Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
དཔལ་གསང་བ་སྙིང་པོའི་བརྒྱུད་པ་རིན་པོ་ཆེར་གསོལ་སྨོན་ཀུ་མུད་ཕྲེང་བ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།
   
   
   
   


 
previousདཔལ་གསང་བ་སྙིང་པོའི་བརྒྱུད་པ་རིན་པོ་ཆེར་གསོལ་སྨོན་ཀུ་མུད་ཕྲེང་བ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།next

དཔལ་གསང་བ་སྙིང་པོའི་བརྒྱུད་པ་རིན་པོ་ཆེར་གསོལ་སྨོན་ཀུ་མུད་ཕྲེང་བ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།

དཔལ་གསང་བ་སྙིང་པོའི་བརྒྱུད་པ་རིན་པོ་ཆེར་གསོལ་སྨོན་ཀུ་མུད་ཕྲེང་བ་བཞུགས་སོ། །ཨེ་ཝཾ་རང་བཞིན་རྡོ་རྗེ་དྲིལ་བུ་འཆང་། །སྒྱུ་མའི་རང་བཞིན་རོལ་པའི་གར་གྱིས་སྒེགས། །བདེ་སྟོང་རང་བཞིན་ཁ་སྦྱོར་བདུན་གྱིས་བདག །ལྷན་སྐྱེས་རང་བཞིན་རྡོ་རྗེ་སེམས་དཔའ་རྒྱལ། །གསང་བའི་བདག་པོ་རིགས་ཅན་དྲྭ་མ་ལྔ། །ལུང་བསྟན་རྡོ་རྗེ་ཀུ་ཀུ་རཱ་ཛའི་ཞབས། །ཤཱཀྱ་སུ་ཏྲི་ས་བརྒྱད་སེམས་མ་ལ། །གསོལ་འདེབས་ཕྱག་འཚལ་བྱིན་རླབས་དངོས་གྲུབ་སྩོལ། །རྡོ་རྗེ་ཡོན་ཏན་གཟུངས་དང་ཧཱུཾ་ཀ་ར། །པྲ་བྷ་ཧ་སྟི་སངས་རྒྱས་གསང་བའི་ཞབས། །སློབ་དཔོན་པདྨ་པཎ་ཆེན་བི་མ་ལར། །གསོལ་འདེབས་ཕྱག་འཚལ་བྱིན་རླབས་དངོས་གྲུབ་སྩོལ། །རིན་ཆེན་མཆོག་དང་གྱེ་རེ་མཆོག་སྐྱོང་བ། །རྒྱལ་བ་ཡོན་ཏན་གནུབས་ཆེན་རིན་པོ་ཆེ། །ཡོན་ཏན་རྒྱ་མཚོ་ཡེ་ཤེས་རྒྱ་མཚོ་ལ། །གསོལ་འདེབས་ཕྱག་འཚལ་བྱིན་རླབས་དངོས་གྲུབ་སྩོལ། །བློ་གྲོས་བྱང་ཆུབ་བདེ་གཤེགས་ཟུར་པོ་ཆེ། །ཤེས་རབ་གྲགས་པ་གསང་བདག་སྒྲོ་ཕུག་པ། །རྫོགས་ཆེན་པར་གྲགས་བླ་མ་རིན་པོ་ཆེ། །གསོལ་འདེབས་ཕྱག་འཚལ་བྱིན་རླབས་དངོས་གྲུབ་སྩོལ། ༈ །སྐུ་གསུམ་མངོན་དུ་གྱུར་པའི་ཀཿཐོག་པ། །དེ་སྲས་ས་བཅུའི་དབང་ཕྱུག་གཙང་སྟོན་ཞབས། །ཐུགས་རྗེ་མཚུངས་མེད་བྱམས་པ་འབུམ་པ་ལ། །གསོལ་འདེབས་ཕྱག་འཚལ་བྱིན་རླབས་དངོས་གྲུབ་སྩོལ། །ནམ་མཁའ་རྡོ་རྗེ་ཐུགས་རྗེ་ཡེ་ཤེས་དང་། །སྟོན་པ་དབང་འབྱོར་རྗེ་བཙུན་དཔལ་འབར་བ། །མགོན་པོ་རྒྱལ་མཚན་ཚུལ་ཁྲིམས་རྒྱལ་མཚན་ལ། །གསོལ་འདེབས་ཕྱག་འཚལ་བྱིན་རླབས་དངོས་གྲུབ་སྩོལ། །དྷརྨ་ཀླ་ཀྵ་ཡེ་ཤེས་རྒྱལ་མཚན་རྗེ། །ནམ་མཁའ་རྒྱལ་མཚན་མཚུངས་མེད་ནམ་མཁའ་དཔལ། ནམ་མཁའ་རྒྱ་མཚོ་ཆོས་ཀྱི་དབང་པོ་ལ། །གསོལ་འདེབས་ཕྱག་འཚལ་བྱིན་རླབས་དངོས་གྲུབ་སྩོལ། །བསོད་ནམས་རྡོ་རྗེ་ཧེ་པ་ཆོས་འབྱུང་དང་། །ཤཱཀྱ་བཀྲ་ཤིས་རིན་ཆེན་རྡོ་རྗེའི་ཞབས། །སངས་རྒྱས་བཀྲ་ཤིས་ཤཱཀྱ་ཚེ་རིང་ལ། །གསོལ་འདེབས་ཕྱག་འཚལ་བྱིན་རླབས་དངོས་གྲུབ་སྩོལ། །ཨུ་རྒྱན་ཕུན་ཚོགས་ཐུགས་ཀྱི་རྡོ་རྗེ་བ། །བློ་གྲོས་ཆེན་པོ་རྗེ་བཙུན་བླ་མའི་ཞབས། །དཔལ་ལྡན་རྡོར་སེམས་དཀྱིལ་འཁོར་དབང་ཕྱུག་དངོས། །གསོལ་འདེབས་ཕྱག་འཚལ་བྱིན་རླབས་དངོས་གྲུབ་སྩོལ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །དམ་པོའི་མཛོད་འཆང་ཀུན་བཟང་དགོངས་པའི་རྩལ། །མངོན་རྫོགས་དུས་གསུམ་སྒྱུ་འཕྲུལ་བླ་མ་ལ། །གསོལ་འདེབས་ཕྱག་འཚལ་བྱིན་རླབས་དངོས་གྲུབ་སྩོལ། །ལྷུན་སྡུག་ཞི་ཚུལ་སྒྱུ་འཕྲུལ་དྲྭ་བ་དང་། །རབ་འབར་དཔལ་ཆེན་ཁྲག་འཐུང་འཁོར་ལོའི་ལྷ། །གནས་ཡུལ་ཌཱཀྐི་མ་མགོན་བསྟན་སྲུང་ལ། །གསོལ་འདེབས་ཕྱག་འཚལ་བྱིན་རླབས་དངོས་གྲུབ་སྩོལ། །བཀའ་རྒྱུད་རྣམས་ལ་གསོལ་བ་བཏབ་པ་ཡིས། །བདག་ཅག་སློབ་འབངས་འཁོར་བཅས་མ་ལུས་ཀུན། །ཕྱི་ཡིས་གཡེང་བས་བར་དུ་མི་ཆོད་ཅིང་། །ལྟ་སྤྱོད་ཏིང་འཛིན་སྒོམ་པ་རོ་མཉམ་ཤོག །འདི་ལས་ཕྱི་མ་རང་ལས་གཞན་གྱི་དོན། །གཙོ་ཆེར་ཤེས་ནས་རྨད་བྱུང་བྱང་ཆུབ་ཀྱི། །སྤྱོད་པ་སློབ་ཅིང་དཔལ་ལྡན་བླ་མ་ལས། །རྣམ་དག་དབང་བཞིས་བདག་རྒྱུད་སྨིན་པར་ཤོག །རྟོགས་བྱ་གཞི་རྒྱུད་དཔལ་ལྡན་གསང་བ་སྙིང་། །འཆིང་གྲལ་མེད་པའི་གནས་ལུགས་གདོད་མའི་གཤིས། །བདེན་པ་དབྱེར་མེད་རྟོགས་བྱེད་ཐབས་མཆོག་ལམ། །ལུང་གི་སྤྱི་རྒྱུད་ཆེན་པོ་གཏན་འབེབས་ཤོག །ཤེས་རབ་གསུམ་གྱིས་སེམས་ལ་ལེགས་བསྐྱེད་དེ། །ཐབས་ཀྱིས་ངེས་དང་ཤེས་རབ་རྣམ་གྲོལ་ལམ། །ཤེས་འཇུག་རིམ་དང་ཅིག་ཆར་དབང་པོ་བཞིན། །རྟོགས་གོམས་ལམ་གྱུར་རིག་འཛིན་བཞི་འགྲུབ་ཤོག །ལམ་གྱི་ཆ་རྐྱེན་ལྟ་སྤྱོད་དཀྱིལ་འཁོར་དབང་། །དམ་ཚིག་ཕྲིན་སྒྲུབ་ཏིང་འཛིན་མཆོད་སྔགས་རྒྱ། །རྒྱུད་ཀྱི་དངོས་པོ་བཅུ་ལ་ལེགས་མཁས་ཤིང་། །བསྐྱེད་རྫོགས་རིམ་གཉིས་མཐའ་རུ་ཕྱིན་པར་ཤོག །གྲུབ་པ་མཐར་ཕྱིན་འབྲས་ཆོས་ཉེར་ལྔའི་བདག །དང་པོའི་སངས་རྒྱས་ཐུགས་ཀྱི་ཐིག་ལེ་ལས། །བགྲང་ཡས་འགྲོ་ལ་མཁའ་ཁྱབ་སྤྲུལ་པའི་ཉི། །ཕུན་ཚོགས་ཕན་བདེའི་འོད་སྟོང་རྒྱས་པར་ཤོག །ཅེས་པའང་ཆོས་ཀྱི་རྒྱ་མཚོས་འཇུག་པ་བདེ་བའི་ཕྱིར་བཀོད་པའོ། །དགེ་ལེགས་འཕེལ།།


previousདཔལ་གསང་བ་སྙིང་པོའི་བརྒྱུད་པ་རིན་པོ་ཆེར་གསོལ་སྨོན་ཀུ་མུད་ཕྲེང་བ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།next