སྒྱུ་འཕྱུལ་དྲྭ་བ་ཞི་བའི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་ཕྲེང་བ། འགྱུར་མེད་རྡོ་རྗེ།

སྒྱུ་འཕྱུལ་དྲྭ་བ་ཞི་བའི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་ཕྲེང་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བདེ་ཆེན་སྲིད་ཞི་ཀུན་གྱི་བདག །འགྱུར་མེད་རྡོ་རྗེ་བཞི་དངོས་སེམས་དཔའ་ཆེ། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་འཁོར་ལོའི་སྤྲིན། །མངོན་པར་སྣང་མཛད་བླ་མའི་ཞབས་ལ་འདུད། །གང་གི་དཀྱིལ་འཁོར་སྙིང་པོའི་གྲོང་ཁྱེར་མཆོག །གདོད་མའི་གཞི་དབྱིངས་བླ་ན་མེད་པའི་གནས། །རྟོགས་པའི་རིམ་པས་མངོན་དུ་བྱེད་པའི་ཐབས། །མྱུར་བདེའི་ལམ་མཆོག་སྐལ་བཟང་ཀུན་དགའི་སྐྱེས། །བླ་མེད་དངོས་གྲུབ་མཆོག་གང་དབང་བསྐུར་དང་། །སྒྲུབ་པའི་རྗེས་སུ་འགྲོ་ཞིང་དེ་ཉིད་ཀྱང་། །དཀྱིལ་འཁོར་ལས་ཀྱི་བྱེད་པ་ཅན་གྱི་ཕྱིར། །དེ་ཡི་ཆོ་ག་རིན་ཆེན་ཕྲེང་བར་སྤེལ། །འདི་ལ་གསུམ་སྟེ། གང་སྒྲུབ་པའི་གཞི། གང་གིས་སྒྲུབ་པའི་ཐབས། དེས་གྲུབ་པའི་འབྲས་བུའོ། །དང་པོ་ནི། ཇི་སྐད་དུ། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་དང་། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཅེས་གསུངས་པས་གཞིའི་རྒྱུད་ཅེས་བྱ་བ་གདུལ་བྱའི་རྒྱུད་ཀྱིས་བསྡུས་པ་གཞི་འབྲས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཅན་ནོ། །གཉིས་པ་ནི། རང་བཞིན་གསང་བའི་དོན་རྣམས་ནི། །ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཞེས་དང་། ཐུགས་ཐིག་ལས། བཙོ་དང་ཡན་ལག་རྣམ་བཅུའོ། །ཞེས་པས་ཐབས་ཀྱི་རྒྱུད་ཅེས་བྱ་བ་ལས་ཀྱི་དངོས་པོ་བསྡུས་པའི་ཡན་ལག་ཅན་ཏེ། ཡན་ལག་ནི་དངོས་པོ་བཅུར་གནས་པ་རྣམས་ལས་འདིར། ཤེས་བྱ་དངོས་པོ་དུ་མ་ལས། །གཞི་རྩ་དཀྱིལ་འཁོར་དབང་གི་དོན། །ཞེས་པའི་དང་པོ་ལ་ཡང་། རང་བཞིན་ལ་སོགས་རྣམས་པ་བདུན། །ཞེས་པ་ལས་འདིར་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་སྟོན་ཏེ། དེ་ལ་ཡང་། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་དང་རྣམ་པ་དང་། །རབ་གནས་སྦྱིན་སྲེག་དཀྱིལ་འཁོར་དུ། །འཇུག་དང་ཞུགས་པའི་ཡོན་ཏན་ནོ། །ཞེས་རྣམ་པ་བཅུར་བཤད་པ་ཉིད་ཀྱང་། སྦྱོར་བ་དང་། དངོས་གཞི་དང་། མཇུག་གི་བྱ་བ་དང་གསུམ་དུ་གནས་པའོ། །སྦྱོར་བ་ལ་ཡང་བཞི་སྟེ། བསྙེན་པའི་ཆོ་ག་དང་། གཞི་བཟུང་བ་དང་། སའི་ཆོ་ག་དང་། སྟ་གོན་གྱི་ཆོ་གའོ། །དང་པོ་ནི། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཅེས་གསུངས་པའི་མཚན་ཉིད་ཅན་གྱི་སྒོ་ནས་བསྙེན་པ་བྱ་བ་སྟེ། སློབ་མར་དབང་བསྐུར་བའི་དོན་དུ་ཡིན་ན། མོས་སློབ་ཀྱི་ཚུལ་གྱིས་མཚན་མ་དང་། དུས་དང་། གྲངས་ཀྱི་བསྙེན་པ་གསུམ་རབ་འབྲིང་ཐ་མའི་སྒོ་ནས་གང་འགྲུབ་ཙམ་ཞིག་སྔོན་དུ་འགྲོ་བ་གཞིར་བྱས་ནས། ཁྱད་པར་གྱི་ཆེད་དུ་བསྙེན་པ་ཁ་གསོ་བ་ལ་འཇུག་ཅིང་། ཚོགས་སྒྲུབ་ཀྱི་ཆེད་ཡིན་ན་ལམ་ངེས་རྫོགས་བསྒོམ་པའི་ཚུལ་གྱིས་ཕྱག་རྒྱ་སྤྲོས་བཅས་མན་ཆད་ལ་བརྟན་པ་ཐོབ་པར་བྱ་དགོས་པ་ཉིད་དོ། །གཉིས་པ་ལས་ཀྱི་གཞི་བཟུང་བ་ནི། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །ཞེས་སོགས་ཀྱི་མཚན་ཉིད་ཅན་གྱི་རྡོ་རྗེ་སློབ་དཔོ ན་དབང་གིས་ཡོངས་སུ་སྨིན་ཅིང་དམ་ཚིག་དག་པ་གང་དག་ཤེས་པར་བྱ་བའི་གནས་རྣམས་ལ་མཁས་པས། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །ཞེས་སོགས་ཀྱི་མཚན་ཉིད་དང་ལྡན་པའི་སློབ་མའམ་སྒྲུབ་པའི་གྲོགས་དང་བཅས་པ་སྟེ། གནས་དུས་ཡོ་བྱད་སོགས་ཕུན་སུམ་ཚོགས་པའི་ཆ་རྐྱེན་ཐམས་ཅད་བཟང་ཞིང་ཚོགས་པར་བྱ་བའོ། །གསུམ་པ་སའི་ཆོ་ག་ལ། གཞི་དང་རང་མཚན་བླང་དབང་དང་། །སྦྱང་བྱིན་བསྲུང་དང་བཟུང་བ་ནི། །ཞེས་བརྒྱད་དུ་བཤད་པ་ལས་འདིར་བདུན་གྱི། དང་པོ་སའི་གཞི་ལ་བརྟག་པ་ནི་གང་དུ་བྱ་བའི་གཞི་དེའི་ནམ་མཁའི་རིན་པོ་ཆེ་ཟུར་བརྒྱད་ལྟ་བུ་ནས་མང་པོའི་བར་ཅི་རིགས་པར་མཉམ་ཞིང་རན་པར་འཁོར་ལ་དྭངས་ཤིང་གསལ་བར་སྣང་བ་སྟེ། ཟུར་བརྒྱད་ལ་སོགས་རྩེ་མང་ད ང་། །ཞེས་སོགས་གསུངས་པ་བཞིན་ནོ། །བར་གྱི་རི་སྒྲོས་ནི། ཤར་རི་དམའ་ཞིང་གཞོལ་བ། ལྷོ་རི་འཇམ་པ། ནུབ་རི་མཐོ་བ། བྱང་རི་འདུད་ཅིང་སྐྱོབ་པ་སྟེ། ཤར་ལྷོ་གཞོལ་ཞིང་འཇམ་པ་ལ། མཐོ་དང་འདུད་པ་ནུབ་བྱང་ཡིན། །ཞེས་པ་བཞིན་ནོ། །མཚམས་ཀྱི་ཤར་ལྷོ་ན་བྲག་རི་རྣོ་ཟང་ངེ་བ། ལྷོ་ནུབ་ན་བྱེ་མ་ཤལ་ལེ་བ། ནུབ་བྱང་ན་གྲོག་པོའི་སུལ་རི། བྱང་ཤར་ན་མདུང་གི་གྲུད་ཤུལ་ལྟ་བུ་རྣམས་མེད་པ་དང་རི་སྣ་དང་ཆུ་སྣ་མ་ཟུག་པ་སྟེ། ཐོ་སྒྲོ་གྲོག་མདོ་ཆུ་སྣ་སོགས། །དཀྱིལ་འཁོར་དབང་དགྲ་མཚམས་བརྟག་བྱ། །ཞེས་པ་བཞིན་ནོ། །འོག་གཞི་ནི། ལྷུན་སྡུག་ལ་བརྗིད་ཆགས་པ། སྙོམས་ཤིང་འཇམ་ལ་སྣུམ་པ། ཆུ་བོ་ནུབ་ནས་ཤར་དུ་བགྲོད་པ། རླུང་ཆུང་ཞིང་མེ་ཏོག་དང་ནགས་ཚལ་རྒྱས་པ། བྱ་སྐད་སྙན་པར་སྒྲོག་ཅིག་བཀྲ་ཤིས་ལ་བྱིན་ཆགས་པ་སྟེ། ལྷུན་སྡུག་རི་བོ་ནགས་ཚལ་ལྡན། །རབ་ཏུ་སྙོམས་ཤིང་སྣུམ་བག་ཅན། །ཞེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་ས་རང་གི་མཚན་ཉིད་བརྟག་པ་ལ། སྤང་བྱ་དང་། བླང་གཉིས་ལས། དང་པོ་ལ། ཕྱིའི་སྤང་བྱས་གཞི་སྟར་སྟར་པོ་དང་། རད་རོད་ཅན་དང་། ཁོལ་བུར་དམའ་བ་དང་། བོ་བ་དང་། ཚ་སྒོ་ཅན་དང་། ཟུག་རྡོ་དང་། རྩི་ཤིང་མི་སྐྱེ་བ་རྣམས་སོ། །ནང་གི་སྤང་བྱ་བརྐོས་པ་ན། གསེག་མ་དང་། ཐལ་བ་དང་། ཤིང་དུམ་དང་། གྱོ་དུམ་དང་། རུས་པ་དང་། གསོང་དང་། སྲོག་ཆགས་ལ་སོགས་པ་མེད་པའོ། །གཉིས་ཀའི་སྤང་བྱ་ནྱཱ་གྲོ་ཏ་ལ་སོགས་པའི་དཔེས་བསྟན་པ་སྟེ། རིམ་པ་བཞིན་ས་གྱོང་པ་དང་། བཤས་པ་དང་། གས་པ་དང་། གྲུམས་པ་དང་། རྩུབ་པ་ལ་སོགས་པ་མེད་པའོ། །གཉིས་པ་ནི། བཀྲ་ཤིས་པའི་རྩ་དང་མེ་ཏོག་ཡོད་པ། ཁ་དོག་བཟང་ཞིང་སྣུམ་བག་ཆེ་བ། རྩིགས་མ་དང་། རུས་པ་སོགས་མེད་ལ། བརྐོས་པའི་ཁུང་བུ་ས་དེ་ཉིད་ཀྱིས་བཀང་བས་ལྷག་པའོ། །གསུམ་པ་ས་བླང་བ་ལ། སྣང་བ་ལས་བླང་བ་དང་། མི་སྣང་བ་ལས་བླང་བའོ། །དང་པོ་ནི། བརྟགས་པས་རུང་བའི་ས་དེ་རྒྱལ་པོ་ལ་སོགས་པ་གཞན་དབང་ན་རིན་དང་ལྡན་པའི་ངག་གིས་གསོལ་ཏེ་རང་དབང་དུ་བླང་བའོ། །གཉིས་པ་ལ། བདེ་བར་གཤེགས་པ་དང་། སའི་ལྷ་མོ་འཁོར་བཅས་ལ་བླང་བའོ། །དང་པོ་ནི། བརྟགས་པའི་གཞི་དེར་བ་བྱུང་དང་། དྲི་བཟང་དང་། བདུད་རྩི་ལྔ་ལ་སོགས་པའི་མཎྜལ་དཀྱིལ་འཁོར་གྱི་ཚད་དང་མཉམ་པར་བྱས་ལ་མཆོད་གཏོར་བཤམས། དེར་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ལ། མཆོད་ཅིང་བསྟོད་ནས་འདོད་དོན་གསོལ་ཏེ་ནམ་མཁའ་ལ་འདེགས་པའོ། །གཉིས་པ་ནི། ཕྱོགས་དེར་ས་ལྷའི་མཎྜལ་དྲི་དང་བ་བྱུང་གིས་བྱུགས་པར་ག་བུར་དང་ཙནྡན་གྱི་ཐིག་ལེ་གྲུ་བཞི་མེ་ཏོག་གིས་ཚོམ་བུ་དང་བཅས་པ་དང་། ས་བདག་གི་གཙོ་འཁོར་གྱི་མཆོད་གཏོར་གསེར་སྐྱེམས་དང་བཅས་པ་བཤམས་ཏེ། རྣམ་པར་མི་རྟོག་པའི་ངང་ནས། ཧཱུྃ་བིགྷྣཱན་ཏ་ཀྲྀ་ཏ་ཕཊ། ཅེས་བརྗོད་པས་རང་ཉིད་སྐད་ཅིག་གིས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་སེར་ཞལ་གཅིག་ཕྱག་གཉིས་པ། གཡས་སྣ་ཚོགས་རྡོ་རྗེ་འཕྱར་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ་ཁྲོ་བོའི་ཆས་ཅན་ཡུམ་དང་བཅས་པའི་སྐུར་གྱུར་པར་བསམ་པ། མཆོད་གཏོར་གསེར་སྐྱེམས་དང་བཅས་པ་རཾ་ཡཾ་ཁཾ་གིས་སྦྱང་ལ། ༀ་ཨཱཿཧཱུཾ་གིས་འདོད་ཡོན་བདུད་རྩིའི་ཕུང་པོར་བྱིན་གྱིས་བརླབ་ལ། རང་གི་ཐུགས་ཀ་ནས་ལཱཾ་ཡིག་སེར་པོ་གཅིག་ཆད་པ་མཎྜལ་གྱི་དབུས་སུ་གནས་པ་ལས་སའི་ལྷ་མོ་གསེར་གྱི་མདོག་ཅན་ཞི་ཞིང་འཛུམ་པ་དར་དང་རིན་པོ་ཆེས་བརྒྱན་པ། གཡས་གསེར་གྱི་བུམ་པ་དང་། གཡོན་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། ཕག་གི་ཁྲི་ལ་བཞུགས་ཤིང་འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ་བར་བསམ་ལ། ཡེ་ཤེས་ལྔས་དབང་བསྐུར་ནས་རྣམ་སྣང་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་པས་སྙན་གསན་དབབ། དོན་དམ་གསེར་གྱི་ས་ལ་མངའ་མཛད་པའི། །རིན་ཆེན་མཛེས་པའི་ཕོ་བྲང་ཡིད་འོང་བ ། །ཉི་ཟླ་སྐར་མ་དག་གིས་རབ་བརྒྱན་ཏེ། །ཡིད་དུ་འོང་བའི་ཕོ་བྲང་དབུས་ན་བཞུགས། །མེ་ཏོག་དབུས་ཀྱི་ས་ལ་མངའ་མཛད་དེ། །དབུས་ཀྱི་ས་བདག་ལྷ་མོ་སངས་རྒྱས་སྤྱན། །སྐུ་མདོག་བཙོ་མ་རིན་ཆེན་གསེར་གྱི་མདོག །ཕྱག་གཡས་རིན་ཆེན་གསེར་གྱི་བུམ་པ་བསྣམས། །ཕྱག་གཡོན་མཆོག་སྦྱིན་ཕྱག་རྒྱ་སྟོན་མཛད་པའི། །དབུས་ཀྱི་ལྷ་མོ་འཁོར་དང་བཅས་པ་རྣམས། །བདུད་རྩི་མཆོད་སྦྱིན་མགྲོན་དུ་སྤྱན་འདྲེན་ན། །བྱམས་ཐུགས་བརྩེ་ཕྱིར་གནས་འདིར་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི་བ་སུ་དྷཱ་རི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་བརྗོད་ཅིང་ལག་པ་རྒྱབ་སྤྲད་མཐེའུ་ཆུང་སྦྲེལ་བའི་རྒྱས། སྤྱན་དྲངས་ཏེ། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ་ལ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད་ནས། འབྲུ་གསུམ་གྱིས་ནང་མཆོད་དང་། མིང་སྔགས་ལ་ཨེ་དཾ་བ་ལིཾ་སོགས་བཏགས་པས་གཏོར་མ་ཕུལ་ལ། ལྷ་མོ་ཆེན་མོ་ས་འཛིན་འཇིག་རྟེན་སྐྱོང་། །གསེར་མདོག་ཕྱག་ན་གསེར་གྱི་བུམ་པ་བསྣམས། །འཇའ་ཚོན་འོད་ལྡན་ཕག་གི་ཁྲི་ལ་བཞུགས། །དེ་ལ་ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །ཞེས་བསྟོད་ནས། ༀ་པྲ་ཏི་བྷྱཿསྭཱ་ཧཱ། ཞེས་བརྒྱ་རྩ་བཟླས་པས་འདོད་པའི་ལས་སྩོལ་བ་ལ་དགྱེས་པའི་མདངས་ཕྱུངས་ཏེ་འཁོར་བར་བསམ་མོ། །དེ་ནས་འཁོར་གྱི་ས་བདག་མཆོད་པ་ནི། མཆོད་གཏོར་རྣམས་སྔར་བཞིན་བརླབས་ལ་སྙིང་གའི་འོད་ཟེར་དང་། སྠཱ་ན་པ་ཏི་ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཞེས་པས་སྤྱན་དྲངས་ཏེ། ཨ་ཀཱ་རོའི་སྔགས་ཀྱི་གཏོར་མ་ཕུལ་ལ། ས་བདག་ལྷ་ཀླུ་འཁོར་དང་བཅས། །གཏོར་མ་དམ་པ་འདི་བཞེས་ལ། །བདག་གི་སྒྲུབ་པ་མ་མཐོན་བར། །ཁྱེད་ལ་གནས་འདི་བདག་གཡར་གྱིས། །ཅི་བདེ་བར་ནི་གཞན་དུ་སོང་། །ཞེས་མཆོད་ཅིང་གསེར་སྐྱེམས་ཀྱང་ཕུལ་ལ། ཡ་ཧི་གཙྪས་རང་གནས་སུ་བཏང་ལ་མཆོད་གཏོར་རྣམས་གཤེགས། དེ་ནས་ལྷ་མོ་དགེ་བའི་དབང་དུ་གསོལ་བ་ནི། ས་ཡི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཆེན་པོ་བཞེས་སུ་གསོལ་བས་དགེ་བའི་སྟོབས་དང་དཔང་མཛད་དུ་གསོལ་ཞེས་གསོལ་ལ། ལག་གཉིས་ཁུ་ཚུར་གྱེན་དུ་བསྟན་པའི་མཐེའུ་ཆུང་སྤྲེལ། མཛུབ་མོ་རྩེ་སྤྲད་པ་འདེགས་པའི་རྒྱས། བེ་གཱ་ཀྲ་མ་ཡཾ། ཞེས་པས་ལྷ་མོ་ནམ་མཁའ་ལ་དཔང་དུ་བཞུགས་པར་བསམ་མོ། །དེ་ནས་བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་པས་དཔང་པོའི་ལྷ་ནམ་མཁའ་གང་བར་སྤྱན་དྲངས། ཧཱུྃ་བཞིས་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་བསྡུས་ནས་བདག་ལ་ཐིམ་པས། བདག་གི་ལུས་འོད་ཀྱི་གོང་བུར་གྱུར་བར་བསམ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཅེས་བརྗོད་པས་རང་ཉིད་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ། མི་བཟད་པའི་ཁྲོ་བོ་འབར་བའི་སྡང་མིག་བགེགས་ལ་བལྟ་བའི་རྐང་མཐིལ་དང་སྙིང་གར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་མེ་རབ་ཏུ་འབར་བར་བསམ་ཞིང་། བདེན་པའི་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། ས་ཡི་ཕྱོགས་འདིར་སོགས་ནས་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་བས། གང་སུ་ཡང་རུང་བའི་འབྱུང་པོ་གདུག་པ་ཅན་གཡོག་དང་འཁོར་དུ་བཅས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིང་། གལ་ཏེ་མི་འགྲོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་བརྗོད་ཅིང་། རོལ་མོའི་སྒྲ་བྱ། གུ་གུལ་གྱིས་བདུག །ཡུངས་ཐུན་བྲབ་པ་ཁྲོ་བོའི་སྤྲིན་དུ་སྤྲོ་ཞིང་། སུམྦྷ་བཟླ་བས་རྡོ་རྗེ་གསོར་བ་དང་དྲིལ་བུ་འཁྲོལ་བཞིན་པས་རྡོ་རྗེའི་འགྲོས་ཀྱིས་བསྐོར་ཏེ་བགེགས་བསྒྲད་ལ། ཧཱུྃ་རིང་པོར་བརྗོད་པས་ཁྲོ་བོ་རྣམས་སླར་འདུས་ནས་བསྲུང་བའི་གུར་ཁང་སྣ་ཚོགས་རྡོ་རྗེ་མེ་རབ་ཏུ་འབར་བ་དང་བཅས་པས་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་བསམ་ལ། སའི་དབུས་སུ་བརྗིད་བག་དང་བཅས་པས་འདུག་སྟེ། ལག་གཡས་པའི་མཐེ་བོས་མཐེའུ་ཆུང་མནན་པ་ཏྲི་ཤུ་ལའི་རྒྱས། ཇི་ལྟར་ཆེ་མཆོག་རྡོ་རྗེ་ཡིས། །དཔུང་བཞི་བདུད་ཀྱི་སྡེ་བཏུལ་ནས། །རྒྱལ་སྲིད་ཆོས་ཀྱི་དཔུང་བཙུགས་པ། །དེ་བཞིན་དུ་ནི་བདག་གིས་ཀྱང་། །ངེས་པར་བྱ་ཕྱིར་དཀྱིལ་འཁོར་བྲི། །ས་ཡི་དངོས་གྲུབ་སྩལ་དུ་གསོལ། །ༀ་རཏྣ་པཱ་ཤཾ་སིདྡྷི་ཀུ་རུ་ས་མ་ཡ་སྟྭཾ། ཞེས་བརྗོད་པས་ལྷ་མོ་འཛུམ་པའི་མདངས་ཀྱིས་འོད་དུ་ཞུ་ནས་ས་གཞི་ལ་ཐིམ་པས་ས་གཞི་རིན་པོ་ཆེའི་རང་བཞིན་ཡེ་ཤེས་ལྔའི་ངོ་བོར་གྱུར་པར་བསམ་མོ། །བཞི་པ་དབང་དུ་བྱ་བ་ནི། ཟངས་སམ་དམར་པོའི་ཤིང་ལས་ཕུར་བུ་རྩེ་མོ་ཟླ་གམ་གཟུགས་སུ་བྱས་པ་ཞིག་སྣོད་འབྲུས་བཀང་བ་ལ་སོགས་པར་བཙུགས་ཏེ་བཞག་ལ། ༀ་པདྨ་ཀཱི་ལི་ཀཱི་ལ་ཡ་ཕཊ་ཛཿ ཞེས་བརྗོད་པས་རང་གི་སྙིང་གའི་ཧཱུཾ་ལས་པདྨ་ཧེ་རུ་ཀ་དམར་པོ་ཞལ་གཅིག་ཕྱག་བཞི་པ་དང་པོ་གཉིས་ཀྱིས་པདྨ་དང་ཞགས་པ། འོག་མ་གཉིས་ཕུར་བུ་སྒྲིལ་བ། སྨད་ཕུར་བུ་ཟླ་གམ་རབ་ཏུ་འབར་བའི་རྩེ་མོ་ཅན་དུ་ཕྱུངས་པ་བཀོད་པའི་ཕུར་བུ་དང་དབྱེར་མེད་དུ་བལྟས་ལ། ཀཱ་ཡ་བཛྲ་སོགས་ཀྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ་གཟི་བྱིན་དང་ལྡན་པར་བྱས་ལ། ༀ་པདྨ་ཀཱི་ལི་ཀཱི་ལ་ཡ་ཝ་ཤཾ་ས་མ་ཡེ་ཧཱུྃ། ཝ་ཤཾ་ཀུ་རུ་ཝཱ་ཧཱ། ཞེས་བརྗོད་བཞིན་པར་དཀྱིལ་འཁོར་གྱི་གཞི་ལ་བཏབ་པས་བུར་བུ་ལས་བྱུང་བའི་འོད་ཀྱིས་ས་གཞི་ཐམས་ཅད་ཁྱབ་ཅིང་བདག་གི་དབང་དུ་གྱུར་པར་བསམ་མོ། །ལྔ་པ་ལ། སྦྱང་བ་ལས་མེ་སྔགས་ཕྱག་རྒྱ། །ཏིང་ངེ་འཛིན་གྱིས་དག་པར་འགྱུར། །ཞེས་བཞི་ལས། དང་པོ་ལས་དང་བྱ་བས་སྦྱང་བ་ལ། ཐོག་མར་ལྟོ་འཕྱེ་བརྟག་སྟེ། གཟའ་ཉི་མ་རྒྱུ་བའི་སྟོན་ཟླ་ཐ་ཆུང་ལ་སོགས་པའི་ཟླ་བ་གསུམ་གསུམ་ལ་རིམ་པ་བཞིན། ཤར་ལྷོ་ནུབ་བྱང་དུ་མགོ་ལྟ་ཞིང་། ལྷོ་ལ་སོགས་པར་ཕྱོགས་ཏེ་ཉལ་བས་དེའི་ལྟོ་བའི་ཐད་ནས་ས་བརྐོ་བར་བྱའོ། །ཚད་ནི་དཀྱིལ་འཁོར་ཇི་ཙམ་བྱ་བའི་རྒྱའམ། ཁྲུ་གང་གྲུ་བཞི་ཙམ་པ་སའི་སྐྱོན་འབྱིན་ནུས་པར་བརྐོས་ཏེ། གྱོ་མོ་དང་། རུས་པ་དང་། སོལ་བ་ལ་སོགས་པའི་སྐྱོན་རྣམས་བསལ་ནས། སའི་ཕུད་ཀྱིས་དེ་བཞིན་གཤེགས་པ་རྣམས་མཆོད་ལ། ས་དེ་ཉིད་ཀྱིས་བཀང་བས་མཐོ་ན་བཟང་། མཉམ་ན་འབྲིང་། དམའ་ན་ངན་པའོ། །ཡང་དོང་དེ་ཁྲུ་གང་ཙམ་དུ་བྲུས་ནས་འཐས་པར་བཅགས་ལ་ཆུས་བཀང་སྟེ། ཡི་གེ་བརྒྱ་པ་བཟླ་བཞིན་དུ་གོམ་པ་ལྔ་བཅུར་ཕྱིན་ནས་ལོག་སྟེ་བལྟས་པས་གང་ན་རབ། ཕྱེད་ན་འབྲིང་། སྐམས་ན་ངན་ཞིང་། དེ་ཉིད་གཡས་སུ་འཁྱིལ་ནའང་བཟང་། དེ་ལས་ལྡོག་ན་ངན་པའོ། །དེ་དག་ལས་བཟང་པོར་མཐོང་ནས་བརྐོས་པའི་ཁུང་བུ་དེ་ཉིད་དུ་རྫས་སུམ་ཅུས་གང་བའི་བུམ་པ་ཨ་ལས་ལ་བའི་སྟེང་དུ་ཏྲཾ་ལས་རིན་པོ་ཆེའི་མཆོད་སྡོང་དགོས་འདོད་འབྱུང་བའི་གཏེར་དུ་དམིགས་པ་བཅུག་སྟེ། སྔར་གྱི་ས་དང་ཤིས་པའི་ས་བཟང་པོ་གཞན་གྱིས་ཀྱང་བཀང་ལ་སྤོས་ཆུས་བཏབ་ནས་འཐས་པར་བཅགས་པའི་སྟེགས་བུ་དཔངས་སུ་ཁྲུ་གང་དང་། རྒྱར་ཁྲུ་གང་ལ་སོགས་པ་ནས་ཇི་ཙམ་འདོད་པའི་བར་བརྩིགས་ལ་ངོས་མཉམ་པར་བྱས་ལ། རྫས་སུམ་ཅུ། དྲི་བཟང་། བ་བྱུང་ལྔ་དང་བཅས་པའི་གོ་མ་ཡེས་ཁྱབ་པར་བྱའོ། །གཉིས་པ་མེས་སྦྱང་བ་ནི། གོང་གི་མཚན་མ་རྣམས་ཤིན་ཏུ་ངན་པར་མཐོང་ན་གཞན་དུ་སྤོ་བའམ། ཡང་ན་ཞི་བའི་སྦྱིན་སྲེག་ཚུལ་བཞིན་དུ་བྱས་པས་བསལ་བར་བྱའོ། །གསུམ་པ་སྔགས་དང་ཕྱག་རྒྱས་སྦྱང་བ་ནི། མཚན་མ་ངན་པ་འབྲིང་ཙམ་དུ་སྣང་ན། རང་གི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུཾ་མཐིང་ག་རེ་རེས་མཚན་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་ཧཱུཾ་གིས་མཚན་པར་བསམ་ལ། ༀ་བཛྲ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ས་ལ་ལན་གསུམ་བསྣུན་པས་རྡོ་རྗེ་དང་ཧཱུཾ་གི་འོད་ཀྱིས་སའི་ཉེས་སྐྱོན་ཐམས་ཅད་སྦྱངས་ནས་ཡེ་ཤེས་རང་སྣང་གི་གཞིར་གྱུར་པར་བསམ་མོ། །བཞི་པ་ཏིང་ངེ་འཛིན་གྱིས་སྦྱང་བ་ལ། མཚན་མེད་དང་། མཚན་བཅས་གཉིས་ཀྱིས། དང་པོ་ནི། ས་དང་སར་འཛིན་པའི་འཁྲུལ་རྟོག་ཐམས་ཅད་སྟོང་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་སུ་རྣམ་པར་དག་པར་བསམ་ལ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་སྦྱང་ངོ་། །གཉིས་པ་ནི། ཧཱུཾ་གི་སྒྲ་རིང་པོར་བརྗོད་པས་རང་ཉིད་སྐད་ཅིག་གིས་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་ཡིག་མཐིང་ནག་འབར་བས་མཚན་པར་གྱུར། དེ་ལས་ཨེ་ཡཾ་ཝཾ་ལཾ་རཾ་རྣམས་འོག་ཏུ་ཆད་པ་ལས་འབྱུང་ལྔ་རིམ་བརྩེགས་ཀྱི་སྟེང་དུ་བྷྲཱུཾ་ཡིག་འབར་བར་གྱུར། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་བཛྲ་ཙཀྲ །ཞེས་བརྗོད་པས་ཡེ་ཤེས་རིན་པོ་ཆེ་འབར་བའི་དཀྱིལ་འཁོར་ཇི་ལྟར་འབྱུང་བར་འགྱུར་བ་བཞིན་དུ་བཀྲ་ལམ་གྱིས་གསལ་བར་བསམ་མོ། །དྲུག་པ་བྱིན་གྱིས་བརླབ་པ་ནི། གནས་ཁང་ལེགས་པར་བརྒྱན་ལ། སློབ་དཔོན་རྒྱས་པའི་ཆས་སུ་ཞུགས་ནས་རྡོ་རྗེའི་འགྲོས་ཀྱིས་མཐའ་བསྐོར་ཞིང་། ཤར་སྒོ་ནས་ཞུགས་ཏེ། ཤར་དུ་ཕྱོགས་པས་དབུས་སུ་འཁོད་ལ། སྒྲུབ་ཐབས་བཞིན་དུ་བདག་ཉིད་གཙོ་བོ་ཡབ་ཡུམ་དུ་བསྐྱེད་ནས། མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་སྤྲིན་ལས་འཁོར་གྱི་ལྷ་རྣམས་ཡན་ལག་གི་ལྷ་དང་བཅས་པ་གསལ་བཏབ་ལ། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་དཀྱིལ་འཁོར་པ་དང་བཅས་པའི་དུས་གསུམ་གྱི་མགོན་པོ་སྲས་དང་བཅས་པ་ཐམས་ཅད་མཁའ་ཁྱབ་ཏུ་སད་པར་བསམ་ཞིང་། བཛྲ་ས་མཱ་ཛཿས་སྙན་གསན། ཨེ་ཧྱེ་ཧིས་སྤྱན་དྲངས། ཀུན་ཟང་། ཞབས་བསིལ། བཞི་བསྣོལ་སོགས་ཕྱི་ནང་གསང་གསུམ་གྱི་མཆོད་པ་རྣམས་ཀྱི་མཆོད་ཅིང་བསྟོད་པར་བྱའོ། །དེ་ནས་ཕྱོགས་བཞིར་གནས་པའི་སློབ་མ། ལཱཾ་དྭེ་ཥ་ར་ཏི་སོགས་ཀྱིས་ཡུམ་བཞིར་བསྐྱེད། བསྐུར། རློབ། དབབ། དྲང་། བསྟིམ། བརྟན་པར་བྱས་ལ། དེ་རྣམས་ཀྱིས་གཙོ་བོ་ལ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད་པ་སྔོན་དུ་འགྲོ་བས་ཤར་ནས། ཞི་བའི་ཡེ་ཤེས་རང་སྣང་བའི། །རྒྱན་རྣམས་ཀུན་གྱིས་རབ་མཛེས་པ། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ལྷོ་ནས། ཡོན་ཏན་རིན་ཆེན་འབྱུང་བའི་གཙོ། །མ་ལུས་ཀུན་གྱི་རེ་སྐོང་བ། །སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །དཀྱིལ་འཁོར་ཆེན་པོ༴ ནུབ་ནས། རང་བཞིན་དག་པས་གོས་པ་མེད། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །སངས་རྒྱས་ཀུན་གྱི་གསུང་གི་མཆོག །དཀྱིལ་འཁོར༴ བྱང་ནས། བསམ་པ་ཐམས་ཅད་ཡོངས་རྫོགས་པས། །ཐམས་ཅད་སྒྲོལ་བའི་དེད་དཔོན་མཆོག །སངས་རྒྱས་ཀུན་གྱི་ཕྲིན་ལས་བདག །དཀྱིལ་འ ཁོར་ཆེན་པོ་གསུང་དུ་གསོལ། །ཐམས་ཅད་ཀྱིས་ཐུན་མོང་དུ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །ཞེས་གསོལ་བ་གདབ་ཅིང་། བཞི་མེད་ན་གཅིག་གིས་ཀྱང་ཕྱོགས་དེ་དག་ཏུ་སོང་ནས་བྱ། དེ་ཡང་མེད་ན་བསྒོམས་པས་ཀྱང་རུང་ངོ་། །དེ་ནས་སློབ་དཔོན་གྱི་རྡོར་དྲིལ་འཛིན་ཅིང་འཛུམ་པའི་མདངས་ཀྱིས་བལྟས་ཏེ། ཕྱོགས་བཅུ་མ་ལུས་དུས་གསུམ་གྱིས། །རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །ཆེ་གེ་མོ་སོགས་དོན་གྱི་ཕྱིར། །དཀྱིལ་འཁོར་ཆེན་པོ་བདག་བགྱིད་པས། །བདག་ཅག་རྗེས་སུ་བཟུང་བའི་ཕྱིར། །ས་འདི་ཤིས་པར་བྱིན་རླབས་པར། །བདེ་བར་གཤེགས་པས་མཛད་དུ་གསོལ། །ཞེས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་བསྐུལ་ལ། ཧཱུཾ་བཞིས་བྱིན་བསྡུས་ནས་རང་ལ་བསྟིམ། དེ་ནས་སྙེམས་པ་དང་བཅས་པས་ལངས་ཏེ། འགྲོ་བ་རྣམས་ལ་སྙིང་རྗེར་བལྟས་ནས། སླར་ཡང་རང་ཉིད་ཞེ་སྡང་རྡོ་རྗེ་འཇིགས་ཤིང་རྔམས་པ་མི་བཟད་པའི་ཁྲོ་བོའི་སྤྲིན་སྤྲོ་བའི་སྐུར་གྱུར་པའི་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ། མིག་འབྲས་ཧཱུཾ་ལས་བསྐལ་བའི་མེར་འབར་བས་ཀུན་ཏུ་བལྟ་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་མི་ཕྱེད་པའི་ང་རྒྱལ་དང་ལྡན་པས། རྡོ་རྗེ་འཛིན་པ་ཉི་མ་དང་། ཆོས་དང་རྟ་མཆོག་སྣང་མཛད་ཀྱང་། །བདག་ཉིད་ཆེན་པོ་ང་ཉིད་ཡིན། །ཐམས་ཅད་བཀའ་ལས་དེང་མ་འདའ། །ཞེས་ང་རྒྱལ་བཟུང་ནས། ཐུགས་ཀའི་ཧཱུཾ་ལས་ཁྲོ་བོའི་སྤྲིན་མི་བཟད་པ་སྤྲོ་ཞིང་རྐང་མཐིལ་གཉིས་སུ་ཧཱུཾ་ལས་འབར་བའི་རྡོ་རྗེ་རེ་རེས་མཚན་པར་བསམ་ལ། རྡོ་རྗེ་གསོར་བ་དང་དྲིལ་བུ་འཁྲོལ་ཞིང་། ཧཱུཾ་བཞི་པའི་སྔགས་དྲག་ཏུ་སྒྲོག་པ་དང་བཅས་པས་དབང་ལྡན་ནས་བརྩམས་ཏེ། རྡོ་རྗེའི་འགྲོས་ཀྱི་གཡས་སུ་བསྐོར་ནས་དཀྱིལ་འཁོར་གྱི་གཞི་ཅིས་ཀྱང་མི་ཤིགས་པ་རྡོ་རྗེའི་རང་བཞིན་དུ་བརྟན་པར་བྱིན་གྱིས་བརླབ་བོ། །བདུན་པ་བསྲུང་བ་ནི། མིག་ལ་སོགས་པའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས། རྡོ་རྗེའི་ས་གཞི། ར་བ། དྲྭ་བ། གུར་བླ་རེ་ཕྱི་རོལ་བསྐལ་བའི་མེ་དཔུང་རབ་ཏུ་འབར་བའི་དབུས་སུ་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་སེར་པོ་རྩིབས་བརྒྱད་ལོགས་དང་། རྩ་རྩེ་སྟེང་འོག་ཏུ་ཕྱོགས་ཤིང་རྣོ་བའི་དབལ་དང་ལྡན་པ། ལྟེ་བ་ཆོས་ཀྱི་དབྱིངས་དང་མ ཉམ་པའི་དབུས་སུ་བདག་ཉིད་ཞེ་སྡང་རྡོ་རྗེར་གནས་པའི་ཐུགས་ཀའི་ཧཱུཾ་ལས་མ་བཅུ་འཕྲོས་པ་རྩིབས་ནང་རྣམས་སུ་ཉི་གདན་བཅུར་གྱུར། སླར་ཡང་ཐུགས་ཀ་ནས་ཁྲོ་བོ་འདོད་པའི་རྒྱལ་པོ་འཕྲོས། ཕྱོགས་བཅུའི་བགེགས་རྣམས་བཀུག་སྟེ་ཉི་གདན་རྣམས་ཀྱི་སྟེང་དུ་མྱོས་ཤིང་འགྱེལ་སྟབས་སུ་འཁོད་པར་བསམ་ལ། ཧཱུཾ་བཞི་པའི་སྔགས་བརྗོད། སླར་ཡང་ཐུགས་ཀ་ནས་ཁྲོ་བོ་བཅུ་ཕྱུང་སྟེ། མདུན་དུ་བཀོད་པའི་ཕུར་པ་རྣམས་དང་གཉིས་སུ་མེད་པར་གྱུར་པ་ནི་སྟོད་ཁྲོ་བོའི་གཟུགས་ཅན། སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར་པར་བསམ་ལ། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། ཅེས་སོགས་ཁྲོ་བོ་བཅུ་སོ་སོའི་སྔགས་ཀྱི་མཐར། ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་ཟློས་ཤིང་། ཁྲོ་བོ་རྣམས་ཕྱོགས་བཅུའི་བགེགས་ལ་ཕུར་བུའི་ཚུལ་དུ་བཏབ་པས་དེ་རྣམས་ཀྱི་ལུས་ཕུག་སྟེ་གཡོ་འགུལ་མེད་ཅིང་འོད་གསལ་བར་བསམ་ལ། ཕྱོགས་གཡས་བསྐོར་དང་། མཚམས་གཡོན་བསྐོར། སྟེང་གི་ཕུར་བུ་ཤར་དང་། འོག་གི་ཕུར་བུ་ནུབ་ཏུ་གདབ་པར་བྱའོ། །དེ་ནས་མཚོན་ཆ་ལྔའི་རིམ་པས་བསྲུང་སྟེ། སྒྲུབ་ཐབས་ལས་ཤེས་པར་བྱ་ཞིང་། རྡོ་རྗེའི་གར་དང་སྟངས་སྟབས་ཀྱི་རོལ་པ་ཅི་རིགས་པའང་བྱའོ། །དེ་ལྟར་ཆོས་ཐམས་ཅད་སེམས་ལས་ལོགས་སུ་མེད་ལ། སེམས་ཀྱང་སྟོང་ཉིད་ནམ་མཁའི་རང་བཞིན་དུ་གནས་པས་བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་དམིགས་སུ་མ་གྲུབ་པ་དེ་ཁོ་ན་ཉིད་ཀྱི་བསྲུང་བའོ། །སྔར་བཤད་པའི་སའི་ཆོ་ག་ཕལ་ཆེར་དཀྱིལ་འཁོར་གྱི་ཁང་པ་ལོགས་སུ་བྱེད་པ་དང་། བརྐོས་ནས་སྟེགས་བུ་བྱ་དགོས་པའི་སར་ཡིན་ལ། གཞན་དུ་ན་མི་སྣང་བ་ལས་བསླང་བ་ཙམ་སྔོན་དུ་འགྲོ་བས་དབང་དུ་བྱ་བ་དང་། སྔགས་རྒྱ་ཏིང་ངེ་འཛིན་གྱིས་སྦྱང་བ་རྣམས་བྱས་ནས། ས་བྱིན་གྱིས་བརླབ་པ་ལ་སོགས་པའི་ལས་ལ་འཇུག་ཅིང་། བརྒྱད་པ་ས་བཟུང་བ་ནི་འོག་ཏུ་མཛད་པ་ཕྱག་ལེན་ཡིན་ནོ། །དེ་དག་ནི་ནུབ་དང་པོའི་བྱ་བའོ། །བཞི་པ་སྟ་གོན་ནམ་ལྷག་པར་གནས་པའི་ཆོ་ག་ལ། དཀྱིལ་འཁོར་གྱི་ཚད་དང་། ཡན་ལག་རབ་གནས་གཉིས་ལས། དང་པོ་ལ། གཟུགས་བརྙན་གྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ཚད་བསྟན་པའོ། །དང་པོ་ལ་གསུམ་ལས། བསྡུས་པའི་ཚད་ནི། ཁྲུ་གང་བ་དང་། བཞི་པའོ། །འབྲིང་པོའི་ནི། ཁྲུ་བཅུ་གཉིས་པ་དང་། བཅུ་དྲུག་པའོ། །རྒྱས་པའི་ནི། ཉི་ཤུ་པ་དང་། ཉི་ཤུ་རྩ་ལྔ་པ་སྟེ། རེ་རེ་ཡང་ཆེ་ཆུང་གཉིས་གཉིས་ཀྱིས་བསྟན་པ་ནི་གནས་ཁང་གི་ཡངས་དོག་དང་། འབྱོར་བའི་ཁྱད་པར་དང་། འདུ་བྱེད་རྐྱེན་གྱི་ཁྱད་པར་ལས་ཇི་ལྟར་རིགས་པར་བྱ་བ་སྟེ། ཚད་ནི་རྐྱེན་གྱིས་མ་ངེས་ཏེ། ཞེས་གསུངས་པ་སྔར་ལས་དང་བྱ་བས་སྦྱང་བའི་སྐབས་སུ་ཤེས་པར་བྱ་བ་ཉིད་དང་། གཉིས་པ་ནི། རྒྱང་གྲགས་དང་དཔག་ཚད་ལ་སོགས་པ་ནས་ཇི་སྲིད། ནམ་མཁའི་དབྱིངས་ནི་བསམ་ཡས་པར། །སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་སྒོམ། །ཞེས་བསྟན་པ་བཞིན་ནོ། །རྩ་བའི་གསུམ་པ་ཐིག་དང་། བཞི་པ་ཚོན་གྱི་བྱ་བ་གཉིས་ནི། འཆད་པར་འགྱུར་བའི་ལྷག་གནས་རྣམས་ཀྱི་ཁོངས་སུ་ལག་ལེན་འབྲེལ་སྡེབས་ནས་གསེབ་ཚགས་སུ་ཤེས་པར་བྱའོ། །དེ་ལ་གཉིས་ཏེ། ཡན་ལག་རབ་གནས་དང་། ཡན་ལག་ཅན་གྱི་རབ་གནས་སོ། །དང་པོ་ལ། ཤོམས་དང་། ཆོ་ག་དངོས་གཉིས་ཀྱི་དང་པོ་ནི། རྩ་བའི་དཀྱིལ་འཁོར་གང་དུ་བྱ་བའི་དབང་ལྡན་གྱི་ཕྱོགས་སུ་ཁྲུ་དོ་བའི་མཎྜལ་དྲིས་བྱུག་ལ། སྣ་ཚོགས་པདྨ་འདབ་བརྒྱད་རྡོ་རྗེའི་ར་བ་དང་བཅས་པ་བྲི། དེའི་དབུས་སུ་ལས་བུམ་ཆས་ལྡན་རྡོ་རྗེ་རྒྱ་གྲམ་གྱི་མཚན་མ་ཅན་དགོད། ཤར་དུ་ཡེ་ཤེས་དང་ལས་ཀྱི་ཐིག་སྐུད། ལྷོར་རྡོ་རྗེ། ནུབ་ཏུ་ཐོད་ཆུ་བདུད་རྩི་ལྔ་དང་ལྡན་པ། བྱང་དུ་དྲིལ་བུ། དབུས་དང་མཚམས་ཀྱི་པད་འདབ་བཞི་ལ་རྡུལ་ཚོན་ལྔ་མདོག་རིགས་སྡེབས་པ་དཔའ་བོ་འབྲུ་ལྔ་བཀོད་པ་དང་། དེ་དག་གི་མཐར་མཆོད་གཏོར་སྤྱི་དང་མཐུན་པར་བཤམ་མོ། །གཉིས་པ་ནི། སྔོན་འགྲོ་ནས་བཟུང་བདག་གི་རྣལ་འབྱོར་བཟླས་པའི་མཐར་ཐུག་པ་སྔོན་དུ་འགྲོ་བས་ལས་བུམ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཉི་མའི་གདན་ལ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ཧཱུྃ་བིགྷྣཱན་ཏ་ཀྲྀཏ་ཕཊ། ཅེས་བརྗོད་པས་ཁྲོ་བོ་མི་འཆི་ཐབ་སྦྱོར་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པའི་སྐུར་གྱུར་པར་བསམ་ཞིང་། ལས་རིགས་བདག་པོར་བྱས་པའི་ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་བྱིན་གྱིས་བརླབ། བཛྲ་ས་མཱ་ཛཿས་སྙན་གསན་དབབ། ཨེ་ཧྱེ་ཧིས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་མེད་དུ་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲས་བརྟན་པར་བྱས། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། རྡོ་རྗེ་རྩེ་གཅིག་པའི་རྒྱས་ལས་བུམ་ལ་རེག་སྟེ། ཧཱུྃ་བིགྷྣཱན་ཏ་ཀྲྀ་ཏ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་པའི་མཐར་ལྷ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་བར་བསམ་ཞིང་། བུམ་ཆུ་འཐོར་ཡབ་ཀྱིས་བླངས་ཏེ། ༀ་སྭ་བྷཱ་ཝ་བི་ཤུདྡྷ་དྷརྨ་ཏཱ་བཛྲ་སིདྡྷི་ཧཱུྃ། ཞེས་བརྗོད་ཅིང་། བདག་གནས་ཡོ་བྱད་ཐམས་ཅད་ལ་གཏོར་བས་ཉེས་སྐྱོན་དག་པར་བསམ་མོ། །དེ་ནི་ལྷག་གནས་ཐམས་ཅད་ལ་བསང་གཏོར་བྱ་བའི་དོན་དུའོ། །དེ་ནས་ཐིག་གི་ལྷག་གནས་ནི། རྒྱུ། གྲོགས། ཚད། གྲངས། རབ་གནས། གདབ་ཐབས། སྤྱོད་ལམ་དང་བདུན་ལས། ཡེ་ཐིག་གི་རྒྱུ་པདྨའི་སྣལ་མ་སོགས་དང་། ལས་ཐིག་གི་རྒྱུར་རས་བལ་ལ་སོགས་པ་སྟེ་དཔའ་བོའི་རིན་གྱིས་ཉོས་པའོ། །འཁལ་བའི་གྲོགས་གཞོན་ནུ་མ་མཚན་ལྡན་བཅུ་དྲུག་ལོན་པ་ལ་སོགས་པའོ། །ཚད་སྲིད་དུ་འཛིན་པའི་ཆ་མ་གཏོགས་པ་དཀྱིལ་འཁོར་ལས་ཉིས་འགྱུར་དང་། སྤོམས་སུ་སྒོའི་ཉི་ཤུ་ཆ་སྟེ་ཆ་ཆུང་གི་ལྔ་ཆའོ། །གྲངས་ནི་ཡེ་ཤེས་ཀྱི་ཐིག་སྐུད་ཚོན་སྣ་ལྔས་བསྒྱུར་བ་ལྔ་ཚན་ལྔའམ་ལྔ་ཚན་གཅིག་དང་། དམ་ཚིག་གི་ཐིག་སྐུད་དཀར་དམར་སྔོ་བ་གསུམ་ཚན་གསུམ་མམ་གསུམ་ཚན་གཅིག་གོ། །རབ་གནས་ནི། ཧཱུཾ་བིགྷྣཱན་ཏ་ཀྲྀཏ་ཕཊ། ཅེས་ལས་བུམ་གྱི་ཆུས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཉི་ཟླའི་གདན་ལྔའི་སྟེང་དུ་རང་གི་ཐུགས་ཀ་ནས་ཧཱུཾ་ༀ་སྭཱ་ཨཱཾ་ཧཱཾ་འཕྲོས། ཡེ་ཤེས་ཀྱི་ཐིག་སྐུད་ལ་ཐིམ་པས་དཔའ་བོ་འབྲུ་ལྔར་གྱུར། སླར་ཡང་ཉི་ཟླའི་གདན་གསུམ་གྱི་སྟེང་དུ་ཐུགས་ཀ་ནས་ༀ་ཨཱཿཧཱུཾ་འཕྲོས། དམ་ཚིག་གི་ཐིག་སྐུད་ལ་ཐིམ་པས་ཡི་གེ་གསུམ་དུ་གྱུར་པར་བསམ་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ཀུན་བཟང་ཞབས་བསིལ་ལ་སོགས་པས་མཆོད་ཅིང་གསོལ་བ་བཏབ་ནས། རང་གི་མིག་གཉིས་ཛཿཡིག་ལས་སྐྱེས་པའི་ཉི་ཟླར་བསམ་ལ། ༀ་དིཔྟ་དྲྀཥྚ་ཨཾ་ཀུ་ཤ་ཛཿ ཞེས་བརྗོད་ཅིང་རྫི་མ་བསྐྱོད་པ་འབར་བའི་ལྟ་སྟངས་ཀྱིས་བསྐུལ་བས་ནམ་མཁའི་དེ་བཞིན་གཤེགས་པ་རྣམས་སྦྱོར་བ་མཛད་པར་མོས་ཏེ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་ཡེ་ཤེས་ལྔའི་སྔགས་རྣམས་བརྗོད་པས་དེ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་ཁ་དོག་ལྔར་བྱུང་། ཡེ་ཤེས་ཀྱི་ཐིག་སྐུད་སོ་སོ་ལ་ཐིམ་པས་དེ་ཉིད་ཡེ་ཤེས་ལྔའི་ངོ་བོར་གྱུར་པར་བསམ་ཞིང་། འབྲུ་ལྔ་བརྗོད་བཞིན་དུ་སློབ་མ་དང་བཅས་པས་དང་པོར་སྲད་བུ་ལྔ་ཚན་རེ་རེ་སོ་སོར་སྒྲིལ། དེ་ནས་ལྔ་པོ་ཡང་གཅིག་ཏུ་སྒྲིལ་བ་བརྡོགས་ནས་གསེར་ལ་སོགས་པའི་སྣོད་དུ་བཞག །དེ་བཞིན་དུ་ཀཱ་ཡ་བཛྲ་སོགས་སྐུ་གསུང་ཐུགས་ཀྱི་སྔགས་གསུམ་བརྗོད་པས་ནམ་མཁའི་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་གསུམ་ནས་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། དམ་ཚིག་གི་ཐིག་སྐུད་སོ་སོ་ལ་ཐིམ་པས་དེ་ཉིད་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པར་བསམ་ཞིང་། འབྲུ་གསུམ་བརྗོད་བཞིན་དུ་གསུམ་ཚན་རེ་རེ་སོ་སོར་སྒྲིལ། དེ་ནས་གསུམ་པོ་ཡང་གཅིག་ཏུ་དྲིལ་ལ་སྔར་བཞིན་བཞག་གོ། །གདབ་ཐབས་དང་སྤྱོད་ལམ་ནི་འོག་ཏུ་བསྟན་ནོ། །དེ་ནས་རྡོ་རྗེ་དང་དྲིལ་བུའི་རབ་གནས་ནི། སྔར་བཞིན་བསར་སྦྱངས་སྟོང་པའི་ངང་ལས་རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ལ་ཀུན་ཏུ་བཟང་པོ། ཡར་གྱི་རྭ་ལྔ་ལ་རིགས་ཀྱི་ཡབ་ལྔ། མར་གྱི་རྭ་ལྔ་ལ་རིགས་ཀྱི་ཡུམ་ལྔ། ཡས་མས་ཀྱི་པདྨའི་འདབ་མ་བརྒྱད་ལ་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད། དྲིལ་བུའི་ལྟེ་བ་དང་པད་མའི་འདབ་མ་བརྒྱད་ཀྱི་ཕྱོགས་བཞིར་རིགས་ཀྱི་ཡུམ་ལྔ། མཚམས་བཞིར་གསང་བའི་ཡུམ་བཞི། ཞལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། རྩེ་མོ་རྡོ་རྗེ་རིགས་ཀྱི་ཡབ་ལྔ་རྣམས་ཀྱི་སྐུར་གསལ་བར བ་སྐྱེད་ལ། བསྐུར། རློབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། ཧཱུྃ་ཨཱཿ ཞེས་བརྗོད་པས་ལྷ་རྣམས་འོད་དུ་ཞུ། བཛྲ་གྷཎྜ། ཞེས་བརྗོད་པས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ་དང་། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་པ་བརྟན་པར་བྱས་ལ། ཧཱུྃ། རྡོ་རྗེ་དྲིལ་བུ་རིག་པ་འཛིན། །ཐབས་དང་ཤེས་རབ་གཉིས་མེད་པའི། །འཁོར་དང་མྱ་ངན་འདས་པ་ཡིས། །ཆོས་ལ་དེ་བཞིན་དབང་སྒྱུར་ཤོག །ཅེས་བརྗོད་ཅིང་། རྡོ་རྗེ་གསོར། དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་ཐོད་ཆུའི་རབ་གནས་ནི། སྔར་བཞིན་བསང་སྦྱངས། སྟོང་པའི་ངང་ལས་དམ་རྫས་ཀྱི་སྟེང་དུ། ཧཱུྃ་ༀ་སྭཱ་ཨཱྃ་ཧཱྃ་ལས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དེ་བཞིན་གཤེགས་པ་ལྔ་རེ་རེ་ཡང་རིགས་ལྔའི་རང་བཞིན་དུ་འཆར་བར་བསམ་ལ། བསྐུར། རློབ། དབབ། དྲང་། བསྟིམ། བརྟན། མཆོད་ལ་འབྲུ་ལྔ་བརྒྱ་རྩ་སོགས་བཟླས་པའི་མཐར། ཧཱུྃ་ཞེས་བརྗོད་པས་འོད་དུ་ཞུ་བ་ཡེ་ཤེས་ཀྱི་བདུད་རྩིར་འཁྱིལ་བར་བསམ་མོ། །དེ་ནས་ཚོན་ལྷག་གནས་ནི། དགོས་ཆེད། རྒྱུ། གྲངས། རབ་གནས། དགྱེ་ལུགས། ཉེས་སྤོང་དང་དྲུག་ལས། དགོས་ཆེད་ནི། མཚོན་བྱ་ཡེ་ཤེས་ལྔ་མཚོན་བྱེད་རྡུལ་མཚོན་དུ་བསྟན་པའོ། །རྒྱུ་ནི། རབ་ཨིནྡྲ་ནཱི་ལ་ལ་སོགས་པ་རིན་པོ་ཆེ་ལྔའི་ཕྱེ་མ་དང་། འབྲིང་འབྲས་ལ་སོགས་པའི་ཕྱེ་མ་ལ་དེ་དག་བསྲེས་པ་དང་། ཐ་མ་སོ་ཕག་ལ་སོགས་པའི་ཕྱེ་མ་སྟེ་ཚོན་སྣ་ལྔས་ཁ་དོག་བསྒྱུར་བའོ། །གྲངས་ནི། ཚོན་སྣ་ལྔ་སོ་སོ་ལ་ལྔ་ཚན་དུ་ཕྱེ་བའམ། ལྔ་ཚན་གཅིག་གིས་ཀྱང་ངོ་། །རབ་གནས་ནི། བསང་སྦྱངས། སྟོང་པའི་ངང་ལས་ཚོན་སྣ་ལྔའི་སྟེང་དུ། ཧཱུཾ་ༀ་སྭཱ་ཨཱཾ་ཧཱཾ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་གནས་པར་གྱུར། སྥ་ར༴ སཾ༴ འཕྲོ་འདུས་སོ་སོའི་ཕྱག་མཚན་ས་བོན་གྱིས་མཚན་པ་རྣམས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་རིགས་ལྔ་ཡུམ་དང་བཅས་པའི་སྐུར་གྱུར་པར་བསམ་ཞིང་། བསྐུར། །རློབ། དབབ། དྲངས། བསྟིམ། བརྟན། མཆོད་པ་རྣམས་བྱས་ལ། ༀ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུཾ་ཧཱུཾ། ཞེས་ཅི་ནུས་བཟླས་པའི་མཐར། ཧཱུཾ་ཞེས་བརྗོད་པས་ལྷ་རྣམས་འོད་ཞུ་ནས་རིན་པོ་ཆེའི་རྡུལ་ཕྲ་རབ་ཀྱི་རྡུལ་ཚོན་འབར་བར་བསམ་ཞིང་། བྲིས་པའི་ཡིག་འབྲུ་རྣམས་ཀྱང་མི་མངོན་པར་སྤུངས་ཤིང་བསྣུན་པར་བྱའོ། །དགྱེ་བ་དང་ཉེས་སྤོང་ནི་འོག་ཏུ་བསྟན་ནོ། །གཉིས་པ་ཡན་ལག་ཅན་གྱི་རབ་གནས་ལ། བུམ་པ། སློབ་མ། ལྷ་ལྷག་པར་གནས་པ་དང་གསུམ་ལས། དང་པོ་བུམ་པའི་རབ་གནས་ལ། ཤོམ་དང་། རབ་གནས་དངོས་གཉིས་ལས། དང་པོ་ནི། གསེར་དངུལ་ཟངས་ལ་སོགས་པའི་བུམ་པ་མི་གནག་ཅིང་གསུས་པ་ཆེ་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ཞབས་ཞུམ་པ་ལ་སོགས་པའི་ཚད་དང་མཚན་ཉིད་ཅན་ལྷའི་གྲངས་དང་མཉམ་པའམ། ཡང་ན་རིགས་ཀྱི་དབྱེ་བསྡུས་ལྷའི་བུམ་པ་ལྔ་དང་སྔར་བཤད་པའི་ལས་ཀྱི་བུམ་པ་དང་དྲུག །དེ་ཡང་མེད་ན། རྣམ་པར་རྒྱལ་བ་དང་། ལས་བུམ་སྟེ་གཉིས་སོ། །དེ་དག་ཐོག་མར་གཙང་ཞིང་དག་པར་བྱས་ལ། གུ་གུལ་གྱིས་བདུག །ལས་སྔགས་བཟླ་ཞིང་ཡུངས་ཀར་གྱིས་བྲབ་པས་བགེགས་བསྐྲད་ལ། ཆུ་གཙང་མ་སྲོག་ཆགས་མེད་པ་དྲི་བཟང་དང་སྦྱར་བ་ཀུན་བཟང་ཡབ་ཡུམ་གྱི་སྔགས་བཟླ་བཞིན་དུ་སུམ་གཉིས་ཀྱི་ཚད་དུ་ལོངས་པར་བཀང་བ་ལ། ལན་ཚ། སྦྲང་རྩི། བུ་རམ། ཨ་འབྲས། མར་ཧེ་སྙིང་པོ་ལྔ། ཧ་ས་དེ་བ། གྲྀ་ཧ་ཏི། སྭ་ད། ཀཎྜ་ཀ་རི། ཨ་པ་ར་ཚེ་ཏ་སྟེ་སྨན་ལྔ། གསེར་དངུལ་ལ་མུ་ཏིག་བྱུ་རུ་མུ་མེན་ཏེ་རིན་པོ་ཆེ་ལྔ། ནས་འབྲས་གྲོ་ཏིལ་སྲན་མ་སྟེ་འབྲུ་ལྔ། གུར་གུམ་གླ་རྩི་ཛ་ཏི་ཙནྡན་དཀར་དམར་ཏེ་དྲི་ལྔའོ། །དེ་ལྟར་ལྔ་ཚན་ལྔ་པོ་རྣམས་སྡེ་ཚན་རེ་རེ་རིམ་པ་བཞིན་མི་བསྐྱོད་པ་དང་། རྣམ་སྣང་དང་། རིན་འབྱུང་དང་། མཐའ་ཡས་དང་། དོན་གྲུབ་རྣམས་ཀྱི་སྔགས་ཀྱིས་རིམ་པ་བཞིན་གཞུག་པའམ། རྫས་སྔགས་ཅིག་ཅར་དུ་དྲིལ་བས་ཀྱང་རུང་ཞིང་། རང་མདོག་དང་མཚུངས་པའི་ན་བཟའ་ཟུང་གིས་མགུལ་ཆིངས་སེམས་དཔའི་སྔགས་ཀྱིས་དཀྲི། ཡལ་ག་དང་ལོ་མ་དང་འབྲས་བུར་བཅས་པའི་ཤིང་གིས་ཁ་བརྒྱན་སྒོ་བའི་སྔགས་ཀྱིས་གཞུག །མེ་ཏོག་གི་ཕྲེང་བ་དང་ལྡན་པའི་གཟུགས་ཐག་རྡོ་རྗེ་ཐུབ་པ་དྲུག་གི་སྔགས་ཀྱིས་བཞག །བུམ་པ་ལྷ་གྲངས་དང་མཉམ་པ་ལ་ནི་སོ་སོའི་ཕྱག་རྒྱའི་མཚན་མ་རྣམས་དགོད་ཅིང་། དཀྱིལ་འཁོར་གྱི་ལྷ་གནས་འབྱུང་འགྱུར་སོ་སོར་ཀུ་ཤའི་གདན་ལ་ཕྱོགས་མ་འཆོལ་བར་བཞག །བུམ་པ་ལྔ་པའི་ཚེ་ན་རིགས་ལྔའི་མཚན་མ་སོ་སོར་བཀོད་ལ་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར་བཞག །བུམ་པ་གཅིག་ལས་མེད་ན་མཚན་མ་རྣམས་དེ་ལ་བཀོད་ནས་དཀྱིལ་འཁོར་གྱི་གཙོ་བོའི་གནས་སུ་བཀོད། མཐའ་མཆོད་པ་རྣམས་ཀྱིས་ཇི་ལྟར་མཛེས་པར་བསྐོར། ལས་བུམ་སྒོའི་ནང་རོལ་གྱི་གཡས་སམ་རང་གི་མདུན་སོགས་གང་བདེར་བསང་གཏོར་གྱི་དོན་དུ་བཞག་གོ། །གཉིས་པ་ནི། བུམ་པ་རྣམས་ལས་ཐམས་ཅད་པས་བསང་། ཤཱུ་ནྱ་ཏས་སྟོང་པར་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ་ལྷ་རྫས་ཀྱི་གོས་ཀྱི་མགུལ་ཆིངས་དང་། དཔག་བསམ་ཤིང་གིས་ཁ་རྒྱན་དང་ལྡན་པའི་ནང་དུ། ༀ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ཞེས་བཟླས་པས་ལྷའི་ཆུ་བོ་གདྒཱ་དང་བུམ་ཆུ་དབྱེར་མེད་པར་མོས་ལ། བུམ་པ་ལྷ་གྲངས་དང་མཉམ་པ་ཡོད་ན་སོ་སོའི་གདན་ལ་ལྷ་དེ་དང་དེ་བསྐྱེད་ཅིང་། ལྔ་ཡོད་ན་དབུས་མར་མི་བསྐྱོད་པ་དང་། ཀུན་བཟང་ཡབ་ཡུམ། ཐུབ་པ་དྲུག །ཤར་མར་རྣམ་སྣང་། ས་སྙིང་། བྱམས་པ། གཤིན་རྗེ་གཤེད་རྣམས་ཡུམ་བཅས། ལྷོ་མར་རིན་འབྱུང་། ནམ་སྙིང་། སྒྲིབ་སེལ། སྟོབས་པོ་ཆེ་རྣམས་ཡུམ་བཅས། ནུབ་མར་སྣང་མཐའ། ཀུན་བཟང་། སྤྱན་རས་གཟིགས། རྟ་མགྲིན་རྣམས་ཡུམ་བཅས། བྱང་མར་དོན་གྲུབ། ཕྱག་རྡོར། འཇམ་དཔལ། བདུད་རྩི་འཁྱིལ་བ་རྣམས་ཡུམ་བཅས་བསྐྱེད་ཅིང་། བུམ་པ་གཉིས་པའི་ཚེ་རྣམ་རྒྱལ་བུམ་པའི་ནང་དུ། ལྷ་རང་རང་གི་གདན་གྱི་སྟེང་དུ། ཧཱུཾ་ༀ་སྭཱ་ཨཱཾ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཀྵིཾ་ཏྲཾ་ཧྲཱིཾ་ཛིཾ། ཧཱུྃ་ཏྲཾ་ཧྲཱིཾ་ཨཱཾ། མེ་ཐླྷིཾ་ཧཱུྃ་མཱུཾ། ཛ་ཧཱུྃ་བྃ་ཧོཿ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྃ་བྃ་ཧོཿ ༀ་ཨ། ཀྲཱིཾ་ཏྲུཾ་སྲུཾ་པྲཾ་ཀྵཾ་ཡེ་རྣམས་གནས་པར་གྱུར། སྥ༴ སཾ༴ འཕྲོ་འདུས་ཡོངས་སུ་གྱུར་པ་ལས་སོ་སོའི་ཕྱག་མཚན་ས་བོན་གྱིས་མཚན་པ་རྣམས་སུ་གྱུར། སྥ༴ སཾ༴ སླར་ཡང་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཧཱུྃ་བཛྲ་དྷྲིཀ྄་སོགས་སོ་སོའི་བསྐྱེད་སྔགས་རྣམས་རིམ་པ་བཞིན་བརྗོད་པས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་ཏེ་བཞི་བཅུ་རྩ་གཉིས་རྒྱལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་བར་བསམ་ལ། བསྐུར། རློབ། དབབ། དྲངས། བསྟིམ། བརྟན། མཆོད་པ་རྣམས་བྱས་ནས། གཟུངས་ཐག་ལ་འཇུས་ཏེ། བདག་གི་ཞལ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིར་བབས་པས་བུམ་པ་གང་བར་བསམ་ཞིང་། ལྷ་སོ་སོའི་སྔགས་གཙོ་འཁོར་གྱི་འགྲོས་སྦྱར་བ་ཅི་ནུས་སུ་བཟླས་པའི་མཐར། གཙོ་བོའི་སྔགས་ལན་བདུན་བཟླས་ནས་སྔར་གྱི་ཐོད་ཆུ་བུམ་ནང་དུ་ཕུལ་བས། ལྷ་ཐམས་ཅད་ཆགས་པ་ཆེན་པོས་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་ཞིང་། བདུག་སྤོས་ཀྱི་བདུག་པར་བྱའོ། །གཞན་དུ་འདིར་སྔགས་ཀྱིས་བ ཏབ་པའི་མེ་ཏོག་དཀར་པོ་གཞུག་པར་ཡང་བཤད་དོ། །སློབ་མ་དབང་བསྐུར་དང་། རབ་གནས། བདག་འཇུག་ཙམ་དང་། བསྒྲུབ་པ་དངོས་གྲུབ་ཀྱི་དབང་ལེན་པ་རྣམས་ལ་བུམ་པ་ངེས་པར་འཆའ་དགོས་མོད། སྒྲུབ་མཆོད་ཙམ་ལ་ངེས་པར་དགོས་པ་མ་ཡིན་ཀྱང་འགྲུབ་ན་ནི་ལེགས་སོ། །གཉིས་པ་སློབ་མ་ལྷག་པར་གནས་པའི་ཆོ་ག་ནི་དབང་ཆོག་ཏུ་ཤེས་པར་བྱའོ། །གསུམ་པ་ལྷ་ལྷག་པར་གནས་པའི་ཆོ་ག་ནི། ས་བཟུང་བའི་ས་ཁོངས་སྨོས་པ་ཉིད་དེ། དེ་ལ་ཐིག་གདབ་པ་དང་། ལྷག་གནས་དངོས་ལས། དང་པོ་ནི། ལྷག་གནས་བྱས་པའི་བུམ་པ་རྣམས་དབེན་པར་བཞུགས་སུ་གསོལ་ནས། ཐོག་མར། ༀ་ཨཱཿཧཱུཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ། ཅེས་ལས་བུམ་གྱི་ཆུས་དཀྱིལ་འཁོར་གྱི་གཞི་ལ་བསང་གཏོར་བྱས་ནས་བདུད་རྩི་དང་བཅས་པའི་དྲིས་བྱུག་ཅིང་འབྲི་བར་འགྱུར་བའི་དཀྱིལ་འཁོར་ནམ་མཁའ་ལ་གསལ་བར་དམིགས་ཏེ། དམ་ཚིག་གི་ཐིག་སྐུད་དྲི་ཞིམ་པོའི་ཐིག་ཆལ་ལས་ཕྱུངས་པ་ཆོ་ག་བཞིན་དུ་གཏོང་ལེན་བྱས་ལ། དང་པོར་ཤར་ནུབ་ཚངས་ཐིག་གདབ། །དབུས་ནས་ཕྱོགས་བཞིར་མཚན་མ་བྱ། །ཤར་ནུབ་ཚད་ནས་གཉིས་པ་དང་། །ཕྱོགས་བཞིའི་ཚད་ནས་ཟུར་ཐིག་བཙལ། །ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་ལས། །རྩ་བའི་བརྒྱད་ཆ་སྒོ་ཡིན་ཏེ། །སྒོ་ཡི་བཞི་ཆ་ཆ་ཕྲན་ནོ། །ཚངས་ཐིག་ནས་བཟུང་དང་པོ་དང་། །དྲུག་པ་ཕྱེད་གདབ་ཕྱི་མ་བསིལ། །གཉིས་བདུན་བརྒྱད་རྣམས་ཆ་བཞི་དང་། །ལྔ་དགུ་དབུས་དོར་མཐའ་གཉིས་གདབ། །གསུམ་པ་མི་གདབ་བཞི་པའི་ནང་། །ཆ་ཕྲན་གཅིག་ཏུ་གདབ་པར་བྱ། །དབུས་ནས་ཟླུམ་བསྐོར་ཆ་ཕྲན་ལྔ། །གཅིག་དང་ལྔ་དང་གཅིག་རྣམས་ནི། །ལྟེ་བ་མུ་ཁྱུད་རྩིབས་རྩིབས་བརྟེན། །གྲུ་ཐིག་ཕྱི་རུ་ཆ་ཕྲན་གཅིག །སྲིད་དུ་སྒོ་ཚད་གློ་འབུར་ཏེ། །དེ་ནས་རིམ་བཞིན་ཁྱམས་རྩིག་ལ། །འདོད་སྣམ་ཕ་གུ་དྲྭ་ཕྱེད་དང་། །ཤར་བུ་མདའ་ཡབ་རྣམས་ཀྱི་ས། །སྒོ་ཁྱུད་ཆ་ཆེན་འགྲམ་དང་ལོགས། །དེ་ཡི་ཕྱེད་ཡིན་མུན་པ་དང་། །ཀ་བ་ཀ་རྒྱན་ཆ་ཕྲན་རེ། །རྟ་བབས་བརྒྱད་པོ་ཆ་མཉམ་ལས། །དང་པོ་ཀ་རྒྱན་མཐའ་དང་མཉམ། །གཉིས་གསུམ་དེ་ལས་གཅིག་ཕྱིར་བཀྱེད། །བཞི་པ་གཉིས་བསྐུམ་ལྔ་པ་གཅིག །ཕྱིར་འཕྱར་དྲུག་པ་གཉིས་སུ་བསྐུམ། །བདུན་བརྒྱད་རིམ་བཞིན་རེ་རེ་འཕྱར། །རིམ་པར་རྟ་རྐང་ཆུ་སྐྱེས་དང་། །སྒྲོམ་དང་ཟ་ར་ཚགས་སྣ་འཕྱོང་། །སྒྲིལ་འཕྱང་ཤར་བུ་ཁྱུང་མགོའོ། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་ས་ནས་བཟུང་སྟེ། །ཆ་ཕྲན་གཉིས་ཀྱིས་གླང་རྒྱབ་དབུས། །མུན་པའི་ཕྱི་ཐིག་ཚངས་གནས་ཀྱི། །གཡས་གཡོན་ཆ་ཕྲན་གཉིས་འདས་ནས། །སྔར་བཞིན་བསྐོར་བ་མུན་པའི་མཐོངས། །མུ་རན་ཆ་ཕྲན་གཅིག་གིས་བསྐོར། །འཁོར་ལོ་གཉིས་འགྱུར་པདྨ་དང་། །གདུགས་ནི་ཆ་ཕྲན་རེ་རེའོ། །མདའ་ཐིག་ཟུར་ནས་ཆ་ཕྲན་གཅིག །དོར་མཐར་གཅིག་དང་གཉིས་གཉིས་དང་། །ཆ་ཆེན་གཅིག་ཏུ་བསྐོར་བ་ནི། །རྩིབས་རྟེན་པདྨ་རྡོ་ར་དང་། །མེ་ཡི་ར་བ་རྣམས་ཀྱི་ས། །རྩ་ཐིག་སྒོ་ཁྱུད་འཛོམ་རྩེ་ནས། །རྩིབས་བརྟེན་ཚངས་ཐིག་འཛོམ་པའི་བར། །གཡས་ནས་གཅིག་ཤོས་གཡོན་ནས་གཡས། །བསྐོར་བ་འོག་གཞིའི་འཁོར་ལོའི་རྩིབས། །ཞེས་པ་སྟེ། གདབ་པའི་ཆོ་ག་དང་། སྤྱོད་ལམ་ནི་ཡེ་ཐིག་གི་སྐབས་བཞིན་འདིར་ཡང་ཤེས་པར་བྱ་བ་ཉིད་དོ། །དམ་ཡེའི་ཐིག་འདེབས་ཚུལ་འབྲེལ་བར་འོག་ཏུ་གསུངས་ཀྱང་ལས་ཐིག་མ་བཏབ་པར་སྟ་གོན་གྱི་ལྷ་གནས་ངེས་པ་མི་རྟོགས་པའི་ཕྱིར། འདིར་འདེབས་པ་ལག་ལེན་ནོ། །གཉིས་པ་ནི། ཐིག་གི་མཎྜལ་དེའི་མཐར་ལྷ་གྲངས་སོགས་ཅི་འབྱོར་བའི་མཆོད་པ་བཤམས་ལ། དཀྱིལ་འཁོར་གྱི་གནས་སུ་བདག་གི་ཐུགས་ཀའི་ས་བོན་ལས་སྤྲོས་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་བསྐྱེད་ལ། ལྷ་གནས་སོ་སོར་རང་རང་གི་སྔགས་བརྗོད་ཅིང་བྱང་སེམས་དཀར་དམར་ཙནྡན་དང་སྦྱར་བའི་ཐིག་ལེ་གཙོ་བོའི་གནས་སུ་གྲུ་བཞི་དང་། གཞན་རྣམས་སུ་ཟླུམ་པོར་བྱས་ལ། མེ་ཏོག་གི་ཚོམ་བུ་བཀོད་ནས། གདན་བསྐྱེད། བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་ཉི་མ་དང་ཟླ་བའི་གདན་ལ་འདུག་པར་མོས་ལ། གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དང་ལྡན་པའི་སྒོ་ནས་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སྤྲིན་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨོར་སྤྲོས་པ་བཞི་བཅུ་རྩ་གཉིས་རྒྱལ་བའི་དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པ་རྣམས་རང་རང་གི་གནས་ཇི་ལྟ་བར་བཞུགས་པར་བསམ་ལ། གདན་ལ་རྫོགས་དང་སེམས་དཔའི་ཚུལ། །ཞེས་སོགས་ཀྱིས་གསལ་གདབ། བསྐུར། རློབ། དབབ། དྲངས། བསྟིམ། བརྟན། མཆོད། བསྟོད་རྣམས་བྱས་ལ། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་བཞིན་པས། མགོན་པོ་ཀུན་མཁྱེན་བདག་ཉིད་ཅན། །གཅིག་དང་དུ་མ་ཡོངས་གྲོལ་ཕྱིར། །མ་ལུས་བདག་ཉིད་དགོངས་སུ་གསོལ། །ཁྱེད་རྣམས་མོས་ཤིང་མཆོད་པ་དང་། །ཁམས་གསུམ་ཡོངས་སུ་བཟུང་བྱ་ཞིང་། །རང་བཞིན་མཉམ་པར་བྱ་བའི་ཕྱིར། །ཆེ་གེ་མོ་བདག་དཀྱིལ་འཁོར་གྱི། །ལས་རྣམས་ཡོངས་སུ་རྫོགས་པར་བགྱིད། །ཐུགས་རྗེས་ཉེ་བར་དགོངས་མཛད་དེ། །དཀྱིལ་འཁོར་བྱིན་གྱིས་བརླབས་ནས་ནི། །ས་འདི་ཡོངས་སུ་བཟུང་བར་མཛོད། །ༀ་བཛྲ་ས་མ་ཡ་སྟྭཾ། ཞེས་གསོལ་བ་བཏབ་པས་ལྷ་ཐམས་ཅད་དགྱེས་པར་རོལ་པའི་གཟི་བྱིན་མཐའ་ཡས་པས་དེ་ཉིད་དུ་ཐིམ་པས་ཐམས་ཅད་དཀྱིལ་འཁོར་གྱི་རང་བཞིན་དུ་གསལ་བར་བསམ་པ་དེ་དག་ནི་ལྷག་གནས་ཀྱི་ཆོ་ག་སྟེ་ནུབ་གཉིས་པའི་བྱ་བའོ། །གཉིས་པ་དངོས་གཞིའི་ཆོ་ག་ལ། དཀྱིལ་འཁོར་བྲི་བ། རྣམ་པ་དགོད་པ། རབ་གནས། སྦྱིན་སྲེག །སྒྲུབ་ཅིང་མཆོད་པ། དབང་བསྐུར་བའོ། །དང་པོ་ལ། ཐིག་གིས་བྲི་བ་དང་། ཚོན་གྱིས་བྲི་བ་གཉིས་ལས། དང་པོ་ནི། ནངས་པར་བེ་ག་ཀྲ་མ་ཡཾ་ཞེས་འདེགས་པའི་རྒྱས་སྟ་གོན་གྱི་ལྷ་ནམ་མཁར་བཏེགས་ལ། ཚོམ་བུ་རྣམས་གཞན་དུ་བསལ། སྔར་རབ་གནས་བྱས་པའི་ཡེ་ཤེས་ཀྱི་ཐིག་སྐུད་དེ་ཉིད་སློབ་དཔོན་བདག་པོའི་ང་རྒྱལ་གྱིས་ནུབ་ནས་ཤར་དང་། ཐིག་གཡོག་ཡུམ་དུ་མོས་པ་ཤར་ནས་ནུབ་ཏུ་ཕྱོགས་པ་ལ། གཡོན་བའི་ཁུ་ཚུར་གྱི་ལྟེ་བར་བཟུང་ནས། ཛཿཛཿཛཿཞེས་བརྗོད་པས་ཐིག་སྐུད་ཀྱི་རྩེ་མོ་ནས་གཡས་པས་བཟུང་བ་ཐིག་གཡོག་ལ་གཏོད་ཅིང་། དེས་ཀྱང་དེ་སྐད་བརྗོད་ཅིང་དྲངས་ལ་ཤར་ནུབ་ཀྱི་ཚངས་ཐིག་དང་པོ་དང་། ལྷོར་གནས་ཏེ་བྱང་དུ་བལྟ་བས་ཚངས་ཐིག་གཉིས་པ་དང་། མེར་གནས་ཏེ་རླུང་དུ་བལྟ་བས་ཟུར་ཐིག་དང་པོ་དང་། བདེན་བྲལ་ནས་དབང་ལྡན་དུ་བལྟ་བས་ཟུར་ཐིག་གཉིས་པ་དང་། མེར་གནས་ཏེ་བྱང་དུ་བལྟ་བས་ཤར་གྱི་རྩ་ཐིག་དང་། རླུང་ནས་ལྷོར་བལྟ་བས་ནུབ་ཀྱི་དང་། སླར་ཡང་རླུང་ནས་ཤར་དུ་བལྟ་བས་བྱང་གི་དང་། ཡང་མེ་ནས་ནུབ་ཏུ་བལྟ་བས་ལྷོའི་རྩ་ཐིག་སྟེ། ཐིག་ཆེན་བརྒྱད་པོ་ལས་ཐིག་གི་སྟེང་གི་ནམ་མཁའ་ལ་མཐེབ་འཛུབ་གཉིས་ཀྱིས་སེ་གོལ་གྱི་སྒྲ་དང་བཅས་པས་གདབ་ཅིང་། སྔགས་ནི་ཐམས་ཅད་ལ། ༀ་བཛྲ་སཱུ་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུཾ་ཕཊ། ཅེས་བརྗོད་པས་མཁའ་ཁབ་ཀྱི་རྒྱལ་བ་རྣམས་སད་ཅིང་ཡེ་ཤེས་ཀྱི་ཐིག་དམ་ཚིག་གི་ཐིག་ལ་རོ་མཉམ་དུ་གྱུར་པར་བསམ་མོ། །ཐིག་སྐུད་སྔར་གྱི་སྣོད་དུ་བཞག་པ་ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད་ནས། དམ་ཚིག་གི་ཕྱག་རྒྱ་བཅས་ལ། བཛྲ་མུཿ ཞེས་པས་ཐིག་སྐུད་ཀྱི་ཡེ་ཤེས་པ་ནམ་མཁའི་ལྷའི་ཐུགས་ཀར་གཤེགས། ཡེ་ཐིག་ཐེབས་ནས་དེ་ལ་འགོ མ་དགོས་པ་བྱུང་ན། ཧྲཱིཿ ཞེས་སྒྲ་རིང་པོ་དང་། འདེགས་པའི་རྒྱས་ནམ་མཁར་བཏེག་པའི་འོག་ནས་འཛུལ་བར་མོས་ཤིང་། སྒོ་ཐད་ཀྱི་རྩ་ཐིག་ཕྱིས་ལ། སླར་ཡང་ཕབ་ལ་བསྟིམ་མོ། །ཐིག་གི་སྤྱོད་ལམ་ནི། སྐུད་པ་ཆད་ན་སློབ་དཔོན་འཆི། །ཐིག་སྣ་ཤོར་ན་སློབ་བུ་འཆི། །ཕྱོགས་འཁྲུལ་བས་ནི་གཉིས་ཀ་ཉམས། །རྒྱུན་ཆད་ལམ་ལ་གནོད་པར་འགྱུར། །དེ་ཕྱིར་མཁས་ལྡན་སྒྲིམས་ཏེ་བྱ། །ཞེས་བཤད་པ་བཞིན་ཤེས་པར་བྱའོ། །གཉིས་པ་ཚོན་གྱིས་བྲི་བ་ནི། དབང་ཕྱུག་རྒྱས་པའི་ཆས་སུ་ཞུགས་ཏེ། དཀྱིལ་འཁོར་གྱི་དབུས་སུ་ཕུར་བུ་དངོས་སུ་བཏབ་པ་ཡིན་ན་ཚོན་སྣ་ལྔ་འབྱུང་རིགས་སྡེབས་པ། མཱུཾ་ཏཱཾ་སོགས་རིམ་པར་བརྗོད་ཅིང་ཁུང་བུ་མཉམ་པར་བཀང་ལ་འབྱུང་བ་རིམ་བརྩེགས་སུ་སྒོམ། སླར་ཡང་གཡས་པའི་མཐེབ་སྲིན་གྱིས་ཚོན་རྩི་ལྔ་ཅུང་ཟད་བླངས་པ་གཡོན་པའི་མཐིལ་དུ་བཞག་ལ། ༀ་སརྦ་པཉྩ་རཏྣ་ས་མ་ཡ་ཧཱུྃ་ཧཱུྃ་ཞེས་བཟླས་ལ་གཡས་པའི་སོར་མོ་ལྔ་ལ་ཉི་མའི་སྟེང་དུ་དཔའ་བོ་འབྲུ་ལྔ་གནས་པར་བསམ་སྟེ་སོར་མོ་ལྔ་ཚོམས་ཀྱིས་གཡོན་པའི་ཚོན་རྩི་ཁུང་བུའི་སྟེང་དུ་བཀོད་ལ། དོན་ཡེ་ཤེས་ལྔ་མཚོན་པའི་རྟགས་རིན་པོ་ཆེ་ལྔ་ལས་གྲུབ་པའི་རི་རབ་ཏུ་གྱུར་པར་བསམ་མོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་གནས་པའི་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་ནས་བརྩམས་ཏེ་རྩིག་པ་ལྔ་ཕྱི་ནས་ལྗང་དམར་སེར་དཀར་སྔོ་བ་རྣམས་ཞེང་ཐིག་སྐུད་གང་དང་དཔངས་མཐེའུ་ཆུང་ཕྱེད་ཙམ་པ་མ་འདྲེས་ཤིང་སྙོམས་པ་སྒོ་ཚད་གཅིག་གི་ཚད་ཙམ་དུ་བྲིས་ཏེ་ཀ་པཱ་ལས་བཀབ་ནས་བཞག་གོ། །རྩིག་པ་སྦྲེལ་རན་པ་ན་ཁ་ཕྱེ་ལ་པྲ་བརྟག་སྟེ། ཀུ་ཀུ་རཱ་རྫས་མཉམ་སྦྱོར་དཀྱིལ་ཆོག་ཏུ། རེ་ཁཱ་དམའ་བས་མི་འགྲུབ་ཅིང་། །ཡོན་པོས་གདུང་བ་བསྐྱེད་པར་བྱེད། །ཆད་པས་སློབ་དཔོན་སློབ་མ་དག །འཆིའམ་ན་བར་འགྱུར་བ་ཡིན། །ཆད་ལྷག་ལས་ནི་ནད་བྱུང་ཞིང་། །ཕྱོགས་འཁྲུལ་རྨོངས་པའི་ལས་སུ་འགྱུར། །ཞེས་གསུངས་པ་ལྟར་ཤེས་པར་བྱ་ཞིང་། གལ་ཏེ་མ་འགྲུབ་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྐྱོན་ཐམས་ཅད་སེལ་བ་ཡིན་ནོ། །སློབ་དཔོན་གྱིས་རྫོགས་པར་བྲི་མི་ནུས་ན། སློབ་མ་རྣམས་ཀྱིས་ཀྱང་ལག་པ་བྱིན་རླབས་སྔར་བཞིན་བྱས་ནས་བྲི་བར་བྱ་སྟེ། དེ་ལ་དབུས་ཀྱི་ལྟེ་བ་མཐིང་ག །མུ་ཁྱུད། འོད་ཕྲེང་། རྩིབས། མཆན། གྲུ་ཆད། གློ་འབུར། བར་ཁྱམས། སྒོ། ཀ་བ་རྣམས་ཕྱོགས་མདོག །རྩིབས་བརྟེན་སྔོན་པོ་ལ་རྡོ་རྗེའི་ཕྲེང་བ། རྩིག་པ་ལྔ་སྦྲགས། འདོད་སྣམ་དམར་པོ། ཕ་གུ་སེར་པོ། དྲྭ་བའི་གཞི་ནག་པོ་ལ་དྲྭ་བ་དཀར་པོ། ཤར་བུ་གཞི་སྔོན་པོ་ལ་ཟ་ར་ཚགས་དཀར་པོ། མདའ་ཡབ་དཀར་པོ་མཆོད་རྟེན་རིས། མུན་པ་དང་གླང་རྒྱབ་ནག་པོ། རྟ་བབས་སྣམ་བུ་བརྒྱད་ཀྱི་རྟ་རྐང་གཞི་སྔོན་པོ་ལ་རྡོ་རྗེ་འགྲེང་བུ། ཆུ་སྐྱེས་དམར་པོ། སྒྲོམ་མཛེས་ཚོན། ཟ་ར་ཚགས་དཀར་པོ་ལ་གཞི་ནག་པོ། སྣ་འཕྱོང་སེར་པོ། སྒྲིལ་འཕྱང་གཞི་ནག་པོ་ལ་དྲ་བ་དཀར་པོ། ཤར་བུ་དཀར་པོ་སྔོན་པོའི་གཞིར་སྒྲིགས་པ། རྒྱ་ཕུབས་ཁྱུང་མགོ་མཐིང་ག །པདྨ་དམར་པོ། འཁོར་ལོ་དང་རི་དྭགས་སེར་པོ། གདུགས་དཀར་པོ། འོག་གཞིའི་འཁོར་ལོ་ཕྱོགས་མདོག །ཕྱི་ཁྱམས་ལྗང་ཁུ། གེ་སར་སེར་པོ། འདབ་མ་སྣ་ཚོགས། རྡོ་ར་གཞི་མཐིང་ག་ལ་རྡོ་རྗེ་དཀར་པོའམ་སེར་པོ། མེ་རི་སྣ་ཚོགས་སྒོ་དང་སྒོ་ཁྱུད་ཀྱི་མཚམས་བཞིར་ཟླ་ཕྱེད་རྡོ་རྗེ། རྟ་བབས་དང་མདའ་ཡབ་ཀྱི་ཁོར་ཡུག་ལ་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་། སྒོའི་ཕྱི་རོལ་དུ་ཏཱ་ལའི་ལྗོན་པ། དཔག་བསམ་གྱི་ཤིང་། རིན་པོ་ཆེའི་ཕུང་པོ། ཁྲུས་ཀྱི་རྫིང་བུ་རྣམས་ཕྱོགས་རེར་གཉིས་གཉིས་རྣམས་སྤེལ་མར་བྲིས་ལ། ཚོན་གྱིས་བྲི་བའི་ལས་རྫོགས་པའི་མཐར། ཚོན་ལྷག་ཀུན་བཟང་། ཞབས་བསིལ། བཞི་བསྣོལ་སོགས་ཀྱིས་མཆོད་ནས། བཛྲ་མུཿས་ཡེ་ཤེས་པ་ནམ་མཁའི་ལྷའི་ཐུགས་ཀར་གཤེགས་ནས་དམན་པ་རྣམས་དབེན་པར་བཞག་གོ། །ཉེས་སྤོང་ནི། བག་མེད་གྱུར་པའི་ཉེས་པ་ཡང་། །བཤད་པའི་རྗེས་སུ་ཤེས་པར་བྱ། །ཞེས་པས་ཐིག་གི་སྐབས་སུ་བཤད་པས་མཚོན་ཅིང་། ཇི་བཞིན་པ་མ་འགྲུབ་ན་དེ་སེལ་བའི་གཉེན་པོའང་སྔར་བཤད་པ་བཞིན་ནོ། །གཉིས་པ་རྣམས་པ་དགོད་པ་ནི། རིན་པོ་ཆེའམ་ལྡེ་གུ་སོགས་ལས་བྱས་པའི་ལྷ་སོ་སོའི་སྐུ་བརྙན་ཡོད་ན་དེ་དང་དེའི་གནས་སུ་མ་འཆོལ་བར་དགོད་ཅིང་། མེད་ན་ཚོན་གྱིས་བྲིས་པའི་རྗེས་འབྲེལ་ཉིད་དུ་སྐུ་གཟུགས་སམ། ཡིག་འབྲུའམ། ཕྱག་མཚན་ནམ། རང་མདོག་དང་མཚུངས་པའི་ཐིག་ལེའི་རྣམ་པ་ཅན་གྱི་བར་ཅི་ནུས་སུ་བྲི་ཞིང་། དེ་ཡང་། གཙོ་བོའི་གཟུགས་སུ་རྫོགས་པར་བྲི། །འཁོར་རྣམས་ཕྱག་རྒྱ་དག་ཏུ་བྱ། །ཕལ་པ་དག་ལ་ཡིག་འབྲུས་སོ། །ཞེས་རིམ་པ་ཐ་དད་དུ་བྲི་ཚུལ་ཡང་བཤད་དོ། །གསུམ་པ་རབ་གནས་བྱ་བ་ལ་གསུམ་ལས། དང་པོ་བུམ་པའི་རབ་གནས་དང་། གཉིས་པ་སློབ་མ་རབ་གནས་གཉིས་གོང་དུ་སོང་། གསུམ་པ་དཀྱིལ་འཁོར་རབ་གནས་ལ་དཀྱིལ་འཁོར་བརྒྱན་པ་དང་། རབ་གནས་དངོས་ལས། དང་པོ་ནི། སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་སྤོས་དང་རོལ་མོས་སྣ་དྲངས་ཏེ་དཀྱིལ་འཁོར་ལ་གཡས་སུ་བསྐོར་ནས་ལྷ་སོ་སོའི་གནས་རྣམས་སུ་མཉྫི་ལ་སོགས་པའི་སྟེགས་ལ་དགོད་ཅིང་། བུམ་པ་ལྔའམ་གཅིག་ཏུ་བསྡུས་པ་ལ་ནི་གཙོ་བོ་ལྔའི་གནས་སམ་དབུས་ཉིད་དུ་བཞུགས་སུ་གསོལ། ལས་བུམ་ནི། སློབ་དཔོན་གྱི་མདུན་དུའོ། །དེ་ནས་དཀྱིལ་འཁོར་གྱི་མཐའ་སྐོར་དྲི་བཟང་གིས་བྱུག་ཅིང་། མེ་ཏོག་གི་སིལ་མ་བཀྲམ། ཕྱོགས་ཀུན་ཏུ་བླ་རེ་དང་ཡོལ་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་པ་དང་། གོས་ཟུང་དུ་མས་བཀོད་ལེགས་སུ་བརྒྱན་པར་བྱ་ཞིང་། བདུག་སྤོས་དང་། མེ་ཏོག་དང་། མར་མེ་དང་། དྲི་ཆབ་རྣམས་ལྷ་གྲངས་དང་མཉམ་པ་དང་། གཞན་ཡང་ཞབས་བསིལ་ལ་སོགས་པ་ཕྱིའི་མཆོད་པ་རྣམས་དང་། སྨན་གཏོར་ལ་སོགས་པ་ནང་གི་མཆོད་པ་རྣམས་ཀྱང་ཅི་འབྱོར་བས་ཕྱིའི་ཁོར་ཡུག་རྣམས་མཛེས་པར་བྱ་སྟེ། བཅོས་བུའི་རས་ནི་སྣ་ཚོགས་དང་། །རྒྱན་ཕྲེང་བཏུང་དང་བྲོ་བས་བསྐོར། །ཞེས་གསུངས་པ་བཞིན་ནོ། །སྐབས་འདི་དག་ཏུ་བགེགས་བསྐྲད་ཅིང་མཚམས་བཅད་པ། དཀྱིལ་འཁོར་བསྐྱེད་ནས་ལྷ་བསྟིམ་པ། སྒོ་དབྱེ་བ། ཕྱག་འཚལ་བ་རྣམས་ཆོ་ག་རྒྱས་པའི་ཡན་ལག་ཏུ་འབྱུང་ཡང་། རྩ་བའི་རྩིས་འགོས་མ་བསྡུས་པས་ཆད་པའི་དགག་ཆ་ཆུང་ཞིང་། འཇུག་པ་བདེ་བའི་དབང་དུ་བྱས་ནས་འདིར་དེ་ཙམ་མོ། །གསུམ་པ་རབ་གནས་དངོས་དང་། བཞི་པ་སྦྱིན་སྲེག་ནི། འདིར་རྒྱས་པའི་ལས་དང་སྦྲེལ་ཏེ་གཞན་དུ་བཤད་པ་བཞིན་བྱའོ། །ལྔ་པ་དཀྱིལ་འཁོར་སྒྲུབ་པ་ལ། སྔོན་དུ་བྱ་བ་དང་། སྒྲུབ་པ་དངོས་དང་། མཆོད་བསྟོད་སོགས་བྱ་བ་དང་། ཛཔ྄་བཟླ་བ་དང་བཞི་ལས། དང་པོ་ནི། རྣལ་འབྱོར་པ་རྣམས་ཁྲུས་བྱས། ལུས་དྲི་ཞིམ་པོས་བྱུག །སློབ་དཔོན་དཀྱིལ་འཁོར་གྱི་ཤར་ངོས་སུ་ཕྱོགས་པ་དང་། གཞན་རྣམས་ཀྱང་ཇི་ལྟར་འོས་པར་འདུག་ནས། ཐོག་མར་རྒྱུད་སྦྱང་བ་ནས་བཟུང་མཆོད་རྫས་བྱིན་གྱིས་རློབ་པའི་བར་སྔོན་དུ་བྱ་བའོ། །གཉིས་པ་ལ། བདག་མདུན་ཐ་དད་དུ་སྒྲུབ་པ་དང་། ཐ་མི་དད་དུ་སྒྲུབ་པ་གཉིས་ལས། དང་པོ་ནི། བདག་གི་རྣལ་འབྱོར་བཟླས་པའི་བར་བྱས་ནས། དེའི་ཉེར་བསྡུའི་ན་ད་ཤིན་ཏུ་ཕྲ་བའི་དེ་ཁོ་ན་ཉིད་དང་། མདུན་བསྐྱེད་ལ་ལྟོས་པའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་མཚམས་སྦྱར་ནས་སླར་ཡང་མདུན་བསྐྱེད་སྒྲུབ་པར་མཛད་མོད། འདིའི་གཞུང་དུ་གསལ་བར་མ་བཤད་ཀྱང་། དོན་གྱི་དགོངས་པ་ལུགས་ཕྱི་མ་ལྟར་གནས་པ་ལས་འདིར་དེ་ལྟར་བྱ་སྟེ། དེ་ལ་བསྒྲུབ་གཞི་བདག་དང་། བྲིས་པའི་དཀྱིལ་འཁོར་གཉིས་སྒྲུབ་ཆོས་ཏིང་ངེ་འཛིན་གསུམ་ནས། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་པའི་བར་གྱི་གདོད་ནས་དག་ཅིང་གྲུབ་པའི་དམ་ཚིག་གི་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་གསལ་བཏབ་ལ། དབང་བསྐུར་བ་དང་། བྱིན་གྱིས་རློབ་པ། ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ་པ་རྣམས་སྒྲུབ་ཐབས་བཞིན་ཤེས་པར་བྱ་བ་ལས། དཀྱིལ་འཁོར་རབ་གནས་སོགས་དང་མ་འབྲེལ་བའི་སྒྲུབ་མཆོད་ཕལ་པ་ཙམ་ལ་སྔར་ནམ་མཁའ་བཞུགས་པའི་སྟ་གོན་གྱི་དཀྱིལ་འཁོར་ཡང་སྤྱན་དྲངས་ནས་སྐབས་འདིར་བསྟིམ་པ་ནི་ཁྱད་པར་རོ། །གསུམ་པ་མཆོད་བསྟོད་སོགས་བྱ་བ་ནི། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་གཙོ་བོ་གཉིས་པར་བྱ་བས་ཕྱག་མཆོད་ནས་བཟུང་། དམ་བཅའི་མཐར་ཐུག་གི་བར་སྒྲུབ་ཐབས་བཞིན་བྱས་ལ། བདག་ཉིད་རྡོ་རྗེ་སེམས་དཔའ་མདུན་བསྐྱེད་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །བཞི་པ་ཛཔ྄་བཟླ་བ་ལ། ས་བཅད་ཀྱི་ཆིངས་སྒྲུབ་ཐབས་བཞིན་ལས། ཛཔ྄་ཁང་དབྱེ་བའི་ཚེ། དབྱེ་གཞིའི་དཀྱིལ་འཁོར་གསལ་བ་ལས། བྷྲཱུྃ་བི་ཤྭ་སོགས་ཀྱིས་བདག་དམ་ཚིག་གི་འཁོར་ལོ་ལས་མདུན་བསྐྱེད་ཡེ་ཤེས་ཀྱི་འཁོར་ལོའི་ངོ་བོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་མེ་རི་འདབས་འབྱར་གྱི་ཚུལ་དུ་བཞུགས་པར་མོས་པ་ཙམ་སྟེ། དམིགས་པའི་རྣམ་པ་སྒྲུབ་ཐབས་དང་དབྱེ་བ་མེད་ཀྱང་། དོན་གྱི་ངོ་བོ་མི་འདྲ་བའི་གནད་ཤེས་པར་བྱའོ། །ཛཔ྄་བཟླ་བ་ན་དམ་ཡེ་འཕྲོ་འདུ་སྟེ་གསལ་བ་གསུམ་གྱི་ངང་ནས་ལྷ་སོ་སོའི་སྔགས་བཟླ་བའི་ཚེ་རིམ་པ་བཞིན། ཧཱུྃ། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མི་བསྐྱོད་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་ཐུགས་སུ་དབང་བསྒྱུར་བས། །དངོས་གྲུབ་ལས་རྣམས་ཀུན་བྱེད་ཤོག །ཧཱུྃ་ཛྲ་དྷྲིཀ྄ །མཱུཾ་དྷྭ་ཏྭི་ཤྭ་རཱི། དེ་བཞིན་དུ། གཟུགས་ཕུང་ས་ཡི་ངོ་བོ་ཉིད། །སེམས་ཕྱིར་༴ སྣང་མཛད་ཡབ་ཡུམ༴ ཏིང་འཛིན་སྐུ་རུ༴ དངོས་གྲུབ༴ ༀ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། ཚོར་བ་ཆུ་ཡི༴ སེམས་ཕྱིར༴ འབྱུང་ལྡན༴ ཏིང་འཛིན་ཡོན་ཏན༴ དངོས་གྲུབ༴ སྭཱཾ་རཏྣ་དྷྲིཀ྄ །མཱཾ་མོ་ཧ་ར་ཏི། འདུ་ཤེས་མེ་ཡི༴ སེམས་ཕྱིར༴ མཐའ་ཡས༴ ཏིང་འཛིན་གསུང་༴ དངོས་གྲུབ༴ ཨཱཾ་ཨཱ་རོ་ལྀཀ྄ པཱཾ་རཱ་ག་ར་ཏི། འདུ་བྱེད་ལུང་གི༴ སེམས་ཕྱིར༴ དོན་གྲུབ༴ ཏིང་འཛིན་ཕྲིན་ལས༴ དངོས་གྲུབ༴ ཧཱཾ་པྲ་ཛྙཱ་དྷྲིཀ྄ །ཏཱཾ་བཛྲ་ར་ཏི། ཞེས་མཚོན་པ་ཙམ་སྟེ། སོ་སོའི་ཛཔ྄་བསྐུལ་དང་སྦྱར་ཏེ་རིམ་པ་བཞིན་གཙོ་འཁོར་གྱི་འགྲོས་སྦྱར་ནས་ཅི་ནུས་སུ་བཟླ་ཞིང་། སྐབས་ཀྱི་མཇུག་བསྡུ་བའི་ལས་རིམ་རྣམ་པ་གསུམ་ཡང་སྒྲུབ་ཐབས་བཞིན་ནོ། །དེ་དག་ནི་སྒྲུབ་ཅིང་མཆོད་པའི་ཆོ་གའོ། །དྲུག་པ་དབང་བསྐུར་བ་ལ། བདག་ཉིད་འཇུག་པ་དང་། སློབ་མ་ལ་དབང་བསྐུར་བའོ། །དང་པོ་ནི། སློབ་མ་འཇུག་པ་ཇི་ལྟ་བ་བཞིན་དཀྱིལ་འཁོར་དུ་ཞུགས་ལ་དབང་བླང་བའམ། རིག་པའི་མེ་ཏོག་དོར་བ་ཉིད་ཀྱིས་ཀྱང་འདིའི་དགོས་པ་འགྲུབ་ཅིང་། གང་གི་ཚེ་ཡང་སློབ་མ་འཇུག་པར་གནང་བ་ནོད་པ་རྣམས་སོ། །གཉིས་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་ནི། དབང་གི་ཆོ་ག་ཟུར་དུ་འཆད་པ་ལས་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་ལྔ་ལས། དང་པོ་ཚོགས་མཆོད་དང་། གཉིས་པ་བརྟན་སྐྱོང་ནི་སྒྲུབ་ཐབས་ཀྱི་དཀྱུས་བཞིན་དང་། གསུམ་པ་ཉེར་བསྡུའི་ཚེ། གཏང་རག་གི་མཆོད་པ་བཤམས་ལ་བྱིན་གྱིས་བརླབ་སྟེ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་རྣམས་ཀྱི་མཆོད། བསྟོད་པ་རྒྱས་བསྡུས་ཅི་རིགས་པས་བསྟོད། ཡིག་བརྒྱ་དང་བཟོད་གསོལ་རྣམས་སྤྱི་དང་མཐུན་པར་བྱས་ལ། རས་བྲིས་ཡིན་ན་ཡེ་ཤེས་པ་བརྟན་བཞུགས་དང་། བྷྲཱུྃ་བི་ཤྭ་སོགས་ཀྱིས་དམ་ཚིག་གི་དཀྱིལ་འཁོར་གསལ་བཏབ་ལ། བཛྲ་ས་མ་ཡ་སྟྭཾ། ཞེས་སོགས་བརྗོད་ཅིང་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ལ། གོ་བགོ། ལུས་བསྲུང་སོགས་མཐའ་རྒྱས་རྣམས་སྒྲུབ་ཐབས་ལྟར་བྱ་ཞིང་། རྡུལ་ཚོན་གྱི་ཆོ་ག་ཞག་སྦྲེལ་མར་བྱེད་པའི་ཉི་མ་སྔ་མ་རྣམས་ལའང་དེ་བཞིན་ནོ། །གཟུགས་བརྙན་གྱི་དཀྱིལ་འཁོར་གཤེགས་གསོལ་བྱེད་ན། བེ་གཱ་ཀྲ་མ་ཡཾ། ཞེས་པས་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁར་བཏེག་ནས། གཏང་རག་གི་མཆོདབསྟོད་དང་། བཟོད་གསོལ་སྔར་བཞིན་བྱས་ལ། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར་ཛྙཱ་ན་མཎྜལ་བཛྲ་མུཿ ཞེས་གཤེགས་སུ་གསོལ་ལ། དམ་ཚིག་གི་འཁོར་ལོ་སྔར་བཞིན་བསྡུས་ནས་གོ་ཆ་བགོ་ཞིང་ལུས་བསྲུང་བ་བྱས་ལ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་ཏེ། རོལ་མོའི་སྒྲ་དང་བཅས་པས་ཨ་ཀཱ་རོ་བཟླ་ཞིང་། རྡོ་རྗེ་དང་བཅས་པའི་ལག་གིས་ཐོག་མར་ལྷ་མཚན་རྣམས་བསྡུས་ལ། ཅུང་ཟད་ཙམ་མགོ་བོར་བཀོད། ལྷག་མ་རྣམས་དབང་ལྡན་ནས་བརྩམ་སྟེ་གཙོ་བོའི་གནས་ཀྱི་བར་དུ་ཕྱགས་ལ་བུམ་པ་ལ་སོགས་པའི་སྣོད་བཟང་པོར་བླུགས་ནས་མཆོད་པ་དང་བཀུར་སྟི་ཆེན་པོས་ཆུ་ཀླུང་དུ་དོར། སླར་ཡང་སྣོད་དེ་ཉིད་ཆུས་བཀང་ནས་ནང་དུ་འོངས་ཏེ་དཀྱིལ་འཁོར་ཁང་པ་རྣམས་བསང་གཏོར་བྱ། དེ་ནས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བསྣོལ་བ་སྐམ་པའི་རྒྱས་འོག་གི་ཕུར་བུ་ནས་བཟུང་མས་རིམ་གྱིས་ཕྱུངས་ལ། སྤྱན་མའི་སྔགས་བཟླས་པའི་འོ་མས་ཕུར་རྩེ་བཀྲུ་ཞིང་ཁུང་བུ་རྣམས་ལའང་གཏོར་བས་བགེགས་རྣམས་བདེ་སྟོང་གི་ངོ་བོར་སངས་རྒྱས་པར་བསམ་མོ། །དེ་ནས་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་དང་། བཀྲ་ཤིས་བརྗོད་ཅིང་དགའ་སྟོན་བྱ་བ་ལ་སོགས་ཏེ་རྗེས་ཀྱི་བྱ་བ་རྣམས་གསང་བ་སྤྱིའི་འགྲོས་བཞིན་མཐའ་རྒྱས་སུ་བྱའོ། །སྤྱི་དོན་གསུམ་པ་གྲུབ་པ་འབྲས་བུའི་ཚུལ་ལ། ཇི་ལྟར་བསྒྲུབས་པ་དང་། དེ་གྲུབ་པའི་ཚད་བསྟན་པ་སྟེ་སྒྲུབ་ཐབས་སུ་བཤད་པ་བཞིན་ཤེས་པར་བྱ་བ་ཡིན་ནོ། །ཁྱབ་བདག་རྡོ་རྗེ་སེམས་དཔའ་མཆོག་གི་ལམ། །སྲས་བཅས་རྒྱལ་བ་ཀུན་གྱིས་བགྲོད་པའི་ཞིང་། །གྲུབ་མཆོག་བྱེ་བའི་འཇུག་ངོགས་བླ་ན་མེད། །སྒྱུ་འཕྲུལ་དྲྭ་བ་གསང་ཆེན་མཆོག་གི་རྩེ། །དེ་ལས་བགྲང་ཡས་དངོས་གྲུབ་ཀུན་གྱི་གཞིར། །དང་པོར་འཇུག་དང་བར་དུ་ཉམས་ལེན་སྲོག །མཐར་ཐུག་འབྲས་བུ་མངོན་དུ་བྱེད་པའི་ཐབས། །ཀུན་ཀྱང་དཀྱིལ་འཁོར་ལས་དང་འབྲེལ་བའི་ཕྱིར། །རྣམ་དག་གཞུང་བཟང་ངེས་པའི་ཟབ་དོན་གནད། །དད་པའི་སྙིང་ལ་ཆ་ཙམ་འཕོས་གྱུར་པས། །ཟབ་ཡངས་རྒྱུད་དོན་ཕ་མཐར་མཚོན་མིན་ཀྱང་། །རྒྱ་མཚོའི་ཆུ་ཐིགས་ཀྱིས་ཀྱང་གདུང་སེལ་བཞིན། །རང་དང་སྐལ་མཉམ་རྗེས་སུ་འབྲང་རྣམས་ལ། །ཕན་ཕྱིར་ཉུང་གསལ་སྙིང་པོར་དྲིལ་བའི་ངག །བརྗོད་འདིས་རྣམ་དག་ངོ་མཚར་རིན་པོ་ཆེའི། །ཕྲེང་བ་ཚར་དུ་དངར་བའི་དགའ་སྟོན་གྲུབ། །འདི་ལས་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཆེ། །དབྱིངས་ཕྱུག་རྡོ་རྗེ་བཙུན་མོར་དགྱེས་རོལ་བའི། །དགའ་ཆེན་རོལ་མོ་རྟག་པའི་རྡོ་རྗེ་ཡིས། །མཁའ་མཉམ་འགྲོ་བ་ཡོངས་ལ་ཁྱབ་བྱེད་ཤོག །སྒྱུ་འཕྲུལ་དྲྭ་བ་ཞི་བའི་དཀྱིལ་འཁོར་གྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་འདི་ཡང་ཤིང་རྟ་ཆེན་པོ་སངས་རྒྱས་གསང་བའི་གཞུང་ཇི་ལྟ་བ་བཞིན་དུ་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་རང་ལོ་ཞེ་བརྒྱད་པ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སྦྱར་བའི་ཐོག་མའི་ཡི་གེ་པ་ནི་སྐད་གཉིས་སྨྲ་བའི་བཤེས་གཉེན་དྷརྨ་ཤྲཱིའོ།། །།