན་གྱིས་བརླབ་པ་ནི། སྔར་བྱིན་གྱིས་བརླབས་པའི་རཀྟ་དེ། ཁྱད་པར་ཅན་དུ་བྱིན་གྱིས་བརླབས་ཏེ། རཀྟའི་སྣོད་ཀྱི་ནང་དུ་དགྲ་བགེགས་ཀྱི་མིང་ཡིག་དང་པོ་བྲི་ཞིང་། དེ་ཡང་དགྲའམ་བགེགས་གང་ཡིན་པ་དེར་བསམ་ལ་སྔགས་དྲུག་གམ་བཞི་སྙིང་གཅིག་ཏུ་དྲིལ་བའི་སྔགས་བརྗོད་ཅིང་ཕུར་པ་འདྲིལ་བས། དགྲ་བགེགས་དང་ཁམས་གསུམ་གྱི་སེམས་ཅན་ཀུན་ཕུར་པའི་རྩེ་ལ་རིལ་རིལ་འདུག་པར་བསམ། དེ་ཡང་ཁྲག་གི་གྲོད་པ་གཅིག་ཏུ་གྱུར་ཏེ་དེ་ལ་ཕུར་པ་བཏབ་པས་སྟོང་གསུམ་ཁྲག་གིས་མེར་གྱིས་ཁེངས་པར་བསམ་མོ། །དེ་འབུལ་བ་ལ་གསུམ་ལས། བསྒོ་བའི་བཀའ་ཉན་པར་བྱ་བའི་ཕྱིར་རཀྟ་དང་པོའི་མཆོད་པ་ཕུལ་ཏེ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །ཞེས་པ་ལ་སོགས་པའི་ཚིག་དང་། མ་ཧཱ་རཀྟ་ཁཱ་ཧི་ཞེས་བརྗོད་ཅིང་ཕུལ་བས། རཀྟའི་རྒྱ་མཚོ་དེ་སུམ་ཆ་གཅིག་གསོལ་བར་བསམ་མོ། །དགྲ་བགེགས་མྱུར་དུ་བསྒྲལ་ཞིང་དམ་ཅན་གནད་ལ་དབབ་པའི་ཕྱིར། རཀྟ་བར་པའི་མཆོད་པ་ཕུལ་ཏེ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཞེས་པ་ལ་སོགས་པ་དང་། མ་ཧཱ་རཀྟ་ཁཱ་ཧི། ཞེས་བརྗོད་ཅིང་ཕུལ་བས། སུམ་གཉིས་ཟད་པར་གསོལ་བར་བསམ། །མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཕྱིར། །རཀྟ་ཐ་མའི་མཆོད་པ་ཕུལ་ཏེ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཞེས་པ་ལ་སོགས་པ་དང་། མ་ཧཱ་རཀྟ་ཁཱ་ཧི། ཞེས་བརྗོད་ཅིང་ཕུལ་བས། མ་ལུས་པ་ཟད་པར་གསོལ་བར་བསམ་མོ། །ཟབ་མོ་སྦྱོར་སྒྲོལ་གྱི་མཆོད་པ་ལ་གཉིས་ཏེ། དངོས་དང་། ཞར་ལ་འདོད་པའི་དོན་ལ་གསོལ་བ་གདབ་པའོ། །དང་པོ་ལའང་གཉིས་ཏེ། སྒྲོལ་བ་དང་། སྦྱོར་བའོ། །སྒྲོལ་བ་ནི། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །ཞེས་པ་ལ་སོགས་པ་བརྗོད་ཅིང་རྡོ་རྗེའི་ཐོ་བས་དགྲ་བོའི་ལིངྒ་བརྡུངས་པས་དགྲ་བོའི་ལུས་རྡུལ་ཕྲན་བཞིན་དུ་གྱུར་ཅིང་འོད་ཟེར་མེ་སྟག་ཏུ་སོང་ནས་བསྲེགས་པར་བསམ་མོ། །གལ་ཏེ་སྒྲོལ་བས་ནི་གང་གི་ཕྱིར་མཆོད་པར་འགྱུར་ཞེ་ན། འདི་ཡང་སྔོན་བྱུང་དུ་རྒྱལ་བའི་མཛད་སྤྱོད་ཡིན་པའི་ཕྱིར་ཏེ་ཕ་ཡི་ལས་བུ་ཡིས་བྱས་ན་ཕ་ཡིད་དགའ་བར་འགྱུར་བ་བཞིན་ནོ། །གཉིས་པ་སྦྱོར་བའི་མཆོད་པ་ནི། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །ཞེས་པ་ལ་སོགས་པ་བརྗོད་ཅིང་། །ཡུམ་གྱི་མཁའ་ནི་གཏན་པ་ལ། །ཡབ་ཀྱི་རྡོ་རྗེ་ཐོ་བ་སྟེ། དེ་གཉིས་ཀྱི་བར་དུ་དགྲ་བགེགས་རྡུལ་ཕྲན་བཞིན་དུ་བརླག་པར་བསམ་མོ། །ཞར་ལ་འདོད་པའི་དོན་ལ་གསོལ་བ་གདབ་པ་ལ་དྲུག་སྟེ། ཇི་ལྟར་གསོལ་བ་གདབ་ན། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །ཞེས་པ་ལ་སོགས་པའི་ཚིག་དྲུག་སྟེ། ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ལ་གསོལ་བ་གདབ་པའོ། །གང་ལ་གསོལ་བ་བཏབ་ན། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པའི་ཚིག་བརྒྱད་དེ་ལྷ་ཚོགས་རྣམས་ལ་འདེབས་པའོ། །གང་གིས་འདེབས་ན། བདག་ཅག་རིག་འཛིན་སྒྲུབ་པ་པོས། ཞེས་པའི་ཚིག་བཞི་སྟེ། སྒྲུབ་པ་པོས་གསོལ་བ་འདེབས་པའོ། །གང་སྒྲོལ་བར་གསོལ་བ་འདེབས་ན། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །ཞེས་པ་ཞིག་གསུམ་སྟེ། མཆོག་ཐུན་མོང་ལ་བར་དུ་གཅོད་པའི་དགྲ་བགེགས་སྒྲོལ་ཅིག་པར་འདེབས་པའོ། །གང་གིས་སྒྲོལ་ན། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཞེས་པའི་ཚིག་ལྔ་སྟེ། ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱིས་སྔོན་ཇི་ལྟར་བསྒྲལ་བའི་ཚུལ་དུ་སྒྲོལ་ཅིག་པར་རོ། །ཇི་ལྟར་སྒྲོལ་བའི་ཚུལ་ནི། རྡོ་རྗེ་གསང་བའི་བཀའ་ལས་ནི། །ཞེས་པའི་ཚིག་དྲུག་སྟེ། ལུས་ངག་རྡུལ་དུ་གྱིས་ཤིག་པ་སྟེ། རང་གི་འདོད་པའི་དོན་ལོ་རྒྱུས་ཀྱིས་མཚོན་པ་བཞིན་ནོ། །སྐབས་འདིར་བདག་ལས་ཀྱི་རྡོ་རྗེ་གཞོན་ནུ་དལ་གྱི་ཤར་སྒོ་ན་ཡོད་པ་དེ་དབུས་ཀྱི་གཙོ་བོའི་ཐུགས་ཀར་ཐིམ་ནས་གཉིས་སུ་མེད་པར་བསམ་མོ། །བསྟོད་པ་གླུའི་མཆོད་པ་ནི། ཧཱུྃ། དྷརྨ་དྷཱ་ཏུ་ལྷུན་གྱིས་གྲུབ་པའི་དབྱིངས། །ཞེས་པ་ལ་སོགས་པ་བརྗོད་པས། བརྗོད་པ་བདག་གི་བརྗོད་ཀྱང་དྲག་པོའི་གཞལ་ཡས་ཁང་གི་ནམ་མཁའ་ལ་རང་སྒྲ་གྲགས་པའི་སྒོ་ནས་ལྷ་ཚོགས་རྣམས་མཉེས་པར་བསམ་སྟེ། འདོད་པའི་དོན་སྒྲུབ་པར་ཞལ་གྱིས་བཞེས་པ་ན་བསྟོད་སྒྲ་སྨྲ་བའི་ཚིག་གིས་གཏང་རག་གཏོང་བ་བཞིན་ནོ། །ཞལ་ཟས་ཚོགས་ཀྱི་མཆོད་པ་ལ་གསུམ་སྟེ། སྔོན་འགྲོའི་ཆོས་དྲུག་གིས་སྟ་གོན་བྱ་བ་དང་། དབུལ་ཐབས་གཉིས་ཀྱིས་ལྷ་མཆོད་པ་དང་། ཚོགས་ཀྱི་ཞལ་ཟས་ལས་དངོས་གྲུབ་བླང་བའོ། །སྔོན་དུ་འགྲོ་བ་ལ་དྲུག་ལས། དང་པོ་བཤམས་པ་ནི་གཙང་མར་སྦྱར་བའི་ཟླ་རྒྱས་ཏེ་མར་དང་། ཟླ་ཕྲོམ་སྟེ་ཞོ་དང་། གལ་ཕྱེ་སྟེ་ཟན་དང་། ཛ་གད་དེ་ཆང་ལ་སོགས་པ་འབགས་བཙོག་ཏུ་མ་གྱུར་ཅིང་། མ་ཉམས་པ་ཚུལ་དང་མཐུན་པར་བཤམས་ཏེ་བྱའོ། །བསང་བ་ནི། །ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄་ཅེས་བརྗོད་ཅིང་ཚོགས་ཀྱི་དངོས་པོ་དེ་ལ་བདུད་རྩི་གཏོར་བས་ཉེས་སྐྱོན་དག་པར་བསམ་མོ། །མཚམས་བཅད་པ་ནི། ལྷར་གསལ་འཕྲོ་འདུ་ཧཱུྃ་བཞིའི་ཚོགས་ལས་བསྐྱེད། །ཅེས་པ་ལ་སོགས་པ་བརྗོད་ཅིང་བགེགས་བསྐྲད་དོ། །ལྷ་བསྐྱེད་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ་ཅེས་བརྗོད་ལ་རྩ་བའི་ལྷ་ཚོགས་གསལ་གདབ་བོ། །ཕྲིན་གདབ་པ་ནི། ཧོ་དགོངས་སུ་གསོལ་ཅེས་པ་ལ་སོགས་པ་སྟེ། ཚོགས་ཀྱི་མཆོད་པ་བཞེས་མི་བཞེས་བཀའ་ནོད་པ་ཡིན་ལ། ཨ་ལ་ལ་ཧོ་ཞེས་པས་བཞེས་པར་བཀའ་གནང་བ་ཡིན་ནོ། །དྲང་བ་ནི། ཚོགས་ཀྱི་ཡོ་བྱད་རྣམས་ལག་པ་གཉིས་ཀྱིས་གྱེན་དུ་བཏེགས་ལ་རྒྱལ་པོ་ལ་གསོལ་འདྲེན་པའི་ཚུལ་དུ་བྱས་ཏེ། ཧཱུྃ། གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ། །ཞེས་པ་ལ་སོགས་པ་བརྗོད་ཅིང་དྲང་ངོ་། །དབུལ་ཐབས་གཉིས་ཀྱིས་ལྷ་མཆོད་པ་ལ་གཉིས་ཏེ། ཚོགས་འདོད་ཡོན་དུ་དམིགས་ཏེ་དབུལ་བ་དང་། །དགྲ་བགེགས་སུ་དམིགས་ཏེ་བསྒྲལ་བའོ། །དང་པོ་ལ་བཞི་ལས། སྔོན་དུ་བསྲེག་སྦྱང་བྱ་བ་ནི། བདག་གཙོ་བོའི་ཐུགས་ཀ་ནས་རྂ་ཡྂ་ཁྂ་གསུམ་འཕྲོས་པ་ཚོགས་ལ་ཕོག་པས་རྂ་ལས་མེས་བསྲེགས། ཡྂ་ལས་རླུང་གིས་གཏོར། ཁྂ་ལས་ཆུས་བཀྲུས་ཏེ་ཚོགས་ཀྱི་མཚན་མ་སྦྱངས་ཏེ། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །ཞེས་པ་ལ་སོགས་པས་གསལ་གདབ་བོ། །བྱིན་གྱིས་བརླབ་པ་ནི། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཞེས་བརྗོད་པས་སྣོད་ཉི་ཟླ་ཁ་སྦྱོར་དུ་བསམ། ༀ་ཞེས་པས་ཐུགས་ཀའི་ཧཱུྃ་ལས་ༀ་གཉིས་པ་འཕྲོས་པ་ཚོགས་ལ་ཕོག་པས་། ཚོགས་ཀྱི་དངོས་པོ་དེ་ཡི་གེ་ༀ་གཅིག་ཏུ་གསལ་བར་གནས་པ་ལས་འདོད་ཡོན་དྲུག་གི་ལྷ་མོ་འབྱུང་རུང་དུ་བསམ་མོ། །སྤྱན་དྲང་བ་ནི། འདི་ན་སྣ་ཚོགས་གཟུགས་མཆིས་ཀྱིས། །ཞེས་པ་ལ་སོགས་པས་རང་བཞིན་གྱི་གནས་ནས་སྤྱན་དྲང་ངོ་། །དབུལ་བ་ནི། འབྱུང་བ་ཆེན་པོ་ནམ་མཁའ་ཆེ། །ཞེས་པ་ལ་སོགས་པའི་ཚིག་དང་། ༀ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ཧྲཱི་ཤྭ་ས་མ་ཡེ་སྭཱ་ཧཱ། ཞེས་ལན་དྲུག་བརྗོད་པས། འདོད་ཡོན་དྲུག་གི་ལྷ་མོ་ནམ་མཁའི་ཁམས་གང་བ་བྱུང་ནས་བདེ་བར་གཤེགས་པ་ལ་མཉེས་པའི་མཆོད་པ་ཕུལ་བར་བསམ་མོ། །ཚོགས་དགྲ་བགེགས་སུ་དམིགས་ཏེ་བསྒྲལ་བ་ལ་གསུམ། དགུག་པ། བསྒྲལ་བ། དབུལ་བའོ། །དགུག་པ་ནི། སྐབས་འདིར་སྲུང་མ་འབོད། རིག་འཛིན་བསྐུལ། ཕོ་ཉ་རྦད་ཅིང་དགྲ་བགེགས་གནས་ནས་དགུག་སྟེ། བདག་ཅག་རིག་འཛིན་སྒྲུབ་པ་པོས། །ཞེས་པ་ལ་སོགས་པའི་ཚིག་བརྗོད་ཅིང་། ལྕགས་ཀྱུའི་ཕྱག་རྒྱ་བྱས་ཏེ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བྂ་ཧོཿ དགྲ་བགེགས་འབྱུང་པོ་ནྲྀ་ཡཾ་ཛཿཏྲི་ཡཾ་ཛཿ ཞེས་བརྗོད་པས་ལྷ་ཚོགས་རྣམས་ལས་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པ་འཕྲོས་ནས་དགྲ་བགེགས་གང་ལ་བྱ་བ་དེ་རང་རང་གི་གནས་ནས་བཀུག །ཞགས་པའི་ཕྱག་རྒྱ་བཅིངས་ཏེ། བཛྲ་པཱ་ཤ་ཧཱུྃ་གིས་ཚོགས་ལ་བསྟིམས་ཤིང་། ལྕགས་སྒྲོག་གི་ཕྱག་རྒྱ་བཅིངས་ཏེ། བཛྲ་སྥོ་ཊ་བཾ་གྱིས་ཐར་བ་མེད་པར་བསྡམས་ནས། དྲིལ་བུའི་ཕྱག་རྒྱ་བཅས་ཏེ། བཛྲ་གཎྜེ་ཧོཿ་ཡིས་མི་གཡོ་བར་རྒྱས་བཏབ་པར་བསམ་མོ། །བསྒྲལ་བ་ལ་བཞི་ལས། དང་པོ་ཕུར་སྐོར་གྱིས་གཟིར་བ་ནི། ལག་པ་གཡས་གཡོན་ཐབས་ཤེས་རབ་ཀྱི་རང་བཞིན་དུ་བསམ་སྟེ། ཕུར་པ་འདྲིལ་ཞིང་། ཧཱུྃ། སྲས་མཆོག་བཛྲ་ཀཱི་ལ་ཡ། །ཞེས་པ་ལ་སོགས་པ་བརྗོད་པས། ཕུར་པ་དེ་ལས་ཡེ་ཤེས་ཀྱི་ཕུར་པ་མགར་གྱི་སོལ་མེའི་ཚྭ་ཚྭའི་ཚུལ་དུ་འཕྲོས་པས། དགྲ་བགེགས་ལ་ཕོག་པས་ལུས་ཉམས་ཤིང་མྱོས་ནས་རྣམ་པར་ཤེས་པ་རུལ་རུལ་ཚིག་པར་བསམ་མོ། །ཕུར་པས་བཏབ་སྟེ་བསྒྲལ་བ་ནི། །བཞི་སྙིང་གཅིག་ཏུ་དྲིལ་བའི་སྔགས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྂ་ཧོཿ ཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མ་ར་སེ་ན་ཡ་པྲ་མརྟ་ན་ཡེ། དགྲ་བགེགས་འབྱུང་པོའི་ཙིཏྟ་མཱ་ར་ཡ་ཧཱུྃ་ཕཊ྄། ཅེས་བསྙེན་ཕུར་སྲས་མཆོག་ཏུ་བྱིན་གྱིས་བརླབས་པ་དེ་བཏབ་པས་སྙིང་དཀར་ནག་མཚམས་སུ་སོང་བར་བསམ་ལ་བསྒྲལ་ལོ། །ཐོ་བས་བརྡུངས་ཏེ་བསྒྲལ་བ་ནི། རྡོ་རྗེ་ཐོ་བས་བརྡུང་ཞིང་། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །ཞེས་པ་ལ་སོགས་པའི་ཚིག་དང་། ཁ་ཐཾ་ཁ་ཐཾ། ཞེས་བརྗོད་ཅིང་གཏན་གཏུན་ཐབས་ཤེས་ཀྱི་བར་དུ་དགྲ་བགེགས་བརྡུངས་པས་ལུས་རྡུལ་ཕྲན་བཞིན་དུ་སོང་བར་བསམ་མོ། །གྲིས་གཏུབ་སྟེ་བསྒྲལ་བ་ནི། མཚོན་རྣོན་པོ་ཐོགས་ཏེ། རྡོ་རྗེ་གསང་བའི་བཀའ་ལས་ནི། །ཞེས་པ་ལ་སོགས་པའི་ཚིག་དང་། མ་མ་པ་ཤཾ་ཀུ་རུའི་སྔགས་བརྗོད་དེ། ཉལ་གྱིས་གཏུབས་ཏེ་བསྒྲལ་ལོ། །དབུལ་བ་ནི། ཚོགས་དེ་ཆ་གསུམ་དུ་བགོས་ཏེ། ཆ་གཅིག་གིས་འཕགས་པ་མཆོད། ཆ་གཅིག་རྣལ་འབྱོར་པས་རོལ། ཆ་གཅིག་མཁའ་འགྲོ་མར་སྐྱོང་ངོ་། །འཕགས་པའི་དེ་ལ་གསུམ་དུ་བགོས་ཏེ་གཅིག །དམ་ཚིག་ཆ ེན་པོའི་དུས་ལ་བབ། ཅེས་པ་ལ་སོགས་པའི་སྒོ་ནས་ཞལ་གཡས་དཀར་བ་བཞད་པ་ལ་མཆོད། ཆ་གཅིག །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །ཞེས་པ་ལ་སོགས་པའི་སྒོ་ནས་གཡོན་དམར་བ་ལ་བཤགས་སོ། །ཆ་གཅིག ། སྣང་སྲིད་ཕུར་བུས་གདབ་པའི་ཕྱིར། །ཞེས་པ་ལ་སོགས་པའི་སྒོ་ནས་དབུས་མཐིང་བ་ལ་བསྟབ་པའོ། །ཚོགས་ཀྱི་ཞལ་ཟས་ལས་དངོས་གྲུབ་བླང་བ་ནི། །ༀ་གྱིས་རབ་ཏུ་འབར་བར་བྱ། །ཞེས་པ་ལ་སོགས་པ་བརྗོད་ལ་བླང་སྟེ་རྣལ་འབྱོར་པ་རྣམས་ལྷའི་ང་རྒྱལ་གྱིས་ཚོགས་ལ་རོལ་བར་བྱའོ། །མཇུག་ལྷག་མའི་མཆོད་པ་ལ་གསུམ་སྟེ། བྱིན་གྱིས་བརླབ་པ་དང་། བཞེངས་སུ་གསོལ་བ་དང་། མཆོད་པ་དངོས་སོ། །བྱིན་གྱིས་བརླབ་པ་ནི། ལྷག་མ་གསོག་འཇོག་མེད་པར་བསྡུས་ལ་ཕུད་དང་ལྷག་མའི་དངོས་པོ་དེ་རྣམས་མི་དམིགས་པར་ཧཱུྃ་དུ་བསམ་ལ། དེ་འོད་དུ་ཞུ་བ་ལས་བདུད་རྩིའི་ཆུ་རྒྱུན་དང་། འདོད་ཡོན་གྱི་རོལ་མོ་དང་། ཤ་ཆེན་གྱི་ཕུང་པོ་དང་། ཁྲག་ཆེན་གྱི་རྒྱ་མཚོ་ལ་སོགས་པ་དུར་ཁྲོད་ཀྱི་རྫས་ཀྱིས་སྟོང་གསུམ་གང་བར་གྱུར་པར་བསམ་མོ། །བཞེངས་སུ་གསོལ་བ་ནི། ཧཱུྃ། ཁྲོ་རྒྱལ་ཡེ་ཤེས་ལྔ་ལྡན་འབར་བའི་སྐུར་བསྟན་པ། ཞེས་པ་ལ་སོགས་པ་བརྗོད་ཅིང་ཐུགས་ཞི་བའི་ངང་ལས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནས་འགྲོ་བའི་དོན་ལ་བཞེངས་པར་བསམ་མོ། །མཆོད་པ་དངོས་ལ་གཉིས་ཏེ། ཡར་གྱི་གནས་བདུན་ལ་མཆོད་ཅིང་ཕྲིན་ལས་བཅོལ་བ་དང་། མར་གྱི་གནས་བདུན་ལ་སྦྱིན་ཅིང་ཕྲིན་ལས་བཅོལ་བའོ། །ཡར་གྱི་གནས་བདུན་ནི། གཙོ་བོ་ཡབ་ཡུམ། ཁྲོ་བོ་ཁྲོ་མོ། ཕྲ་མེན། ཤྭ་ན་མ། བསེ་མོ། རེ་མ་ཏི། གིང་སྟེ་དེ་དག་ཀུན་ལ་དམ་ཚིག་ཆེན་པོའི་ཞེས་པའི་བསྐུལ་དང་། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཞེས་པ་ལ་སོགས་པས་སྤྱན་དྲངས་པ་དང་། ཁྱེད་རྣམས་ལ་མཆོད་པ་འབུལ་བ་ཞེས་པ་ལ་སོགས་པས་མཆོད་པ་དང་། མཐོལ་བཤགས་སུ་གསོལ་བ་ནི་ཞེས་པ་ལ་སོགས་པས་བཤགས་པ་བྱ་བ་དང་། ཕྲིན་ལས་སུ་བཅོལ་བ་ནི་ཞེས་པས་ཕྲིན་ལས་བཅོལ་བ་དང་། ལྔ་ལྡན་དུ་ཉམས་སུ་བླང་ངོ་། །མར་གྱི་གནས་བདུན་ལ་སྦྱིན་ཤིང་ཕྲིན་ལས་བཅོལ་བ་ལ་གཉིས་ཏེ། སྔོན་འགྲོ་ཕུད་ལྷག་མཚམས་སྦྱར་བ་དང་། གནས་བདུན་དངོས་སོ། །ཕུད་ལྷག་མཚམས་སྦྱར་བ་ལ་གསུམ་ལས། དང་པོ་མཁའ་འགྲོ་མ་སྤྱན་དྲང་བ་ནི། རྡོ་རྗེ་ལས་ཀྱི་དབང་བསྐུར་བའི་། །ཞེས་པ་ལ་སོགས་པའི་ཚིག་དང་། ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཛཿཛཿ ཞེས་བརྗོད་པས་མ་མོ་རྣམས་བྱ་ནག་ཐང་ལ་བབས་པ་བཞིན་ཐིབས་ཀྱིས་བྱོན་པར་བསམ་མོ། །གཉིས་པ་ཕུད་ལྷག་བསྲེས་ལ་ཁ་ཆུ་གདབ་པ་ནི། གཏོར་མ་དཀྱིལ་འཁོར་གྱི་ཤོད་དུ་ཕབ། ཕུད་ལྷག་རྣམས་བསྲེས་ལ། བདག་ཉིད་ཁྲོ་བོ་ཏཱ་ཀི་རཱ་ཛ་སྐུ་མདོག་དམར་སྐྱ་ཞལ་གཅིག་ཕྱག་གཉིས་པ། གཡས་བ་དན་འཛིན་ཅིང་གཡོན་ཁྱུང་གཤོག་གདེངས་པ་ཞིག་ཏུ་བསྒོམ་པའི་ཡ་རྐན་ཨ་ལས་ཟླ་བའི་གདན་ལ་སྣང་བ་མཐའ་ཡས་ཚོན་གང་བ་གཅིག་བསྒོམ། མ་རྐན་དུ་མ་ལས་ཉི་མའི་གདན་ལ་ཡུམ་གོས་དཀར་མོ་བསྒོམས་ཏེ། སྨན་ཕུད་ཁར་བླུགས་པས་ཡབ་ཡུམ་སྦྱོར་བ་བྱས་པར་བསམ། །མཁའ་དབྱིངས་ཀྱི་ཕྱག་རྒྱ་བཅས་ཏེ་ཁ་ཆུ་ལན་གསུམ་བཏབ་པས། དང་པོས་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་འཕྲོས་ནས་གཏོར་མའི་ཉེས་སྐྱོན་དག་པར་བསམ། ལན་གཉིས་པས་གཏོར་མའི་དངོས་པོ་དུར་ཁྲོད་ཀྱི་རྫས་རྣམས་ཟད་མི་ཤེས་པར་གྱུར་པར་བསམ། གསུམ་པས་ཧྲཱིཿགྲངས་མེད་པ་འཕྲོས་པས་རྟ་མགྲིན་གྲངས་མེད་པར་གྱུར་ཏེ། སླར་གཅིག་ཏུ་འདུས་པ་ལས། ཧྲཱིཿཔདྨནྟ་ཀྲྀ་ཏ་ཧ་ཡ་གྲཱི་ཝ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བརྗོད་པས། རྟ་མགྲིན་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། རྟ་མགོ་ལྗང་གུ། རྔོག་མ་ལེ་བརྒན། དཔྲལ་བ་དཀར་ཞུར་གྱི་རྣམ་པ་ཅན་དུ་བསམ་ལྕགས་སྒྲོག་དང་ཐོ་བ་གཡོན་ན་བསྣམས་པ་ཞིག །སྟེ། ཧྲཱིཿ ཡེ་ཤེས་ཧ་ཡ་གྲཱི་བ་རྟ་མཆོག་དཔལ། །ཞེས་བསྟོད་པས། དེས་མཁའ་འགྲོ་མ་རྣམས་དབང་དུ་བསྡུས་ནས་ཅི་བཅོལ་བའི་ལས་བྱེད་པར་བསམ་མོ། །བར་འདིར་ཕུད་གཏོར་དང་ལྷག་གཏོར་ཡང་བསྲེ་བར་བྱ་སྟེ། དེ་ཡང་ཕུད་གཏོར་ལྷག་གཏོར་དུ་བསྲེ་ན་ནི་རྗེས་འབངས་ཐོག་ཏུ་བབས་པ་ཞེས་བྱ་སྟེ། བཀྲ་ཤིས་ཀྱང་མཐུ་ཆུང་ཞིང་། ལྷག་གཏོར་ཕུད་གཏོར་དུ་བསྲེ་ན་ནི་འབངས་རྗེ་ཐོག་ཏུ་བབས་པ་ཞེས་བྱ་སྟེ། མཐུ་ཆེ་ཡང་བཀྲ་མིི་ཤིས་པས། ཉེས་པ་གཉིས་ཀ་མི་འབྱུང་བར་བྱ་བའི་ཕྱིར་དང་པོར་ཕུད་གཏོར་ནས་གཏོར་ཀྱུ་གཅིག་བླངས་ཏེ་ལྷག་གཏོར་དུ་སྦྲེང་ཞིང་། རྗེས་སུ་ལྷག་གཏོར་མ་ལུས་པ་ཕུད་གཏོར་དུ་བསྲེ་བར་བྱའོ། །གསུམ་པ་དམ་བསྒྲག་ནི། དང་པོ་ཕུད་ཀྱིས་མི་མཆོད་དུ། །ཞེས་པ་ལ་སོགས་པ་བརྗོད་པས། སྔོན་དཔལ་ཆེན་པོའི་སྤྱན་སྔར་ཁས་བླངས་པའི་དམ་ཚིག་རྗེས་སུ་དྲན་ནས་རྣལ་འབྱོར་པས་ཇི་ལྟར་བཅོལ་བའི་ལས་བྱེད་པར་བསམ་མོ། །མར་གྱི་གནས་བདུན་ལ་སྦྱིན་པ་དངོས་ནི། མཁའ་འགྲོ་དང་། གིང་དང་། ལངྐ་དང་། མ་བདུན་སྲིང་བཞི་དང་། འབར་མ་དང་། ཕོ་ཉ་དང་། དབང་མོ་རྣམས་ཏེ། དེ་ལས་ཀྱང་། དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །ཞེས་པ་ལ་སོགས་པའི་བསྐུལ་ཚིག་དང་། བཅོམ་ལྡན་འདས་དཔལ་ཆེན་པོའི་བཀའ་འཁོར་ན་གནས་པའི་ཞེས་པ་ལ་སོགས་པས་སྤྱན་དྲངས་པ། མཆོད་པ་དབུལ་བ། བཤགས་པ། ཕྲིན་ལས་བཅོལ་བ་སྟེ་སྔ་མ་ལྟར་དོན་ལྔ་ལྔས་ཉམས་སུ་བླངས་ཏེ། དགོངས་རྒྱུད་ལས། རང་བཞིན་དཀྱིལ་འཁོར་རྣམ་གསུམ་སྤྱན་དྲངས་ནས། །སྔགས་དང་ཏིང་འཛིན་གཉིས་སུ་མེད་པར་བསྟིམ། །ཕྱི་ནང་གསང་བའི་མཆོད་པ་རྒྱུན་དུ་འབུལ། །ཞེས་སོ། །བསྡུས་དོན་ལ་གཉིས་ལས། མཆོད་པ་ནི། དམ་ཚིག་ཆེན་པོ་ཞེས་པ་ལ་སོགས་པ་དང་། སྔགས་ནི་བཛྲ་ཡཀྴ་ཀྲོ་དྷ། ཞེས་པ་ལ་སོགས་པས་བསྟན་ནོ། །ཚིག་དོན་ནི། དམ་ཚིག་ཆེན་པོ་ཞེས་པ་སྔོན་སེམས་ཅན་གྱི་དོན་བྱེད་པ་ལས་མི་འདའ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། སྤྲུལ་པ་ཆེན་པོ་ནི། དཔལ་ཆེན་པོ་ཡབ་ཡུམ་གྱི་ཐུགས་ལས་སྤྲུལ་པ་སྟེ་ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། ཕྱག་བརྙན་ཆེན་པོ་ནི་རྒྱལ་པོའི་ཕྱག་བརྙན་པ་ལྟར་དཔལ་ཆེན་པོ་ཡབ་ཡུམ་ཁྲོ་བོ་ཁྲོ་མོའི་ལས་བྱེད་པ་སྟེ་ཟ་བྱེད་གསོད་བྱེད་ཉི་ཤུའོ། །ཤྭ་ན་མ་ནི་ཁྱི་ལ་མུ་ཁ་ནི་གདོང་པ་ཅན་ཏེ་ཤྭ་ན་མ་མཆེད་བཞི། འཛམ་བུ་གླིང་ལ་མངའ་མཛད་པས་ན་ས་བདག་ཆེན་མོ་སྟེ་བསེ་མོ་མཆེད་བཞི། སེམས་ཅན་གྱི་སྲོག་དབུགས་ལ་དབང་བྱེད་པས་ན་བདག་ཉིད་ཆེན་མོ་སྟེ་རེ་མ་ཏི་མཆེད་བཞི། མངོན་སྤྱོད་ཀྱི་ལས་ཉེ་བར་བསྒྲུབས་པས་ན་ཁྱེད་ཀྱི་ཕྲིན་ལས་ཏེ་གིང་ཕོ་གསུམ། དེ་དག་ཀུན་ལ་མཆོད་པ་འབུལ་བའི་དུས་ལ་བབ་ཅེས་བྱའོ། །དེ་ལྟར་ཕུལ་ནས་ཅི་བྱེད་ན་ལམ་གྱི་བར་ཆད་སེལ་བ་ལ་སོགས་པའི་མཐུ་རྩལ་དབྱུང་བའི་དུས་ལ་བབ་པ་ཉིད་དོ། །ༀ་བཛྲ་ཡཀྴ་ཀྲོ་དྷ་ནི་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ཞེས་བྱ་སྟེ་ཁ་ཅིག་བདུད་རྩི་འཁྱིལ་བ་ཁོ་ན་ལ་འདོད་མོད་ཀྱི། །འདིར་ནི་གདུག་པ་ཅན་ཚར་གཅོད་པའི་དམ་ཚིག་ཅན་ལ་དངོས་གྲུབ་སྦྱིན་པར་མཛད་པས་ན། ཡེ་ཤེས་ཀྱི་ཁྲོ་བོ་ཀུན་གྱི་ཐུན་མོང་གི་མཚན་ནོ། །ཁཱ་ཧི་ཁཱ་ཧི་ཁཱ་ཧི་ནི་ཞལ་དུ་གསོལ་ཅིག་པ་གསུམ་མོ། །ཧ་ཧ་ཧ་ནི་གསོལ་བས་དགྱེས་པར་གྱིས་ཤིག་པ་གསུམ་མོ། །ཧི་ཧི་ཧི་ནི་དགྱེས་པས་རབ་ཏུ་ཚིམ་པར་གྱིས་ཤིག་པ་གསུམ་ཉིད་དོ། །གལ་ཏེ་མཆོད་པ་ཕུལ་བ་ན་ཡུལ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་ལ་བདག་གིར་མཛད་ཅིང་དགྱེས་པའི་ཐུགས་མངའ་འམ་མི་མངའ། དང་པོ་ལྟར་ན་འཁྲུལ་པའི་ཉེས་པ་མ་ཟད་པར་འགྱུར་ལ། གཉིས་པ་ལྟར་ན་མཆོད་པ་ཕུལ་བ་དོན་མེད་དོ་ཞེ་ན། ལན་ནི། དེ་ལྟ་བུ་མི་མངའ་ན་ཡང་འབུལ་མཁན་གྱི་རྒྱུད་ལ་ཚོགས་ཁྱད་པར་ཅན་རྫོགས་པའི་འབྲས་བུ་དངོས་གྲུབ་རྣམ་པ་གཉིས་རང་རང་གི་སྐལ་བ་དང་འཚམས་པར་འབྱུང་བ་ཡིན་ཏེ། དཔེ་ནོར་བུ་ལ་རྟོག་པ་མེད་ཀྱང་རྒྱལ་མཚན་གྱི་རྩེ་ལ་བཏགས་ཏེ་མཆོད་པ་བྱས་པས་རང་རང་གི་སྐལ་བ་དང་འཚམས་པའི་དགོས་འདོད་འབྱུང་བ་བཞིན་ནོ། །བསྙེན་པ་འབུལ་བའི་རིམ་པ་ལའང་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་གསུམ་ལས། བསྙེན་པའི་རང་བཞིན་ནི་འདོད་པའི་ལྷ་ལ་མངོན་པར་འདོད་པའི་དོན་ལ་ཉེ་བར་འཇུག་པས་སྙན་གསན་འབེབས་པའི་ཁྱད་པར་གྱི་མིང་དོན་ནོ། །ལྷག་པར་ཐུགས་རྒྱུད་བསྐུལ་བར་བྱེད་པས་སྙིང་པོ་ཞེས་བྱ། དེ་ཡང་ནན་ཏན་གྱི་ཚུལ་དུ་བསྐྱར་ཞིང་བརྗོད་པས་ན་བཟླས་པ་ཞེས་བྱ། དེ་ཉིད་ཀྱིས་ལྷག་པའི་ལྷ་དང་ཐུགས་ཉེ་ཞིང་མཛའ་བར་བྱེད་པས་ན་འཛབ་ཅེས་བྱའོ། །དབུལ་བའི་ཐབས་ལ་གཉིས་ཏེ། བསྙེན་པ་མ་རྫོགས་བར་གྱི་ཆོ་ག་སྤྱི་ཡི་རྣམ་པར་བཞག་པ་དང་། བསྙེན་པ་ཉམས་སུ་བླང་བའི་ཐབས་དངོས་སོ། །དང་པོ་ནི། ནུབ་དང་པོ་བསྙེན་པ་ཟུག་ནས་མཐར་མ་ཕྱིན་གྱི་བར་དུ་དུས་བཞིར་ཕྲིན་ལས་གཞུང་བསྲང་ཞིང་ཚོགས་བྱ། ཉིན་མོའི་དུས་དུ་འཛབ་བསྐུལ་ཞིང་བྱིན་དབབ། སྲོད་ཚོགས་ཐོན་ནས་རྟགས་གདབ། གཏོར་མ་གསར་རྙིང་བསྲེས་སྤོས་ལ་ལྷག་ཆོག་བྱ། ཚེ་བཀུག་ལ་དབང་བསྐུར་རོ། །དེ་རྣམས་ནི་བསྙེན་སྒྲུབ་གང་གི་སྐབས་ཡིན་ཡང་མི་འགྱུར་ཏེ། དེ་ལྟར་ཉམས་སུ་བླང་བར་བྱའོ། །བསྙེན་པ་དངོས་ལ་གཉིས་ཏེ། སྟོད་ལས་ཀྱི་དབང་དུ་བསྙེན་པ་རང་རྐྱང་པ་དང་། སྨད་ལས་དང་འབྲེལ་ནས་བསྙེན་པ་ཡོངས་རྫོགས་སོ། །དང་པོ་ལ་གཉིས་ཏེ། རྫོགས་རིམ་དང་སྦྱར་ནས་དང་། །བསྐྱེད་རིམ་ལ་སྦྱར་བའོ། །རྫོགས་རིམ་དུ་བཟླས་པ་ལ་བཞི་སྟེ། འཛབ་ཁང་དབྱེ་བ། འཛབ་བཟླ་བ། འཛབ་བསྐུལ་བ། འཛབ་ལ་བསྟོད་པའོ། །འཛབ་ཁང་དབྱེ་བ་ནི། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ཞེས་པའི་ཚིག་བཞི་པའོ། །བར་དུ་འཛབ་བཟླ་བ་ནི། སྐྱེ་མེད་བདེ་ཆེན་ཁྲོ་བོའི་བཟླས་པ་ཞེས་བྱ་སྟེ། ལུས་ལྷའི་འཁོར་ལོ་དཀྱིལ་ཁོར་གསུམ་གྱི་ང་རྒྱལ་གྱིས། ངག་སྔགས་ཀྱི་འཁོར་ལོ་ཀཱི་ལ་ཡ་འབྲུ་བཅུ་བཞི་ཁོ་ན་བཟླས་ཤིང་། སེམས་ཆོས་ཉིད་ཀྱི་འཁོར་ལོ་རྣམ་པར་མི་རྟོག་པའི་ངང་ལ་འཇོག་པའོ། །དེ་ཡང་སྤྲོ་བསྡུ་དང་ཏིང་ངེ་འཛིན་བྱར་མེད་དོ། །མི་རྟོག་པའི་ངང་ལས་བཟླས་པའི་སྒྲ་བྲག་ཆ་བཞིན་གྲགས་སྟོང་དབྱེར་མེད་དུ་ཟློས་པའོ། །བསྐུལ་ནི། ༀ། དུས་གསུམ་རྒྱལ་བའི་རང་བཞིན་སྐུ་གསུང་ཐུགས། །ཞེས་པ་ལ་སོགས་པའོ། །བསྟོད་པ་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་པ་ལ་སོགས་པའོ། །བསྐྱེད་རིམ་དང་སྦྱར་ནས་ཉམས་སུ་ལེན་ན། འཛབ་ཁང་དབྱེ། འཛབ་བཟླ་བ་ནི་བདག་རྡོ་རྗེ་གཞོན་ནུ་སུམ་བརྩེགས་པའི་ངོ་བོར་གསལ་ཞིང་། མདུན་དུ་སྲས་མཆོག་ཞལ་ནང་དུ་གཟིགས་པར་གསལ་བ་ལས། བདག་སུམ་བརྩེགས་ཁྲོ་བོ་གོ་ཚོགས་དང་བཅས་པས་སྔགས་བཟླས་པས་ཐུགས་ཀའི་ཧཱུྃ་ལས་ཡིག་འབྲུ་འོད་ཟེར་གྱི་ཚུལ་དུ་བྱུང་བས་མཐའ་བསྐོར་གྱི་ཡིག་འབྲུ་བརྒྱུད། རྡོ་རྗེའི་ཁོང་སེང་ནས་ཐོན། ཡེ་ཤེས་སེམས་དཔའི་སྤྱི་གཙུག་ནས་ཐོན། ཕྱི་རིན་པོ་ཆེའི་གནམ་སྐར་ནས་ཐོན། ངག་ལམ་ནས་ཕར་འཕྲོས་པས་སྲས་མཆོག་གི་སྐུ་གསུང་ཐུགས་ལ་ཐིམ། མཉེས་པའི་མཆོད་པ་ཕུལ། སྲས་མཆོག་གི་ངག་ལམ་ནས་ཚུར་འཕྲོས། བདག་ལ་ཕོག་པས་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ཏེ་དེ་ཁོ་ན་བཞིན་དུ་འཁོར་བར་བསམ། དེ་ནི་མགལ་མེ་ཀླད་ལ་བསྐོར་བའི་ཚུལ་དུ་བཟླས་པའོ། །ཡང་བདག་ཁྲོ་བོའི་གོ་ཚོགས་དང་བཅས་པས་སྔགས་བཟླས་པས་ལྷ་ཚོགས་ཐམས་ཅད་ཀྱང་དི་རི་རི་ཟློས་པར་བསམ་སྟེ་ཀཱི་ལ་ཡའི་སྒྲ་བསྐལ་པའི་འབྲུག་ལྟར་གྲགས་པར་བསམ་མོ། །དེ་ནི་བུང་བ་ཚང་ཞིག་པའི་ཚུལ་དུ་བཟླས་པའོ། །ཡང་བདག་ཁྲོ་བོ་གོ་ཚོགས་དང་བཅས་པའི་སྔགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་བདེ་བར་གཤེགས་པ་ཐམས་ཅད་ལ་ཕོག་པས་མཉེས་པའི་མཆོད་པ་ཕུལ། ཁམས་གསུམ་གྱི་སེམས་ཅན་ལ་ཕོག་པས་སྒྲིབ་པ་སྦྱངས་ཏེ་ཐར་པའི་ས་ལ་བཀོད། དགྲ་བགེགས་རྣམས་ལ་ཕོག་པས་བྱ་སྒྲོ་མེས་བཤུར་བ་བཞིན་དུ་བརླག་པར་བསམ་མོ། །དེ་ནི་མགར་གྱི་ཚྭ་ཚྭ་འཕྲོ་བའི་ཚུལ་དུ་བཟླས་པའོ། །དེ་རྣམས་ལ་བཟླ་ཐབས་གསུམ། བཟླ་ཚུལ་གསུམ། བཟླ་བའི་དུས་གསུམ་མོ། །བཟླ་ཐབས་ནི། ཀཱི་ལ་ཡ་ཆོས་ཉིད་དང་སྦྱར་ཏེ་བཟླ་བ་དང་། ལྷ་དང་སྦྱར་ཏེ་བཟླ་བ་དང་། ངན་སྔགས་དང་སྦྱར་ཏེ་བཟླ་བའོ། །བཟླ་ཚུལ་གསུམ་ནི། མགལ་མེ་ཀླད་ལ་བསྐོར་བའི་ཚུལ་དུ་བཟླ་བ་དང་། བུང་བ་ཚང་ཞིག་པའི་ཚུལ་དུ་བཟླ་བ་དང་། ལྕགས་ཀྱི་ཚྭ་ཚྭ་འཕྲོ་བའི་ཚུལ་དུ་བཟླའོ། །བཟླ་དུས་གསུམ་ནི། ཆོས་ཉིད་དང་སྦྱར་བའི་དུས་སུ་བུང་བ་ཚང་ཞིག་པའི་ཚུལ་དུ་བཟླ། ལྷ་དང་སྦྱར་བའི་དུས་སུ་མགལ་མེ་ཀླད་ལ་སྐོར་བའི་ཚུལ་དུ་བཟླ། ངན་སྔགས་དང་སྦྱར་བའི་དུས་སུ་ལྕགས་ཀྱི་ཚྭ་ཚྭ་འཕྲོ་བའི་ཚུལ་དུ་བཟླའོ། །བསྐུལ་ནི། དབུས་ཕྱོགས་འཁོར་ལོ་འབར་བ་ལ་སོགས་པའོ། །བསྟོད་པ་མཐུན་ནོ། །དེ་ལྟར་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པའི་རྟགས་ནི། རབ་ཀཱི་ལ་ཡའི་སྐུ་དངོས་སུ་སྟོན་པ་དང་། འབྲིང་ཕུར་པ་འཁྲོལ་བ་དང་། རྩེ་འཕྱོང་བྱེད་པ་འོང་། ཐ་མ་ཡང་འོད་དང་། མེ་སྟག་དང་། སྒྲ་འབྱུང་ངོ་། །རྨི་ལམ་དུ་ཡང་། ཉི་ཟླ་རང་ལས་ཤར་བ་དང་། ནམ་མཁའ་ལ་འཕུར་བ་དང་། མཚོན་རྣོན་པོས་ཐོགས་པ་མེད་པར་གཅོད་པ་དང་། མེ་ཏོག་གི་ཆར་བབ་པ་དང་། པོ་ཏིའི་ཆར་བབ་པ་དང་། ལུང་སྟོན་པ་འོང་ངོ་། །དེ་ཡང་། རྟགས་དང་མཚན་མ་བསྟན་པ་དང་། །ཞེས་སོ། །སྨད་ལས་དང་འབྲེལ་ནས་བསྙེན་པ་ཡོངས་རྫོགས་ཉམས་སུ་ལེན་པ་ལ་གསུམ་སྟེ། ཡེ་ཤེས་ལྷ་ཉེ་བར་བསྙེན་པ། དམ་ཅན་ཉེ་བར་བསྙེན་པ། ངན་སྔགས་ཉེ་བར་བསྙེན་པའོ། །ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་ནི་གོང་དུ་སྨོས་པ་ཁོ་ན་བཞིིན་ཏེ། ཁྱད་པར་དུ་བསྐྱེད་རིམ་དུ་བཟླས་པ་དང་འབྲེལ་ལོ། །དམ་ཅན་ཉེ་བར་བསྙེན་པ་ནི་དེ་ལྟར་ཡེ་ཤེས་ལྷའི་བསྙེན་པ་རྫོགས་པའི་རྗེས་སུ་འབྱུང་སྟེ། ཆོ་ག་སྤྱིའི་རྣམ་གཞག་ལ་ཁྱད་མེད། འཛབ་ནི་གཞི་སྙིང་གཅིག་ཏུ་དྲིལ་བ་ཁོ་ན་བཟླའོ། །དེ་ལ་ལྔ་སྟེ། དང་པོ་འཛབ་ཁང་དབྱེ། བར་དུ་འཛབ་བཟླ་སྟེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྂ་ཧོཿ ཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མཱ་ར་སེ་ན་པྲ་མརྔྷ་ན་ཡེ་དགྲ་བགེགས་སརྦ་བིགྷྣཱན་བཾ་ཧཱུྃ ཕཊ྄་ཅེས་ཟློས་ཤིང་། དམ་ཅན་རྣམས་ཤ་རུལ་ལ་སྦྲང་མ་འདུ་བ་བཞིན་ཐིབ་ཐིབ་བྱོན་པར་བསམ་མོ། །བསྐུལ་ནི་སྐབས་འདིར་དམ་ཅན་ཁོ་ན་བསྐུལ་ལོ། །བསྟོད་པ་འདྲའོ། །རྟགས་ནི་རབ་ཕུར་པའི་སྲུང་མའི་སྐུ་དངོས་སུ་སྟོན། འབྲིང་དངོས་གྲུབ་ཀྱི་རྟགས་སྟོན། ཐ་མ་དགྲའི་སྙིང་ཕྱུང་བའམ། བླ་ཁྲིད་པའམ། དངོས་སུ་གསོད་པ་འབྱུང་། དེ་ལྟར་དམ་ཅན་ལ་རྟགས་ཐོན་པ་དང་ངན་སྔགས་ཉེ་བར་བསྙེན་པར་བྱ་སྟེ་ཆོ་ག་སྤྱིའི་རྣམ་གཞག་ལ་ཁྱད་མེད། སྔགས་ནི་སྔགས་དྲུག་ཁོ་ན་བཟླ་སྟེ། དེ་ལ་ཡང་ལྔ་། འཛབ་ཁང་དབྱེ། འཛབ་བཟླ་བ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྂ་ཧོཿ ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ྄། ཨ་བེ་ཤ་ཡ། ཨ་བེ་ཤ་ཡ་ཧཱུྃ་ཕཊ྄། ཤཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ྄། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ྄། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄། བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ྄། དགྲ་བགེགས་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄། ཅེས་ཟློས་ཤིང་ལྷ་འདྲེ་དབང་དུ་བསྡུས། སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པར་བསམ་ཞིང་བཟླའོ། །བསྐུལ་ནི། སྐབས་འདིར་འདོད་པའི་དོན་ལ་གསོལ་བ་གདབ་བོ། །བསྟོད་པ་འདྲའོ། །རྟགས་ནི་རབ་དགྲ་བོའི་སྙིང་ཕྱུང་བ་དང་། འབྲིང་དགྲ་བོ་དངོས་སུ་ཁྲིད་ནས་བྱུང་བ་དང་། ཐ་མ་དགྲ་བོའི་བླ་བསད་པ་དང་། གཞན་ཡང་རྨི་ལམ་དུ་རྒྱ་མཚོ་ཧུབ་ཀྱིས་འདེབས་པ་དང་། རི་རབ་རྒྱང་མར་འཕེན་པ་དང་། ཉི་ཟླ་སྤར་བས་འཛིན་པ་ལ་སོགས་པ་འབྱུང་སྟེ། དགོངས་རྒྱུད་ལས། བསྙེན་སྒྲུབ་ཆོ་ག་ཚང་བྱས་ན། །འཛབ་གྲངས་བདུན་འབུམ་ཉི་ཁྲི་འདོན། །བཟླས་བརྗོད་ཉིན་མཚན་རྒྱུན་མི་གཅོད། །རྟགས་དང་མཚན་མ་འབྱིན་པ་དང་། །གདབ་པའི་དུས་ལ་བབ་པར་ཤེས། །ཞེས་སོ། །ཁྱད་པར་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་ཐེམས་པར་འགྱུར་བའི་དུས་དང་གྲངས་ཀྱི་ཚད་ཀྱང་དེ་ཉིད་ལས། ཡུན་ནི་ལོ་ཟླ་ཙམ་དུ་བསྲིང་། །གྲངས་ནི་བྱེ་བ་བདུན་འབུམ་བཟླ། །ཞེས་སོ། །བསྡུས་དོན་ལ་གསུམ་ལས། གཙོ་བོ་བསྐྱེད་པའི་སྐབས་ཀྱི་ༀ་བཛྲ་ཀཱི་ལི་ཞེས་པ་ལ་སོགས་པ་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ། འོག་གདབ་ལས་ཀྱི་སུར་ཕུག་ཏུ་འདེབས་པའི་སྐབས་ཀྱི་ཀ་ཏཾ་ཀ་ཡེ་ཞེས་པ་ལ་སོགས་པ་དང་སྦྲེལ་བས་དམ་ཅན་ཉེ་བར་བསྙེན་པ། ལས་དྲུག་གི་སྐབས་ཀྱི་ཧ་ས་ཡ་ར་ཧ་ས་ཡ་ར་ལ་སོགས་པ་དང་སྦྲེལ་བས་ངན་སྔགས་ཉེ་བར་བསྙེན་པ་བསྟན་ཏོ། ཚིག་དོན་ནི། འབྲུ་བྱིན་རླབས་ཉམས་པར་འགྱུར་བས་མི་བཤད་གསུངས་ཀྱང་གནས་སྐབས་གཞན་དུ་ཤེས་པར་འགྱུར་རོ། །གཉིས་པ་སྟོད་ལས་དང་འབྲེལ་ཏེ་བསྙེན་པ་དང་། དབང་བསྐུར་བ་དང་། རྗེས་གསུམ་ནི། བསྒྲུབས་པའི་དོན་ཡལ་བར་མི་གཏོང་བའི་ཕྱིར་དངོས་གྲུབ་བླང་བ་དང་། འཁོར་མོས་པ་ཅན་སྨིན་པར་བྱས་པའི་ཕྱིར་དབང་བསྐུར་བ་དང་། སྒྲུབ་པ་མཐར་ཕྱིན་པར་བྱ་བའི་ཕྱིར་མཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། དངོས་གྲུབ་ཀྱི་རྟེན་ཞལ་ཟས་གསོག་པ་དང་། བར་ཆད་བསལ་བའི་ཕྱིར་མཚམས་བཅད་པ་དང་། བསྐུལ་ཚིག་གི་སྒོ་ནས་དངོས་གྲུབ་བླང་བ་དངོས་སོ། །དང་པོ་དངོས་གྲུབ་ཀྱི་རྟེན་ཞལ་ཟས་བསག་པ་ནི། མར་དང་ཟན་ལ་སོགས་པ་སྟེ་དཀར་བའི་རྣམ་པ་ཤར་དུ། ཁུར་བ་དང་ཤིང་ཐོག་ལ་སོགས་པ་སྟེ་སེར་བའི་རྣམ་པ་ལྷོར། ཤ་ལ་སོགས་པ་དམར་བ་ནུབ། །ཆང་ལ་སོགས་པ་སྔོ་བའི་རྣམ་པ་བྱང་དུ་བསག །རས་གསར་པས་ཁ་བཅད། ཧྲཱིཿའམ་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ་བོ། །བར་ཆད་བསལ་བའི་ཕྱིར་མཚམས་བཅད་པ་ནི། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཞེས་པ་ལ་སོགས་པ་དང་། ཧཱུྃ་བཞི་པ་དང་། ཁྲོ་བོ་བཅུའི་སྔགས་ཀྱིས་བགེགས་བསྐྲད་དོ། །བསྐུལ་ཚིག་གི་སྒོ་ནས་དངོས་གྲུབ་བླང་བ་དངོས་ལ་གཉིས་ཏེ། ཡེ་ཤེས་ལྷ་ལས་བླང་བ་དང་། །མཚན་མ་རྫས་ལས་བླང་བ་ནི། །ལྷ་ལས་བླངས་པའི་རྗེས་ལ་དངོས་གྲུབ་ཀྱི་ཆང་དེ་ནས་སྣོད་ཆེ་བ་གཅིག་ཏུ་བླུགས་ཏེ་བདུད་རྩི་བཏབ་ལ། ཚུལ་བཞིན་བྱིན་གྱིས་བརླབས་ཏེ་སྨན་མཆོད་རྒྱས་པ་གཅིག་བྱ། ངག་ཏུ་ཀཱི་ལ་ཡ་བརྒྱ་རྩ་བརྒྱད་བཟླས་པས་སྐྱེས་ལན་གྱི་ཚུལ་དུ་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་ནས་འོད་ཟེར་དཀར་དམར་མཐིང་ག་གསུམ་བྱུང་སྟེ་ཛ་གད་ཀྱི་སྣོད་དུ་བབས། དེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་རྟགས་སུ་ཡི་གེ་ༀ་ཨཱཿཧཱུྃ་གསུམ་དུ་གྱུར་པར་བསམ་མོ། །དེ་ནས་ལྟ་བ་འཕང་དམས་ཀྱི་བཤགས་པ་བྱས་ལ། མུ་ཏིག་དཀར་པོ་དྲི་མེད་དང་ལ་སོགས་པས། དངོས་གྲུབ་ཚུལ་བཞིན་བླངས་ཏེ། ལྷག་མ་ཆང་དང་སྦྱར་ལ་རྣལ་འབྱོར་པ་རྣམས་རོལ་ལོ། །དེ་ཡང་བཛྲ་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཞེས་སོ། །གལ་ཏེ་མངོན་པར་འདོད་པའི་དངོས་གྲུབ་འདི་རང་ལས་སམ། འོན་ཏེ་གཞན་ལས་ཐོབ་པར་བྱེད་པ་ཡིན། །དང་པོ་ལྟར་མི་རིགས་ཏེ། རང་གཅིག་པུ་ལ་ཐོབ་བྱ་ཐོབ་བྱེད་གཉིས་འགལ་བའི་ཕྱིར་རོ། །གཉིས་པ་ལྟར་ཡང་མི་རིགས་ཏེ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཁོ་ན་ལས་གཞན་མ་གྲུབ་པའི་ཕྱིར་རོ་ཞེ་ན། ལན་ནི། རང་གིས་རང་གི་སེམས་ཀྱི་ཆོས་ཉིད་ཡང་དག་པ་རྟོགས་པར་བྱ་བ་ལ་མཆོག་གི་དངོས་གྲུབ་ཅེས་ཐ་སྙད་དུ་བྱས་ཤིང་། དེ་ཉིད་མ་རྟོགས་རིང་དུ་བདག་གཞན་དུ་སྣང་ཞིང་ཞེན་པ་མེད་པའི་རྟགས་མ་གྲུབ་པ་ཡིན་ནོ། །འཁོར་མོས་པ་ཅན་སྨིན་པར་བྱ་བའི་ཕྱིར་དབང་བསྐུར་བ་ལ་ལྔ་སྟེ། གང་གིས་བསྐུར་བའི་མཁན་པོ་དང་། །གང་ལ་བསྐུར་བའི་ཡུལ་དང་། ཅིའི་ཕྱིར་བསྐུར་བའི་དགོས་པ་དང་། གང་བསྐུར་བའི་དབང་དང་། ཇི་ལྟར་བསྐུར་བའི་ཐབས་སོ། །གང་གིས་བསྐུར་བའི་མཁན་པོ་ནི། རྡོ་རྗེ་སློབ་དཔོན་མཚན་ཉིད་ལྔ་དང་ལྡན་པ་སྟེ། རྒྱུད་སྡེ་མཐའ་དག་ལ་མཁས་པ། ཏིང་ངེ་འཛིན་ལས་སུ་རུང་བ། དབང་ཐོབ་པ། གསང་ཐུབ་པ། ཐུགས་རྗེ་ཆེ་བའོ། །དེ་ཡང་ཀཱི་ལ་ཡ་བཅུ་གཉིས་པ་ལས། བློ་ཡངས་རྒྱུད་ལ་གོམས་པ་དང་། །ཏིང་འཛིན་ལས་སུ་རུང་བ་དང་། །ཕྱག་ན་རྡོ་རྗེའི་སྡེ་སྣོད་ལ། །སོམ་ཉི་མེད་ཅིང་ཐེ་ཚོམ་སྤངས། །གསང་བ་སྦས་པའི་ཐབས་མཆོག་རྣམས། །སྣོད་ངན་དག་ལ་མི་སྤེལ་ཞིང་། །གསང་བའི་དབང་མཆོག་ཐོབ་པ་ངེས། །ཞེས་སོ། །གང་ལ་བསྐུར་བའི་ཡུལ་ཡང་སློབ་མ་མཚན་ཉིད་དྲུག་དང་ལྡན་པ་སྟེ། གང་ཞེ་ན། རྐྱེན་ཐུབ་པ། བློ་བརྟན་པ། དམ་ཚིག་ལ་གནས་པ། བློ་སྦྱངས་པ། དེས་ཤིང་འཇམ་པ། ཟབ་མོའི་དོན་ལ་མི་སྐྲག་པ་སྟེ། དེ་ཉིད་ལས། རྐྱེན་ཐུབ་མི་ལྡོག་དམ་ཚིག་གནས། །ཤེས་རབ་གསུམ་ལ་བློ་སྦྱངས་ནས། །མན་ངག་ལུང་ལ་རྟག་པར་དགའ། །དེས་ཤིང་འཇམ་ལ་སྙན་པར་སྨྲ། །ཐབས་དང་ཤེས་རབ་ཟབ་མོའི་དོན། །གཉིས་མེད་དོན་ལ་མི་སྐྲག་ཅིང་། །སློབ་དཔོན་ངག་ལ་ཁུར་བྱེད་པ། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །དེ་ལ་དབང་བསྐུར་དཀྱིལ་འཁོར་བྲི། །ཞེས་སོ། །གང་བསྐུར་བའི་དབང་ནི་གཉིས་ཏེ། ཁྱད་པར་དང་ཐུན་མོང་ངོ་། །ཁྱད་པར་ནི་ཕུར་པའི་དབང་ལ་སོགས་པ་བཅུའོ། །ཐུན་མོང་ནི་ཇི་ལྟར་འདོད་པའོ། །ཅིའི་ཕྱིར་བསྐུར་བའི་དགོས་པ་ནི། ཨ་བྷི་ཥེ་ཀ་ཏའི་སྒྲ་ལས་དྲངས་ན་མ་དག་པ་དག་པར་བྱེད་པའི་ཕྱིར་ན་དབང་སྟེ། སློབ་བུའི་རྒྱུད་ཀྱི་སྒྲིབ་པ་ཅི་རིགས་སུ་དག་པར་བྱེད་པའི་དགོས་པ་ཡོད་དོ། །ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་མ་སྨིན་པ་སྨིན་པར་བྱེད་པའི་ཕྱིར་ན་དབང་སྟེ། སློབ་མའི་རྒྱུད་མཚུངས་ལྡན་དང་བཅས་པ་དེ་མ་སྨིན་པར་གནས་པ་ལ་སློབ་དཔོན་གྱིས་དབང་བསྐུར་བའི་སྒོ་ནས་ནུས་པ་མཐུ་ཅན་དུ་བྱས་ཏེ། སློབ་བུའི་རྒྱུད་སྨིན་པར་བྱེད་པའི་དགོས་པ་ཡོད་དོ། །གལ་ཏེ་དབང་གིས་སློབ་མའི་རྒྱུད་དག་ཅིང་སྨིན་པར་བྱེད་ནུས་ན་ད་གྲོལ་བའི་ལམ་བསྒོམ་ཅི་དགོས་ཞེ་ན། འདིས་རྣམ་པར་གྲོལ་བའི་ལམ་ཉམས་སུ་བླང་དུ་མི་རུང་བའི་སྣོད་ཀྱི་དྲི་མ་འདག་ཅིང་། དེ་ཉིད་ཀྱིས་ལམ་ཉམས་སུ་ལེན་པའི་སྐལ་བ་ཅན་དུ་འགྱུར་པས་ན་སྣོད་སྨིན་པར་བྱེད་པའི་ཆོ་ག་ཞེས་བྱའོ། །དེས་གྲོལ་ལམ་བསྒོམ་མི་དགོས་པའི་ཁྱབ་པ་མ་གྲུབ་པ་ཡིན་ནོ། །ཇི་ལྟར་བསྐུར་བའི་ཐབས་ལ་དྲུག་སྟེ། རྡོ་རྗེ་སློབ་དཔོན་གྱིས་བགེགས་བསྐྲད་པ་དང་། སློབ་མས་དབང་བསྐུར་བར་ཞུ་བ་འབུལ་བ་དང་། སློབ་དཔོན་གྱིས་གནང་བ་སྦྱིན་པ་དང་། སློབ་མས་མེ་ཏོག་འབུལ་བ་དང་། །སློབ་དཔོན་གྱིས་དབང་རྫས་བྱིན་གྱིས་བརླབ་པ་དང་། སློབ་བུ་གྲལ་ལ་འདུག་སྟེ་དབང་བསྐུར་བ་དངོས་སོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་གྱིས། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཞེས་པ་ལ་སོགས་ཁྲོ་བོ་བཅུའི་སྔགས་ཀྱིས་བགེགས་བསྐྲད་དོ། །སློབ་མས་ཞུ་བ་དབུལ་བ་ནི། ཕྱག་སྔོན་དུ་འགྲོ་བས། སློབ་དཔོན་དམ་པ་དགོངས་སུ་གསོལ། །ཞེས་པ་ལ་སོགས་པོའི་སྒོ་ནས་ཞུ་བ་འབུལ་བའོ། །སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། མཆོག་ཏུ་གསང་བའི་ཆོས་ཉིད་ཅེས་པ་ལ་སོགས་པའི་སྒོ་ནས་དབང་གང་འདོད་པ་བསྐུར་བར་གནང་བ་སྦྱིན་ནོ། །སློབ་མས་མེ་ཏོག་དབུལ་བ་ནི། བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་པ་ལ་སོགས་པའི་སྒོ་ནས་ཞུ་བའི་ཡོན་རྣམས་དབུལ་ལོ། །སློབ་དཔོན་གྱིས་དབང་རྫས་བྱིན་གྱིས་བརླབ་པ་ནི། ཕུར་པ། ཚེ། བུམ་པ། མར་མེ། གཏོར་མ་རྣམས་ནི་དགོད་པའི་ཚེ་བྱིན་གྱིས་བརླབས་ཡོད་པས་འདིར་བརླབ་མི་དགོས་ཤིང་། ཞལ་ཟས་ནི་དངོས་གྲུབ་བསྟིམས་པ་ཉིད་བྱིན་གྱིས་བརླབས་པ་ཡིན་པས་ལོགས་སུ་མི་དགོས་ཤིང་། དབུ་རྒྱན་དང་ཅོད་པན་གཉིས་སྭཱ་ལས་རིན་ཆེན་འབྱུང་ལྡན་དུ་བསྐྱེད། རྡོ་རྗེ་ཧཱ་ལས་དོན་ཡོད་གྲུབ་པར་བསྐྱེད། དྲིལ་བུ་ཨཱྂཿལས་སྣང་བ་མཐའ་ཡས་སུ་བསྐྱེད་དོ། །ཐུན་མོང་གི་དབང་གཞན་འདོད་ན་ཡང་དབང་རྫས་ཚུལ་བཞིན་དུ་བྱིན་གྱིས་བརླབས་པའོ། །དབང་བསྐུར་བ་དངོས་ནི། དལ་གྱི་ནུབ་ཕྱོགས་སུ་ཁྲི་ཆེན་པོ་བཤམས་ཏེ། རྡོ་རྗེ་སློབ་དཔོན་བཞུགས་ལ་དབང་རྫས་མདུན་དུ་བཤམ། སློབ་བུ་རྣམས་གྲལ་རིམ་མེ་ཏོག་བོར་བ་བཞིན་དུ་འདུག་པ་ལ་དབང་བསྐུར་ཏེ། དེ་ཡང་དབང་རྫས། བསྐུར་བའི་གནས། བསྒྲག་པའི་ཚིག །བརྗོད་པའི་སྔགས། དགོངས་པ། སྙན་པའི་སྒྲ་དཀྲོལ་ཞིང་བཀྲ་ཤིས་བརྗོད་པའོ། །དང་པོ་བར་ཆད་བསལ་བའི་ཕྱིར། ཕུར་པའི་དབང་བསྐུར་ཏེ། དབང་རྫས་ནི་ལྷ་ཕུར་རྣམས་གཅིག་ཏུ་བསྡུས་པའོ། །བསྐུར་བའི་གནས་ནི་ལག་པ་ལའོ། །དགོངས་པ་ནི་རྡོ་རྗེ་གཞོན་ནུ་ལྷ་ཚོགས་རྣམས་སློབ་བུ་ལ་བསྟིམས་པས་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པའི་དབང་ཐོབ་པར་བསམ་ཞིང་སྨོན་ལམ་བྱའོ། །བུམ་པའི་དབང་གི་རྫས་ནི་བུམ་པ་ལྔ་གཅིག་ཏུ་བསྡུས་ཏེ་གཙོ་བོའི་བུམ་པས་དབང་བསྐུར་རོ། །གནས་ནི་མགོ་བོ་ལ། དགོངས་པ་ནི་ཡེ་ཤེས་ལྔ་ཡི་དབང་ཐོབ་པར་བསམ་མོ། །ཚེའི་དབང་གི་རྫས་ནི་ཚེ་བུམ་རྟེན་དང་བཅས་པའོ། །གནས་ནི་མགོ་ལའོ། །དགོངས་པ་ནི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་བྲལ་བར་བསམ་མོ། །དབུ་རྒྱན་གྱི་དབང་རྫས་ནི། དབུ་རྒྱན་དངོས། གནས་ནི་མགོ་བོའོ། །དགོངས་པ་ནི་རིགས་ལྔའི་དབང་ཐོབ་པར་བསམ་མོ། །ཅོད་པན་གྱི་དབང་རྫས་ནི་དར་མཐིང་ནག་གི་ཅོད་པན་ནོ། །གནས་ནི་མགོ་ལའོ། །དགོངས་པ་ནི་སྲིད་པ་གསུམ་དུ་གྲགས་ཤིང་ཆོས་ཀྱི་རྒྱལ་སྲིད་ལ་མངའ་བརྙེས་པར་བསམ་མོ། །རྡོ་རྗེའི་དབང་རྫས་ནི་རྡོ་རྗེའོ། །བསྐུར་གནས་ཐུགས་ཀའོ། །དགོངས་པ་ནི། བདེ་བར་གཤེགས་པའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པར་བསམ་མོ། །དྲིལ་བུའི་དབང་རྫས་ནི་དྲིལ་བུ་དང་ལྡན་པའོ། །གནས་མགྲིན་པར་རོ། །དགོངས་པ་ནི། དེ་གཞིན་གཤེགས་པའི་གསུང་གི་དབང་ཐོབ་སྟེ་ཁམས་གསུམ་དུ་ཟབ་མོའི་ཆོས་ཀྱི་སྒྲ་སྒྲོགས་པར་བསམ་མོ། །མར་མེའི་དབང་རྫས་ནི་མར་མེ་དངོས་སོ། །གནས་སྙིང་གའོ། །དགོངས་པ་ནི་བདེ་བར་གཤེགས་པའི་ཐུགས་ཡེ་ཤེས་དང་ལྡན་པར་བསམ། གཏོར་མའི་དབང་རྫས་སྒྲུབ་པའི་གཏོར་མའོ། །གནས་མགོ་ལའོ། །དགོངས་པ་ནི་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པའི་དབང་ཐོབ་པར་བསམ་མོ། །ཞལ་ཟས་ཀྱི་དབང་རྫས་ནི་དངོས་གྲུབ་ཀྱི་ཞལ་ཟས་ཟླ་གམ་མོ། །གནས་ཁ་ལའོ། །དགོངས་པ་ནི་འདོད་ཡོན་ལྔ་ལ་ལོངས་སྤྱོད་ཅིང་། མི་ཟད་པའི་གཏེར་དང་ལྡན་པར་བསམ་མོ། །དེ་དག་གི་ཚིག་དང་སྔགས་ལས་བྱང་ནས་བྱུང་བ་བཞིན་ནོ། །བར་བར་དུ་སྙན་པའི་སྒྲ་དཀྲོལ་ཞིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དོ། །དབང་གཞན་ནི་ཅི་རིགས་པར་སྦྱར་རོ། །དེ་ནས་རྣལ་འབྱོར་པ་རྣམས་དངོས་གྲུབ་ཀྱི་ཞལ་ཟས་ལ་རོལ་པར་བྱའོ། །དེ་ཡང་། དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་སོ། །སྒྲུབ་པ་མཐར་ཕྱིན་པར་བྱ་བའི་ཕྱིར་མཇུག་བསྡུ་བ་ལ་དྲུག་སྟེ། མཁའ་འགྲོ་མ་མཉེས་པར་བྱ་བའི་ཕྱིར་གཏོར་མ་གཏོང་བ། རྟག་པའི་མཐའ་བསལ་བའི་ཕྱིར་དལ་བསྡུ་བ། ལྷག་ཆད་བསྐང་བའི་ཕྱིར་བཤགས་པ། བར་ཆད་བསལ་བའི་ཕྱིར་བྲོ་བརྡུང་བ། འདོད་པའི་དོན་བསྒྲུབ་པའི་ཕྱིར་སྨོན་ལམ་གདབ་པ། བཀྲ་ཤིས་པར་བྱ་བའི་ཕྱིར་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པའོ། །དང་པོ་མཁའ་འགྲོ་མ་མཉེས་པར་བྱ་བའི་ཕྱིར་གཏོར་མ་གཏོང་བ་ནི། སྨན་རཀ་སྦྲེང་ཞིང་ཡར་གྱི་གནས་བདུན་མཆོད་དེ། གཏོར་མ་དལ་གྱི་ཤོད་དུ་ཕབ་ལ་ཕུད་ལྷག་བསྲེའོ། །དེ་ནས་མར་གྱི་གནས་བདུན་ལ་སྦྱིན་ཞིང་ཕྲིན་ལས་བཅོལ། ཕྱི་རོལ་དུ་གཏོར་མ་ཁྱེར་ལ་བརྟན་མ་བསྐྱང་ཞིང་གཏོར་ཟློག་བྱའོ། །རྟག་པའི་མཐའ་བསལ་བའི་ཕྱིར་དལ་བསྡུ་བ་ནི། ནང་དུ་ལོག་ལ། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་པ་ལ་སོགས་པའི་ཚིག་དང་། ༀ་བཛྲ་མུཿཞེས་པས། ཡེ་ཤེས་ཀྱི་དལ་སྤྱན་དྲངས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་ལོ། །དམ་ཚིག་གི་དལ་ཧཱུྃ་བཅུ་གཅིག་གིས་བསྡུ་སྟེ། ཧཱུྃ་ཞེས་དང་པོ་གཞལ་ཡས་ཁང་འོད་དུ་ཞུ་ནས་སྒོ་མ་བཞི་ལ་ཐིམ། གཉིས་པས་ལྷ་ཚོགས་རྣམས་ཀྱང་སྒོ་མ་ཁྲོ་མོ་བཅུ་ལ། གསུམ་པས་ཁྲོ་མོ་ཁྲོ་བོ་ལ། །བཞི་པས་ཡབ་རྣམས་གཙོ་བོའི་ཡུམ་ལ། ལྔ་པས་ཡུམ་ཡང་ཡབ་ལ། དྲུག་པས་ཡབ་ཡེ་ཤེས་སེམས་དཔའ་ལ། བདུན་པས་ཡེ་ཤེས་སེམས་དཔའ་ཧཱུྃ་ལ། བརྒྱད་པས་ཧཱུྃ་གི་ཞབས་ཀྱུ་ལ། དགུ་པས་འ་ཧ་ལ། བཅུ་པས་ཧ་ཟླ་ཚེས་ལ། བཅུ་གཅིག་པས་ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ཡང་ཇེ་ཆུང་ཇེ་ཆུང་ལ་སྟོང་པར་བསྒོམ་མོ། །དེ་ནས་སྔགས་བརྗོད་པ་ཙམ་གྱིས་བདག་ཉིད་ལས་ཀྱི་རྡོ་རྗེ་གཞོན་ནུ་བསྒོམ་མོ། །གལ་ཏེ་ལྷག་པའི་ལྷ་བསྐྱེད་ཅིང་སྤྱན་དྲངས་པ་དང་། བསྡུ་ཞིང་གཤེགས་སུ་གསོལ་བ་ལ་སོགས་པ་དག་འབྲས་བུ་བདེ་བར་གཤེགས་པ་ཉིད་དང་རྗེས་སུ་མཐུན་པའི་སྣང་བ་ཡིན་ནམ། གདུལ་བྱ་ལམ་པ་དང་རྗེས་སུ་མཐུན་པའི་སྣང་བ་ཡིན་དྲང་། དང་པོ་ལྟར་ན་བདག་གཞན་འགྲོ་འོང་ཚིག་མྱོང་ལ་སོགས་ཡོད་པའི་ཕྱིར་སངས་རྒྱས་ཀྱི་བར་འཁྲུལ་པའི་ཉེས་པ་མ་ཟད་པར་འགྱུར་ལ། གཉིས་པ་ལྟར་ན་བསྐྱེད་ཅིང་སྤྱན་དྲངས་པ་ལ་སོགས་ཀྱིས་ཉེ་བར་བསྙེན་ཅིང་དགྱེས་པས་ཚོགས་ཡོངས་སུ་རྫོགས་པ་བཞིན་དུ། བསྡུ་ཞིང་གཤེགས་སུ་གསོལ་བ་ལ་སོགས་ཀྱིས་རིང་དུ་སྤངས་ཤིང་ཐུགས་དང་འགལ་བ་ཉིད་ཀྱིས་སྡིག་ཏུ་འགྱུར་རོ། །རྟགས་ཐ་སྙད་པའི་ཚད་མས་གྲུབ་ལ། ཁྱབ་པ་མ་གྲུབ་ན་གདུལ་སྣང་མཐུན་པ་ཉམས་སོ་ཞེ་ན། ལན་ཕྱི་མ་དང་མཐུན་ཡང་བསྡུ་གཤེགས་སྡིག་ཏུ་འགྱུར་བའི་ཁྱབ་པ་མེད་དེ། གཅེས་པའི་ནོར་ལྐོག་ཏུ་སྦས་པ་དང་མགྲོན་བཟང་པོ་བཀྱེ་བ་དེ་དང་མི་འགལ་བ་བཞིན་ནོ། །ལྷག་ཆད་བསྐང་བའི་ཕྱིར་བཤགས་པ་བྱ་བ་ནི། བསྒྲུབ་པའི་སྔགས་བཟླས་ནོར་བ་དང་། ཏིང་ངེ་འཛིན་སྒོམ་ནོར་བ་དང་། ཡོ་བྱད་ཚུལ་བཞིན་དུ་མ་བཤམས་པ་རྣམས་བཤམས་ཏེ་བཤགས་པ་གང་ཡང་རུང་བ་བརྗོད་དོ། །བར་ཆད་བསལ་བའི་ཕྱིར་བྲོ་བརྡུང་བ་ནི། གཏོར་གཞོང་དག་ལེགས་པར་བཤལ་ཏེ་ཁ་སྦུབས་ལ། རྣལ་འབྱོར་པ་རྣམས་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ཏེ་དལ་གྱིས་མཐའ་ལ་བསྐོར་ཞིང་བྲོ་བརྡུང་། དེ་ཡང་དབང་དྲག་གིས་སྣ་དྲངས་ལ། ཞི་རྒྱས་ལ་མཐའ་གཏད་དོ། །འདོད་པའི་དོན་སྒྲུབ་པའི་ཕྱིར་སྨོན་ལས་གདབ་པ་ལ་བཞི་སྟེ། ཧོ། དགོངས་སུ་གསོལ་ཞེས་པ་ལ་སོགས་པའི་སྨོན་ལམ་གྱི་སྒོ་ནས་བཤགས་པ་བྱ། སྨོན་ལམ་གྱི་སྒོ་ནས་ཕྲིན་ལས་བཅོལ། སྨོན་ལམ་གྱི་སྒོ་ནས་དངོས་གྲུབ་གསོལ། །སྨོན་ལམ་གྱི་སྒོ་ནས་སྨོན་ལམ་གདབ་པའོ། །རྣལ་འབྱོར་པ་བཀྲ་ཤིས་པར་བྱ་བའི་ཕྱིར་བཀྲ་ཤིས་བརྗོད་པ་ནི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་པ་ལ་སོགས་པ་བཀྲ་ཤིས་གང་ཡང་རུང་བ་བརྗོད། དེ་ནས་ལྷ་དང་དམ་ཅན་རྣམས་དགྱེས་པར་བྱ་བའི་ཕྱིར་ཞག་གཅིག་གནས་བསྲུང་། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མི་ཡལ་བར་བྱ་བའི་ཕྱིར་ཞག་གསུམ་དུ་མི་ལ་ཕྱག་མི་བཙལ་ལོ། །དེ་ཡང་། སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །ཞེས་སོ། །དེ་རྣམས་ནི་སྟོད་ལས་དང་འབྲེལ་བའོ། །དོན་གྱི་སྒྲུབ་པ་ཆ་གསུམ་དུ་གནས་ཏེ་བསྙེན་པར་རང་རྐྱང་པ། བསྙེན་པ་དབང་དང་འབྲེལ་པ། སྨད་ལས་ཀྱི་མགོ་ནོན་དུ་བསྙེན་པ་ཡོངས་རྫོགས་སུ་ཉམས་སུ་བླང་བ་ནི། ཞིབ་ཏུ་བླ་མའི་ཞལ་ལས་ཤེས་པར་བྱའོ། ༈ །སྨད་ལས་དུག་ཕུར་ནག་པོའི་ལས་བྱང་ལ་བརྟེན་ནས་དགྲ་བགེགས་ཚར་བཅད་པ་ལ་གཉིས་ལས། དང་པོ་སྒྲུབ་པ་ཐུན་མོང་གི་གཞི་ནི་ཕལ་ཆེར་སྔར་བསྟན་ཟིན་ལ། བྱེ་བྲག་འཁོར་ཕུན་སུམ་ཚོགས་པར་དྲག་པོ་བརྟུལ་ཞུགས་ཀྱི་འཁོར་མེད་ཐབས་མེད་ཅིང་། གཞན་གསུམ་མེད་ཀྱང་ཆོག །གཉིས་པ་ཁྱད་པར་གྱི་ཆོས་ལ་གསུམ་སྟེ། བསྙེན་པ་གསུམ་ལ་རྟགས་ཐོན་ནས་དངོས་གྲུབ་ཀྱི་བཅུད་བླང་བ་དང་། མནན་བསྲེག་འཕང་གསུམ་གྱིས་ལས་ཀྱི་ཁ་བསྐང་བ་དང་། གསོ་བ་རྣམ་པ་གསུམ་གྱིས་ལས་ཀྱི་མཇུག་བསྡུ་བའོ། །དང་པོ་ནི། སྟོད་ལས་སུ་བསྙེན་པ་ཡོངས་རྫོགས་ཀྱི་སྒོ་ནས་རྟགས་ཐོན་པ་དེས། སྟོད་ལས་ཀྱི་སྒྲུབ་པ་བསྡུས་ཏེ་ཞག་འགའ་ངལ་གསོ་ནས། སྨད་ལས་ཀྱི་ཞལ་འབྱེད་པའོ། །དང་པོ་ལ་གསུམ་སྟེ། བསྙེན་པ་དང་། སྒྲུབ་པ་དང་། ལས་སྦྱོར་རོ། དང་པོ་ནི་སྨད་ལས་ཀྱི་མགོ་ནོན་དུ་ཡེ་ཤེས་ཀྱི་ལྷ་དང་དམ་ཅན་གྱི་བསྙེན་པ་ཁ་གསོ་བ་སྟེ། འདིར་ནི་ཉི་ཤུ་རྩ་གཅིག་ནས་དགུ་སྟོང་གི་བར་དུ་བསྙེན་སྒྲུབ་ལས་སྦྱོར་ཚར་གཅིག་རྫོགས་པར་བྱ་བ་ལས། ཁྱད་པར་དུ་ནུབ་དང་པོ་ལ་ཡེ་ཤེས་ལྷའི་བསྙེན་པ་བྱ་ཞིང་། གཉིས་པ་ལ་དམ་ཅན་གྱི་བསྙེན་པ་བྱས་ལ། གསུམ་པ་ནས་བསྒྲུབ་པར་བྱ་བའི་ཐབས་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ནི། ལས་དྲུག་ལ་དྲུག་དྲུག་སུམ་ཅུ་རྩ་དྲུག་ཏུ་ཉམས་སུ་བླང་སྟེ། དེ་ཡང་ནུབ་དང་པོ་ལ་ལྷ་དང་ཕྲལ། གཉིས་པ་ལ་གཟུགས་ལ་དབབ། གསུམ་པ་ལ་བྱད་དུ་གཞུག །བཞི་པ་ལ་སྨྱོ་རུ་གཞུག །ལྔ་པ་ལ་གཏུན་དུ་བརྡུང་། དྲུག་པ་ལ་ཞལ་དུ་བསྟབ་པ་སྟེ། དགོངས་རྒྱུད་ལས། ལུས་ལ་ལྷ་དབྲལ་གནས་ནས་དགུག །རྣམ་ཤེས་ལུས་བསྟིམ་བྱད་དུ་གཞུག །སྨྱོ་འབོག་ཐལ་བར་བརླག་པར་རྡེག །ཕུང་པོ་ཞལ་དུ་བསྟབ་དང་དྲུག །རེ་རེ་ལ་ཡང་དྲུག་དྲུག་སྟེ། །ཞེས་སོ། །དེ་རེ་རེ་ལ་ཡང་བསྐུལ། འཕྱང་། རྫས། སྔགས། ཕྱག་རྒྱ། ཏིང་ངེ་འཛིན་དང་དམོད་མོ་སྟེ་དྲུག་དྲུག་གོ། །དེ་ཉིད་ཉམས་སུ་ལེན་པ་ན་སྒྲུབ་པའི་རྣམ་བཞག་སྟོད་ལས་བཞིན་བྱ་སྟེ། དུས་དྲུག་གི་འཕྱང་དང་རྫས་ལ་བསྙེན་པའི་དོན་དུ་བྱ་བ་ལས། དང་པོ་ལྷ་དང་དབྲལ་བའི་བསྐུལ་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་པ་དང་། འཕྱང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རྫས་ནི། གུ་གུལ་ཚིལ་ཆེན་ཁྱི་ལུད་ཀྱིས་བདུག་གོ། །སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ྄། ཅེས་སོ། །ཕྱག་རྒྱ་ནི། ལག་ཏུ་གུ་གུལ་ཐོགས་པས་ལིངྒ་བདུག་གོ། །ཏིང་ངེ་འཛིན་ནི། བདག་དལ་གསུམ་ལས་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་ནས་དགྲ་བགེགས་དེའི་འགོ་བའི་ལྷ་དང་ཕྲལ་ནས་སྐྱེས་བུ་ལྕེ་བཅད་པ་བཞིན་དུ་སོང་བར་བསམ་མོ། །བཅོམ་ལྡན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས་དགྲ་བགེགས་འདི་འགོ་བའི་ལྷ་དང་ཕྲོལ་ཅིག་ཅེས་པའི་དམོད་མོ་ཡང་བྱའོ། །གཉིས་པ་གཟུགས་ལ་དབབ་པའི་བསྐུལ་ནི། སྤྲུལ་པ་ཆེན་པོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །འཕྱང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས་ལ་སོགས་པ་ཚིག་གཉིས་འགྲེ། ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཞེས་སོ། །རྫས་ནི་ཉུངས་ཀར་གྱི་ཆར་དབབ་པའོ། །སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ྄། ཅེས་སོ། །ཕྱག་རྒྱ་ནི་རྡོ་རྗེ་བསྡམ་པའི་ཕྱག་རྒྱ་བཅས་ལ། ཐོག་ནས་མར་འབེབས་པའི་ཚུལ་དུ་བྱའོ། །ཏིང་ངེ་འཛིན་བདག་དལ་གསུམ་ལས་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་ལུས་རྟེན་མལ་དང་བཅས་པ་བཀུག་ནས་ལིངྒ་བསྟིམ་པར་བསམ་མོ། །དགྲ་བགེགས་འདིའི་གཟུགས་ལ་ཕོབ་ཅིག་ཅེས་དམོད་མོ་ཡང་བྱའོ། །གསུམ་པ་བྱད་དུ་གཞུག་པའི་བསྐུལ་ནི། ཕྱག་བརྙན་ཆེན་པོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་སོ། །འཕྱང་ནི་དངོས་གྲུབ་འགྲེ། ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །ཞེས་སོ། །རྫས་ནི་ཚོན་སྣ་ལྔས་བཅིངས་སོ། །སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ྄། ཅེས་སོ། །ཕྱག་རྒྱ་ནི་ལིངྒ་འཆིང་བ་ལྟར་བྱའོ། །ཏིང་ངེ་འཛིན་ནི་དལ་གསུམ་ལས་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་ནས་དགྲ་བོའི་ཡན་ལག་གྲུ་གུ་ཐུལ་དུ་བཅིངས་པར་བསམ་མོ། །དགྲ་བགེགས་འབྱུང་པོ་བྱད་དུ་ཆུག་ཅེས་པའི་དམོད་མོ་ཡང་བྱའོ། །བཞི་པ་སྨྱོ་རུ་གཞུག་པའི་བསྐུལ་ནི། ཤྭ་ན་མུ་ཁའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །འཕྱང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཅེས་སོ། །རྫས་དུག་གཏོར་དང་། སྡིགས་ཕུར་རོ། །སྔགས་ནི་དགྲ་བགེགས་ཛྭ་ལ་པ་ཡ། ཛྭ་ལ་པ་ཡ་ཧཱུྃ་ཕཊ྄། ཅེས་སོ། ཕྱག་རྒྱ་ནི་དུག་གཏོར་བླུགས་པ་ལྟར་བྱ་ཞིང་སྡིགས་ཕུར་འདྲིལ་བ་ལྟར་བྱའོ། །ཏིང་ངེ་འཛིན་ནི་དགྲ་བོ་སྨྱོ་ཞིང་འབོགས་པར་བསམ་མོ། །དགྲ་བགེགས་འབྱུང་པོ་སྨྱོར་ཆུག་ཅིག་ཅེས་པའི་དམོད་མོ་ཡང་བྱའོ། །ལྔ་པ་གཏུན་དུ་བརྡུང་བའི་བསྐུལ་ནི། ས་བདག་ཆེན་པོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །འཕྱང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཞེས་སོ། །རྫས་ནི་རྡོ་རྗེའི་ཐོ་བའོ། །སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ་ཅེས་སོ། །ཕྱག་རྒྱ་ནི་ཐོ་བས་བརྡུང་བ་ལྟ་བུར་བྱའོ། །ཏིང་ངེ་འཛིན་དལ་གསུམ་ལས་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་ནས་དགྲ་བགེགས་དེའི་ལུས་རྡུལ་ཕྲན་བཞིན་བརླག་པར་བསམ་མོ། །དགྲ་བགེགས་འབྱུང་པོ་རྡུལ་དུ་རློག་ཅིག་ཅེས་པའི་དམོད་པ་ཡང་བྱའོ། །དྲུག་པ་ཞལ་དུ་བསྟབ་པའི་བསྐུལ་ནི། བདག་ཉིད་ཆེན་པོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །འཕྱང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ཞེས་སོ། །རྫས་ནི་བྲ་མའི་ཧོམ་ཆག་གང་བརྩིགས་པ་བྱས་ལ་ལིང་ཆུང་གཅིག་ལ་སྦྱིན་སྲེག་ཚུལ་བཞིན་བྱའོ། །སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ཡ་དགྲ་བགེགས་བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ྄། ཅེས་སོ། །ཕྱག་རྒྱ་ནི་ལིང་རོ་དང་གཏོར་མ་རྣམས་ལྷ་ཚོགས་པ་ལ་སྟོབ་པ་ལྟར་བྱའོ། །ཏིང་ངེ་འཛིན་དལ་གསུམ་ལས་ཁྲོ་ཆུང་དཔག་ཏུ་མེད་པ་བྱུང་ནས་དགྲ་བགེགས་ཀྱི་རུས་པ་ཤ་ཁྲག་རྣམས་རྗེས་ཤུལ་ཡང་མེད་པར་གསོལ་བའི་ཚུལ་དུ་མཛད་པར་བསམ་མོ། །དགྲ་བགེགས་འབྱུང་པོ་ཞལ་དུ་བསྟབ་བོ་ཞེས་དམོད་མོ་ཡང་བྱའོ། །དངོས་སུ་ཞལ་དུ་སྟོབ་པ་ནི་གཅིག་ཀུན་གྱི་མཇུག་ལ་གདགས་པའི་ཚེ་བྱེད་པ་ཡིན་ནོ། །བསྡུས་དོན་ལ་གསུམ་ལས། དང་པོ་བསྐུལ་ཚིག་ལ་གཉིས་སུ་གནས་པ་ལས། ཁྱེད་ཀྱི་དམ་ཚིག་ཅེས་པ་ལ་སོགས་པ་ནི་སྤྱི་བསྐུལ་ལས་དམ་ཚིག་ཆེན་པོ་ལ་སོགས་པ་ནི་སྒོས་བསྐུལ་ལོ། །དེ་བཞིན་དུ་གཉིས་པ་གདགས་པའི་འཕྱང་ལ་ཡང་གཉིས་སུ་སྣང་བས། དངོས་གྲུབ་བར་ཆད་བྱེད་པའི་ཞེས་པ་ལ་སོགས་པ་ནི་སྤྱི་འཕྱང་། གྲོགས་དང་བྲལ་བར་གྱིས་ལ་སོགས་པ་ནི་སྒོས་འཕྱང་ངོ་། །གསུམ་པ་གབ་པའི་སྔགས་ནི་ཧ་ས་ཡ་ར་ལ་སོགས་པའོ། །ཚིག་དོན་ནི་གདུལ་བྱ་གདུག་པ་ཅན་ལ་མངོན་སྤྱོད་ཀྱི་ལས་བྱ་བ་ལས་མི་འདའ་བའི་དམ་ཚིག་ཆེན་པོས་དགྲ་བགེགས་འགོ་བའི་ལྷ་དང་དབྲལ་བའི་དུས་ལ་བབ། དེ་ཡང་རང་གི་གནས་ནས་འགུགས་པ་ལ་ཁྲོ་བོའི་སྤྲུལ་པ་ཆེན་པོ་རྣམས་ཀྱིས་ཀུན་ནས་བསྒྲལ་བྱའི་ཤེས་པ་གཟུགས་ལ་དབབ་པའི་དུས་ལ་བབ། དེ་ཡང་རྒྱལ་པོའི་ཕྱག་བརྙན་ཏེ། གཤེད་མ་ལྟ་བུས་བྲོས་དབང་མེད་པར་ཚོན་སྐུད་ཀྱིས་བྱད་དུ་གཞུག་ཅིང་བཅིངས་པའི་དུས་ལ་བབ། དེ་ཡང་ཤྭ་ན་མུ་ཁ་སྟེ་དུག་ཆུས་སྨྱོ་ནས་རང་དབང་མེད་པར་སྨྱོར་གཞུག་པའི་དུས་ལ་བབ། དེ་ཡང་ས་ཆེན་པོ་ལ་གནས་པའི་རྡུལ་ཕྲན་ལྟར་ཕྱེ་མར་བརླག་པར་བྱ་བའི་ཕྱིར་གཏུན་དུ་བརྡུང་བའི་དུས་ལ་བབ། དེ་ཡང་དྲག་པོ་མངོན་སྤྱོད་ཀྱི་བདག་ཉིད་ཆེན་མོ་ཁྲོ་མོ་དབྱིངས་ཕྱུག་མ་རྣམས་ཀྱི་ཞལ་དུ་བསྟབ་པའི་དུས་ལ་བབ། ཐམས་ཅད་དུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་ཀྱིས་དགྲ་བགེགས་འདི་དག་བསྒྲལ་བའི་དུས་ལ་བབ། དེ་སྙོམས་ལས་དང་ཕྱིར་བཤོལ་མ་མཛད་པར་ཉིད་ཀྱི་ནུས་པ་དང་མཐུ་རྩལ་ཅི་ཡོད་པ་ད་ལྟ་ཉིད་དུ་དབྱུང་བའི་དུས་ལ་བབ་ཅེས་བྱ་ཞིང་། མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ལ་བར་ཆད་བྱེད་པའི་དགྲའམ་བགེགས་ལུས་བདུད་དང་སྲིན་པོ་ལྟར་གདུག་པའི་ཆ་ལུགས་སུ་གནས་ཤིང་སེམས་ཅན་གཞན་ལ་གནོད་པའི་སྦྱོར་བ་ལ་ཞུགས་པས་ན་སྡང་སེམས་དང་ལྡན་པ་གང་ཡིན་པ་རྣམས། གྲོགས་ནི་དགྲ་བགེགས་གང་ཞིག་ལ་སྐྱོབ་པར་བྱེད་པའི་འགོ་བའི་ལྷ་ལྔ་སྟེ་དགྲ་ལྷ། སྲོག་ལྷ། མ་ལྷ། ཞང་ལྷ། ཡུལ་ལྷ་རྣམས་དང་བྲལ་ཏེ་བརྟེན་པའི་སྐྱབས་མེད་པར་གྱིས་ཤིག །བསྒྲལ་བྱའི་ཤེས་པ་ལིངྒ་ལ་ཕབ་ལ་ཕུར་བུ་དང་ཡུངས་ཀར་གྱིས་སྐད་ངན་དང་བཅས་ཏེ་རྣམ་པར་གཟིར་བར་གྱིས། དེ་ཡང་བཏང་སྙོམས་མ་ཡིན་པར་རིངས་པར་རང་གི་གནས་མལ་དང་བཅས་པར་ཁུག་ལ། སྙིང་ལྕགས་ཀྱུས་ཟུང་ཞིང་ཚོན་སྐུད་ཀྱིས་གྲུ་གུ་ཐུལ་དུ་རྣམ་པར་ཆིངས། དུག་ཆུས་སྨྱོ་ནས་རང་དབང་མེད་པར་ཐོལ་ཐོལ་སྨྲར་ཆུག་ཅིག །རྡོ་རྗེའི་ཐོ་བས་མགོ་ནས་རྒྱོབ་ཅིག །དེའང་ཡང་དག་ཏུ་བསྣུན་ཏེ་ལུས་ཐམས་ཅད་ཕྱེ་མར་གཏོགས་ཤིག །དལ་གསུམ་དུ་བསྒོམ་པའི་རྣལ་འབྱོར་པ་ངའི་དབང་དུ་བསྒྲལ་བྱ་དེ་གྱུར་ནས་ནི་ཕྱིས་བར་ཆད་མི་བྱེད་པའི་ཕྱིར་དུ་སྒྲུབ་པ་པོ་བདག་དང་བྱང་ཆུབ་ཀྱི་ལམ་ལ་ཞུགས་པ་ཀུན་གྱི་ཡང་བསྒོ་བའི་བཀའ་རྣམས་ཇི་ལྟར་བསྒོ་བ་རྣམས་ཉན་པར་གྱིས་ཤིག་པའོ། །ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ་ནི་ཐབས་ཤེས་རབ་ཐ་དད་དུ་ཕྲོལ་ཅིག་པའོ། །ཨཱ་བེ་ཤ་ཡ་ཨཱ་བེ་ཕྱུང་། །ཤ་ཡ་ཧཱུྃ་ཕཊ་ནི་ཕོབ་ཅིག་ངེས་པར་ཕོབ་ཅིག་པ། ཤཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ་ན་ཆིངས་ཤིག་ངེས་པར་ཆིངས་ཤིག་པ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ྄་ནི་སྨྱོར་ཆུག་ཅིང་ངེས་པར་སྨྱོར་ཆུག་ཅིག་པའོ། །ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄་ནི་རྟོགས་ཤིག་ངེས་པར་རྟོགས་ཤིག་པའོ། །བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ་ནི་རྣམ་པར་ཟུང་ཞིག་རྣམ་པར་ཟུང་ཞིག་པའོ། །ལས་སྦྱོར་གྱི་སྒོ་ནས་དངོས་གྲུབ་བླང་བ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་གཉིས་ཏེ། དགྲ་ལས་བླང་བ་དང་། ལྷ་ལས་བླང་བའོ། །དང་པོ་དགྲ་ལས་བླང་བ་ནི། ཕུར་པ་གདབ་པ་སྟེ། དེ་ལ་གཉིས། རིམ་གྱིས་གདབ་པ་དང་། སུར་ཕུག་ཏུ་གདབ་པའོ། །དང་པོ་ལ་ལྔ་སྟེ། ཚེ་ལུང་ཁྲུས་ལུང་གི་དགོངས་པས་ཐལ་ཕྱུང་དུ་གདབ་པ་དང་། སྒོ་མ་བཞིའི་ཕུར་པ་ལུས་ཀྱི་མཚོ་བཞི་ལ་གདབ་པ་དང་། ཡུམ་བརྒྱད་ཀྱི་ཕུར་པ་ལུས་ཀྱི་རྟེན་བརྒྱད་ལ་གདབ་པ་དང་། ཁྲོ་བོ་བཅུའི་ཕུར་པ་རྣམ་པར་ཤེས་པ་ཚོགས་བརྒྱད་ལ་གདབ་པ་དང་། ཡུམ་གཉིས་ཀྱི་ཕུར་པ་དགེ་སྡིག་ཆ་མཉམ་སྟེ་གདབ་པའོ། །དེ་རེ་རེ་ལ་བཞི་ཀུན་གྱི་མགོ་ལ་གདགས་པ་དང་། གསུམ་ཀུན་གྱི་ཁོང་ཁྲར་གཏོང་བ་དང་། གཅིག་ཀུན་གྱི་གཞུག་ལ་གདགས་པའོ། །མགོ་ལ་གདགས་པ་ནི། ལྷ་དང་དབྲལ་བ། གཟུགས་ལ་དབབ་པ། བྱད་དུ་གཞུག་པ། སྨྱོར་གཞུག་པའོ། །ཁོང་དཀྱུས་སུ་གཏོང་བ་གསུམ་ནི་གཏུན་དུ་བརྡུང་བ་དང་། མཚོན་གྱིས་གཏུབ་པ། ཐུན་གྱིིས་བྲབ་པའོ། །གཅིག་མཇུག་ལ་གདགས་པ་ན་ཞལ་དུ་བསྟབ་པའོ། །དེ་ལ་དང་པོ་ཚེ་ལུང་ཁྲུས་ལུང་གི་དགོངས་པས་ཐལ་ཕྱུང་དུ་གདབ་པ་ནི། སྐབས་དེར་ཏིང་ངེ་འཛིན་གསལ་གདབ། དམ་ཅན་བསྐུལ། ཕོ་ཉ་བཏང་། དཔང་གཟུག །ཕུར་བསྐོར་བྱའོ། །དེའི་དུས་སུ་གསལ་བ་གསུམ་དང་ལྡན་པར་བྱ་སྟེ། བདག་ཀུ་མ་རར་གསལ་བ་དང་། ཕུར་པ་ཡཀྴ་མེ་དབལ་དུ་གསལ་བ་དང་། ལིངྒ་དགྲ་བགེགས་དངོས་སུ་གསལ་བའོ། །དེ་ཡང་བདག་ཀུ་མཱ་རར་མ་གསལ་ན་རང་ལ་ལྡོག །ཕུར་པ་ཡཀྴ་མེ་དབལ་དུ་མ་གསལ་ན་གཟས་པ་པོ་ལ་མི་ཚུགས་ཏེ་རྡུགས་པ་ཉིད་དུ་འགྱུར་ལ། ལིངྒ་དགྲ་བགེགས་དངོས་སུ་མ་གསལ་ན་གཞན་དམིགས་ཡུལ་མ་ཡིན་པ་ལ་འབྱམས་སོ། །དེ་ནས་སྲས་མཆོག་གི་ཕུར་པ་ལག་ཏུ་བླངས་ཏེ། བསྐུལ་ཚིག་ནི་དམ་ཚིག་ཆེན་པོའི་དུས་ལ་སོགས་པ་དང་། བདག་ཅག་རིག་འཛིན་སྒྲུབ་པ་སོགས་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་པ་ཡན་ཆད་བརྗོད་ལ་ཕུར་པ་དེ་སྐུ་རི་རབ་ལྟར་བརྗིད་ཆེ་བར་བསམ། དེའི་སྟེང་དུ་ཁྲོ་བོ་ཆེན་པོ་ཧཱུྃ་ཀ་ར་བསྒོམ། དེའི་སྟེང་དུ་ཨ་དཀར་པོ་དཔག་ཏུ་མེད་པར་བསམ། དེ་ནས་ངག་ཏུ་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ༀ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན། མོ་ཧ་གྷཱ་ཏ་ཡ། བྷ་ག་ཝཱ ན་ཧྲཱིཿཀྲི་བི་ཀྲི་བཛྲ་ཧཱུྃ་ཀ་ར་ཧཱུྃ་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བྂ་ཧོཿ སརྦ་བིགྷྣཱན་བཾ་ཧཱུྃ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ྄། བཛྲ་ཧཱུྃ་ཀ་ར་ཧཱུྃ་ཨ་ཞེས་བརྗོད་པས་ཨ་དེ་རྣམས་འོད་དུ་ཞུ་སྟེ་ཧཱུྃ་ཀ་ར་ལ་ཐིམ། ཧཱུྃ་ཀ་ར་འོད་དུ་ཞུ་བ་ལས་ཡེ་ཤེས་ཀྱི་ཆུ་རྒྱུན་བྱུང་སྟེ། ཕུར་པ་ལ་དཀར་ཞལ་བཏང་བ་ལྟར་གྱུར་ནས་སྒྲིབ་པ་བྱང་བར་བསམ། དེའི་འོད་གཟས་པ་པོ་ལ་ཐིམ་པས་སྒྲིབ་པ་བྱང་། གཟས་པ་པོ་དེ་བསྒྲལ་བའི་སྣོད་རུང་བར་བྱས་པར་བསམ་པ་ནི་ཁྲུས་ལུང་ངོ་། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄། ཅེས་བརྗོད་ཅིང་། ཕུར་པ་དེ་ལིངྒའི་སྙིང་ལ་སླེབ་པར་བཏབ་པས་སྒོ་ལྔའི་རྣམ་ཤེས་སྦྲའི་ཆོན་ཐག་བཞིན་ཕུར་པ་ལ་འདུས་པར་བསམ་མོ། །དེ་ནི་བྱུང་ཚོར་གྱི་སྒོ་བཀག་པའོ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཅེས་བརྗོད་པས་ཕུར་པའི་རྩེ་མོ་ལ་གཟས་པ་པོའི་ཡིད་ཀྱི་རྣམ་ཤེས་དང་ཉོན་མོངས་པ་ཅན་གྱི་ཡིད་གཉིས་འདུས་པ་ལ་རྡོ་ཚན་ལ་ཆུ་འདུས་པ་ལྟར་ཏོག་གིས་སྐམ་པར་བསམ་མོ། །དེ་ནི་ཉམས་པ་རྩད་ནས་གཅོད་པའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ། ཞེས་བརྗོད་པས་ཀུན་གཞིའི་རྟེན་སྙིང་དམར་པོ་གུར་ཕུར་པ་འདྲ་བའི་ནང་ན་སྲོག་ཁྲག་གི་རླངས་པ་ལྟ་བུའི་ནང་ཚེ་བལ་རྒྱ་ལྟ་བུ་གནས་པའི་ནང་ན་ཀུན་གཞིའི་རྣམ་པར་ཤེས་པ་དངུལ་ཆུའི་ཞུན་མ་ལྟ་བུ་ལ་ཁོའི་བཀྲག་དང་གཟི་མདངས་ཐམས་ཅད་འདུས་ནས། ཕུར་པའི་རྩེ་མོར་བླངས་པར་བསམ་ལ་ཕུར་པ་བཏོན་ཏེ་རང་གི་སྙིང་གར་བསྟན་ནས་འདྲིལ་ཞིང་། ༀ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་པས་ཁོའི་བཀྲག་དང་གཟི་མདངས་ཐམས་ཅད་བདག་ལ་ཐིམ་སྟེ། མེ་འབར་བ་ལ་མགར་བས་བསྐུལ་བ་བཞིན་དུ་བདག་ཉིད་བཀྲག་དང་གཟི་མདངས་དང་ལྡན་པར་བསམ་སྟེ། དགོངས་རྒྱུད་ལས། རྡོ་རྗེ་ཕུར་པས་སྐྱེ་ཤི་རྩད་ནས་གཅོད། །དཔེར་ན་དྲི་མ་ཆུ་ཡིས་འཁྲུ་བ་བཞིན། །ཁམས་གསུམ་ཡེ་ཤེས་ཆུ་ཡིས་འཁྲུ། །ཚེ་ལུང་ཁྲུས་ལུང་གལ་མཆོག་དམ་པ་འདི། །ཞེས་སོ། །དེ་ནས་བར་འདིར་ཐོ་བས་བརྡུང་། མཚོན་གྱིས་གཏུབ། ཐུན་གྱིས་བྲབ་པར་བྱ་སྟེ། བྱ་ཐབས་འོག་ནས་སྟོན་ནོ། །དེ་ནས་སྒོ་མ་བཞིའི་ཕུར་པས་ལུས་ཀྱི་མཚོ་བཞི་ལ་གདབ་སྟེ། སྒོ་མ་བཞིའི་ཕུར་པ་བླང་ལ་བསྐུལ་ནི། དམ་ཚིག་ཆེན་པོ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །མན་ཆད་ཁ་བསྐངས་པ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བིནྡྷ་ཡ་བིང་བིང་ཧཱུྃ་ཕཊ྄། ཅེས་བརྗོད་པས་ཤར་ཞི་བ་དངུལ་གྱི་ཕུར་པ་པུ་ཤུད་ཀྱི་མགོ་ཅན་རུས་པའི་མཚོ་ཀླད་པ་ལ་གདབ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མཿས་མནྟ་ཧྲཱིཾ་ཧྲཱིཾ་ཧཱུྃ་ཕཊ྄། ཅེས་བརྗོད་པས་ལྷོ་རྒྱས་པ་གསེར་གྱི་ཕུར་པ་ཀཾ་ཀའི་མགོ་ཅན་དབུགས་ཀྱི་མཚོ་གློ་བ་ལ་གདབ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཧཱུྃ་ཕཊ྄། ཅེས་པས་ནུབ་དབང་ཟངས་ཀྱི་ཕུར་པ་སྲིན་བྱའི་མགོ་ཅན་ཁྲག་གི་མཚོ་མཚེར་པ་ལ་གདབ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ྄། ཅེས་པས་བྱང་དྲག་པོ་ལྕགས་ཀྱི་ཕུར་པ་ཁྲའི་མགོ་ཅན་ཤའི་མཚོ་མཁལ་མ་ལ་གདབ། དེ་ཅིའི་ཕྱིར་ཞེ་ན། མཚོ་བཞིས་ལུས་ཀྱི་ཟུངས་བསྐྱེད་པས་དེ་དག་པར་བྱ་སྟེ་བསྒྲལ་ལོ། །བརྡུང་གཏུབ་བྲབ་བོ། །ཡུམ་བརྒྱད་ཀྱི་ཕུར་པ་ལུས་ཀྱི་རྟེན་བརྒྱད་ལ་གདབ་པ་ནི། ཡུམ་བརྒྱད་ཀྱི་ཕུར་པ་བླངས་ལ་བསྐུལ་ནི། །སྲིད་པའི་ཕུར་པ་བསྒྲུབ་པ་དང་། །ཞེས་པ་དང་། དམ་ཚིག་ཆེན་པོའི་དུས་ལ་བབ། ཞེས་པ། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཡན་ཆད་དང་། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཞེས་པ་ནས། བསྒོ་བའི་བཀའ་འདི་ཉན་པར་གྱིས། །ཞེས་པའི་བར་བརྗོད་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་པ་ར་བིདྱཱ་ན་ཆྒཻ་མོ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄། ཅེས་པས་སྙེམས་མ་ལྟེ་བར་གདབ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙྪིནྡྷ་ཙྪིནྡྷ་ཆྒཻ་མོ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄་ཅེས་པས་གསོད་མ་མགོ་ལ་གདབ། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ལུས་ཀྱི་རྟེན་ཡིན་པས་དེ་དག་པར་བྱས་ཏེ་བསྒྲལ་ལོ། །གཏུན་དུ་བརྡུངས། མཚོན་གྱིས་གཏུབ། ཐུན་གྱིས་བྲབ་བོ། །ཁྲོ་བོ་བཅུའི་ཕུར་པ་རྣམ་པར་ཤེས་པ་ཚོགས་བརྒྱད་ལ་གདབ་པ་ནི། དལ་ནས་ཁྲོ་བོ་བཅུའི་ཕུར་པ་བླངས་ཏེ། བསྐུལ་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །ཞེས་པ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཡན་ཆད་དང་། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །སྔོན་ཆད་ཇི་བཞིན་ཁས་བླངས་བཞིན། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །ཅེས་བརྗོད་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཧ་ན་ཧ་ན་བཛྲ་ཆྒཻ་མོ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཅེས་པས་རྣམ་པར་རྒྱལ་བ་རྣ་བ་ལ་གདབ། ༀ་ནས་འདྲ། ད་ཧ་ད་ཧ་བཛྲས་དབྱུག་པ་སྔོན་པོ་མིག་ལ་གདབ། པ་ཙ་པ་ཙས་གཤིན་རྗེ་གཤེད་པོ་སྣ་ལ་གདབ། མ་ཐ་མ་ཐས་མི་གཡོ་བ་ལྟེ་བ་ལ་གདབ། ཛྭ་ལ་ཛྭ་ལས་རྟ་མགྲིན་ལྕེ་ལ་གདབ། སུ་རུ་སུ་རུས་གཞན་གྱིས་མི་ཐུབ་པ་གསང་བར་གདབ། མུ་རུ་མུ་རུས་ཧཱུྃ་ཀ་ར་མཚན་མ་ལ་གདབ། ཀ་ཏཾ་ཀ་ཡེས་སྟོབས་པོ་ཆེ་ཡིད་ལ་གདབ། ཛ་ཡེ་བི་ཛ་ཡེས་ཁམས་གསུམ་རྣམ་རྒྱལ་ཀུན་གཞིའི་རྟེན་ནུ་མ་ལ་གདབ། །ༀ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མཱ་ར་སེ་ན་པྲ་མརྔྷ་ན། དགྲ་བགེགས་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄། ཅེས་བདུད་རྩི་འཁྱིལ་བ་ཀུན་གཞིའི་རྟེན་སྙིང་ལ་གདབ་བོ། །དེ་རྣམས་ལ་འདེབས་པ་ཅིའི་ཕྱིར་ན། རྣམ་པར་ཤེས་པ་ཚོགས་བརྒྱད་ནི་འཁོར་བའི་རྟེན་ཡིན་པས་དག་པར་བྱས་ཏེ་སྒྲོལ་ལོ། །བརྡུང་། གཏུབ། བྲབ། ཡུམ་གཉིས་ཀྱི་ཕུར་པ་དགེ་སྡིག་ཆ་མཉམ་སྟེ་གདབ་པ་ནི། ཡུམ་གཉིས་ཀྱིི་ཕུར་པ་བླངས་ལ། བསྐུལ་ནི། དམ་ཚིག་ཆེན་པོ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཡན་ཆད་དང་། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །ཞེས་བརྗོད་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཨཱ་ན་ཡ་ཆྒཻ་མོ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཅེས་སྒྲ་འབྱིན་མ་སྤྱི་བོར་གདབ་སྟེ་མཐོ་རིས་སུ་སྐྱེ་བའི་སྒོ་དགག་པའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཆྒཻ་མོ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄། ཅེས་བསྐྱོད་མ་རྐང་མཐིལ་དུ་གདབ། ངན་སོང་དུ་སྐྱེ་བའི་སྒོ་དགག་པའོ། །གལ་ཏེ་སྔར་ཚེ་ལུང་ཁྲུས་ལུང་གི་སྐབས་སུ་གཟས་པ་པོའི་རྒྱུད་ཀྱི་སྒྲིབ་པ་སྦྱང་། བྱུང་ཚོར་གྱི་སྒོ་དགག །ཉོན་མོངས་པ་རྩད་ནས་བཅད་ནས། ད་མཐོ་རིས་དང་ངན་སོང་དུ་སྐྱེ་བའི་སྒོ་དགག་ཅི་དགོས་ཤེ་ན། ལན་ནི། དགོས་པ་ཡོད་དེ། སྔར་ཚེ་ལུང་ཁྲུས་ལུང་གིས་ནི་སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པའི་ཀུན་སློང་དང་བཅས་པའི་ལས་སྒྲིབ་ཟད་པར་བྱས་པ་ཡིན། འདིས་ནི་དེས་བསྐྱེད་པའི་འབྲས་བུ་ངན་སོང་དང་། མཐོ་རིས་ཀྱི་སྡུག་བསྔལ་མྱོང་འགྱུར་གྱི་སྐྱེ་སྒོ་བཀག་པའོ། །བརྡུང་། མཚོན་ཐུན་དབྱུང་ངོ་། །སུར་ཕུག་ཏུ་གདབ་པ་ནི། དམ་ཅན་གྱི་ཕུར་པ་རྣམས་བླངས་ལ་བསྐུལ་མེད་ཅིང་སྔགས་ནི་བཞི་སྙིང་གཅིག་ཏུ་དྲིལ་བ་ཁོ་ན་སྟེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་མར་སེ་ན་པྲ་མརྔྷ་ན་ཡེ། དགྲ་བགེགས་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཕུར་བུ་རེ་རེའི་སྔགས་དང་བཅས་པས་གནས་ངེས་པ་མ་ངེས་པ་མེད་པར་གདབ་སྟེ། གཡག་རོ་ལ་ཚ་བས་བྱེད་པ་བཞིན་ནོ། གཏུན་དུ་བརྡུང་བའི་བསྐུལ་ནི། ས་བདག་ཆེན་མོའི་དུས་ལ་བབ། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རྡུངས་ཤིག་རྡོ་རྗེ་འབར་བའི་གཏུམ། །བཀའ་ལས་འདའ་བྱེད་སྡིག་ཅན་འདི། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷའམ་འོན་ཏེ་བརླག་པར་འགྱུར། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བྂ་ཧོཿ ཆྒཻ་མོ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄། ཁ་ཐཾ་ཁ་ཐཾ་ཁ་ཐཾ། ཞེས་ཐོ་བས་བརྡུང་། མཚོན་གྱིས་གཏུབ་པའི་བསྐུལ་ནི། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བྂ་ཧོཿ མ་མ་པཱ་ཤཱཾ་ཀུ་རུ་མ་ཏཾ་ཉ྄ཡ྅྅྅་ཀ་ར་ཨི་དན་དྷ་ཏི་མ་མ་ཤཱི་གྷྲཾ་ཀ་ར་ཡ་ཆྒཻ་མོ་སརྦ་བིགྷྣཱ་བཾ་ཧཱུྃ་ཕཊ྄། ཅེས་མཚོན་གྱིས་གཏུབ་བོ། །ཐུན་ལ་བསྐུལ་མེད། སྔགས་ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་ལ་སོགས་པས་ཐུན་བྲབ་བོ། །དེ་དག་གི་བར་རེ་རེ་འབྱུང་ངོ་། །གཅིག་ཀུན་གྱི་མཇུག་ལ་གདགས་པ་ནི། ཞལ་དུ་བསྟབ་པས་དེ་བསྐུལ་ཏེ། །བདག་ཉིད་ཆེན་མོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །བསྒོ་བའི་བཀའ་འདི་ཉན་པར་བྱོས། །སྔགས་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། །ཛཿཧཱུྃ་བྂ་ཧོཿ བིནྡྷ་ཡ་བིནྡྷ་ཡ། ཆྒཻ་མོ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་བཛྲ་ཡཀྵ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ྄་ཕཊ྄་ཕཊ྄། ཅེས་པས་ཞལ་དུ་བསྟབ་བོ། །བསྡུས་དོན་ལ་གཉིས་ཏེ། །གདབ་ལས་དངོས་དང་། །དེའི་གྲོགས་སོ། །དང་པོ་ལ་བཞི་ལས། ཚེ་ལུང་ཁྲུས་ལུང་གི་དགོངས་པ་ཕུལ་དུ་བྱུང་སྟེ་གདབ་པའི་བསྐུལ། བདག་ཅག་རིག་འཛིན་ཞེས་པ་ལ་སོགས་པ་དང་། །སྔགས་ནི་ༀ་ལཾ་ཞེས་བསྟན་པ་དང་ཡུམ་བརྒྱད་ཀྱི་ཕུར་པ་ལུས་ཀྱི་རྟེན་བརྒྱད་ལ་གདབ་པ་ནི་སྒོས་བསྐུལ་མེད་ཅིང་། སྔགས་ཧཱུྃ་པ་ར་བིདྱཱ་ན་ལ་སོགས་པས་བསྟན་པ་དང་། ཁྲོ་བོ་བཅུའི་ཕུར་པ་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་གདབ་པ་ནི། བྲན་དང་བཀའ་ཉན་ལ་སོགས་པ་དང་། སྔགས་ནི་ཧ་ན་ཧ་ན་བཛྲ་ཞེས་པ་ལ་སོགས་པས་བསྟན་པ་དང་། ཡུམ་གཉིས་ཀྱི་ཕུར་པ་དགེ་སྡིག་ཆ་མཉམ་སྟེ་གདབ་པའི་སྒོས་བསྐུལ་ནི། གདུག་ཅིང་སྡང་སེམས་ལྡན་པ་ལ་སོགས་པ་དང་། སྔགས་སརྦ་ཨ་ན་ཡ་ལ་སོགས་པས་བསྟན་པའོ། །གདབ་ལས་ཀྱི་གྲོགས་ལ་གསུམ་ལས། གཏུན་དུ་བརྡུང་བའི་བསྐུལ་ནི། རྡུངས་ཤིག་རྡོ་རྗེ་འབར་ཞེས་པ་ལ་སོགས་པ་དང་། སྔགས་ནི་ཁ་ཐཾ་ཞེས་པ་ལ་སོགས་པའོ། །མཚོན་གྱིས་གཏུབ་པའི་བསྐུལ་ནི། རྡོ་རྗེ་གསང་བའི་ཞེས་པ་ལ་སོགས་པ་དང་། སྔགས་ནི་མ་མ་པ་ཤཾ་ལ་སོགས་པའོ། །ཐུན་གྱིས་བྲབ་པ་ལ་བསྐུལ་མེད། སྔགས་ནི་ཁྲོ་བོ་བཅུའི་ཞར་བྱུང་ངོ་། །ཚིག་དོན་ནི་སློབ་མ་དལ་དུ་འཇུག་པའི་ཚེ་དང་བར་དུ་ཕྲིན་ལས་གང་ལ་འཇུག་ཀྱང་ཁམས་གསུམ་གྱི་སེམས་ཅན་གྱིས་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། དེའང་སྨོན་འཇུག་གཉིས་ལས་སྔགས་ནི་འཇུག་པའོ། །འདས་མ་འོངས་ད་ལྟ་གསུམ་དུ་འཁོར་བའི་མཐའ་ལས་རྒྱལ་བ་ཡང་དག་རྫོགས་པའི་སངས་རྒྱས་རྣམས་ཀྱི་གདུང་གསོབ་པས་རིག་འཛིན་ཞེས་པ་ནི་དེ་ལྟ་བུའི་བྱ་བ་བྱེད་པ་སྟེ། ཀུན་འདུས་ལས། དང་པོ་དེ་ལས་བྱུང་བ་དང་། བར་དུ་དེ་ཡི་བརྒྱུད་འཛིན་ཏེ། །ཐ་མར་དེ་ཡི་བྱ་བ་བྱེད། །རིག་འཛིན་ཞེས་ནི་བསྟན་པ་ཡིན། །ཅེས་སོ། །བྱེ་བྲག་སྒྲུབ་པ་པོ་བདག་ཅག་ཕུར་པའི་སྒོར་ཞུགས་པ་རྣམས་ལ་ནི། ལུས་ངག་ཉེས་སྦྱོར་ལ་ཞུགས་པས་རང་གཞན་ལ་གནོད་པའི་དགྲ་དང་། རང་ངན་སོང་གསུམ་གྱི་སྒོར་ཞུགས་ཤིང་གཞན་གྱི་བདེ་བ་འཕྲོག་པ་གདུག་པའི་བགེགས། བླ་ན་མེད་པའི་བྱང་ཆུབ་ལ་བར་དུ་གཅོད་པའི་བདུད་རྣམས་ཏེ། གལ་ཏེ་རང་བྱང་ཆུབ་སྒྲུབ་པ་ལ་བདུད་བར་དུ་གཅོད་པར་བྱེད་པ་ཅི་ཞེ་ན། ཁོས་སྙམ་ནས་བྱང་ཆུབ་སྒྲུབ་པའི་ལམ་ལ་ཞུགས་ནས་རེ་རེ་གཉིས་གཉིས་ལ་མཐར་འཁོར་བ་སྟོང་ནས་ནག་པོའི་ཕྱོགས་ཕམ་གྱིས་དོགས་པའོ། །གཞན་ཡང་མཆོག་ཐུན་མོང་གི་དངོས་གྲུབ་འཕྲོག་ཅིང་རྣམ་པར་འཚེ་བར་བྱེད་པ་སྟེ། དེའང་རང་རྒྱུད་ཀྱིས་བསྡུས་པ་དང་གཞན་རྒྱུད་ཀྱིས་བསྡུས་པའི་འཚེ་བ་གཉིས་ལས། དང་པོ་ནི། རང་གི་ཉོན་མོངས་པ་དུག་ལྔས་ལས་བསགས་ནས་རང་སྡུག་བསྔལ་བར་བྱེད་པའོ། །གཉིས་པ་ནི། གཞན་འདོད་པའི་ལྷའི་རིས་ཀྱིས་བསྡུས་པའི་ལྷའི་བུའི་བདུད་ཀྱིས་ཆོས་སྒོར་ཞུགས་པ་རྣམས་ལ་འདོད་པའི་མདའ་ལྔ་འཕེན་པ་རྣམས་སོ། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས་ནི་རང་རྒྱུད་ཀྱིས་བསྡུས་པའི་ཉོན་མོངས་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས་འདུལ་ཞིང་། ལྷའི་བུའི་བདུད་ནི་ཕྱག་རྒྱ་ཆེན་པོའི་ཁྲོ་བོ་སྐུ་ཆེ་ལ་ཡན་ལག་རགས་པས་འདུལ་བའོ། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས་ནི་རང་རྒྱུད་ཀྱི་ཉོན་མོངས་པ་ཡེ་ཤེས་སུ་ངོས་ཟིན་པ་ཙམ་གྱིས་ཏེ། གཞན་གྱི་ནི་སྤྲུལ་པ་ཁྲོ་བོ་ཕོ་ཉ་བཀྱེ་བ་ཙམ་གྱིས་ནི། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་ནི། རང་རྒྱུད་ཀྱི་སྔོན་དེ་བཞིན་གཤེགས་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ཟད་པར་བྱས་པ་བཞིན་གཞན་གྱི་སྔོན་དཔལ་ཆེན་པོས་དྲག་པོའི་ལས་ཀྱིས་རུ་ཏྲ་བཏུལ་བ་བཞིན་ནོ། །དེས་རང་གི་ཉོན་མོངས་པ་རང་བཞིན་མེད་པར་རྟོགས་ཤིང་། གཞན་གྱི་ཚེ་ལུང་ཁྲུས་ལུང་གིས་བཏབ་པས་བསྒྲལ་བྱ་དེའི་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་བཤིག་པའོ། །བྱ་བ་ཅི་བྱེད་ན་རང་རྒྱུད་ཀྱི་ཉོན་མོངས་པ་ཡེ་ཤེས་སུ་རྟོགས་པར་གྱིས་ཤིག་པའོ། །གཞན་ཡང་བསྒྲལ་བ་དེས་གནས་སྐབས་ཀྱི་དུཿཁ་ཉམས་སུ་མྱོང་སྟེ་མཐར་ཐུག་གི་བདེ་བ་ཐོབ་པར་མཛད་པ་ཞིག་སྟེ། གཟས་པ་པོ་རྒྱལ་བ་ཡབ་ཡུམ་གྱི་སྲས་སུ་འཕེན་པའོ། །ༀ་ལཾ་གྱིས་སྐུ་རི་རབ་ལྟར་བརྗིད་ཆེ་བ། ཧཱུྃ་ལཾ་གྱིས་ཐུགས་རི་རབ་ལྟར་བརྗིད་ཆེ་བ། སྟྭཾ་བྷ་ཡ་ནན་གདུག་པ་ཅན་གནོན་པ། མོ་ཧ་ཡ་ན་དེ་ཡང་མིང་རུས་སུ་བཅས་པ་ནོན་ཅིག་པ། གང་གིས་ན་སྦྱོར་བ་གསལ་བ། ཧྲཱིཿཥྚིཿབི་ཀྲི་ཞེས་བྱ་སྟེ་བཅོམ་ལྡན་འདས་ཀྱིས་ཐབས་ཤེས་རབ་ཀྱི་སྦྱོར་བས་སོ། །བཛྲ་ཧཱུྃ་ཀ་ར་ཧཱུྃ་བཛྲ་ཀཱི་ལི་ཀི་ལ་ཡ་ཧཱུྃ་ནི་ལས་མཁན་ཧཱུྃ་ཀ་རར་བསྐྱེད་པའི་རྡོ་རྗེ་ཕུར་བུས་ཐོབ་ཅིག་པའོ། །ཛཿཧཱུྃ་བཾ་ཧོཿནི་བསྒྲལ་བྱའི་ཤེས་པ་དེ་དགུག་གཞུག་བཅིངས་བརླག་པར་གྱིས་ཤིག་པ། སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ནི་དགྲ་བགེགས་ཐམས་ཅད་ལའང་རྡོ་རྗེ་ཕུར་པས་ཐོབ་ཅིག་པ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཧཱུྃ་ཀ་ར་ཧཱུྃ་ཨ་ཞེས་པ་ནི་ཧཱུྃ་ཀ་རར་བསྐྱེད་པའི་རྡོ་རྗེ་ལྟ་བུའི་ཚེ། ཚེ་ལུང་ཁྲུས་ལུང་གིས་ཤིག་པའོ། །ཧཱུྃ་པ་ར་བིདྱཱན་ནི་ཕ་རོལ་གྱི་ངག་རྣམ་པར་གནོན་པ། ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ྄་ནི་ཆོད་ཅིག་ཆོད་ཅིག་པ། བནྡྷ་བནྡྷ་ཧཱུྃ་ཕཊ་ནི་རྟོགས་ཤིག་རྟོགས་ཤིག་པའོ། །གྲྀ་ཧྞ་གྲྀ་ཧྞ་ཧཱུྃ་ཕཊ་ནི་ཟུང་ཞིག་ཟུང་ཞིག་པ། ཧ་ན་ཧ་ན་ནི་རྒྱོབ་ཅིག་པ་རྒྱོབ་ཅིག་པ། བིནྡྷ་བིནྡྷ་ཧཱུྃ་ཕཊ་ནི་ཆིངས་ཤིག་ཆིངས་ཤིག་པའོ། །ལས་བྱེད་པའི་དང་པོ་ནས་བྲན་དང་ངག་སྒྲུབ་པས་བཀའ་ཉན་གང་དུ་མངགས་པར་འགྲོ་བ་ལས་ཕོ་ཉའི་ཚོགས། ཁྱེད་ཀྱི་དམ་ཚིག་ནི་འདིར་དུས་ལ་བབ་སྟེ། གང་ཞེ་ན་སྔོན་སེམས་ཅན་མ་ལུས་པའི་རང་གི་སྐལ་བ་ཇི་བཞིན་བྱེད་པ་སེམས་བསྐྱེད་ཅིང་དམ་བཅས་པ་ལས་འདའ་བར་མི་རིགས་པའོ། །ཁྱད་པར་དོན་བྱེད་པའི་ཕྲིན་ལས་དེ་ཡང་ཞི་བ་མ་ཡིན་ཏེ་དྲག་པོ་མངོན་སྤྱོད་ཀྱི་སྒོ་ནས་གདུག་པ་ཅན་བསྒྲལ་བ་ཉིད་དུ་མྱུར་དུ་མཛོད་ཅིག་པའོ། །ཧ་ན་ཧ་ན་བཛྲ་ནི་མེད་པར་བྱེད་པའི་རྡོ་རྗེ། ད་ཧ་ད་ཧ་བཛྲ་ནི་རླག་པར་བྱེད་པའི་རྡོ་རྗེ། པ་ཙ་པ་ཙ་བཛྲ་ནི་ཞི་བར་བྱེད་པའི་རྡོ་རྗེ། མ་ཐ་མ་ཐ་བཛྲ་ནི་སྟོང་པར་བྱེད་པའི་རྡོ་རྗེ། ཛྭ་ལ་ཛྭ་ལ་བཛྲ་ནི་སྨྲ་བར་བྱེད་པའི་རྡོ་རྗེ། སུ་རུ་སུ་རུ་བཛྲ་ནི་འགུགས་པར་བྱེད་པའི་རྡོ་རྗེ། མུ་རུ་མུ་རུ་བཛྲ་ནི་དབང་དུ་བྱེད་པའི་རྡོ་རྗེ། ཀ་ཏཾ་ཀ་ཡེ་བཛྲ་ནི་བདག་མེད་པའི་རྡོ་རྗེ། ཛ་ཡེ་བི་ཛ་ཡེ་བཛྲ་ནི་མ་རྒྱལ་བ་རྒྱལ་བར་བྱེད་པ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་ནི་སེམས་ཅན་གཞན་གྱིས་མི་ཐུབ་པ། མཱ་ར་སེ་ན་པྲ་མརྔྷ་ན་ནི་སྔགས་ཀྱིས་རབ་ཏུ་སྒྲོལ་ལ་ཆོད་ཅིག་པའོ། །ལུས་གདུག་སྟེ་སྲིན་པོའི་ཆ་ལུགས་སུ་གནས་པའི་ལམ་ལ་སོགས་པ་ལ་འཇུག་ཅིང་། སེམས་ཀུན་ནས་སྡང་བའི་སེམས་ཏེ་གནོད་པའི་སྦྱོར་བ་ཅན་ནི་ལམ་ལ་སོགས་པ་ལ་ཞུགས་པ་རྣམས། བར་ཆོད་བྱེད་པ་ནི་མཐུན་པའི་ཕྱོགས་ལྷའམ་འོན་ཏེ་མི་མཐུན་པའི་ཕྱོགས་བདུད་ཀྱང་རུང་སྟེ། སྒྲུབ་པ་པོ་བྱང་ཆུབ་སྒྲུབ་པ་ལ་མི་མཐུན་པའི་སྦྱོར་བས་མཆོག་ཐུན་མོང་གི་སིདྡྷི་འཕྲོག་ཅིང་བར་ཆད་བྱེད་པའི་དགྲ་བགེགས་རྣམས། སེམས་ཀྱི་མཐུ་དང་ལུས་ཀྱི་རྫུ་འཕྲུལ་མེད་པར་བྱས་ཏེ་སྐྱེས་བུ་ལྕེ་བཅད་པས་ཁྲག་གིས་མྱོང་བ་བཞིན་དུ་བྱོས་ཤིག་པའོ། །སརྦ་ཨཱ་ན་ཡ་ཧཱུྃ་ནི་ཐམས་ཅད་རིགས་དྲུག་ཏུ་སྐྱེ་བ་མེད་པར་གྱིས་ཤིག །ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄་ནི་དེ་བཞིན་དུ་འཁོར་བའི་ས་བོན་མ་ལུས་པར་ངེས་པར་རླག་པར་གྱིས་ཤིག་པ། གཏུན་པ་ཤེས་རབ་ཀྱི་རང་བཞིན་སྟེང་དུ་དགྲ་བགེགས་ལུས་རྡུལ་ཕྲན་བཞིན་རྡུངས་ཤིག །གང་གིས་ན་ཐབས་ཀྱི་རང་བཞིན་རྡོ་རྗེ་རྩེ་ལྔ་པ་འོད་དུ་འབར་བས་མཚན་མའི་གཏན་གྱིས་སོ། །གང་རྡུང་བར་བྱེད་ན་དལ་གསུམ་སྒོམ་པའི་རྣལ་འབྱོར་པའི་བཀའ་ཟབ་མོ་ལས་འདའ་བར་བྱེད་ཅིང་སྒོ་གསུམ་མི་དགེ་ལ་ཞུགས་པའི་སྡིག་ཅན་འདིའོ། །ཇི་ལྟར་ན་གཏན་གཏུན་ཐབས་ཤེས་རབ་གཉིས་སུ་མེད་པའི་རྡོ་རྗེ་ལས་བཟོད་པར་དཀའ་བའི་མེ་ལྕེ་འཕྲོས་པས་བསྒྲལ་བྱའི་སྙིང་ལུས་ཀྱི་དངོས་པོ་མ་ལུས་པ་བཅས་པ་མི་གནས་པར་བསྲེགས་ནས། དེ་ལ་བརྟེན་པའི་ངག་དང་ཡིད་ཀྱང་སྟེ། སྒོ་གསུམ་མ་ལུས་པ་རྡུལ་ཕྲན་བཞིན་དུ་ཕྱེ་མར་རློག་སྟེ་བརླག་པར་གྱིས་ཤིག་པའོ། །གཞན་ཡང་ཡུམ་གྱི་མཁའ་ཤེས་རབ་ཀྱི་རང་བཞིན་ཅན་ཁྲོ་མོ་འབར་བའི་གསང་གནས་གྲུ་གསུམ་གཏུན་ཁུང་དང་འདྲ་བ་དེ་ཉིད་དུ། ཡབ་ཀྱི་གསང་བའི་ཐབས་ཀྱི་རང་བཞིན་རྡོ་རྗེ་རྩེ་གཅིག་པའི་ཐོ་བས་ནི་དགྲ་བགེགས་གཟས་པ་པོ་གང་ཡིན་བརྡུངས་པར་བྱས་ན་ནུས་པ་ཅན་གྱི་ལྷ་མ་ཧཱ་དེ་བ་ཡང་རུང་སྟེ་བསྒྲལ་བར་ནུས་ན་གཞན་ལྟ་ཅི་སྨོས་ཞེས་བྱའོ། །ཁ་ཐཾ་ཁ་ཐཾ་ཁ་ཐཾ་ནི་རྡུངས་ཤིག་པའོ། །རྡོ་རྗེ་ནི་དབྱེར་མི་ཕྱེད་ཅིང་གསང་བ་ནི་དེ་ཉིད་རྟོགས་པར་དཀའ་བ་སྟེ་དེ་ཡང་རྟོགས་པ་ལས་བྱུང་བའི་བདེ་བར་གཤེགས་པའི་བཀའ་ལས་འདིར། །ལས་ངན་བྱེད་པས་བཀའ་ཁྱད་དུ་གསོད་པའི་སྡིག་ཅན་དུ་གྱུར་པ་དགྲའམ་བགེགས་གང་ཞིག་འདའ་ཞིང་བར་ཆད་བྱེད་པ་ནི། གདུག་པ་ཅན་འདུལ་བའི་སྟོབས་མངའ་བ་བདུད་ཀྱི་ཡང་བདུད་ཆེན་པོ་ཕྱག་རྒྱ་ཆེན་པོའི་ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་གདུག་པའི་ཚོགས་དེ་དག་གི་མགོའམ་ཀླད་པ་ཚལ་པ་བརྒྱ་རུ་དང་ལུས་དུམ་བུར་ཁོས་ཤིག་དང་སེམས་འོག་མིན་དུ་སྒྲོལ་ཅིག་ཅེས་བྱས་ལ། དེ་ལྟ་བུའི་སྟོབས་མངའ་བ་ཉིད་ཀྱི་ཕྱིར་ཉོན་ཅིག་ཅེས་པའོ། །དེ་ནས་འཕྲལ་གྱི་ཕོ་ཉ་གནོད་པར་བྱེད་པའི་བགེགས་དང་ཡུན་གྱི་བདེ་བ་འཕྲོག་ཅིང་ལོག་པར་འདྲེན་པའི་ཚོགས་ཁྱེད་རྣམས། །དལ་གསུམ་དུ་བསྒོམས་པའི་སྒྲུབ་པ་པོ་ངའི་བཀའ་ལས་འདའ་མ་བྱེད་ཅིག་པའོ། །མ་མ་པ་ཤཾ་ཀུ་རུ་ནི་བདག་གི་དབང་དུ་སྡུས་ཤིག་པའོ། །མ་ཏཾ་ཉ྄ཡ་྅྅྅ ཀ་ར་ཨི་དན་དྷཱ་ཏི་མ་མ་ཀརྨ་ནི་བདག་ཏུ་འཛིན་པར་བྱེད་པ་འདི་དྲག་པོའི་ཕྲིན་ལས་ཀྱིས་སོ། །ཤཱིགྷྲཾ་ཀ་ར་ཡེ་ནི་ཟད་པར་གྱིས་ཤིག་པའོ། །དེ་དག་ནི་དགྲ་ལས་དངོས་གྲུབ་བླང་བ་ཞེས་བྱ་ལ། ལྷ་ལས་བླང་བ་ནི་དངོས་གྲུབ་ཀྱི་ཞལ་ཟས་སོགས་སྟོད་ལས་བཞིན་བླང་ངོ་། །སྤྱི་དོན་གཉིས་མནན་སྲེག་འཕང་གསུམ་གྱིས་ལས་ཀྱི་ཁ་བསྐང་བ་ནི་གཉིས་ཏེ། རང་རྐྱང་པ་ཉམས་སུ་ལེན་པ་དང་། ལས་སྦྱོར་གྱི་གྲོགས་སུ་བཏང་བའོ། །རང་རྐྱང་ཉམས་སུ་ལེན་ན་རང་རང་གི་ཆོ་གའི་བཀོལ་བ་ལྟར་བྱུང་བ་བཞིན་ནོ། །ལས་སྦྱོར་གྱི་གྲོགས་སུ་བྱ་བ་ནི་ཐུན་གོང་དུ་ཁོང་ཁྲར་སོང་བས་ལོགས་སུ་བྱ་རྒྱུ་མེད་ལ། སྦྱིན་སྲེག་ནི་དངོས་གྲུབ་བླང་བའི་རྗེས་ལ་བྱ། མནན་པ་ནི་གཏོར་མ་བསྐྱལ་ཏེ་ནང་དུ་ལོག་པ་ན། དེ་ནས་ཕྲིན་ལས་བཞིའི་བྲོ་བརྡུང་ངོ་། །གསོ་བ་རྣམ་གསུམ་གྱིས་ལས་ཀྱི་མཇུག་བསྡུ་བ་ལ་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་གསུམ་སྟེ། བདག་གསོ་བ་དང་། ཕུར་པ་གསོ་བ་དང་། གཟས་པ་པོ་གསོ་བའོ། །བདག་གསོ་བ་ནི། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙརྻའི་དུས་ལ་བབ་པའི་བརྣག་པ་དེ་ཁོ་ནའོ། །ཞེས་བསྐུལ་ཞིང་ཀཱི་ལ་ཡ་བརྒྱ་རྩ་བརྒྱད་བཟླས་ལ་གོང་གི་ཕུར་པའི་ཁྲོ་བོ་དེ་དག་ཀྱང་འོད་ཀྱི་གོང་བུར་གྱུར། འོད་དེ་དག་བདག་ལ་འདུས་པས་མེ་འབར་བ་ལ་ཤིང་བསྣན་པ་བཞིན་དུ་བདག་ཡེ་ནས་གསལ་བ་དེ་ལས་ཀྱང་སྐུ་ཆེ་ལ་ཡན་ལག་རགས་པར་བསམ་མོ། །ཕུར་པ་གསོ་བ་ནི་གོང་གི་ཕུར་པ་བཏབ་པ་དེ་དག་རྩར་གྱིས་ཕྱུང་ནས་ཀཱི་ལ་ཡ་ཉི་ཤུ་རྩ་གཅིག་བཟླས་ནས་ཕུར་པ་ཀླད་ལ་ལན་གསུམ་བསྐོར་བས་ཁམས་གསུམ་དང་སྟོང་གསུམ་ཕུར་པས་གང་སྟེ། ཕུར་པ་དེ་དག་ཀྱང་སྐུ་ཆེ་ལ་ཡན་ལག་རགས་པ་སྒྲ་འུར་འུར་དང་གློག་ཀེམ་ཀེམ་དང་བཅས་པ། སྟོད་ཞལ་གསུམ་ཕྱག་དྲུག་པ། སྨད་ལྕགས་ཀྱི་ཕུར་པ་དབལ་ཟུར་གསུམ་པས་གང་བར་བསམ་མོ། །གཟས་པ་པོ་གསོ་བ་ནི། དཀར་ནག་མཚམས་སུའོ་ཞེས་བརྗོད་ཅིང་ཀཱི་ལ་ཡ་བཅོ་བརྒྱད་བཟླས་པས་སྔར་གྱི་བསྙེན་ཕུར་དེ་གཟས་པ་པོ་ལ་བཏབ། གཟས་པ་པོའི་སེམས་ཉིད་ཡི་གེ་ཧཱུྃ་དུ་གྱུར་ཏེ། དེ་ཨ་ལས་ཟླ་བའི་དལ་གྱི་སྟེང་དུ་བཞག །ཡཾ་ལས་རླུང་གིས་བཏེགས་ནས་འོག་མིན་དུ་རྒྱལ་བ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕང་ངོ་། །གལ་ཏེ་གནས་སྤར་བའི་ཚེ་གཟས་པ་པོས་ཆོས་ཉིད་ཀྱི་བདེན་པ་མཐོང་ངམ་མ་མཐོང་ཡང་གྲང་། དང་པོ་ལྟར་ན་རྒྱུ་རང་གི་ཤེས་རབ་དང་ཏིང་ངེ་འཛིན་ལ་མ་ལྟོས་པར་འབྲས་བུ་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་ཕྱིར་རྒྱུ་མེད་ཀྱི་འབྲས་བུ་སྲིད་པར་འགྱུར་ཞིང་། གཉིས་པ་ལྟར་ན་གནས་སྤར་ཏེ་རྒྱལ་བའི་སྲས་སུ་བསྐྱེད་པ་ཉམས་སོ་ཞེ་ན། ལན་ནི་ཆོས་ཉིད་ཀྱི་བདེན་པ་མཐོང་ཞིང་དེ་ཡང་རང་སྟོབས་ཀྱི་ཤེས་རབ་དང་ཏིང་ངེ་འཛིན་གྱི་མ་བྱུང་ཡང་། རྒྱུ་མེད་ཀྱི་འབྲས་བུ་འགྱུར་བའི་ཁྱབ་པ་མེད་དེ་གཞན་སྟོབས་ཀྱི་ཤེས་རབ་དང་ཏིང་ངེ་འཛིན་གྱི་འབྲས་བུ་ལས་བྱུང་བའི་ཕྱིར་རོ། །བསྡུས་དོན་ལ་གསུམ་ལས། བདག་གསོ་བ་ནི་ཆོས་ཉིད་ཅེས་པ་ལ་སོགས་པ། ཕུར་པ་གསོ་བ་ནི། བཛྲ་ཀཱི་ལི་ཀཱི་ལ་ཡ་ཞེས་པ་ལ་སོགས་པ། གཟས་པ་པོ་གསོ་བ་ནི་ཀཱི་ལ་ཡ་ཞེས་པ་ལན་བཅོ་བརྒྱད་ཅེས་པ་ལ་སོགས་པའོ། །ཚིག་དོན་ནི་དལ་གྱིས་གཟས་པ་པོ་སྒྲོལ་ནུས་པ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་རང་བཞིན་གྱི་བདེན་པའི་མཐུ་སྟེ་མེའི་མཚན་ཉིད་ཚ་ཞིང་སྲེག་པར་ནུས་པ་བཞིན་ནོ། །དེའང་རྐྱེན་མེད་ན་མི་འབྱུང་བས་ཆོས་ཅན་གནས་སྐབས་ཀྱི་མཐུ་སྔགས་ཀྱི་བྱིན་གྱིས་བརླབས་པ་ལས་བྱུང་བའི་སྔགས་དང་ཕྱག་རྒྱས་སྒྲོལ་བར་བྱེད་དོ། །གཙུབ་ཤིང་གཙུབ་གཏན་སྐྱེས་བུ་ལག་པའི་རྩོལ་བ་ལས་མེ་འབྱུང་བ་ལྟ་བུའོ། །འོ་ན་གསང་སྔགས་དེ་བྱིན་རླབས་རེ་ཆེ་སྙམ་ན། སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་པའི་མཐུས་བདག་དང་གཞན་གྱི་དོན་དུ་འགྱུར་བའི་སྒྲོལ་བའི་མཛད་པ་འབྱུང་སྟེ། མེ་འདོན་པའི་ཀུན་སློང་གི་བསམ་པ་བཞིན་ནོ། །བསྒྲལ་ཞིང་ཉིད་གང་ཞེ་ན། ཨ་བྷི་ཙརྱའི་དུས་ལ་བབ་པའི་བརྣག་པ་དེ་ཁོ་ན་ཞེས་བྱ་སྟེ། མངོན་སྤྱོད་ཀྱི་ཕྲིན་ལས་བྱ་བའི་ཡུལ་ཡིན་ཅིང་ཡིད་ལ་བརྣག་པར་བྱ་བའི་ཡུལ་ནི་བསྒྲལ་བའི་ཞིང་བཅུ་ཁོ་ནའོ། །བཛྲ་ཀཱི་ལ་ཡ་ཞེས་ལན་ཉི་ཤུ་རྩ་གཅིག་བཟླས་པ་སྲས་མཆོག་གི་སྐུ། སྐུ་མདོག་ཕྱག་མཚན་དེ་བཞིན་རྒྱན་ཆས་བཅུ་དྲུག་གར་གྱི་རྣམ་འགྱུར་བཅས་པ་གསལ་གདབ་པའོ། །བཛྲ་ཀཱི་ལ་ཡ་ཞེས་བཅོ་བརྒྱད་བཟླས་པ་ནི་ཁམས་གསུམ་ས་དགུ་ལ་རྒྱུ་འབྲས་གཉིས་གཉིས་ཀྱི་དབྱེ་བ་དང་བཅས་པ་དག་པར་བྱ་བའི་ཕྱིར་ཡིན་ལ། བརྣག་པ་དེ་ཁོ་ནའི་བརྣག་པ་དེ་ཁོ་ན་ལའོ། །ཞེས་པ་ནི་གཟས་པ་པོ་ཀུན་གཞིའི་ཆོས་ཉིད་དྲི་མ་མེད་པའི་ཤེས་པ་དང་ཉོན་མོངས་པ་ཅན་གྱིི་ཡིད་དྲི་བཅས་གཉིས་སོ་སོར་འབྱེད་པའོ། །སྤྱི་དོན་གསུམ་པ་བསྒྲུབས་པའི་འབྲས་བུ་ལའང་གསུམ་སྟེ། ངག་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་གཉིས་ཏེ། གནས་སྐབས་དང་། མཐར་ཐུག་གོ། །དང་པོ་ནི། དེ་ལ་བསྡུ་བ་དང་འབྲེལ་ཏེ། ཆོས་སྐུ་རྟག་པ་རྒྱུན་གྱི་ཏིང་ངེ་འཛིན་དང་། གཟུགས་སྐུ་རྟག་པ་རྒྱུན་གྱི་ཏིང་ངེ་འཛིན་ནོ། །དང་པོ་ནི། ཡེ་ཤེས་ཀྱི་ལྷ་རང་བཞིན་གནས་སུ་གཤེགས། དམ་ཚིག་གི་དལ་ཧཱུྃ་བཅུ་གཅིག་གིས་བསྡུས་ལ་སྟོང་པར་ཅུང་ཞིག་གནས་པའོ། །གཟུགས་སྐུ་རྟག་པ་རྒྱུན་གྱི་ཏིང་ངེ་འཛིན་ནི། ཧེ་རུ་ཀ་ལས་ཀྱི་རྒྱལ་པོས་ཏེ། ཕཊ྄་ཕཊ྄་ཕཊ྄་ཅེས་བརྗོད་པས་སྟོང་པའི་ངང་ལས་སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་གསུམ་གྱིས་ལྷག་གིས་ཁེངས་པར་བསམ་མོ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་པས་ཚུར་འདུས་ཏེ་བདག་ལས་ཀྱི་རྡོ་རྗེ་གཞོན་ནུ་སྐུ་ཆེ་ལ་ཡན་ལག་རགས་པར་གྱུར་པར་བསམ་སྟེ། འགྲོ་ཉལ་འདུག་སྡོད་ཐམས་ཅད་དུ་དེའི་ང་རྒྱལ་དང་མ་བྲལ་བར་བྱའོ། །མཐར་ཐུག་ནི་དེ་ལྟར་སྟོད་ལས་དང་འབྲེལ་ཏེ་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དང་འབྲེལ་ནས་བར་ཆད་བསལ་ཏེ་ཉམས་སུ་བླངས་པས་ཟག་མེད་ཀྱི་རིག་འཛིན་ལ་སྦྱོར་བ་རིམ་གྱིས་ཐོབ་པར་བྱེད་དོ། །དེ་ཡང་མཐོང་ལམ་དུ་ཡི་དམ་ལྷའི་སྐུར་བརྟན་པ་ཐོབ་ཀྱང་འབྱུང་བ་སྙིགས་མའི་ལུས་མ་སྤངས་ཏེ། ལྷག་བཅས་སུ་མྱ་ངན་ལས་འདའ་བ་རྣམ་པར་སྨིན་པའི་རིག་འཛིན་དང་། འབྱུང་བའི་དྭངས་མ་རྡོ་རྗེའི་ལུས་སྐྱེ་འཆི་མེད་པར་གྱུར་ཏེ། ལྷག་མེད་དུ་མྱ་ངན་ལས་འདའ་བ་ཚེ་ལ་དབང་བའི་རིག་འཛིན་དང་། སྒོམ་ལམ་དུ་ལྷའི་སྐུ་རིགས་ལྔ་གང་རུང་གཅིག་གི་ཆ་ལུགས་སུ་སྣང་བ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། མཐར་རིགས་ལྔ་དབྱེར་མེད་རྡོ་རྗེ་འཛིན་པ་ཆེན་པོའི་ཆ་ལུགས་སུ་གྱུར་པ་ལྷུན་གྱིས་གྲུབ་པའི་རིག་འཛིན་དང་། དེ་རྣམས་ཀྱི་མཐར་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ་སངས་རྒྱ་བར་འགྱུར་ཏེ། དེ་ཡང་རྟེན་སྐུ་གཉིས་ནི་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པའི་དབྱིངས་སུ་རིག་པའི་ཡེ་ཤེས་སུ་གྲོལ་བ་ཆོས་ཀྱི་སྐུ་དང་། གྲོལ་བ་ཡོན་ཏན་གྱི་ཁྱད་པར་གདུལ་བྱའི་ངོ་བོ་ལ་སྐུ་གསུང་ཐུགས་ཀྱི་མཛད་པ་སྣ་ཚོགས་པས་རང་བཞིན་མེད་པའི་སྣང་བ་སྒྱུ་མ་ལྟར་སྣང་པ་ནི་གཟུགས་ཀྱི་སྐུའོ། །གལ་ཏེ་སྐུ་གཉིས་ངོ་བོ་གཅིག་གམ་ཐ་དད་ཡིན་གྲང་། དང་པོ་ལྟར་ན་འགལ་འདུ་དངོས་པོའི་གཤིས་སུ་འགྱུར་ཏེ། སྣང་བཅས་གཟུགས་སྐུ་དང་། སྣང་མེད་ཆོས་སྐུ་ངོ་བོ་གཅིག་པའི་ཕྱིར་རོ། །གཉིས་པ་ལྟར་ན་གཟུགས་སྐུ་ལ་ཆོས་སྐུས་མ་ཁྱབ་པར་འགྱུར་ཞིང་། འདོད་པར་ཡང་མི་ནུས་ཏེ། འདི་ཉིད་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཞེས་པས་གསལ་ཏེ་ཞེ་ན། ལན་ནི། ངོ་བོ་གཅིག་ཀྱང་འགལ་འདུ་དངོས་པོའི་གཤིས་སུ་འགྱུར་བའི་ཁྱབ་པ་མེད་དེ། ཆོས་སྐུ་སྣང་མེད་རང་དོན་ལ་ལྟོས་ཤིང་གཟུགས་སྐུ་སྣང་བ་གཞན་དོན་ལ་ལྟོས་པས་ཐ་དད་པའིི་ཕྱིར་ཚར་ནོན་གྱི་རིང་ཐུང་བཞིན་ནོ། །དེ་ཡང་གདུལ་བྱ་རྒྱུད་དག་པ་ལ་དག་པའི་མཚན་དཔེས་བརྒྱན་པ་སྣང་སྟེ། གསུང་གི་བརྗོད་པ་ལ་མ་ལྟོས་པར་དོན་བྱེད་པ་ལོངས་སྤྱོད་རྫོགས་པའི་སྐུ། །གདུལ་བྱ་དག་མ་དག་སྣ་ཚོགས་པ་ལ་མོས་པ་དང་རྗེས་སུ་མཐུན་པའི་མཛད་པ་སྣ་ཚོགས་པར་སྣང་བས་དོན་མཛད་པ་སྤྲུལ་པའི་སྐུ་གཉིས་སུ་འགྱུར་ཏེ། འདི་ཉིད་ལས། ཡེ་ཤེས་ཁྲོ་བོ་སྒྲུབ་པར་མཛོད། །ཅེས་སོ། །བརྟེན་པའི་ཡེ་ཤེས་གསུམ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་རང་བཞིན་མེད་པར་ནམ་མཁའ་ལྟར་གཟིགས་པ་ཇི་ལྟ་བ་མཁྱེན་པ་དང་། ཆོས་ཅན་གྱི་རྣམ་པ་གྲངས་མེད་པ་པདྨའི་འདབ་མ་ལྟར་གཟིགས་པ་ཇི་སྙེད་པ་མཁྱེན་པ་དང་། དེ་ཡང་རང་གི་ངོ་བོ་སྣང་སྟོང་གཉིས་མེད་ཆུ་ཟླ་ལྟར་གཟིགས་པ་ཡོངས་སུ་མཁྱེན་པའི་ཡེ་ཤེས་ཏེ། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །ཞེས་སོ། །དེ་ཡང་ཆོས་སྐུ་རྟག་པ་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་འབྲས་བུ་ཆོས་སྐུ་ཐོབ་སྟེ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཞེས་སོ། །གཟུགས་སྐུ་རྟག་པ་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་མཐར་ཡང་གདུལ་བྱའི་དོན་ལ་གཟུགས་སྐུ་གཉིས་སུ་སྣང་བས་གདུལ་བྱའི་དོན་རྫོགས་པར་མཛད་དེ། སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །ཞེས་སོ། །བསྡུས་དོན་ལ་གཉིས་ལས། ཧཱུྃ་ཧཱུྃ་ཧཱུྃ་ཞེས་པ་ནི། ཆོས་སྐུ་རྟག་པ་རྒྱུན་གྱི་ཏིང་ངེ་འཛིན། ཕཊ྄་ཕཊ྄་ཕཊ྄་ཅེས་པ་ནི་གཟུགས་སྐུ་རྟག་པ་རྒྱུན་གྱི་ཏིང་ངེ་འཛིན་ནོ། །ཚིག་དོན་ནི། ཧཱུྃ་ཧཱུྃ་ཧཱུྃ་གིས་རིག་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་སུ་མི་དམིགས་པར་སྡུད་ཅིང་། ཕཊ྄་ཕཊ྄་ཕཊ྄་ཀྱིས་ཡང་དག་པར་སྐྱེ་བ་མེད་པའི་ཆོ་འཕྲུལ་སྐུ་གསུང་ཐུགས་སྣ་ཚོགས་པ་རྣམ་པར་སྤྲོ་བར་མཛད་པའོ།། །།ཇི་ལྟར་ཕ་ལམ་རྡོ་རྗེའི་སྙིང་པོ་དང་ནི་ཕྱག་རྒྱ་ཤེལ་མཚུངས་གང་། ཏིང་འཛིན་པདྨོའི་སྐུད་པས་རྣམ་བརྒྱུས་སྣ་ཚོགས་རིན་ཆེན་ཕྲེང་འདི། བླ་མའི་ཞལ་ཁྲིད་ལས་བྱུང་ཕྱག་བཞེས་ཡིད་འོང་རྒྱལ་མཚན་རྩེ་མོ་འདིས། །བདག་དང་གཞན་དོན་ཕུན་ཚོགས་ཡིད་བཞིན་མགུལ་ན་རྟག་ཏུ་ལྷང་ངེར་མཛེས། །གཞན་དུ་སངས་རྒྱས་བསྟན་ལ་སྡང་སོགས་པའི། །ཞིང་བཅུར་གྱུར་པ་ངེས་པ་འདི་ཡིས་ནི། །འཇོམས་བྱེད་གནམ་ལྕགས་ཐོག་གི་ཤུགས་འདྲ་ཞིང་། །གདུག་པའི་སྲོག་གཅོད་དུག་གི་སྤུ་གྲིའང་ཡིན། དེང་སང་སྒྲུབ་ཐབས་འདིར་འཇུག་སྐྱེ་བོ་སྐར་ཚོགས་ལྟར་མང་ཡང་། །ཇི་བཞིན་བླ་མའི་ཕྱག་བཞེས་མ་ནོར་ཟླ་བ་ལྟར་ཉུང་བས། །ལུང་དང་མི་ལྡན་རང་དགའི་སྤྱི་བརྟོལ་ཅི་ཡང་བྱེད་པས་ནོངས། །དེ་དག་ཤིན་ཏུ་མ་བཟོད་ཕྱིར་ན་ང་ཡིས་འདི་ལྟར་བྱས། །འོན་ཀྱང་རིན་ཐང་མེད་པའི་ནོར་བུ་ཡང་། །ཕར་ལ་བཙོང་བཞིན་བྲིན་པར་མི་འགྱུར་བས། །གཅེས་པའི་ནོར་མཆོག་ལྐོག་ཏུ་སྦེད་པ་ཡིན། །ཤེས་ལྡན་ཀུན་གྱི་ལུགས་སུ་གོ་བར་བྱོས། །འབད་པ་ལས་བྱུང་བསོད་ནམས་འབྲས་བུ་གང་ཡིན་དེས་ནི་གདུག་པའི་དགྲ་རྣམས་མ་ལུས་བདག་གི་དབང་གྱུར་ནས། །ཡང་དག་ལམ་ལ་འཚེ་བ་མེད་ཅིང་གནོད་པའི་བགེགས་རྣམས་དུས་ནི་རབ་ཏུ་ཞི་བྱས་ཏེ། །གསང་སྔགས་སྒྲུབ་པ་འདི་ནི་མི་ནུབ་དཔལ་གྱི་རོ་སྟེར་ལྷམ་མེར་ཕྱོགས་བཅུར་གསལ་བ་ཡིས། སྐལ་བཟང་བདེ་བར་འཚོ་ཞིང་དགའ་བས་ཚིམ་བྱས་སངས་རྒྱས་བསྟན་པའི་སྲོག་ཤིང་ཡུན་རིང་བརྟན་གྱུར་ཅིག །རྡོ་རྗེ་ཕུར་བུའི་རྩ་བའི་མངོན་པར་རྟོགས་པ་བླ་མའི་མན་ངག་གིས་ཞིབ་མོར་རྣམ་པར་བཤད་པ་གསལ་བར་བྱེད་པའི་ཊཱི་ཀ་ཉི་མའི་འོད་ཟེར་ཞེས་བྱ་བ། རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་མང་པོ་ལ་ཡིད་གཞུངས་པར་གྱུར་པ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་བསྐྱོད་རྡོ་རྗེ་སྙེ་མོ་ཇོ་སྲས་བསོད་ནམས་དཔལ། ཞེས་བྱ་བས་སྦྱར་བའོ། །སརྦ་དཱ་མངྒ་ལཾ།། །།

རོག་ལུགས་ཀྱི་ཕུར་པའི་བརྒྱུད་འདེབས། དྷརྨཱ་ཤྲཱི།

རོག་ལུགས་ཀྱི་ཕུར་པའི་བརྒྱུད་འདེབས་བཞུགས་སོ། །ཁྱབ་བདག་ཀུན་བཟང་ཀརྨ་ཧེ་རུ་ཀ །དྷ་ན་སཾ་སྐྲྀ་པདྨ་སཾ་བྷ་ཝ། །མཁར་ཆེན་མཚོ་རྒྱལ་དཔལ་གྱི་དབང་ཕྱུག་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །རྒྱལ་བའི་སྙིང་པོ་ངམ་འབྲེ་ཀླུའི་རྒྱལ་མཚན། །ཤེས་རབ་དབང་ཕྱུག་ཇོ་བོ་ལང་ལབ་ཞབས། །སྣ་ནམ་ཆེན་པོ་ཤེས་རབ་ཚུལ་ཁྲིམས་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །རྒྱ་སྟོན་སངས་རྒྱས་རྒྱ་ཐུང་ཤེས་རབ་རྒྱལ། །ཁ་སེར་བ་དང་སྨན་ཆུང་བླ་མ་དཔལ། །སྟོད་ལས་གཙོར་སྟོན་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །ཁྱུང་པོ་གསལ་ལེ་འཆལ་འབྲུག་བློ་གྲོས་རྒྱལ། །གྲགས་པ་རྒྱལ་མཚན་གོ་རུབ་ཡང་དག་སྟེ། །སྨད་ལས་གཙོར་སྟོན་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །བརྒྱུད་པ་གཉིས་འདུས་རོག་སྟོན་ཤེས་རབ་བླ། །བཀྲ་ཤིས་གྲགས་དང་མཁས་གྲུབ་ཤེས་རབ་འོད། །བསོད་ནམས་དཔལ་བ་འཁྲུལ་ཞིག་དར་མ་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །སྤྱན་སྔ་དཔལ་ཆེན་བླ་མ་དྲིན་ཅན་པ། །གཙུག་རྒྱན་པ་དང་ཆོས་རྒྱལ་རིན་པོ་ཆེ། །བྱང་ཆུབ་བཟང་པོ་ཀུན་དགའ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །དཔལ་མགོན་རྒྱལ་མཚན་བསོད་ནམས་རིག་པ་འཛིན། །སྔགས་འཆང་བདུད་འདུལ་ཆོས་རྗེ་ཨིནྡྲའི་མཚན། །བྱ་བཏང་འཁྲུལ་ཞིག་ཀློང་ཡང་འོད་གསལ་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །འགྱུར་མེད་རྡོ་རྗེ་ལོ་ཆེན་དྷརྨ་ཤྲཱི། །རིན་ཆེན་རྣམ་རྒྱལ་པདྨ་བསྟན་འཛིན་རྗེ། །ཕྲིན་ལས་རྣམ་རྒྱལ་པདྨ་དབང་གི་རྒྱལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །གཞན་ཕན་མཐའ་ཡས་པདྨ་རྡོ་རྗེ་དང་། བསྟན་པའི་ཉི་མ་འཇིགས་མེད་ཀུན་དགའ་བཟང་། །མདོ་སྔགས་བསྟན་འཛིན་ཕན་བདེའི་འོད་ཟེར་ཞབས། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་དང་། །དངོས་གྲུབ་མཆོག་སྩོལ་ཕྲིན་ལས་ཕུར་བུའི་ལྷ། །མཁའ་འགྲོ་ཆོས་སྲུང་དམ་ཅན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །མཚན་ཉིད་ཀུན་རྫོགས་རྡོ་རྗེ་སློབ་དཔོན་ལས། །ཁྱད་པར་དབང་བཅུ་ནོད་པས་རྒྱུད་སྨིན་ནས། །སྣང་རིག་དབྱིངས་དང་ཡེ་ཤེས་གཉིས་མེད་པའི། །བདེ་ཆེན་སྲས་ཀྱི་རོལ་པར་རྟོགས་པར་ཤོག །ཕུན་སུམ་ཚོགས་ལྔས་སྒྲུབ་པའི་གཞི་བཟུང་ཞིང་། །དཀྱིལ་འཁོར་གསུམ་གྱིས་གཞུང་བསྲང་བསྙེན་སྒྲུབ་ཀྱིས། །རྣམ་གྲོལ་བྱང་ཆུབ་སྒྲུབ་པའི་བར་གཅོད་རྣམས། །མངོན་སྤྱོད་དྲག་པོའི་ལས་ཀྱིས་འཇོམས་པར་ཤོག །དེ་ལྟར་འབད་པས་གནས་སྐབས་ལམ་གྱུར་གྱི། །འབྲས་བུ་རིག་འཛིན་རྣམ་བཞི་རིམ་བགྲོད་ནས། །སྤངས་རྟོགས་མཐར་ཐུག་བཅོམ་ལྡན་ཧེ་རུ་ཀ །རྡོ་རྗེ་གཞོན་ནུའི་གོ་འཕང་མྱུར་ཐོབ་ཤོག །ཅེས་རོག་གི་རིག་འཛིན་རྣམས་ཀྱི་ཞལ་གཟིགས་མར་གྲགས་པའི་ཕུར་པ་སྣ་ནམ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་འདི་ཡང་མཆེད་པོ་འགའི་གསུང་གིས་བསྐུལ་ཏེ་སྨྱོས་བཙུན་དྷརྨཱ་ཤྲཱིས་སྦྱར་བར་མཛད་པ་ལ། གཏེར་ཆེན་མན་གྱི་བརྒྱུད་པའི་རྣམ་གྲངས་མང་དུ་ཡོད་ཀྱང་འདིར་གཙོ་ཆེ་བ་ཕྱོགས་གཅིག་གི་ལུགས་སུ་བདག་གི་རིགས་བདག་བླ་མའི་བར་དུ་ཁ་སྐོང་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །།

རྡོ་རྗེ་ཕུར་བུ་རོག་ལུགས་ཀྱི་སྒྲུབ་ཐབས་ལས་བྱང་དངོས་གྲུབ་ཆར་འབེབས། དྷརྨཱ་ཤྲཱི།

རྡོ་རྗེ་ཕུར་བུ་རོག་ལུགས་ཀྱི་སྒྲུབ་ཐབས་ལས་བྱང་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །རྡོ་རྗེ་ཕུར་བུའི་མན་ངག་རྩ་དུམ་འཁྲུགས་བསྡེབས་ཀྱི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །རིག་པའི་ཉི་མ་སྒྲིབ་གཉིས་ཆུ་འཛིན་ལས། །ཡོངས་གྲོལ་མི་འགྱུར་མཆོག་བདེའི་ཕུར་བུ་ཆེས། །སྲིད་ཞིའི་འཁོར་ལོར་རིས་མེད་རྒྱས་འདེབས་པ། །བླ་མ་མཆོག་དང་རྡོ་རྗེ་གཞོན་ནུར་འདུད། །རིག་མཆོག་འབུམ་སྡེ་ལས་བྱུང་རྩ་དུམ་རྒྱུད། །འཁྲུགས་བསྡེབས་སྙིང་པོར་དྲིལ་བ་པདྨ་ཡི། །ཞལ་ལུང་བདུད་རྩིའི་ཉིང་ཁུ་མཁར་ཆེན་བཟའི། །ཐུགས་མཚོར་འཁྱིལ་ལས་ལེགས་བབས་ལང་ལབ་ཀྱི། །ལས་གཞུང་སྣ་ནམ་སྒོམ་ཁོག་བཅས་པའི་ཁྲིགས། །རོག་དང་སོ་ཡི་སྙན་རྒྱུད་འབབ་སྟེགས་ལས། །དངོས་གྲུབ་བདུད་རྩིའི་ཟིལ་དངར་ཆར་ཆེན་དུ། །འབེབས་བྱེད་བརྗོད་བདེའི་ཡི་གེས་འདིར་མཚོན་བྱ། །འདི་ལ་གསུམ་སྟེ། གང་གིས་སྒྲུབ་པའི་གང་ཟག །ཇི་ལྟར་བསྒྲུབ་པའི་ཐབས། དེ་ལྟར་བསྒྲུབས་པའི་འབྲས་བུའོ། །དང་པོ་ནི། དང་པོའི་ལས་ཅན་གྱི་དབང་དུ་བྱས་ཏེ། ཐུན་མོང་གི་ལམ་གྱིས་རྒྱུད་སྦྱོང་བ་སྔོན་དུ་འགྲོ་བས་དཀྱིལ་འཁོར་འདིར་ཞུགས་ཏེ་དབང་གིས་རྒྱུད་སྨིན་ཅིང་། སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་ཡང་དག་པར་གནས་པ། བདག་གཞན་གྱི་དོན་སྒྲུབ་པར་འདོད་པའི་ལྷག་བསམ་དང་ལྡན་པའོ། །གཉིས་པ་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་སྔོན་འགྲོ་ལ། བྱ་བ་ཚོགས་བསགས་བཀའ་བསྒོ་མཚམས། །བཀའ་ནན་བཤགས་པ་མཆོད་བྱིན་བརླབ། །ཅེས་པ་ལྟར་བདུན་ལས། དང་པོ་བྱ་བའི་སྔོན་འགྲོ་ནི། མཚན་ཉིད་དང་ལྡན་པའི་གནས་ཁང་མཛེས་པར་བརྒྱན་ཏེ། ལྷ་ཕུར་དང་བསྙེན་ཕུར་སོགས་རྟེན་དང་མཆོད་གཏོར་སྨན་རག་གིས་མཚོན་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚང་ཞིང་བཀོད་ལེགས་པར་བཤམ་མོ། །གཉིས་པ་ཚོགས་བསགས་པ་ནི། རོལ་མོས་བྱིན་དབབ་པ་སྔོན་དུ་འགྲོ་བས། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་བླ་མ་རིག་འཛིན་རྡོ་རྗེ་ཕུར་བུའི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿས་མཁའ་ཁྱབ་ཏུ་སད་པར་མོས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དེ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ལན་གསུམ་བརྗོད་ལ། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ་ནས་ཀ་དག་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་བཞག་གོ། །གསུམ་པ་བཀའ་བསྒོ་བ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། བདག་ཉིད་སྐད་ཅིག་གིས་རྡོ་རྗེ་གཞོན་ནུ་སྟོད་ཡེ་ཤེས་ཀྱི་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་གྱི་སྐུར་གྱུར་པའི་སྙེམས་པ་བརྟན་པོས། ཧཱུཾ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ༀ་སུམྦྷ་ནི་སུམྦྷ་ནི་ཧཱུྃ། གྷྲྀ་ཧྞཱ་གྷྲིཧྞཱ་ཧཱུཾ། གྷྲྀ་ཧྞཱ་པ་ཡ་གྷྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན་བིདྱཱ་རཱ་ཛ་ཡ་ཧཱུཾ་ཕཊ། བཞི་པ་མཚམས་བཅད་པ་ནི། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ་བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཅེས་བརྗོད་པས། བདག་གི་ཐུགས་ཀའི་ཧཱུཾ་ལས་ཁྲོ་བོ་བཅུ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་སྤྲོས་ཏེ་ཕྱོགས་བཅུར་ཞལ་ཕྱིར་གཟིགས་པས་བསྲུང་བའི་ལས་མཛད། དེ་དག་ལས་ཀྱང་ཁྲོ་བོའི་སྤྲིན་ཕུང་སྤྲུལ་པའི་འོད་ཟེར་རྣོན་པོ་འབར་ཞིང་འཁྲུག་པ་གཡས་སྐོར་དུ་སྤྲོས་པས་བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་བསྡིགས་བསྐྲད་བརླག་པར་བྱས། སླར་གཡོན་སྐོར་དུ་འདུས་པ་རྡོ་རྗེའི་ར་གུར་དུ་གྱུར་པས་ཕྱོགས་ཀུན་དཀྲིགས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར། ཨེ་མ་ང་ནི་རང་བྱུང་བའི། །དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །སྟེང་གི་ཕྱོགས་ནས་བགེགས་བྱུང་བ། །ཧཱུཾ་ཆེན་ཀཱ་ར་ཉིད་ཀྱིས་བཟློག །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །ཨེ་མ་ང་ནི་རང་བྱུང་བའི། །དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །ཤར་གྱི་ཕྱོགས་ནས་བགེགས་བྱུང་བ། །རྣམ་པར་རྒྱལ་བ་ཉིད་ཀྱིས་བཟློག །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །ཨེ་མ་ང་ནི་རང་བྱུང་བའི། །དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །ཤར་ལྷོའི་མཚམས་ནས་བགེགས་བྱུང་བ། །དབྱུག་པ་སྔོན་པོ་ཉིད་ཀྱིས་བཟློག །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །ཨེ་མ་ང་ནི་རང་བྱུང་བའི། །དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །ལྷོ་ཡི་ཕྱོགས་ནས་བགེགས་བྱུང་བ། །གཤིན་རྗེ་གཤེད་པོ་ཉིད་ཀྱིས་བཟློག །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །ཨེ་མ་ང་ནི་རང་བྱུང་བའི། །དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །ལྷོ་ནུབ་མཚམས་ནས་བགེགས་བྱུང་བ། །མི་གཡོ་མགོན་པོ་ཉིད་ཀྱིས་བཟློག །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །ཨེ་མ་ང་ནི་རང་བྱུང་བའི། །དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །ནུབ་ཀྱི་ཕྱོགས་ནས་བགེགས་བྱུང་བ། །རྟ་མཆོག་རྒྱལ་པོ་ཉིད་ཀྱིས་བཟློག །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །ཨེ་མ་ང་ནི་རང་བྱུང་བའི། །དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །ནུབ་བྱང་མཚམས་ནས་བགེགས་བྱུང་བ། །གཞན་གྱིས་མི་ཐུབ་ཉིད་ཀྱིས་བཟློག །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །ཨེ་མ་ང་ནི་རང་བྱུང་བའི། །དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །བྱང་གི་ཕྱོགས་ནས་བགེགས་བྱུང་བ། །བདུད་རྩི་འཁྱིལ་པ་ཉིད་ཀྱིས་བཟློག །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །ཨེ་མ་ང་ནི་རང་བྱུང་བའི། །དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །བྱང་ཤར་མཚམས་ནས་བགེགས་བྱུང་བ། །ཁམས་གསུམ་རྣམ་རྒྱལ་ཉིད་ཀྱིས་བཟློག །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །ཨེ་མ་ང་ནི་རང་བྱུང་བའི། །དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །འོག་གི་ཕྱོགས་ནས་བགེགས་བྱུང་བ། །སྟོབས་ཆེན་རྒྱལ་པོ་ཉིད་ཀྱིས་བཟློག །བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག །ལྔ་པ་བཀའ་ནན་བྱ་བ་ནི། མཚམས་བཅད་ནང་འདི་ཚུན་ཆད་དུ། །སུ་ཡང་འདའ་བར་མ་བྱེད་ཅིག །ཅི་སྟེ་བཀའ་ལས་འདའ་བྱེད་ན། །ཕུར་བུ་ལྕགས་ཀྱུར་བཅས་པ་ཡིས། །སྙིང་ནས་དྲངས་ཏེ་གདབ་པར་བྱ། སུམྦྷའི་སྔགས་ཀྱང་བརྗོད་ཅིང་། །བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་དམིགས་པ་མེད་པའི་དབྱིངས་སུ་ལ་བཟླའོ། །དྲུག་པ་བཤགས་པ་བྱ་བ་ནི། ༀ་བཛྲ་ས་ཏྭ་ཧཱུཾ། བདག་ཉིད་རྡོ་རྗེ་སེམས་དཔའི་དཀར་པོ་ཞི་ཞིང་འཛུམ་པ་གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེས་བརྒྱན་པ། པད་ཟླ་ལ་ཕྱེད་སྐྱིལ་གྱིས་བཞུགས་པའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་དཀར་པོ། དེ་ལས་འཕྲོས་པའི་འོད་ཟེར་དང་ༀ་བཛྲ་ས་མ་ཛཿས་བཤགས་ཡུལ་ཚོགས་ཞིང་ལྟར་སད་པའི་སྤྱན་སྔར། འགྱོད་ཚངས་ཀྱི་བསམ་པ་དྲག་པོས། ཧཱུཾ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་རབ་འབྱམས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས། གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མའི། །མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་བ་ལ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེའི་དམ་ཅན་དགོངས་སུ་གསོལ། །ཧཱུཾ། ཐུགས་རྗེའི་གདུང་འཚོབ་རིག་འཛིན་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་ནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་། །དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་ལས་བྱུང་ཞིང་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོབ་བས་དབྱེ་བསལ་དཀའ་བ་དང་། །མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མ་འཛེམ་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི། །ཉམས་སྒྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའིི་ཐུགས་བརྩེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ། །དམིགས་མེད་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །དོན་དམ་དམིགས་མེད་སྤྲོས་ལས་འདས་པས་ན། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང་། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པ་མཆིས་ན་རབ་གནོང་བཟོད་པར་གསོལ། །ཞེས་དང་། ཡིག་བརྒྱའང་བརྗོད་པས། བཤགས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་བ་བདག་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཡེ་ནས་རང་བཞིན་མེད་པའི་དབྱིངས་སུ་དག་ཅིང་། བཤགས་ཡུལ་རྣམས་ཀྱང་རང་ལ་ཐིམ་པར་བསམ་མོ། །བདུན་པ་མཆོད་པ་བྱིན་གྱིས་བརླབ་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། བདག་ཉིད་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་གྱུར་པར་བསམ་པས་སྤྱིར་སྦྱང་ནས། སོ་སོར་བརླབ་པ་ལ་བཞི་ལས། བདུད་རྩི་ནི། བདག་གི་ཐུགས་ཀ་ནས་བྷ་འཕྲོས། སྣོད་ལ་ཕོག་པས་བྷཉྫ་འབར་བའི་གཞལ་ཡས་ཁང་གི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདུད་རྩི་ལྔ་དཔའ་བོ་འབྲུ་ལྔས་མཚན་པ། པདྨ་དྷ་ར་ཧྲཱིཿ རང་གི་གཡོན་པའི་མཐེབ་སྲིན་ལ་རྟ་མགྲིན་ཡབ་ཡུམ། འཁྲིལ་སྦྱོར་དུ་བཞུགས་པའི་བར་དུ་ཧྲཱིཿདམར་པོ་གནས་པ་འོད་དུ་ཞུ་ནས་ཡབ་ཡུམ་ལ་ཐིམ་པས་སྦྱོར་བའི་བརྡས་བསྐུལ། སྙོམས་པར་ཞུགས་པས་བྱང་སེམས་སུ་ཞུ་བ་དཔའ་བོ་འབྲུ་ལྔ་ལ་ཕོག་པ་ཡེ་ཤེས་ཀྱི་འོད་ཟེར་འབར་བས་བདུད་རྩིར་ཞུ་ཞིང་། འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བསྡུས་ནས་འཁྱིལ་བའི་སྟེང་དུ་ༀ་ཨཱཿཧཱུཾ་གིས་མཚན་པ། སླར་ཡང་འོད་ཟེར་འཕྲོས་འཁོར་འདས་ཀྱི་བདུད་རྩིའི་དྭངས་མ་འབྲུ་གསུམ་གྱི་ཡི་གེ་དང་བཅས་པ་འོད་དུ་ཞུ་བ་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་གྱུར་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ། ཞེས་བརྒྱའམ་ཉེར་གཅིག་བཟླས་ལ། གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་ལྕེ་ལ་ལན་གསུམ་འཇོག་ཅིང་། ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། ༀ་དྷརྨ་ཨ་མྲྀ་ཏ་ཧཱུཾ་ཕཊ། མཆོད་རྫས་རྣམས་ལ་གཏོར་བས་ཉེས་སྐྱོན་སྦྱང་། ༀ་བི་ཤུདྡྷ་ཨ་མྲྀ་ཏ་ཧཱུཾ་ཕཊ། མཆེད་རྣམས་ལ་གཏོར་བས་འཁོན་གཅུགས་སྦྱངས་ལ། ༀ་བཛྲ་ཡཀྴ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ། བདུད་རྩིའི་ཟེགས་མ་ཁྲོ་བོའི་སྤྲིན་དུ་སྤྲོས་པས་བགེགས་དང་ལོག་འདྲེན་ཐམས་ཅད་བསྐྲད་པར་གྱུར། གཏོར་མ་ནི། བདག་གི་ཐུགས་ཀ་ནས་བྷ་འཕྲོས། སྣོད་ལ་ཕོག་པས་བྷཉྫ་འབར་བའི་གཞལ་ཡས་ཁང་གི་ནང་དུ་ཨ་ལས་ཟླ་དཀྱིལ་གྱི་སྟེང་དུ་ༀ་ཡིག་སེར་པོ། །ༀ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ཧྲཱི་ཤོ་ས་མ་ཡེ་སྭཱ་ཧཱ། ཞེས་ལན་དྲུག་བཟླས་པས། འདོད་ཡོན་དྲུག་གི་ལྷ་མོས་ནམ་མཁའ་གང་བས་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་སྤྲོ་བའི་གཏེར་དུ་གྱུར། རཀྟ་ནི། བདག་གི་ཐུགས་ཀ་ནས་བྷ་འཕྲོས། སྣོད་ལ་ཕོག་པས་བྷཉྫ་འབར་བའི་གཞལ་ཡས་ཁང་གི་ནང་དུ་རཀྟ་ལ་ར་ཡིག་དམར་པོས་མཚན་པ། ༀ་ཨཱཿཧཱུཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱིཿཋཱ། ཞེས་ལན་གསུམ་བཟླས་པས། རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག་ཅིང་འཁྱིལ་བ་ལ་ཞུན་ཆེན་གྱི་དར་ཆགས་པས་ནམ་མཁའ་གང་བར་གྱུར། ཐུན་མོང་གི་མཆོད་པ་རྣམ་ལྔ་ནི། རང་གི་ཐུགས་ཀ་ནས། པུ་དྷཱུ་ཨ་གན་ནེ་ཤ་རྣམས་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། མཆོད་པའི་ལྷ་མོ་མཆོད་རྫས་ཐོགས་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། པུཥྤེའི་གནས་སུ་དྷཱུ་པེ། ཨཱ་ལོ་ཀེ། །གནྡྷེ། ནེ་ཝིདྱེ། ཤཔྡ་རྣམ་བཅུག་སྟེ་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ལ། ཏིང་འཛིན་རྣམ་གསུམ་རྟེན་བརྟེན་པ། །དབང་བསྐུར་སྤྱན་དྲངས་བཞུགས་གསོལ་ཕྱག །མཆོད་གསོལ་ཛཔ྄་བསྙེན་བསྟོད་པ་བྱ། །ཞེས་པ་ལྟར་བཅུ་གཅིག་ལས། དང་པོ་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ་ནི། ཆོས་ཐམས་ཅད་སྟོང་ཉིད་ཡེ་ཤེས་རྡོ་རྗེར་འབར་ཞིང་ཁྲོས་པས་མཚན་མའི་རྣམ་རྟོག་མི་དམིགས་པའི་དབྱིངས་སུ་འཇོམས་པར་བྱེད་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ཞེ་སྡང་གཅོད་པའི་གཉེན་པོ་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་པ་ཀུན་སྣང་གི་ཏིང་འཛིན། སྣང་སྟོང་གཉིས་སུ་མེད་པའི་དབྱིངས་ནས་རང་རིག་པའི་ཡེ་ཤེས་མཚོན་པའི་ཐབས་ཆེན་དྭངས་མའི་སྲོག་ཧཱུཾ་ཡིག་སྔོན་པོ་ཐིག་ལེའི་ངོ་བོ་ཉིད་དུ་འབར་བར་བསྒོམ་པ་རྒྱུའི་ཏིང་འཛིན་ཏེ། ཧཱུྂ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །ཞེས་པས་གསལ་གདབ། གཉིས་པ་རྟེན་བསྐྱེད་པ་ལ་གསུམ་ལས། དང་པོ་གཞི་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། དྭངས་མའི་སྲོག་ཧཱུཾ་ལས། ཨེ་ཡཾ་ར་ཝཾ་ཀེཾ་རཾ་རྣམས་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། །གྲུ་གསུམ་མཐིང་ནག་འབར་བའི་ནམ་མཁའ་ལ། །འཐོར་བྱེད་རླུང་ནག་ཚོགས་ཀྱིས་རྒྱ་གྲམ་གཏམས། །ཆགས་པ་རཀྟའི་རྒྱ་མཚོ་རྦ་ཀློང་འཁྱིལ། །ཞིང་ཆེན་གཏམས་པའི་ས་གཞི་མཐའ་དབུས་བརྡལ། །ཀེང་རུས་ཆེན་པོ་བརྩེགས་པའི་རི་རབ་འབར། །ཡེ་ཤེས་འབར་བའི་མེ་འོད་ཀུན་ཏུ་འཕྲོ། །དེ་དག་ཀྱང་འབྱུང་བ་ལྔ་གནས་སུ་དག་པ་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའོ། །གཉིས་པ་རྟེན་གཞལ་ཡས་ཁང་བསྒོམ་པ་དངོས་ནི། སླར་ཡང་དྭངས་མའི་སྲོག་ཧཱུཾ་ལས་རི་རབ་ཀྱི་སྟེང་མེ་དཔུང་འབར་བའི་ཀློང་དུ་བྷྲཱུཾ་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བྷཉྫ་ཛྙཱ་ན་ཙཀྲ་མཎྜ་ལ་ཨེ་བྷཱུཾ། བྷྲཱུཾ་ཡིག་འཕྲོ་འདུས་ཡོངས་གྱུར་གཞལ་ཡས་ཁང་། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་ཕྱི་དང་ནང་། །སོ་སོར་མ་དམིགས་ཀུན་ཏུ་ནང་གྱུར་ཀྱང་། །འགག་པ་མེད་པའི་ཡེ་ཤེས་རང་སྣང་ལ། །ཕྱི་ནི་རིན་ཆེན་འབར་བ་ལས་གྲུབ་པའི། །གྲུ་བཞི་བར་ཁྱམས་སྒོ་ཁྱུད་གློ་འབུར་ཚུལ། །ནང་གི་ཐོད་པ་སྐམ་རློན་རཀྟ་ཡིས། །སྤྱིན་ཐབས་སྦྱར་ཞིང་གནམ་ལྕགས་གཟེར་གྱིས་གཏམས། །ལྷ་ཀླུའི་ཀ་གདུང་གཟའ་སྐར་དྲལ་ཕྱམ་ཅན། །འདོད་སྣམ་མཆོད་ལྷ་ཕ་གུར་ཐོད་པས་དཀྲིགས། །རྒྱུ་རློན་རུས་པའི་ལྡ་ལྡི་ཐོད་ཚལ་དང་། །ལྕང་ལོའི་རྔ་ཡབ་དྲིལ་གཡེར་རླུང་བསྐྱོད་འཕྱང་། །རྐང་ལག་ཤར་བུ་སྒལ་ཚིགས་མདའ་ཡབ་དང་། །རུ་དྲའི་པགས་པ་ཐོག་ཕུབ་ཙིཏྟ་ཏོག །ཉི་ཟླའི་མཐོངས་ཁུང་ཞིང་ཆེན་ཞིང་ཆུང་དང་། །གཡང་གཞིའི་རྒྱལ་མཚན་འཕན་གདུགས་བླ་བྲེས་བརྒྱན། །སྒོ་བཞིར་རུས་སྦལ་ཡ་ཐེམ་མ་ཐེམ་ཅན། །སྒོ་རྒྱན་རྟ་བབས་རུས་པའི་དྲྭ་བ་དང་། ཆུ་སྲིན་ཐོད་པས་བརྒྱན་ཞིང་པདྨ་ལ། །གནས་པའི་ཆོས་འཁོར་གདུགས་མཛེས་རི་དྭགས་ཟུང་། །སྣ་ཚོགས་པདྨ་རྒྱ་གྲམ་ལྟེ་བ་ལ། །ཡོངས་རྫོགས་དྭངས་ཤིང་སྒྲིབ་མེད་ཀུན་ཏུ་གསལ། །ཕྱི་ནས་དུར་ཁྲོད་ཆོས་རྣམས་མ་ལུས་པས། །འཇིགས་པར་བྱེད་པའི་དུར་ཁྲོད་ཆེན་པོ་བརྒྱད། །དེ་མཐར་མི་ཤིགས་རྡོ་རྗེའི་ར་གུར་ལས། །འབར་བའི་མེ་འོད་ཀུན་ཏུ་འཕྲོ་ཞིང་འཁྲུག །གྲུ་ཆད་བཞིའི་དབུས་རྡོ་རྗེའི་ཕྲེང་བ་ཡིས། །ཟླུམ་པོར་བསྐོར་ནང་གསེར་འཁོར་རྩིབས་བརྒྱད་པ། །དེ་ནས་མུ་ཁྱུད་ཐོད་ཕྲེང་གིས་བསྐོར་པའི། །ཟླ་གམ་དམར་པོ་གསུམ་ལྡན་ལྟེ་བ་རུ། །གྲུ་གསུམ་མཐིང་ནག་རྡོ་རྗེ་འགྲེང་བུས་སྤགས། །གཙོ་བོ་ཁྲོ་བཅུ་སྒོ་བཞིའི་གནས་བཅོ་ལྔར། །གྲུ་གསུམ་མཐིང་ནག་འབར་བ་རེ་རེས་བརྒྱན། །གསུམ་པ་གདན་བསྐྱེད་པ་ནི། པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཛཿཧཱུཾ་བཾ་ཧོ། རུ་དྲ་ཏི་ར་བཾ། ཝཱ་རུ་ཎ་ཏི་ར་བཾ། གཙོ་བོའི་གནས་སུ་མ་ཆགས་པདྨའི་གདན། །ཐབས་ཤེས་ཟླ་བ་ཉི་མ་འོད་འབར་སྟེང་། །རྒྱུ་ཡི་ཧཱུཾ་ལས་ཕྱག་རྒྱའི་ལྷ་མོ་བཞི། །སྤྲོས་པས་རུ་དྲ་ཀླུ་དབང་ཁྱོ་ཤུགས་བཅས། །བཀུག་ནས་ཁ་སྦུབ་གན་རྐྱལ་བྱི་ཆིངས་བསྣོལ། །སྟེང་འོག་ཕྱོགས་མཚམས་ཕྱོགས་སྐྱོང་ཕོ་མོ་དང་། །སྒོ་ཁྱུད་བཞི་དང་ཁྱམས་ལ་དགྲ་བགེགས་རྣམས། །དབང་མེད་བཀུག་ནས་གདན་དུ་བཏིང་བར་གྱུར། །གསུམ་པ་བརྟེན་པ་ལྷ་བསྐྱེད་པ་ལ་གསུམ་སྟེ། བདག་རྩ་བའི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། ཕུར་བུ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་བདག་རྩ་བའི་དཀྱིལ་འཁོར་བསྐྱེད་པ་ནི། ནམ་མཁར་གནས་པའི་རྒྱུའི་ཧཱུཾ་དེ་དབུས་ཀྱི་གདན་སྟེང་སྐར་མདའ་ལྷུང་བ་ལྟར་བབས། ཧཱུཾ་སྥ་ར་ཎ་ཕཊ། ཧཱུཾ་ལས་ཧཱུཾ་ཕྲ་མོ་གྲངས་མེད་པ་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། སཾ་ཧ་ར་ཎ་ཧཱུཾ། སླར་འདུས་པ་གཞིའི་ཧཱུཾ་ལ་ཐིམ། ཏིཥྛ་བཛྲ་ཧཱུཾ། དེ་རྡོ་རྗེ་སྔོན་པོ་རྩེ་དགུ་པ་ལྟེ་བར་ཧཱུཾ་གིས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོ་འདུས་གཅིག་ཏུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་གཞོན་ནུ་ཚོན་གང་བའི་སྐུར་གྱུར་པ་ནི་སྐུ་ཕྲ་མོའི་རྣལ་འབྱོར་རོ། དེ་ཡོངས་སུ་གྱུར་པ་ལས་ཁྲག་འཐུང་ཐམས་ཅད་འདུས་པའི་སྤྱི་གཟུགས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་སྐུ་ཆེ་ལ་ཡན་ལག་རགས་པའི་སྐུར་བཞེངས་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །ཞབས་བཞི་འབར་བ་ཆེན་པོའི་འོད་ཟེར་ཅན། །གཡས་ཞལ་དཀར་འཛུམ་གཡོན་ཞལ་དམར་ལ་གཤེ། །དབུས་ཞལ་མཐིང་ནག་དྲག་ཏུ་རྔམས་པའི་ཚུལ། །སྤྱན་དགུ་སྡང་མིག་ཞལ་གདངས་མཆེ་བ་གཙིགས། །ཤངས་ནས་ཧཱུཾ་འབྱིན་ལྗགས་འདྲིལ་རྐན་སྒྲ་རྡེབ། །སྨིན་མཚམས་ཁྲོ་གཉེར་སྨ་ར་སྨིན་མ་འབར། །ཁམ་ནག་རལ་པ་གྱེན་འཁྱིལ་རྡོ་རྗེ་ཡི། །བ་སྤུས་གཏམས་ཤིང་ཁྲོ་ཆུང་ཚྭ་ཚྭ་འཕྲོ། །ཕྱག་གཡས་དང་པོས་རྡོ་རྗེ་རྩེ་དགུ་གདེངས། །གཡོན་གྱི་དང་པོས་མེ་དཔུང་འབར་བ་བསྣམས། །བར་པའི་ཕྱག་གཉིས་རྡོ་རྗེ་རྩེ་ལྔ་དང་། ཁ་ཊྭཱཾ་རྩེ་གསུམ་ཐ་གཉིས་ཕུར་བུ་སྒྲིལ། །ཞབས་བཞིའི་མདུན་གཉིས་གཡས་བསྐུམ་གཡོན་བརྐྱང་དང་། །རྒྱབ་གཉིས་གཡས་བརྐྱང་དོར་སྟབས་འཕེན་སྡུད་མཛད། །གླང་ཆེན་ཀོ་རློན་མི་ལྤགས་གཡང་གཞི་ཡིས། །སྟོད་གཡོགས་སྟག་གི་པགས་པའི་ཤམ་ཐབས་གྲོལ། །ཐོད་སྐམ་དབུ་རྒྱན་མགོ་རློན་དཔུང་རྒྱན་དང་། །ར་རིའི་སེ་རལ་སྦྲུལ་ཆེན་རིགས་ལྔས་བརྒྱན། །རུས་པའི་རྒྱན་དྲུག་ཁྲག་ཞག་ཐལ་བས་མཚན། །དབུ་ལ་ཁྲག་འཐུང་རིགས་ལྔའི་སངས་རྒྱས་བཞུགས། །གར་དགུའི་ཉམས་རྒྱས་རྡོ་རྗེའི་གཤོག་པ་གདེངས། །བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་འགྱིང་། །དེ་ཡི་ཐུགས་ཀར་ཙིཏྟ་སྨུག་པོ་ནི། །མཆོང་གུར་ཕུབ་པ་འདྲ་བའི་ལྟེ་བ་རུ། །སྙིང་ཚིལ་ཉི་ཟླའི་གདན་ལ་ཡེ་ཤེས་སེམས། །མཚོན་གང་རང་འདྲ་རྒྱན་དང་ཆ་ལུགས་སྤང་། །དེ་ཐུགས་ཟླ་སྟེང་རྡོ་རྗེ་འགྲེང་བུ་ནི། །རྭ་ཕྱེད་ཟླ་བར་ནུབ་ཅིང་ཆངས་བཟུང་གི། །ལྟེ་བར་ཉི་མའི་གདན་ལ་ཧཱུཾ་མཐིང་ག །ཕྲ་ཞིང་འབར་བའི་མཐའ་སྐོར་ཀཱི་ལ་ཡ། །འབྲུ་དགུ་ལྗང་དམར་གཡས་སུ་འཁོར་བའི་སྒོ། །རྟ་མགྲིན་ཡབ་ཡུམ་འཁྲིལ་བས་བསྲུང་བར་གྱུར། །ཐུགས་ཀའི་ཏིང་འཛིན་སེམས་དཔའ་ཧཱུཾ་ཡིག་ལས། །ཧཱུཾ་གཅིག་གཡོན་ཕྱོགས་ཆད་པ་ཡོངས་གྱུར་པས། །ༀ་དཱི པྟ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ། འཁོར་ལོ་རྒྱས་འདེབས་མཐིང་སྐྱ་ཁྲོ་ཞིང་སྒེག །སྐྲ་གྲོལ་ཁྲོ་མོའི་རྒྱན་དང་གཟིག་ཤམ་ཅན། །ཕྱག་གཡས་ཡབ་འཁྱུད་གཡོན་པས་དུང་དམར་སྟོབ། །གཡས་བརྐྱང་གཡོན་བསྐུམ་ཞབས་ཀྱིས་ཡབ་ལ་འཁྱུད། །རྡོ་རྗེ་པདྨོ་མཉམ་སྦྱོར་བདེ་སྟོང་རོལ། །དེ་ལྟར་རིམ་གྱིས་བསྐྱེད་ནས་ཅིག་ཅར་དུ་གསལ་གདབ་པ་ནི། སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་སོ། གཉིས་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་ལ་གསུམ་སྟེ། ཆོས་ཉིད་ཀྱི་རང་སྒྲས་བསྟོད་ཅིང་གསལ་གདབ་པ། ཁྲོ་བཅུ་ཡབ་ཡུམ་ཕྱག་བརྙན་དང་བཅས་པ་བསྐྱེད་པ། ཞར་བྱུང་སྒོ་སྐྱོང་དམ་ཅན་དང་བཅས་བསྐྱེད་པའོ། །དང་པོ་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེར་སྒྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་བུའི་ལྷ། །ཡེ་ཤེས་ཁྲོ་བོ་སྒྲུབ་པར་མཛོད། ཅེས་གཞལ་ཡས་ཁང་གི་མཁའ་ལ་རང་སྒྲར་གྲགས་པར་བསམ་མོ། གཉིས་པ་ནི། གཙོ་བོའི་ཐུགས་ཀ་ནས། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཟུང་བཅུ་གདན་སོ་སོའི་སྟེང་དུ་ཆར། ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོ་འདུས་འོད་དུ་ཞུ་བ་ལས་རྡོ་རྗེ་རྩེ་དགུ་པ་ཧཱུཾ་གིས་མཚན་པ་རེ་རེར་གྱུར། དེ་ལས་འོད་ཟེར་འཕྲོས། འདུས་པ་ལས་ཁྲོ་བོ་ཁྲོ་མོ་ཚོན་གང་བ་རེ་རེའི་སྐུར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། །ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཅེས་པ་ནས། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཅེས་པའི་བར་བརྗོད་པས། ཁྲོ་བོ་བཅུ་ཡབ་ཡུམ་སྤྲུལ་པ་དང་བཅས་པ་སྐུ་ཆེ་ལ་ཡན་ལག་རགས་པའི་རྣམ་པར་བཞེངས་ནས་ཕྱོགས་བཅུར་དྲེགས་པའི་གདན་ལ་འཁོད་པར་གྱུར་པ་ནི། ཧཱུཾ་མཛད་སྒྲ་འབྱིན་ཕག་དང་སྨིག་བུའི་མགོ། །རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་མགོ། །དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ། །གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ། །མི་གཡོ་གཏུན་ཁུང་གཟིག་དང་ཁྭ་ཏའི་མགོ། །རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་མགོ། །འདོད་རྒྱལ་མདའ་སྙེམས་སྤྱང་ཀི་ཁྲ་ཡི་མགོ། །བདུད་རྩི་རླུང་འབྱིན་སེང་གེ་ཕ་ཝཾ་མགོ། །ཁམས་གསུམ་གསོད་མ་དོམ་དང་སྲེ་མོང་མགོ། །སྟོབས་ཆེན་བསྐྱོད་མ་དྲེད་དང་བྱི་བའི་མགོ། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །ཁྲོ་བོ་ཡབ་རྣམས་གཡས་པ་ཕུར་བུ་སྒྲིལ། །གཡོན་པ་ལྕགས་ཀྱུ་དུར་ཁྲོད་ཆས་ཀྱིས་བརྒྱན། །ཡུམ་རྣམས་གཡས་པ་ཡབ་འཁྱུད་གཡོན་པ་ཡིས། །དུང་དམར་སྟོབ་ཅིང་ཁྲོ་མོའི་ཆ་ལུགས་ཅན། །ཟ་བྱེད་ཕ་བཅུ་ཡབ་ཀྱི་དཔུང་གཡས་དང་། །གསོད་བྱེད་མ་བཅུ་ཡུམ་གྱི་དཔུང་གཡོན་སྟེང་། །ལྟེ་བ་ཡན་ཐོན་མགོ་བརྙན་ཕྲ་མེན་ཚུལ། །གཡས་པ་ཕུར་བུ་གཡོན་པ་ལྕགས་ཀྱུ་འཛིན། །གཅེར་བུ་དུར་ཁྲོད་ཆས་ལྡན་འཕྲུལ་གྱི་གཟུགས། །གསུམ་པ་ནི། གཙོ་བོའི་ཐུགས་ཀ་ནས་ཛཿཧཱུཾ་བཾ་ཧོཿ བཞི་སྒོ་བཞིར་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོ་འདུས་འོད་དུ་ཞུ་བ་ལས་ཕྱག་མཚན་བཞིར་གྱུར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བི་ད་ཡ་བིང་བིང་ཧཱུཾ་ཕཊ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མཿས་མནྟ་ཧྲཱིཾ་ཧྲཱི་ཧཱུཾ་ཕཊ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཧཱུཾ་ཕཊ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས། ཕྱག་མཚན་ཡོངས་གྱུར་སྒོ་བཞིར་པུ་ཤུད་དང་། །སྐྱ་ཀ་སྲིན་བྱ་ཁྲ་ཡི་མགོ་བོ་ཅན། །མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་ཕུར་བུ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་གཡོན། །དྲག་མོ་དུར་ཁྲོད་རྒྱན་ཅན་སྒོ་བཞི་བསྲུང་། །དམ་ཅན་རྣམས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཀ་ཏང་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏ། ཨ་པ་ར་ཛི་ཏ། མ་ར་སེ་ན་པྲ་མརྔྷ་ན་ཡེ། སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཅེས་བརྗོད་པས། ཤྭ་ན་བདག་ཉིད་བསྭེ་མོ་བཞི་བཞི་དང་། །གིང་གསུམ་རང་རང་སྐུ་མདོག་བཞོན་པར་བཅས། །གཡས་པ་ཕུར་བུ་གཡོན་རྣམས་ལྕགས་ཀྱུ་ཐོགས། །བྱ་ཁྱུང་ཐང་ལ་ལྷགས་བཞིན་སྐད་ཅིག་གིས། །འདུས་ནས་བཀའ་ཉན་ཚུལ་དུ་ཁྱམས་ལ་འཁོད། །གསུམ་པ་ཕུར་བུ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་པ་ལ་གསུམ་ལས། དང་པོ་ཆོས་ཉིད་ཀྱི་རང་སྒྲས་བསྟོད་ཅིང་གསལ་གདབ་པ་ནི། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པའི། །སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །ཅེས་གཞལ་ཡས་ཁང་གི་ནམ་མཁའ་ལ་རང་སྒྲར་གྲགས་པར་བསམ་མོ། །གཉིས་པ་ཆོ་ག་གསུམ་གྱིས་སྲས་མཆོག་བསྐྱེད་པ་ནི། གཙོ་བོའི་ཐུགས་ཀ་ནས་ཧཱུཾ་འཕྲོས། བསྙེན་ཕུར་ལ་ཕོག་པས་མཚན་མ་སྦྱངས་ཏེ་ཧཱུཾ་ཡིག་ཏུ་གྱུར། ཧཱུཾ་སྥ་ར་ཎ་ཕཊ། ཧཱུཾ་ལས་འོད་འཕྲོས་སངས་རྒྱས་ཀྱི་མཛད་པ་བསྒྲུབས། སཾ་ཧ་ར་ཎ་ཧཱུཾ། སླར་འདུས་པ་གཞིའི་ཧཱུཾ་ལ་ཐིམ། དེ་འོད་དུ་ཞུ་བ་ལས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཡོངས་གྱུར་སྲས་མཆོག་བཛྲ་ཀཱི་ལ་ཡ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་གཙོ་བོ་འདྲ། །སྐུ་སྨད་རྣོ་དབལ་ཕུར་བུ་འབར་བའི་ཚུལ། །ཕྱི་དབྱིབས་ཕུར་བུ་ནང་ནི་གཞལ་ཡས་ཁང་། །ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་སོགས་ཁྲོ་བཅུ་སྒོ་མ་དམ་ཅན་གྱི་སྔགས་རྣམས་ཚང་བར་བརྗོད་པས། རྒྱ་མདུད་གོང་འོག་གཅུམ་གཞོགས་བརྒྱད་རྣམས་ལ། །ཁྲོ་བཅུ་ཡབ་ཡུམ་རང་རང་ཁྲ་ཐབས་བཅས། །རྒྱ་མདུད་འོག་མའི་ལོགས་ལ་སྒོ་མ་བཞི། །ཟུར་གསུམ་དབལ་ལ་དམ་ཅན་སྡེ་བཞི་གསལ། །གསུམ་པ་བསྐུར་བརླབ་གཟི་བྱིན་བསྐྱེད་པ་ལ་བདུན་ཏེ། བདག་གི་ཐུགས་ལས་ཁྲོ་བོའི་སྤྲིན་ཕུང་སྤྲོས། །བསྐུལ་ཞིང་དོན་བྱས་ཧཱུཾ་ཕཊ་བཞད་སྒྲ་སྒྲོགས། །ཕུར་བུར་ཐིམ་པས་ཁམས་གསུམ་སྒྲོལ་ནུས་པའི། །རིགས་རྣམས་ཀུན་གྱི་ཁྲོ་བོར་བྱིན་བརླབས་གྱུར། །ཕུར་བུ་དེ་ཡི་སྤྱི་བོར་ༀ་དཀར་པོ། །མགྲིན་པར་ཧྲཱིཿདམར་ཐུགས་ཀར་ཧཱུཾ་མཐིང་ག །ལྟེ་བར་ཏྲཱཾ་སེར་རྩེ་མོར་ཧཱ་ལྗང་མཚན། །ཡེ་ཤེས་ལྔ་ཡི་དོན་དང་ལྡན་པར་གྱུར། །ཕུར་བུའི་སྤྱི་མགྲིན་སྙིང་གའི་གནས་གསུམ་དུ། །ༀ་དཀར་ཨཱཿདམར་ཧཱུཾ་ཡིག་སྔོན་པོ་འབར། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལྡན་པར་གྱུར། །ཕུར་བུའི་དབལ་གྱི་ངོས་གསུམ་ཧཱུཾ་རེ་དང་། །ཟུར་གསུམ་ལ་ནི་ཕཊ་ཡིག་གསུམ་གྱིས་མཚན། །གཅིག་ཏུ་ཚར་གཅོད་དབང་དྲག་ལས་མཛད་པའི་། །ཡེ་ཤེས་རྩེ་གཅིག་ཐུགས་སུ་བརླབས་པར་གྱུར། དེ་ནས་ལག་གི་འདུ་བྱེད་ཀྱིས་བྱིན་གྱིས་བརླབ་པ་ནི། མཱ་སཱུརྱ་མཎྜ་ལ། བདག་གི་ལག་གཡས་མ་ལས་ཉི་དཀྱིལ་དང་། །གུང་མཐེབ་མཛུབ་སྲིན་མཐེའུར་ཉི་མ་ལ། །གནས་པའི་ཧཱུཾ་ༀ་སྭཱ་ཨཱཾ་ཧཱ་ལྔ་གསལ། །ཨ་ཙནྡྲ་མཎྜ་ལ། ལག་གཡོན་ཨ་ལས་ཟླ་བའི་དཀྱིལ་འཁོར་དང་། །སོར་མོ་སྔར་བཞིན་ཟླ་དཀྱིལ་རེ་རེ་ལ། །མཱུཾ་ལཱཾ་མཱཾ་པཱཾ་྄ཏཱཾ་ལྔས་མཚན་པ་རྣམས། འོད་ཞུ་རིགས་ལྔ་ཡབ་ཡུམ་བཅུ་རུ་གྱུར། །སུ་ར་ཏ་སྟྭཾ། ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལིས་སོར་མོ་བསྣོལ། བཛྲ་བྷཉྫ་ས་ཕྱག་རྒྱ་བསྡམས། རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་གྱུར། དེ་ནས་ཕུར་བུ་ལག་ཏུ་བླངས་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཨ་བེ་ཤ་ཡ་ཨ་ཨཱཿ ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་སེམས། །ཕུར་བུ་ལ་ཐིམ་རིགས་ལྔ་ཡབ་ཡུམ་ཡང་། །འོད་དུ་ཞུ་ནས་ཕུར་བུ་ལ་ཐིམ་པས། །ཕུར་བུ་བཀྲག་དང་གཟི་མདངས་ལྡན་པར་གྱུར། །སྐུ་གསུང་ཐུགས་རྫོགས་པར་བྱིན་གྱིས་བརླབ་པ་ནི། ༀ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཎཱཾ་ཛྭ་ལ་ཛྭ་ལ་པྲ་ཛྭ་ལ་པྲ་ཛྭ་ལ། སྥུ་ཊ་སྥུ་ཊ་། སརྦ་ན་ཡེ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཕུར་བུ་ལ་ཐིམ་པས་སྐུ་ཆེ་ལ་ཡན་ལག་རགས་པས་སྟོང་གསུམ་གང་བར་གྱུར། ༀ་པདྨ་ཀཱི་ལི་ཀཱི་ལ་ཡ་ཝཱ་ཀ་བཛྲ་ཎཱཾ་སརྦ་དུཥྚཱཾ། ཧྲི་ད་ཡ་ཤྭ་དྷ་ཡ་ཧཱུཾ་ཕཊ། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཕུར་བུ་ལ་ཐིམ་པས་སྒྲར་གྲགས་པ་ཐམས་ཅད་ཀཱི་ལ་ཡའི་སྒྲ་གདངས་སུ་གྱུར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་བཛྲ་ཎཱཾ། ཚིནྡ་ཚིནྡ་ཧཱུཾ་ཕཊ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ཕུར་བུ་ལ་ཐིམ་པས་དྲན་རྟོག་ཐམས་ཅད་ཀཱི་ལ་ཡའི་ཐུགས་སུ་གྱུར། དེ་ནས་དྲག་པོ་རྫས་ཀྱིས་གཟི་བྱིན་བསྐྱེད་པ་ནི། ཡུངས་ཀར་བྲབ་ཅིང་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བེ་ཏ་ལི་མཎྜ་ལ་རཀྵ་རཀྵ་ཧཱུཾ་ཕཊ། ཡུངས་ཀར་ཁྲོ་ཆུང་དུ་གྱུར་པས་བ་སྤུའི་བུ་ག་ཐམས་ཅད་གཏམས་པར་གྱུར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་པྲ་ཏ་ལ་ཧཱུཾ་ཕཊ། གུ་གུལ་གྱིས་བདུག་པས། སྔོན་གྱི་ཞེ་སྡང་རྗེས་སུ་དྲན་པས་སྤྱན་རྩ་དམར་ལོག་གིས་སོང་བར་གྱུར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ། རཀྟ་ཕུར་རྩེ་ལ་བྱུག་པས། ཐུགས་རྗེ་ཆགས་པའི་གཟི་མདངས་དང་ལྡན་པར་གྱུར། མདུན་དུ་ཨེ་ལས་གྲུ་གསུམ་མཐིང་ནག་འབར་བའི་དབུས་སུ་དགྲ་བགེགས་ཀྱི་སྙིང་པོ་ནྲྀ་ཏྲི་བསྣོལ་བའི་གདན་ལ་བཞུགས་པར་གྱུར། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཏིཥྛ་ལྷན། ཞེས་ཕུར་གདན་ལ་བཞུགས་སུ་གསོལ་ལོ། །དེ་ལྟར་ཕུར་བུ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་ཅིང་བྱིན་གྱིས་བརླབས་པའི་སྲས་མཆོག་དེ་ཉིད་ཤེས་པ་གསུམ་གྱིས་གཏན་ལ་འབེབས་པ་དང་དཀྱིལ་འཁོར་ལྔ་ལྡན་དུ་ཉམས་སུ་ལེན་ཚུལ་གྱི་གནད་ཤེས་པར་བྱའོ། །བཞི་པ་ཁམས་གསུམ་སྲོག་ཡེ་ཤེས་སུ་དབང་བསྐུར་བ་ལ། གསོལ་བ་གདབ་པ་དང་། དབང་བསྐུར་བ་དངོས་གཉིས། །དང་པོ་ནི། རང་ཉིད་གཙོ་བོའི་ཐུགས་ཀ་ནས་ལས་ཀྱི་རྡོ་རྗེ་གཞོན་ནུའི་རྣམ་པར་ཐོན་ཏེ་ཤར་སྒོར་གནས་པར། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་གསོལ་བ་བཏབ་པས། ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་འོད་ཟེར་བདག་ལ་ཕོག་པས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་ཏེ་འོད་དུ་ཞུ་ནས་གཙོ་བོའི་ཐུགས་ཀར་ཐིམ་པར་གྱུར། གཉིས་པ་ལ་གསུམ་ལས། དང་པོ་བདག་རྩ་བའི་དཀྱིལ་འཁོར་གྱིས་དཀྱིལ་འཁོར་རྣམ་པ་གཉིས་ལ་དབང་བསྐུར་བ་ནི། ཧཱུཾ་སྥ་ར་ཎ་ཕཊ། བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཡི་དམ་ལྷར། །ཕོག་པས་དེ་དག་ཆེ་བའི་ཡོན་ཏན་བསྡུས། །སཾ་ཧ་ར་ཎ་ཧཱུཾ། དེ་ཉིད་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་དང་། །ཕུར་བུ་རྫས་ཀྱི་དཀྱིལ་འཁོར་གཉིས་ལ་ཐིམ། །ཁམས་གསུམ་དུས་གཅིག་སྒྲོལ་བའི་དབང་ཐོབ་གྱུར། །གཉིས་པ་ལ་དཀྱིལ་འཁོར་གཉིས་ཀྱིས་ཁམས་གསུམ་སེམས་ཅན་ལ་དབང་བསྐུར་བ་ནི། ཧཱུཾ་སྥ་ར་ཎ་ཕཊ། དཀྱིལ་འཁོར་གཉིས་ལས་འོད་འཕྲོས་ཁམས་གསུམ་གྱི། །སེམས་ཅན་ལ་ཕོག་སྒྲིབ་སྦྱངས་སྙིང་པོའི་སྲོག །ཨ་ནྲི་སུ་ཏྲི་པྲེ་དུ་དྲུག་གྱུར་པས། །ཁམས་གསུམ་སྲོག་ལ་དབང་བསྐུར་དེ་དྲུག་ཀྱང་། །ཧཱུཾ་གྱུར་ཐུགས་ཀའི་རྟ་མགྲིན་ཡབ་ཡུམ་གྱི། །སྦྱོར་མཚམས་ཐིམ་པས་སྲོག་ནི་ཡེ་ཤེས་སུ། །དབང་བསྐུར་ཁམས་གསུམ་སྒྲོལ་བའི་ནུས་ཐོབ་གྱུར། །གསུམ་པ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བདག་རྩ་བའི་དཀྱིལ་འཁོར་ལ་དབང་བསྐུར་བ་ནི། ༀ་ཨཱཿཧཱུྃ། སྥ་ར་ཎ་ཕཊ། བདག་ཉིད་རྩ་བའི་དཀྱིལ་འཁོར་གནས་གསུམ་དུ། །འབྲུ་གསུམ་གནས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །སངས་རྒྱས་བྱང་སེམས་ཡི་དམ་དཀྱིལ་འཁོར་ལྷར། །ཕོག་པས་དེ་རྣམས་ཀུན་གྱི་སྐུ་གསུང་ཐུགས། །ཆེ་བའི་ཡོན་ཏན་མ་ལུས་ཐམས་ཅད་བསྡུས། སཾ་ཧ་ར་ཎ་ཧཱུཾ། བདག་གི་སྤྱི་མགྲིན་སྙིང་གའི་གནས་སུ་ཐིམ། །སྒོ་གསུམ་སྡིག་སྒྲིབ་ཀུན་དག་སྐུ་གསུང་ཐུགས། །ཆེ་བའི་བྱིན་རླབས་ཞུགས་པས་ཁམས་གསུམ་པོ། །རྡོ་རྗེ་གསུམ་དུ་སྒྲོལ་བའི་དབང་ཐོབ་གྱུར། །ལྔ་པ་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ལ། སྙན་གསན་དབབ་པ་དང་། སྤྱན་དྲངས་པ་དངོས་གཉིས། དང་པོ་ནི། བཛྲ་ས་མཱ་ཛཿ རང་གི་ཐུགས་ཀ་ནས་ཛཿཡིག་ཅིག་རང་བཞིན་གྱི་གནས་སུ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་སྐུ་སྐྱེ་བ་མེད་པའི་ངང་ལས་གཟུགས་སྐུ་ཡེ་ཤེས་ཀྱི་འཁོར་ལོ་གང་འདུལ་གྱི་མོས་པ་དང་འཚམས་པར་བཞེངས་པར་གྱུར། གཉིས་པ་ནི། ཧཱུཾ། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཛཿཧཱུཾ་བཾ་ཧོཿ བདག་གི་ཐུགས་ཀ་ནས་ཕྱག་རྒྱའི་ལྷ་མོ་བཞི་སྤྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ། དམ་ཚིག་གི་འཁོར་ལོ་དང་མེ་རི་འདབས་འབྱར་དུ་བཞུགས་པར་གྱུར། དྲུག་པ་བཞུགས་གསོལ་ནི། ཧཱུཾ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །ཉི་ཟླ་པདྨ་ལྷ་ཆེན་གདན་སྟེངས་སུ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་འཁོར་དང་བཅས། །རྡོ་རྗེ་སྲིན་པོའི་ལྷ་ཚོགས་བཞུགས་སུ་གསོལ། །ཙཀྲ་མཎྜ་ལ་ས་མ་ཡ་ཏིཥྛ་ལྷན། ཞེས་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་གི་དཀྱིལ་འཁོར་ལ་དབྱེར་མེད་དུ་བཞུགས་པར་གྱུར། བདུན་པ་ཕྱག་འཚལ་བ་ནི། གཙོ་བོའི་ཐུགས་ཀ་ནས་རང་ཉིད་ལས་ཀྱི་ཧེ་རུ་ཀ་རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ཐོན་ནས་ཤར་སྒོར་འཁོད་པས་ཕྱག་དང་མཆོད་པར་བྱེད་པར་བསམ་ལ། ཧཱུཾ། ཞེ་སྡང་ཚུལ་གྱིས་ཞེ་སྡང་རྣམ་པར་དག །རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་ལོ། །འདོད་ཆགས་ཚུལ་གྱིས་འདོད་ཆགས་རྣམ་པར་དག། །འཁོར་ལོ་རྒྱས་འདེབས་ཡུམ་ལ་ཕྱག་འཚལ་ལོ། །སྟེང་འོག་ཕྱོགས་མཚམས་བདུད་འདུལ་ཁྲོ་བོ་བཅུ། །ཁྲོ་མོ་ཟ་གསོད་བཅས་ལ་ཕྱག་འཚལ་ལོ། །ཁྲོ་རྒྱལ་འདུས་པའི་སྲས་མཆོག་གདུག་པ་སྒྲོལ། །བཛྲ་ཀཱི་ལ་ཡ་ལ་ཕྱག་འཚལ་ལོ། །གཞལ་ཡས་སྒོ་སྐྱོང་དམ་ཅན་ཕུར་སྲུང་དང་། །དུས་གསུམ་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱི་ཙྪ་ཧོཿ བརྒྱད་པ་མཆོད་པ་ལ། ཉེར་སྤྱོད་ཕྱག་རྒྱ་གཏོར་མ་དང་། །བདུད་རྩི་རཀྟ་སྦྱོར་སྒྲོལ་ལོ། །ཞེས་དྲུག་ལས། དང་པོ་ཕྱི་ཉེར་སྤྱོད་ལྷ་མོའི་མཆོད་པ་ནི། ཧཱུཾ། ལྷ་རྫས་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་བཤོས་དང་སྒྲ། །སོ་སོའི་ལྷ་མོའི་རོལ་པར་བཅས། །དཔག་ཡས་ནམ་མཁའ་གང་བར་འབུལ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱེ་ཤཔྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་ལྷ་མོ་མཆོད་རྫས་ཐོགས་པ་དཔག་མེད་བྱུང་ནས་མཆོད་པར་བསམ་མོ། །གཉིས་པ་ཕྱག་རྒྱ་གར་མཆོད་ནི། ཧཱུཾ། ཁྲག་འཐུང་རྒྱལ་པོ་གར་ལ་དགྱེས། །སྐུ་མདོག་ཞལ་ནི་རྣམ་པར་འགྱུར། །སྐུ་ཡི་གར་སྟབས་གློག་འགྱུ་བའི། །ཕྱག་རྒྱ་གར་གྱིས་མཆོད་པ་འབུལ། །ༀ་བཛྲ་ཀཱི་ལ་ཀཱི་ལ་ཡ་མ་ཧཱ་མུ་དྲ་པཱུ་ཛ་ཧོ། ཞེས་པད་སྐོར་སྔོན་འགྲོས་ཕྱག་རྒྱ་བཅས་འགྲོལ་གྱིས་ལྷའི་ཏིང་འཛིན་ཤིན་ཏུ་གསལ་བར་བསམ་མོ། །གསུམ་པ་གཏོར་མཆོད་ནི། ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །བ་ལིང་མཆོད་པ་བཞེས་སུ་གསོལ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །བ་ལིང་མཆོད་པ་བཞེས་སུ་གསོལ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །བ་ལིང་མཆོད་པ་བཞེས་སུ་གསོལ། །ཤྭ་ན་མུ་ཁའི་དུས་ལ་བབ། །བ་ལིང་མཆོད་པ་བཞེས་སུ་གསོལ། །བདག་ཉིད་ཆེན་མོའི་དུས་ལ་བབ། །བ་ལིང་མཆོད་པ་བཞེས་སུ་གསོལ། །ས་བདག་ཆེན་མོའི་དུས་ལ་བབ། །བ་ལིང་མཆོད་པ་བཞེས་སུ་གསོལ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །བ་ལིང་མཆོད་པ་བཞེས་སུ་གསོལ། །ༀ་བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི། ཧ་ཧ་ཧ། ཧི་ཧི་ཧི། ཞེས་འདོད་ཡོན་དྲུག་གི་ལྷ་མོས་མཆོད་ཅིང་ལྷག་མ་བདུད་རྩི་དང་ཤ་ཁྲག་ཏུ་གྱུར་པ་དམ་ཅན་རྣམས་ཀྱིས་ལོངས་སྤྱོད་པར་བསམ་མོ། །བཞི་པ་སྨན་མཆོད་ནི། ཧཱུཾ། རང་བྱུང་གདོད་ནས་དག་པ་སྟེ། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུ་དྲུག་སེམས་ཅན་ཀུན་སྒྲོལ་བ། །དུག་ལྔ་སེལ་བའི་བདུད་རྩིའི་མཆོག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངང་ཉིད་འདིར། །བདག་ཅག་དད་པས་འབུལ་ལགས་ན། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ ཤྲཱི་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཧཱུཾ། རྒྱལ་བ་དགོངས་བརྒྱུད་རིག་འཛིན་རིག་པར་བརྒྱུད། །གང་ཟག་སྙན་བརྒྱུད་བླ་མ་ཐམས་ཅད་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་དབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཁ་རཾ་ཁཱ་ཧི། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་དུ། །འཇིགས་བྱེད་ཁྲོ་བོ་ཕ་བཅུ་མ་བཅུ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཁྲོ་རྒྱལ་ཡབ་ཡུམ་ཐུགས་ལས་སྤྲུལ་པའི་སྲས། །ཟ་བྱེད་གསོད་བྱེད་ཁྲ་ཐབས་ཉི་ཤུ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པ་ཡི། །ཐུགས་ཀྱི་སྲས་མཆོག་བཛྲ་ཀཱི་ལ་ཡར། རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཕྲིན་ལས་རྣམ་བཞིས་འགྲོ་དོན་མཐར་ཕྱིན་པའི། །གཞལ་ཡས་སྒོ་སྐྱོང་སྒོ་མ་བཞི་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དམ་ཅན་སྲུང་མ་བཅུ་གཉིས་གིང་ལ་སོགས། །ཞིང་སྐྱོང་གཞི་བདག་སྲིད་གསུམ་ཀ་དག་ལ། རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་བདུད་རྩི་མཐེབ་སྲིན་ཉི་ཟླའི་གའུས་གཅུས་ཏེ་ཕུལ་བས་ལྷ་ཚོགས་ཐམས་ཅད་བདེ་བ་ཆེན་པོའི་རོས་མཉེས་པར་བསམ་མོ། །དེ་ལྟར་ལྷ་ཚོགས་རྣམས་མཉེས་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ༀ་ཨཱཿཧཱུཾ་གི་རྣམ་པར་བདུད་རྩིའི་ནང་དུ་བབ་པ་ལས་དངོས་གྲུབ་བླང་སྟེ། ༀ་ཨཱཿཧཱུཾ། རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མྱང་ན་དངོས་གྲུབ་ཐོབ་པར་འགྱུར། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཞེས་འབྲུ་གསུམ་མཐེབ་སྲིན་གྱིས་བླངས་ནས་ལྕེར་བཞག་པས་གནས་གསུམ་དུ་ཆགས་ཏེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །ལྔ་པ་རཀྟའི་མཆོད་པ་ནི། སྔར་བྱིན་གྱིས་བརླབ་པའི་རཀྟའི་སྣོད་དུ་དགྲ་བགེགས་ཀྱི་སྙིང་པོ་ནྲྀ་ཏྲི་བསམ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་འབྱུང་པོ་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུཾ་ཕཊ། ༀ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། ༀ་ཤྲཱི་གྷྲཾ་ཨཱ་ན་ཡ་ཤྲཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ༀ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ༀ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། ༀ་བྷིནྡ་ཡ་བྷིནྡ་ཡ་ཧཱུཾ་ཕཊ། ཅེས་གབ་པའི་སྔགས་དྲུག་བཟླ་ཞིང་ཕུར་བུ་སྒྲིལ་བས། ཁམས་གསུམ་གྱི་བསྒྲལ་བྱ་ཐམས་ཅད་ཕུར་པའི་རྩེ་མོར་འདུས་པ་ཁྲག་གི་གྲོད་པ་གཅིག་ཏུ་གྱུར། དེ་ལ་ཕུར་བུ་བཏབ་པས་སྟོང་གསུམ་ཁྲག་གིས་ཁེངས་པར་བསམ་ལ། དེ་འབུལ་བ་ལ་རཀྟ་ཚར་གསུམ་ལས། དང་པོ་བསྒོ་བ་ཉན་པའི་ཕྱིར་འབུལ་ཏེ། ཧཱུཾ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་གཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ལ་ཉན་པར་གྱིས། །མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་ཕུལ་བས་སུམ་གཅིག་གསོལ་བར་བསམ་མོ། །གཉིས་པ་དགྲ་བགེགས་བསྒྲལ་ཞིང་དམ་ཅན་གནད་ལ་དབབ་ཕྱིར་འབུལ་ཏེ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཁས་བླངས་དམ་བཅས་བཞིན། །མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད། །མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་སུམ་གཉིས་གསོལ། གསུམ་པ་མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཕྱིར་འབུལ་ཏེ། གདུག་ཅིང་སྡང་སེམས་ལྡན་པ་ཡི། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པའི་བགེགས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་ལྷག་མེད་དུ་གསོལ་བར་བསམ་ཞིང་། རཀྟ་གཏོར་མར་རིམ་པར་སྦྲེང་བར་བྱའོ། །དྲུག་པ་ཟབ་མོ་སྦྱོར་སྒྲོལ་གྱི་མཆོད་པ་ལ་གཉིས་ལས། སྒྲོལ་བ་ནི། ཧཱུཾ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །རྡོ་རྗེ་ཐོ་བས་དགྲ་བགེགས་རྡུལ་དུ་བརླག་ཅིང་འོད་ཟེར་མེ་སྟག་ཏུ་འཕྲོ་བས་བསྲེགས་པར་བསམ། སྦྱོར་མཆོད་ནི། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བརླག་པར་གྱུར། །ཁ་ཏཾ་ཁ་ཏཾ་ཁ་ཏཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཡུམ་གྱི་མཁའི་གཏུན་ཁུང་དུ་ཡབ་ཀྱི་རྡོ་རྗེའི་གཏུན་ཤིང་གིས་བརྡུངས་པས་དགྲ་བགེགས་ཀྱི་རྟོག་ཚོགས་བདེ་སྟོང་གི་དབྱིངས་སུ་སྦྱང་བར་བསམ་མོ། །དགུ་པ་འདོད་དོན་ལ་གསོལ་བ་གདབ་པ་ནི། སྲིད་པའི་ཡེ་ཤེས་ཀྱི་ལྷར་གསོལ་བ་གདབ་པ། ཕུར་བུ་བསྒྲུབ་པ་དང་། །ཞེས་པ་ནས། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །གྱི་བར་རྐང་པ་དྲུག །དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་གསོལ་བ་གདབ་པ། དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །ཅེས་པ་བབ་བརྒྱད། བདག་ཅག་རིག་འཛིན་སྒྲུབ་པ་པོས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང་། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །རྐང་པ་བཅུ་གཉིས་དང་། རྐང་པ་བཞིས་གསོལ་བ་གདབ་པ་དང་། རྐང་པ་གསུམ་གྱིས་བསྒྲལ་བྱ་དང་། རྐང་པ་ལྔས་སྒྲོལ་ཅིག་པ། མཆན། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཅེས་པའི་རྐང་པ་དྲུག་གིས་དངོས་གྲུབ་ལ་བར་དུ་གཅོད་པ་ཐམས་ཅད་ཐུལ་ཞིག་ཅེས་བཀའ་བསྒོ་བས་འདོད་དོན་ཞུ་བའོ། །མཆན། རྣམས་སྦྲེལ་བའི་གསོལ་བ་གདབ་ཅིང་། ཤར་སྒོར་གནས་པའི་ལས་ཀྱི་རྡོ་རྗེ་གཞོན་ནུ་དེ་གཙོ་བོའི་ཐུགས་ཀར་བསྟིམ་མོ། །བཅུ་པ་ཛཔ྄་བསྙེན་འབུལ་བ་ལ་གཉིས་ལས། དང་པོ་རྫོགས་རིམ་དང་སྦྱར་ནས་བཟླ་བ་ནི། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་ཚིག་བཞིས་ཛཔ྄་ཁང་ཕྱེ་སྟེ་ལུས་ལྷའི་འཁོར་ལོ་དཀྱིལ་འཁོར་གསུམ་གྱི་ང་རྒྱལ་གྱིས། ངག་སྔགས་ཀྱི་འཁོར་ལོ་ཀཱི་ལ་ཡ་འབྲུ་བཅུ་བཞི་པ། སེམས་ཆོས་ཉིད་ཀྱིི་འཁོར་ལོ་རྣམ་པར་མི་རྟོག་པའི་ངང་ནས་གྲགས་སྟོང་འཛིན་མེད་དུ་བཟླ་སྟེ། སྤྲོ་བསྡུའི་ཏིང་འཛིན་སོགས་བྱར་མེད་དོ། །ཛཔ྄་བསྐུལ་ནི། ༀ། དུས་གསུམ་རྒྱལ་བའི་རང་བཞིན་སྐུ་གསུང་ཐུགས། །དབྱེར་མེད་ངོ་བོ་ཉིད་དུ་དབྱིངས་གཅིག་པས། །འགྲོ་བའི་དོན་དུ་སྤྲུལ་སྐུའི་མཚན་མ་བསྟན། །དེ་ཉིད་ལས་སྤྲོས་ཡིག་འབྲུ་དགུ་རུ་སྣང་། །ཨ་ནི་རང་བཞིན་ཆོས་ཀྱི་སྐུ། །ན་རོ་གསུང་གི་རང་བཞིན་ལ། །ཟླ་ཚེས་མཉམ་ཉིད་ཡེ་ཤེས་ཏེ། །ཀླད་ཀོར་མཉམ་བཞག་ༀ་དུ་རྫོགས། །དེ་ཕྱིར་ༀ་ནི་དཔལ་ཆེན་སྐུ། །རང་བྱུང་ཡེ་ཤེས་ཆེན་པོའོ། །བཛྲ་སྐྱེ་མེད་རྡོ་རྗེ་སྟེ། །ཀཱི་ལ་ཡ་ཡི་སྒྲ་གྲགས་པས། །ཕུར་བུ་ཡེ་ཤེས་ལྔ་རུ་འཕྲོས། །རྒྱུ་ལྔ་དུག་ལྔ་རྩད་བཅད་ནས། །སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན། །སརྦ་ཐམས་ཅད་མ་ལུས་ཏེ། །འགྲོ་རྣམས་བླ་མེད་དབྱིངས་སུ་སྒྲོལ། །བིགྷྣཱན་སྐྱེ་མེད་ཡེ་ཤེས་ཏེ། །བཾ་ནི་སྐྱེ་མེད་ཡུམ་གྱི་དབྱིངས། །དབྱིངས་དང་ཡེ་ཤེས་འོད་འཕྲོས་པས། ཧཱུཾ་ནི་རྒྱུ་དང་འབྲས་བུ་སྟེ། །ཞབས་ཀྱུ་ཞེ་སྡང་དམྱལ་བ་འཇོམས། །མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། །འ་ནི་འདོད་ཆགས་ཡི་དྭགས་འཇོམས། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །ཧ་ནི་གཏི་མུག་བྱོལ་སོང་འཇོམས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །ཟླ་ཚེས་ཕྲག་དོག་ལྷ་མིན་འཇོམས། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །ང་ནི་ང་རྒྱལ་ལྷ་རྣམས་འཇོམས། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང་། །རང་བྱུང་ཡེ་ཤེས་གཉིས་སུ་རྫོགས། །ཞེས་སྒྲུབ་ཁོག་ལས་འབྱུང་བ་ལྟར་རོ། །ཐ་མར་བསྟོད་པ་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེར་སྒྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་བུའི་ལྷ། །ཡེ་ཤེས་ཁྲོ་བོ་སྒྲུབ་པར་མཛོད། །ཅེས་ཚིགས་བཅད་གཅིག་གོ། །འདིར་གཉིས་པ་བསྐྱེད་རིམ་དང་སྦྱར་ནས་བཟླ་བ་གཙོ་ཆེ་སྟེ། དེ་ལ་བཟླ་ཚུལ་གསུམ་ལས། དང་པོ་མགལ་མེ་ཀླད་ལ་བསྐོར་བའི་ཚུལ་དུ་བཟླ་བ་ནི། བདག་རྩ་བའི་དཀྱིལ་འཁོར་སེམས་དཔའ་སུམ་བརྩེགས་ཀྱི་ཏིང་འཛིན་སེམས་དཔའ་ཧཱུཾ་མཐིང་ག་ཕྲ་ཞིང་འབར་བའི་མཐར་ཀཱི་ལ་འབྲུ་དགུ་ལྗང་དམར་སྤུས་བྲིས་པ་ཙམ་གཡས་བསྐོར་དུ་འཁོད། རང་གི་མདུན་དུ་སྲས་མཆོག་བཛྲ་ཀཱི་ལ་ཡ་ཞལ་ནང་གཟིགས་ཀྱི་ཐུགས་ཀར་སྙིང་ཚིལ་དཀར་དམར་ཉི་ཟླའི་གདན་ལ་ཧཱུཾ་མཐིང་ག་གསལ་ཞིང་འབར་བར་བསམ་ལ། ཧཱུཾ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་ཛབ་ཁང་ཕྱེ་ནས། བདག་སེམས་དཔའ་སུམ་བརྩེགས་ཁྲོ་ཆུང་གི་གོ་ཚོགས་དང་བཅས་པའི་ཞལ་ནས་སྔགས་གྲགས་སྟོང་གི་རང་སྒྲར་དིར་དིར་བསྒྲགས་པས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཡིག་འབྲུའི་ཚུལ་དུ་བྱུང་བས་མཐའ་བསྐོར་གྱི་ཡིག་འབྲུ་བརྒྱུད། རྡོ་རྗེའི་རྩེའི་ཁོང་སེང་ནས་ཐོན། །ཡེ་ཤེས་སེམས་དཔའི་སྤྱི་གཙུག་དང་ཙིཏྟའི་གནམ་སྐར་བརྒྱུད་དེ་བདག་དམ་ཚིག་སེམས་དཔའི་ཞལ་ནས་ཕར་འཕྲོས། སྲས་མཆོག་གི་སྐུ་གསུང་ཐུགས་ལ་ཐིམ། མཉེས་མཆོད་ཕུལ། སྲས་མཆོག་གི་ཞལ་ནས་ཚུར་བྱུང་བ་རང་གི་ཐུགས་ཀའི་ཧཱུཾ་ལ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །དེ་ཁོ་ན་ལྟར་སྔགས་འོད་མགལ་མེ་ལྟར་བར་མེད་དུ་འཁོར་བར་བསམ་ལ་བཟླ་བའོ། །གཉིས་པ་བུང་བ་ཚང་ཞིག་པའི་ཚུལ་དུ་བཟླ་བ་ནི། བདག་ཁྲོ་བོའི་གོ་ཚོགས་དང་བཅས་པའི་ཞལ་ནས་སྔགས་བཟླས་པས་ལྷ་ཚོགས་ཐམས་ཅད་ཀྱང་དི་རི་རི་ཟློས་པའི་ཀཱི་ལའི་སྒྲ་བསྐལ་པའི་འབྲུག་ལྟར་གྲགས་པར་བསམ་ལ་བཟླ་བའོ། །གསུམ་པ་མགར་གྱི་ཚྭ་ཚྭ་འཕྲོ་བའི་ཚུལ་དུ་བཟླ་བ་ནི། བདག་ཁྲོ་བོའི་གོ་ཚོགས་དང་བཅས་པའི་ཞལ་ནས་སྔགས་བཟླས་པས་སྔགས་ལས་འོད་ཟེར་མེ་སྟག་གི་ཚུལ་དུ་འཕྲོས་པས་དགྲ་བགེགས་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་ཐུལ་གྱིས་ཚིག་པར་བསམ་ལ་བཟླ་བའོ། །དེ་ལྟར་བཟླ་ཚུལ་གསུམ་པོ་དེ། བཟླ་ཐབས་ཆོས་ཉིད་དང་སྦྱར་བ། ལྷ་དང་སྦྱར་བ། ངན་སྔགས་དང་སྦྱར་བ་གསུམ་དང་སྦྱོར་བའི་བཟླ་དུས་གསུམ་ནི། ཀཱི་ལ་ཆོས་ཉིད་དང་སྦྱར་དུས་བུང་བ་ཚང་ཞིག་པའི་ཚུལ། ལྷ་དང་སྦྱར་དུས་མགལ་མེ་ཀླད་ལ་སྐོར་བའི་ཚུལ། །ངན་སྔགས་དང་སྦྱར་དུས་མགར་གྱི་ཚྭ་ཚྭ་འཕྲོ་བའི་ཚུལ་དུ་བཟླ་བ་ཡིན་ནོ། །ཛཔ྄་བསྐུལ་ནི། ཧཱུཾ། དབུས་ཕྱོགས་འཁོར་ལོ་འབར་བའི་ལྟེ་བ་ལ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཐུགས་ཀྱི་སྲས་མཆོག་བཛྲ་ཀཱི་ལ་ཡ། །ཡང་སྤྲུལ་ཕྱག་བརྙན་མང་པོའི་ཚོགས་དང་བཅས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །གསུང་ནི་སྒྲ་སྒྲོགས་ཀཱི་ལ་ཡ། །ཐུགས་ནི་མི་རྟོག་ཆོས་དབྱིངས་བཞུགས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཅེས་བཟླ། དེ་ནས་ཕྱོགས་བཅུའི་ཁྲོ་བོའི་ཛཔ྄ འབུལ་ཏེ། ཐུགས་ཀའི་ས་བོན་ཧཱུཾ་ཡིག་ལ་རང་སྔགས་ཀྱིས་བསྐོར་བར་བསམ་ལ། ཧཱུཾ། སྟེང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ན། ཧཱུཾ་མཛད་སྒྲ་འབྱིན་ཕག་དང་སྨིག་བུའི་མགོ། །ཡང་སྤྲུལ་ཕྱག་བརྙན་མང་པོའི་ཚོགས་དང་བཅས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །གསུང་ནི་སྒྲ་སྒྲོགས་ཀཱི་ལ་ཡ། །ཐུགས་ནི་མི་རྟོག་ཆོས་དབྱིངས་བཞུགས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། ཧཱུཾ། ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ན། །རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་མགོ། ཡང་སྤྲུལ་ཕྱག་བརྙན་མང་པོའི་ཚོགས་དང་བཅས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །གསུང་ནི་སྒྲ་སྒྲོགས་ཀཱི་ལ་ཡ། ཐུགས་ནི་མི་རྟོག་ཆོས་དབྱིངས་བཞུགས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ཧཱུཾ། ཤར་ལྷོ་འཁོར་ལོ་འབར་བའི་རྩིབས་སྟེང་ན། །དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ། །ཡང་སྤྲུལ་ཕྱག་བརྙན་མང་པོའི་ཚོགས་དང་བཅས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །གསུང་ནི་སྒྲ་སྒྲོགས་ཀཱི་ལ་ཡ། །ཐུགས་ནི་མི་རྟོག་ཆོས་དབྱིངས་བཞུགས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། ཧཱུཾ། ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ན། །གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ། །ཡང་སྤྲུལ་ཕྱག་བརྙན་མང་པོའི་ཚོགས་དང་བཅས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །གསུང་ནི་སྒྲ་སྒྲོགས་ཀཱི་ལ་ཡ། །ཐུགས་ནི་མི་རྟོག་ཆོས་དབྱིངས་བཞུགས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ཧཱུཾ། ལྷོ་ནུབ་འཁོར་ལོ་འབར་བའི་རྩིབས་སྟེང་ན། །མི་གཡོག་གཏུན་ཁུང་གཟིག་དང་ཁྭ་ཏའི་མགོ། །ཡང་སྤྲུལ་ཕྱག་བརྙན་མང་པོའི་ཚོགས་དང་བཅས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །གསུང་ནི་སྒྲ་སྒྲོགས་ཀཱི་ལ་ཡ། །ཐུགས་ནི་མི་རྟོག་ཆོས་དབྱིངས་བཞུགས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ་བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཧཱུཾ། ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ན། །རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་མགོ། །ཡང་སྤྲུལ་ཕྱག་བརྙན་མང་པོའི་ཚོགས་དང་བཅས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །གསུང་ནི་སྒྲ་སྒྲོགས་ཀཱི་ལ་ཡ། །ཐུགས་ནི་མི་རྟོག་ཆོས་དབྱིངས་བཞུགས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཧཱུཾ། ནུབ་བྱང་འཁོར་ལོ་འབར་བའི་རྩིབས་སྟེང་ན། །འདོད་རྒྱལ་མདའ་སྙེམས་སྤྱང་ཀི་ཁྲ་ཡི་མགོ། །ཡང་སྤྲུལ་ཕྱག་བརྙན་མང་པོའི་ཚོགས་དང་བཅས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །གསུང་ནི་སྒྲ་སྒྲོགས་ཀཱི་ལ་ཡ། །ཐུགས་ནི་མི་རྟོག་ཆོས་དབྱིངས་བཞུགས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །ༀ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཧཱུཾ། བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ན། །བདུད་རྩི་རླུང་འབྱིན་སེང་གེ་ཕ་ཝཾ་མགོ། །ཡང་སྤྲུལ་ཕྱག་བརྙན་མང་པོའི་ཚོགས་དང་བཅས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །གསུང་ནི་སྒྲ་སྒྲོགས་ཀཱི་ལ་ཡ། །ཐུགས་ནི་མི་རྟོག་ཆོས་དབྱིངས་བཞུགས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཧཱུཾ། བྱང་ཤར་འཁོར་ལོ་འབར་བའི་རྩིབས་སྟེང་ན། ཁམས་གསུམ་གསོད་མ་དོམ་དང་སྲེ་མོང་མགོ། །ཡང་སྤྲུལ་ཕྱག་བརྙན་མང་པོའི་ཚོགས་དང་བཅས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །གསུང་ནི་སྒྲ་སྒྲོགས་ཀཱི་ལ་ཡ། །ཐུགས་ནི་མི་རྟོག་ཆོས་དབྱིངས་བཞུགས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །ༀ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ་བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ཧཱུཾ། འོག་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ན། །སྟོབས་ཆེན་བསྐྱོད་མ་དྲེད་དང་བྱི་བའི་མགོ། །ཡང་སྤྲུལ་ཕྱག་བརྙན་མང་པོའི་ཚོགས་དང་བཅས། །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །གསུང་ནི་སྒྲ་སྒྲོགས་ཀཱི་ལ་ཡ། །ཐུགས་ནི་མི་རྟོག་ཆོས་དབྱིངས་བཞུགས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཅེས་སྒྲུབ་ཁོག་ལས་འབྱུང་བ་ལྟར་ཏེ་རྒྱུན་གྱི་བསྙེན་རྐྱང་ཙམ་ལ་མ་སྦྱར་ཀྱང་ཆོག་གོ། །བསྟོད་པ་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེར་སྒྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་བུའི་ལྷ། །ཡེ་ཤེས་ཁྲོ་བོ་སྒྲུབ་པར་མཛོད། །ཅེས་དང་། བཅུ་གཅིག་པ་བསྟོད་པའི་གླུ་ནི། གཞལ་ཡས་ཁང་གི་ནམ་མཁར་རང་སྒྲར་གྲགས་པས་བསྟོད་པར་བསམ་སྟེ། ཧཱུཾ། ཆོས་ཀྱི་དབྱིངས་ཉིད་ལྷུན་གྱིས་གྲུབ་པའི་ངང་། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པའི་དཔལ། །རྒྱལ་བའི་སྤྲུལ་སྐུ་རྡོ་རྗེ་གཞོན་ནུ་དང་། །ཕོ་ཉ་ལས་ཀྱི་ཚོགས་ལ་འདི་སྐད་བསྟོད། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་ཚུལ། །སྐུ་མདོག་མཐིང་ནག་དཀར་དང་དམར་བའི་ཞལ། །གཡས་ཞལ་དཀར་ལ་བཞད་པར་བསྟན་པ་ནི། །སྐྱེ་མེད་ཆོས་ཀྱི་སྐུ་དང་རབ་ལྡན་ཏེ། །ཉོན་མོངས་འཁོར་བའི་སྐྱོན་གྱིས་མ་གོས་རྟགས། །ཞལ་གཡོན་དམར་ལ་གདངས་པར་བསྟན་པ་ནི། །ཐུགས་རྗེ་སྤྲུལ་པའི་སྐུ་དང་རབ་ལྡན་ཏེ། །ཐུགས་རྗེ་སྤྲུལ་སྐུས་འགྲོ་དོན་མཛད་པའི་རྟགས། །ཞལ་དབུས་མཐིང་ལ་རྔམས་པར་བསྟན་པ་ནི། །ལོངས་སྤྱོད་རྫོགས་པའི་སྐུ་དང་རབ་ལྡན་ཏེ། །ཚོགས་གཉིས་རྫོགས་ནས་དབྱིངས་ལས་མ་གཡོས་རྟགས། །དབུ་གསུམ་སྐུ་གསུམ་རྫོགས་ལ་ཕྱག་འཚལ་བསྟོད། །དབུ་སྐྲ་ཁམ་ནག་རལ་པ་སྲིད་རྩེར་འབར། །སྨིན་མཚམས་ཁྲོ་གཉེར་གློག་སྟོང་འགྱུ་བས་བརྗིད། །སྤྱན་དགུ་སྡང་མིག་ཉི་ཟླའི་དཀྱིལ་འཁོར་བགྲད། །སྙན་གྱི་གསན་པ་མ་འགགས་རིག་པའི་ཚུལ། །ཤངས་ནས་ཧཱུཾ་འབྱིན་ཞལ་ནས་ཕཊ་སྒྲོག་ཅིང་། །རྣོ་དབལ་མཆེ་གཙིགས་སྐྱེ་ཤི་རྩད་ནས་གཅོད། །ཞལ་གྱི་ཁྲོ་གཉེར་རྫོགས་ལ་ཕྱག་འཚལ་བསྟོད། །ཕྱག་དྲུག་མངོན་པར་རོལ་པའི་ཕྱག་མཚན་ཡང་། །གཡས་ཀྱི་དང་པོ་རྡོ་རྗེ་རྩེ་དགུ་ནི། །ས་དགུ་ནོན་པའི་ཡེ་ཤེས་རྡོ་རྗེ་སྟེ། །ཐེག་པ་རིམ་པ་དགུ་ཡིས་མཐར་ཕྱིན་ནས། །རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་རྟགས། །བར་པས་རྡོ་རྗེ་རྩེ་ལྔ་བསྣམས་པ་ནི། །ཁམས་གསུམ་འཁོར་བའི་ལམ་ལྔ་རྩད་བཅད་ནས། །སྐུ་ལྔ་ཡེ་ཤེས་ལྔ་རུ་སྦྱོར་བའི་རྟགས། །གཡོན་གྱི་དང་པོ་མེ་དཔུང་བསྣམས་པ་ནི། །མ་རིག་མུན་པའི་བུད་ཤིང་གཏན་བསྲེགས་ནས། །ཉོན་མོངས་འཁོར་བའི་རྒྱ་མཚོ་སྐེམས་པའི་རྟགས། །བར་པ་ཁ་ཊྭཱཾ་རྩེ་གསུམ་བསྣམས་པ་ནི། །བརྩོན་འགྲུས་ཆེན་པོས་དུག་གསུམ་རྩད་གཅད་ནས། །འབྲས་བུ་སྐུ་གསུང་ཐུགས་སུ་སྦྱོར་བའི་རྟགས། །ཐ་མ་ཐབས་དང་ཤེས་རབ་གཉིས་མེད་པའི། །བྱང་ཆུབ་སེམས་ཀྱི་ཕུར་བུ་འདྲིལ་བ་ནི། །ཁམས་གསུམ་རྩད་གཅོད་སྲིད་གསུམ་ཟིལ་གྱིས་གནོན། །སྟོང་གསུམ་དབང་སྡུད་དགྲ་བགེགས་སྒྲོལ་བའི་རྟགས། །ཕྱག་དྲུག་ཕྱག་མཚན་རྫོགས་ལ་ཕྱག་འཚལ་བསྟོད། །གླང་ཆེན་ཀོ་རློན་ཞིང་ལྤགས་སྟོད་གཡོགས་བརྗིད། །སྟག་ལྤགས་ཤམ་ཐབས་སྦྲུལ་གྱི་ཆུན་པོས་བརྒྱན། །ཐོད་ཕྲེང་ཚར་གསུམ་སྐུ་ཡི་རྒྱན་དུ་མཛད། །བ་སྤུ་ཐལ་ཆེན་ཁྲག་ཞག་ཐིག་ལེས་མཚན། །རུ་ཏྲ་ཆེ་ཆུང་སྐུ་རགས་མཛད་པ་ནི། །འཁོར་བ་མ་སྤངས་དབྱིངས་སུ་ལྷུན་གྲུབ་རྟགས། །སྐུ་ཡི་རྒྱན་རྣམས་རྫོགས་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་སྐུ་མཆོག་རྡོ་རྗེའི་སྐུར་བསྟན་པ། །ཞབས་གཉིས་ཐབས་དང་ཤེས་རབ་བརྐྱང་བསྐུམ་བཞུགས། །ཞབས་གཉིས་གྱད་ཀྱི་དོར་སྟབས་གདུག་པ་འདུལ། །བདུད་བཞི་ཟིལ་གནོན་སྐྱེ་ཤི་རྩད་ནས་གཅོད། །རྫུ་འཕྲུལ་རྐང་བཞི་ལྷུན་གྱིས་གྲུབ་པའི་རྟགས། །ཞབས་ཀྱི་བཞུགས་སྟབས་རྫོགས་ལ་ཕྱག་འཚལ་བསྟོད། །གྲུ་གསུམ་མཐིང་ནག་འབར་བའི་གདན་སྟེང་ན། །ཡབ་ཡུམ་གཉིས་སུ་མེད་པར་བཞུགས་པ་ནི། །དབྱིངས་དང་ཡེ་ཤེས་དོན་དམ་གཅིག་པའི་རྟགས། །ཡབ་ཀྱི་ཐུགས་ཀར་ཨུཏྤལ་གདེངས་པ་ནི། །འགྲོ་བའི་དོན་ལ་ཐུགས་དམ་རྒྱུད་བསྐུལ་རྟགས། །ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་བསྟོད། །ཧཱུཾ་མཛད་ལ་སོགས་ཁྲོ་བཅུས་བསྐོར་བ་ནི། །སྲིད་པ་གསུམ་ན་འགྲན་ཟླ་མེད་པའི་རྟགས། །སྒྲ་འབྱིན་ལ་སོགས་ཡུམ་བཅུས་བསྐོར་བ་ནི། །དགྱེས་པ་ཆེན་པོས་མཆོད་པ་འབུལ་བའི་རྟགས། །ཁྲ་ཐབས་ཉི་ཤུའི་ཚོགས་ཀྱིས་བསྐོར་བ་ནི། །སྤྲུལ་པ་མང་པོས་གདུག་པ་འདུལ་བའི་རྟགས། །དཔལ་ཆེན་འཁོར་ཚོགས་བཅས་ལ་ཕྱག་འཚལ་བསྟོད། །ཐུགས་རྗེའི་སྟོབས་ཀྱིས་སྤྲུལ་པའི་སྐུར་སྟོན་ཅིང་། །དྲག་པོའི་ཁྲོ་གཟུགས་རྔམས་པའི་ཞལ་གདངས་པ། །འཇིགས་པའི་སྦྲུལ་བཅིངས་ཐོད་པའི་དབུ་རྒྱན་ཅན། །སངས་རྒྱས་ལྔ་ཡི་འབྲས་བུ་ཀཱི་ལ་ཡ། །འཇིགས་པའི་ཕྱག་མཚན་འདེབས་པའི་ཚུལ་སྟོན་ཅིང་། །སྒྲོལ་བའི་སྟབས་ཀྱིས་གྲུ་གསུམ་གདན་ལ་བཞུགས། །ཡང་སྤྲུལ་ཁྲོ་མང་འཁྲིགས་པས་དྲེགས་པ་འདུལ། །ཡེ་ཤེས་ཐུགས་ཀྱི་སྲས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་བསྐལ་མེ་འབར་བའི་ཀློང་དཀྱིལ་ན། །བདུད་འདུལ་མཐུ་ཆེན་ཁྲོ་བོ་ཁྲོ་མོའི་ཚོགས། །དོན་དམ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཐབས་མཁས་ཐུགས་རྗེས་ཁྲོ་བོའི་སྐུར་སྟོན་པ། །ཉོན་མོངས་ལོག་པར་ལྟ་བའི་བགེགས་རྣམས་འཇོམས། །ཡང་དག་ལམ་ལ་གདུག་ཅན་འགོད་མཛད་པའི། །ལྷུན་གྱིས་གྲུབ་པ་དྲག་པོའི་ཕྲིན་ལས་རྣམས། །མཐར་ཕྱིན་མཛད་ལ་བསྟོད་དེ་ཕྱག་ཀྱང་འཚལ། །དུས་གསུམ་འདུས་མ་བྱས་པའི་ཀཱི་ལ་ཡ། །མ་གཡོས་ཆོས་མཆོག་བྱང་ཆུབ་སེམས་ཀྱི་ངང་། །སྡུག་བསྔལ་ལོག་པར་འཁྱམས་པའི་སེམས་ཅན་རྣམས། །ཐུགས་རྗེ་དབྱེར་མེད་དབྱིངས་སུ་སྒྲོལ་མཛད་པ། །ཁྲོ་རྒྱལ་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །གསུམ་པ་རྗེས་ཀྱི་བྱ་བ་ལ། ཚོགས་བཤམ་བྱིན་རླབས་སྤྱན་དྲངས་མཆོད། །རོལ་ལྷག་བརྟན་སྐྱོང་ལས་བཞིའི་བྲོ། །ནོངས་བཤགས་ཉེར་བསྡུ་རྒྱུན་ཏིང་དང་། །བསྔོ་སྨོན་ཤིས་པས་མཐའ་བརྒྱན་ནོ། །ཞེས་པ་ལྟར་བཅུ་གསུམ་ལས། དང་པོ་བཤམ་པ་ནི། ཞིང་ངམ་གཅན་གཟན་གྱི་ལྤགས་པའི་སྟེང་། དམ་རྫས་སུ་འོས་པའི་ཡོ་བྱད་ཅི་འབྱོར་བཤམས་ཤིང་། ཡིག་རྙིང་དུ་ཕྲིན་གདགས་པ་སོགས་སྦྱོར་བའི་ཆོས་མང་དུ་བཤད་ཀྱང་མོས་སློབ་ཙམ་ལ་འདིས་ཆོག་གོ། གཉིས་པ་བྱིན་གྱིས་རློབ་པ་ནི། བདུད་རྩིས་བྲན་ལ་ཨ་མྲྀ་ཏའི་སྔགས་ཀྱིས་བསང་། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་པར་བསམ་ལ། ཧཱུཾ། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །ཆོས་ཀུན་ཐམས་ཅད་སྒྱུ་མར་རིག །རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ། །དེ་ལས་མེ་རླུང་ཆུ་བྱུང་བས། །ཚོགས་ཀྱི་བག་ཆགས་བསྲེགས་གཏོར་བཀྲུས། །མ་སཱུརྱ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཏྲཾ་རཏྣ་ཏྲཻ་ལོཀྱ་ཕཊ། ཚོགས་གཞོང་ཉི་ཟླ་ཁ་སྦྱོར་གྱི། །གའུའི་ནང་དུ་ཚོགས་རྫས་རྣམས། །ཏྲཾ་ལས་རིན་ཆེན་ཕུང་པོའི་གཏེར། །རིགས་ལྔའི་དམ་ཚིག་འདོད་ཡོན་གྱི། །རྣམ་པ་ཅིར་ཡང་འཆར་བར་གྱུར། །གསུམ་པ་ཚོགས་ཞིང་སྤྱན་དྲངས་པ་ནི། ཧཱུཾ། འདི་ན་སྣ་ཚོགས་གཟུགས་མཆིས་ཀྱིས། །ཀུན་ཀྱང་སྤྱན་དང་བཅས་ཏེ་གཤེགས། །འདི་ན་སྣ་ཚོགས་སྒྲ་མཆིས་ཀྱིས། །ཀུན་ཀྱང་སྙན་དང་བཅས་ཏེ་གཤེགས། །འདི་ན་སྣ་ཚོགས་དྲི་མཆིས་ཀྱིས། །ཀུན་ཀྱང་ཤངས་དང་བཅས་ཏེ་གཤེགས། །འདི་ན་སྣ་ཚོགས་དྲི་མཆིས་ཀྱིས། །ཀུན་ཀྱང་ཤངས་དང་བཅས་ཏེ་གཤེགས། །འདི་ན་སྣ་ཚོགས་རོ་མཆིས་ཀྱིས། །ཀུན་ཀྱང་ལྗགས་དང་བཅས་ཏེ་གཤེགས། ། འདི་ན་སྣ་ཚོགས་རེག་མཆིས་ཀྱིས། །ཀུན་ཀྱང་སྐུ་དང་བཅས་ཏེ་གཤེགས། །འདི་ན་སྣ་ཚོགས་ཆོས་མཆིས་ཀྱིས། །ཀུན་ཀྱང་ཐུགས་དང་བཅས་ཏེ་གཤེགས། ། ཐུགས་རྗེ་ལྕགས་ཀྱུའི་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉ་གནས་བསྐྱོད་ལ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །ཛཿཧཱུཾ་བཾ་ཧོཿ ཞེས་པས་རྩ་བ་གསུམ་གྱི་ལྷ་ཚོགས་མཁའ་ཁྱབ་ཏུ་བྱོན་པར་བསམ་མོ། །བཞི་པ་མཆོད་པ་ལ་སྤྱི་དང་ཁྱད་པར་བ་གཉིས་ལས། །དང་པོ་སྤྱིར་མཆོད་པ་ནི། ཧཱུཾ། འབྱུང་བ་ཆེན་པོ་ནམ་མཁའ་ཆེ། །ནམ་མཁའ་ལས་ནི་འདོད་པ་འབྱུང་། །འདོད་ཡོན་མཆོད་པ་བཞེས་སུ་གསོལ། །གཟུགས་མ་ལག་གཉིས་མེ་ལོང་ཐོགས། །གཟུགས་མཛེས་བསྐྱོད་པའི་ཕྱོགས་བཅུར་གཡོ། །ཤིན་ཏུ་སྒེག་པའི་གཟི་མདངས་འབར། །གཟུགས་ཀྱི་ལྷ་མོ་སྤྱན་ལ་ཐིམ། །སྒྲ་མ་ལག་གཉིས་པི་ཝཾ་ཐོགས། །བདེ་བའི་སྒྲ་སྙན་ཕྱོགས་བཅུར་གཡོ། །དབྱངས་སྙན་ཡིད་འཕྲོག་འཇམ་པའི་དབྱངས། །སྒྲ་ཡི་ལྷ་མོ་སྙན་ལ་ཐིམ། །དྲི་མ་ལག་གཉིས་སྤོས་ཕོར་ཐོགས། །སྤོས་ཀྱི་སྤྲིན་ལྡིང་བདུག་པ་མོ། །ཀུན་ཏུ་དྲི་མཆོག་ཚིམ་བྱེད་མ། །དྲི་ཡི་ལྷ་མོ་ཤངས་ལ་ཐིམ། །རོ་མ་ལག་གཉིས་ཟས་གཞོང་ཐོགས། །བཅུད་ལེན་རོ་མཆོག་ལྔ་བརྒྱ་ལྡན། །ཀུན་ཏུ་རོ་མཆོག་ཚིམ་བྱེད་མ། །རོ་ཡི་ལྷ་མོ་ལྗགས་ལ་ཐིམ། །རེག་གི་ལྷ་མོ་ཡོངས་འཁྱུད་མ། །ཐུགས་ཀ་དག་ནས་ཡོངས་སུ་འཁྱུད། །ཀུན་ཏུ་རེག་བདེས་ཚིམ་བྱེད་མ། །རེག་གི་ལྷ་མོ་སྐུ་ལ་ཐིམ། །འདོད་ཡོན་ལྷ་མོ་ཁྱེད་རྣམས་ཀྱིས། །ཡིད་ནི་ཚིམ་པར་བྱེད་པ་སྟེ། །ཐམས་ཅད་མ་ལུས་ཆོས་ཀྱི་དབྱིངས། །ཆོས་ཀྱི་ལྷ་མོ་ཐུགས་ལ་ཐིམ། །ཞེས་འདོད་པའི་ཡོན་ཏན་རྣམས་ཀྱིས་སྤྱིར་མཆོད། གཉིས་པ་ཁྱད་པར་གྱི་མཆོད་པ་ནི། ཚོགས་ཕུད་ཆ་བཞིར་སྤྲོས་པ་ལས། དང་པོ་གསུམ་ལ་མཆོད་བཤགས་བསྒྲལ་སྟོབ་བྱ་སྟེ། ཆ་དང་པོ་འདོད་ཡོན་དྲུག་གི་མཆོད་པ་སྤྲིན་དུ་སྤྲོས་ནས་ཞལ་གཡས་དཀར་བ་ལ་མཆོད་པས་དགྱེས་པར་བསམ་ལ། ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །ཚོགས་ཕུད་མཆོད་པ་བཞེས་སུ་གསོལ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཚོགས་ཕུད་མཆོད་པ་བཞེས་སུ་གསོལ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཚོགས་ཕུད་མཆོད་པ་བཞེས་སུ་གསོལ། །ཤྭ་ན་མུ་ཁའི་དུས་ལ་བབ། །ཚོགས་ཕུད་མཆོད་པ་བཞེས་སུ་གསོལ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཚོགས་ཕུད་མཆོད་པ་བཞེས་སུ་གསོལ། །ས་བདག་ཆེན་མོའི་དུས་ལ་བབ། །ཚོགས་ཕུད་མཆོད་པ་བཞེས་སུ་གསོལ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ཚོགས་ཕུད་མཆོད་པ་བཞེས་སུ་གསོལ། །ༀ་བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི། ཧ་ཧ་ཧ། ཧི་ཧི་ཧི། ཞེས་མཆོད། ཆ་གཉིས་པ་དམ་རྫས་བདུད་རྩིར་དམིགས་ནས་ཞལ་གཡོན་དམར་བ་ལ་བཤགས་པས་ཉམས་ཆག་དག་པར་བསམ་ལ། བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་ཅི་འགལ་བ། །ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །ཞེས་དང་ཡིག་བརྒྱ་བརྗོད། ཆ་གསུམ་པ་དགྲ་བགེགས་སུ་དམིགས་ནས་བསྒྲལ་བ་དབུས་ཞལ་མཐིང་ག་ལ་སྟོབ་སྟེ། དེ་ལ་རྟེན་བཅའ་བ། དམ་ཅན་བསྐུལ་བ། ཕོ་ཉས་དགུག་པ། བསྒྲལ་བ། སྟོབ་པ་བྱ་བའོ། །དང་པོ་རྟེན་བཅའ་བ་ནི། ལིངྒ་ལོགས་སུ་བཅས་པ་མེད་ན་སྔར་གྱི་ཕུད་ཆ་གསུམ་པ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་ཞེས་པས་རང་ལ་བསྡུས་ནས་བྲུབ་ཁུང་དུ་བཅུག་སྟེ་མདུན་དུ་བཀོད་ལ། ཨེ་བྷཱུཾ། བྲུབ་ཁུང་གྲུ་གསུམ་མཐིང་ནག་འབར་བ་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་གང་ཡིན་པ་དེ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་པར་བསམ་མོ། །གཉིས་པ་དམ་ཅན་བསྐུལ་བ་ནི། བདག་ཉིད་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་དང་ཕུར་བུ་ཡཀྵ་མེ་དབལ་དུ་གསལ་བས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཀ་ཏང་ཀ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མ་ར་སེ་ན་པྲ་མརྔྷཱ་ན་ཡེ། དགྲ་བགེགས་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཅེས་བཟླས་པས། དམ་ཅན་རྣམས་ཤ་རུལ་ལ་སྦྲང་མ་འཐིབས་པ་བཞིན་དུ་ཐིབས་ཀྱིས་བྱོན་པར་གྱུར། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ དགྲ་བགེགས་འབྱུང་པོ་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུཾ་ཕཊ། ༀ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། ༀ་ཤྲཱི་གྷྲཾ་ཨཱ་ན་ཡ་ཤྲཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ༀ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ༀ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། ༀ་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུཾ་ཕཊ། ཅེས་གབ་པའི་སྔགས་དྲུག་བཟླས་པས། ལྷ་འདྲེ་ཐམས་ཅད་དབང་དུ་བསྡུས། སྣང་སྲིད་ཐམས་ཅད་ཟིལ་གྱིས་མནན་པར་གྱུར། གསུམ་པ་ཕོ་ཉས་དགུག་ཅིང་བསྟིམ་པ་ནི། བདག་ཅག་རིག་འཛིན་སྒྲུབ་པ་པོས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང་། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། དགྲ་བགེགས་འབྱུང་པོ་ཏྲི་ཡཾ་ཛཿ ནྲྀ་ཡཾ་ཛཿ ཞེས་ཕོ་ཉའི་ཚོགས་ཀྱིས་རང་དབང་མེད་པར་བཀུག་སྟེ། ཛཿཧཱུཾ་བཾ་ཧོཿས་ལངྒི་ལ་བསྟིམ་མོ། །བཞི་པ་བསྒྲལ་བ་ལ་བཞི་ལས། དང་པོ་ཕུར་བསྐོར་གྱིས་གཟིར་བ་ནི། ལག་གཡས་ཐབས་དང་གཡོན་པ་ཤེས་རབ་ཀྱི་རང་བཞིན་དུ་བསམ་ལ་ཕུར་བུ་འདྲིལ་ཞིང་། ཧཱུཾ། སྲས་མཆོག་བཛྲ་ཀཱི་ལ་ཡ། །རྒྱ་མདུད་རྩེ་ལ་འབྲུག་སྟོང་ལྡིར། །སྟེང་གི་ལྷ་རྣམས་འདུལ་བའི་རྟགས། །གཅུམ་གཞོགས་ལོགས་ལ་གློག་སྟོང་འཁྱུག །ལྷ་སྲིན་སྡེ་བརྒྱད་འདུལ་བའི་རྟགས། ། ཆུ་སྲིན་ཁ་ན་རྦབ་ལྟར་འདྲིལ། །འོག་གི་ས་བདག་འདུལ་བའི་རྟགས། །རྩེ་མོ་ཟུར་གསུམ་མེ་ལྟར་འབར། །དབལ་ཆེན་རྩེ་ལ་མེ་སྟག་འཕྲོ། །བསྒྲིལ་བ་ཙམ་གྱིས་སྲིད་གསུམ་འདར། །གདེངས་པ་ཙམ་གྱིས་ལྷ་རྣམས་བསྲེག །བཏབ་ན་ཁམས་གསུམ་ཐལ་བར་རློག །བདུད་དང་དགྲ་བགེགས་སྨོས་ཅི་དགོས། །ཞེས་བརྗོད་པས། ཕུར་བུ་ལས་ཡེ་ཤེས་ཀྱི་ཕུར་བུའི་སྤྲིན་མེའི་ཚྭ་ཚྭ་ལྟར་འཕྲོས་དམིགས་བྱ་ལ་ཕོག་པས་ལུས་བརྒྱལ་ཞིང་སེམས་མྱོས་པར་བསམ་མོ། །གཉིས་པ་ཕུར་བུ་བཏབ་སྟེ་བསྒྲལ་བ་ནི། སྲས་མཆོག་ཏུ་བྱིན་གྱིས་བརླབས་པའི་ཕུར་བུ་རི་རབ་ལྟར་བརྗིད་པའི་སྟེང་དུ་ཁྲོ་བོ་ཧཱུཾ་ཀཱ་ར། དེའི་སྟེང་དུ་ཨ་ཡིག་དཀར་གསལ། ༀ་ལཾ་ཧཱུཾ་ལཾ་སྟྭམྦྷ་ཡ་ནན། མོ་ཧ་གྷཱ་ཏ་ཡ། བྷ་ག་ཝཱན། ཧྲཱིཿཀྲྀ་བི་ཀྲྀ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུཾ་བཾ་ཧོ། སརྦ་བིགྷྣཱན། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཨ། ཞེས་བརྗོད་པས། ཨ་འོད་དུ་ཞུ་ནས་ཧཱུཾ་ཀཱ་ར་ལ་ཐིམ། དེ་ཡང་འོད་དུ་ཞུ་བའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་ཕུར་བུ་ལ་ཁྱབ་པས་དཀར་སལ་གྱིས་སོང་། དེའི་འོད་ཟེར་དམིགས་བྱ་ལ་ཕོག་པས་སྡིག་སྒྲིབ་སྦྱངས་ཏེ་སྣོད་རུང་དུ་བྱས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོ། ཀ་ཏང་ཀ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ། ཨ་པ་ར་ཛི་ཏེ། མ་ར་སེ་ན། པྲ་མརྔྷ་ན་ཡེ། དགྲ་བགེགས་འབྱུང་པོའི་ཙིཏྟ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ཕུར་བུ་སྙིང་དཀར་ནག་གི་མཚམས་སུ་བཏབ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཅེས་སྙིང་ལ་སླེབས་པ་བཏབ་པས། སྒོ་ལྔའི་རྣམ་ཤེས་ཕུར་བུ་ལ་འདུས་པས་བྱུང་ཚོར་གྱི་སྒོ་འགགས། ཡང་ཀཱི་ལ་ཡ་བརྗོད་པས། ཡིད་ཤེས་དང་ཉོན་ཡིད་གཉིས་ཕུར་རྩེར་འདུས་ཏེ་བསྐམས་པས་ཉོན་མོངས་པ་རྩད་བཅད། ཡང་ཀཱི་ལ་ཡ་བརྗོད་པས། ཀུན་གཞིའི་རྟེན་སྙིང་ནང་དུ་སྲོག་ཁྲག་གི་རླངས་པ་ལྟ་བུའི་ནང་ཚེ་བལ་རྒྱ་ལྟ་བུ་དེ་དབུས་ཀུན་གཞིའི་རྣམ་ཤེས་དངུལ་ཆུ་ཞུན་མ་ལྟར་གནས་པ་ལ་ཁོའི་བཀྲག་མདངས་ཐམས་ཅད་འདུས་པ་དེ་ཕུར་རྩེར་ཡེར་གྱིས་བླངས་པ་བདག་ལ་ཐིམ་པས་བདག་ཉིད་ཀྱི་བཀྲག་དང་གཟི་མདངས་འབར་བར་བསམ་ཞིང་། ཕུར་རྩེ་རང་ལ་བསྟན་ཏེ། ༀ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད། ཡང་ཀཱི་ལ་ཡ་བརྗོད་ཅིང་ཕུར་བུ་བཏབ་པས། དམིགས་བྱའི་སེམས་ཉིད་ཧཱུཾ་དུ་གྱུར་པ་ཨ་ཡཾ་ཞེས་ཟླ་དཀྱིལ་ལ་བཞག་སྟེ་རླུང་གིས་བཏེགས་ནས། ཕཊ་ཅེས་འོག་མིན་དུ་རྡོར་སེམས་ཀྱི་སྦྱོར་མཚམས་སུ་འཕང་བའོ། །གསུམ་པ་ཐོ་བས་བརྡུངས་ཏེ་བསྒྲལ་བ་ནི། ཧཱུཾ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ན། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཁ་ཏཾ་ཁ་ཏཾ་ཁ་ཏཾ། ཐོ་གཏུན་ཡབ་ཡུམ་གྱི་མཁའ་གསང་དབྱིངས་རིག་གི་སྦྱོར་བས་གཟུགས་ཕུང་ཟག་མེད་ཀྱི་དབྱིངས་སུ་བཅོམ་པར་བསམ་ལ་ཐོ་བས་བརྡུང་ངོ་། །བཞི་པ་གྲིས་གཏུབ་སྟེ་བསྒྲལ་བ་ནི། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། ཧཱུཾ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ྄ཡ྅྅྅་ཀ་ར་ཨི་དན་དྷ་དྷི་མ་མ་ཤྲཱི་གྷྲཾ་ཀ་ར་ཡེ་ཧཱུཾ་ཕཊ། ཅེས་རལ་གྲིས་གཏུབ་པས་ཉལ་གྱིས་སོང་བར་བསམ་མོ། །ལྔ་པ་སྟོབ་པ་བྱ་བ་ནི། ལིང་རོ་བདུད་རྩིར་སྤར་བ་གཏོར་མར་བྲན་ལ། ཧཱུཾ། སྣང་སྲིད་ཕུར་བུས་གདབ་པའི་ཕྱིར། །རྡོ་རྗེ་གཞོན་ནུའི་ཞལ་དུ་སྟོབ། །ཡབ་ཡུམ་གཉིས་སུ་མེད་པའི་ཕྱིར། །འཁོར་ལོ་རྒྱས་འདེབས་ཞལ་དུ་སྟོབ། །ཕྱོགས་བཅུར་སྤྲུལ་པར་འགྱེད་པའི་ཕྱིར། །ཁྲོ་བོ་བཅུ་ཡི་ཞལ་དུ་སྟོབ། །མི་དགེ་བཅུ་པོ་རྩད་གཅོད་ཕྱིར། །ཁྲོ་མོ་བཅུ་ཡི་ཞལ་དུ་སྟོབ། །ཡབ་ཀྱི་ཐུགས་ལས་སྤྲུལ་པའི་ཕྱིར། །ཟ་བྱེད་ཕ་བཅུའི་ཞལ་དུ་སྟོབ། །ཡུམ་གྱི་ཐུགས་ལས་སྤྲུལ་པའི་ཕྱིར། །གསོད་བྱེད་མ་བཅུའི་ཞལ་དུ་སྟོབ། །ཐུགས་ཀྱི་སྲས་མཆོག་ཡིན་པའི་ཕྱིར་། །ཀཱི་ལ་ཡ་ཡི་ཞལ་དུ་སྟོབ། །ཕྲིན་ལས་རྣམ་བཞི་བསྒྲུབ་པའི་ཕྱིར། །སྒོ་མ་བཞི་ཡི་ཞལ་དུ་སྟོབ། དགྲ་བགེགས་རྩད་ནས་གཅོད་པའི་ཕྱིར། །དམ་ཅན་སྡེ་བཞིའི་ཞལ་དུ་སྟོབ། །ཧོཿ དཔལ་ཆེན་འཁོར་བཅས་ཤ་ལ་དགྱེས། །ཤ་ཡི་རང་བཞིན་གཏི་མུག་ཆེ། །གཏི་མུག་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་བཞེས་ལ། །ཁམ་ཁམ་གསོལ་ཅིག་རབ་རྔམས་ཚོགས། །དཔལ་ཆེན་འཁོར་བཅས་ཁྲག་ལ་དགྱེས། །ཁྲག་གི་རང་བཞིན་འདོད་ཆགས་ཆེ། །འདོད་ཆགས་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་བཞེས་ལ། །ཅིབ་ཅིབ་གསོལ་ཅིག་རབ་རྔམས་ཚོགས། །དཔལ་ཆེན་འཁོར་བཅས་རུས་ལ་དགྱེས། །རུས་པའི་རང་བཞིན་ཞེ་སྡང་ཆེ། །ཞེ་སྡང་མཆོད་པ་བླ་ན་མེད། །བླ་མེད་མཆོད་པའི་འདི་བཞེས་ལ། །ཁྲུམ་ཁྲུམ་གསོལ་ཅིག་རབ་རྔམས་ཚོགས། །གནམ་ས་ཙམ་གྱི་ཞལ་ཕྱེས་ལ། །རི་རབ་ཙམ་གྱི་ལྗགས་རྐྱོང་ཞིག །གངས་རི་ཙམ་གྱི་མཆེ་བ་གཙིགས། །དེང་འདིར་བརྣག་པའི་དགྲ་བགེགས་རྣམས། །ཆེམ་ཆེམ་ཁྲུམ་ཁྲུམ་ཞལ་དུ་གསོལ། །ཡ་སོ་བཅུ་ནི་ཁྲོ་བོ་བཅུ། །མ་སོ་བཅུ་ནི་ཁྲོ་མོ་བཅུ། །ལྕེ་ནི་བར་སྣང་གློག་ལྟར་འཁྱུག །དགྲ་བགེགས་འབྱུང་པོའི་ཤ་ཁྲག་རུས། །དཔལ་ཆེན་འཁོར་བཅས་ཞལ་དུ་སྟོབ། །ༀ་བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཞེས་ཕུལ་བས་དགྱེས་པས་རོལ་པར་བསམ་མོ། །ལྔ་པ་ཚོགས་ལ་རོལ་པ་ནི། སྤྲོ་ན་ཚོགས་ཞལ་ཟས་ལ་དངོས་གྲུབ་བླང་བ་སྦྱར་ཞིང་། འདིར་ནི་ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་ཕྱག་སྔོན་འགྲོས་དབུལ་ལེན་སྤྱི་དང་འདྲ་བར་བྱས་ལ། ལྷའི་ང་རྒྱལ་དང་ལྡན་པས་ཚོགས་ཀྱི་ལོངས་སྤྱོད་རྣམས་ནང་གི་སྲེག་བླུགས་ཀྱིས་རོལ་པའི་མཐར། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཞེས་སོགས་སྨོན་ལམ་ཡང་གདབ་བོ། །དྲུག་པ་ལྷག་མའི་ཆོ་ག་ལ་བཤམ་ཞིང་བརླབ་པ། མཆོད་ཅིང་བསྔོ་བ། གཤེགས་ཤིང་བསྡུ་བའོ། །དང་པོ་ནི། ལྷག་མ་རྣམས་བསྡུས་ནས། དཀྱིལ་འཁོར་གྱི་བྱང་ཤར་དུ་ཞིང་ལྤགས་ལ་རཀྟས་ཨེ་གྲུ་གསུམ་བྲིས་པའི་ཁར་སྔར་ཟུར་དུ་བཅད་པའི་ཕུད་ཆ་བཞི་པ་དང་། དམེ་གཏོར་མཆོད་པའི་རས་མ་དང་བཅས་པར་མར་མེ་བཙུགས་པ་གཉིས་སྟེགས་མཐོ་དམན་རིམ་པས་བཀོད་ལ་བདུད་རྩི་སྦྲན་ཏེ། སྟོང་པའི་ངང་ལས་ཧཱུཾ་ཡིག་ཞུ་བ་ལས་གཏོར་མ་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་མོ། །གཉིས་པ་ལ། ཡར་གྱི་གནས་བདུན་མཆོད་པ་དང་། མར་གྱི་གནས་བདུན་ལ་བསྔོ་བ་གཉིས་ཏེ། དེ་གཉིས་ཀ་ལ་དོན་ཚན་ལྔ་ལྔའི་ལས་རིམ་བཤད་པ་གཞན་དུ་ཤེས་པར་བྱ་ཞིང་། འདིར་ཉམས་ལེན་ལ་བདེ་བའི་དབང་དུ་དོན་བསྡུས་ཏེ་བཤད་ན། དང་པོ་ཡར་གནས་མཆོད་པ་ནི། ཧཱུཾ། ཁྲོ་རྒྱལ་ཡེ་ཤེས་འབར་བའི་སྐུར་སྟོན་པ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། །ཁྲོ་བོ་ཁྲོ་མོ་བཅུ་དང་ཕྲ་མེན་ཚོགས། །དམ་ཅན་སྡེ་བཞི་འཁོར་བཅས་དབྱིངས་ནས་བཞེངས། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཞེས་སྤྱན་དྲངས་ཏེ། མཆོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །དམ་ཚིག་ཉམས་ཆག་ཀུན་སྐོངས་ནས། །མཐུ་དབང་དངོས་གྲུབ་སྩལ་དུ་གསོལ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །དམ་ཚིག་ཉམས་ཆག་ཀུན་སྐོངས་ནས། །མཐུ་དབང་དངོས་གྲུབ་སྩལ་དུ་གསོལ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །དམ་ཚིག་ཉམས་ཆག་ཀུན་སྐོངས་ནས། །མཐུ་དབང་དངོས་གྲུབ་སྩལ་དུ་གསོལ། །ཤྭ་ན་མུ་ཁའི་དུས་ལ་བབ། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །དམ་ཚིག་ཉམས་ཆག་ཀུན་སྐོངས་ནས། མཐུ་དབང་དངོས་གྲུབ་སྩལ་དུ་གསོལ། །བདག་ཉིད་ཆེན་མོའི་དུས་ལ་བབ། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །དམ་ཚིག་ཉམས་ཆག་ཀུན་སྐོངས་ནས། །མཐུ་དབང་དངོས་གྲུབ་སྩལ་དུ་གསོལ། །ས་བདག་ཆེན་མོའི་དུས་ལ་བབ། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །དམ་ཚིག་ཉམས་ཆག་ཀུན་སྐོངས་ནས། །མཐུ་དབང་དངོས་གྲུབ་སྩལ་དུ་གསོལ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །དམ་ཚིག་ཉམས་ཆག་ཀུན་སྐོངས་ནས། །མཐུ་དབང་དངོས་གྲུབ་སྩལ་དུ་གསོལ། །ཞེས་པའི་མཐར། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་མཆོད་ཅིང་སྨན་རག་སྦྲེང་ངོ་། །གཉིས་པ་མར་གནས་ལ་བསྔོ་བ་ནི། ཧཱུཾ། རྡོ་རྗེ་ལས་ཀྱི་དབང་བསྐུར་བའི། །དབང་ཕྱུག་མ་དང་མཁའ་འགྲོ་སོགས། །ལྷག་མའི་མཆོད་པ་བཞེས་མཛད་པའི། །དམ་ཅན་མ་ལུས་འདིར་འདུས་ཤིག །ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿཛཿ ཞེས་སྤྱུགས་པའི་བརྡ་དང་བཅས་ཏེ་སྤྱན་དྲངས་པས། ལྷག་མའི་མགྲོན་རྣམས་བྱ་ནག་ཐང་ལ་བབས་པ་བཞིན་འཐིབ་ཀྱིས་བྱོན་ནས་དཀྱིལ་འཁོར་གྱི་མུ་རན་ལ་འཁོད་པར་བསམ་ཞིང་། བདག་ཉིད་ཊ་ཀི་རཱ་ཛའི་སྐུར་གསལ་བའི། །ཡ་རྐན་ཟླ་བའི་གདན་ལ་སྣང་མཐའ་ཡས། །མ་རྐན་ཉི་མར་ན་བཟའ་དཀར་མོ་གཉིས། །སྦྱོར་བ་མཛད་པའི་བྱང་སེམས་བབས་པར་གྱུར། ༀ་བཛྲ་གུ་རུ་ཀྲོ་དྷ་རཏྣ་ས་མ་ཡ་པྲི་ཤ་ཤུརྦྷ་ཀྵེ་ཏྲ་ཀྵོ་བྷ་ཀ་ར་ཧཱུཾ་ཕཊ། ཅེས་ཛ་གད་ཀྱི་ཁ་ཕྲུ་མཁའ་དབྱིངས་ཀྱི་རྒྱས་དམེ་གཏོར་ལ་ལན་གསུམ་བཏབ་པས། ཁ་ཕྲུ་དང་པོས་གཏོར་མའི་ཉེས་སྐྱོན་དག །གཉིས་པས་འདོད་ཡོན་བདུད་རྩིའི་ཕུང་པོར་སྤེལ། །གསུམ་པས་ཧྲཱིཿཡིག་ཉི་ཟེར་རྡུལ་ལྟར་སྤྲོས། །དེ་རྣམས་ཁྲོ་བོའི་སྤྲིན་གྱུར་འདུས་པ་ལས། ཧྲཱིཿཔདྨཱནྟ་ཀྲྀ་ཏ་ཧ་ཡ་གྲཱི་ཝ་ཧཱུཾ། རྟ་མགྲིན་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། །རྔམས་བརྗིད་རྟ་སྐད་བཞད་པའི་སྐུར་གྱུར་པས། །མགྲོན་རྣམས་དབང་བསྡུད་ཅི་སྩོལ་སྒྲུབ་པར་གྱུར། །དེ་ནས་མཁའ་དབྱིངས་ཀྱི་རྒྱས་གཏོར་མ་ནས་ལྟོས་མེད་དུ་བླངས་ལ་པྲ་བརྟགས་ཏེ། ཤ་དང་འཕྲད་ན་མཐུ་ཆེ། ཟན་ཚེ་རིང་། ཁུར་བ་ལོངས་སྤྱོད་ཆེ། མར་རྟོགས་པ་སྐྱེ་བས་གང་ཐོབ་དངོས་གྲུབ་ཏུ་རོལ་ལ། ཕུད་གཏོར་ནས་གཏོར་ཀྱུ་གཅིག་བླངས་པ་དམེ་གཏོར་ལ་བསྲེས་རྗེས། དམེ་གཏོར་ཡོངས་རྫོགས་ཕུད་གཏོར་དུ་བླུགས་ལ་སྨན་རཀྟ་སྦྲེང་སྟེ་མཆོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུཾ། ནམ་མཁའ་སྟོང་ལ་དབང་བསྒྱུར་བའི། །མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །སྟོང་གསུམ་ཡོངས་ལ་མངའ་མཛད་པའི། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། སྲོག་དབུགས་ཀུན་ལ་མངའ་མཛད་པའི། །སྐྱེས་བུ་གིང་ཆེན་བཅོ་བརྒྱད་ཀྱང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །རྡོ་རྗེ་ཕྲ་མེན་རྫུ་འཕྲུལ་ཅན། །སྐྱེས་བུ་ལངྐ་གྲུབ་པ་ཡང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཏ་ཀྲྀཏ་ལྕམ་མོར་ཞལ་བཞེས་པའི། །འབར་མ་ཉུལ་ལེ་བརྒྱད་རྣམས་ཀྱང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཤ་ཁྲག་ཞལ་དུ་གསོལ་མཛད་པའི། །དུར་ཁྲོད་དྲེགས་པའི་མ་བདུན་ཡང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །རྒྱལ་ཆེན་སྲིང་མོར་ཞལ་བཞེས་པའི། །སྲིང་མོ་ཆེན་མོ་བཞི་རྣམས་ཀྱང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཕྱོགས་བཅུར་ཁྱབ་པར་ལས་བྱེད་པའི། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་ཡང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་མཆོད་ཅིང་སྨན་རཀ་ཀྱང་སྦྲེང་། གསུམ་པ་གཤེགས་ཤིང་བསྡུ་བ་ནི། ཧོཿ ལྷག་སྡུད་ཀྱི་དམ་ཚིག་ལ་གཏོགས་པའི་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ལྷག་མའི་དམ་ཚིག་འདིས་ཚིམ་ཞིང་དགྱེས་པར་གྱུར་ཏེ། དམ་ཚིག་ཉམས་ཆག་ཐམས་ཅད་སྐོངས་ནས། སངས་རྒྱས་ཀྱི་བསྟན་པ་སྲུངས། །དཀོན་མཆོག་གི་དབུ་འཕང་བསྟོད། །དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། །སེམས་ཅན་གྱི་ཕན་བདེ་སྤེལ། །རྣལ་འབྱོར་པ་རྣམས་ཀྱི་སྡོང་གྲོགས་མཛོད། །སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབ། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱིི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་གྲོགས་མཛོད་ཅིག །ཅེས་འདོད་དོན་གསོལ། ཡ་ཧི་གཙྪས་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ་ལ། རོལ་མོ་དང་བཅས་པས་གཏོར་མ་ཕྱིར་དོར་ནས་མཎྜལ་བསྡུའོ། །བདུན་པ་བརྟན་མ་སྐྱོང་བ་ནི། ཕྱི་རོལ་དུ་བརྟན་མའི་གཏོར་མ་ཕུད་ཀྱིས་བྲན་ལ། ཏྲཾ་རཏྣ་ཏྲཻ་ལོཀྱ་ཕཊ། གཏོར་མའི་རྡུལ་ཕྲ་རབ་རེ་རེ་བཞིན་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། ༀ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ཏེ། ཧཱུཾ། ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་སྐོང་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བོད་ཁམས་སྐྱོང་བའི་ཆེ་ཞེ་ཆེན་མོ་རྣམས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །འདིར་སྤྱོན་དམ་སྐོར་གཏོང་མ་ལོངས། །གཏོར་མ་ལོངས་ལ་ཕྲིན་ལས་མཛོད། །བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱང་། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །སློབ་དཔོན་པདྨ་འབྱུང་གནས་དང་། །རླངས་ཆེན་དཔལ་གྱི་སེང་གེ་ཡི། །སྤྱན་སྔར་ཁས་བླངས་མ་གཡེལ་བར། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ༀ་ལ་ལ། ལེ་ལེ། ཏཾ་ཏཾ། ཏེ་ཏེ། ཁ་རཀྨ། མ་མ་སྲིང་འགྲོ་མ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་མཆོད་ཅིང་སྨན་རཀ་སྦྲེང་། ཕྲིན་ལས་གསོལ་ནས། ཡ་ཧི་གཙྪས་གཤེགས་སུ་གསོལ་ལ་གཏོར་མ་གཙང་སར་འབུལ་ལོ། །བརྒྱད་པ་ལས་བཞིའི་བྲོ་བརྡུང་བ་ནི། གཏོར་གཞོང་རི་རབ་ཏུ་གྱུར་པའི་འོག་ཏུ་དམ་སྲི་བཀུག་ནས་མནན་པར་བསམ་ལ། རྣལ་འབྱོར་པ་རྣམས་ལས་དང་མཐུན་པའི་བྲོ་ར་བཅའ་ཞིང་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ཏེ། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཤར་ཕྱོགས་སྟོང་གི་འཇིག་རྟེན་ན། །དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །ཕུར་བུ་རྒྱ་མདུད་རྩེ་མོ་ཟླུམ། །ངོས་ལ་ཞི་བའི་ལྷ་བཀོད་ནས། །བཏབ་པས་ཐམས་ཅད་ཞི་བར་འགྱུར། །ཞི་བར་མ་གྱུར་གང་ཡང་མེད། །ཞི་མཛད་ལྷ་ལ་ཕྱག་འཚལ་ལོ། །སུམྦྷའི་སྔགས་མཐར། ནད་གདོན་བགེགས་དང་བར་གཅོད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །བྱང་ཕྱོགས་སྟོང་གི་འཇིག་རྟེན་ན། །ལྕགས་སམ་ནག་པོའི་ཤིང་རྣམས་ལ། །ཕུར་བུ་རྒྱ་མདུད་རྩེ་ཟུར་གསུམ། །ངོས་ལ་དྲག་པོའི་ལྷ་བཀོད་ནས། །བཏབ་པས་ཐམས་ཅད་རྡུལ་དུ་འགྱུར། །རྡུལ་དུ་མ་གྱུར་གང་ཡང་མེད། །རྡུལ་མཛད་ལྷ་ལ་ཕྱག་འཚལ་ལོ། །སུམྦྷ་ནི་སུམྦྷ་ནི༴ སྡང་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཧཱུཾ་ཕཊ། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན། །ཟངས་སམ་དམར་པོའི་ཤིང་རྣམས་ལ། །ཕུར་བུ་རྒྱ་མདུད་རྩེ་ཟླ་གམ། །ངོས་ལ་དབང་གི་ལྷ་བཀོད་ནས། །བཏབ་པས་ཐམས་ཅད་དབང་དུ་འགྱུར། །དབང་དུ་མ་གྱུར་གང་ཡང་མེད། །དབང་མཛད་ལྷ་ལ་ཕྱག་འཚལ་ལོ། །སུམྦྷ་ནི་སུམྦྷ་ནི༴ མི་ནོར་ཟས་གསུམ་ཐམས་ཅད་ཝཱ་ཤཾ་ཀུ་རུ་སྭཱ་ཧཱ། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན། །གསེར་རམ་སེར་པོའི་ཤིང་རྣམས་ལ། །ཕུར་བུ་རྒྱ་མདུད་རྩེ་ཟུར་བཞི། །ངོས་ལ་རྒྱས་པའི་ལྷ་བཀོད་ནས། །བཏབ་པས་ཐམས་ཅད་རྒྱས་པར་འགྱུར། །རྒྱས་པར་མ་གྱུར་གང་ཡང་མེད། །རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ། །སུམྦྷ་ནི་སུམྦྷ་ནི༴ ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་པུཥྚིཾ་ཀུ་རུ་སྭཱ་ཧཱ། དགུ་པ་ནོངས་བཤགས་ནི། གཏང་རག་གི་མཆོད་བསྟོད་བྱས་ལ། མ་རྙེད་ཡོངས་སུ་མ་ཚང་དང་། །ཞེས་སོགས་ཀྱི་མཐར་ཡིག་བརྒྱས་བཟོད་གསོལ་བྱ། བཅུ་པ་ཉེར་བསྡུ་ནི། མཚན་མའི་དཀྱིལ་འཁོར་དང་འབྲེལ་ཚེ་ཉིན་ཐ་མར་ཡེ་ཤེས་པ་གཤེགས་སུ་གསོལ་ཞིང་རྡུལ་ཚོན་བསྡུ་བ་སོགས་སྒྲུབ་ཁོག་ཏུ་བཤད་པ་ལྟར་ཤེས་པར་བྱའོ། །འདིར་ཐུན་མཚམས་ལ་འཇུག་པའམ་ཉལ་བ་ན་དམ་ཡེ་དབྱེར་མེད་ཀྱིས་བསྡུ་བྱའི་དཀྱིལ་འཁོར་གསལ་བཏབ་ལ། ཧཱུཾ་བཅུ་གཅིག་བརྗོད་པས་རིམ་བཞིན། གཞལ་ཡས་ཁང་འོད་དུ་ཞུ་ནས་སྒོ་སྐྱོང་བཞི་ལ་ཐིམ། དེ་ཁྲོ་བཅུ་ལ། ཁྲོ་མོ་ཡབ་བཅུ་ལ། ཡབ་རྣམས་གཙོ་བོའི་ཡུམ་ལ། ཡུམ་ཡབ་ལ། དེ་ཡེ་ཤེས་སེམས་དཔའ་ལ། དེ་ཧཱུཾ་ཡིག་ལ། ཨཱུ་ཧ་ལ། ཧ་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། ནཱ་ད་ཡང་སྟོང་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་ཐིམ་པར་གྱུར་པའི་ངང་དུ་བཞག་པས་རྟག་མཐའ་བསལ་ལོ། །བཅུ་གཅིག་པ་རྒྱུན་གྱི་ཏིང་ངེ་འཛིན་ནི། ཉལ་བ་ལས་ལྡང་བའམ་སྤྱོད་ལམ་འཇུག་པ་ན། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། སྟོང་གསལ་གྱི་ངང་ལས་བདག་ལུས་ཆུ་ལས་ཉ་ལྡང་བའི་ཚུལ་དུ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་གྱུར། ཕཊ་ཕཊ་ཕཊ། སྟོང་གསུམ་དཀྱིལ་འཁོར་གསུམ་གྱིས་གང་བས་སྣོད་བཅུད་ལྷའི་འཁོར་ལོར་གྱུར། ཧཱུཾ་ཧཱུཾ་ཧཱུཾ། དེ་ཐམས་ཅད་བདག་རྩ་བའི་དཀྱིལ་འཁོར་ལ་འདུས་ཏེ། གསལ་ཞིང་གཟི་བྱིན་དང་ལྡན་པར་གྱུར་པས་ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱར་བས་ཆད་མཐའ་བསལ་ལོ། །བཅུ་གཉིས་པ་བསྔོ་སྨོན་ནི། ཧོཿདགོངས་སུ་གསོལ། ཆོས་ཉིད་ཀྱིས་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་བརླབ་བོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙཱརྻའི་དུས་ལ་བབ་བོ། །བརྣག་པ་དེ་ཁོ་ན་ལའོ། །དེ་ལྟར་གསང་སྔགས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་སྤྱད་པའི་མཐུ་བྱིན་གྱིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་ཅིང་སྐལ་བ་མཉམ་པར་གྱུར་ཅིག །ཅེས་སྨོན་ལམ་གདབ་བོ། །བཅུ་གསུམ་པ་བཀྲ་ཤིས་བརྗོད་པ་ནི། ཧཱུཾ། བྱིན་རླབས་མཆོག་སྩོལ་བརྒྱུད་གསུམ་བླ་མ་དང་། །དངོས་གྲུབ་ཆར་འབེབས་རྡོ་རྗེ་གཞོན་ནུ་ཆེ། །ཁྲོ་བཅུ་སྲས་མཆོག་དམ་ཅན་སྡེ་བཞི་སོགས། །ཕྲིན་ལས་ཕུར་བུའི་ལྷ་ཚོགས་བཀྲ་ཤིས་ཤོག །ཅེས་བརྗོད་པས་མཐའ་རྒྱས་པར་བྱའོ། །གསུམ་པ་དེ་ལྟར་བསྒྲུབས་པའི་འབྲས་བུ་ནི། སྟོད་ལས་དང་འབྲེལ་བ་བསྐྱེད་རྫོགས་ཀྱི་ཐབས་ཟབ་མོས་བྱང་ཆུབ་སྒྲུབ་པ་ལམ་གྱི་གཞིར་བཟུང་། སྨད་ལས་དང་འབྲེལ་བ་མངོན་སྤྱོད་དྲག་པོའི་ལས་ཀྱིས་བར་གཅོད་བསལ་བ་ལམ་གྱི་ཆ་རྐྱེན་དུ་བྱས་ཏེ་ཉམས་སུ་བླངས་པས། གནས་སྐབས་ཀྱི་འབྲས་བུ་ཐུན་མོང་གི་དངོས་གྲུབ་རྣམས་དང་། ཁྱད་པར་མཆོག་གི་དངོས་གྲུབ་ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞིའི་ས་བགྲོད་ནས། མཐར་ཐུག་གི་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་ཐོབ་པར་འགྱུར་ཏེ། དགོངས་རྒྱུད་ལས། ཚེ་འདིར་དངོས་གྲུབ་རྣམ་གཉིས་ཐོབ། །ཅེས་གསུངས་པ་བཞིན་ནོ། །རྡོ་རྗེ་ཕུར་བུ་རྩ་དུམ་འཁྲུགས་བསྡེབས་ཀྱི། །མན་ངག་ཟབ་དོན་གནད་ལ་དབང་འབྱོར་བའི། །སྒྲུབ་ཐབས་ལེགས་བཤད་ཆོས་ཀྱི་སྤྲིན་ཆེན་ལས། །དངོས་གྲུབ་ཆར་དུ་འབེབས་བྱེད་དཔལ་འདི་བསྐྲུན། །དེས་ཐོབ་རྒྱལ་ཀུན་ཡེ་ཤེས་ཕུར་བུ་ཆེས། སྲིད་ཞིའི་འཁོར་ལོར་རྒྱས་ཐེབས་གཉིས་འཛིན་གྱི། །བདུད་དགྲ་དབྱིངས་སུ་བསྒྲལ་ལས་འགྲོ་བ་ཀུན། །ཟུང་འཇུག་རྡོ་རྗེ་གཞོན་ནུའི་ས་ཐོབ་ཤོག །དཔལ་རྡོ་རྗེ་ཕུར་བུ་རོག་ལུགས་ལྷ་ནག་གི་སྒྲུབ་ཐབས་ལས་བྱང་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་འདི་ནི། ཀོང་པོ་བདེ་ཆེན་སྟེང་ནས་རིགས་གཟུགས་ཡོན་ཏན་གྱིས་བརྒྱན་པའི་བླ་མ་སྙེ་མདོ་བ་སོ་སྟོན་ཁུ་དབོན་གྱིས་མེ་ཏོག་བཟང་པོ་དང་བཅས་ཏེ་དོན་གཉེར་ཆེན་པོའི་གསུང་གིས་བསྐུལ་ཞིང་། གཞིས་བཞུགས་བླ་མ་ཁུ་དབོན་རྣམས་ཀྱིས་ཀྱང་གསོལ་བཏབ་པ་ལ་བརྟེན་ནས། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་རིགས་བདག་ཏུ་ཐོབ་པའི་སྨྱོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་ཆེན་པོའི་ཡང་ཐོག་འཆི་མེད་འོད་སྣང་གི་སྒོམ་ཁང་དུ་སྦྱར་བའོ། །འདིས་ཀྱང་སྲིད་པ་ཐམས་ཅད་རྡོ་རྗེ་ཕུར་བུར་འགྲུབ་པར་གྱུར་ཅིག། །།

རོག་ཕུར་སྟོད་ལས་ཀྱི་སྒྲུབ་ཁོག་བདེ་ཆེན་བདུད་རྩིའི་བཅུད་ལེན། དྷརྨཱ་ཤྲཱི།

རོག་ཕུར་སྟོད་ལས་ཀྱི་སྒྲུབ་ཁོག་བདེ་ཆེན་བདུད་རྩིའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། །རྡོ་རྗེ་ཕུར་པའི་སྟོད་ལས་ཀྱི་སྒྲུབ་ཁོག་བདེ་ཆེན་བདུད་ཙིའི་བཅུད་ལེན་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །མི་འགྱུར་བདེ་ཆེན་ཕུར་བུ་ཡིས། །སྲིད་ཞིའི་འཁོར་ལོ་རིས་མེད་དུ། །རྒྱས་འདེབས་ཟུང་འཇུག་རྡོ་རྗེ་འཆང་། །བླ་མ་དཀྱིལ་འཁོར་ལྷ་ལ་འདུད། །ཕྲིན་ལས་རྡོ་རྗེ་ཕུར་བུ་ཡི། །སྟོད་ལས་བྱང་ཆུབ་སྒྲུབ་པའི་ཐབས། །བདེ་ཆེན་བདུད་རྩིིའི་བཅུད་ལྟ་བུའི། །ལག་ལེན་སྒྲུབ་ཁོག་གསལ་བདེར་སྤེལ། །འདི་ལ་གསུམ་སྟེ། དམིགས་པའི་ཡུལ། སྒྲུབ་པའི་ཐབས། གྲུབ་པའི་འབྲས་བུའོ། །དང་པོ་ནི། ཐོབ་བྱའི་དངོས་གྲུབ་དོན་གཉིས་ཕུན་སུམ་ཚོགས་པའོ། །གཉིས་པ་ལ། སྟོད་ལས་ལ་བརྟེན་ནས་བྱང་ཆུབ་བསྒྲུབ་པ་དང་། སྨད་ལས་ལ་བརྟེན་ནས་དགྲ་བགེགས་བསྒྲལ་བ་གཉིས་ལས། འདིར་སྟོད་ལས་སྟོན་ཏེ། དེ་ལ་སྒྲུབ་པའི་གཞི་བཟུང་བ་དང་། སྒྲུབ་པའི་རིམ་པ་དངོས་ལ་འཇུག་པ་གཉིས། དང་པོ་ནི་དགོངས་རྒྱུད་ལས། སློབ་དཔོན་འཁོར་གནས་ཕུན་སུམ་ཚོགས། །སྒྲུབ་པའི་རྫས་དང་དུས་ཉིད་དོ། །ཞེས་པ་ལྟར་ཕུན་སུམ་ཚོགས་པ་ལྔ་སྟེ། གང་གིས་སྒྲུབ་པའི་སློབ་དཔོན་ཐབས་མཁས་ཐུགས་རྗེར་ལྡན་པ། གང་དང་ལྷན་ཅིག་སྒྲུབ་པའི་ཚོམ་བུར་འབྲེལ་བའི་འཁོར་དམ་ཚིག་དང་ལྡན་པ། གང་དུ་སྒྲུབ་པའི་གནས་བཀྲ་ཤིས་དགེ་མཚན་ཚང་བ། གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད་ཀྱི་རྫས་ཐམས་ཅད་ཚོགས་པ། གང་གི་ཚེ་སྒྲུབ་པའི་དུས་དགེ་བ་རྣམས་ཏེ། དེ་ལྟར་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་ལས་ཀྱི་གཞི་བཟུང་བའོ། །གཉིས་པ་སྒྲུབ་པའི་རིམ་པ་དངོས་ལ། ཡིག་རྙིང་རྣམས་སུ་སྨིན་སློབ་ཉིད་ཀྱི་དབང་དུ་མཛད་ནས་བཤགས་པ་དང་མཚམས་གཅོད་ཀྱི་ལས་རིམ་སྔོན་དུ་བཏང་རྗེས། སྟེགས་བུ་རྩིགས་པ་དང་འབྲེལ་བར་ས་བཟུང་བས་མཚོན་ཏེ་ས་ཆོག་ཟུར་ཙམ་བསྟན་པ་སོགས་འབྱུང་ནའང་། ཚོགས་སྒྲུབ་འདྲ་འབག་ཙམ་ལ་བརྟེན་པའི་མོས་སློབ་ཀྱི་སྒྲུབ་མཆོད་གཙོ་བོར་བྱེད་པའི་ལུགས་འདིར་ད་དུས་ཀྱི་གང་ཟག་གིས་ལག་ལེན་དུ་འདེབས་དཀའ་བར་མཐོང་བས་གབ་འཁྲུགས་གསལ་བསྡེབ་བྱ་སླ་སྙིང་པོར་དྲིལ་ནས་བྲི་བར་བྱའོ། །དེ་ལ་གསུམ་སྟེ། སྒྲུབ་པའི་སྔོན་དུ་འགྲོ་བའི་ལས་རིམ། དངོས་གཞི་བསྙེན་སྒྲུབ་ཀྱི་ལས་གཞུང་བསྲང་བ། རྗེས་སྒྲུབ་པའི་ལས་ཀྱི་མཇུག་བསྡུ་བའོ། །དང་པོ་ལ་ས་ཆོག་ཕྱི་སྐོང་མཚམས་རིམ་གཅོད། །ཆག་ཆག་ཐིག་གདབ་བསྲེ་བསྣན་བྱ། །དཀྱིལ་འཁོར་བྲི་ཞིང་རྫས་བརླབ་དགོད། །ཅེས་པ་ལྟར་བརྒྱད་ལས། དང་པོ་ས་ཆོག་ནི། རྒྱས་པ་སྤྱི་དང་མཐུན་པར་གྲུབ་ན་ལེགས། འདིར་བསླང་སྦྱང་བཟུང་བསྲུང་བཞི་ལས། བསླང་བ་ནི། གཞི་བདག་གི་གཏོར་མ་མཆོད་པ་དང་བཅས་པ་བཤམས་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ༀ་ལས་མཆོད་གཏོར་རྣམས་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་སྤྲོ་བའི་གཏེར་དུ་གྱུར་པར་བསམ་ལ། ༀ་ཨཱཿཧཱུཾ་གིས་བྱིིན་གྱིས་བརླབ། བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨ་རྒྷཾ་ནས་ཤཔྡའི་བར་གྱིས་མཆོད། བྷུ་མི་པ་ཏི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་གསོལ་བས་སྤྲོ་བ་དང་བཅས་ཏེ་ས་གཞི་བྱིན་པར་བསམ་ལ། ཡ་ཧི་གཙྪས་གཤེགས་སུ་གསོལ་ནས་གཏོར་མ་ཕྱིར་དོར། སྦྱང་བ་ནི། ལྟོ་འཕྱེ་བརྟགས་ནས་བརྐོས་པའི་ས་རོ་རྣམས་བསལ་བ་ལ་སྟེགས་བུ་བརྩིགས་པ་ཡིན་ཀྱང་འདིར་བཏང་སྙོམས་སུ་བྱས་ནས་སྔགས་རྒྱ་ཙམ་གྱིས་སྦྱངས་ཏེ། དྲི་དང་བ་བྱུང་སྦྱར་བའི་ཆུས་དཀྱིལ་འཁོར་གྱི་གཞིར་དབང་ལྡན་ནས་བརྩམ་གཡས་བསྐོར་གྱིས་ཁྱབ་པར་བྱུག་ལ། རཾ་ཡཾ་ཁཾ་ཞེས་ས་གཞིའི་ངོས་འཛིན་བསྲེགས་གཏོར་སྦྱངས་ནས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་ཉིད་དུ་བསྒོམས་ལ། སྭ་བྷཱ་ཝའི་སྔགས་བཟླ་ཞིང་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱས་རེག་པར་བྱའོ། །བཟུང་བ་ནི། སློབ་དཔོན་དཀྱིལ་འཁོར་གྱི་གཞིའི་སྟེང་དུ་འདུག་སྟེ། ས་འདིར་བྲི་བར་བྱའོ་སྙམ་པས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་བེ་ཤ་སྟྭཾ་བྷ་ནི་ཧཱུཾ་ཕཊ། ཅེས་བརྗོད་པས། ཕྱི་སྣོད་བྷཉྫ་འབར་བའི་གཞལ་ཡས་ཁང་དུ་ནང་བཅུད་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་བཀྲ་ལམ་གྱིས་གསལ་བར་གྱུར། ཧཱུཾ་ཞེས་སྣོད་བཅུད་དཀྱིལ་འཁོར་དུ་གསལ་བ་རང་ལ་བསྡུས་ཏེ། བདག་ཉིད་རྡོ་རྗེ་གཞོན་ནུ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་འབར་བར་བསམ་ལ། ཧཱུཾ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཞེས་དང་། སུམྦྷའི་དྲག་སྔགས་བཟླ་ཞིང་། ཐུན་བྲབ། སྤོས་རོལ་གྱིས་ཚམ་རྔམས་དང་བཅས་ཏེ། ཁྲོ་སྤྲིན་འབར་བའི་མེ་འོད་གཡས་སྐོར་དུ་སྤྲོས་པས་བགེགས་རྣམས་སྡིགས་བསྐྲད་བརླག་པར་བསམ་མོ། །སྤྲོས་པ་ལ་དགའ་བས་ཆས་སུ་ཞུགས་ཏེ་གསལ་གདབས་བགེགས་བསྐྲད་ཁྲོ་བཅུའི་སྟངས་སྟབས་སོགས་ཀྱིས་བཅག་ཅིང་བཟུང་བའང་བྱེད་པར་འདོད་ན་སྐབས་འདིར་སྦྲེལ་ལོ། །བསྲུང་བ་ནི། ཁྲོ་སྤྲིན་མེ་འོད་དང་བཅས་པ་སླར་གཡོན་སྐོར་དུ་འདུས་པ་རྡོ་རྗེའི་ར་གུར་དུ་གྱུར་པས་ཕྱོགས་ཀུན་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །གཉིས་པ་ཕྱི་སྐོང་བྱ་བ་ནི། དཀོན་མཆོག་མཆོད་པ་དང་། ཕྱི་བཤགས་སུ་འབུམ་སྟེ་ལྔའམ་དཔངས་སྡུད་ཙམ། བར་བཤགས་དོང་སྤྲུགས། ནང་བཤགས་རུ་ཆེན་བཞིའི་བཤགས་པའམ། བརྗོད་མེད་ཀྱི་བཤགས་པ་ཙམ་བཀླག །སཱཙྪ་ཆུ་གཏོར་སོགས་རྒྱབ་རིམ་ཅི་འགྲུབ་རང་ངམ་གཞན་ལ་བཅོལ་གང་བདེ་བྱའོ། །གསུམ་པ་མཚམས་བཅད་པ་ལ་རིམ་པ་གསུམ་ལས། ཕྱི་མཚམས་ནི། དཀྱིལ་འཁོར་ཁང་པའི་ཕྱི་རོལ་གྱི་ཕྱོགས་བཞིར་ཐོ་སྐུ་རྟེན་རྒྱབ་ཏུ་གསོལ་བྱང་བྲིས་པ་དང་བཅས་པ་སོ་སོའི་མདུན་དུ་མཆོད་གཏོར་བཤམ་ལ། སྟོང་པའི་ངང་ལས། ༀ་ནཱི་ལམ་བྷ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ། བདག་ཉིད་སྐད་ཅིག་གིས་ཕྱག་ན་རྡོ་རྗེའི་སྐུར་གྱུར། མཆོད་གཏོར་རྣམས་སྔར་ལྟར་བྱིན་གྱིས་བརླབ་ལ། རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཐོ་ལྷའི་གཞལ་མེད་ཁང་དུ་གྱུར་པའི་དབུས་སུ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སྐུ་མདོག་དཀར་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་པི་ཝཾ་འཛིན་པའི་སྐུར་གྱུར། ཧཱུཾ། རི་རབ་གླིང་བཞིའི་ཤར་ཕྱོགས་ནས། །ཕྱག་ན་རྡོ་རྗེ་དབང་གི་མཐུས། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །བདག་ཅག་རེ་བ་བསྐང་བ་དང་། །མ་དག་པ་རྣམས་མཚམས་གཅོད་ཕྱིར། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །ༀ་བཛྲ་ས་མ་ཡ་ཧཱུཾ་ཛཿས་འཁོར་དང་བཅས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ༀ་དྷྲིཥྚ་རཱཥྚཱ་ཡ་སྭཱ་ཧཱ། པུཥྤེ་ནས་ཤཔྡའི་བར་གྱིས་མཆོད། སྙིང་པོའི་མཐར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིས་གཏོར་མ་ཕུལ། ཧཱུཾ། དཔལ་ལྡན་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །ཞི་བའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་དཀར། །ཐུགས་རྗེའི་དབང་གིས་འགྲོ་དོན་པི་ཝཾ་བསྣམས། །ཤར་ཕྱོགས་དྲི་ཟའི་གདོན་རྣམས་མཚམས་ཆོད་ཅིག །སྙིང་པོའི་མཐར་ཏིཥྛ་བཛྲ་ཞེས་མེ་ཏོག་འཐོར་བས་བརྟན་བཞུགས་བྱ། དེ་བཞིན་དུ་ཕྱོགས་གཞན་གསུམ་རིགས་འགྲེ་བས། ལྷོར། སྟོང་པའི་ངང་ལས། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སྔོན་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་རལ་གྲི་འཛིན་པའི་སྐུར་གྱུར། ཧཱུཾ། རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས། །ཕྱག་ན༴ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །བདག་ཅག་རེ་བ་བསྐང་བ་དང་། །མ་དག་པ་རྣམས་མཚམས་གཅོད་ཕྱིར། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །ༀ་བཛྲ་ས་མ་ཡ་ཧཱུཾ་ཛཿས་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ༀ་བེ་རུ་དྷ་ཀཱ་ཡ་སྭཱ་ཧཱ། པུཥྤེ་ནས་ཤཔྡའི་བར་གྱིས་མཆོད། སྙིང་པོའི་མཐར་ཨི་དཾ་བ་ལིཾ་ཏས་གཏོར་མ་ཕུལ། ཧཱུཾ། དཔལ་ལྡན་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །དྲག་པོའི་ཕྲིན་ལས་མཐར་ཕྱིིན་སྐུ་མདོག་མཐིང་། །ཕྱག་ན་དུག་གསུམ་འཇོམས་མཛད་རལ་གྲི་བསྣམས། །ལྷོ་ཕྱོགས་གཤིན་རྗེའི་གདོན༴ གོང་ལྟར་བརྟན་བཞུགས་བྱ། ནུབ་ཏུ། སྟོང་པའི་ངང་ལས༴ རྒྱལ་པོ་ཆེན་པོ་མིག་མི་བཟང་སྐུ་མདོག་དམར་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་སྦྲུལ་ཞགས་དང་མཆོད་རྟེན་འཛིན་པའི་སྐུར་གྱུར། ཧཱུཾ། རི་རབ་གླིང་བཞིའི་ནུབ་ཕྱོགས་ནས། །ཕྱག་ན༴ རྒྱལ་པོ་ཆེན་པོ་མིག་མི་བཟང་། །བདག་ཅག་རེ་བ་བསྐང་བ་དང་། །མ་དག་པ་རྣམས་མཚམས་གཅོད་ཕྱིར། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །ༀ་བཛྲ་སོགས་ཀྱིས་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ༀ་བི་རཱུ་པཀྵ་ཡ་སྭཱ་ཧཱ། པུཥྤེ་ནས་ཤཔྡའི་བར་གྱིས་མཆོད། སྙིང་པོའི་མཐར་ཨི་དཾ༴ གཏོར་མ་ཕུལ། ཧཱུཾ། དཔལ་ལྡན་རྒྱལ་པོ་ཆེན་པོ་མིག་མི་བཟང་། །དབང་གི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་དམར། །བསོད་ནམས་ལས་གྲུབ་རིན་ཆེན་སྦྲུལ་ཞགས་བསྣམས། །ནུབ་ཕྱོགས་ཀླུ་དབང་གདོན ༴ གོང་ལྟར་བརྟན་བཞུགས་བྱ། བྱང་དུ། སྟོང་པའི༴ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་སེར་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་བེ་ཅོན་དང་ནེའུ་ལེ་འཛིན་པའི་སྐུར་གྱུར། ཧཱུཾ། རི་རབ་གླིང་བཞིའི་བྱང་ཕྱོགས་ནས། །ཕྱག་ན་རྡོ་རྗེ་དབང་གི་མཐུས། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །བདག་ཅག་རེ་བ་བསྐང་བ་དང་། །མ་དག་པ་རྣམས་མཚམས་གཅོད་ཕྱིར། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །ༀ་བཛྲ་སོགས་ཀྱིས་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ༀ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ། པུཥྤེ་ནས་ཤཔྡའི་བར་གྱིས་མཆོད། སྙིང་པོའི་མཐར། ཨི་དཾ༴ གཏོར་མ་ཕུལ། ཧཱུཾ། དཔལ་ལྡན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །རྒྱས་པའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་སེར། །རིན་ཆེན་གཏེར་ལྡན་ནེའུ་ལེ་བེ་ཅོན་བསྣམས། །བྱང་ཕྱོགས་གནོད་སྦྱིན་གདོན་རྣམས་མཚམས་ཆོད་ཅིག །ཅེས་དང་བརྟན་བཞུགས་བྱས་ནས། ཁོར་ཡུག་ཐམས་ཅད་དུ་རྒྱལ་ཐབས་བཞིའི་རྡོ་རྗེའི་གུར་ཕུབ་པར་བསམ་མོ། སྤྲོ་ན་ཕྱག་མཆོད་ཀྱི་ཚིག་དང་གཏོར་མ་བརླབ་པའི་སྔགས་རྒྱ། ཕྱི་ནང་གསང་བའི་ཁུངས་དང་སྦྱར་ནས་ཕྲིན་ལས་གསོལ་བ་རྣམས་ཀྱང་བྱའོ། །བར་མཚམས་ལ་གཉིས་ལས། དམ་སྲི་མནན་པ་ནི། དུག་ཤོག་ལ་དམ་སྲིའི་གཟུགས་སྙིང་གར་ཏྲིའི་མཐར། དམ་སྲི་གམ་པ་རི་མཱ་ར་ཡ་ནན། ཞེས་གཡས་བསྐོར་དུ་བྲིས་པ་མདུན་བཀོད་ལ། གསེར་སྐྱེམས་བཏང་། ཨེ་བྷྲཱུཾ། བྲུབ་ཁུང་གྲུ་གསུམ་མཐིང་ནག་འབར་བ་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་པར་བསམ་ལ། ཕོ་ཉ་བསྐུལ་ཞིང་དགུག་བསྟིམ་བྱ་བ་ནི། བདག་ཅག་རིག་འཛིན་སྒྲུབ་པ་པོས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དམ་སྲིའི་རིགས། །བདུད་དང་བར་དུ་གཅོད་པ་དང་། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཡ་མ་དམ་སྲི་ཏྲི་ཡཾ་ཛཿས་དགུག །ཛཿ་ཧུཾ་བཾ་ཧོཿས་བསྟིམ་ནས། ཕུར་ཆུང་སོར་བཞི་པ་གཅིག་བདུད་རྩི་འཁྱིལ་བ་སྟོད་ཁྲོ་བོ་ལ་སྨད་ཕུར་བུའི་རྣམ་པ་ཅན་དུ་བསྐྱེད་ནས། ཧཱུཾ། དུར་ཁྲོད་ཆེན་པོའི་གནས་མཆོག་འདིར། །སྒྲུབ་ལ་བར་དུ་གཅོད་པའི་བགེགས། །བཀའ་ལས་འདས་པའི་དམ་སྲི་འདི། །མནན་ཅིང་སྤར་བའི་དུས་ལ་བབ། །བཛྲ་ཀྲོ་དྷ་བདུད་རྩི་འཁྱིལ་བའི་སྐུ། །སྤྲུལ་པའི་འོད་ཟེར་རྔམས་པའི་མདངས་དང་ལྡན། །དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་བདུད་རྩི་འཁྱིལ། །ཡ་མ་དམ་སྲི་ཐལ་བའི་རྡུལ་དུ་རློག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཅེས་ལིངྒའི་སྙིང་གར་བཏབ། ཐུན་གྱིས་ཀྱང་བྲབ། ཚོན་སྐུད་ཀྱིས་བཅིངས་ཏེ། ཐོད་པ་མཚན་ངན་ཨག་རྩེ་མ་བྲལ་བའི་ནང་དུ་བཅུག་ལ། སྒྲུབ་ཁང་གི་སྒོའི་ཐེམ་པའི་ཕྱི་ནས་གོམ་པ་བདུན་གཞལ་བའི་སར་དོང་གྲུ་གསུམ་བྲུས་པའི་ནང་དུ་བསྐྱུར། རོ་གཡམ་གྱི་འོག་ངོས་སུ་རྡོ་རྗེ་རྒྱ་གྲམ་དང་སྟེང་ངོས་སུ་འཁོར་ལོ་རྩིབས་བརྒྱད་ཀྱི་ལྟེ་བར་ལཾ་ཡིག་བྲིས་པས་ཁ་བཅད་ལ་སས་གཡོགས་ཏེ། སྐུ་གསུང་ཐུགས་དང་རི་རབ་དགུ་བརྩེགས་ཀྱིས་མནན་པའི་སྟེང་དུ་ཁྲོ་བོ་རོལ་པའི་བྲོས་གཟིར་བར་བསམ་ལ་རྣལ་འབྱོར་པ་རྣམས་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བྲོ་ར་བཅས་ཏེ་ལས་བཞི་ཡོངས་རྫོགས་སམ་བསྡུ་ན་དྲག་པོའི་བྲོ་ཙམ་བརྡུང་ངོ་། །སྒོ་བྱང་གདགས་པ་ནི། ལུག་གི་སོག་པའི་ནང་ལོགས་ལ་ལས་ཀྱི་གཤིན་རྗེའི་སྐུ་རྒྱབ་ཏུ་སྙིང་པོ་གསོལ་བྱ་དང་བཅས་བྲིས་པ་སྒོའི་ཡ་ཐེམ་གྱི་ཕྱི་ངོས་སུ་བཏགས་པ་བསང་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་གཤིན་རྗེ་གཤེད་སྨུག་ནག་ཐོད་དབྱུག་དང་ཞགས་པ་བསྣམས་པ་མ་ཧེ་ཆུ་གླང་གི་རྨིག་པས་དམ་སྲི་བརྫིས་པའི་སྟེང་ན་གནས་པའི་སྐུར་གྱུར། ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིིམ། ཨརྒྷཾ་སོགས་ཀྱིས་མཆོད། ༀ་ཡ་མ་རཱ་ཛ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིས་གཏོར་མ་ཕུལ། གདན་གྱི་དམ་སྲིའི་གཟུགས་ལ་དམིགས་ཏེ། ཡ་མ་དམ་སྲི་ཏྲི་ཡཾ་ཛཿཧཱུཾ་བཾ་ཧོཿས་དམ་སྲི་དགུག་བསྟིམ་བྱས་པ་གཤིན་རྗེའི་གདན་གྱི་མ་ཧེའི་རྨིག་པས་མནན་པར་བསམ་ལ། ཧཱུཾ། གསང་ཆེན་ལྷུན་གྲུབ་ཕོ་བྲང་དུ། །ལས་ཀྱི་བདག་པོ་གཤིན་རྗེ་ལ། །བཅོམ་ལྡན་གཤིན་རྗེས་བཀའ་སྩལ་ལྟར། །ད་ལྟར་རིག་འཛིན་སྒྲུབ་པ་པོས། །བཀའ་གསང་གཞུང་ཆེན་འདི་བསྒྲུབ་ཀྱིས། །འདི་དག་ནོར་བུ་རིན་ཆེན་ཏེ། །འདི་ལ་གནོད་ཅིང་བར་གཅོད་པའི། །ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། །ཁྱོད་ཀྱི་འཁོར་དང་གཡོག་ལགས་ཀྱི། །རྣམ་པར་སྨིན་པའི་ཆོས་ཤོད་ལ། །གསང་བ་མཆོག་གི་རྣལ་འབྱོར་པས། །བླ་མེད་འབྲས་བུ་མ་ཐོབ་བར། །ས་འདི་ཡན་ཆད་མ་བཏང་ཞིག །དཀྱིལ་འཁོར་ཆེན་པོའི་མུ་རན་ལ། །རྡོ་རྗེའི་ཡལ་གམ་ཐུབ་པར་མཛོད། །ཡ་མ་རཱ་ཛ་ས་མ་ཡ་སྟྭཾ། ཞེས་བཟླས་ནས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱའོ། །ནང་མཚམས་ནི། སེང་ལྡེང་གི་ཕུར་བུ་མེ་ཏོག་གི་ཕྲེང་བ་བཅིངས་པ་བཅུ་མདུན་དུ་བཀོད་ལ། རང་ཉིད་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀ་ནས་ཧཱུཾ་ཡིག་བཅུ་སྤྲོས་ཕུར་བུ་རྣམས་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་སྟོད་ཁྲོ་བོའི་གཟུགས་ཅན། སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར། སུམྦྷའི་སྔགས་བརྗོད་པས། ཁྲོ་བོ་གནོད་མཛེས་ཀྱིས་ཕྱོགས་བཅུའི་བགེགས་རྣམས་བཀུག་ནས་ཕུར་བུའི་སྟན་དུ་བཏིང་བར་བསམ་ལ། ཧཱུཾ། ཕྱོགས་བཅུའི་དགྲ་དང་བགེགས་འདུལ་བ། །ཁྲོ་བོའི་རྒྱལ་པོ་མཐར་བྱེད་བཅུ། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །སྨད་ནི་ཡེ་ཤེས་ཕུར་བུ་སྟེ། །རི་རབ་ཕུར་བུ་འདྲིལ་ཞིང་འདེབས། །ལྟེ་བ་ཡན་ཆད་ཆས་རྣམས་ནི། །ཨུཏྤལ་སྔོན་པོའི་མདོག་འདྲ་བའི། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །སྐུ་སྨད་ཕུར་བུ་ཟུར་གསུམ་དབལ། །དྲག་པོ་གྱུར་པའི་ཕུར་བུ་སྟེ། །མ་བཏབ་བཞིན་དུ་ལྷུན་གྱིས་གྲུབ། །བཏབ་ན་ལྷ་ཡང་བརླག་པར་འགྱུར། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །བཟླས་པ་ཙམ་གྱིས་རྡུལ་དུ་རླག །ཅེས་བསྐུལ་ཏེ། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ་བྷནྡྷ་བྷནྡྷ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་བྷིནྡ་བྷིནྡ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བཏགས་པས་ཕྱོགས་གཡས་བསྐོར། མཚམས་གཡོན་བསྐོར། སྟེང་ཤར་གྱི་ཤར་དང་། འོག་ནུབ་ཀྱི་ནུབ་ཏུ་བཏབ་པས། ཕྱོགས་བཅུའི་བགེགས་ཕོ་མོ་བྱི་ཆིངས་སུ་མནན་པའི་སྙིང་ཕུག་ནས་གཡོ་འགུལ་མེད་ཅིང་འོད་གསལ་བར་གྱུར་པར་བསམ་མོ། །ནུབ་དང་པོའི་བྱ་བའོ། །ནང་པར་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། བཞི་པ་ཆག་ཆག་གདབ་པ་ནི། ཀ་པཱ་ལར་བདུད་རྩི་ལྔ་དང་ལྡན་པའི་རཀྟ་ཆང་ལ་སྦྱར་ཏེ། ཧཱུཾ། དུས་གསུམ་རྒྱལ་བའི་བཞུགས་གནས་ཁྱད་པར་ཅན། །རང་བྱུང་གཉིས་སུ་མེད་པའི་དོན་རྟོགས་ནས། །ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་མ་སྐྲག་ཅིག །གསང་བའི་དཀྱིལ་འཁོར་འདི་ལ་ཆག་ཆག་འདེབས། །ཁྲག་དང་བདུད་རྩིའི་ཁ་ཕྲུ་འདི་བཏབ་པས། །དུས་གསུམ་བདེ་གཤེགས་ཐུགས་དམ་དབྱིངས་ནས་བསྐུལ། །ཐབས་དང་ཤེས་རབ་གཉིས་སུ་མེད་པར་ཤོག །མ་ཧཱ་ཛྙཱ་ན་མཎྜ་ལ་ཧཱུཾ། ཞེས་དཀྱིལ་འཁོར་གྱི་གཞི་ལ་ཁྱེམ་མེད་པར་ཁྱབ་པར་བྱུག་གོ། །ལྔ་པ་ཐིག་གདབ་པ་ནི། རས་བལ་གྱི་ཐིག་སྐུད་སུམ་བསྒྲིལ་འདུ་བྱས་ལ། སློབ་དཔོན་ནུབ་ནས་ཤར་དུ་ཕྱོགས་པས། བདག་ཉིད་རྡོ་རྗེ་གཞོན་ནུ་དང་ཐིག་གཡོག་རིགས་ཀྱི་ཡུམ་དུ་གྱུར་པར་བསམ་ནས། ཛ་ཛ་ཞེས་ཐིག་སྣ་གཏད་དེ། རང་གི་ལག་གཡས་ཀྱི་སོར་མོ་ལྔ་ལ་རིགས་ཀྱི་ཡབ་ལྔ། གཡོན་གྱི་སོར་མོ་ལྔ་ལ་རིགས་ཀྱི་ཡུམ་ལྔ། ཡབ་ཡུམ་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པའི་མཁའ་ལས་ཐིག་སྐུད་བྱང་ཆུབ་ཀྱི་སེམས་སྤྲིན་དཀར་ཕྲེང་གིས་བྱུང་བར་བསམ་ནས་ཐིག་སྐུད་ཐལ་མོའི་བར་དུ་བཅུག་ལ། ཧཱུཾ། ཡེ་ཤེས་ལྔ་ཡི་སྐུད་པ་འདིས། །དཀྱིལ་འཁོར་འདི་ལ་ཐིག་གདབ་ཀྱིས། །དབྱིངས་དང་ཡེ་ཤེས་འོད་འཕྲོས་པས། །མཁའ་ལ་བདེ་གཤེགས་ཕོ་བྲང་གསལ། །ༀ་ཨཱཿཧཱུཾ། སཱུ་ཏྲ་ས་མ་ཡེ་ཧཱུཾ། ཞེས་ཚངས་ཐིག་དང་པོ་ནམ་མཁའ་སྟེང་དང་འོག་ཏུ་ལན་གསུམ་རེ་བཏབ་པས་ནམ་མཁའ་དང་སྣོད་ཀྱི་འཇིག་རྟེན་རང་བཞིན་དང་ཏིང་འཛིན་གྱི་དཀྱིལ་འཁོར་དུ་བཀྲ་ལམ་གྱིས་གསལ་བར་བསམ་མོ། །དེ་བཞིན་ཚངས་ཐིག་གཉིས་པ་སོགས་ཐིག་ཆེན་བརྒྱད་བསྐོར་འདུག་གི་ཕྱོགས་མ་འཁྲུལ་བས་སྤྱི་དང་མཐུན་པར་མཁའ་ལ་གདབ་ཅིང་། དེ་ནས་ཐིག་ཆལ་གྱིས་སྦགས་པའི་སྐུད་ཀྱིས། ཚངས་ཐིག་ཟུར་ཐིག་སྤྱི་ལྟར་གདབ། །ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་ཆེན་བརྒྱད་བརྒྱད་བཅུ་དྲུག་ལས། །ནང་ནས་བརྩམས་ཏེ་དང་པོ་དང་། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་བདུན་པ་བཞི་བཞིར་བགོ། །ལྔ་བརྒྱད་དབུས་དོར་མཐའ་གཉིས་གདབ། །གསུམ་ཕྱིའི་ཐིག་རེག་ཟླུམ་པོར་བསྐོར། །དེ་ཡང་ཕྱེད་བཅད་གཉིས་ཀའི་ནང་། །ཆ་ཕྲན་རེ་བསྐོར་ནང་མ་དང་། །ཚངས་ཐིག་འཕྲད་པའི་ནུབ་ཕྱོགས་ནས། །དབུས་ཚད་གཡས་གཡོན་མཚན་མ་དང་། །ཤར་གྱི་ཚངས་ཟླུམ་འཕྲད་པ་གསུམ། །སྦྲེལ་བས་ལྟེ་བའི་ཆོས་འབྱུང་ཐིག །མདའ་ཐིག་རྩེ་ནས་ཆ་ཆེན་ཕྱེད། །ཆ་ཆེན་གཅིག་དང་ཕྱེད་པ་དང་། །གཅིག་རྣམས་བསྐོར་བ་ཁོར་ཡུག་སྟེ། །རྟ་བབས་གཡས་གཡོན་རྩ་བ་ནས། །རྒྱ་གྲམ་ར་དང་གླང་རྒྱབ་སོགས། །ཐུན་མོང་ཉིད་ཕྱིར་སྤྱི་ལྟར་བསྐོར། །དྲུག་པ་བསྲེ་བསྣན་བྱ་བ་ནི། དཀྱིལ་འཁོར་དབུས་སུ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བཀོད་དེ། སྐད་ཅིག་མའི་ཏིང་འཛིན་གྱིས་ཚོམ་བུ་རྣམས་ལྷར་བསྐྱེད། ཡེ་ཤེས་པ་དྲངས་བསྟིམ་མཆོད་བསྟོད་བཟླས་པར་བྱ། ནང་མཆོད་བྱིན་གྱིས་བརླབས་ནས་སྨན་མཆོད་རྒྱས་པར་ཕུལ། སྨན་ལྷག་མ་ལ། ༀ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་བཟླས་པས་དམ་ཆུར་བྱིན་གྱིས་བརླབས་ཏེ་བཞག་གོ། །དེ་ནས་སྔར་དམ་མ་འདྲེས་པའི་སློབ་བུ་གསར་པ་རྣམས་དཀྱིལ་འཁོར་དུ་བཅུག་སྟེ་དམ་བསྲེ་བ་ནི། རྒྱས་པར་བསྲེ་བའི་ཆོས་བཅུ་དྲུག་ལས་བཅོ་ལྔ་པ་ཡན་ཆད་དབང་ཆོག་གི་འཇུག་པ་ལྟར་བྱས་རྗེས་བཅུ་དྲུག་པ་གྲལ་བསྲེ་བ་ཡིན་མོད། འདིར་མོས་སློབ་ཀྱི་ཚེ་ཤིན་ཏུ་བསྡུས་པའི་དབང་དུ་བྱས་ནས། ཉོན་ཅིག་བགེགས་དང་སོགས་ཀྱིས་བགེགས་བསྐྲད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ཀྱིས་རྒྱུན་བཤགས་བྱས་ཏེ། སྔར་བརླབས་པའི་བདུད་རྩི་རྡོ་རྗེས་ལྕེ་ལ་ལན་གསུམ་རེ་བཞག་པས། ཡེ་ཤེས་སེམས་དཔའི་ངོ་བོ་ཧཱུཾ་མཐིང་ནག་རེར་གྱུར་ཏེ་སྙིང་གར་ཐིམ་པར་བསམ་དུ་བཅུག་ལ། འདི་ནི་རྡོ་རྗེ་དམྱལ་བའི་ཆུ། །དམ་ཚིག་བསྲུང་ན་དངོས་གྲུབ་མཆོག །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་མཆོག་ལས་མ་འདའ་ཞིག །ཅེས་བྱིན་ལ། སློབ་བུས་ས་མ་ཡ་ན་ར་ཀན། ཞེས་བྲོ་བོར་ཞིང་མྱང་དུ་བཅུག །དེ་ནས་འདྲེས་ཟིན་བསྣན་པ་ནི། གསར་རྙིང་ཐམས་ཅད་ཀྱི་གནས་གསུམ་དུ། ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཞེས་བདུད་རྩིའི་ཐིག་ལེ་རེ་བྱ་ཞིང་། ལྕེ་ལ་བཞག་སྟེ། རྣལ་འབྱོར་རྣམས་ཀྱི་དཀའ་ཐུབ་དམ། །རྟོགས་ན་སྐུ་གསུང་ཐུགས་ཡིན་ཏེ། །མ་རྟོགས་ན་ནི་ངན་སོང་གསུམ། །སུ་ཡང་འདའ་བར་མ་བྱེད་ཅིག །ཅེས་བྱིན་ལ། ས་མ་ཡ་ན་ར་ཀན། ཞེས་བྲོ་བོར་དུ་བཅུག་ནས། གསར་རྙིང་གྲལ་བསྲེ་བ་ནི། ཧཱུཾ། རྩ་བ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །བསྙེན་སྒྲུབ་རྣམ་བཞི་བསྙེན་ཅིང་བསྒྲུབ་པ་དང་། །ཡི་དམ་ལྷ་མཆོག་འཛབ་བསྙེན་བགྲང་བའི་ཕྱིར། །དམ་ཚིག་རྡོ་རྗེའི་གྲལ་དུ་མཆིས་པར་གནང་། །དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་བ་མཉམ་པ་ཡིན་པས་གྲལ་གཅིག་ལ་འདུག་པས་ཆོག་གོ། །ཞེས་བསྒོས་པ་ལྟར་རང་རང་གི་གྲལ་ལ་འཁོད་ནས་ལྷའི་ང་རྒྱལ་གསལ་བཏབ་སྟེ། རྡོ་རྗེ་གསོར་དྲིལ་བུ་གསིལ་བ་ལ་སོགས་རོལ་མོའི་སྒྲ་སྒྲོག་གོ། །བདུན་པ་ཚོན་གྱིས་བྲི་བ་ནི། ཚོན་མཐིང་དཀར་སེར་དམར་ལྗང་ལྔ་ལ་ཧཱུཾ་ༀ་སྭཱ་ཨཱཾཿཧཱ་རྣམས་བྲིས་ནས་དབུས་དང་ཕྱོགས་བཞིར་བཞག་པ་བསང་སྦྱངས། སྟོང་པའི་ངང་ལས་ཚོན་རྣམས་རིགས་ལྔ་ས་བོན་ལྔ་ཕྱག་མཚན་ལྔར་གྱུར་པ་ལས་རིགས་ལྔ་ཡབ་ཡུམ་བཅུར་བཞེངས་པ་རྗེས་ཆགས་ཀྱིས་སྦྱོར་བས་འོད་དུ་ཞུ་བའི་བྱང་སེམས་ཡེ་ཤེས་ལྔའི་རང་བཞིན་གྱི་རིན་པོ་ཆེ་ཁ་དོག་ལྔའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ལ། ས་བོན་ལྔ་ཅི་རིགས་བཟླས་པས་བྱིན་གྱིས་བརླབས་ནས་བྲི་སྟེ། དེ་ཡང་དབུས་གྲུ་གསུམ་མཐིང་ནག ཟླ་གམ་དམར། མུ་ཁྱུད་ཐོད་ཕྲེང་དཀར་པོ། འཁོར་ལོ་རྩིབས་བརྒྱད་སེར། མཆན་དམར། ཁྱུད་འཁོར་མཐིང་གར་རྡོར་ཕྲེང་། གྲུ་ཆད་ལྗང་། ཁྱམས་དང་སྒོ་ཕྱོགས་མདོག །རྩིག་པ་དམར་སེར་དཀར་པོ་གསུམ་སྦྲག་སྟེ་ཐོད་རྩིག །འདོད་སྣམ་དམར་པོ་མཆོད་ལྷ། ཕ་གུ་སེར་པོར་ཐོད་རིས། དྲྭ་བའི་གཞི་ནག་པོ་རྒྱུ་རློན་རུས་པ་ཐོད་ཚལ་སོགས་ཀྱིས་བརྒྱན་པ། རྐང་ལག་གི་ཤར་བུ། རྒལ་ཚིགས་ཀྱི་མདའ་ཡབ། གཡང་གཞིའི་འཕན་གདུགས་རྒྱལ་མཚན་དང་། ཞིང་གི་ཀ་བ། རྟ་བབས་བཞི་མཛེས་ཚོན་ལ་རུས་པའི་དྲྭ་བ་དང་ཆུ་སྲིན་གྱིས་སྤྲས་པ། པད་འཁོར་རི་དྭགས་འོག་གཞིའི་རྒྱ་གྲམ་ཁོར་ཡུག་གི་པདྨ་དུར་ཁྲོད་རྡོ་ར་མེ་རི་རྣམས་སྤྱི་དང་མཐུན་ཞིང་། ལྷ་གནས་རྣམས་སུ་སྐུའམ་ཕྱག་མཚན་ནམ་ས་བོན་ནམ་རང་མདོག་དང་མཚུངས་པའི་ཐིག་ལེ་གང་རུང་གི་མཚན་མ་བྲིའོ། །བརྒྱད་པ་རྫས་རྣམས་བརླབ་ཅིང་དགོད་པ་ནི། སློབ་དཔོན་གྱིས་བྱིན་གྱིས་བརླབས་ནས་ལས་མཁན་གྱིས་སོ་སོའི་གནས་སུ་འགོད་པ་སྟེ། དེ་ལ་ཁམས་གསུམ་ཡོངས་སྒྲོལ་གྱི་ཏིང་འཛིན་གྱིས་ཕུར་བུ་བྱིན་གྱིས་བརླབ་པ་ནི། ལྕགས་སྣོད་འབྲུ་ནག་གིས་བཀང་བ་ལྷ་ཕུར་རྣམས་གཙོ་འཁོར་གྱི་བཞུགས་ཚུལ་ལྟར་བཙུགས་པ་མདུན་དུ་བཞག་པ། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུཾ་མཐིང་ནག་རེ་རེ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པར་རེར་གྱུར། གཙོ་བོ་ཁྲོ་བཅུ་སྒོ་མ་རྣམས་ཀྱི་སྔགས་རྣམས་ཚར་རེ་བརྗོད་པས། གཙོ་ཕུར་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། འཁོར་རྣམས་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་སྒོ་མ་དང་བཅས་པ་ཐམས་ཅད་རང་རང་གི་སྐུའི་རྣམ་པ་རྒྱན་ཆ་ལུགས་ཕྱག་མཚན་དང་བཅས་པ་ལ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གསལ་བར་གྱུར་པར་བསམ་ལ། སྒྲུབ་ཐབས་ལྟར་ཕུར་བུ་རྫས་དཀྱིལ་གྱི་སྲས་མཆོག་བསྐྱེད་པའི་སྐབས་བཞིན་སོ་སོའི་སྔགས་དང་བཅས་པས་དྲག་པོའི་རྫས་ཀྱིས་བྲབ་བདུག་བྱུག་གསུམ་གྱིས་གཟི་བྱིན་བསྐྱེད་དོ། །དེ་ནས་དགོད་པ་ནི། ཧཱུཾ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་སོགས་ཚིགས་བཅད་གཅིག་གིས་གསོལ་བ་བཏབ་པས། ཆོས་སྐུ་འགྱུར་བ་མེད་པའི་ངང་ལས་གཟུགས་སྐུ་ཡེ་ཤེས་ཀྱི་ཁྲོ་ཚོགས་ཕུར་བུའི་རྣམ་པར་བྱོན་ནས་གནས་སོ་སོར་བཞུགས་པར་བསམ་ཞིང་། ཧཱུཾ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཡང་སྤྲུལ་ཕྱག་བརྙན་ཚོགས་དང་བཅས། །ཕྲིན་ལས་ཞི་བས་མི་འདུལ་བར། །དྲག་པོའི་ལས་ཀྱིས་འདུལ་བའི་ཕྱིར། །ལྷ་ཆེན་བསྣོལ་བའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན། ཞེས་པས་གཙོ་ཕུར་དབུས་ནས་ཞལ་ཤར་བསྟན་དུ་དགོད། ཧཱུཾ། ཕྱོགས་བཅུ་རང་བྱུང་གྲུབ་པའི་ལྷ། །ཁྲོ་བཅུ་ཡབ་ཡུམ་ཟ་གསོད་རྣམས། །ཡང་སྤྲུལ་ཕྱག་བརྙན་ཚོགས་དང་བཅས། །ཕྲིན་ལས་ཞི་བས་མི་འདུལ་བར། །དྲག་པོའི་ལས་ཀྱིས་འདུལ་བའི་ཕྱིར། །ཕྱོགས་སྐྱོང་ཕོ་མོའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན། ཞེས་སོགས་ཁྲོ་བོ་ལྷག་མ་དགུའི་སྔགས་ལ་རིགས་འགྲེ་བས། སྟེང་གི་ཁྲོ་བོ་ཤར་གྱི་རྩིབས་ནང་ཐོད་ཕྲེང་རྩར་འགོད། ཁྲོ་བོ་བརྒྱད་པོ་རྩིབས་བརྒྱད། འོག་གི་ཁྲོ་བོ་ནུབ་ཀྱི་རྩིབས་ནང་ཐོད་ཕྲེང་རྩར་འགོད་ཅིང་། ཐམས་ཅད་ཞལ་ནང་བསྟན་ཟ་གསོད་གཉིས་ཀྱིས་གཡས་གཡོན་ནས་བརྟེན་པའི་ཚུལ་གྱིས་སོ། །ཧཱུཾ། ཡེ་ཤེས་གཞལ་ཡས་སྒོ་བཞི་ནས། །འགུག་འཆིང་སྡོམ་མྱོས་སྒོ་མ་བཞི། །ཕྲིན་ལས་ཞི་བས་མི་འདུལ་བར། །དྲག་པོའི་ལས་ཀྱིས་འདུལ་བའི་ཕྱིར། །དཀྱིལ་འཁོར་ཆེན་པོའི་སྒོ་བཞི་རུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བི་ད་ཡ་བིང་བིང་ཧཱུཾ་ཕཊ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མ་ས་མནྟ་ཧྲིཾ་ཧྲིཾ་ཧཱུཾ་ཕཊ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཧཱུཾ་ཕཊ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། ས་མ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཏིཥྛ་ལྷན། ཞེས་བཏགས་ཏེ་སྒོ་ཁྱུད་ཀྱི་ནང་བཞིར་འགོད་དོ། །དེ་ནས་རྣམ་དག་གཞལ་མེད་ཀྱི་ཏིང་ངེ་འཛིན་གྱིས་བུམ་པ་བྱིན་གྱིས་བརླབ་པ་ནི། རིན་པོ་ཆེའི་བུམ་པ་མཚན་ཉིད་ཚང་བ་ལྔའམ་གཅིག་མགུལ་ཆིངས་ཁ་རྒྱན་ལྷའི་མཚན་མས་བརྒྱན་པ་ཆས་སུ་བཅུག །དྲག་སྔགས་ཀྱིས་ཐུན་བྲབ། སྤོས་བདུག་པས་བགེགས་བསྐྲད། ༀ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ཞེས་ལྷའི་ཆུ་བོ་བཀུག་པར་བསམ་ལ་ཆུ་གཙང་མས་སུམ་གཉིས་བཀང་ཞིང་བུམ་རྫས་ཉེར་ལྔ་གཞུག །ཐོད་ཆུ་གཟུངས་ཐག་དང་བཅས་ཏེ། མདུན་དུ་ཀུ་ཤའི་གདན་སྟེང་དུ་བཞག་ལ། ཨ་མྲྀ་ཏ་དང་སྭབྷཱ་ཝས་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླར་ཁཾ་ལས་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་ཧཱུཾ་མཐིང་ཉི་ཤུ་རྩ་གཉིས་དང་ཛཿཧཱུཾ་བཾ་ཧོཿརྣམས་ལས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། ཁྲོ་བཅུ་ཡབ་ཡུམ། ཟ་གསོད་སྒོ་མ་དང་བཅས་པའི་ལྷ་ཚོགས་བཞི་བཅུ་རྩ་དྲུག་སྐད་ཅིག་གིས་གསལ་བར་གྱུར། ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བྂ་ཧོཿས་བསྟིིམ། ཨརྒྷཾ་སོགས་ཀྱིས་མཆོད། བཅོམ་ལྡན་ཁྲོ་བོའི་རྒྱལ་པོས་བསྟོད། གཡོན་པས་ཁུ་ཚུར་གྱིས་གཟུངས་ཐག་ལ་འཇུས་ཏེ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །གཙོ་སྔགས་བརྒྱ་རྩ་བརྒྱད་དང་། ཁྲོ་བཅུ་སྒོ་མ་རྣམས་ཉེར་གཅིག་ཙམ་རེ་བཟླས་ཏེ། གཙོ་སྔགས་ཀྱིས་ཐོད་ཆུ་ཕུལ་བས། ལྷ་རྣམས་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བས་བུམ་པ་གང་བར་བསམ་མོ། །འཕྲོས་དོན་ལས་བུམ་མམ་དྲིའི་དུང་ཞལ་འཐོར་གཡབ་བཅས་པ། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུཾ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཁྲོ་བོ་བདུད་རྩི་འཁྱིལ་བ་མཐིང་ནག་ཕུར་བུ་དང་ལྕགས་ཀྱུ་འཛིན་པའི་སྐུར་གྱུར། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུཾ་ཕཊ། ཅེས་ཅི་རིགས་བཟླས་པས། ཁྲོ་བོ་བདུད་རྩི་འཁྱིལ་བའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ཞིང་། འདི་ནི་ས་བསླང་བའི་སྔོན་དུ་བླངས་ན་འབྲེལ་ཆགས་པར་འགྱུར་རོ། །བུམ་པ་དགོད་པ་ནི། ཧཱུཾ། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །བཞུགས་གནས་དམ་པ་ཕོ་བྲང་སྟེ། །རིན་པོ་ཆེ་ཡི་བུམ་པ་འདི། །དཀྱིལ་འཁོར་ཆེན་པོའི་རྒྱན་དུ་བཞུགས། །བྷྲཱུཾ་ཙཀྲ་མཎྜ་ལ་ས་མ་ཡ་ཏིཥྛ་ལྷན། ཞེས་བུམ་པ་ལྔ་ཡོད་ན་དཀྱིལ་འཁོར་སྟེང་གི་དབུས་དང་ཕྱོགས་བཞིའམ་གཅིག་ལས་མེད་ན་དབུས་སུ་མཉྫི་ལ་སོགས་པའི་སྟེགས་ལ་འགོད། བསང་ཆུ་སློབ་དཔོན་གྱི་མདུན་དུའོ། །དེ་ནས་འབྱུང་བ་བཅུད་ལེན་དང་། ཁྱད་པར་རྨད་དུ་བྱུང་བ་དང་། ཐུགས་རྗེ་ཆགས་པའི་ཏིང་ངེ་འཛིན་གྱིས་རིམ་པར་སྨན་གཏོར་རཀྟ་གསུམ་བརླབ་པ་སྒྲུབ་ཐབས་ལྟར་འདིར་བླང་ཞིང་། དེ་གསུམ་འགོད་པ་ལས། བདུད་རྩི་ནི། ཧོ། འབྲུ་བཅུད་སྟོང་སྦྱར་ཛ་གད་དཔའ་བོ་འདི། །དུས་གསུམ་རྒྱལ་བའི་ཡུམ་མཆོག་མཱ་མ་ཀཱི། །མཐུ་དང་གཟི་བྱིན་ཆེ་བས་བདུད་བཞི་འདུལ། །སྐལ་ལྡན་རྣམས་ཀྱི་ཛ་གད་དཔའ་བོ་འདི། །སྐལ་མེད་རྣམས་ཀྱི་རྐྱེན་དང་མི་འཚམས་ཏེ། །སྐལ་ལྡན་ཐུགས་རྗེ་ཅན་གྱི་བཞེས་སུ་གསོལ། །འབུལ་ནི་ཡེ་ཤེས་ལྷ་ལ་འབུལ། །མཆོད་ནི་དུས་གསུམ་སངས་རྒྱས་མཆོད། །སྐོང་ནི་དམ་ཅན་ཐུགས་དམ་སྐོངས། །སྦྱོང་ནི་ཡུན་གྱི་དྲི་མ་སྦྱོངས། །ཐུགས་དམ་བསྐང་ངོ་བྱིན་གྱིས་རློབས། །ཞེས་བདུད་རྩི་བྱང་ཤར་དུ་འགོད། གཏོར་མ་ནི། ཧོཿ གཞོང་པ་རྣམ་དག་ཆོས་ཀྱི་དབྱིངས། །གཏོར་མ་ཡེ་ཤེས་ཕྱག་རྒྱའི་ཚོགས། །ཚེ་དང་གལ་གཉིས་མཐུན་བསྡེབས་ནས། །རཀྟ་དམར་གྱི་ཐིག་བཀྱེ་སྟེ། །དཀྱིལ་འཁོར་ལྷ་ལ་འབུལ་ལོ་བཞེས། །ཞེས་གཏོར་མ་ལྷོ་ནུབ་ཏུ་འགོད། རཀྟ་ནི། ཧོཿ སྐལ་ལྡན་རིགས་ཀྱི་ཁྲོ་མོ་ནི། །རྡོ་རྗེ་སྒེག་མོ་འདོད་ཆགས་ཆེ། །འདོད་ཅིང་ཆགས་པའི་གཙོ་མོ་སྟེ། །མ་ཧཱ་རཀྟའི་དཀྱིལ་འཁོར་དུ། །མཱུ་ལ་རཀྟའི་མཆོད་པ་འབུལ། །ཆགས་པ་ཐུགས་རྗེས་སྒྲོལ་ཕྱིར་བཞེས། །ཞེས་རཀྟ་ནུབ་བྱང་དུ་འགོད། དེ་ནས་དབྱིངས་དང་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱིས་མར་མེ་བརླབ་ཅིང་དགོད་པ་ནི། ཧཱུཾ་ལས་ཀོང་བུ་ཆོས་ཀྱི་དབྱིངས་སྡོང་བུ་རིག་པའི་ཡེ་ཤེས་ཞུན་མར་རྟོག་མེད་རང་གསལ་དུ་མོས་ལ། ཧོཿ ཀོང་བུ་ཀུན་བཟང་ཡུམ་གྱི་མཁའ། །སྡོང་བུ་ཕྱག་རྒྱ་ཡབ་ཀྱི་མཁའ། །མར་ཁུ་བདེ་ཆེན་བྱང་ཆུབ་སེམས། །འདི་ནི་ཡེ་ཤེས་མེ་རུ་འབར། །སྲིད་པ་གསུམ་གྱི་འཁོར་བ་སྟོང་། །འབུལ་ནི་ཡེ་ཤེས་ལྷ་ལ་འབུལ། །མཆོད་ནི་དུས་གསུམ་སངས་རྒྱས་མཆོད། །ཡེ་ཤེས་སྣང་བ་བསྐྱེད་ཕྱིར་བཞེས། །ཞེས་མར་མེ་ནུབ་ཏུ་འགོད། དེ་ནས་ཐབས་ཤེས་ཀྱི་ཏིང་འཛིན་གྱིས་རྡོར་དྲིལ་བརླབ་ཅིང་དགོད་པ་ནི། ཧཱུཾ་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ཀྱི་ངོ་བོ། ཨ་ལས་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་ཟུང་འཇུག་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ལ། ཧཱུཾ། ཐབས་དང་ཤེས་རབ་གཉིས་མེད་དཀྱིལ་འཁོར་དུ། །ཐབས་ཀྱི་རྒྱལ་པོ་རིག་པ་གཏེར་གྱི་མཛོད། །དེ་བཞིན་གཤེགས་པའི་ཕྱག་མཚན་རྡོ་རྗེ་ནི། །རིག་པའི་ཡེ་ཤེས་རྟགས་སུ་བཞུགས་སུ་གསོལ། །ༀ་བོ་དྷི་ཛྙཱ་ན་བཛྲ་ཧཱུཾ་ཞེས་པས་རྡོ་རྗེ་དང་། ཧཱུཾ། དབྱིངས་དང་ཡེ་ཤེས་གཉིས་མེད་དཀྱིལ་འཁོར་དུ། །ཤེས་རབ་རྒྱལ་མོ་ཆོས་ཀྱི་དབྱིངས་ཀྱི་མཛོད། །དུས་གསུམ་རྒྱལ་བའི་ཡུམ་གྱི་དྲིལ་བུ་འདི། །ཆོས་ཀྱི་དབྱིངས་ཀྱི་རྟགས་སུ་བཞུགས་སུ་གསོལ། །ༀ་མ་ཧཱ་དྷཱརྨ་དྷཱ་ཏུ་གྷཎྜེ་ཨ། ཞེས་དྲིལ་བུ་སྟེ་ཤར་དུ་འགོད། དེ་ནས་འཆི་མེད་ཚེའི་ཏིང་འཛིན་གྱིས་ཚེ་བརླབ་པ་ནི། བུམ་པ་མཚན་ཉིད་དང་ལྡན་པ་ཛ་གད་ལ་ཨ་མྲྀ་ཏ་བཏབ་པས་བཀང་། འབྲིའི་མར་འབྲུམ་མཆེད་ཀྱི་གྲངས་དང་མཉམ་པ་བླུགས། དེའི་ཁར་ཚེ་རིང་ལ་བཀྲ་ཤིས་ཀྱི་མེ་བླངས་པའི་འབྲུའི་ཕྱེ་ལ་ཚེ་འབྲང་ཟླུམ་བརྗིད་ཉི་ཟླས་བརྒྱན་པ་བཞག །དེ་ལ་ཚེའི་མདའ་དར་གཟུག་ཅིང་གཟུངས་ཐག་འཐེན་ཏེ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བུམ་པ་གཞལ་ཡས་ཁང་རྡོ་རྗེའི་གུར་ཅན་དུ་གྱུར། རང་ཉིད་དཔལ་ཆེན་པོ་འཁོར་བཅས་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་བཀུག་ནས་བུམ་ནང་དུ་བསྐྱིལ་བར་བསམ་ཞིང་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཛཿ སིདྡྷི་ཕ་ལ་ཧཱུཾ་ཨཱཿ ཞེས་ཅི་འགྲུབ་བཟླས་ལ། ཕོ་ཉ་བསྐུལ་བ་ནི་ཚེ་མདའ་གཡབ་ཅིང་། ཧཱུཾ། དཔལ་ཆེན་འཁོར་བཅས་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་རྗེའི་འོད་ཟེར་འཕྲོས་པས་ཚེ་འགུག་ལྷ། །རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཡབ་ཡུམ་དང་། །ཟ་གསོད་སྒོ་སྐྱོང་དམ་ཅན་བཅས་རྣམས་ཀྱིས། །རྡོ་རྗེ་ཚེ་མཆོག་འགུག་པའི་ལས་མཛོད་ཅིག །ༀ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཛཿཛཿ ཞེས་བཀུག་སྟེ་བུམ་པར་སྟིམ་མོ། །ཚེ་དགོད་པ་ནི། ཧཱུཾ། སངས་རྒྱས་ཀུན་གྱི་ཡེ་ཤེས་ཚེ། །དཔག་ཏུ་མེད་པའི་འོད་དང་ལྡན། །རིགས་མཆོག་ཕྱག་རྒྱ་ལྔ་ལྡན་པས། །ཁམས་གསུམ་བདག་པོར་དབང་བསྐུར་རོ། །དཀྱིལ་འཁོར་བཞུགས་པའི་ལྷ་རྣམས་ཀུན། །ཚེ་ལ་བྱིན་གྱིས་བརླབ་ཏུ་གསོལ། །སྔར་གྱི་སྔགས་དང་བཅས་པས་ཤར་ལྷོར་འགོད། གཞན་ཡང་དཀྱིལ་འཁོར་གྱི་རྒྱན་དང་མཆོད་རྫས་རྣམས་རང་རང་གི་གནས་སུ་འགོད་དེ། རལ་གྲི་བཞི་མེ་ལོང་དང་བཅས་པ་དཀྱིལ་འཁོར་གྱི་ཕྱོགས་བཞིར་དགོད་པ་ནི། ཧཱུཾ། ཤེས་རབ་རལ་གྲི་སེམས་དཔའ་བཞི་ཡི་རྟགས། །ས་དང་མཁའ་སྙིང་སྤྱན་རས་རྡོ་རྗེ་འཛིན། །ཐུགས་ཀྱི་སེམས་དཔའ་དགྱེས་ཤིང་བརྟན་པར་བཞུགས། །རྣམ་དག་མེ་ལོང་སེམས་མ་བཞི་ཡི་རྟགས། །ལ་སྱེ་མཱ་ལེ་གཱིརྟི་ནཱིརྟི་མ། །ནང་གི་སེམས་མ་དགྱེས་ཤིང་བརྟན་པར་བཞུགས། །མདའ་བཞི་དར་བཞི་བཅས་པ་མཚམས་བཞིར་དགོད་པ་ནི། ཐབས་ཀྱི་མདའ་བཞི་སེམས་དཔའ་བཞི་ཡི་རྟགས། །བྱམས་པ་སྒྲིབ་སེལ་ཀུན་བཟང་འཇམ་དཔལ་དབྱངས། །གསུང་གི་སེམས་དཔའ་དགྱེས་ཤིང་བརྟན་པར་བཞུགས། །ཤེས་རབ་དར་ཚོན་སེམས་མ་བཞི་ཡི་རྟགས། །པུཥྤེ་དྷཱུ་པེ་དཱི་པ་གནྡྷེ་མ། །ཕྱི་ཡི་སེམས་མ་དགྱེས་ཤིང་བརྟན་པར་བཞུགས། །གདུགས་དང་བླ་རེ་ལ་སོགས་དབུལ་བ་ནི། ཧཱུཾ། ཤེས་རབ་རྒྱལ་མོ་ཡུམ་གྱི་མཁའ་དབྱིངས་སུ། །མཐའ་དབུས་མེད་པར་དཀྱིལ་འཁོར་རང་བཞིན་ལ། །ཡིད་བཞིན་ལོངས་སྤྱོད་མཛེས་པའི་ཡོ་བྱད་ནི། །དཀྱིལ་འཁོར་ཆེན་པོའི་བླ་རེར་བྲེས་པར་བྱ། །དེ་ནས་ཕྱི་ནང་གསང་བའི་མཆོད་རྫས་ལ། ཕྱི་ཐུན་མོང་གི་མཆོད་པ་ནི། ཤར་ནས་གཡས་བསྐོར་གྱི་ཕྱོགས་བཞིར། མེ་ཏོག །སྤོས། མར་མེ། དྲི་ཆབ་དང་། མཚམས་བཞིར་ཞལ་ཟས་འགོད། ནང་མཆོད་ནི། ཐོད་པ་གསུམ་དུ་ཤ་ཁྲག་སོགས་དམ་རྫས་དང་ལྡན་པའི་དཔལ་བཤོས། ཨ་མྲྀ་ཏ་ཆང་གིས་བྲན་པའི་བདུད་རྩི། དཔའ་བོའི་སྙིང་ཁྲག་དང་པད་རཀ་སོགས་ཁྲག་སྣ་སྦྱར་བའི་རཀྟ་རྣམས་དང་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མ་སོགས་འགོད། གསང་མཆོད་ནི། བམ་གྱི་དབང་པོའི་མེ་ཏོག །གསུར་ཆེན་གྱི་སྤོས། ཞུན་ཆེན་གྱི་མར་མེ། ཁྲ་མཁྲིས་ཀྱི་དྲི་ཆབ། ཤ་ཆེན་གྱི་ཞལ་ཟས། ཐོད་རྔ་དང་རྐང་གླིང་གི་རོལ་མོ། ཞིང་ལྤགས་ཀྱི་གཡབ་མོ། ཀེང་རུས་ཀྱི་རྒྱལ་མཚན་ལ་སོགས་པའོ། །གཞན་ཡང་དབང་ཆས། རོལ་མོའི་ཁྱད་པར། ཚོགས་ཀྱི་ཡོ་བྱད། ལིངྒ་དང་ཐུན་རྫས་ཕུར་བུ་སྒྲོལ་གྲི་ཐོ་ཧོམ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམས་ནས། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཞེས་སོགས་ཀྱི་མཐར་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཀྱང་སྤེལ་ཞིང་། དེ་དག་ལས་ཕུར་བུ། བུམ་པ། སྨན་གཏོར་རཀྟ། ཚེ་རྣམས་བྱིན་བརླབ་སྔོན་དུ་ཚར་བར་བྱས་ནས། འགོད་པ་རྣམས་བསྡེབས་སུ་བྱས་ན་ལག་ལེན་ལ་ཟོར་ཡང་ཞིང་བདེ་བར་སྣང་ལ། འགོད་དུས་སྟོན་འཁོར་ཐམས་ཅད་དཀྱིལ་འཁོར་ལ་བསྐོར་ནས་བཞུགས་ཏེ། ལས་མཁན་གྱིས་འགོད་པ་དང་བསྟུན་ཚིག་སོ་སོའི་མཐར་འཇམ་རོལ་བཀོད་ཚར་ཡུན་དང་སྦྱར་བས་རིང་ཐུང་སྐབས་ཐོབ་ཀྱིས་འཁྲོལ་བ་དང་སྤོས་བཏུལ་བ་སོགས་ཀྱང་བྱའོ། །གཉིས་པ་དངོས་གཞི་བསྙེན་སྒྲུབ་ཀྱི་ལས་གཞུང་བསྲང་བ་ལ། སྔོན་དུ་འགྲོ་བའི་ལས་བདུན་དང་། ལས་གཞུང་བསྲང་བ་དངོས་གཉིས། དང་པོ་ལ། མཚམས་བཤགས་བརྡ་སྒོ་བརྡ་ཕྱག་དང་། །དམ་བཅའ་བྱིན་དབབ་རྟགས་གདབ་བོ། །ཞེས་པ་ལྟར་བདུན་ལས། དང་པོ་མཚམས་བཅད་པ་ནི། རོལ་མོས་བྱིན་དབབ་དང་ཚོགས་བསགས་སྔོན་དུ་འགྲོ་བས་བཀའ་བསྒོ་མཚམས་གཅོད་བཀའ་ནན་བྱ་བ་གསུམ་གྱིས་མཚམས་བཅད་པ་དང་། གཉིས་པ་བཤགས་པ་བྱ་བ་རྣམས་སྒྲུབ་ཐབས་ལྟར་རོ། །གསུམ་པ་བརྡ་སྒོ་དབྱེ་བ་ནི། གདོད་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ཡེ་ཤེས་བཞིའི་འཇུག་པས་ཞུགས་པར་བསམ་ལ། ཧོཿ ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི། །རྣལ་འབྱོར་བདག་ཉིད་ཆེན་པོའི་གནས། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ། །ཡེ་ཤེས་བཞི་ཡི་སྒོ་ཕྱེ་སྟེ། །ལྷ་དང་སློབ་དཔོན་གསལ་དུ་སྟོན། །མ་དང་མཁའ་འགྲོ་གསལ་དུ་སྟོན། །མཆེད་དང་ལྕམ་དྲལ་གསལ་དུ་སྟོན། །ཆོས་སྐྱོང་སྲུང་མ་གསལ་དུ་སྟོན། །ཨ་ལ་ལ་སྟེ་གསལ་དུ་སྟོན། །བྷྲཱུཾ་ཙཀྲ་མཎྜ་ལ་པྲ་བེ་ཤ་ཡ་ཕཊ། བཞི་པ་བརྡ་ཕྱག་འཚལ་བ་ནི། ལྷ་དང་བླ་མ་མཆེད་ལྕམ་ཐམས་ཅད་ལ་རང་བཞིན་གཉིས་སུ་མེད་པར་རང་རིག་པའི་ཚུལ་གྱིས་ཕྱག་འཚལ་བར་བསམ། ཧོཿ ཡེ་ནས་རྣམ་པ་ཀུན་ལྡན་པའི། །རྣལ་འབྱོར་དབྱིངས་སུ་ཕྱག་བགྱིའོ། །མགོན་པོ་སངས་རྒྱས་ཀུན་གྱི་གཙོ། །ཞེ་སྡང་རྡོ་རྗེ་རྒྱལ་པོ་ཆེ། །ལྷ་ཚོགས་འཁོར་བཅས་རྒྱས་འདེབས་ལ། །དད་པས་རྟག་ཏུ་ཕྱག་བགྱིད་དོ། །རྡོ་རྗེ་སློབ་དཔོན་དཔལ་དང་ལྡན། །ཁྱད་པར་ས་ལ་ལྷུན་གྱིས་གྲུབ། །ལྷ་དང་སློབ་དཔོན་གཉིས་མེད་པར། །རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཕྱོགས་དུས་ཀུན་ནས་འཁྱིལ་བའི་དཔལ། །གསལ་ལ་བརྟན་པའི་རྣལ་འབྱོར་པས། །མ་བུའི་འདུ་ཤེས་ཉེར་བཞག་ནས། །འདི་དང་ཕྱི་མ་མི་འབྲལ་བའི། །དམ་ཚིག་ཟུང་གིས་འབྲེལ་བའི་མཆེད། །གདུང་སེམས་གུས་པས་ཕྱག་བགྱིད་དོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ལྔ་པ་དམ་བཅའ་བ་ནི། དེང་ནས་བླང་དོར་གྱི་གནས་རྣམས་མ་ནོར་བར་བསྒྲུབས་ཏེ་འཁོར་བར་སྲིད་པར་འགྲོ་བའི་དོན་བྱའོ་སྙམ་པས། ཧོཿ དྲག་པོ་ལས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །རྩེ་གཅིག་མོས་པའི་སེམས་ཀྱིས་དམ་བཅས་ནས། །སྡིག་པ་མི་དགེའི་ལས་རྣམས་མི་བྱེད་ཅིང་། །རྩ་བ་ཡན་ལག་དམ་ལས་མི་འདའ་བར། །བྱང་ཆུབ་སེམས་མཆོག་བསྐྱེད་པར་དམ་བཅའོ། །དྲུག་པ་བྱིན་དབབ་པ་ནི། སྒྲུབ་པ་པོ་རྣམས་རྒྱན་དང་ཆས་གོས་བསྟར་ནས་དཀྱིལ་འཁོར་ལ་བསྐོར་ཏེ། རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་སྤྱུགས་གླུས་བསྐུལ། ཚིལ་ཆེན་དང་གུ་གུལ་གྱི་སྤོས་བསྲེག །དར་ནག་དང་མི་ལྤགས་ཀྱིས་གཡབ་ཅིང་། ནམ་མཁའ་གང་བའི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་བསམ་ལ། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཕྱོགས་བཞི་དབུས་ལྔའི་སྟོང་ཁམས་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། །རིགས་ལྔའི་ཁྲག་འཐུང་ཁྲོ་ཚོགས་ཏེ། །ཀུན་ཀྱང་རྡོ་རྗེ་ཕུར་པའི་ལྷ། །རྡོ་རྗེ་ཕུར་བུ་བསྒྲུབ་པའི་ཚེ། །དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས། །ཕུར་བུ་འདི་ལ་དབང་ཅིག་བསྐུར། །མཐུ་དང་རྫུ་འཕྲུལ་དངོས་གྲུབ་སྩོལ། །རྟགས་དང་མཚན་མ་བསྟན་དུ་གསོལ། །ༀ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱཿ ཞེས་དབབ་ཅིང་། ཡོ་བྱད་བྱིན་རླབས་ལས་འཕྲོས་ཏེ་མཆོད་པ་བྱིན་གྱིས་བརླབ་པའང་སྒྲུབ་ཐབས་བཞིིན་བྱའོ། །བདུན་པ་རྟགས་གདབ་པ་ནི། མ་མོ་དང་མཁའ་འགྲོ་རྣམས་ཀྱི་རང་གི་སྡེ་ཚན་དུ་ངོ་ཤེས་པར་བྱ་བའི་ཕྱིར་གདབ་སྟེ། རྩི་འདུ་བྱས་ལ། ཧཱུཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཁའ་འགྲོའི་ཚོགས་དང་དམ་ཚིག་གཅིག་པ་དང་། །སངས་རྒྱས་ས་གསུམ་དག་ལ་འགོད་བྱའི་ཕྱིར། །ལྐོག་མར་ཞག་གི་ཟོ་རིས་མཚན་མས་གདབ། །གཞན་འདྲ་བ་ལས་རྐང་པ་ཐ་མའི་གནས་སུ། དཔྲལ་བར་ཐལ་ཆེན་ཚོམ་བུའི་མཚན་མས་གདབ། །ཞེས་དང་། ཤངས་དང་མཁུར་ཚོས་རཀྟའི་མཚན་མས་གདབ། །ཅེས་བརྗེ་ཞིང་། གསུམ་ཀའི་མཐར། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཅེས་པས་ལྐོག་མར་ཞག་གི་ཟོ་རིས་ཟླ་གམ། །དཔྲལ་བར་ཐལ་ཆེན་རྩེ་གསུམ་རིས། འབུར་གསུམ་ལ་ཁྲག་གི་ཐིག་ལེ་རྣམས་མ་འཆོལ་བར་གདབ་ཅིང་། སྤྲོ་ན་རྟགས་གསུམ་གྱི་གོང་དུ། བགོ་བའི་གོས་གསུམ་དང་། གདགས་པའི་རྒྱན་གཉིས་ཏེ་དུར་ཁྲོད་ཀྱི་ཆས་བརྒྱད་ཀ་ཚང་བས་ཆས་སུ་འཇུག་ཚུལ་ཀྱང་འབྱུང་ངོ་། །གཉིས་པས་ལས་གཞུང་བསྲང་བ་དངོས་ལ་སྨིན་མོས་གཉིས་ལས། སྨིན་སློབ་ནི་ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་གྱིས། །ཞེས་གསུངས་པ་ལྟར་བསྙེན་སྒྲུབ་ཡན་ལག་བཞིར་དབྱེ་བའི་ལུགས་ལ། སྔར་བཤད་ས་ཆོག་ནས་བརྩམ་སྟེ་སྔོན་འགྲོ་ལས་བདུན་ཡན་ཆད་བསྙེན་པའི་ཡན་ལག །སྟོད་ལས་ལྟར་བསྙེན་པ་རང་རྐྱང་དུ་བྱེད་པ་ཉེ་བསྙེན། སྨད་ལས་ལྟར་བསྙེན་པ་གསུམ་ཡོངས་རྫོགས་སུ་བྱེད་པ་སྒྲུབ་པ། སྟོད་ལས་དང་འབྲེལ་བར་བདག་དོན་དུ་དངོས་གྲུབ་ལེན་པ་དང་གཞན་དོན་སློབ་མ་ལ་དབང་བསྐུར་བ། སྨད་ལས་དང་འབྲེལ་བར་དྲག་པོའི་ལས་ལ་སྦྱོར་བ་རྣམས་ནི་སྒྲུབ་པ་ཆེན་པོའོ། །འདིར་ནི་སྟོད་ལས་དང་སྨད་ལས་གཉིས་ཀ་ལ་བསྙེན་སྒྲུབ་ལས་གསུམ་དུ་དབྱེ་བར་མཛད་དེ། སྟོད་ལས་ལྟར་ན། བསྙེན་པ་ནི། ལས་གཞུང་དུས་བཞིར་བསྲང་སྟེ། ཐུན་དང་པོའི་མགོར་སྔོན་འགྲོ་ལས་བདུན་དང་། ཐུན་ཐ་མའི་མཇུག་ཏུ་རྗེས་ཀྱི་ལས་རྣམས་སྦྱར་ཞིང་། བཞི་ཀ་ལ་དངོས་གཞིའི་ཏིང་འཛིན་གསུམ་ནས་བསྟོད་པའི་བར་བྱ་བ་ལས། བཟླས་པའི་སྐབས་སྒྲུབ་ཐབས་ལྟར་རྫོགས་རིམ་དང་སྦྱར་ནས་བུང་བ་ཚང་ཞིག་པའི་ཚུལ་དང་། བསྐྱེད་རིམ་དང་སྦྱར་ནས་མགལ་མེ་ཀླད་ལ་བསྐོར་བའི་ཚུལ་དུ་བཟླ་བ་གཉིས་ཀྱིས་ཡེ་ཤེས་ལྷའི་བསྙེན་པ་རྐྱང་པ་ལ་འབད་པས་རྟགས་མཐོང་བ་དང་། སྒྲུབ་པ་ནི། ལས་གཞུང་དུས་བཞིར་བསྲང་བ་སྔར་ལྟར་ལས། བཟླས་པ་ནི། ཡེ་ཤེས་ལྷའི་བསྙེན་པ་བསྐྱེད་རིམ་ལྟར་དང་། དམ་ཅན་ཉེ་བར་བསྙེན་པ་བཞི་སྙིང་གཅིག་ཏུ་དྲིལ་བ། ངན་སྔགས་ཉེ་བར་བསྙེན་པ་གབ་པའི་སྔགས་དྲུག་བཟླ་བ་རྣམས་སོ། །ལས་སྦྱོར་ནི། སྟོད་ལས་སུ་བསྙེན་པ་ཡོངས་རྫོགས་ཀྱི་སྒོ་ནས་རྟགས་ཐོན་པ་དང་། སྒྲུབ་པ་ཆེན་པོའི་ཡན་ལག་དངོས་གྲུབ་བླངས་ཞིང་དབང་བསྐུར་བ་སོགས་སྟོད་ལས་ཀྱི་སྒྲུབ་པ་བསྡུས་ནས། སྨད་ལས་ཀྱི་དཀྱིལ་འཁོར་ཞལ་འབྱེད་པ་ཡིན་ཏེ། དེ་ཡང་ཉི་མ་ལྷོ་བགྲོད་ཀྱི་དུས་ཟླ་བའི་ནག་ཕྱོགས་ཀྱི་ཚེས་གྲངས་ཉེར་གཅིག་ནས་ཉེར་དགུའི་བར་བསྙེན་སྒྲུབ་ལས་གསུམ་རྫོགས་པར་བྱེད་པའི་ལུགས་ཏེ། དེ་ལ་བསྙེན་པ་ནི། ཞག་དང་པོ་ཡེ་ཤེས་ལྷའི་བསྙེན་པ་དང་། གཉིས་པ་དམ་ཅན་གྱི་བསྙེན་པ་གཉིས་པོ་ཁ་གསོའི་ཚུལ་དུ་སྨད་ལས་ཀྱི་འགོ་ནན་དུ་གཏོང་བའོ། །སྒྲུབ་པ་ནི། ཉེར་གསུམ་ནས་ཉེར་བརྒྱད་ཀྱི་བར་མཆོད་པ་ཡན་ཆད་ཀྱི་ལས་གཞུང་དུས་བཞིར་བསྲང་བ་འདྲ་བ་ལས་བཟླས་པའི་དོན་དུ། བིདྱོཏྟཱ་མ་ལས། ལྷ་ཕྲལ་གཟུགས་ལ་དབབ་པ་དང་། །བྱད་དུ་གཞུག་དང་སྨྱོ་རུ་གཞུག །རྡུལ་དུ་བརླག་དང་ཞལ་དུ་སྟོབ། །ཅེས་པས་ལས་དྲུག་པོ་ཞག་རེ་ལ་རེ་རེ་བྱེད་ཅིང་། དེ་རེ་རེ་ལའང་། དེ་ལ་ཕོ་ཉ་འཕྱོང་སྔགས་རྫས། །ཏིང་འཛིན་དམོད་པས་ལས་རྫོགས་བྱ། །ཞེས་གསུངས་པ་ལྟར་དྲུག་དྲུག་སུམ་ཅུ་སོ་དྲུག་གིས་ལས་ཚང་བར་སྦྱར་བས་གབ་པའི་སྔགས་དྲུག་སོ་སོར་བཟླ་བ་ཡིན་ནོ། །དེ་ནས་ནུབ་ཐ་མར་ལས་ལ་སྦྱོར་ཏེ། དགྲ་ལས་དངོས་གྲུབ་བླང་བ་ཞེས་ཕུར་བུ་གདབ་པ་ལ་སོགས་པའི་སྒོ་ནས་སྒྲོལ་བའི་ལས་དངོས་དང་། ལྷ་ལས་དངོས་གྲུབ་བླང་བ་ཞེས་སྟོད་ལས་བཞིན་དུ་མཐར་དངོས་གྲུབ་ལེན་པའོ། །དེ་དག་ཀྱང་སྨིན་སློབ་ཏུ་ཉམས་སུ་ལེན་པ་རྣམས་ཀྱིས་སྒྲུབ་ཐབས་ཀྱི་ལས་བྱང་དང་། སྟོད་ལས་སྨད་ལས་སོ་སོའི་སྦྱོར་ཚུལ་གྱི་འདོར་ལེན་རྣམས་དམིགས་ཕྱེད་པར་བྱ་བ་གཅེས་སོ། །གཉིས་པ་མོས་སློབ་ལའང་། སྟོད་ལས་དང་སྨད་ལས་ཀྱི་བསྙེན་སྒྲུབ་ལས་གསུམ་སོ་སོར་སྦྱར་རུང་ཡང་། འདིར་སྒྲུབ་མཆོད་དཀྱུས་མ་ཙམ་ལ་མཁོ་བའི་ཕྱིར་སྟོད་ལས་གཙོ་བོར་སྟོན་པ་ཡིན་ལ། དེ་ཡང་སྒྲུབ་ཞག་བཅོ་ལྔ་ཙམ་ལ་བསྙེན་སྒྲུབ་སོ་སོར་བདུན་ཕྲག་རེ་དང་། ནུབ་ཐ་མར་ལས་སྦྱོར་བྱས་ཀྱང་ལག་ལེན་དབྱེ་བ་བྱེད་པའི་ཁྱད་པར་དུ་འགྱུར་མོད། སྒྲུབ་པ་ཞག་བདུན་ཕྲག་གཅིག་ཙམ་ལས་མི་བྱེད་ན། བསྙེན་སྒྲུབ་གཅིག་ཆོག་ཏུ་བྱེད་པ་ལག་ལེན་ལ་བདེ་བས། དེའི་དབང་དུ་བྱས་ཏེ། སྔོན་འགྲོ་ལས་བདུན་སྔོན་དུ་འགྲོ་བས། དངོས་གཞི་བདག་མདུན་དབྱེར་མེད་དུ་ཤེས་པས་ཐུན་བཞིར་ལས་གཞུང་བསྲང་སྟེ། ཏིང་འཛིན་གསུམ་གྱིས་ཁོག་ཕུབ་ནས། རྟེན་གཞལ་ཡས་ཁང་དང་། བརྟེན་པ་དཀྱིལ་འཁོར་གསུམ་གྱི་ལྷ་བསྐྱེད་པ། ཁམས་གསུམ་གྱི་སྲོག་ཡེ་ཤེས་སུ་དབང་བསྐུར་བ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་བསྟིམ་པ། ཕྱག་མཆོད་འབུལ་བ། འདོད་དོན་ལ་གསོལ་བ་གདབ་པ་རྣམས་སྒྲུབ་ཐབས་བཞིན་བྱས་ནས། འཛབ་འབུལ་ཏེ། དེ་ལ་སྟོད་ལས་དང་འབྲེལ་བ་ཡེ་ཤེས་ལྷ་ཉེ་བར་བསྙེན་པར་བྱེད་པ་བསྙེན་པའི་ཛཔ྄་དང་། སྨད་ལས་དང་འབྲེལ་བའི་བསྙེན་པ་གསུམ་རྫོགས་པར་བྱེད་པ་སྒྲུབ་པའི་ཛཔ྄་བོ། །དང་པོ་ལ་གཉིས་ལས། དང་པོ་རྫོགས་རིམ་དང་སྦྱར་ནས་བཟླ་བ་ནི། ཐོག་མར་ཛཔ྄་ཁང་དབྱེ་བ་དང་། བར་དུ་བཟླས་པ་བྱ་བ་ནི་སྒྲུབ་ཐབས་བཞིན་ལས། ཛཔ྄་བསྐུལ་བ་ནི། ༀ། དུས་གསུམ་རྒྱལ་བའི་རང་བཞིན་སྐུ་གསུང་ཐུགས། །དབྱེར་མེད་ངོ་བོ་ཉིད་དུ་དབྱིངས་གཅིག་པས། །འགྲོ་བའི་དོན་དུ་སྤྲུལ་སྐུས་མཚན་མ་བསྟན། །དེ་ཉིད་ལས་སྤྲོས་ཡིག་འབྲུ་དགུ་རུ་སྣང་། །ཨ་ནི་རང་བཞིན་ཆོས་ཀྱི་སྐུ། །ན་རོ་གསུང་གི་རང་བཞིན་ལ། །ཟླ་ཚེས་མཉམ་ཉིད་ཡེ་ཤེས་ཏེ། །ཀླད་ཀོར་མཉམ་བཞག་ༀ་དུ་རྫོགས། །དེ་ཕྱིར་ༀ་ནི་དཔལ་ཆེན་སྐུ། །རང་བྱུང་ཡེ་ཤེས་ཆེན་པོའོ། །བཛྲ་སྐྱེ་མེད་རྡོ་རྗེ་སྟེ། །ཀཱི་ལ་ཡ་ཡི་སྒྲ་གྲགས་པས། །ཕུར་བུ་ཡེ་ཤེས་ལྔ་རུ་འཕྲོས། །རྒྱུ་ལྔ་དུག་གསུམ་རྩད་བཅད་ནས། །སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན། །སརྦ་ཐམས་ཅད་མ་ལུས་ཏེ། །འགྲོ་རྣམས་བླ་མེད་དབྱིངས་སུ་སྒྲོལ། །བིགྷྣཱན་སྐྱེ་མེད་ཡེ་ཤེས་ཏེ། །བཾ་ནི་སྐྱེ་མེད་ཡུམ་གྱི་དབྱིངས། །དབྱིངས་དང་ཡེ་ཤེས་འོད་འཕྲོས་པས། ཧཱུྃ་ནི་རྒྱུ་དང་འབྲས་བུ་སྟེ། །ཞབས་ཀྱུ་ཞེ་སྡང་དམྱལ་བ་འཇོམས། །མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། །འ་ནི་འདོད་ཆགས་ཡི་དྭགས་འཇོམས། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །ཧ་ནི་གཏི་མུག་བྱོལ་སོང་འཇོམས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །ཟླ་ཚེས་ཕྲག་དོན་ལྷ་མིན་འཇོམས། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །ང་ནི་ང་རྒྱལ་ལྷ་རྣམས་འཇོམས། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང་། །རང་བྱུང་ཡེ་ཤེས་གཉིས་སུ་རྫོགས། །ཐ་མ་བསྟོད་པ་ཡང་སྒྲུབ་ཐབས་ལྟར་རོ། །གཉིས་པ་བསྐྱེད་རིམ་དང་སྦྱར་ནས་བཟླ་བ་ནི། ཐོག་མར་བདག་རྩ་བའི་དཀྱིལ་འཁོར་དང་། ཕུར་བུ་རྫས་དཀྱིལ་ལ་ཛཔ྄་འབུལ་ཏེ། བདག་རྩ་བའི་དཀྱིལ་འཁོར་སེམས་དཔའ་སུམ་བརྩེགས་ཞེས་པ་ནས་བར་མེད་དུ་འཁོར་བར་བསམ་པའི་བར་སྒྲུབ་ཐབས་བཞིན་ཛཔ྄་དགོངས་གསལ་བཏབ་ཅིང་ཛཔ྄་ཁང་ཕྱེ་ནས། ཛཔ྄་བསྐུལ་ནི། ཧཱུཾ། དབུས་ཕྱོགས་འཁོར་ལོ་འབར་བའི་ལྟེ་བ་ལ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཐུགས་ཀྱི་སྲས་མཆོག་བཛྲ་ཀཱི་ལ་ཡ། །ཡང་སྤྲུལ་ཕྱག་བརྙན་མང་པོའི་ཚོགས་དང་བཅས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །གསུང་ནི་སྒྲ་སྒྲོགས་ཀཱི་ལ་ཡ། །ཐུགས་ནི་མི་རྟོག་ཆོས་དབྱིངས་བཞུགས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཅེས་བཟླ། དེ་ནས་ཕྱོགས་བཅུའི་ཁྲོ་བོའི་ཛཔ྄་འབུལ་ཏེ། ཐུགས་ཀའི་ས་བོན་ཧཱུཾ་ཡིག་ལ་རང་སྔགས་ཀྱིས་བསྐོར་བར་བསམ་ལ། ཧཱུཾ། སྟེང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །ཧཱུཾ་མཛད་སྒྲ་འབྱིན་ཕག་དང་སྨིག་བུའི་མགོ། །ཡང་སྤྲུལ་ཕྱག་བརྙན་མང་པོའི་ཚོགས་དང་བཅས། །སོགས་འགྲེ། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། དེ་བཞིན་དུ། ཧཱུཾ། ཤར་ཕྱོགས་འཁོར་ལོ༴ རྣམ་རྒྱལ་སྙེམས་མ༴ ཡང་སྤྲུལ་ཕྱག་བརྙན༴ ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཧཱུཾ། ཤར་ལྷོ་འཁོར་ལོ༴ དབྱུང་སྔོན་སྡེར་མོ༴ ཞེས་སོགས་ཐམས་ཅད་འགྲེ་ཤེས་པར་བྱའོ། །དེ་ལྟར་ཐུན་རེ་རེ་བཞིན་ཡང་གཙོ་བོ་ལ་སྟོང་དང་ཁྲོ་བཅུ་ལ་བརྒྱ་རེ་བཟླ་ཞིང་། བསྙེན་གྲོགས་ཡོད་ན། ཁོར་ཡུག་ཏུ་བཟླར་གཞུག་པ་དང་། རེས་དབྱངས་རྟ་དང་སྦྱར་ནས་ཐུན་མོང་དུ་འུར་འདོན་ཡང་བྱའོ། །ཐ་མར་བསྟོད་པའང་སྒྲུབ་ཐབས་ལྟར་རོ། །དེ་ནས་སྨད་ལས་ཀྱི་ཛཔ྄་གསུམ་ལས། ཡེ་ཤེས་ལྷ་བསྙེན་པ་ནི་སྔར་བསྐྱེད་རིམ་དང་སྦྱར་བ་ཉིད་ཡིིན་པས་འདིར་ལོགས་སུ་བཟླ་མི་དགོས་ལ། དེ་ལས་གཞན་དམ་ཅན་བསྙེན་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཀ་ཏང་ཀ་ཡེ་སོགས་བཞི་སྙིང་གཅིག་ཏུ་དྲིལ་བ་ཁོ་ན་བཟླས་པས། དམ་ཅན་ཐམས་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་འཐིབས་ཀྱིས་བྱོན་པར་བསམ་པའོ། །ངན་སྔགས་བསྙེན་པ་ནི། གབ་པའི་སྔགས་དྲུག་བཟླ་བ་སྟེ། སྔགས་ཀྱི་འོད་ཟེར་མེའི་ཚྭ་ཚྭ་ལྟ་བུས་དགྲ་བགེགས་ཐམས་ཅད་ཐུལ་ཐུལ་སྲེག་པར་བསམ་པའོ། །དེ་གཉིས་ཀ་ལའང་ཛཔ྄་ཁང་དབྱེ་བ་དང་ཛཔ྄་བསྐུལ་སོགས་འབྱུང་ཡང་མོས་སློབ་ཀྱི་སྐབས་འདིར་དེ་ཙམ་སྟེ། གྲངས་ཀྱང་ཉེར་གཅིག་ཙམ་རེ་ལས་བཟླ་མི་དགོས་སོ། །དེ་ལྟར་འཛབ་བཟླས་ཐོན་ནས་བསྟོད་པའི་གླུ་ཡང་སྒྲུབ་ཐབས་བཞིན་ནོ། །དེ་ནས་ཐུན་ཐ་མའི་མཇུག་ཏུ་ཚོགས་མཆོད་ལྷག་གཏོར་བརྟན་སྐྱོང་སོགས་རྗེས་ཆོག་རྣམས་སྒྲུབ་ཐབས་ཀྱི་ལས་བྱང་ལྟར་བྱ་ཞིང་། སྤྲོ་ན་བརྟན་སྐྱོང་གི་རྗེས་སུ་ཚེའི་བཟླས་པ་དང་ཚེ་འགུག་སྔར་ལྟ་བྱས་ལ་འོག་ནས་འབྱུང་བ་བཞིན་དུ་ཚེ་དབང་རེ་ཡང་བསྐུར། རྒྱུན་ཏིང་གི་གཉུག་མའི་ལྷར་ལངས་ནས། བསྔོ་ཤིས་ཀྱི་རྗེས་སུ་རྟགས་གདབ། ཁྱད་པར་བར་གཅོད་བཟློག་ཕྱིར་ཉུལ་ལེ་འདུལ་བ་ནི། ཐུན་ཐམས་ཅད་ཀྱི་མཐའ་འམ། ཐ་ནའང་ཐུན་རྗེས་མའི་མཇུག་འདིར་ངེས་པར་བྱ་སྟེ། དེ་ལ་དམ་སྲིའི་ཉམས་ལོན་གྱི་རྟགས་ནི། དཀྱིལ་འཁོར་དང་མར་མེའི་མདངས་ཉམས་པ། ཆགས་སྡང་རང་གར་སྐྱེ་ཞིང་། སྐྱོ་འཇིགས་སྙིང་མི་དགའ་བ་ནད་དང་སྡུག་བསྔལ་ལྷོངས་པ། གྱེར་བཟླས་ཀྱི་སུན་པ་སོགས་ཕྱི་ནང་གི་འགལ་རྐྱེན་མང་ན། སྤྱིར་རེ་དོགས་ཀྱི་བསྙེངས་བཅད་དེ་ལྟ་བས་ཟིལ་གྱིས་གནོན། བྱེ་བྲག་ཏུ་དམ་སྲིའི་ལིངྒ་བཅས་ལ། ཨེ་བྷྲཱུཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་བསྐྱེད་ལ། ཕོ་ཉ་བསྐུལ་ཞིང་འགུག་བསྟིམ་བྱ། སྲས་མཆོག་གི་ཕུར་བུ་བླངས་ལ་ཕུར་བསྐོར་གྱིས་གཟིར་ཞིང་། ༀ་ལཾ་ཧཱུཾ་ལཾ་སོགས་ཀྱིས་གདབ་སྔགས་ལ་དམ་ཅན་བཞི་སྙིང་གཅིག་དྲིལ་གྱི་སྔགས་བཏགས་པས་ཕུར་བུ་གདབ། ཁྲོ་བཅུའི་སྔགས་ཀྱི་ཐུན་གྱིས་གཟིར། ཀིངྐ་ར་ཊཀྐི་དཀར་ནག་གི་ཆས་སུ་ཞུགས་པ་བྲན་དང་བཀའ་ཉན་སོགས་ཀྱིས་བསྐུལ་ཏེ། དཀར་པོས་གྲི་ཤང་དང་ནག་པོས་མིའི་ལག་པ་ལྕག་འབྲས་བཏགས་པས་བྲབ་ཅིང་། དྲག་སྔགས་བཟླ་བ་དང་ཐུན་བྲབ་སྤོས་རོལ་ཚམ་རྔམས་དང་བཅས་པས་གཟིར་ལ། མཐར་བྱིན་དབབ་ཅིང་དགོངས་པ་གསལ་ཏེ་ཛཔ྄་དྲག་ཏུ་བཟླ་བ་རྣམས་བྱའོ། །དེ་ནས་ལས་སྦྱོར་སྒྲུབ་པ་ཆེན་པོའི་ཡན་ལག་བདག་དོན་དུ་དངོས་གྲུབ་བླང་བ་ནི། སྟོད་ལས་སྨིན་སློབ་ཀྱི་དབང་དུ་ཡེ་ཤེས་ཀྱི་ལྷ་གྲུབ་པའི་རྟགས་མཚན་རབ་ཡི་དམ་ལྷའི་ཞལ་མཐོང་བ། འབྲིང་ཕུར་བུ་འཁྲོལ་ཞིང་མཆོང་བ། ཐ་མ་ཕུར་བུ་ལས་དུ་བ་དང་འོད་དང་མེ་སྟག་འཕྲོ་བ། སྙན་པའི་སྒྲ་གྲགས་ཤིང་དྲི་བཟང་འཐུལ་བ་སོགས་དངོས་དང་། རྨི་ལམ་དུའང་ཉི་ཟླ་ཤར་བ། མཁའ་ལ་འཕུར་བ། མཚོན་ཆ་རྣོན་པོས་ཐོགས་མེད་དུ་གཅོད་པ། མེ་ཏོག་དང་པུསྟི་ཆར་བབས་པ། ལུང་སྟོན་པ་སོགས་མཚན་མ་ཇི་ལྟར་རིགས་པ་མཐོང་བ་དང་། དུས་དང་གྲངས་ཀྱི་དབང་དུ། དགོངས་རྒྱུད་ལས། ཡུན་ནི་ལོ་ཟླ་ཙམ་དུ་བསྲིང་། །གྲངས་ནི་བྱེ་བ་བདུན་འབུམ་བཟླས། །ཞེས་མཚན་དུས་གྲངས་ཀྱི་བསྙེན་པ་གང་རུང་ངམ། མོས་སློབ་ཙམ་གྱི་ཞག་གྲངས་ཁྲིགས་བཅད་མའི་ནུབ་ཐ་མ་ཡིན་ཡང་རུང་སྟེ། མཐར་དངོས་གྲུབ་བླང་བ་ལ་བཞི་ལས། དང་པོ་དངོས་གྲུབ་ཀྱི་རྟེན་རྫས་བསགས་པ་ནི། དཀྱིལ་འཁོར་གྱི་མཐའ་སྐོར་དུ་གཞི་གཙང་མ་ལ་མེ་ཏོག་གི་སིལ་མ་བཀྲམ་པའི་ཁར། བཟའ་བཅའ་བཏུང་བའི་རྫས་གང་འབྱོན་འདུ་བྱས་ཏེ། མར་ཐུད་ཞོ་ཟན་སོགས་དཀར་བའི་རྣམ་པ་རྣམས་ཤར། ཁུར་བ་ཤིང་ཏོག་སོགས་སེར་བའི་རྣམ་པ་ལྷོ། ཤ་སོགས་དམར་བ་ནུབ། ཆང་སོགས་སྔོ་བ་རྣམས་བྱང་དུ་བཀོད། དར་རམ་རས་དཀར་ཁ་ཚར་མ་ཉམས་པར་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད་ལ་རྒྱས་གདབ། མཆོད་གཏོར་གསར་པ་བཟང་དུ་བཤམ་ཞིང་གཏའ་གཏོར་རྙིང་པ་ཁ་གསོ། སྒྲུབ་པ་པོ་རྣམས་རྒྱན་དང་ཆས་གོས་བཟང་པོ་བསྟར། དངོས་གྲུབ་ཀྱི་གནས་ལ་ཡིད་རྩེ་གཅིག་ཏུ་བྱའོ། །གཉིས་པ་བགེགས་བསལ་བ་ནི། ཉོན་ཅིག་བགེགས་དང་སོགས་ཀྱི་མཐར་སུམྦྷ་དང་ཁྲོ་བཅུའི་སྔགས་ཀྱིས་བགེགས་བསྐྲད་དེ་མཚམས་བཅད། གསུམ་པ་བྱིན་དབབ་པ་ནི། དཀྱིལ་འཁོར་ལ་བསྐོར་ཞིང་སྤོས་རོལ། སྤྱུགས་གླུའི་གཡབ་མོ་དང་བཅས་པས་བྱིན་ཕབ། བཞི་པ་བསྐུལ་ཚིག་གི་སྒོ་ནས་དངོས་གྲུབ་བླང་བ་ལ་གཉིས་ལས། དང་པོ་ཡེ་ཤེས་ཀྱི་ལྷ་ལས་བླང་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་མཚོ་ལ་སྦྲང་ཆར་བབས་པ་ལྟར་བདག་དང་དངོས་གྲུབ་ཀྱི་རྫས་རྣམས་ལ་སིབ་སིབ་ཐིམ་པར་བསམ་ཞིང་། ཧཱུཾ། མི་གནས་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཇི་ལྟར་བདག་གིས་བསྙེན་ཅིང་བསྒྲུབས་པ་ལས། །སྒྲུབ་པའི་ཞག་གི་གྲངས་ཀྱང་ད་ནང་ཐེམས། །བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ད་ནང་འཁྱོལ། །སྒྲུབ་པོ་མིང་སྲིང་གཏོར་མའང་ད་ནང་གཏོང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཕྱོགས་བཅུའི་ཁྲོ་རྒྱལ་ཡབ་ཡུམ་ཟ་གསོད་བཅས། །ཇི་ལྟར་བདག་གིས་བསྙེན་ཅིང་བསྒྲུབས་པ་ལས། །སྒྲུབ་པའི་ཞག་གི་གྲངས་ཀྱང་ད་ནང་ཐེམས། །བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ད་ནང་འཁྱོལ། །སྒྲུབ་པོ་མིང་སྲིང་གཏོར་མའང་ད་ནང་གཏོང་། །དབང་བཅུ་ཡོངས་རྫོགས་དངོས་གྲུབ་སྩལ་དུ་གསོལ། །སངས་རྒྱས་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །གདུག་པའི་དགྲ་བགེགས་མ་ལུས་སྒྲོལ་བའི་ཕྱིར། །ཇི་ལྟར་བདག་གི་བསྙེན་ཅིང་བསྒྲུབས་པ་ལས། །སྒྲུབ་པའི་ཞག་གི་གྲངས་ཀྱང་ད་ནང་ཐེམས། །བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ད་ནང་འཁྱོལ། །སྒྲུབ་པོ་མིང་སྲིང་གཏོར་མའང་ད་ནང་གཏོང་། །ཡོན་ཏན་རྫོགས་པའི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་བཞི་ལྡན་གཞལ་ཡས་སྒོ་བཞི་ནས། །འགུག་འདྲེན་འཆིང་སྡོམ་མྱོས་བྱེད་སྒོ་སྐྱོང་བཞི། །ཇི་ལྟར་བདག་གིས་བསྙེན་ཅིང་བསྒྲུབས་པ་ལས། །སྒྲུབ་པའི་ཞག་གི་གྲངས་ཀྱང་ད་ནང་ཐེམས། །བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ད་ནང་འཁྱོལ། སྒྲུབ་པོ་མིང་སྲིང་གཏོར་མའང་ད་ནང་གཏོང་། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །རྒྱལ་བའི་སྤྱན་སྔར་ཁས་བླངས་དམ་བཅས་པའི། །ཤྭ་ན་ལ་སོགས་དམ་ཅན་སྡེ་བཞི་རྣམས། །ཇི་ལྟར་བདག་གིས་བསྙེན་ཅིང་བསྒྲུབས་པ་ལས། །སྒྲུབ་པའི་ཞག་གི་གྲངས་ཀྱང་ད་ནང་ཐེངས། །བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ད་ནང་འཁྱོལ། །སྒྲུབ་པོ་མིང་སྲིང་གཏོར་མའང་ད་ནང་གཏོང་། །མཐུ་དང་རྫུ་འཕྲུལ་དྲག་པོའི་དངོས་གྲུབ་སྩོལ། །སྐྱ་རེངས་དང་པོ་ཤར་ཙམ་ན། །རི་རབ་རྩེ་ལ་གདུགས་ཀྱང་བརྡལ། །ཡི་དམ་ལྷ་དང་གནམ་དུས་བཏབ། །དངོས་གྲུབ་དང་པོ་དེར་ཡང་ཐོབ། །སྐྱ་རེངས་བར་པ༴ རི་རབ་སྐེད་ལ་གདུགས ༴ མཁའ་འགྲོ་རྣམས་དང་བར་དུས༴ དངོས་གྲུབ་བར་པ་དེར༴ སྐྱ་རེངས་ཐ་མ༴ འཛམ་བུ་གླིང་དུ་གདུགས༴ རིག་འཛིན་རྣམས་དང་ས་དུས༴ དངོས་གྲུབ་ཐ་མ་དེར་ཡང་ཐོབ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །མཚན་མ་མེད་པའི་དངོས་གྲུབ་སྩོལ། །མཚན་མ་རྫས་ཀྱི་དངོས་གྲུབ་སྩོལ། །གཉིས་ཀ་འབྲེལ་བའི་དངོས་གྲུབ་སྩོལ། །སྐུ་ལ་སྐྱེ་ཤི་འཕོ་འགྱུར་མེད། རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །གསུང་ལ་རྣམ་དག་འགགས་པ་མེད། །ཚངས་པ་དབྱངས་ཀྱི་དངོས་གྲུབ་སྩོལ། །ཐུགས་ལ་དུས་གསུམ་འཁྲུལ་པ་མེད། །མངོན་ཤེས་འཕྲུལ་གྱི་དངོས་གྲུབ་སྩོལ། །ནོར་ལ་འཛད་པ་མེད་པ་ཡི། །མི་ཟད་གཏེར་གྱི་དངོས་གྲུབ་སྩོལ། །ཁམས་གསུམ་རླབས་ཀྱིས་སྤྱོད་མཛད་པའི། །མཐུ་ལྡན་གཤོག་པའི་དངོས་གྲུབ་སྩོལ། །ས་བཅུ་རིམ་གྱིས་བགྲོད་མཛད་པའི། །མགྱོགས་ལྡན་ཞབས་ཀྱི༴ རྒྱ་མཚོར་མི་བྱིང་འཛུལ་མཛད་པའི། །མཐུ་ལྡན་རླུང་གི༴ བཅུད་ལྡན་ཟས་དང་དབྱིག་ལྡན་ནོར། །ཅི་འདོད་ཡིད་བཞིན་དངོས་གྲུབ་སྩོལ། །གཉིས་པ་མཚན་མ་རྫས་ལས་བླང་བ་ནི། དངོས་གྲུབ་ཀྱི་རྫས་ཀྱི་ཛ་གད་ནས་སྣོད་ཆེ་བ་གཅིག་ཏུ་བླུགས་པའི་སྟེང་བདུད་རྩི་བཏབ་ལ། སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས་ཏེ་སྨན་མཆོད་རྒྱས་པར་བྱས་ནས་ཀཱི་ལ་ཡ་བརྒྱ་རྩ་བརྒྱད་བཟླས་པས་སྐྱེས་ལན་གྱི་ཚུལ་དུ། ལྷ་རྣམས་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་སྟེ་ཛ་གད་ལ་ཐིམ་པས། དེ་ༀ་ཨཱཿཧཱུཾ་གསུམ་དུ་གྱུར་པར་བསམ་ལ། ༀ་ཨཱཿཧཱུཾ། རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་རྫས། །མྱ་ངན་དངོས་གྲུབ་ཐོབ་པར་འགྱུར། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ༀ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཞེས་པས་དངོས་གྲུབ་བླངས་ཏེ། ལྷག་མ་དངོས་གྲུབ་ཀྱི་རྫས་བྱིངས་དང་མཉམ་དུ་བཟའ་བཅའ་རྣམས་གཡས་དང་བཏུང་བ་རྣམས་གཡོན་བསྐོར་དུ་དྲང་ཞིང་། ཨ་ལ་ལ་ཧོཿ ཞེས་བླངས་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་རོལ་ཞིང་། ལྷ་དང་དངོས་གྲུབ་འོད་དུ་ཞུ་ནས་བདག་གི་ཐུགས་སྲོག་ལ་བསྡུ་ཞིང་དབྱེར་མེད་དུ་གྱུར་པར་བསམ་ལ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཞེས་མེ་ཏོག་གི་ཆར་དབབ་ཅིང་རོལ་མོའི་སྒྲ་ཡང་བསྒྲགས་པར་བྱ་སྟེ། ཤིས་བརྗོད་ཀྱིས་དངོས་གྲུབ་བརྟན་པར་བྱའོ། །དེ་ནས་གཞན་དོན་དུ་སློབ་མ་ལ་དབང་བསྐུར་བ་ནི། དབང་གི་བྱ་བ་གུད་དུ་བཀོལ་བ་བཞིན་སྐབས་འདིར་བསྐུར་བར་བྱ་བ་ཡིན་ནོ། །གསུམ་པ་རྗེས་སྒྲུབ་པའི་ལས་ཀྱི་མཇུག་བསྡུ་བ་ལ། མར་མེའི་སྨོན་ལམ་གཏོར་མ་བཏང་། །བྲོ་བརྡུང་ཚེ་དབང་གཏང་རག་བཤགས། །དཀྱིལ་འཁོར་བསྡུ་ཞིང་རྒྱུན་ཏིང་དང་། །མཚམས་གྲོལ་རྡུལ་ཚོན་གཤེགས་བྱས་ལ། །བསྔོ་སྨོན་ཤིས་བརྗོད་གནས་བསྲུང་ངོ་། །ཞེས་པ་ལྟར་བཅུ་གསུམ་ལས། དང་པོ་མར་མེ་སྨོན་ལམ་ནི། དཔོན་སློབ་ཐམས་ཅད་ལག་བསྣོལ་བས་སྲིན་ལག་སྦྲེལ་ཏེ་གཡོན་པས་མར་མེ་བཟུང་ལ། ཧཱུཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྷུང་དང་། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང་། །ལོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིལ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་ཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང་། །གསུམ་པའི་དབང་གིས་འབྲེལ་བའི་རིག་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེས་དུས་བྱུང་ནས། །འཁོར་བའི་གཡང་སར་ལན་གཅིག་ལྷུང་སྲིད་ཀྱང་། །སྣང་བའི་གོ་འབྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིང་། །ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་བརྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཞིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང་། །རྡོ་རྗེ་ཁྲོ་རྒྱལ་ཁྱོད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་སུ་གྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །གཉིས་པ་གཏོར་མ་བཏང་བ་ནི། ཚོགས་ལྷག་བསྡུས་ཏེ་སྔར་བཙོན་འཛིན་བྱས་པ་རྣམས་དང་མཉམ་དུ་མཚམས་ཀྱི་ཕྱིར་གཏོང་། དེ་ནས་ཆོས་སྐྱོང་རྣམས་ཀྱི་གཏོར་མ་ཕུལ་ནས་བཤལ་ཆུས་བརྟན་མ་བསྐྱང་བའོ། །གསུམ་པ་ལས་བཞིའི་བྲོ་བརྡུང་བ་ནི། གཏོར་གཞོང་སྦུབ་ལ་སྒྲུབ་ཐབས་ལྟར་ལས་བཞིའི་བྲོ་བྱ། བཞི་པ་ཚེ་དབང་བསྐུར་བ་ནི། སྔར་ལྟར་ཚེ་ཛཔ྄་དང་ཚེ་འགུག་བྱས་རྗེས། ཚེ་བུམ་འབྲང་རྒྱས་དང་བཅས་པ་མཆེད་རྣམས་ཀྱི་སྤྱི་བོར་བཞག་སྟེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཨ་ཡུ་ཥེཿཨ་བྷི་ཥིཉྩ་ཧཱུཾ་ཨཱཿ ཞེས་དང་། གནས་གསུམ་སོ་སོར་བཞག་སྟེ། ཀཱ་ཡ་ཨ་ཡུ་ཥེཿཨཱོཾ། ཝཱ་ཀ་ཨ་ཡུ་ཥེཿཨཱཿ ཙིཏྟ་ཨ་ཡུ་ཥེཿཧཱུཾ། ཞེས་སྐུ་གསུང་ཐུགས་ཀྱི་ཚེ་ཡི་དངོས་གྲུབ་བསྟིམ་ཞིང་དབང་བསྐུར་བདུད་རྩི་བླུད། ཚེ་མར་སྤྱི་གཙུག་ཏུ་བྱུགས་པས། ལུས་མི་ཤིགས་པ་རྡོ་རྗེའི་རང་བཞིན། ངག་གྲགས་སྟོང་ཀཱི་ལ་ཡར་གྲགས། ཡིད་སྟོང་གསལ་འཆི་མེད་གཉུག་མའི་རང་བབས་སུ་འཇོག་ཏུ་བཅུག་སྟེ་མེ་ཏོག་འཐོར། ཚེ་འབྲང་གཡས་བསྐོར་དང་ཚེ་ཆང་གཡོན་བསྐོར་དུ་རོལ་པར་བྱའོ། །ལྔ་པ་གཏང་རག་ནི། མཆོད་པ་ཁ་གསོས་ལ་བྱིན་གྱིས་བརླབས་ནས། མཆོད་ཅིང་བསྟོད་པར་བྱའོ། །དྲུག་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཀྱི་མཐར་ཡིག་བརྒྱས་བཟོད་པར་གསོལ་ལོ། །བདུན་པ་དཀྱིལ་འཁོར་བསྡུ་བ་ནི། རྡུལ་ཚོན་གྱི་ཉིན་སྔ་མ་རྣམས་དང་རས་བྲིས་ལ་རྣམ་པ་ཐམས་ཅད་དུ་ཡེ་ཤེས་པ་བརྟན་བཞུགས་བྱ་ཞིང་། རྡུལ་ཚོན་གྱི་ཉིན་ཐ་མ་ལ། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་མཐར། ཛྙཱ་ན་མཎྜ་ལ་བཛྲ་མུཿས་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་སྒྲུབ་ཐབས་བཞིན་བསྡུས་ལ་རྟག་མཐའ་བསལ། བརྒྱད་པ་རྒྱུན་ཏིང་ནི། ལྷར་ལངས་བས་ཆད་མཐའ་བསལ་བསྒྲུབ་ཐབས་བཞིན་ནོ། །དགུ་པ་མཚམས་འགྲོལ་བ་ནི། ཕྱི་རོལ་དུ་སོང་ལ། རྒྱལ་ཐོ་དང་སྒོ་བྱང་གི་ལྷ་ལ་མཆོད་གཏོར་སྔར་བཞིན་ཕུལ་ལ། ཕྱིན་ཆད་ཀྱང་བར་གཅོད་མི་འབྱུང་བར་གསོལ་བ་བཏབ་ནས། ཡ་ཧི་གཙྪས་གཤེགས་སུ་གསོལ། ནང་དུ་ཞུགས་ནས་ཧཱུཾ་བཞི་པའི་སྔགས་ཀྱིས་ཕུར་བུ་རྣམས་ཕྱུངས་ལ། སྤྱན་མའི་སྔགས་ཀྱིས་བཏབ་པ་འོ་མས་བཀྲུས་པས་བགེགས་རྣམས་སོས་པར་བསམ་མོ། །བཅུ་པ་རྡུལ་ཚོན་གཤེགས་པ་ནི་། ཆོས་ཐམས་ཅད་སྐྱེ་མེད་དུ་མོས་པས་ཨ་ཀཱ་རོ་བཟླ་ཞིང་དྲིལ་བུ་གསིལ། གཡས་རྡོ་རྗེ་དང་བཅས་པས་ལྷ་མཚན་རྣམས་བླང་ལ་ཅུང་ཟད་མགོ་བོར་བཀོད། ལྷག་རྣམས་ཤར་གྱི་ཚངས་ཐིག་ནས་དབུས་ཀྱི་བར་ཕྱགས་ལ་ཐིག་ཤུལ་རྣམས་དྲི་བཟང་གིས་དབྱི། རྡུལ་ཚོན་བུམ་པར་བླུགས་ཏེ་བཀུར་སྟི་ཆེན་པོས་ཆུ་བོར་སྤྱན་དྲངས། བུམ་པ་དེ་ཆུས་བཀང་སྟེ་སླར་འོང་ནས་དཀྱིལ་འཁོར་ཁང་པ་སོགས་ལ་བསང་གཏོར་བྱའོ། །བཅུ་གཅིག་པ་བསྔོ་སྨོན་དང་། བཅུ་གཉིས་པ་བཀྲ་ཤིས་བརྗོད་པ་སྒྲུབ་ཐབས་བཞིན་ནོ། །བཅུ་གསུམ་པ་གནས་བསྲུང་བ་ནི། སྒྲུབ་པ་པོ་རྣམས་ཞག་གཅིག་ཕྱི་རོལ་དུ་མི་འགྲོ །ཞག་གསུམ་གྱི་རིང་ཐག་རིང་དུ་མི་འགྲོ་ཞིང་བླ་མ་མིིན་པ་གཞན་ལ་ཕྱག་མི་བྱ། གཞུང་བསྲང་ཚར་རེ་ཙམ་གྱིས་གཏོར་མ་བཏང་ཞིང་མཚམས་ཁད་ཀྱི་དགྲོལ། ཡང་མོས་སློབ་ཀྱིས་སྒྲུབ་ཆེན་འདྲ་འབག་ཙམ་ཡང་མི་ལྕོགས་པས་སྒྲུབ་མཆོག་སྤྱི་འགྲོ་ལྟར་བྱེད་པར་འདོད་ན། ནུབ་དང་པོ་ས་ཆོག་གི་ས་བཟུང་བ་ཡན་ཆད་སྔར་བཞིན་ལས། ས་བསྲུང་གི་ཚེ་ནང་མཚམས་ནས་འབྱུང་བ་ལྟར་ཕྱོགས་སྐྱོང་ཕུར་གདབ་རྣམས་བྱ། ནུབ་གཉིས་པར། ཆག་ཆག་གདབ་ཅིང་ཐིག་དང་ཐིག་ཚོན་གྱི་དཀྱིལ་འཁོར་བྲིས་ནས། ཕུར་བུ་དང་བུམ་པ་བྱིན་གྱིས་བརླབས་ལ་འགོད་པ་ཙམ་བྱས་རྗེས། མཆོད་གཏོར་དཀྱིལ་འཁོར་གྱི་རྒྱན་སོགས་སྡེབས་འགོད་བྱས་ཏེ། བླ་མེད་མཆོག་གི་མཐར་སྔགས་སྤེལ་བ་ཙམ་བྱའོ། །དེ་ནས་སྒྲུབ་མཆོད་དངོས་གཞི་ཞག་ཇི་ཙམ་བྱེད་ཀྱི་བར་ཉིན་རེ་བཞིན། སྔོན་འགྲོ་ལས་བདུན་སྔར་ལྟར་ལས་རྟགས་གདབ་པ་དོར། དངོས་གཞིའི་ལས་གཞུང་སྒྲུབས་ཐབས་ལྟར་ལས། བཟླས་པའང་བསྐྱེད་རྫོགས་གཉིས་དང་སྦྱར་བའི་ཡེ་ཤེས་ལྷའི་ཛཔ྄་བསྙེན་གཉིས་པོས་ཆོག །རྗེས་ཆོག་ཀྱང་ཚོགས་མཆོད་སོགས་སྒྲུབ་ཐབས་ལྟར་ལས། ནུབ་ཐ་མར་བྲོ་བརྡུང་གི་རྗེས་སུ་དངོས་གྲུབ་ལེན་པ་དང་། དཀྱིལ་འཁོར་གྱི་ཡེ་ཤེས་པ་གཤེགས། ཕུར་བུ་ཕྱུང་ལ་རྡུལ་ཚོན་དབྱི་ཞིང་ཆུ་བོར་དོར་བ་རྣམས་ལྷག་པོར་བསྒྲུབ་པ་སྟེ། འདོར་ལེན་གྱི་དམིགས་ཕྱེད་པར་བྱ་བ་ཡིན་ནོ། །གསུམ་པ་གྲུབ་པའི་འབྲས་བུ་ནི། སྒྲུབ་ཐབས་སུ་བཤད་པ་བཞིན་ཤེས་པར་བྱའོ། །རྡོ་རྗེ་ཕུར་བུའི་སྟོད་ལས་ཚོགས་སྒྲུབ་ཀྱི། །སྒྲུབ་ཁོག་དངོས་གྲུབ་བདེ་ཆེན་བདུད་རྩིའི་བཅུད། །མན་ངག་ཐབས་ཀྱི་ལེན་པའི་ཕྱག་བཞེས་ཁྲིགས། །མ་ནོར་གབ་འཁྲུགས་གསལ་བསྡེབས་ཡི་གེར་སྤེལ། །དགེ་འདིས་པདྨའི་མན་ངག་གསང་བའི་གཏམ། །རིག་འཛིན་བརྒྱུད་པའི་རྣ་དབང་ལས་འོངས་པའི། །ལམ་འདིས་འགྲོ་ཀུན་ཆོས་ཀྱི་དབྱིངས་བསྒྲལ་ནས། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་ས་ཐོབ་ཤོག །རྡོ་རྗེ་ཕུར་བུ་རོག་ལུགས་ལྷ་ནག་གི་སྟོད་ལས་སྒྲུབ་ཁོག་བདེ་ཆེན་བདུད་རྩིའི་བཅུད་ལེན་ཞེས་བྱ་བ་འདི་ནི། ཀོང་པོ་བདེ་ཆེན་སྟེང་ནས་བླ་མ་སྙེམ་མདོ་བ་སོ་སྟོན་ཁུ་དབོན་གྱིས་ཟང་ཟིང་གི་སྐྱེས་དང་བཅས་ཏེ་དོན་གཉེར་ཆེན་པོའི་གསུང་གིས་བསྐུལ་ཞིང་གཞིས་བཞུགས་བླ་མ་ཁུ་དབོན་གྱིས་ཀྱང་རྗེས་མཐུན་དུ་བསྐུལ་མ་བཏབ་པའི་གསུང་ངོར། གཏེར་ཆེན་བླ་མ་ཡབ་སྲས་རིགས་བདག་ཏུ་ཐོབ་པའི་སྨྱོས་ཀྱི་སྟོན་སྒོམ་རྒན་པོ་དྷརྨཱ་ཤྲཱིས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།

རོག་ཕུར་སྨད་ལས་ཀྱི་སྒྲུབ་ཁོག་གདུག་ཅན་མཐར་བྱེད་རྡོ་རྗེ་འབར་བའི་འཁྲུལ་འཁོར། དྷརྨཱ་ཤྲཱི།

རོག་ཕུར་སྨད་ལས་ཀྱི་སྒྲུབ་ཁོག་གདུག་ཅན་མཐར་བྱེད་རྡོ་རྗེ་འབར་བའི་འཁྲུལ་འཁོར་ཞེས་བྱ་བ་བཞུགས་སོ། །འདི་ནི་སྨིན་སློབ་ཀྱི་ལག་ལེན་གཙོ་བོར་བྲིས་པ་ཡིན་པས་དཔེ་རྒྱུན་ལ་དམ་པར་བྱའོ། ། རྡོ་རྗེ་ཕུར་བུའི་སྨད་ལས་ཀྱི་སྒྲུབ་ཁོག་གདུག་ཅན་མཐར་བྱེད་རྡོ་རྗེ་འབར་བའི་འཁྲུལ་འཁོར་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །བདེ་ཆེན་ཡེ་ཤེས་རྣམ་འགྱུར་ལས། །དཔག་མེད་ཁྲོ་ཚོགས་འབར་བའི་གཟིས། །བདུད་དགྲ་དབྱིངས་སུ་སྒྲོལ་མཛད་པ། །བླ་མ་རྡོ་རྗེ་གཞོན་ནུར་འདུད། །གདུག་ཅན་མིང་མཐར་བརླག་བྱེད་པའི། །རྡོ་རྗེ་ཕུར་བུའི་སྨད་ལས་ཁྲིགས། །འབར་བའི་བསྐལ་མེས་བདུད་སྡེའི་དཔུང་། །སྲེག་བྱེད་དགྲ་པོའི་འཁྲུལ་འཁོར་བཅའ། །འདི་ལ་གསུམ་སྟེ། དམིགས་པའི་ཡུལ། སྒྲུབ་པའི་ཐབས། གྲུབ་པའི་འབྲས་བུའོ། དང་པོ་ནི། བསྒྲལ་བྱ་སྒྲོལ་བའི་ཡུལ་སྙིང་རྗེས་དམིགས་པར་བྱའོ། །གཉིས་པ་ནི། སྨད་ལས་ལ་བརྟེན་ནས་དགྲ་བགེགས་སྒྲོལ་བའི་ཐབས་དྲག་པོ་མངོན་སྤྱོད་ཀྱི་ལས་ཏེ། དེ་ལའང་སྒྲུབ་པའི་གཞི་བཟུང་བ་དང་། སྒྲུབ་པའི་རིམ་པ་དང་དངོས་གཉིས། དང་པོ་ནི། ལྟ་བའི་གདེངས་དང་བསྙེན་སྒྲུབ་ལས་གསུམ་ལ་དྲོད་ཚད་བརྙེས་པའི་སློབ་དཔོན་གྱིས། དཔའ་བརྟུལ་ཆེ་བ་དྲག་པོའི་འཁོར་དང་ལྷན་ཅིག །གནག་ཅིང་རྩུབ་ལ་གཉན་པ་མངོན་སྤྱོད་དང་རྗེས་སུ་མཐུན་པའི་གནས་སུ། སྒྲུབ་རྫས་སྤྱི་དང་། ཁྱད་པར་སྨད་ལས་ལ་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་བསགས་ཏེ། མར་ངོའི་གཟའ་སྐར་དུས་ཚོད་དྲག་ཅིང་རྩུབ་པའི་དུས་སུ་སྒྲུབ་ཅིང་ལས་ལ་སྦྱོར་བའོ། །གཉིས་པ་ལ། བསྙེན་པ་གསུམ་བྱ་བ། ལས་སྦྱོར་གྱི་སྒོ་ནས་དངོས་གྲུབ་ཀྱི་བཅུད་བླང་བ། ལས་ཀྱི་ཁ་བསྐང་ཞིང་མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྟོད་ལས་ཀྱི་བསྙེན་པ་གསུམ་ཡོངས་རྫོགས་སུ་བྱ་བ་དང་། དེ་གྲུབ་ནས་སྨད་ལས་ཀྱི་བསྙེན་སྒྲུབ་ལ་འཇུག་པའོ། །དང་པོ་ནི། དུག་ཕུར་ནག་པོའི་ལས་བྱང་རྩ་བར། ཕུན་སུམ་ཚོགས་པའི་སློབ་དཔོན་གྱིས། །བསྙེན་པ་རྣམ་གསུམ་རྫོགས་བྱས་ནས། །ཞེས་གསུངས་པ་ལྟར། ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ། དམ་ཅན་ཉེ་བར་བསྙེན་པ། ངན་སྔགས་ཉེ་བར་བསྙེན་པ་གསུམ་སྟེ། སྒྲུབ་ཐབས་དང་སྒྲུབ་ཁོག་ལྟར་བྱ་བ་ལས། ཕྱི་མ་གཉིས་ཀྱི་འཛབ་ཁང་དབྱེ་བ་དང་བསྟོད་པ་ནི། ཡེ་ཤེས་ལྷའི་བསྙེན་པ་འདྲ་ལ། འཛབ་བསྐུལ་གྱི་དོད་དུ། དམ་ཅན་བསྙེན་པའི་ཚེ་རྒྱས་པར་སོ་སོའི་བསྐུལ་གྱི་བཀོལ་བྱང་འོག་ནས་འབྱུང་བ་ལྟར་རམ། བསྡུ་ན་དེ་ཐུན་ཐ་མ་གཅིག་པུར་སྦྱར་ཞིང་ཐུན་གཞན་རྣམས་ལ། ཤྭ་ན་མུ་ཁའི་དུས་ལ་བབ། །ཅེས་སོགས་བབ་ལྔས་བསྐུལ་ལོ། །ངན་སྔགས་ཀྱི་ཚེ་སྒྲུབ་ཐབས་ལྟར་འདོད་པའི་དོན་ལ་གསོལ་བ་གདབ་པ་ཉིད་ཀྱིས་བསྐུལ་བ་ཡིན་ནོ། །དེ་ལྟར་བསྙེན་པ་གསུམ་གྱིས་ཡེ་ཤེས་ཀྱི་ལྷ་གྲུབ་པའི་རྟགས་སྒྲུབ་ཁོག་ཏུ་བཤད་པ་ལྟར་དང་། དམ་ཅན་གྲུབ་པའི་རྟགས་སུ་རབ་སྲུང་མའི་སྐུ་དངོས་སུ་སྟོན། འབྲིང་དངོས་གྲུབ་ཀྱི་རྟགས་སྟེར། ཐ་མ་དགྲ་བོའི་གློ་སྙིང་ཕྱུང་བའམ་བླ་འཁྲིད་པ་དང་བསད་པ་སོགས་འབྱུང་། ངན་སྔགས་ཀྱི་རྟགས་སུ་རབ་དགྲ་བོའི་གློ་སྙིང་ཕྱུང་བ། འབྲིང་དགྲ་བོ་དངོས་སུ་འཁྲིད་པ། ཐ་མ་དགྲ་བོའི་བླ་བསད་པ་རྣམས་དངོས་ཉམས་གང་རུང་དང་། རྨི་ལམ་དུ་ཡང་རྒྱ་མཚོ་འཐུང་བ། རི་རབ་འཕེན་པ། ཉི་ཟླ་སྤར་བས་འཛིན་པ་སོགས་འབྱུང་བའོ། །གཉིས་པ་དེ་གྲུབ་ནས་སྨད་ལས་ཀྱི་བསྙེན་སྒྲུབ་ལ་འཇུག་པ་ནི། དེ་ལས། དགྲ་བགེགས་རྣམ་གཉིས་བསྒྲལ་བའི་ཕྱིར། །དྲག་པོའི་གནས་སུ་དཀྱིལ་འཁོར་བྲི། །ཞེས་གསུངས་པ་ལྟར། སྟོད་ལས་སུ་བསྙེན་པ་ཡོངས་རྫོགས་ཀྱི་ལུགས་ཀྱིས་བསྙེན་པ་གསུམ་ལ་རྟགས་ཐོན་པ་དང་། སྟོད་ལས་ཀྱི་སྒྲུབ་པ་བསྡུས་ཏེ། ཞག་འགའ་ངལ་གསོས་ནས། སྨད་ལས་ཀྱི་དཀྱིལ་འཁོར་ཨེ་ཀ་དམར་ནག་གི་ཚུལ་དུ་བཞེངས་ཏེ། བིདྱོཏྟ་མ་ལས། དབུས་ན་ཕོ་བྲང་ཨེ་ཡི་དཀྱིལ། །ཟླ་གམ་དབང་ཆེན་རཀྟའི་རྒྱ་མཚོ་འཁྲུག །ཆོས་སྐུ་སྐྱེ་མེད་མུ་ཁྱུད་ཟླུམ་པོར་འཁྱིལ། །མཁའ་དབྱིངས་བཅུ་དྲུག་ཨེ་ཡི་མཐའ་བསྐོར་ཏེ། །དུག་གསུམ་འཇོམས་ཕྱིར་ཐོད་པ་ཚར་གསུམ་དང་། བར་ཁྱམས་དང་ནི་ཡེ་ཤེས་སྒོ་བཞིར་ལྡན། །ཕྱི་རོལ་ཁོར་ཡུག་བསྐལ་པའི་མེ་རིས་བསྐོར། །ཞེས་གསུངས་པ་ལྟར། ལྟེ་བ་གྲུ་གསུམ་མཐིང་ནག །ཟླ་གམ་གསུམ་དམར་པོ། མུ་ཁྱུད་ཐོད་ར་དཀར་པོ་རྣམས་འདྲ་བས་དེའི་ཕྱིར་གྲུ་ཆད་ཀྱི་ཐིག་ལ་རེག་པར་བསྐོར་བའི་མུ་ཁྱུད་མཐིང་ཀ་ཟླུམ་པོའི་ནང་གཞི་དམར་སྨུག་ལ། ཕྱོགས་མཚམས་བརྒྱད་དུ་ཨེ་གྲུ་གསུམ་ཟུར་ཕྱིར་བསྟན་རེ་དང་། དེ་དག་གི་དབལ་ཁ་བརྒྱད་ལ་གྲུ་གསུམ་ལོགས་ཕྱིར་བསྟན་རེ་སྟེ། གྲུ་གསུམ་མཐིང་ནག་བཅུ་དྲུག་བྲི། གྲུ་ཆད་ཁྲག་མཚོ་ཁྱམས་སེར་པོ། སྒོ་ཕྱོགས་མདོག །ཐོད་པ་ཚར་གསུམ་གྱི་རྩིག་པ་སོགས་དེ་ཕྱིན་སྟོད་ལས་ལྟར་རོ། །དེ་ནས་ཕྱག་རྒྱ་དགོད་པ་ནི། །ལྷ་ཕུར་ཉི་ཤུ་ལྔ་ལས། དབུས་ཀྱི་གྲུ་གསུམ་ལ་གཙོ་ཕུར། ཕྱོགས་མཚམས་ཀྱི་གྲུ་གསུམ་བརྒྱད་ལ་ཁྲོ་བོ་བརྒྱད། དབལ་ཁའི་གྲུ་གསུམ་བརྒྱད་ལ་ཟ་བྱེད་བརྒྱད། སྟེང་འོག་གི་ཁྲོ་བོ་ཟ་བྱེད་དང་བཅས་པ་ཤར་ནུབ་ཀྱི་ནང་ཐོད་རའི་རྩར་གྲུ་གསུམ་རེ་ལ་འགོད་ཅིང་། ཡུམ་རྣམས་ཀྱི་ཕྱག་རྒྱ་དམར་ནག་གྲུ་གསུམ་ཉིད་ཡིན་པས་གུད་དུ་དགོད་མི་དགོས་ཞེས་གསུངས་ཡང་། ཕུར་བུ་ལོགས་སུ་ཡོད་ན་གཙོ་བོ། ཁྲོ་བཅུ། ཟ་བྱེད་དེ་ཡབ་ཉེར་གཅིག་པོ་སོ་སོའི་མདུན་ངོས་སུ་ཡུམ་ཕུར་རྣམས་ཡབ་ལ་ཞལ་ཕྱོགས་པའི་ཚུལ་དུ་བཀོད་ཀྱང་མི་འགལ། དེ་ཕྱིན་སྒོ་བཞིར་སྒོ་ཕུར། ཁྱམས་ལ་དམ་ཅན་སྡེ་ལྔའི་ཕུར་བུ་བཅོ་ལྔ་རྣམས་དགོད། གཞན་ཡང་སྲས་མཆོག་དང་། མགྱོགས་ཕུར་སུམ་ཅུ་ཡང་འདུ་བྱའོ། །དེ་ནས་དམ་རྫས་བཤམ་པ་ནི། དཀྱིལ་འཁོར་གྱི་མདུན་དུ་འབྲུ་སྣའི་རྗེན་ལ་དཔལ་ཆེན་པོའི་འདས་གཏོར་ཤ་ལྔ་བདུད་རྩི་ལྔས་བརྒྱན་པ་དར་ནག་གི་གདུགས་ཕུབ་པ་སྟེགས་ལ་བཀོད་པའི་གཡས་གཡོན་དུ་སྨན་རཀ །ཤར་ལྷོར་ཤྭ་ན་བཞིའི་གཏོར་མ་ཝ་ཁྱི་འཕར་སྤྱང་གི་ཤས་བརྒྱན་པ། ལྷོ་ནུབ་ཏུ་བསྭེ་མོ་བཞིའི་གཏོར་མ་ཁྲག་ཞག་འོ་མ་མར་བཞིིའི་དབུས་མཐེབ་ཀྱུས་བརྒྱན་པ། བྱང་ཤར་དུ་རེ་མ་ཏི་བཞིའི་གཏོར་མ་ནལ་བུའི་ཤ་ཁྲག་དང་ཁྲག་སྣ་སྙིང་སྣས་བརྒྱན་ཅིང་ཚིལ་ཆེན་གྱིས་ཁ་བཀབ་ལ་རྩེ་མོར་རྨ་བྱའི་སྒྲོ་གདུགས་ཕུབ་པ། ནུབ་བྱང་དུ་གིང་གསུམ་གྱི་གཏོར་མ་ཤ་གཟུགས་དང་སྟག་གཟིག་རས་མ་མདའ་དར་ལེ་བརྒན་རྣམས་ཀྱིས་བརྒྱན་པ་རྣམས་གཏའ་གཏོར་ཏེ། རྒྱུན་གཏོར་ཀྱང་ཅི་འབྱོར་པ་དང་། མཆོད་རྫས་ཚོགས་ཀྱི་ཡོ་བྱད་རྣམས་ཀྱང་བཤམ་མོ། །དེ་ནས་ལིངྒ་དང་། བྲུབ་ཁུང་བཅའ་བ་ནི། དཀྱིལ་འཁོར་ཀྱི་ལྷོ་ནུབ་ཏུ། ཕུང་ཤུལ། གཡུལ་བཀྱེ། དུར་ཁྲོད། གྲོག་མཁར་རྣམས་ཀྱི་ས་དུག་ཁྲག་དང་བོང་གཅིན་སོགས་ཀྱིས་སྦྲུས་པའི་བྲུབ་ཁུང་མེ་རི་རྩང་དམར་གྱིས་བསྐོར་ཞིང་། རོ་གཡམ་ལ་རྒྱ་གྲམ་བྲིས་པས་ཁ་བཅད་པའི་ནང་དུ། ལིངྒ་བྱད་ཐག་སྔོ་དམར་གྱིས་བཅིང་ཞིང་ཡུགས་སྐྲ་སྐེ་ལ་བཏགས་པས་ཁམས་གསུམ་རྣམ་རྒྱལ་གྱི་ཕུར་བུར་བརྟོད་དེ་མགོ་ལྷོ་ནུབ་ལ་བསྟན་ནས་གན་རྒྱལ་དུ་བཞག་གོ། །དེ་ལ་ལིངྒ་ནི། དུར་ཁྲོད་ཀྱི་འཇག་མ་ཡུག་སྐྲའམ་རོ་རས་ཀྱི་སྐུད་པས་བསྡམས་པའི་རུས་ཤིང་ལ། དགྲ་ལ་ཁང་སའམ་དྲི་མ་དྲུག་གང་རྙེད་གྲོག་མཁར་གྱི་ས་དང་བསྲེས་པ་དུག་ཆུས་བརྫིས་པའི་འདམ་དང་། འདྲེ་ལ་གནས་རྟེན་གྱིས་ལུག་ཐུག་གི་ཆུས་བརྫིས་པའི་འདམ་སྟེ། སྔར་གྱི་རུས་ཤིང་ལ་ཁྱད་པར་གྱི་འདམ་གྱི་འདག་པ་བྱུགས་ནས་དགྲ་གཟུགས་ཇི་ལྟ་བ་དང་། འདྲེ་ལ་རྨི་ལམ་དུ་གང་བྱུང་གི་གཟུགས་ཁྲུ་གང་བ་གཅིག་བྱས་ལ། དེའི་སྙིང་གར་དགྲ་འདྲེའི་མིང་བྱང་བྲིས་པ་ལྟེ་བ་ལ་ཚོན་སྐུད་ཀྱིས་བཅིངས་ནས་འཇུག་པར་བྱ་སྟེ། མིང་བྱང་ནི། བྲི་གཞི་དགྲར་རོ་རས་དང་འདྲེར་དུག་ཤོག་ལ། དུག་ཁྲག་ཐལ་ཆེན་རྣམས་དང་སྦྱར་བའི་སྣག་ཚ་དང་། མཚོན་གྲིར་བསད་པའི་མི་རྐང་གི་རུས་པའི་སྨུག་གུས་ལིངྒའི་གཟུགས་བྲིས་པའི་སྙིང་གར་ནྲྀའམ་ཏྲིའི་མཐར་མིང་དང་། དཔྲལ་བར་རུས། བརླར་བླ་དྭགས། སྤྱི་བོ། སྙིང་ག །ཡན་ལག་བཞི། ལྕེ། དཔྲལ་བ། འདོམས་རྣམས་སུ་ལྷ་དང་དབྲལ་བ་ནས་སྟོབ་པའི་བར་གྱི་གབ་པའི་སྔགས་དྲུག་པོ་དང་། ལིངྒའི་ཐ་མ་བཞི་སྙིང་གཅིག་ཏུ་དྲིལ་བའི་སྔགས་ཀྱིས་བར་མེད་དུ་འཁོར་བ་བྲིའོ། །གཞན་ཡང་ལྷ་དབྱེ་ལ་སོགས་པའི་ལས་དྲུག་གི་རྫས་དང་། མནན་བསྲེག་འཕང་བའི་རྫས་སོ་སོའི་བཀོལ་བྱང་ལྟར་བསགས་པ་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་འདུ་བྱའོ། །དེ་ལྟར་བཅས་ཀྱི་བཤམས་བཀོད་རྣམས་ཚར་ནས། བསྙེན་སྒྲུབ་ཀྱི་ཆོ་ག་ནི། དེ་ལས། ཐུན་མོང་ལས་རྣམས་རྫོགས་བྱས་ནས། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །སྤྱན་དྲངས་མཆོད་ཅིང་བསྙེན་པ་འབུལ། །དྲུག་དྲུག་སུམ་ཅུ་རྩ་དྲུག་གིས། །སྒྲུབ་པའི་ལས་རྣམས་རྫོགས་བྱས་ལ། །དྲག་པོའི་ལས་ལ་སྦྱར་བར་བྱ། །ཞེས་གསུངས་པས་སྨད་ལས་ཀྱི་བསྙེན་སྒྲུབ་ལས་གསུམ་པོ་དེ་ཟླ་བའི་ནག་ཕྱོགས་ཀྱི་ཉེར་གཅིག་ནས་དགུ་སྟོང་གི་བར་ལ་རྫོགས་པར་བྱེད་པ་སྟེ། དེ་ལ་དང་པོ་བསྙེན་པ་ནི། སྨད་ལས་ཀྱི་མགོ་ནོན་དུ་ཡེ་ཤེས་ལྷའི་བསྙེན་པ་དང་། དམ་ཅན་གྱི་བསྙེན་པ་གཉིས་ཁ་གསོ་བ་ཡིན་པས། དུས་བཞི་འམ་དྲུག་ཏུ་ལས་གཞུང་བསྲང་བ་སྟོད་ལས་དང་འདྲ་བ་ལས་འདིར་བཟླས་པའི་ཚེ། ཞག་དང་པོ་ལ་སྒྲུབ་ཐབས་ལྟར་བསྐྱེད་རིམ་དང་སྦྱར་བའི་ཡེ་ཤེས་ལྷའི་བསྙེན་པ་དང་། ཞག་གཉིས་པར་འཛབ་དགོངས། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས་པ་དམ་ཅན་རྣམས་ཀྱི་སྙིང་གར་ཕོག་པས་བསྐུལ་ཏེ་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་འཐིབས་ཀྱིས་བྱོན་ནས་རང་དབང་མེད་པར་ལས་བྱེད་པར་བསམ་ལ། བཞི་སྙིང་གཅིག་ཏུ་དྲིལ་བའི་སྔགས་ཁོ་ན་བཟླའོ། །ཞག་གཉིས་ཀའི་ཐུན་ཐ་མའི་རྗེས་ཆོག་གི་ཚོགས་ཐ་མ་དང་འབྲེལ་བར་བྲུབ་ཁུང་གི་ལིངྒ་ལའང་དམིགས་ནས་བསྐྱེད་འགུགས་བསྟིམ་པ། སྲས་ཀྱི་ཕུར་བསྐོར་གྱིས་གཟིར་ཞིང་ཁྲོ་བཅུའི་སྔགས་ཀྱིས་ཐུན་རེ་ཡང་འཕང་སྟེ། ཞག་ཕྱི་མ་དྲུག་ལའང་འགྲེའོ། །གཉིས་པ་སྒྲུབ་པ་ནི། ཉེར་གསུམ་ནས་ཉེར་བརྒྱད་ཀྱི་བར་ཞག་དྲུག་ལ་རིིམ་པར། ཞག་དང་པོ་ལ་ལྷ་དང་ཕྲལ་བ། གཉིས་པར་གཟུགས་ལ་དབབ་པ། གསུམ་པར་བྱད་དུ་གཞུག་པ། བཞི་པར་སྨྱོ་རུ་གཞུག་པ། ལྔ་པར་རྡུལ་དུ་རློག་པ། དྲུག་པར་ཞལ་དུ་སྟོབ་པ། དེ་རེ་རེ་ལའང་དྲུག་དྲུག་སུམ་ཅུ་རྩ་དྲུག་ཏུ་ཉམས་སུ་ལེན་པ་སྟེ། ཐམས་ཅད་ལ་ཐུན་གྱི་ལས་གཞུང་བསྲང་བ་སྔར་ལྟར་ལས། བསྙེན་པའི་དོད་དུ་ལས་དྲུག་པོ་སྐབས་ཐོབ་ཀྱིས་སྦྱོར་བ་སྟེ། ཞག་དང་པོ་ལྷ་དང་ཕྲལ་བ་ལའང་དྲུག་ལས། ཕོ་ཉ་བསྐུལ་བ་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་པས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཞེས་སྦྱར། རྫས་ནི། གུ་གུལ་དང་ཚིལ་ཆེན་གྱི་གསུར་གྱིས་བདུག །བྱ་རོག་དང་འུག་པའི་དང་རུ་ཐོགས་པས་ཕྱིར་འབྱེད་པའི་ཕྱག་རྒྱ་ཡང་བྱ། སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུཾ་ཕཊ། ཅེས་བཟླ་ཞིང་། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལས་ཁྲོ་ཆུང་དཔག་ཏུ་མེད་པ་དང་འོད་ཟེར་མགར་གྱི་ཚྭ་ཚྭ་ལྟ་བུ་སྤྲོས་པས་སྐྱོབ་བྱེད་ཀྱི་ལྷ་ཐམས་ཅད་བྱ་རོག་འུར་རྡོས་བསྐྲད་པ་བཞིན་དུ་བྱེར་བར་བསམ་མོ། །དམོད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས་དགྲ་བགེགས་འདི་སྐྱོབ་བྱེད་ཀྱི་ལྷ་དང་ཕྲོལ་ཅིག །ཅེས་བརྗོད་དོ། །ཞག་གཉིས་པར་གཟུགས་ལ་དབབ་པ་ལའང་དྲུག་ལས། ཕོ་ཉ་ནི། སྤྲུལ་པ་ཆེན་པོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཕོབ་ཅིག་རྣམ་པར་གཟིར་བར་བྱོས། །ཞེས་སྦྱར། རྫས་ནི། སྡིགས་ཕུར་ཐོགས་ནས་འབེབས་ཚུལ་གྱི་ཕྱག་རྒྱ་བྱ་ཞིང་ཡུངས་ཀར་གྱིས་བྲབ། སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་ཨ་བེ་ཤ་ཡ་ཨ་བེ་ཤ་ཨ་ཡ་ཧཱུཾ་ཕཊ། ཅེས་བཟླ་ཞིང་། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལས་སྤྲུལ་བ་དང་ཡང་སྤྲུལ་དཔག་ཏུ་མེད་པ་སྤྲོས་པས་དགྲ་བགེགས་རྣམས་རང་དབང་མེད་པར་བཀུག་སྟེ་ལིངྒ་ལ་གཉིས་མེད་དུ་བསྟིམ་པར་བསམ་མོ། །དམོད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས་དགྲ་བགེགས་འདིའི་རྣམ་ཤེས་གཟུགས་ལ་ཕོབ་ཅིག །ཅེས་བརྗོད་དོ། །ཞག་གསུམ་པར་བྱད་དུ་གཞུག་པ་ལའང་དྲུག་ལས། ཕོ་ཉ་ནི། ཕྱག་བརྙན་ཆེན་པོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས ལ་བབ། ཅེས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །ཞེས་སྦྱར། རྫས་ནི། ཚོན་སྐུད་སྣ་ལྔ་དང་ཡུགས་སྐྲའི་སྐུད་པས་ཕྱིར་བཟློག་ཏུ་དཀྲི་ཞིང་ཡན་ལག་འཁྱིག་ཚུལ་གྱི་ཕྱག་རྒྱ་བྱའོ། །སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་ཤྲཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཅེས་བཟླ་ཞིང་། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལས་སྤྲུལ་པ་ཡང་སྤྲུལ་དཔག་མེད་སྤྲོས་པས་དགྲ་བགེགས་རྣམས་རི་དྭགས་རྒྱར་ཚུད་པ་ལྟར་བཅིངས་པར་བསམ་མོ། །དམོད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས་དགྲ་བགེགས་གནོད་བྱེད་འདི་གྲུ་གུ་ཐུལ་དུ་ཆིངས་ཤིག །ཅེས་བརྗོད་དོ། །ཞག་བཞི་པར་སྨྱོ་རུ་གཞུག་པ་ལའང་དྲུག་ལས། ཕོ་ཉ་ནི། ཤྭ་ན་མུ་ཁའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཅེས་སྦྱར། རྫས་ནི། དུག་སྣ་དང་ད་དུ་རའི་སྐྱོ་མ་བླུགས་ཤིང་ཁར་བྱུག་ཚུལ་གྱི་ཕྱག་རྒྱ་བྱའོ། །སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཅེས་བཟླ་ཞིང་། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་ཀྱིས་སྨྱོ་དུག་གི་ཆར་ཕབ་པས་དགྲ་བགེགས་རྣམས་སྨྱོ་ཞིང་འབོག་པར་བསམ་མོ། །དམོད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས་དགྲ་བགེགས་འདི་སྨྱོ་རུ་ཆུག །འབོག་ཏུ་ཆུག །དྲན་པ་ཉམས་སུ་ཆུག་ཅིག །ཅེས་བརྗོད་དོ། །ཞག་ལྔ་པར་རྡུལ་དུ་བརླག་པ་ལའང་དྲུག་ལས། ཕོ་ཉ་ནི། ས་བདག་ཆེན་མོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཞེས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཅེས་སྦྱར། རྫས་ནི། རྡོ་རྗེ་ཐོ་བ་དང་གཏུན་ཁུང་གྲུ་གསུམ་ཐོགས་ཏེ་བར་དུ་བརྡུང་བའི་ཕྱག་རྒྱ་བྱ། སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མོ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། ཅེས་བཟླ་ཞིང་། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་དང་བཅས་པས་རྡོ་རྗེ་རི་རབ་ཀྱི་ཐོ་བ་ཐོགས་ནས་དགྲ་བགེགས་ཀྱི་ལུས་རྡུལ་ཕྲན་བཞིན་དུ་བརླག་པར་བསམ་མོ། །དམོད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས་དགྲ་བགེགས་གནོད་བྱེད་ཐལ་བའི་རྡུལ་དུ་རློགས་ཤིག །ཅེས་བརྗོད་དོ། །ཞག་དྲུག་པར་ཞལ་དུ་སྟོབ་པ་ལའང་དྲུག་ལས། ཕོ་ཉ་ནི། བདག་ཉིད་ཆེན་མོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ལ་ཉན་པར་གྱིས། །ཞེས་སྦྱར། རྫས་ནི། བྲ་མའི་ཧོམ་ཆག་གང་བ་ཞིག་བརྩིགས་པར་མེ་སྦར་ལ་ལིང་ཆུང་གཅིག་སྲེག་ཅིང་ལིང་རོ་སྟོབ་ཚུལ་གྱི་ཕྱག་རྒྱ་བྱའོ། །སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་བྷིནྡ་ཡ་བྷིནྡ་ཡ་ཧཱུཾ་ཕཊ། ཅེས་བཟླ་ཞིང་ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་དང་བཅས་པས་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་རྣམས་དགྱེས་པའི་རྐན་སྒྲ་དང་བཅས་ཏེ་བཞེས་པའི་ཚུལ་གྱིས་བསྡིགས་པར་བསམ་མོ། །དམོད་པ་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ཐམས་ཅད་ལྷག་མ་མེད་པར་རོལ་ཅིག །ཅེས་བརྗོད་དོ། །གཉིས་པ་ལས་སྦྱོར་གྱི་སྒོ་ནས་དངོས་གྲུབ་ཀྱི་བཅུད་བླང་བ་ལ་གཉིས་ཏེ། དགྲ་ལས་བླང་བ་དང་། ལྷ་ལས་བླང་བའོ། །དང་པོ་ནི། ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ལས། རབ་ཀྱིས་དངོས་སུ་ཁུག་པར་འགྱུར། །འབྲིང་གིས་ལིངྒ་འགུལ་བར་ནུས། །འཕར་དང་རྡེག་དང་འཚེག་དང་འཁྲོལ། །ཐ་མས་ཉམས་དང་རྟགས་འོང་སྟེ། །དེ་ཚེ་བརྡེག་པའི་དུས་ལ་བབ། །ཅེས་པ་ལྟར་ལྷ་རྟགས་དང་དགྲ་རྟགས་གཏན་ལ་ཕེབས་ཤིང་། བླ་མི་འགྱུར་བའི་རྟགས་དངོས་སུ་བྱུང་ན་ཕྲལ་དུ་ཕུར་བུ་གདབ་པའི་ལས་ལ་འཇུག་སྟེ། གདབ་པའི་དུས་གནད་ཀྱང་དགྲའི་བླ་ཤ་བ་ཡིན་ན་སྲོད། ལུག་ནམ་ཕྱེད། ཕག་ཐོ་རེངས། བྱ་རྩེ་ཤར། བ་ལང་ཉི་དྲོས། རྟ་ཉིན་ཕྱེད། ར་ཉི་ནུབ་ཀྱི་ཐོག་ཏུ་གདབ་པར་བྱ་བ་ཡིན་ནོ། །དེ་ལ་འདིར་ནུབ་ཐ་མ་ལ་སྒྲུབ་ཞག་བདུན་པ། དགུ་སྟོང་གི་དུས་སུ་ལས་ལ་སྦྱོར་ཏེ། །ལས་ཀྱི་གཞུང་བསྲང་བ་རྫོགས་པར་བྱས་ནས། །བསྒྲལ་བའི་ཕྲིན་ལས་རྩོམ་པའི་སྔོན་འགྲོའི་རིམ་པ་ལ། བསྐུལ་བྱ་དཔང་གཟུགས་དམིགས་བྱ་བསྐྱེད། །དགུག་བསྟིམ་ཕུར་བསྐོར་གྱིས་གཟིར་བྱ། །ཞེས་པ་ལྟར་ལྔའི། དང་པོ་ཐུགས་དམ་བསྐུལ་བ་ལ་ཡང་གསུམ་ལས། རིག་འཛིན་བསྐུལ་བ་ནི། ཧཱུཾ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་རྣམས་ཀྱི་དུས་ལ་བབ། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྒྱ་གར་ཙནྡན་ནགས་ཚལ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །པཎ་ཆེན་བི་མ་མི་ཏྲ་ཡིས། །གངྒ་ལ་ཡི་ཆུ་བོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །བལ་པོ་ཤཱི་ལ་མཉྫུ་ཡིས། །མནྡྷ་ལ་ཡི་མཁར་སྒོང་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །མཆིམས་སྟོན་ཤཱཀྱ་པྲ་བྷ་ཡིས། །འོན་ཅང་བྲག་ལ་ཕུར་བཏབ་ཚེ། ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས། །ཡར་གཙང་འདྲེས་པའི་ཆུ་བོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །ཤུད་བུ་དཔལ་གྱི་སེང་གེ་ཡིས། །ལྷ་སའི་སྤང་པོ་ཟངས་ཡག་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས། །སྒྲུབ་ཁང་རྒྱབ་ཀྱི་སྐྱེར་ཕུང་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །མིང་པོ་དཔལ་གྱི་དབང་ཕྱུག་གིས། །རྩིབས་ཀྱི་སྤྱང་ཀི་སྔོན་པོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །མི་ནུབ་རྒྱལ་བའི་སྙིང་པོ་ཡིས། །བདུད་སྤྲུལ་བྱ་རོག་ཐང་ཕབ་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །ངམ་འབྲེ་ཀླུ་ཡི་རྒྱལ་མཚན་གྱིས། །དགྲར་བཏབ་ཞོར་ལ་བགེགས་ཐུལ་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །དེ་སྲས་ངམ་འབྲེ་ས་ལེ་ཡིས། །དཀོར་བདག་རྒྱལ་པོ་བསྒྲལ་བའི་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །ལང་ལབ་བྱང་ཆུབ་རྡོ་རྗེ་ཡིས། །མཐུ་ཆེན་ར་ལོ་ཆེན་པོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སྣ་ནམ་ཤེས་རབ་ཚུལ་ཁྲིམས་ཀྱིས། །རྟག་རམ་མི་དགུ་བསྒྲལ་བའི་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །རྒྱ་གསུམ་སྨན་ཆུང་ལྷ་རི་བར། །སྟོད་ལས་བསྙེན་སྒྲུབ་བཀའ་བབ་ནས། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །ཁྱུང་གཉིས་བློ་གྲགས་གུ་རུབ་ལྔར། །སྨད་ལས་མངོན་སྤྱོད་བཀའ་བབས་ནས། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །རོག་གི་རིག་འཛིན་བཅུ་གཅིག་གིས། །ཡི་དམ་ལྷ་ཞལ་མངོན་མཇལ་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སོ་སྟོན་རྣམ་བཞི་ཀློང་ཡངས་པས། །བསྙེན་སྒྲུབ་བཟླས་བསྙེན་ཚད་ཕྱིན་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །གཞན་ཡང་རིག་འཛིན་བརྒྱུད་པའི་ཚོགས། །ཕྲིན་ལས་དྲག་རྩལ་ཅན་རྣམས་ཀྱིས། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །མ་གཡེལ་མ་གཡེལ་རིག་འཛིན་རྣམས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །མཐུ་རྩལ་ནུས་པའི་དཔུང་བསྐྱེད་ཅིག །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་བཅས་སྤྱིར་བསྐུལ་བ་ནི། ཧཱུཾ། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། ཞེས་པ་ནས། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཞེས་པའི་བར་དང་། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པ་ནས། མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་པའི་བར་དང་། བདག་ཅག་རིག་འཛིན་སྒྲུབ་པ་པོས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །ཞེས་པ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་པའི་བར་གྱིས་བསྐུལ། དམ་ཅན་རྣམས་སྒོས་སུ་བསྐུལ་བ་ནི། བདག་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་དམ་ཅན་རྣམས་སྤྲིན་ཕུང་འཐིབས་པ་ལྟར་བྱོན་ནས་ཅི་བཅོལ་གྱི་ལས་བྱེད་པར་བསམ་ལ། སྨན་རཀ་གཏོར་མར་སྦྲེང་ཞིང་གདུང་དབྱངས་རྐང་གླིང་གིས་དྲངས་པའི་རོལ་མོ་སྤྱུགས་གླུའི་སྒྲ་དང་བཅས་པས་དྲག་ཏུ་བསྐུལ་བར་བྱ་ཏེ། ཧཱུཾ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དྲག་པོའི་ཕུར་བུ་བསྒྲུབས་པའི་ཚེ། །ནམ་གྱི་སྟོད་ཀྱི་དམ་ཅན་མ། །འདི་ལྟར་བུད་མེད་ཡ་མཚན་ཅན། །ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ། །ལྕགས་ཀྱི་མི་མོ་ཆེན་པོ་ཞོན། །ཟངས་ཀྱི་འཕར་བ་ལྕེ་བརྒྱད་ལ། །ཟངས་ཀྱི་མི་མོ་ཆེན་མོ་ཞོན། །གཡུ་གཡི་ཝ་མོ་རྐང་གསུམ་ལ། །གཡུ་ཡི་མི་མོ་ཆེན་པོ་ཞོན། །དུང་གི་ཁྱི་མོ་རྐང་གསུམ་ལ། །དུང་གི་མི་མོ་ཆེན་པོ་ཞོན། །གཅིག་དང་འདྲ་བའི་མཆེད་སྡེ་བཞི། །ཤྭ་ན་མུ་ཁའི་དུས་ལ་བབ། །དྲག་པོའི་ཕུར་བུ་ངས་བསྒྲུབ་ཀྱིས། །དམ་ཚིག་ཚུལ་བཞིན་གནས་འདིར་གཤེགས། །མཐུན་པའི་དམ་རྫས་འདི་བཞེས་ཤིག །དམར་ཆེན་གཏོར་མ་འདི་གསོལ་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཧཱུཾ། ཡུལ་གྱི་མིང་ནི་བལ་པོའི་ཡུལ། །གནས་ཀྱི་མིང་ནི་ཡང་ལེ་ཤོད། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དྲག་པོའི་ཕུར་བུ་བསྒྲུབས་པའི་ཚེ། །ནམ་གྱི་གུང་གི་དམ་ཅན་མ། །འདི་ལྟར་བུད་མེད་ཡ་མཚན་ཅན། །ཐོད་པ་དགུ་བརྩེགས་གཞལ་ཡས་ནས། །དཔྱིད་ཀྱི་རྒྱལ་མོ་མཛད་པའི་ཚེ། །དཔལ་ལྡན་མཐིང་ནག་རེ་མ་ཏི། །དྲེལ་ཞོན་ཆེན་མོ་གཤེགས་སུ་གསོལ། །བྲག་དང་ཆུ་འཐབ་བར་ཞིག་ནས། དབྱར་གྱི་རྒྱལ་མོ་མཛད་པའི་ཚེ། །དཔལ་ལྡན་དམར་ནག་རེ་མ་ཏྲི། །གླ་ཞོན་ཆེན་མོ་གཤེགས་སུ་གསོལ། །མུ་ལེ་དགུ་སྐྱོང་མཚོ་འགྲམ་ནས། །སྟོན་གྱི་རྒྱལ་མོ་མཛད་པའི་ཚེ། །དཔལ་ལྡན་སེར་ནག་རེ་མ་ཛཿ །ཤ་ཞོན་ཆེན་མོ་གཤེགས་སུ་གསོལ། །རླུང་ནག་འཚུབ་མའི་ནང་ཤེད་ནས། དགུན་གྱི་རྒྱལ་མོ་མཛད་པའི་ཚེ། །དཔལ་ལྡན་ལྗང་ནག་རེ་མ་ཛུ། །བོང་ཞོན་ཆེན་མོ་གཤེགས་སུ་གསོལ། །གཅིག་དང་འདྲ་བའི་མཆེད་སྡེ་བཞི། །བདག་ཉིད་ཆེན་མོའི་དུས་ལ་བབ། །དྲག་པོའི་ཕུར་བུ་ངས་སྒྲུབ་ཀྱིས། །དམ་ཚིག་ཚུལ་བཞིན ༴ མཐུན་པའི་དམ་རྫས་འདི་བཞེས༴ དམར་ཆེན་གཏོར་མ་འདི༴ བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཧཱུཾ་བྷྱོ། ཡུལ་གྱི་མིང་ནི་བལ་པོའི་ཡུལ། །གནས་ཀྱི་མིང་ནི་ཡང་ལེ་ཤོད། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དྲག་པོའི་ཕུར་བུ་བསྒྲུབས་པའི་ཚེ། །ནམ་གྱི་ཆ་སྨད་དམ་ཅན་མ། །འདི་ལྟར་བུད་མེད་ཡ་མཚན་ཅན། །གཅིག་ནི་བལ་ཡུལ་གཏིང་ན་བཞུགས། །རྡོ་རྗེ་ཡ་བྱིན་མཐུ་མོ་ཆེ། །མར་ཁུའི་མཚོ་ལས་བཞེངས་ཏེ་གཤེགས། །བདུད་ཀྱི་བུ་མོ་ད་ཚུར་སྤྱོན། །གཅིག་ནི་མང་ཡུལ་གཏིང་ན་བཞུགས། །རྡོ་རྗེ་བསེ་བྱིན་འཕྲུལ་མོ་ཆེ། །ཁྲག་གི་མཚོ་ལས་བཞེངས་ཏེ་གཤེགས། །བཙན་གྱི་བུ་མོ་ད་ཚུར་སྤྱོན། །གཅིག་ནི་མོན་ཡུལ་གཏིང་ན་བཞུགས། །རྡོ་རྗེ་ཕག་བྱིན་མཐུ་མོ་ཆེ། །འོ་མའི་མཚོ་ལས་བཞེངས་ཏེ་གཤེགས། །ཀླུ་ཡི་བུ་མོ་ད་ཚུར་སྤྱོན། །གཅིག་ནི་ཀོང་ཡུལ་གཏིང་ན་བཞུགས། །རྡོ་རྗེ་དེ་བྱིན་རྩལ་མོ་ཆེ། །ཞག་གི་མཚོ་ལས་བཞེངས་ཏེ་གཤེགས། །རྒྱལ་པོའི་བུ་མོ་ད་ཚུར་སྤྱོན། །གཅིག་དང་འདྲ་བའི་མཆེད་སྡེ་བཞི། །ས་བདག་བསྭེ་མོའི་དུས་ལ་བབ། །དྲག་པོའི་ཕུར་བུ་ངས་བསྒྲུབ་ཀྱིས། །དམ་ཚིག་ཚུལ་བཞིན་གནས་འདིར་གཤེགས། །མཐུན་པའི་དམ་རྫས་འདི་བཞེས་ཤིས། །དམར་ཆེན་གཏོར་མ་འདི་གསོལ་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཧཱུཾ་བྷྱོ། ཉི་མ་ཤར་ཕྱོགས་ཕ་གི་ན། །གྲུ་གསུམ་ཤེལ་གྱི་དཀྱིལ་འཁོར་ནས། །འཛིན་གིང་དཀར་པོ་དེ་ན་བཞུགས། །ཨིནྡྲ་སེམས་དཔའ་ད་ཚུར་སྤྱོན། །ཧཱུཾ་བྷྱོ། ཉི་མ་ལྷོ་ནུབ་ཕ་གི་ན། །གསང་བ་བྲག་དམར་ཡང་རྫོང་ན། །སྦྱོར་གིང་དམར་པོ་དེ་ན་བཞུགས། །རྡོ་རྗེ་ལེགས་པ་ད་ཚུར་སྤྱོན། །ཧཱུཾ་བྷྱོ། ཉི་མ་ནུབ་བྱང་ཕ་གི་ན། །ལྕགས་མཁར་ནག་པོ་སྒོ་མེད་ན། །སྒྲོལ་གིང་ནག་པོ་དེ་ན་བཞུགས། །ཡབ་ཤེད་ནག་པོ་ད་ཚུར་སྤྱོན། །གཅིག་དང་འདྲ་བའི་མཆེད་སྡེ་གསུམ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །དྲག་པོའི་ཕུར་བུ་ངས་བསྒྲུབ་ཀྱིས། །དམ་ཚིག་ཚུལ་བཞིན་གནས་འདིར་གཤེགས། །མཐུན་པའི་དམ་རྫས་འདི་བཞེས་ཤིག །དམར་ཆེན་གཏོར་མ་འདི་གསོལ་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཅེས་དང་བཞི་སྙིང་གཅིག་ཏུ་དྲིལ་བའི་སྔགས་བཟླས་པས་ཀྱང་བསྐུལ། གཉིས་པ་དཔང་གཟུགས་པ་ནི། གསེར་དང་སྦྱར་བའི་ཛ་གད་ཀྱི་ཕུད་སྐྱེམས་ༀ་ཨཱཿཧཱུཾ་གིས། འདོད་ཡོན་ཟག་པ་མེད་པའི་ལོངས་སྤྱོད་ཀྱི་གཏེར་དུ་བྱིན་གྱིས་བརླབས་ནས། ཕྱོགས་བཅུར་འཐོར་བཞིན་དུ། ཧཱུཾ། བདག་གིས་མ་ཉེས་མ་ཡོའོ། གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །སྟེང་གི་ལྷ་ཡང་མི་འགུགས་སོ། །སྟེང་ན་གནས་པའི་ལྷ་རྣམས་ཀུན། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །འོག་གི་ཀླུ་ཡང་མི་འགུགས་སོ། །འོག་ན་གནས་པའི་ཀླུ་རྣམས་ཀུན། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །བན་གྱི་སྲུང་མ་མི་འགུགས་སོ། །བན་གྱི་སྔགས་སྲུང་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག ། བོན་གྱི་ལྷ་སྲུང་མི་འགུགས་སོ། །བོན་གྱི་ལྷ་སྲུང་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །འགོ་བའི་ལྷ་ལྔ་མི་འགུགས་སོ། །འགོ་བའི་ལྷ་ལྔ་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །ཡུལ་ལྷ་གཉན་པོ་མི་འགུགས་སོ། །ཡུལ་ལྷ་གཉན་པོ་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །སྣང་སྲིད་ལྷ་འདྲེ་མི་འགུགས་སོ། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག །དུས་གསུམ་རྒྱལ་བའི་བཀའ་བྱུང་བས། །ལས་ངན་འདི་ལ་མ་ཆགས་པར། །བག་ཟོན་བྱོས་ལ་རང་སར་དེངས། །དམ་ཉམས་འདིས་ཉེས་ངས་མ་ལན། །མ་ཉེས་མ་ཡོ་ཡེ་ཤེས་ལྷ། །དམ་ཅན་རྒྱ་མཚོ་ར་མདའ་ཟློག །སྲིད་པའི་ལྷ་འདྲེ་གྲོགས་ལ་འདུས། །ལྷ་སྲིན་སྡེ་བརྒྱད་དམ་ལ་འདུས། །ལེགས་ཉེས་ཞལ་ལྕེ་ལྷ་འདྲེས་ཆོད། །བདག་དང་འགྲས་པའི་དགྲ་བོ་འདི། །བསྒྲལ་བའི་ཞིང་བཅུ་ཚང་བ་སྟེ། །ཉམས་པ་བདུན་དང་སྐུ་དགྲ་ལྔ། །ཀུན་ལ་འདི་གཏོགས་ཆད་པ་ཆོད། །རྟགས་དང་མཚན་མ་མྱུར་དུ་སྟོན། །དྲིན་ལན་གཏང་རག་ཁྱེད་ལ་གཏོང་། །བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད། །ཅེས་གསོལ་བས་དགྲ་བགེགས་ལ་ཐུགས་ཆེར་འཁྲུགས་ཏེ་དྲག་པོའི་ལས་ལ་མངོན་དུ་ཕྱོགས་པས་བཞུགས་ཤིང་རང་ལ་གནང་བ་བྱིན་པར་བསམ་མོ། །གསུམ་པ་དམིགས་བྱ་བསྐྱེད་དེ་རྟེན་བཅའ་བ་ནི། ཨེ་བྷྲཱུཾ། བྲུབ་ཁུང་གྲུ་གསུམ་མཐིང་ནག་འབར་བ་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་གང་ཡིིན་པ་དེ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་པར་བསམ་མོ། །བཞི་པ་དགུག་ཅིང་བསྟིམ་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་རིག་སྔགས་གཟུངས་སྔགས་དང་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ །ཁྱད་པར་རིག་པ་འཛིན་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུག་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་གྱིས་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཅེས་ལན་གསུམ་དང་། བདག་ཅག་རིག་འཛིན་སྒྲུབ་པ་པོས། །ཞེས་པ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ལྕགས་ཀྱུའི་རྒྱ་དང་བཅས་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་འབྱུང་པོ་ཏྲི་ཡཾ་ཛཿ ནྲྀ་ཡཾ་ཛཿ ཞེས་ཕོ་ཉའི་ཚོགས་ཀྱིས་དབང་མེད་དུ་བཀུག་སྟེ། ཛཿཧཱུཾ་བཾ་ཧོཿ ཞེས་ལིངྒ་ལ་བསྟིམ་མོ། །ལྔ་པ་ཕུར་བསྐོར་གྱིས་གཟིར་བ་ནི། སྒྲུབ་ཐབས་ལས་བྱང་བཞིན་ནོ། །གཉིས་པ་བསྒྲལ་བའི་ལས་དངོས་ནི། ཕུར་བུ་གདབ་པ་སྟེ། དེ་ལ་གཉིས། རིམ་གྱིས་གདབ་པ་དང་། སུར་ཕུག་ཏུ་གདབ་པའོ། །དང་པོ་ལ་ལྔ་སྟེ། གཙོ་བོར་ལུང་གཉིས་ཀྱི་དགོངས་པ་ཕུལ་དུ་ཕྱུང་སྟེ་འདེབས་པ་དང་། དེའི་གྲོགས་ཕྲིན་ལས་མཐར་འབྱིན་པའི་ཕྱིར་ཕུར་བུ་གཞན་བཞི་པོ་རིམ་པར་འདེབས་པའོ། །དེ་ལའང་བཞི་ཀུན་གྱི་མགོ་ལ་གདགས་པ་དང་། གསུམ་ཀུན་གྱི་ཁོང་ཁྲར་གཏོང་བ་དང་། གཅིག་ཀུན་གྱི་གཞུག་ལ་གདགས་པའོ། །དང་པོ་བཞི་ཀུན་གྱི་མགོ་ལ་གདགས་པ་ནི། ཕུར་གདབ་ཀུན་གྱི་མགོ་སྟེ་སྐབས་འདིར་འདོགས་པའོ། །བཞི་གང་ཞེ་ན། སྔར་སྒྲུབ་ཞག་དང་པོ་བཞི་ལ་རིམ་པར་ཉམས་སུ་བླང་བ་ལྟར། ལྷ་དང་ཕྲལ་བ། གཟུགས་ལ་དབབ་པ། བྱད་དུ་གཞུག་པ། སྨྱོ་རུ་གཞུག་པ་དང་བཞི་སྟེ། ཆོ་ག་སྔར་བཤད་ཇི་བཞིན་སྐབས་འདིར་བླང་བར་བྱ་བ་ཡིན་ལ། འོན་ཀྱང་སྔགས་རྣམས་བདུན་ནམ་གསུམ་ཙམ་བཟླ་བ་ལས་འདིར་བཟླས་པ་ལ་གཙོ་བོར་མི་བྱེད་པ་ཁྱད་པར་རོ། །གཉིས་པ་གསུམ་ཀུན་གྱི་ཁོང་ཁྲར་བཏང་བ་ནི། གཏུན་དུ་བརྡུང་བ། མཚོན་གྱིས་གཏུབ་པ། ཐུན་གྱིས་བྲབ་པ་གསུམ་སྟེ། ཕུར་གདབ་རིམ་པ་ལྔ། སུར་ཕུག་ཏུ་གདབ་པ་དང་དྲུག་པོ་རེ་རེ་བཞིན་གྱི་རྗེས་སུ་སྦྱོར་བའོ། །གསུམ་པ་གཅིག་ཀུན་གྱི་གཞུག་ལ་གདགས་པ་ནི། གདབ་ལས་ཀུན་རྫོགས་རྗེས་སུ་ཞལ་སྟོབ་བྱེད་པ་ཡིན་ནོ། །དེ་ལྟར་བཞི་ཀུན་གྱི་མགོ་ལ་གདགས་པ་སྔོན་དུ་འགྲོ་བས། ཕུར་བུ་གདབ་པའི་ལས་དངོས་ལ་འཇུག་སྟེ། འདི་དག་གི་དུས་མེད་དུ་མི་རུང་བའི་ཏིང་ངེ་འཛིན་གསུམ་ཞེས་གསལ་བ་གསུམ་དང་ལྡན་པ་ལ་གལ་ཆེ་སྟེ། བདག་རྡོ་རྗེ་གཞོན་ནུའི་སྐུར་གསལ་བའི་ཏིང་ངེ་འཛིན་མེད་དུ་མི་རུང་སྟེ། མེད་ན་རང་ལ་ལྡོག །ཕུར་བུ་ཡཀྵ་མེ་དབལ་དུ་གསལ་བའི་ཏིང་ངེ་འཛིན་མེད་དུ་མི་རུང་སྟེ། མེད་ན་གཟས་པོ་ལ་མི་ཚུག་པས་རྡུགས། ལིངྒ་དགྲ་བགེགས་དངོས་སུ་གསལ་བའི་ཏིང་ངེ་འཛིན་མེད་དུ་མི་རུང་སྟེ། མེད་ན་གཞན་དམིགས་ཡུལ་མ་ཡིན་པ་ལ་འབྱམས་པའི་སྐྱོན་འབྱུང་བ་ཡིན་ནོ། །དེས་ན་གསལ་བ་གསུམ་དང་ལྡན་པས། ཕུར་གདབ་དང་པོ་གཙོ་བོར་ལུང་གཉིས་ཀྱི་དགོངས་པ་ཕུལ་དུ་ཕྱུང་སྟེ་འདེབས་པ་ནི། སྲས་མཆོག་གི་ཕུར་བུ་ལག་ཏུ་བླང་སྟེ། བསྐུལ་ཚིག་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། །སོགས་བབ་བརྒྱད་དང་། བདག་ཅག་རིག་འཛིན་སྒྲུབ་པ་པོས། །ཞེས་པ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་པའི་བར་གྱིས་བསྐུལ་ནས། བདག་ཉིད་དཔལ་ཆེན་པོར་གསལ་བའི་ལག་གཡས་གཡོན་ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་དུ་གྱུར་པའི་ཐལ་མོའི་བར་དུ་སྲས་མཆོག་ཡཀྵ་མེ་དབལ་དུ་བྱིན་གྱིས་བརླབས་པའི་ཕུར་བུ་བསྒྲིལ་ཞིང་། ལིངྒ་དམིགས་བྱ་དངོས་སུ་གསལ་བར་བསམ་ལ། ཕུར་བུ་སྐུ་རི་རབ་ལྟར་བརྗིད་པའི་སྟེང་དུ་ཁྲོ་བོ་ཧཱུཾ་ཀཱ་ར། དེ་ཡི་སྟེང་དུ་ཨ་ཡིག་དཀར་གསལ། ༀ་ལཾ་ཧཱུཾ་ལཾ་སྟམྦྷ་ཡ་ནན། མོ་ཧ་གྷཱ་ཏ་ཡ། བྷ་ག་ཝཱན། ཧྲཱིཿཀྲྀ་བི་ཀྲྀ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུཾ་བཾ་ཧོཿ སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཨ། ཞེས་བརྗོད་པས་ཨ་འོད་དུ་ཞུ་སྟེ་ཧཱུཾ་ཀཱ་ར་ལ་ཐིམ། དེ་ཡང་འོད་དུ་ཞུ་བའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་ཕུར་བུ་ལ་ཁྱབ་པས་དཀར་སལ་གྱིས་སོང་། དེའི་འོད་ཟེར་དམིགས་བྱ་ལ་ཕོག་པས་སྡིག་སྒྲིབ་སྦྱངས་ཏེ་བསྒྲལ་བའི་སྣོད་རུང་དུ་བྱས་པ་ནི་གཟས་པོའི་ཁྲུས་ལུང་ངོ་། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀ་ཏཾ་ཀ་ཏེ་ནས། པྲ་མརྔྷ་ན་ཡེ་དགྲ་བགེགས་འབྱུང་པོའི་ཙིཏྟ་མ་ར་ཡ་ཧཱུཾ་ཕཊ། ཅེས་ཕུར་བུ་སྙིང་དཀར་ནག་གི་མཚམས་སུ་བཏབ། ༀ་བཛྲ་ཀཱི་ལི་ཀཱི་ལ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཅེས་སྙིང་ལ་སླེབས་པར་བཏབ་པས། སྒོ་ལྔའི་རྣམ་ཤེས་ཕུར་བུ་ལ་འདུས་པས་བྱུང་ཚོར་གྱི་སྒོ་འགགས། ཡང་ཀཱི་ལ་ཡ་བརྗོད་པས། ཡིད་ཤེས་དང་ཉོན་ཡིད་གཉིས་ཕུར་རྩེར་འདུས་པ་སྐམ་པས་ཉོན་མོངས་པ་རྩད་ནས་བཅད། ཡང་ཀཱི་ལ་ཡ་བརྗོད་པས། ཀུན་གཞིའི་རྟེན་སྙིང་ནང་ན་སྲོག་ཁྲག་གི་རླངས་པ་ལྟ་བུའི་ནང་དུ་ཚེ་བལ་རྒྱ་ལྟ་བུ། དེ་དབུས་ཀུན་གཞིའི་རྣམ་ཤེས་དངུལ་ཆུ་ཞུན་མ་ལྟར་གནས་པ་ལ་ཁོའི་བཀྲག་དང་གཟི་མདངས་ཐམས་ཅད་འདུས་པ་དེ་ཕུར་རྩེར་ཡེར་གྱིས་བླངས་ནས་ཕུར་རྩེ་རང་ལ་བསྟན་ཏེ། ༀ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ། ཞེས་བརྗོད་པས། བཀྲག་མདངས་ཐམས་ཅད་བདག་ལ་ཐིམ་པས་བདག་ཉིད་བཀྲག་དང་གཟི་མདངས་འབར་བར་བསམ་པ་ནི་བདག་གི་ཚེ་ལུང་ངོ་། །དེ་ལྟར་ཡང་དགོངས་རྒྱུད་ལས། རྡོ་རྗེ་ཕུར་པས་སྐྱེ་ཤི་རྩད་ནས་གཅོད། །དཔེར་ན་དྲི་མ་ཆུ་ཡིས་འཁྲུ་བ་བཞིན། །ཁམས་གསུམ་དྲི་མ་ཡེ་ཤེས་ཆུ་ཡིས་འཁྲུ། །ཚེ་ལུང་ཁྲུས་ལུང་གལ་མཆོག་དམ་པ་ཡིན། །ཞེས་གསུངས། དེ་ནི་རང་གཞུང་ལ་བརྟེན་ཏེ་ཚེ་ལུང་ཁྲུས་ལུང་གི་དགོངས་པ་ཕུལ་དུ་བྱུང་བས་དགྲ་ལས་དངོས་གྲུབ་ཀྱི་བཅུད་བླང་བ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཁོང་ཁྲའི་ལས་གསུམ་གྱིས་བར་དུ་སྟོངས་གདབ་པ་ལས། གཏུན་དུ་བརྡུང་བའི་བསྐུལ་བ་ནི། ས་བདག་ཆེན་མོའི་དུས་ལ་བབ། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེག་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། ལྷ་ཡང་རུང་སྟེ་བརླག་པར་འགྱུར། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ དགྲ་བགེགས་མཱ་ར་ཡ་ཏ་ཐཱ་ཡ་ཏ་ཐཱ་ཡ། ཤྲཱི་གྷྲཾ་ཀ་ར་ཡེ། མ་ར་སེ་ན། པྲ་མརྔྷ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཁ་ཏཾ་ཁ་ཏཾ་ཁ་ཏཾ། ཞེས་ཐོ་བས་བརྡུངས། མཚོན་གྱིས་གཏུབ་པའི་བསྐུལ་ནི། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཧཱུཾ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ྄ཡ་྅྅྅ ཀ་ར་ཨི་དན་དྷ་དྷི་མ་མ་ཤྲཱི་གྷྲཾ་ཀ་ར་ཡེ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཅེས་མཚོན་གྱིས་གཏུབ། ཐུན་ལ་བསྐུལ་མེད་པས་སྔགས། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། སོགས་ཁྲོ་བཅུའི་སྔགས་ཀྱིས་ཐུན་བྲབ་བོ། །གཉིས་པ་མི་ལྡོག་པས་ཕྲིན་ལས་མཐར་འབྱིན་པའི་ཕྱིར་ཕུར་བུ་གཞན་བཞི་དེའི་གྲོགས་སུ་རིམ་པར་འདེབས་པ་ནི། རྡོ་རྗེ་ཕུར་བུ་གསང་བ་གདམས་ངག་ཅན་གྱི་རྒྱུད་ལས། སྒོ་བའི་ཕུར་བུ་མཚོ་བཞི་སྟེ། །ཡུམ་བརྒྱད་ལུས་ཀྱི་རྟེན་བརྒྱད་དང་། ཁྲོ་བཅུ་ཚོགས་བརྒྱད་ཞར་བྱུང་གཉིས། །གཉིས་ཀྱི་དགེ་སྡིག་ཆ་མཉམ་གདབ། །ཅེས་པ་ལྟར་བཞི་ལས། སྒོ་མ་བཞིའི་ཕུར་བུ་ལུས་ཀྱི་མཚོ་བཞི་ལ་གདབ་པ་ནི། སྒོ་མའི་ཕུར་བུ་བླངས་ལ། བསྐུལ་བ་ནི། དམ་ཚིག་ཆེན་པོ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད་ཀྱི་བར་སྔར་བཞིན་སྦྲེལ་བས་བསྐུལ་ནས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྷིནྡྷ་ཡ་བིང་བིང་ཧཱུཾ་ཕཊ། ཅེས་ཤར་སྒོའི་པུ་ཤུད་མགོ་ཅན་གྱི་ཕུར་བུ་རུས་པའི་མཚོ་ཀླད་པ་ལ་གདབ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མཿས་མནྟ་ཧྲིཾ་ཧྲིཾ་ཧཱུཾ་ཕཊ། ཅེས་ལྷོའི་སྐྱ་ཀའི་མགོ་ཅན་གྱི་ཕུར་བུ་དབུགས་ཀྱི་མཚོ་གློ་བ་ལ་གདབ། ༀ་བཛྲ་ཀཱི་ལི་ཀཱི་ལ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཧཱུཾ་ཕཊ། ཅེས་ནུབ་ཀྱི་སྲིན་བྱའི་མགོ་ཅན་གྱི་ཕུར་བུ་ཁྲག་གི་མཚོ་མཆིན་པ་ལ་གདབ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བྱང་གི་ཁྲའི་མགོ་ཅན་གྱི་ཕུར་བུ་ཤའི་མཚོ་ཡན་ལག་ལ་གདབ་བོ། །རྡུངས་གཏུབ་བྲབ་སྟེ་ཁོང་ཁྲའི་ལས་གསུམ་གྱི་བར་དུ་སྟོངས་གདབ་པ་སྔར་ལྟར་རོ། །དེ་ནས་ཡུམ་བརྒྱད་ཀྱི་ཕུར་བུ་ལུས་ཀྱི་རྟེན་བརྒྱད་ལ་གདབ་པ་ནི། ཡུམ་བརྒྱད་ཀྱི་ཕུར་བུ་བླངས་ལ་བསྐུལ་བ་ནི། དམ་ཚིག་ཆེན་པོ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད་ཀྱི་བར་སྔར་ལྟར་སྦྲེལ་མཐར། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིང་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ལ་ཉན་པར་གྱིས། །སྔགས་རྣམས་ཀྱི་མགོར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཞེས་དང་། མཇུག་ཏུ། དགྲ་བགེགས་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཅེས་པ་གཉིས་ཀྱི་བར་དུ་སོ་སོའི་སྔགས་བཅུག་པ་འགྲེ་བར་བྱ་སྟེ། ཧཱུཾ་པ་ར་བི་ཏྱཾ་ཞེས་པས་སྙེམས་མའི་ཕུར་བུ་ལྟེ་བར་གདབ། དེ་བཞིན་དུ་ཙྪིནྡ་ཙྪིནྡ་ཞེས་པས་སྡེར་མོ་སྙིང་ག །བྷིནྡ་བྷིནྡ་ཞེས་པས་དུར་ཁྲོད་མ་དང་གཏུམ་མོ་དཔུང་པ་གཡས་གཡོན་ལ། གྲྀ་ཧྞ་གྲྀ་ཧྞ་ཞེས་པས་གཏུན་ཁུང་མ་དང་མདའ་སྙེམས་གཉིས་པུས་མོ་གཡས་གཡོན་ལ། །ཧ་ན་ཧ་ན་ཞེས་པས་རླུང་འབྱིན་གསང་བར། བནྡྷ་བནྡྷ་ཞེས་པས་གསོད་མ་མགོ་ལ་གདབ་བོ། །རྡུངས་གཏུབ་བྲབ་པ་སྟེ་ཁོང་ཁྲའི་ལས་གསུམ་གྱི་སྟོངས་འདེབས་སྔར་བཞིན་ནོ། །དེ་ནས་ཁྲོ་བཅུའི་ཕུར་བུ་རྣམ་ཤེས་ཚོགས་བརྒྱད་ཞར་བྱུང་གཉིས་ཏེ་བཅུ་ལ་གདབ་པ་ནི། ཁྲོ་བཅུའི་ཕུར་བུ་བླང་ནས་བསྐུལ་བ་ནི། དམ་ཚིག་ཆེན་པོ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཡན་ཆད་དང་། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་དམ་བཅས་པའི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །སྔགས་ཐོག་མཐར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཞེས་སྦྱོར་བ་སྔར་ལྟར་འགྲེ་བ་ལ། ཧ་ན་ཧ་ན་བཛྲ་ཞེས་རྣམ་རྒྱལ་རྣ་བར་གདབ། ད་ཧ་ད་ཧ་བཛྲ་ཞེས་དབྱུག་སྔོན་མིག །པ་ཙ་པ་ཙ་བཛྲ་ཞེས་གཤིན་རྗེ་གཤེད་སྣ་ལ། མ་ཐ་མ་ཐ་བཛྲ་ཞེས་མི་གཡོ་བ་ལྟེ་བར། ཛྭ་ལ་ཛྭ་ལ་བཛྲ་ཞེས་རྟ་མགྲིན་ལྕེ་ལ། སུ་རུ་སུ་རུ་བཛྲ་ཞེས་འདོད་རྒྱལ་གསང་བར། མུ་རུ་མུ་རུ་བཛྲ་ཞེས་ཧཱུཾ་ཀཱ་ར་མཚན་མ་ལ། ཀ་ཏཾ་ཀ་ཏེ་ཞེས་སྟོབས་ཆེན་ཡིད་ལ། ཛ་ཡེ་བི་ཛ་ཡེ་ཞེས་སུམ་རྒྱལ་ཀུན་གཞིའི་རྟེན་ནུ་མ་ལ། ཨ་ཛི་ཏེ་ཨ་པ་ར་ཛི་ཏི་མ་ར་སེ་ན་པྲ་མརྔྷ་ན་ཞེས་བདུད་རྩི་འཁྱིལ་བ་ཀུན་གཞིའི་རྟེན་སྙིང་ལ་གདབ་བོ། །རྡུངས་གཏུབ་བྲབ་པ་སྟེ་ཁོང་ཁྲའི་ལས་གསུམ་གྱིས་སྟོངས་འདེབས་སྔར་བཞིན་ནོ། ། དེ་ནས་ཡུམ་གཉིས་ཀྱི་ཕུར་བུ་དགེ་སྡིག་ཆ་མཉམ་སྟེ་གདབ་པ་ནི། ཡུམ་གཉིས་ཀྱི་ཕུར་བུ་བླང་ལ་བསྐུལ་ནི། དམ་ཚིག་ཆེན་པོ་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཡན་ཆད་དང་། གདུག་ཅིང་སྡང་སེམས་ལྡན་པ་ཡི། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པའི་བགེགས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དང་། དགྲ་བགེགས་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ་གཉིས་ཀྱི་བར་དུ། སརྦ་ཨཱ་ན་ཡ་ཞེས་པས་མཐོ་རིས་ཀྱི་སྒོ་དགག་ཕྱིར་སྒྲ་འབྱིན་སྤྱི་བོར། ཏ་ཐཱ་ཡ་ཏ་ཐཱ་ཡ་ཞེས་པས་ངན་འགྲོའི་སྒོ་དགག་ཕྱིར་བསྐྱོད་མའི་ཕུར་བུ་རྐང་མཐིལ་དུ་གདབ་བོ། །རྡུངས་གཏུབ་བྲབ་པ་སྟེ་ཁོང་ཁྲའི་ལས་གསུམ་གྱིས་སྟོངས་འདེབས་པ་སྔར་བཞིན། གཉིས་པ་སུར་ཕུག་ཏུ་གདབ་པ་ནི། དམ་ཅན་གྱི་ཕུར་བུ་རྣམས་བླངས་ལ་བསྐུལ་མེད་པས་བཞི་སྙིང་སྦྲེལ་བའི་སྔགས་ཉིད་ཀྱིས་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ། ཨ་པ་ར་ཛི་ཏེ། མ་ར་སེ་ན། པྲ་མརྔྷ་ན་ཡེ། དགྲ་བགེགས་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཅེས་པས་ཕུར་བུ་རེ་རེའི་སྔགས་དང་བཅས་པས་གནས་ལ་ངེས་མེད་དུ་གདབ་བོ། །རྡུངས་གཏུབ་བྲབ་པ་སྟེ་ཁོང་ཁྲའི་ལས་གསུམ་གྱིས་བར་དུ་སྟོངས་འདེབས་པའང་སྔར་བཞིན་ནོ། །གསུམ་པ་གཅིག་ཀུན་གྱི་གཞུག་ལ་གདགས་པ་ནི། ཞལ་དུ་སྟོབ་པ་སྟེ། ལིང་རོའོ་མགོ་དང་སྨད་གཉིས་མནན་བསྲེག་གི་རྫས་སུ་གུད་དུ་ཕྱུང་ལ། སྟོད་ཀྱི་ཆ་སོགས་སྙིགས་མའི་ལུས་བདུད་རྩིར་སྦར་བས་ཧོམ་གཟར་གྱིས་གཏོར་མར་བསྟབ་ལ། བསྐུལ་ནི། བདག་ཉིད་ཆེན་མོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ལ་ཉན་པར་བྱོས། །ཞེས་བསྐུལ་ཞིང་། སྤྲོ་ན་ལས་བྱང་ལྟར། ཧཱུཾ། སྣང་སྲིད་ཕུར་བུས་གདབ་པའི་ཕྱིར། །ཞེས་སོགས་དང་། ཧོཿ དཔལ་ཆེན་འཁོར་བཅས་ཤ་ལ་དགྱེས། །ཞེས་སོགས་ཀྱང་སྦྲེལ་ནས། སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྷིནྡྷ་ཡ་བྷིནྡྷ་ཡ་དགྲ་བགེགས་སརྦ་བིགྷྣཱ་བཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། ཞེས་པས་བདག་རྩ་བའི་དཀྱིལ་འཁོར། ཕཊ་ཕཊ་ཕཊ། ཅེས་པས་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། བཛྲ་ཡཀྵ་ཀྲོ་དྷ་ཞེས་པས་སྲས་མཆོག་སྒོ་མ་དམ་ཅན་སོགས་ཀྱི་ཞལ་དུ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཞེས་སྟོབ་པས། ཧ་ཧ་ཧ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཅེས་དགྱེས་པའི་བཞད་སྒྲ་དང་བཅས་པས་ལྷག་མེད་དུ་རོལ་ནས་དངོས་གྲུབ་སྩོལ་ཏེ་འོད་གསལ་དུ་ཞུ། དེ་ལས་སད་པའིི་སྣང་ཆ་ཆོས་ཉིད་ཀྱི་བདེན་པའི་ངང་བསྐྱང་ངོ་། །དེ་དག་ནི་དགྲ་ལས་དངོས་གྲུབ་བླང་བ་ཞེས་བྱའོ། །གཉིས་པ་ལྷ་ལས་བླང་བ་ནི། སྟོད་ལས་ནས་འབྱུང་བ་བཞིན་དུ་བླང་ངོ་། །གསུམ་པ་ལས་ཀྱི་ཁ་བསྐང་ཞིང་མཇུག་བསྡུ་བ་ལ་གཉིས་ལས། དང་པོ་མནན་བསྲེག་འཕང་གསུམ་གྱིས་ལས་ཀྱི་ཁ་བསྐང་བ་ནི། དངོས་གྲུབ་བླང་བའི་རྗེས་སུ་ཞི་བའི་སྦྱིན་སྲེག་ཀྱང་འགྲུབ་ན་བྱ་ཞིང་། འདིར་ལས་ཀྱི་ཁ་སྐོང་གི་སྦྱིན་སྲེག་ནི། དཀྱིལ་འཁོར་གྱི་ཤར་ལྷོར་དུག་ཤིང་ངམ་ཚེར་མ་ཅན་གྱི་ཧོམ་གྲུ་གསུམ་པ་གཅིག་བརྩིགས་པའི་ནང་དུ། གོང་གི་ལིང་རོའི་སྨད་དང་། ལིང་ག་གསར་པ་གཅིག་ལའང་དགུག་བསྟིམ་བྱས་ཏེ་ཧོམ་དཀྱིལ་དུ་མགོ་མཐུར་བསྟན་གྱིས་བཞག་ལ་ཚིལ་ཆེན་གྱི་མར་ཁུས་བྲན། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨགྣེ་ཡེ་ཛྭ་ལ་རཾ། ཞེས་པས་མེ་སྦར། མེ་ཉིད་ཡེ་ཤེས་ཀྱི་མེ་ལྷ་དཔལ་ཆེན་པོའི་ལྷ་ཚོགས་སུ་བཞེངས་པར་བསམ་ལ། བབ་བརྒྱད་ཀྱིས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཅེས་བཏགས་ཏེ། ཞིང་ལྤགས་རས་དམར་དགྲ་བགེགས་ཀྱི་མིང་གཟུགས་བྲིས་པ་དང་། སྒྲུབ་གཏོར་གྱི་ཆ་ཤས་ཕུད་ཡུངས་ཀར་བཅས་པ་རྣམས་མར་ནག་དང་ལྷན་ཅིག་ཧོམ་གཟར་དུ་བླུགས་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨགྣེ་ཧཱུཾ་ཕཊ། གནོད་བྱེད་དགྲ་བགེགས་ཙིཏྟ་ཛྭ་ལ་རཾ། བི་ད་ཡ་བི་ད་ཡ་ཧཱུཾ་ཕཊ། ད་ཧ་ད་ཧ། ཛྭ་ལ་ཛྭ་ལ་བཛྲ་ཧཱུཾ་ཕཊ། ཅེས་ལན་གསུམ་ཕུལ་བས། དགྲ་བགེགས་རྣམས་སྲེགས་པའི་དྭངས་མ་མེ་ལྷ་དཔལ་ཆེན་པོའི་ལྷ་ཚོགས་ཀྱི་ཞལ་དུ་བསྟབས་པས་བཞེས་པར་བསམ་ཞིང་། ལྷ་ཚོགས། བཛྲ་མུཿས་གཤེགས་སོ། །དེ་ནས་འཕང་བ་ཟོར་ནི། སྒྲུབ་གཏོར་ལྷག་མ་ལ་ཐུན་རོ་དང་ཐུན་སྣ་ཚོགས་བླུགས། ཟོར་གཏོར་ཐོགས། གཟུགས་ཁྲག་གིས་བྱུག་པའི་རྩེར་ཡུངས་ཀར་བཙུགས་པ་གོང་དུ་བཅས་བཤོམ་གྱི་དུས་ནས་དཀྱིལ་འཁོར་གྱི་ཤར་ལྷོར་འདུ་བྱས་ལ། ཕུད་འཐོར་བཞིན་དུ། ཧཱུཾ། བདག་གིས་མ་ཉེས་མ་ཡོའོ། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །སྟེང་གི་ལྷ་ཡང་སྐུ་བཟུར་ཅིག །སྟེང་ན་གནས་པའི་ལྷ་རྣམས་ཀུན། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་ལམ་གཉན་པོ་ཕྱེས། །ཞེས་པ་ནས། སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱང་། ། མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་ལམ་གཉན་པོ་ཕྱེས། །ཞེས་པའི་བར་དཔང་གཟུག་གི་ཚིག་ཟུར་བསྒྱུར་བས་ཟོར་ལམ་བསལ་ལ། བབ་བརྒྱད་ཀྱིས་བསྐུལ་བའི་མཇུག་ཏུ་འཕྱོང་། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཅེས་བཏགས་ཏེ། སྔགས་ནི། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ། པ་ར་བིདྱཾ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། དགྲ་བགེགས་གནོད་བྱེད་ཀྱི་ལྔ་ཕུང་ལ་ཐུན་བྷྱོ་བྷྱོ། ཞེས་གཟའི་རྒྱུ་ཐབས་དང་བསྟུན་ཏེ་འཕངས་པས་ཕོ་ཉའི་དམག་ཚོགས་ཀྱིས་ནད་མཚོན་དུག་ཆར་ཕབ་པས་དགྲ་བོ་ཡུལ་འཁོར་དང་བཅས་པ་ཐལ་བར་བརླག་པར་བསམ་མོ། །དེ་ནས་མནན་པ་ནི། ལིང་རོའི་མགོ་དང་སྦྱིན་སྲེག་གི་ཐལ་བ། ལིངྒ་གསར་པ་གཅིག་ལ་དགུག་བསྟིམ་དྲག་པོ་བྱས་པའི་སྙིང་གར་དུག་ཕུར་གཅིག་བཏབ་པ་ཐོད་ངན་དུ་བྲུབས། རེ་བས་སྒྲིལ། ཡུག་སྐྲས་ཕྱིར་བཟློག་དུ་བཅིངས་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཏི་རི་མུཀྟ་ༀ་བཾ་ཧཱུཾ་ལཾ་སྟཾ་བྷ་ཡ་ནན། ཞེས་མང་དུ་བཟླས་ལ། ཐེམ་འོག་གམ་ལམ་རྒྱ་གྲམ་དུ་དོང་གྲུ་གསུམ་བྲུས་ཏེ། ཕུད་འཐོར་བཞིན་དུ། ཧཱུཾ། བདག་གིས་མ་ཉེས་སོགས་སྔར་ལྟར་ལས། སྟེང་གི་ལྷ་ཡང་མི་གནོན་ནོ། །སྟེང་ན་གནས་པའི་ལྷ་རྣམས་ཀུན། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་མནན་པའི་ལས་མཛོད་ཅིག །ཅེས་པ་ནས། སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་མནན་པའི་ལས་མཛོད་ཅིག །ཅེས་པའི་བདེན་བརྡར་དང་བརྔན་བྱིན་ནས་བབ་བརྒྱད་ཀྱིས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །མནན་ནོ་ནོན་ཅིག་སྟྭམྦྷ་ཡ། །ཞེས་དོང་དུ་བསྐྱུར། སས་གཡོག་ཅིང་རྒྱས་གདབ། རོ་གཡམ་ལ་རྒྱ་གྲམ་བྲིས་པས་ཁ་བཅད་དེ། རི་རབ་ཀྱིས་མནན་པར་བསམ། དེའི་སྟེང་སཱཙྪ་ནག་པོ་གཅིག་ཀརྨ་ཧེ་རུ་ཀ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་བསྣམས་པ་རང་འདྲའི་འཁོར་འབུམ་གྱིས་བསྐོར་བས་མནན་ཏེ་ནམ་ཡང་ཐར་བ་མེད་པར་བསམ་ཞིང་། ལས་བཞིའི་བྲོ་བརྡུང་ངོ་། །གཉིས་པ་གསོ་བ་རྣམ་པ་གསུམ་གྱིས་ལས་ཀྱི་མཇུག་བསྡུ་བ་ལ། གསོ་བའི་དུས། གསོ་བའི་ཡུལ། གསོ་བའི་དགོས་པ། གསོ་བའི་ཐབས་སོ། །དང་པོ་ནི། བསྒྲུབ་བྱ་དམིགས་སུ་བསལ་བ་ལ་ལས་དྲག་པོ་རྩོམ་པའི་དུས་ཡིན་ན། ལས་ནམ་གྲུབ་པ་དང་གདོད་གསོ་བར་བྱ་ཡི། ལས་མ་གྲུབ་པར་གསོ་བ་སྔ་ན་ལས་མྱུར་དུ་མི་འགྲུབ་པའི་རྒྱུ་ཡིན་པར་གསུངས་སོ། །བསྒྲུབ་བྱ་དམིགས་བསལ་མེད་ན་ཕུར་བུ་བཏབ་པའི་རྗེས་ཉིད་ལ་གསོས་པས་ཆོག་གོ། །གཉིས་པ་ཡུལ་ནི་གསུམ་སྟེ། བདག་གསོ་བ། ཕུར་བུ་གསོ་བ། གཟས་པོ་གསོ་བའོ། །གསུམ་པ་དགོས་ཆེད་ཀྱང་གསུམ་སྟེ། བདག་གསོ་བ་ནི། དྲག་པོའི་ལས་ཀྱི་རྣམ་སྨིན་རྒྱུད་ལ་མི་གོས་པར་བྱ་བའི་ཆེད་དོ། །ཕུར་བུ་གསོ་བ་ནི། ཕྱག་རྒྱའི་ལྷ་རྣམས་གཟིར་མནན་གྱི་དམེ་བའི་ལས་ལ་སྦྱར་བས་བསོད་ནམས་ཀྱི་དོན་དུ་མི་རུང་བའི་ཕྱིར་བཟོད་པར་གསོལ་བའོ། །གཟས་པོ་གསོ་བ་ནི། སྙིང་རྗེ་བྱང་ཆུབ་ཀྱིས་ཟིན་པས་བསྒྲལ་བྱ་རྣམས་ལ་ཕན་གདགས་ཤིང་སྐྱོབ་པར་བྱ་བའི་ཕྱིར་རོ། །གསོ་བའི་ཐབས་ལའང་གསུམ་སྟེ། ལས་དང་བྱ་བའི་གསོ་བ་ནི། ཀཱི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ་ལས་འབྱུང་བའི་ཆོ་ག་ཞིབ་མོ་ལྟ་བུའོ། །མན་ངག་གིས་གསོ་བ་ནི། དམིགས་བྱ་ཕུར་བུ་བདག་གསུམ་གྱི་བྱང་ཆུབ་ཀྱི་སེམས་ལྗང་དམར་མཐིང་ཁའི་འོད་རྣམ་པ་གསུམ་དབྱེར་མེད་འོད་ཀྱི་ཐིག་ལེ་གཅིག་ཏུ་བསྡུས་པ་མི་དམིགས་པར་སྦྱོར་བའི་མན་ངག་རིག་པ་མཆོག་གི་རྒྱུད་ལས་གསུངས་པ་ལྟ་བུའོ། །འདིར་ཕྲིན་ལས་རྡོ་རྗེ་གཞོན་ནུ་ཉིད་ནས་གསུངས་པའི་ཏིང་ངེ་འཛིན་གྱིས་གསོ་བ་ལ་ཕྱག་བཞེས་སུ་མཛད་པ་ཡིན་ཏེ། དེ་ལ་གསུམ་ལས། བདག་གསོ་བ་ནི། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་བརླབ་བོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙཱརྻ་དུས་ལ་བབ་བོ། །བརྣག་པ་དེ་ཁོ་ན་ལའོ། །ཞེས་བསྐུལ་ནས། ཀཱི་ལ་ཡ་བརྒྱ་རྩ་བརྒྱད་བཟླས་པས། གོང་དུ་བཏབ་པའི་ཕུར་བུའི་ཁྲོ་བོ་དེ་དག་ཡེ་ཤེས་ཀྱི་འོད་ཟེར་གོང་བུའི་རྣམ་པར་གྱུར་པ་ཚུར་འདུས་བདག་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་སྟེ་རང་ཉིད་གདོད་ནས་ལྷར་གསལ་བ་དེའང་སྐུ་ཆེ་ལ་ཡན་ལག་རགས་པ་ཆེ་བཙན་འགྲན་ཟླ་དང་བྲལ་བར་བསམ་པའོ། །ཕུར་བུ་གསོ་བ་ནི། གོང་དུ་བཏབ་པའི་ཕུར་བུ་དེ་ཕྱུང་སྟེ་དབལ་ནས་བཟུང་ལ་ཀཱི་ལ་ཡ་ཉེར་གཅིག་བཟླ་ཞིང་ཀླད་ལ་ལན་གསུམ་བསྐོར་བས་ཁམས་གསུམ་ཕུར་བུས་གང་། དེ་ཐམས་ཅད་སླར་འདུས་པས་སྟོད་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ་སྨད་ཕུར་བུའི་རྣམ་པ་ཅན་སྐུ་རི་རབ་ལྟར་བརྗིད་ཆེ་བ་ལས། ཡེ་ཤེས་ཀྱི་མེ་འོད་འབར་ཞིང་འུར་སྒྲ་དྲག་པོ་སྒྲོགས་པར་བསྒོམས་པས། ལྷ་རྣམས་ལ་ཉེས་པས་མི་གོས་ཤིང་གཟི་བྱིན་དང་ལྡན་པར་བསམ་མོ། །གཟས་པོ་གསོ་བ་ནི། དཀར་ནག་གི་མཚམས་སུའོ། །ཞེས་བརྗོད་ཅིང་ཕུར་བུ་སྒྲིལ་ཞིང་བཏབ་སྟེ། ཀཱི་ལ་ཡ་ལན་བཅོ་བརྒྱད་བཟླས་པས་ཕུར་བུའི་ཡེ་ཤེས་ཀྱི་འོད་ཟེར་གཟས་པོའི་ཁམས་བཅོ་བརྒྱད་ཀྱིས་མཚོན་པའི་ལས་དང་ཉོན་མོངས་པའི་དྲི་མ་ཐམས་ཅད་དག་ནས། སེམས་ཉིད་རྡུལ་ཕྲན་དྭངས་མའི་ཐིག་ལེ་ཡི་གེ་ཧཱུཾ་གི་རྣམ་པར་གྱུར་པ། ཨ་ཡཾ་ཞེས་ཨ་ལས་བྱུང་བའི་ཟླ་དཀྱིལ་གྱི་སྟེང་དུ་བཞག་སྟེ། ཡཾ་ལས་བྱུང་བའི་རླུང་གིས་བཏེགས་ན། ཕཊ་ཅེས་འོག་མིན་གྱི་ཞིང་དུ་སྤར་ཏེ། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་ནས་རྡོར་སེམས་ཀྱི་སྲས་སུ་སྐྱེས་པར་བསམ་པ་ནི་གནས་སྤར་བ་སྟེ། གནས་ལུང་དཔྱང་ཐག་གི་ཆོ་ག་ཐུགས་རྗེ་རྗེས་འཛིན་གྱི་ཕུར་གདབ་ཅེས་ཀྱང་བྱའོ། །རྒྱུན་གྱི་ཡི་དམ་ནར་མར་བྱེད་པའི་ཕུར་གདབ་ཀྱི་དུས་སུ་འདི་ཉིད་གོང་གི་ཚེ་ལུང་གི་མཇུག་ཏུ་སྦྲེལ་བས་ཆོས་ཀྱི་དབྱིངས་སུ་སྒྲོལ་བའི་ཐབས་ལ་མཁས་པའི་སྦྱོར་བ་སྟེ་བསྒྲལ་ལས་ཀྱི་གཙོ་བོ་ཉིད་ཚང་བར་འགྱུར་རོ། །གཞན་ཡང་ཚོགས་གཏོར་ཚེ་འགུགས་དཀྱིལ་འཁོར་བསྡུ་ཞིང་རྒྱུན་ཏིང་བྱ་བ་སོགས་ཐུན་མོང་གི་རྗེས་ཆོག་རྣམས་ལས་བྱང་དང་སྒྲུབ་ཁོག་ལས་འདོར་ལེན་གྱི་དམིགས་ཕྱེད་པ་ཤེས་པར་བྱ་བ་གཅེས་སོ། །གསུམ་པ་གྲུབ་པའི་འབྲས་བུ་ནི། འདིར་གཞན་སྟོབས་ཀྱི་ཐབས་ལམ་ལས་བྱུང་བའི་ཁྱད་པར་ཙམ་མ་གཏོགས་ཐོབ་བྱའི་ངོ་བོ་སྔར་བཤད་པ་བཞིན་ནོ། །ངག་བརྗོད་བསམ་འདས་དབྱིངས་ངོར་དགྲ་མེད་ཀྱང་། །རྣམ་རྟོག་འཁྲུལ་སྣང་དབང་གིས་དགྲར་ལངས་པ། །ཆོས་ཀུན་བདེན་མེད་རྟོགས་པའི་འཁྲུལ་འཁོར་གྱིས། །དཔལ་ཆེན་དཀྱིལ་འཁོར་རྒྱ་མཚོའི་དབྱིངས་སྒྲོལ་ཤོག །རྡོ་རྗེ་ཕུར་བུ་རོག་ལུགས་ལྷ་ནག་གི་སྨད་ལས་སྒྲུབ་ཁོག་གདུག་ཅན་མཐར་བྱེད་རྡོ་རྗེ་འབར་བའི་འཁྲུལ་འཁོར་ཞེས་བྱ་བ་འདི་ཡང་ཀོང་པོ་བདེ་ཆེན་སྟེང་ནས་སོ་སྟོན་ཁུ་དབོན་གྱིས་དོན་གཉེར་ཆེན་པོས་བསྐུལ་ཞིང་གཞིས་བཞུགས་ཁུ་དབོན་གྱིས་ཀྱང་གསོས་བཏབ་པའི་ངོར། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་རིགས་ཀྱི་ཅོད་པན་དུ་ཐོབ་པའི་སྨྱོས་བན་དྷརྨ་ཤྲཱིས་ཉིས་བྲིས་སྤངས་ཏེ་སྤེལ་བ་སིདྡྷི་རསྟུ།། །།

རོག་ཕུར་གྱི་དབང་ཆོག་བདེ་ཆེན་མཆོག་སྟེར། དྷརྨཱ་ཤྲཱི།

རོག་ཕུར་གྱི་དབང་ཆོག་བདེ་ཆེན་མཆོག་སྟེར་ཞེས་བྱ་བ་བཞུགས་སོ། །དཔལ་རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་བདེ་ཆེན་མཆོག་སྟེར་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཀུན་རིག་ཡེ་ཤེས་དཀྱིལ་འཁོར་ཆུ་འཛིན་ལས། །དབང་བཞིའི་ཆར་གྱིས་འགྱུར་བཅས་སྒྲིབ་པ་ཀུན། །སྦྱངས་ནས་འཕོ་མེད་བདེ་ཆེན་རྡོ་རྗེ་བཞིར། །སྨིན་མཛད་དྲིན་ཅན་བླ་མ་ཕྱག་གི་གནས། །ཁྲག་འཐུང་རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་དུ། །སྐལ་ལྡན་འཇུག་ཅིང་སྨིན་བྱེད་དབང་བསྐུར་བའི། །ཆོ་ག་འཇུག་བདེའི་ངག་གིས་དོན་ཆེན་འབྲས། །མཆོག་ཏུ་སྟེར་བྱེད་ལས་ཀྱི་རིམ་པ་བརྩམ། །འདིར་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་སྐལ་ལྡན་གྱི་སློབ་མར་དབང་བསྐུར་བའི་ཆོ་ག་སྒྲུབ་པའི་རིམ་པ་ལ། ཐོག་མར་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། དཀྱིལ་འཁོར་བཞེངས་ཤིང་དབང་གི་ཡོ་བྱད་རྣམས་ཚང་ལ་བཀོད་ལེགས་པར་བཤམས་ནས། སྒྲུབ་མཆོད་ནི། སྒྲུབ་ཐབས་ལས་བྱང་གི་གཞུང་བསྲང་ཞིང་སྒྲུབ་ཁོག་ལས་ཁྱད་པར་གྱི་སྒོས་ཆོས་རྣམས་མ་འདྲེས་གཙང་དག་ཏུ་སྦྱོར་ཚུལ་དམིགས་ཕྱེད་པའི་སྒོ་ནས། བདག་མདུན་བུམ་གསུམ་ཐ་མི་དད་ཀྱི་ཚུལ་དུ་ལས་གཞུང་གི་བཟླས་པའི་བར་བསྒྲུབ་རྗེས། བུམ་པའི་དཀྱིལ་འཁོར་ལོགས་སུ་ཕྱེ་སྟེ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །ཞེས་སོགས་ཀྱི་དགོངས་པས་བུམ་བཟླས་མཐར་ལྷ་འོད་ཞུ་དང་། རྗེས་འབྲེལ་དུ་སྒྲུབ་ཁོག་ལྟར་ལས་སྔགས་ཀྱིས་བསང་ཆུ་བསྒྲུབ་ཅིང་ཚོགས་གཏོར་རྣམས་ཀྱང་ཇི་ལྟར་རིགས་པར་བྱས་ལ། སློབ་དཔོན་བདག་ཉིད་འཇུག་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་དབང་ལེན་པའི་ཡུལ་དང་། དབང་གི་བྱ་བ་རྣམས་གཙོ་བོ་ལས་ཕྱེ་བའི་ལས་ཀྱི་ཧེ་རུ་ཀས་མཛད་ཅིང་། བདག་ཉིད་རྣམས་འགྱུར་གློ་བུར་བའི་རང་བཞིན་དབང་ཞུ་བ་པོར་བྱས་ཏེ་རྒྱས་པར་འཆད་འགྱུར་བཞིན་དབང་རྣམས་རྫོགས་པར་བླང་བའམ། བསྡུ་ན། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། ཞེས་རིག་པའི་མེ་ཏོག་དོར་ནས། རང་བཞིན་གྱི་དཀྱིལ་འཁོར་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་རང་བཞིན་དབྱེར་མེད་དུ་རྟོགས་པར་བྱས་ལ། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཞེས་པ་ཙམ་གྱིས་བདག་ཉིད་ཞུགས་ནས། སློབ་མ་འཇུག་པར་གསོལ་བ་གདབ་པ་ནི། རྡོར་དྲིལ་འཛིན་པས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་གཞོན་ནུའི་གྲོང་ཁྱེར་མཆོག །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་གསོལ་བས་གནང་བ་བྱིན་པར་བསམ་མོ། །དེ་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ། དཀྱིལ་འཁོར་ཡོལ་བས་བཅད། སློབ་མ་ཁྲུས་དང་ཕྱག་བྱས་ནས་གྲལ་དུ་འཁོད་པ་ལ། སྔོན་གཏོར་བྱིན་ནས། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཞེས་སོགས་ཀྱི་མཐར་ཁྲོ་བཅུའི་སྔགས་བརྗོད་པས། རང་གི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་ཚོགས་ཀྱིས་བགེགས་རྣམས་བསྐྲད། སླར་འདུས་པ་ཁྲོ་བོའི་རང་བཞིན་གྱི་རྡོ་རྗེའི་གུར་གྱིས་མི་ཤིགས་པར་བཅིངས། །དེ་ནས་ཆོས་བཤད་ནི། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་སློབ་པའི་ཟུང་འཇུག་གི་ངོ་བོ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཆེན་པོ་གང་གི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བསྒྲུབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་དབང་གི་རིམ་པ་རྣམས་ལེགས་པར་ནོད་ནས་ལམ་ཟབ་མོ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་བླང་དོར་མ་འཛོལ་བར་བགྱིས་ཏེ་ལེགས་པར་གསན་འཚལ། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱང་སྤྱིར་བདག་ཅག་གི་སྟོན་པ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་སེམས་ཅན་རྣམས་ཀྱི་ཁམས་དང་། དབང་པོ་དང་། བསམ་པའི་རྗེས་སུ་འགྲོ་བའི་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་ཞིག་བསྐོར་བར་མཛད་པ་ཡིན་ཡང་། རེ་ཞིག་སྤང་གཉེན་གྱི་སྒོ་ནས་བསྡུ་ན། །གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པའི་བྱེ་བྲག་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོའང་དེ་སྙེད་ཅིག་ཏུ་གྲངས་ངེས་པ་ཡིན་ཏེ། དེ་སྐད་དུའང་ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །མདོར་ན་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཀུན། །ཉོན་མོངས་འདུལ་བའི་གཉེན་པོར་གསུངས་པར་ཟད། །ཅེས་གསུངས་པ་ལྟར་རོ། །དེ་ཡང་གཞུང་དང་མན་ངག་ཙམ་གྱི་སྒོ་ནས་བསྡུ་ན། གཞུང་མཚན་ཉིད་ཕར་ཕྱིན་གྱི་ཐེག་པ་དང་། མན་ངག་གསང་ཆེན་རྡོ་རྗེའི་ཐེག་པ་གཉིས་སུ་འདུ་བ་ཡིན་ཏེ། དེ་ཉིད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུངས་པ་ལྟར་ལས། འདིར་སྐབས་སུ་བབས་པ་ནི། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་བཤད་པ་ལྟར་ཁྱད་ཆོས་བཞིའི་སྒོ་ནས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེའི་ཐེག་པ་ཉིད་ཡིན་ཞིང་། དེ་ལ་ཡང་ཤེས་བྱེད་རྒྱུད་སྡེའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་ལྟ་སྤྱོད་ཙམ་གྱི་སྒོ་ནས་བསྡུ་ན། སྤྱོད་པ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་དང་། ལྟ་བ་གཙོ་བོར་སྟོན་པ་རྣལ་འབྱོར་གྱི་རྒྱུད་དེ་གཉིས་སུ་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་འདུ་བ་ལས། འདིར་ཕྱི་མ་སྟེ། དེར་ཡང་རྣལ་འབྱོར་གྱི་རྒྱུད་ཙམ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་གཉིས་སུ་ཡོད་པ་ལས། འདི་ནི་རྣལ་འབྱོར་བླ་ན་མེད་པ་ལ་ནང་གསེས་བསྐྱེད་རྫོགས་རྫོགས་ཆེན་གསུམ་སྟོན་པའི་གཞུང་རྒྱུད་ལུང་མན་ངག་གསུམ་ཡོད་པའི་དང་པོ་རྒྱུད་མ་ཧཱ་ཡོ་ག །དེ་ལའང་བསྐྱེད་རིམ་ཐབས་ཀྱི་ཆ་དང་རྫོགས་རིམ་རླུང་གཙོ་བོར་བྱེད་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་མ་ཧཱ་སྟེ་ཕ་རྒྱུད་གསང་བ་འདུས་པ་ལ་སོགས་པ་དང་། བསྐྱེད་རིམ་གྱི་སྤྲོས་པ་ཤས་ཆུང་ཞིང་ཤེས་རབ་རྫོགས་པའི་རིིམ་པ་ཁམས་བྱང་ཆུབ་ཀྱི་སེམས་ཐིག་ལེ་གཙོ་བོར་བྱེད་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཚུལ་དུ་ཉམས་སུ་ལེན་པ་མ་ཧཱའི་ཨ་ནུ་སྟེ་མ་རྒྱུད་སངས་རྒྱས་མཉམ་སྦྱོར་དང་དཔལ་ཡང་དག་ལ་སོགས་པ་དང་། བསྐྱེད་རྫོགས་ཟུང་དུ་འཇུག་ཅིང་དེའང་རྫོགས་རིམ་རྩ་ཐིག་རླུང་གསུམ་ལས་བསྐྱེད་པའི་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཁྱད་པར་འོད་གསལ་ཡེ་ཤེས་ཆེན་པོ་ལ་གཙོ་བོར་བྱེད་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་ཨ་ཏི་སྟེ་གཉིས་མེད་ཀྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་ལས། འདིར་སྔ་འགྱུར་བཀའ་མའི་བཀའ་སྲོལ་ཏནྟྲ་སྡེ་བཅོ་བརྒྱད་དུ་གྲགས་པའི་བྱེ་བྲག་ཕུར་པ་རོལ་པའི་རྒྱུད་དང་རྗེས་སུ་འབྲེལ་བ་སྟེ། དེ་ལའང་བརྒྱུད་སྲོལ་ཇི་སྙེད་ཅིག་ཡོད་པ་ལས། འདི་ནི་རོག་གི་མཁས་གྲུབ་ཆེན་པོ་རྣམས་ཀྱི་ཐུགས་དམ་ལྷའི་གཙོ་བོ། ཕུར་པ་རོག་ལུགས་སུ་གྲགས་པ་ཉིད་ཡིན་ཞིང་། འདི་ལ་སྨིན་གྲོལ་གྱི་རིམ་པ་གཉིས་ལས། རེ་ཞིག་སྨིན་བྱེད་ཀྱི་དབང་ཉིད་བསྐུར་བར་བྱེད་པ་ལ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ཡོད་པ་ལས། སློབ་དཔོན་གྱི་བགྱི་འོས་དཀྱིལ་འཁོར་བཞེངས་པ། བསྒྲུབ་ཅིང་མཆོད་པ། བདག་ཉིད་དཀྱིལ་འཁོར་དུ་རིག་པས་འཇུག་པ་རྣམས་ཆད་ལྷག་མེད་པར་སྔོན་དུ་གྲུབ། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ལྷ་དང་སྐལ་བ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་དབང་ནོད་པའི་བྱ་བ་གཉིས་ལས། འདིར་འཇུག་པའི་ཡན་ལག་ཁྲུས་དང་བགེགས་བསལ་སྔོན་དུ་སོང་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྗོད་དེ་སློབ་བུས་མཎྜལ་ཕུལ་ནས། ཆས་སུ་གཞུག་པ་ནི། ༀ་ཨཱཿཧཱུཾ་གིས་མིག་དར་བཅིང་། ཨཱ་ཁཾ་ཝི་ར་ཧཱུཾ་གིས་མེ་ཏོག་གཏད་ལ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ལམ་ལས་དྲངས་ཏེ་དཀྱིལ་འཁོར་གྱི་ཤར་སྒོའི་ཡོལ་བའི་དྲུང་དུ་བཀུག་པར་བསམ་ཞིང་། རྡོ་རྗེ་ཕྱེད་ལག་ཏུ་གཏད་དེ། འཁོར་བའི་སེམས་ཅན་ཐམས་ཅད་ཀུན། །རྒྱུད་ལྔ་ལམ་གྱི་སྒོ་བཅད་ནས། །མཐོ་རིས་ཐར་པའི་སྒོ་ཕྱེ་སྟེ། །བླ་མེད་གནས་སུ་དྲང་བར་བྱ། །བཛྲ་ས་མ་ཡ་ཛཿཞེས་དྲངས། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ། དེའི་ཆེད་དུ་བདག་གིས་དཀྱིལ་འཁོར་འདིར་འཇུག་པར་བྱའོ་སྙམ་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས་བྱེད་དུ་གཞུག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སངས་རྒྱས་ཉིད་དུ་རབ་བསྒྲུབས་ནས། །སེམས་ཅན་འཁོར་བར་འཁྱམས་པ་རྣམས། །བླ་མེད་གནས་སུ་བསྒྲལ་བར་བྱ། །ཞེས་ལན་གསུམ། དེ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བས་གསོལ་བ་གདབ་པ་འདིའི་རྗེས་ཟློས་བརྗོད། ཧཱུཾ། རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ། །བདག་ཅག་འཇུག་པར་འཚལ་ལགས་ན། །ཐུགས་རྗེ་ཆེན་པོས་དགོངས་ནས་ཀྱང་། །བདག་གི་རབ་གནས་མཛད་དུ་གསོལ། །ཞེས་ལན་གསུམ། དེའི་ལན་དུ་སློབ་དཔོན་གྱིས་གནང་བ་བྱིན་པ་ནི། རིགས་ཀྱི་བུ་ཁྱོད་ཚུར་ཤོག་ཅིག །དེ་རིང་བདེ་གཤེགས་འཁོར་བཅས་ཀྱིས། །ཁྱོད་ནི་ནང་དུ་འཇུག་པ་ཡིན། །ཅི་འབྱོར་བ་ཡི་ཡོན་རྣམས་ནི། །དེ་རིང་ཉིད་དུ་བདག་ལ་ཕུལ། །ཞེས་དང་། འདོད་དོན་དྲི་བ་ནི། བུ་ཁྱོད་ལམ་བདེ་བས་འབྲས་བུ་བདེ་བ་ཆེན་པོ་སངས་རྒྱས་ཀྱི་བྱང་ཆུབ་མྱུར་དུ་ཐོབ་པར་བྱེད་པའི་ཐབས་གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་པར་མོས་སམ། ཞེས་དྲིས་པའི་ལན་དུ། མོས་ལགས། ཞེས་ཞུས་ནས། ཡོན་འབུལ་བ་ནི་འདིའི་རྗེས་ཟློས་མཛོད། ཨུ་ཧུ། བླ་མ་འགྲོ་བའི་མགོན་པོ་དཀྱིལ་འཁོར་ཆེན་པོའི་མངའ་བདག་ཁྱེད་ལ། ཆེ་སྟེ་རྟ་དང་གླང་པོ་ཆེ། འཛམ་བུའི་གླིང་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་སྟེ་ཕུལ་ཡང་ཆེ་ཞིང་རིང་བ་མ་མཆིས་ལ། ཆུང་སྟེ་ཁབ་དང་སྐུད་པ་ཙམ་ལས་མ་འབྱོར་ཡང་ཐུགས་རྗེས་བཟུང་འཚལ་བས། འདིར་ཅི་འབྱོར་པའི་དངོས་པོ་ཕྲ་མོ་འདི་བཞིན་འབུལ་བ་ལགས། ཞེས་ཡོན་མཚོན་བྱེད་ཙམ་མམ། མེད་ན་མཎྜལ་ཞིག་འབུལ་དུ་གཞུག །དེ་ནས་མེ་ཏོག་གི་ཕྲེང་བ་ཐལ་མོའི་བར་དུ་འཛིན་དུ་བཅུག་ནས་རང་གི་རིགས་ཀྱི་ལྷག་པའི་ལྷ་ལ་འབུལ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། རྩ་བ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །རིག་པ་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི། །སྐུ་གསུང་ཐུགས་ཀྱི་དབྱིངས་སུ་འབུལ་ལགས་ན། །རྣལ་འབྱོར་རྣམས་ལ་དངོས་གྲུབ་སྩལ་དུ་གསོལ། །པྲ་ཏཱིཙྪ་བཛྲ་ཧོཿ ཞེས་དཀྱིལ་འཁོར་ལ་ལྟས་མེད་དུ་འདོར་དུ་བཅུག་སྟེ། གང་བབས་ཀྱི་ཕྱོགས་ལས་ལྷག་པའི་ལྷ་ཤེས་པར་འགྱུར་བ་ནི། དབུས་སུ་བབས་ན་རྡོ་རྗེ། ཤར་དུ་དེ་བཞིན་གཤེགས་པ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་ལས་ཀྱི་རིགས་སོ། །གང་གིས་བཞེས་པའི་ལྷ་དེས་སླར་རང་གི་མགོ་བོར་བཅིངས་པ་དང་མཉམ་དུ་ཡེ་ཤེས་སེམས་དཔའ་རེ་བསྟིམས་པས་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་ཏུ་བཞུགས་པར་བསམ་དུ་བཅུག་སྟེ། ༀ་མ་ཧཱ་བོ་དྷི་ཙིཏྟ་ཧཱུཾ། ཞེས་མེ་ཏོག་སྤྱི་བོར་བཀོད། དེ་ནས་མིག་དབྱེ་བར་གསོལ་གདབ་པ་འདིའི་རྗེས་ཟློས་མཛོད། མ་རིག་མིག་གི་ལིང་ཐོག་གིས། །ཤིན་ཏུ་ལྡོངས་པར་གྱུར་ལགས་ན། །ཐུགས་རྗེ་ཆེན་པོས་དགོངས་ནས་ཀྱང་། །ཉོན་མོངས་དྲི་མ་བསལ་དུ་གསོལ། །ཞེས་ཞུ། དེ་ནས་མིག་སྨན་གྱིས་བྱུག་པའི་གསེར་གྱི་ཐུར་མ་ཐོགས་ཏེ། ཧཱུཾ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས། །ཁྱོད་ཀྱི་དྲི་མ་བསལ་དུ་གསོལ། །ༀ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་མིག་དར་དཀྲོལ། ཡོལ་བ་བསལ་ནས། ཁྱོད་ཀྱི་མི་ཤེས་པའི་རབ་རིབ་དག་པས་ཡེ་ཤེས་ཀྱི་མིག་ཐོབ་སྟེ་ཐར་པ་ཆེན་པོའི་དཀྱིལ་འཁོར་གྱི་ནང་དུའང་ཞུགས་པ་ཡིན་པས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་མཐོང་བར་གྱུར་སྙམ་དུ་མོས་ལ་ཕྱག་འཚལ་བཞིན་དུ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་མཆོག །བདེ་གཤེགས་རྒྱལ་བ་འཁོར་བཅས་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་ཕྱག་བྱེད་དུ་བཅུག །དེའི་ཚེ་ཁ་དོག་གི་རྣམ་པ་ཡང་དཀར་སེར་དམར་ལྗང་སྣ་ཚོགས་ཀྱི་མདོག་གང་ལྟར་མཐོང་བ་དང་རྗེས་སུ་མཐུན་པར་ཞི་རྒྱས་དབང་དྲག་ལས་སྣ་ཚོགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་ལུང་ཡང་བསྟན། དེ་ནས་དམ་ཚིག་དཔོག་པ་ནི། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཡན་ལག་ཉི་ཤུ་ལྔ་དང་བཅས་པ་ཚུལ་བཞིན་དུ་བསྲུང་བ་ལ་བསླབ་པར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་གཙོ་ཉིད་དང་། །རྡོ་རྗེ་མཆེད་དང་ལྕམ་དྲལ་ལ། །ལུས་དང་སྲོག་ལ་བབས་གྱུར་ཀྱང་། །ཞེ་སྡང་ངན་སེམས་མི་བསྐྱེད་དོ། །འདི་ནི་སྐུ་ཡི་དམ་ཚིག་སྟེ། །དམ་ཚིག་མཆོག་ལས་དེང་མི་འདའ། །ལུང་དང་ལྡན་པའི་སློབ་དཔོན་གྱིས། །སྣོད་དང་ལྡན་པའི་སློབ་མ་ལ། །ཡི་དམ་གསང་བའི་ལྷ་ཕོག་སྟེ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད། །འདི་ནི་གསུང་གི་དམ་ཚིག་སྟེ། །དམ་ཚིག་མཆོག་ལས་དེང་མི་འདའ། །ཐུན་མོང་མ་ཡིན་གསང་ཆེན་འདི། །ནམ་ཡང་གཞན་དུ་སྨྲ་བ་མིན། །མན་ངག་གཞན་དུ་མི་སྤེལ་ལོ། །འདི་ནི་ཐུགས་ཀྱི་དམ་ཚིག་སྟེ། །དམ་ཚིག་མཆོག་ལས་དེང་མི་འདའ། །ས་མ་ཡ་ན་ར་ཀན། ཞེས་བྲོ་བོར་རོ། །དེ་ནས་དམ་ཚིག་བསྒྲག་པ་ནི། བདུད་རྩི་ལ། ༀ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་བཟླས་པའི་དམ་ཆུ་ལྕེ་ཐོག་ཏུ་བྱིན་ཏེ། འདི་ནི་རྡོ་རྗེ་དམྱལ་བའི་ཆུ། །དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་མཆོག་ལས་མ་འདའ་ཞིག །ཅེས་བརྗོད་ལ། བདུད་རྩི་དེ་ཉིད་ལྕེ་ལ་བཞག་ཀྱང་སྙིང་ནང་དུ་སོང་སྟེ་ཧཱུཾ་མཐིང་ནག་གི་རྣམ་པར་གནས་པ་ལས། དམ་ཚིག་བསྲུང་ན་ཡེ་ཤེས་སེམས་དཔའི་ངོ་བོར་གྱུར་ནས་བྱིན་གྱིས་རློབ་ཅིང་། ཉམས་ན་རྡོ་རྗེ་གནོད་སྦྱིན་ཞེས་ལྕགས་སྡིག་མགོ་དགུ་པའི་རྣམ་པར་གྱུར་ནས་གཤེད་མ་བྱེད་པར་འགྱུར་རོ། །ཞེས་སློབ་དཔོན་གྱིས་བཤད་ལ། སློབ་བུས་ཀྱང་། ས་མ་ཡ་ན་ར་ཀན། ཞེས་བྲོ་བསྐྱལ་ལོ། །དེ་ནས་དམ་ཚིག་གི་ཁེ་ཉེན་བཤད་པ་ནི། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས་ལེགས་པར་བསྲུང་ན་མི་དགེ་བའི་ལས་བཅུའི་སྒྲིབ་པ་རྩ་བ་ནས་འདག་ཅིང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་མངོན་དུ་ཐོབ་པར་འགྱུར། ཡན་ལག་གི་དམ་ཚིག་བསྲུང་ན་ཤེས་བྱའི་སྒྲིབ་པ་ཅི་རིགས་པ་འདག་ཅིང་སྤྱོད་ཡུལ་ཡང་དག་པའི་ལམ་དུ་ལོངས་པར་འགྱུར། གལ་ཏེ་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ན་རིམ་པ་ལྟར་བསྐལ་ཆེན་གཅིག་དང་གཉིས་དང་གསུམ་དུ་རྡོ་རྗེའི་དམྱལ་བར་ལྷུང་ཞིང་། དེ་ལས་འཐོན་ནས་ཀྱང་ཚེ་རབ ས་མང་པོར་ལུས་ལ་ནད་སྣ་ཚོགས་དང་། ངག་དིག་ལྐུག་དང་། སེམས་སྨྱོ་འབོག་ཅན་སོགས་སུ་སྐྱེ་བར་འགྱུར་ལ། ཡན་ལག་གི་དམ་ཚིག་ཉམས་ན་ཕྱིན་ཆད་ཟབ་མོའི་ཆོས་དང་འཕྲད་པར་མི་འགྱུར་རོ། །ཞེས་བཤད། དེ་ནས་ལྷ་དབབ་པ་ལ་སྤྱིར་ལས་དང་ཐུགས་རྗེ་འབྲེལ་བ་མོས་པའི་ལྷ། མེ་ཏོག་གང་ལ་ཕོག་པ་བབས་པའི་ལྷ། ལྷག་པའི་ལྷ་དཀྱིལ་འཁོར་གྱི་གཙོ་བོ་གསུམ་ལས། འདིར་ཕྱི་མའི་དབང་དུ་བྱས་ཏེ། དེང་ཕྱིན་ཆད་ཁྱོད་ཀྱིས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་གསལ་ལ་མ་འདྲེས་པ་སྣང་སྟོང་དབྱེར་མེད་དུ་བསྒོམ་པ་དང་མི་འབྲལ་བར་གྱིས་ཤིག །སྙིང་པོ་དབབ་པ་ནི། སློབ་དཔོན་གྱི་ཕྲེང་བ་དང་སྦྲེལ་ནས་ལག་ཏུ་གཏད་དེ། རིག་པ་སྲོག་གིས་སྦྲེལ་བའི་ཕྲེང་ཐག་ལ། །ཐབས་དང་ཤེས་རབ་འབྲེལ་བའི་ཕྲེང་བ་བརྒྱུས། །རྩེ་གཅིག་ལྷ་དང་འགྲོགས་པའི་ཏིང་འཛིན་གྱིས། །ཛཔ྄་བསྙེན་ཟུར་མ་ཆག་པར་བགྲང་བར་གྱིས། །ཞེས་གདམས་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཅེས་རྗེས་ཟློས་ཀྱིས་ལན་གསུམ་བཟླར་བཅུག་ལ། དེང་ཕྱིན་ཆད་ལྷའི་ཐུགས་དམ་བསྐུལ་བའི་སྙིང་པོ་ཀཱི་ལ་ཡའི་སྔགས་གྲགས་སྟོང་གཞོམ་མེད་ཀྱི་སྒྲར་བཟླ་བ་དང་མི་འབྲལ་བར་གྱིས་ཤིག །དེ་ནས་གསང་མཚན་གདགས་པ་ནི། མེ་ཏོག་གང་ལ་བབས་པའི་རིགས་དང་མཐུན་པའི་མིང་། རྡོ་རྗེ་རྒྱལ་པོ། དེ་བཞིན་གཤེགས་པའི་བསྲུང་བ། རིན་ཆེན་མྱུ་གུ། ཆོས་ཀྱི་དབང་ཕྱུག །ལས་ཀྱི་རྡོ་རྗེ། ཞེས་པའམ། ཡང་ན་ལྷག་པའི་ལྷའི་མཚན་ལས་དྲས་ཏེ། ཕོ་རྣམས་ལ། རྡོ་རྗེ་དྲག་པོ་རྩལ། བུད་མེད་རྣམས་ལ། རྡོ་རྗེ་དབལ་ཕྲེང་མ། བྱིས་པ་རྣམས་ལ། རྡོ་རྗེ་མྱུ་གུ་རྩལ། ཞེས་བཏགས་ཏེ། འདི་ཞེས་བྱ་བའི་དེ་བཞིན་གཤེགས་པར་ས་འོག་ས་སྟེང་ས་བླ་གསུམ་དུ་གྲགས་པར་འགྱུར་རོ། །ཞེས་ལུང་བསྟན་ནོ། །དེ་ནས་དབང་དངོས་གཞིའི་དོན་དུ་སློབ་བུ་རྣམས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་དམ་པ་དགོངས་སུ་གསོལ། །བཅོམ་ལྡན་རྡོ་རྗེ་གཞོན་ནུའི་དབང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དེ་རིང་བདག་ལ་བསྐུར་དུ་གསོལ། །ཞེ་ལན་གསུམ་གྱིས་གསོལ་བ་གདབ་ཏུ་གཞུག །དེ་ནས་སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། མཆོག་ཏུ་གསང་བའི་ཆོས་འདི་ཡི། །ཁྱོད་ནི་གསང་བའི་སྣོད་ཡིན་ཏེ། །གསང་སྔགས་ཟབ་མོའི་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །དུས་གསུམ་སངས་རྒྱས་ཀུན་གྱི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །དེ་ནས་སློབ་མས་ཅི་འབྱོར་པའི་ཡོན་གྱིས་མེ་ཏོག་ཕུལ་བར་མོས་ལ་འདིའི་ཟློས་མཛོད། བླ་མ་སངས་རྒྱས་ཀུན་དང་མཉམ། །དཀྱིལ་འཁོར་ལྷ་དང་བཅས་པ་ལ། །ཅི་འབྱོར་པ་ཡི་མེ་ཏོག་འབུལ། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཐུགས་རྗེས་དགོངས་ཏེ་བཞེས་ནས་ཀྱང་། །བདག་གི་རབ་གནས་མཛད་དུ་གསོལ། །ཞེས་མེ་ཏོག་དབུལ་ལ། སློབ་བུ་དབང་སྟེགས་པདྨ་དང་ཉི་མའི་གདན་ལ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་སྐུའི་རྣམ་པས་འཁོད་པར་གྱུར། སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་ཚོགས་ནམ་མཁའ་གང་བར་སད་ནས་བཞུགས་པར་གྱུར་པ་ལ་མེ་ཏོག་ལ་སོགས་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། །ཞེས་གསོལ་བས་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་དང་དཀྱིལ་འཁོར་པ་དབྱེར་མ་མཆིས་པས་དབང་རྣམས་རིམ་པར་བསྐུར་བའི་མོས་པ་བྱེད་དུ་བཅུག་ལ། དང་པོར་བར་ཆད་བསལ་བའི་ཕྱིར་ལྷ་ཕུར་རྣམས་གཅིག་ཏུ་བསྡུས་པ་ལག་ཏུ་གཏད་དེ་དབང་བསྐུར་བས། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མར་མེ་གཅིག་ལས་གཉིས་མཆེད་ཀྱི་རྣམ་པར་བྱོན་ནས་རང་རང་ལ་ཐིམ་པའི་མོས་པ་མཛོད། ཧཱུཾ། ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །སྒྲུབ་པའི་བགེགས་དང་བདུད་རྣམས་གཞོམ་པའི་ཕྱིར། །སྐྱེ་བོ་དམ་ཅན་རྣམས་ལ་དབང་བསྐུར་བས། །རིགས་ལྔ་བརྟུལ་ཞུགས་གྲུབ་པའི་དབང་ཐོབ་ཤོག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་བེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨཱཿ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཕུར་བུའི་དབང་བསྐུར་བས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པས་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་མེ་ཏོག་འཐོར་ཞིང་རོལ་མོ་འཁྲོལ་ཏེ་གཞན་རྣམས་ལའང་འགྲེའོ། །དེ་ནས་ཚེའི་དབང་ནི། བྷྲཱུཾ་ལས་བུམ་པ་གཞལ་ཡས་ཁང་རྡོ་རྗེའི་གུར་ཅན་གྱི་ནང་དུ་བླ་མ་དཔལ་ཆེན་པོའི་སྐུ་ལས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་ཚེ་བཅུད་བདུད་རྩིའི་རྣམ་པར་བསྡུས་ནས་བསྐྱིལ་བར་མོས་ལ། ཚེ་བུམ་ཚེ་རྟེན་གྱི་འབྲང་རྒྱས་དང་བཅས་པ་མགོ་བོར་བཞག་ཏེ། ཧཱུཾ། སྐྱེ་ཤི་མེད་པ་རྡོ་རྗེ་ཚེ་ཡི་དབང་། །སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་བས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས་ནས་ཀྱང་། །སྐྱེ་ཤི་འཁོར་བའི་སྡུག་བསྔལ་བྲལ་བར་ཤོག །ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཨཿ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་རྡོ་རྗེ་ཚེའི་དབང་བསྐུར་བས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་བྲལ་ནས་བདེ་བར་གཤེགས་པའི་སྐུ་ཚེ་དང་ལང་ཚོ་ལ་མངའ་བརྙེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བུམ་པའི་དབང་ནི། བུམ་པ་ལྔ་ཡོད་ན་གཞན་བཞིའི་ཆུ་གཙོ་བུམ་དུ་བསྡུས་ལ། སྟོང་པའི་ངང་ལས་ཁཾ་ལས་བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ཧཱུཾ་ལས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྐད་ཅིག་གིས་གསལ་བ་ལ། ཡེ་ཤེས་པ་བཛྲ་ས་མཱ་ཛ། ཛཿཧཱུཾ་བཾ་ཧོཿས་སྤྱན་དྲངས་ཏེ། གཉིས་སུ་མེད་པར་གྱུར་པའི་ལྷ་རྣམས་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བའི་བུམ་པའི་ཆུས་དབང་བསྐུར་བར་མོས་ལ་སྤྱི་བོར་བཞག་སྟེ། ཆེ་བའི་ཡོན་ཏན་ཀུན་རྫོགས་ཤིང་། །བྱང་ཆུབ་སེམས་ཆུས་རབ་བཀང་བའི། །རྣམ་པར་དག་པའི་བུམ་པ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །བཛྲ་ཀ་ལ་ཤ་ཨ་བྷིཥིཉྩ་ཧཱུཾ། བུམ་ཆུ་བཏུང་ཞིང་ཁྲུས་བྱ། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་བུམ་པའི་དབང་བསྐུར་བས་ཡེ་ཤེས་ལྔའི་ཆུ་རྒྱུན་གྱི་དབང་དམ་པ་ཐོབ་པར་གྱུར་ཅིག །དབུ་རྒྱན་དང་ཅོད་པན་གཉིས་སྟོང་པའི་ངང་ལས་སྭ་ལས་རིན་ཆེན་འབྱུང་གནས་ཀྱི་སྐུར་བསྐྱེད། ཡེ་ཤེས་པ་བཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོཿས་དྲངས་བསྟིམ། ཞུ་བ་ལས་དབང་རྫས་སོ་སོར་གྱུར་པར་བསམ་ལ། དབུ་རྒྱན་ཐོགས་ཏེ། དེ་བཞིན་གཤེགས་པ་ཀུན་གྱི་རྒྱན། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་པོ་ཆེ་ཡི་དབུ་རྒྱན་དང་། །དར་དཔྱང་དག་གིས་དབང་བསྐུར་རོ། །ཧཱུཾ་ༀ་སྭཱ་ཨཱཾ་ཧཱ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱཾ། ཞེས་མགོ་ལ་བཀོན། སྐལ་ལྡན་རིག་པ་འཛིན་པ་ཁྱོད་པ་དབུ་རྒྱན་གྱི་དབང་བསྐུར་བས་རིགས་ལྔ་ཡེ་ཤེས་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅོད་པན་ཐོགས་ཏེ། ཆོས་ཉིད་ཅིར་ཡང་སྣང་བ་ལོངས་སྤྱོད་རྒྱན། །ནང་རྟགས་ཕྱིར་བསྟན་དར་དཔྱངས་ཁ་དོག་གསུམ། །ཆོས་ཀྱི་རྒྱལ་སྲིད་སྐུས་འདུལ་ཕྲིན་ལས་བཞི། །དར་དཔྱངས་དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་བཛྲ་རཏྣ་མུ་ཀུ་ཊ་ཨ་བྷིཥིཉྩ་ཏྲཱཾ། ཞེས་མགོ་ལ་བསྐུར། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཅོད་པན་གྱི་དབང་བསྐུར་བས་སྲིད་པ་གསུམ་དུ་གྲགས་ཤིང་ཆོས་ཀྱི་རྒྱལ་སྲིད་ལ་མངའ་བརྙེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དབང་རྫས་རྡོ་རྗེ་སྟོང་པའི་ངང་ལས་ཧཱ་ལས་དོན་ཡོད་གྲུབ་པའི་སྐུར་བསྐྱེད། ཡེ་ཤེས་པ་བཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོཿས་དྲངས་བསྟིམ། ཞུ་བ་ལས་རྡོ་རྗེར་གྱུར། རྡོ་རྗེ་ཐུགས་ཀར་བཞག་སྟེ། འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །དོན་གྱི་བྱང་ཆུབ་སེམས་ཡིན་ཏེ། །གཉིས་མེད་དོན་གྱི་ངོ་བོ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ༀ་བུདྡྷ་ལོ་ཙ་ན་བཛྲ་ཧཱུཾ། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་རྡོ་རྗེའི་དབང་བསྐུར་བས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དབང་རྫས་དྲིལ་བུ་སྟོང་པའི་ངང་ལས་ཨཱཾ་ལས་སྣང་བ་མཐའ་ཡས་ཀྱི་སྐུར་བསྐྱེད། ཡེ་ཤེས་པ་བཛྲ་ས་མཱ་ཛ། ཛཿཧཱུཾ་བཾ་ཧོཿས་དྲངས་བསྟིམ། ཞུ་བ་ལས་དྲིལ་བུར་གྱུར། དྲིལ་བུ་མགྲིན་པར་བཞག་སྟེ། འདི་ནི་ཤེས་རབ་ཀུན་གྱི་དངོས། །ཡེ་ཤེས་དག་པའི་ངོ་བོ་སྟེ། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ༀ་བཛྲ་དྷརྨ་དྷཱ་ཏུ་གྷནྜེ་ཨཱཿ སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་དྲིལ་བུའི་དབང་བསྐུར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་དབང་ཐོབ་ནས་ཁམས་གསུམ་དུ་ཟབ་མོའི་ཆོས་སྒྲ་སྒྲོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །མར་མེའི་དབང་ནི། སྟོང་པའི་ངང་ལས་ཧཱུཾ་ཨ་ལས་ཀོང་བུ་ཆོས་ཀྱི་དབྱིངས། སྡོང་བུ་རིག་པའི་ཡེ་ཤེས། ཞུན་མར་རྟོག་མེད་རང་གསལ་ལས་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་མར་མེས་དབང་བསྐུར་བའི་མོས་པ་མཛོད། མར་མེ་སྙིང་གར་བཞག་སྟེ། དཔལ་ཆེན་ཡབ་ཡུམ་གསང་བའི་སྐུ་འདུས་པས། །སྐྱེ་མེད་དབྱིངས་ལས་ཡེ་ཤེས་མེ་འབར་བ། །སྐུ་གསུམ་ལྷུན་གྲུབ་དག་པའི་མར་མེ་འདིས། །ཀུན་གཞི་གནས་འགྱུར་སྤྱན་དགུའི་ཡེ་ཤེས་སྦྱིན། །བཛྲ་ཛྙཱ་ན་ཛྭ་ལ་རཾ། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་མར་མེའི་དབང་བསྐུར་བས་བདེ་བར་གཤེགས་པའི་ཐུགས་རིག་པའི་ཡེ་ཤེས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག །གཏོར་མའི་དབང་ནི། སྟོང་པའི་ངང་ལས་གཏོར་སྣོད་ཆོས་ཀྱི་འབྱུང་གནས་སུ་གཏོར་རྫས་དཔལ་ཆེན་པོ་ཡབ་ཡུམ་འཁོར་བཅས་དང་གཏོར་ཀྱུ་འདོད་ཡོན་གྱི་ལྷ་མོའི་རྣམ་པར་གྱུར་པར་མོས་ལ། སྒྲུབ་གཏོར་གཙུག་ཏུ་བཞག་སྟེ། ཡུམ་ལྔ་བྷ་གའི་ཀློང་ཡངས་སུ། །ཉི་ཟླ་ཐབས་དང་ཤེས་རབ་ལ། །ཚེ་དང་གལ་གཉིས་མཐུན་བསྡེབས་ནས། །དཀར་གྱི་ཐིག་བཀྱེ་དམར་གྱི་གུར་ཕུབ་པས། །ཐབས་ཤེས་གཉིས་མེད་ཆོས་ཀྱི་དབྱིངས་སུ་སྡུད། །འདུས་མ་བྱས་པའི་ཡེ་ཤེས་གྲོལ་བའི་དབང་། །ཐབས་ཤེས་གཉིས་སུ་མེད་པའི་དབང་ཐོབ་ཤོག །ༀ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨ། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་གཏོར་ཆེན་ཡེ་ཤེས་ཕྱག་རྒྱའི་དབང་བསྐུར་བས་རྒྱལ་བ་ཀུན་གྱི་ཐུགས་དམ་སྐོང་ཞིང་བར་ཆད་ཐམས་ཅད་དབྱིངས་སུ་སྒྲོལ་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཞལ་ཟས་ཀྱི་དབང་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་མཚོ་ལ་སྦྲང་ཆར་བབས་པ་ལྟར་དངོས་གྲུབ་ཀྱི་ཞལ་ཟས་ཟླ་གམ་ལ་ཐིམ་པས་དངོས་གྲུབ་ཀྱི་རྫས་ཁྱད་པར་ཅན་དུ་གྱུར་པར་མོས་ལ། ཞལ་ཟས་ཀྱི་རོ་བཅུད་ཁར་བྱིན་ཏེ། འཇིག་རྟེན་འདི་ཡི་སྲིད་པའི་ཞལ་ཟས་ལ། །འདོད་པའི་ཡོན་ཏན་མི་ཟད་གཏེར་བསྡུས་ཏེ། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །ཡིད་བཞིན་འདོད་དགུ་གཏེར་ལ་དབང་བསྐུར་བྱིན། །འཇིག་རྟེན་འདི་དང་ཕྱི་མ་ཐམས་ཅད་དུ། །འདོད་ཡོན་མི་ཟད་གཏེར་ལ་ལོངས་སྤྱོད་ཤོག །ཨ་ལི་ཨུ་ལི་སཾ་བྷོ་ཨ་བྷི་ཥིཉྩ་ཧཱུཾ། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་དངོས་གྲུབ་ཀྱི་རྫས་ཞལ་ཟས་ལོངས་སྤྱོད་སྣ་ཚོགས་ཀྱི་དབང་བསྐུར་བས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཅིང་མི་ཟད་པའི་གཏེར་ལ་དབང་འབྱོར་པས་ཕུན་སུམ་ཚོགས་པའི་དངོས་གྲུབ་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་དབང་སོ་སོའི་མཐར་བཀྲ་ཤིས་ཀྱི་མེ་ཏོག་འཐོར་ཞིང་རོལ་མོ་བསྒྲག་གོ། །དེ་ལྟར་ཁྱོད་ཀྱིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་དབང་བསྐུར་བ་ལེགས་པར་ཐོབ་པས་རིག་པ་འཛིན་པའི་གོ་འཕང་ལ་མངའ་དབང་འབྱོར་བའི་ཕྱིར་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་དགོས་པས་དམ་ཚིག་གི་གནས་རྣམས་ལ་ནན་ཏན་དུ་སྒྲུབ་པར་གྱིས་ཤིག །ཅེས་གདམས། སློབ་མས་དམ་ཚིག་སྲུང་སེམས་ཀྱི་འདུན་པ་དྲག་པོས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་གྱིས་ཁས་བླང་། གཏང་རག་གི་མཎྜལ་དང་། ལུས་ལོངས་སྤྱོད་ཐམས་ཅད་འབུལ་བའི་བསམ་པས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱི་སློབ་མར་བཟུང་བ་དང་། །བདག་གི་ལུས་ཀྱང་བཞེས་སུ་གསོལ། །ཞེས་གསོལ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་ཞིང་། ཚོགས་ལ་རོལ་པ་དང་ལྷག་གཏོར་སོགས་རྗེས་ཆོག་རྣམས་ལས་གཞུང་བཞིན་ཤེས་པར་བྱའོ། །པདྨའི་མན་ངག་ཉིང་ཁུ་ཕུར་བུ་ཡི། །དབང་ཆོག་འཇུག་བདེར་སྤེལ་ལས་ཟབ་ཆོས་འདི། །མི་ནུབ་ཕྱོགས་བཅུར་རྒྱས་པས་འགྲོ་བ་ཀུན། །དཔལ་ཆེན་དཀྱིལ་འཁོར་གཅིག་ཏུ་ཡོངས་གྲུབ་ཤོག །ཅེས་རོག་ལུགས་ཕུར་བུའི་དབང་མཆོག་འདི་ཡང་སྟོད་ལས་སྒྲུབ་ཁོག་གི་ཡན་ལག་ཏུ་ཆོས་འདིའི་རིང་ལུགས་འཆང་བའི་བཤེས་གཉེན་རྣམས་ཀྱི་གསུང་ངོར། དྷརྨ་ཤྲཱིས་ཉིས་བྲིས་ཀྱི་རྩོལ་བ་དོར་ནས་ཤར་མར་སྤེལ་བ་སརྦ་བྷ་བ་བཛྲ་ཀཱི་ལ་སིདྡྷི་རསྟུ།། །།དེ་ལྟར་སྨིན་གླིང་ལོ་ཆེན་རིན་པོ་ཆེ་ཆོས་དཔལ་རྒྱ་མཚོའིི་གསུང་ཉིད་སོར་བཞག་ལ་མཚམས་སྦྱོར་སོགས་དཀྱུས་སུ་བཀོད་ནས་བཀླག་ཆོག་མར་བྱས་པ་འདི་ཡང་ཆོས་སྨྲ་བའི་བཙུན་པ་གཞན་ཕན་མཐའ་ཡས་པས་སྔ་འགྱུར་བཀའ་མའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡུ་བའི་སྐབས་སུ་རང་གཞུང་དང་བསྟུན་ནས་ཞུས་ཤིང་དག་པར་བྱས་ཏེ་གཏན་ལ་ཕབ་པའོ།། །