Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་གསུམ་པ།


   
   
   
   
སྙིང་པོའི་རྒྱུད་བཀླག་ཐབས་ཀྱི་མན་ངག་ཟབ་དོན་སྣང་བ། དྷརྨཱ་ཤྲཱི།
   
   
   
   
   
   
   
   
   
   
   
   
   
   


 
previousསྙིང་པོའི་རྒྱུད་བཀླག་ཐབས་ཀྱི་མན་ངག་ཟབ་དོན་སྣང་བ། དྷརྨཱ་ཤྲཱི།next

སྙིང་པོའི་རྒྱུད་བཀླག་ཐབས་ཀྱི་མན་ངག་ཟབ་དོན་སྣང་བ། དྷརྨཱ་ཤྲཱི།

སྙིང་པོའི་རྒྱུད་བཀླག་ཐབས་ཀྱི་མན་ངག་ཟབ་དོན་སྣང་བ་བཞུགས་སོ། །ༀ་སྭ་སྟི། རིགས་བདག་དྲུག་པའི་གནས་ཐོབ་རྒྱུར་གྱུར་པའི། །བླ་མའི་ཞབས་ཀྱི་པདྨོར་ཕྱག་བྱས་ཏེ། །དང་པོའི་ལས་ཅན་རྣམས་ལ་ཉེར་མཁོ་བའི། །ཟབ་མོའི་རྒྱུད་ཀྱི་བཀླག་ཐབས་མན་ངག་བཤད། །དེ་ཡང་ཚེ་འདི་ཁོ་ན་ལ་སངས་རྒྱས་ཐོབ་པར་འདོད་པས། ཟབ་མོའི་རྒྱུད་རྣམས་ལ་རྟོགས་གོམས་ཀྱི་སྦྱོར་བས་འབད་པར་བྱ་ཞིང་། གལ་ཏེ་དེ་ཙམ་མི་ནུས་པའི་བློ་ཆུང་བདག་གིས་ཀྱང་། རྒྱུད་ལ་མོས་པའི་སྒོ་ནས་བལྟ་བ་དང་། འབྲི་བ་དང་། བཀླག་པ་སོགས་ལ་ཅི་ནས་ཀྱང་འབད་པར་བྱ་སྟེ། ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་པའི་ཕྱིར་རོ། །དེ་སྐད་དུའང་རྩ་རྒྱུད་ལས། གང་གིས་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་དང་། བཤད་རྒྱུད་རྒྱ་མཚོ་ལས། བཤད་རྒྱུད་རྒྱ་མཚོའི་རྒྱུད་ཆེན་འདི། །མོས་དང་མཐོང་དང་བྲི་བ་དང་། །བཀླག་པ་ཙམ་གྱིས་འགྲུབ་འགྱུར་ན། །རྟོགས་དང་གོམས་པའི་སྦྱོར་བ་ཡིས། །འབྲས་བུ་ཐོབ་པ་སྨོས་ཅི་དགོས། །ཞེས་གསུངས་སོ། །དེ་དག་ལས་འདིར་རེ་ཞིག་བརྒྱུད་བཀླག་པའི་མན་ངག་གི་རིམ་པ་ནི། ཐོག་མར་མཆོད་གཏོར་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། སྔོན་འགྲོ་རྒྱུད་སྦྱང་བའི་ཡན་ལག་ནི། བཛྲ་ས་མཱ་ཛཿས། ཚོགས་ཞིང་རྣམས་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་གྱུར་པ་ལ། བདག་དང་མཁའ་མཉམ་སེམས་ཅན་རྣམས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བརྗོད་ནས། ཚོགས་ཞིང་རྣམས་རང་ལ་བསྟིམ་མོ། །དེ་ནས་སྲུང་བའི་འཁོར་ལོ་བསྒོམ་པ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །རང་ཉིད་སྐད་ཅིག་དྲན་རྫོགས་སུ། །རྡོ་རྗེ་ཁྲག་འཐུང་ཀྲོ་དྷཱིར་བཅས། །ཁྲོ་གཏུམ་མི་བཟད་སྲིད་པོའི་གཟུགས། །བསྐལ་པའི་མེ་དཔུང་ཀློང་ན་གསལ། །ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུཾ། ཁྲག་འཐུང་ཡབ་ཡུམ་སྦྱོར་མཚམས་ནས། །ཁྲོ་ཚོགས་དཔག་མེད་སྤྲོས་པ་ཡིས། །གསང་སྤྱོད་ལྟ་བར་མི་དབང་བའི། །ལོག་འདྲེན་གདོན་བགེགས་མཐར་བསྐྲད་གྱུར། །ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། སླར་འདུས་ཁྲོ་བོའི་རང་བཞིན་གྱི། །རྡོ་རྗེའི་གུར་གྱུར་དེ་ཡི་ཕྱིར། །མེ་རླུང་རྒྱ་མཚོའི་ར་བས་གཏམས། །གཞོམ་མེད་སྲུང་བའི་གུར་དུ་གྱུར། བཛྲ་པཉྩ་ར་རྃ་ཡྃ་ཁྃ། དེ་ནས་སེམས་བསྐྱེད་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མའོ་ངོ་མཚར༴ རྫོགས་པའི་སངས་རྒྱས༴ འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མའོ་ངོ་མཚར༴ རྫོགས་པའི་སངས་རྒྱས༴ གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མའོ་ངོ་མཚར༴ རྫོགས་པའི་སངས་རྒྱས༴ དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ་ངོ་མཚར༴ རྫོགས་པའི་སངས་རྒྱས༴ འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །དེ་ནས་སྣོད་བཅུད་དག་པའི་འཁོར་ལོར་བསྒོམ་པ་ལ། ཐོག་མར་ཏིང་འཛིན་གསུམ་ནི། ཧཱུྃ། མི་དམིགས་ཆོས་ཉིད་དེ་བཞིན་ཉིད། །རང་བཞིན་འོད་གསལ་ཀུན་ཏུ་སྣང་། །ཨ་ཡིག་རྒྱུ་ལས་དཀྱིལ་འཁོར་འབྱུང་། །ཞེས་པའི་དོན་བསྒོམ་མོ། །དེ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། རྒྱུ་ཡི་ཡི་གེ་ཨ་དཀར་ལས། །ཨེ་ཡྃ་བྃ་ལྃ་སུྃ་རྃ་ཆད། །མཁའ་རླུང་ཆུ་ས་རི་རབ་སྟེང་། །མེ་དཀྱིལ་འཁོར་ཡུག་དབུས་སུ་བྷཱུྃ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཡོངས་གྱུར་རིན་ཆེན་གཞལ་ཡས་ཁང་། །མཚན་ཉིད་ཀུན་རྫོགས་ལྟེ་བ་རུ། །སེང་གེས་བཏེགས་པའི་རིན་ཆེན་ཁྲི། །དེ་སྟེང་པད་ཉི་ཟླ་བེར་བཅས། །རང་རིག་ཨ་དཀར་གདན་སྟེང་བབས། །དེ་ཉིད་ཧཱུྃ་ལས་རྡོ་རྗེ་གྱུར། །ཧཱུྃ་བཛྲ་དྷྲིཀྲ །འཕྲོ་འདུས་ཡོངས་གྱུར་བཅོམ་ལྡན་འདས། །རྡོར་སེམས་ཨིནྡྲ་ནཱི་ལའི་མདོག །ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་དྲིལ་དཀུར་བརྟེན་ཡུམ་ལ་འཁྱུད། །ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་ཅན། །ཐུགས་ལས་མཱུྃ་ཆད་དྲིལ་བུར་གྱུར། །མཱུྃ་དྷཱ་ཏི་ཤྭ་རཱི། ཡོངས་གྱུར་ཕང་གཡོན་དབྱིངས་ཕྱུག་སྔོ། །གཡས་པའི་དྲིལ་བུས་ཡབ་མགུལ་འཁྱུད། །གཡོན་པས་རྡོ་རྗེ་ཐུགས་ཀར་གཏོད། །བརྟུལ་ཞུགས་སྐྱིལ་མོ་ཀྲུང་གིས་འཁྲིལ། །གཉིས་ཀ་རྒྱན་ཆས་བཅུ་གསུམ་གྱིས། །རབ་བརྒྱན་ཞི་བའི་ཚུལ་དགུས་བརྗིད། །བྱེ་བ་དྲུག་ཕྲག་དྲུག་འཕྲོ་བའི། །འོད་ཟེར་ཀློང་བཞུགས་གཉིས་ཀ་ཡི། །སྲོག་གོར་རང་འདྲའི་ཡེ་ཤེས་སེམས། །དེ་ཐུགས་རང་རང་ཕྱག་མཚན་དབུས། །ཐུགས་སྲོག་དྭངས་མའི་ཡི་གེ་གསལ། །དེ་ནས་དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་ནི། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ། ཨ་དཪྴ། ས་མ་ཏཱ། པྲ་ཏྱཱ་བེཀྵ་ཎཱ། ཀྲྀ་ཏྱཱ་ནུཥྛཱ་ན་རྣམས་ལ་སྦྱར་བའི་སྔགས་ཚན་ལྔ་དང་། ཡེ་ཤེས་ལྔ་ཡི་བདུད་རྩིའི་ཆུས། །དབང་བསྐུར་རིགས་ལྔས་དབུ་བརྒྱན་གྱུར། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། དེ་བཞིན་དུ། ཝཱ་ཀ་དང་ཙིཏྟ་ལའང་སྦྱར་བས། སྤྱི་མགྲིན་སྙིང་གའི་གནས་གསུམ་དུ། །བྱིན་བརླབས་རྡོ་རྗེ་གསུམ་དུ་གསལ། །དེ་ནས་སྤྱན་དྲངས་ཤིང་བསྟིམ་པ་ནི། རང་གི་ཐུགས་སྲོག་ཧཱུཾ་ཡིག་ལས། །འོད་འཕྲོས་ཡེ་ཤེས་འཁོར་ལོ་དབབ། །ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་པས། ༀ་ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎཱི་ཀ་དྲི་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་སྙན་གསན་དབབ། རང་གི་ཐུགས་ཀ་ནས་འཕྲོས་པའི། །ཛཿཧཱུྃ་བཾ་ཧོཿས་སྤྱན་དྲངས་ནས། མདུན་མཁར་དམ་ཚིག་འཁོར་ལོ་དང་། །མེ་རི་འདབ་འབྱོར་ཚུལ་གྱིས་བཞུགས། །ཛཿ་ཧཱུྃ་བཾ་ཧོཿ ཞེས་ཕྱག་རྒྱ་དང་བཅས་ཏེ་སྤྱན་དྲང་ངོ་། །ༀ་བཛྲ་ས་མ་ཡ་ༀ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་རིག་པའི་མེ་ཏོག་དོར་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་གཉིས་སུ་མེད་པར་བསམ། དངོས་གྲུབ་བསྐུལ་བ་ནི། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོ་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་ཧཱུྃ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧོཿ ཛཿཧཱུྃ་བཾ་ཧོཿ ཞེས་རྒྱ་བཞིས། ཆུ་ལ་ཆུ་བཞག་ཇི་བཞིན་དུ། །དམ་ཚིག་ཡེ་ཤེས་གཉིས་མེད་གྱུར། །སྐབས་འདིར་སྤྲོ་ན་མཆོད་བསྟོད་སོགས་བྱས་པས་ཆོག་ལ། མ་བྱས་ཀྱང་མི་འགལ་ལོ། །དེ་ནས། ཡང་དག་དོན་གྱི་སྙིང་པོ་ནི། །ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང་། །གང་ནས་བཙལ་ཀྱང་མི་རྙེད་པས། །རང་རིག་དྲི་མེད་དག་པ་ཡིན། །དེ་ལ་རྟག་ཏུ་མོས་པ་ནི། །བསྙེན་པའི་དམ་པ་མཆོག་ཡིན་ནོ། །སེམས་ཉིད་ཐེག་པར་རབ་མོས་ན། །སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པ། །ད་ལྟ་ཉིད་དུ་མངོན་གྱུར་ཅིག །ཅེས་བརྗོད་ནས་བཟླས་པ་ལ་འཇུག་སྟེ། བདག་ཉིད་དམ་ཚིག་སེམས་དཔའ་ལས། །ཡེ་ཤེས་འཁོར་ལོ་མདུན་དུ་དབྱེ། །གཉིས་ཀའི་ཐུགས་སྲོག་ཡི་གེའི་མཐར། །སྔགས་ཕྲེང་གཡས་སུ་འཁོར་བ་ལས། །འོད་ཟེར་འགལ་མེའི་འཁོར་ལོ་ལྟར། །ཕར་འཕྲོས་མཆོད་ཅིང་ཚུར་བྱུང་བའི། །ཡེ་ཤེས་འོད་ཟེར་བདག་ལ་ཐིམ། །དེ་ལྟར་དམིགས་ལ་བཟླ་བྱའི་སྔགས་ནི། ཧཱུྃ་བཛྲ་དྷྲིཀ྄། མཱུྃ་དྷཱ་ཏི་ཤྭ་རཱི། ཞེས་ཡབ་ཡུམ་གྱི་སྔགས་དང་། ཞི་བའི་སྤྱི་སྔགས་བོ་དྷི་ཙིཏྟའང་ཅི་རིགས་པ་བཟླས་པའི་མཐར། ཛཿཧཱུྃ་བྃ་ཧོཿ ཞེས་ཕྱག་རྒྱ་དང་བཅས་པས་སླར་ཡང་དམ་ཡེ་དབྱེར་མེད་དུ་བྱའོ། །དེ་ནས་སྐབས་འདིར་རྒྱུན་གཏོར་བསྔོ་བ་ནི། །རྃ་ཡྃ་ཁྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས། །དཔག་ཡས་ནམ་མཁའ་གང་བར་གྱུར། །ན་མསྶ་མནྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ༀ་ཤྲཱི་བཛྲ་རཱ་ག་དྷུ་པེ་དྷུ། དེ་བཞིན་སྦྱར་བས། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན་དང་། ༀ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ༀ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏི་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ༀ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ། ཞེས་པས་བྱིན་གྱིས་བརླབ་ནས། མཆོད་ཡུལ་རྣམས། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲི་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་སྤྱན་དྲངས་ལ། ན་མ སྶརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པས་ཀུན་བཟང་། ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མསྶ་མནྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ཞེས་པས་ཞབས་བསིལ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ༀ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། ༀ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ༀ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ཞེས་པས་བཞི་བསྣོལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་པས་སྨན་རཀ་དབུལ་ཞིང་། གཏོར་མ་ནི། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ནས་གསོལ་བར་བསམ་ལ། ༀ་གུ་རུ་མཎྜ་ལ་དེ་ཝ་ག་ཎ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་བླ་མ་ཡི་དམ་སྤྱི་དང་། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿཨི་དཾ་སོགས་དང་། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨི་དཾ་སོགས་ཀྱིས་ཞི་ཁྲོ་ལ་སྒོས་སུ་འབུལ། དེ་ནས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེར་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་འདོད་དོན་གསོལ། དེ་ནས་ཆོས་སྐྱོང་དང་གཞི་བདག་གི་གཏོར་མ་སོགས་སོ་སོའི་གཞུང་བཞིན་དུ་བྱའོ། ༈ །དེ་ནས་རྒྱུད་བཀླག་པའི་མན་ངག་དངོས་ནི། རང་གི་ལྕེ་ཡི་འདོམ་རྩའི་དབུས། །བྷྲཱུྃ་ལས་འཁོར་ལོ་རྩིབས་བཞི་པ། །གྲུ་བཞི་སྒོ་ལྡན་གཞལ་ཡས་ཁང་། །ལྟེ་བ་རྩིབས་སྟེང་པདྨ་དང་། །ཉི་ཟླ་སྒོ་བཞིར་ཉི་མའི་གདན། །དབུས་སུ་ཧྲཱིཿཡིག་ཡོངས་གྱུར་ལས། །སྣང་མཐའ་གོས་དཀར་མ་དང་སྦྱོར། །རྩིབས་བཞིར་ཤར་ནས་རིམ་པ་བཞིན། །ཧྲཱིཿཡིག་ཟུང་རེ་ཞུ་བ་ལས། །རྡོ་རྗེ་ཆོས་དང་པི་ཝང་མ། །རྡོ་རྗེ་རྣོན་པོ་མེ་སྒྲོན་དང་། །རྡོ་རྗེ་འཁོར་ལོ་ལྕགས་སྒྲོག་སྟེ། །རྡོ་རྗེ་སྨྲ་བ་གསལ་བཀྲར་བཅས། །ཀུན་ཀྱང་མཉམ་སྦྱོར་པད་རག་མདོག །སྒོ་བཞིར་རང་རང་ས་བོན་ལས། །གཤིན་རྗེ་གཤེད་དང་སྟོབས་པོ་ཆེ། །རྟ་མགྲིན་བདུད་རྩི་འཁྱིལ་བ་བཞི། །ལྕགས་ཀྱུ་མ་སོགས་ཡུམ་དང་འཁྲིལ། །དེ་ནས། ༀ་མ་ཧཱ་པྲ་ཏྱཱ་བེཀྵ་ཎཱ་དང་པོར་བྱས་པའི། ཨ་དཪྴ༴ ས་མ་ཏཱ༴ ཤུ་ནྱ་ཏཱ༴ ཀྲྀ་ཏྱ་ནུ་ཥྛ་ན་རྣམས་ལ་འགྲེས་སྦྱར་བའི་སྔགས་ཚན་ལྔས་དབང་བསྐུར། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སོགས་གསུམ་གྱིས་བྱིན་གྱིས་བརླབ། བཛྲ་ས་མ་ཛཿ ས་སྙན་གསན་དབབ། ༀ་ཨེ་ཧྱེ་ཧིས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་གྱིས་བརྟན་པར་བྱ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད་ནས། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་བསྐུལ་ཏེ། ལྷ་ཚོགས་ཡབ་ཡུམ་རྣམས་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས་རང་ལ་ཐིམ། དེའི་རྐྱེན་གྱིས་རང་ཡང་འོད་དུ་ཞུ་བའི་འོད་ཕུང་དམར་པོ་ལས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་སྣང་བ་མཐའ་ཡས་ཀྱི་སྐུར་གྱུར་པའི་ང་རྒྱལ་དང་བཅས་ཏེ། གང་དག་རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱི། །ཉན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ཅེས་ལྷ་དང་རིག་པ་འཛིན་པ་སོགས་དང་དད་པས་ཆོས་ཀྱི་གཏམ་ཉན་པར་འདོད་པ་རྣམས་བསྡུས་ཏེ། སྒོ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོ་ལས་མི་འདའ་བའི་སྒོ་ནས་རྒྱུད་བཀླག་པར་བྱའོ། །ཚུལ་འདི་ནི་རྒྱུད་ལས། སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། །ཞེས་སོགས་འཆད་དབང་གི་བསམ་རྒྱུད་དུ་གསུངས་པའི་རིག་པ་སྦྱར་བ་སྟེ། གསང་འདུས་ལས་ཀྱང་། མདོ་དོན་ཆོ་གའི་རིམ་པ་ལ། རྟག་པར་རྡོ་རྗེ་ཆོས་སུ་བྱ། །ཞེས་གསུངས་པ་དང་ཡང་གནད་གཅིག་གོ། །གཞན་དུ་ན་ཐོག་མ་ནས་སྲུང་འཁོར་གྱི་རྗེས་སུ། རྒྱུ་ཏིང་ངེ་འཛིན་གསུམ་ལས་འབྲས་བུ་པདྨ་རིགས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བསྐྱེད་དེ། ཆོ་གའི་བྱ་བ་གཞན་རྣམས་ཆིངས་སྔར་ལྟར་ལས། གཏོར་འབུལ་ཐོན་ནས་རྒྱུད་ཉན་པར་བསྐུལ་བ་ལ་འཇུག་སྟེ། འདི་ཡང་གོང་མ་དང་གནད་གཅིག་པ་ཡིན་ནོ། །ཡང་རྣམ་པ་གཅིག་ཏུ། སྔོན་བྱུང་ཇི་ལྟ་བ་བཞིན་དུ་བགྱིས་ཀྱང་མི་འགལ་བར་སེམས་ཏེ། དེའི་ཚུལ་ནི། ཐུབ་པ་དྲུག་མ་གཏོགས་པ་རང་སྣང་ཞི་བའི་དཀྱིལ་འཁོར་སུམ་ཅུ་རྩ་དྲུག་གི་རྟེན་དང་བརྟེན་པར་བཅས་པ་དྲྭ་བའི་གཞུང་ལྟར་ལས། གཙོ་བོ་གོ་འཕོ་སྟེ། ཐལ་བ་ལས། འཁོར་ལོའི་ལྟེ་བར་མི་འཇིགས་ཏེ། །བདག་པོ་ཀུན་བཟང་འཁོར་རྣམས་ལ། །ཀུན་འབྱུང་སྒྱུ་འཕྲུལ་སྟོན་པའི་ཚེ། །མི་བསྐྱོད་རྒྱལ་པོ་མདུན་ན་གནས། །ཞེས་གསུངས་པས། དབུས་ཀྱི་ཁྲིར་ཀུན་བཟང་ཡབ་ཡུམ་བཞུགས་པའི་མདུན་ན་མི་བསྐྱོད་པ་ཡབ་ཡུམ་བཀའ་སྡོད་ཀྱི་ཚུལ་དུ་བཞུགས་པ་དང་། ཐུབ་པ་དྲུག་གི་སྟོན་པའི་ཐུགས་ལས་སྤྲོས་ཏེ་རང་རང་གི་གདུལ་ཞིང་རིགས་དྲུག་གི་གནས་རིགས་སོ་སོར་འགྲོ་བའི་དོན་མཛད་པ་དང་། ཁྲོ་བོའི་དཀྱིལ་འཁོར་ནི། གདུལ་དཀའ་དྲག་པོ་འདུལ་བར་བྱ་བའི་ཕྱིར་ཞི་བ་ཉིད་ཁྲོ་བོར་སྣང་བར་མཛད་པ་སྟེ། དེ་ལྟར་མོས་པའི་སྒོ་ནས་རྒྱུད་བཀླག་པར་བྱ་ཞིང་། མཐར་རྒྱུད་ཀྱི་མཇུག་ཏུ། སྐུ་གསུང་ཐུགས་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་སོ། །ཞེས་རྒྱུད་རྫོགས་ནས་མཛད་པ་ཆོས་ཉིད་དུ་བཞུགས་ཚུལ་གྱི་ཚིག་ཕྱིར་སེམས་གཞོལ་ཏེ་མཉམ་པར་འཇོག་པ་ལས། དཀྱིལ་འཁོར་ལ་ཉེར་བསྡུ་སོགས་སྤྲོས་པའི་ཆོ་ག་གཞན་བྱ་མི་དགོས་ལ། འོན་ཀྱང་སྲུང་མའི་གཏོར་འབུལ་དང་། མཐར་ཤིག་བརྗོད་དང་བསྔོ་སྨོན་སོགས་འོག་ནས་འབྱུང་བ་ལྟར་བགྱིས་ཀྱང་མི་འགལ་ལོ། །འདོན་ཐབས་ཀྱི་མན་ངག་སྔ་མ་ཉིད་ཀྱི་དབང་དུ་བྱས་ན། རྒྱུད་རྫོགས་པའི་རྗེས་སུ། སྲུང་མའི་གཏོར་མ་གཤེགས། སླར་ཡང་མཆོད་ཅིང་བསྟོད་ནས། ཡིག་བརྒྱ་དང་། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་ལྷག་ཆད་ཁ་གསོ། ༀ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿས་ཡེ་ཤེས་ཀྱི་འཁོར་ལོ་དང་། གཏོར་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སྣོད་བཅུད་འོད་ཞུ་དམ་ཚིག་འཁོར་ལོ་ལ། །རིམ་བཞིན་ཐུགས་སྲོག་ནཱ་དའི་བར་དུ་བསྡུ། །ཧཱུྃ་བཛྲ་དྷྲིཀ྄ །དེ་ལས་སླར་ཡང་སྐད་ཅིག་དྲན་རྫོགས་སུ། །མི་བསྐྱོད་སྣང་སྟོང་སྒྱུ་མའི་སྐུ་རུ་ལྡང་། །དེ་ཡི་གནས་གསུམ་ༀ་དང་ཨཱཿཧཱུྃ་ལས། །སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་བཅིངས། །རྒྱ་གྲམ་གྱི་ཕྱག་རྒྱ་སྤྱི་བོར་བཞག་སྟེ། བཛྲ་རཀྵ་ཧཾ། སྤྱི་བོའི་ཧཾ་ཞུ་རྡོ་རྗེའི་འོད་ཟེར་གྱིས། །རང་ལུས་ཀུན་ཁྱབ་རྡོ་རྗེའི་གོ་ཆར་གྱུར། །དེ་ནས་བསྔོ་བ་དང་ཤིས་བརྗོད་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །ཞེས་སོགས་དོང་སྤྲུགས་ལྟར་དང་། ཕུན་སུམ་ཚོགས་པ་ལ་སོགས་པའི་བཀྲ་ཤིས་ཅི་རིགས་ཀྱང་རྒྱ་ཆེར་བརྗོད་པར་བྱའོ། །སྒོ་གསུམ་ལྷ་སྔགས་ཏིང་འཛིན་རོལ་པ་ཡི། །རྣལ་འབྱོར་ངང་ནས་གསང་ཆེན་ཟབ་མོའི་རྒྱུད། །འཆད་དང་ཉན་ནམ་འབྲི་ཀློག་འཆང་རྣམས་ལ། །རྡོ་རྗེ་འཛིན་རྣམས་ལྷག་པར་གཟིགས་པར་འགྱུར། །དེ་སྐད་བཀའ་དྲིན་མཉམ་མེད་ཆོས་ཀྱི་རྗེའི། །བཀའ་ཡི་གནང་བ་ཐོབ་ནས་རྗེ་བཙུན་དེའི། །བཀའ་འབངས་ཆར་གཏོགས་དྷརྨཱས་ཟིན་བྲིས་སུ། །སྤེལ་བའི་དགེ་བའང་འགྲོ་ཕན་རྒྱུ་རུ་བསྔོ། །དགེའོ།། །།


previousསྙིང་པོའི་རྒྱུད་བཀླག་ཐབས་ཀྱི་མན་ངག་ཟབ་དོན་སྣང་བ། དྷརྨཱ་ཤྲཱི།next