རྡོར་སེམས་སྒྱུ་དྲྭའི་དབང་གི་བརྒྱུད་འདེབས། སྨིན་གླིང་གཏེར་ཆེན།

རྡོར་སེམས་སྒྱུ་དྲྭའི་དབང་གི་བརྒྱུད་འདེབས་ནི། སྟོན་པ་ཀུན་བཟང་རྒྱལ་ཚབ་རིགས་ལྔ་དང་། །རིགས་གསུམ་དྲྭ་མ་ལྔ་དང་རྒྱལ་པོ་ཛཿ ཀུ་ཀུ་ར་ཛ་ཨིནྡྲ་བྷཱུ་ཏི་དང་། །སེང་ཧ་རཱ་ཛ་རྣམས་ལ་གསོལ་བ་འདེབས། །ཨུ་པ་རཱ་ཛ་གོ་མ་དེ་ཝཱི་དང་། །སྒེག་རྡོར་སངས་རྒྱས་གསང་བ་བི་མ་ལ། །རྨ་ལོ་རིན་མཆོག་གཙུག་གྱེར་རྣམ་པ་གཉིས། །ཞང་སྟོན་རྒྱལ་ཡོན་རྣམས་ལ་གསོལ་བ་འདེབས། །གནུབས་ཆེན་སངས་རྒྱས་ཡོན་ཏན་རྒྱ་མཚོ་དང་། །ཡེ་ཤེས་རྒྱ་མཚོ་ཉང་ཆེན་ཤེས་རབ་མཆོག །ཡེ་ཤེས་འབྱུང་གནས་ཟུར་ཆེན་ཤཱཀྱ་འབྱུང་། །ཟུར་ཆུང་ཤེར་གྲགས་རྣམས་ལ་གསོལ་བ་འདེབས། །ཐུགས་སྲས་ཀ་ཆེན་བཞི་དང་སྒྲོ་ཕུག་པ། །རྩགས་ཚ་ཤཱཀ་རྡོར་ཤཱཀྱ་འབྱུང་གནས་དཔལ། །གླན་སྟོན་རྡོ་རྗེ་འོད་དང་བསོད་ནམས་རྒྱལ། །ཆོས་སེང་སངས་རྒྱས་དཔལ་ལ་གསོལ་བ་འདེབས། །བསོད་ནམས་མགོན་པོ་སྒྲོལ་ཆེན་བསམ་འགྲུབ་མཚན། །སེང་གེ་དཔལ་བཟང་རིགས་རྒྱལ་ལྷུན་གྲུབ་གྲགས། །སངས་རྒྱས་རྡོ་རྗེ་ཚེ་དབང་མགོན་པོ་དང་། །རྡོ་རྗེ་ཚེ་དཔལ་རྣམས་ལ་གསོལ་བ་འདེབས། །ཤཱཀྱ་དཔལ་འབྱོར་སིདྡྷི་ཕ་ལ་དང་། །འཕགས་པ་རིན་ཆེན་ཤཱཀྱ་རཏྣའི་ཞབས། །ཟུར་སྟོན་རྒྱལ་སྲས་པདྨ་བདུད་འདུལ་དང་། །ཆོས་རྒྱལ་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །རྒྱ་སྟོན་འོད་གསལ་རང་གྲོལ་གཏེར་བདག་གླིང་། །ཆོས་དཔལ་རྒྱ་མཚོ་རིན་ཆེན་རྣམ་པར་རྒྱལ། །བསྟན་འཛིན་རྡོ་རྗེ་ཕྲིན་ལས་རྣམ་རྒྱལ་ཞབས། །ཕྲིན་ལས་ཆོས་སྒྲོན་རྣམས་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་དགའ་མདོ་སྔགས་བསྟན་འཛིན་དང་། །རིགས་བདག་འགྱུར་མེད་ཕན་བདེའི་འོད་ཟེར་ཞབས། །སྨིན་གྲོལ་ཡོངས་རྫོགས་གདམས་པའི་ཆུ་བོ་ཀུན། །འཛིན་མཛད་རྩ་བརྒྱུད་བླ་མར་གསོལ་བ་འདེབས། །གཞི་རྒྱུད་རང་བཞིན་མ་བཅོས་གནས་ལུགས་དོན། །ལམ་རྒྱུད་ཐབས་ཀྱིས་མཚོན་བྱས་སྨིན་ཅིང་གྲོལ། །འབྲས་རྒྱུད་ལྷུན་གྲུབ་རིག་འཛིན་སྐུ་ལྔ་ཡི། །གོ་འཕང་དཀའ་བ་མེད་པར་མྱུར་འགྲུབ་ཤོག །ཅེས་སྒྱུ་འཕྲུལ་དབང་བརྒྱུད་ལུགས་གཅིག་ལ་གསོལ་བ་འདེབས་པའི་ཚིགས་བཅད་འདི་ཡང་རྗེ་གཏེར་ཆེན་བླ་མའི་གསུང་སོར་བཞག་ལ། དེ་མན་གྱི་བརྒྱུད་རིམ་ཁ་སྐོང་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །།