སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་དཀྱིལ་འཁོར་ལ་བརྟེན་པའི་ཞི་བའི་སྦྱིན་སྲེག་བསྙེན་པའི་ཁ་སྐོང་གི་ཆེད་དུ་བྱས་པ་ཉི་མའི་འོད་ཟེར། པདྨ་བཛྲ།

སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་དཀྱིལ་འཁོར་ལ་བརྟེན་པའི་ཞི་བའི་སྦྱིན་སྲེག་བསྙེན་པའི་ཁ་སྐོང་གི་ཆེད་དུ་བྱས་པ་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདིར་སྒྱུ་འཕྲུལ་ཁྲོ་བོའི་སྦྱིན་སྲེག་གི་ཆོ་ག་བཀླག་ཆོག་མར་བཀོད་པ། ལོ་ཆེན་རིན་པོ་ཆེའི་གསུང་སོར་བཞག་ལས། མདུན་དཀྱིལ་དང་མ་འབྲེལ་བ་བསྙེན་པའི་ཁ་སྐོང་སོགས་ཀྱི་ཆེད་དུ་ཞི་བའི་སྲེགས་བླུགས་ཀྱི་ཁ་བསྒྱུར་ཅུང་ཟད་བགྱིས་ཏེ་བྲིའོ། །དེ་ལ་ཐོག་མར་བཅས་བཤོམས་ནི། ཐབ་སྟེགས་གྲུ་བཞིར་རྒྱར་ཁྲུ་དོ་དང་དཔངས་ཁྲུ་ཕྱེད་པའི་ཁར་དྲི་དཀར་པོ་དང་བ་བྱུང་གི་ཆག་ཆག་བཏབ། དེའི་ངོས་ཀྱི་མཐའ་ནས་ཟླུམ་སྐོར་གྱི་མུ་ཁྱུད་ནག་པོ་ལ་ཧཱུྃ་ཡིག་དང་སེང་མགོ་སྤེལ་བའི་ནང་དུ་འཁོར་ལོ་དཀར་པོ་རྩིབས་བཞི་པ་བྲི། དེའི་ལྟེ་བར་ཐབ་ཁུང་བརྩིག་ན་རྒྱར་ཁྲུ་གང་དང་དཔངས་སུ་ཁྲུ་ཕྱེད་ཟླུམ་པོར་བསླང་བའི་སྟེང་ནས་ཕྱིར་འགྱེད་པའི་སོར་བཞིའི་ཚད་ཅན་གྱི་ཁ་ཁྱེར་བང་རིམ་གསུམ་པ་ནང་ནས་རིམ་པར་འཁོར་ལོ་ལྕགས་ཀྱུ་འོད་ཕྲེང་གིས་བསྐོར་བའི་དབུས་སུ་སྲབ་འཐུག་སོར་གང་ཙམ་པའི་ཐབ་མཚན་འཁོར་ལོ་ཧཱུྃ་ཡིག་གིས་མཚན་པ་སྟེ། ཐམས་ཅད་ཀྱང་ཚོན་དཀར་པོས་བྲི་བར་བྱའོ། །གང་ལྟར་ཡང་འོ་མ་ཅན་གྱི་ཤིང་རྩེ་མོའི་ཆ་ལས་བྱུང་བའམ། དགོན་པའི་བ་ལྕི་སྐམ་པོ་སྲོག་ཆགས་མེད་པས་ཐབ་ནང་དུ་ཐབ་ལས་ཅུང་ཟད་དམའ་བའི་ཟླུམ་པོར་བརྩིགས་པའི་ཤར་ལྷོར་མེ་ཚང་བཅའ། སྟེགས་བུའི་གྲར་མདའ་བཞི་བཙུགས་པ་སྲད་བུ་དཀར་པོ་བསྣོལ་མར་བྲན་ཅིང་སྟེང་ནས་མེ་དར་དཀར་པོ་དགབ། སྟེགས་བུའི་ཤར་ལྷོའི་ཟུར་དུ་མདའ་དར་དམར་པོ་གཟུག །ཐབ་ཀྱི་མདུན་དུ་སྟན་དཀར་ཞིང་འཇམ་པ་དང་། དེའི་གཡས་གཡོན་དུ་ཁྲུ་གང་བའི་ཚད་ཀྱིས་རྫས་སྟེགས་དང་མཆོད་སྟེགས་དཀར་པོ་སྟེ་གསུམ་ཀ་ལ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་རེ་བྲི། སྟན་གྱི་མདུན་དུ་ཞེང་མཐོ་གང་དང་དཔངས་སློབ་དཔོན་གྱི་སྐེད་པ་ཙམ་སླེབ་པའི་མེ་ཡོལ་གངས་རི་བྲིས་པ་བཞག །གཡས་ཕྱོགས་རྫས་སྟེགས་ཀྱི་པདྨའི་ལྟེ་བར་བ་ལས་བྱུང་བའི་མར་ཁུ་དགང་བླུགས་ཀྱི་གཟར་བུ་ཁ་སྦྱར་བ་དང་བཅས་པ། མདུན་གྱི་འདབ་མར་འོ་མ་ཅན་གྱི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་མཐོ་གང་བརྩེ་གཉིས་མར་ཁུས་ཉུག་པ། པད་འདབ་ལྷག་མ་བདུན་ལ། ཏིལ་དཀར། མངར་གསུམ། ནས་དཀར། འབྲས་དཀར་གྱི་ཆན་སོགས་ཁ་ཟས་དཀར་པོ་དང་། ཙནྡན་དཀར་པོ་སོགས་དྲི་དཀར་པོའི་རིགས་དང་། ཙམ་པ་ཀ་སོགས་མེ་ཏོག་དཀར་པོའི་རིགས་ཏེ་ཐམས་ཅད་རང་བཞིན་ནམ་བཅོས་པས་དཀར་བ་འདས་མ་འདས་ཀྱི་ཁྱད་པར་གྱི་ཕྱི་ནང་ཉིས་རིམ་དང་ཐུགས་དམ་བསྐུལ་བའི་རྫས་ཡུངས་ཀར་རྣམས་རིན་པོ་ཆེ་དཀར་པོའི་སྣོད་དུ་བཤམ། གཡོན་ཕྱོགས་མཆོད་སྟེགས་ཀྱི་པདྨའི་ལྟེ་བར། འོ་མ། འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་བསྲེས་པའི་མར་དཀར་གྱི་འདས་གཏོར་ཟླུམ་པོ་རིལ་བུ་དྲུག་གིས་བསྐོར་བ་མཉྫིའི་སྟེང་བཀོད་པའི་མདུན་དུ་རྒྱུ་དེ་ལས་འཇིག་རྟེན་པའི་གཏོར་མ་དཀར་ཟླུམ། བདུན་གྱི་པད་འདབ་ལ་རྡོར་དྲིལ། དེ་ཡི་གཡས་གཡོན་གྱི་འདབ་མར་སྨན་རཀ །པད་འདབ་ལྷག་མ་ལྔ་ལ་ཞབས་བསིལ་དང་བཞི་བསྣོལ་གྱི་མཆོད་རྫས་རང་བཞིན་ནམ་བཅོས་པས་དཀར་བ་གཡས་བསྐོར་དུ་བཤམས་ཤིང་ལས་བུམ་ཀྱང་ཅི་བདེར་བཞག་གོ། །དེ་ལྟར་ཤོམས་ཟིན་ནས་ཆོ་ག་ནི། སློབ་དཔོན་ཆས་གོས་དང་རིན་པོ་ཆེའི་རྒྱན་དཀར་པོས་བརྒྱན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་ཤིས་པའི་ཕྱོགས་སུ་ཁ་བལྟས་པས་འདུག་ནས། དོན་གྱི་སེམས་ཆོས་ཐམས་ཅད་ཀྱི་གཤིས་ལུགས་ལྷག་པ་བདེན་པ་དབྱེར་མེད་ཀྱི་ལྟ་བ་རྟོགས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྡན་པས། ཀུན་སློང་སྟོངས་ཀྱི་སེམས་རང་གཞན་གྱི་གནོད་སྡིག་སེལ་བར་འདོད་པའི་སེམས་ཞི་ཞིང་དང་བའི་སྒོ་ནས། ངག་སྔགས་རྣམས་ཕྲ་ཞིང་ཞིབ་ལ་རྒྱུན་མི་ཆད་པར་བཟླ་བའི་ཚུལ་གྱིས་ཆོ་གའི་ལས་ལ་འཇུག་སྟེ། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཞེས་པས་རང་ཉིད་བུདྡྷ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་དུ་འཁོད་དེ་སྦྱིན་སྲེག་གི་ལས་རིིམ་ལ་འཇུག་པར་མོས་པས། རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་པ་བརྟན་པར་བྱས་ལ། ༀ་མ་ཧཱ་བཛྲ་ཧཱུྃ། ཞེས་པས་རྡོ་རྗེ་གསོར་ཞིང་ཐུགས་ཀར་འཛིན། ༀ་བཛྲ་གྷཎྜེ་ཨ། དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་དྲན་པར་བྱའོ། །དེ་ནས་ཕྱི་མཆོད་རྣམས་སྒྲུབ་ཐབས་ལྟར་བརླབ་ཅིང་། སྨན་རཀ་གཉིས་སྔགས་ཙམ་གྱིས་བྱིན་གྱིས་བརླབ་བོ། །ལས་གཏོར་དང་སྲེག་རྫས་རྣམས་ལ་ལས་བུམ་གྱི་ཆུ་འཐོར་ཞིང་། ཧཱུྃ་བིགྷྣཱནྟ་ཀྲྀཏ་ཕཊ་དང་། སྭ་བྷཱ་ཝས་བསང་སྦྱང་། སྟོང་པའི་ངང་ལས་མ་དང་ཨ་ལས་ཉི་ཟླའི་གྭའུའི་སྣོད་དུ་རང་གི་ཐུགས་ཀ་ནས་གཏོར་མའི་གནས་སུ་འབྲུ་གསུམ་དང་སྲེག་རྫས་ཀྱི་གནས་སུ་ཧཱུྃ་ལྔ་སྤྲོས་ཏེ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཞི་བའི་ལས་གཏོར་རིན་པོ་ཆེའི་མཆོད་སྡོང་འོད་ཟེར་དཀར་པོ་འཕྲོ་བ་དང་། སྲེག་རྫས་རྣམས་རོ་བརྒྱ་ལྡན་པའི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ནམ་མཁའ་གང་བས་ཞི་བའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་ལ། ༀ་ཨཱཿཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བཟླས་པས་བྱིན་གྱིས་བརླབ། དེ་ནས་ཐབ་བསང་སྦྱངས། སྟོང་པའི་ངང་ལས་མདུན་དུ་བྷྲཱུྃ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་འཁོར་ལོའི་ལྟེ་བ་ལ་གནས་པའི་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་པ་ཁ་ཁྱེར་བང་རིམ་གསུམ་དང་ལྡན་པ་འོད་ཟེར་དཀར་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པའི་ཡེ་ཤེས་ཀྱི་མེ་འོད་དཀར་པོ་འབར་བར་བསམ་ལ། ༀ་ཨགྣེ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་རྒྱུན་བཞག་གམ་གཙུབ་ཤིང་ལས་བྱུང་བའི་མེ་དུ་བ་མེད་པ་སྦར་ལ། ཐབ་ཀྱི་མེའི་དབུས་སུ་མ་དང་དཱིཿལས་བྱུང་བའི་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ༀ་ཡིག་དཀར་པོ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཨགྣེ་དེ་ཝ་རྀ་ཥི་ཧཱུྃ་ཞི་བའི་མེ་ལྷ་དཀར་པོ་ཞི་ཞིང་འཛུམ་པ་དྲང་སྲོང་གི་ཆ་བྱད་ཅན་གུནྡྷེ་དང་བགྲང་ཕྲེང་འཛིན་པའི་སྐུར་གྱུར། ཨ་དཪྴ་སོགས་ཀྱིས་བསྐུར་བརླབ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམ་ལ། ཨགྣེ་དེ་ཝ་ས་མ་ཡ་ཧཱུྃ་ཛཿ ཞེས་སེ་གོལ་བསྣོལ་མར་གདབ། མདའ་དར་དམར་པོས་གཡབ་ཅིང་། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ཨགྣེ་དེ་ཝ་རི་ཥི་ཛཿཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་བསྟིམ། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། མེ་ལྷའི་ཞལ་ཅུང་ཟད་གདངས་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམ་ལ། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་དུ་བྱས་པས་དགང་བླུགས་བཟུང་ནས། ༀ་ཨགྣེ་ཡེ་སྭཱ་ཧཱ། ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་སྟེ་རྗེས་གཟར་བུ་ཁ་སྦྱར་ནས་པུས་མོའི་ནང་ལས་མི་འདའ་བས་གཡས་བསྐོར་གྱིས། ༀ་ཨགྣེ་དེ་ཝ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དགང་བླུགས་ཕུལ། དེ་རྗེས་སྔགས་ཁོ་ནས་ཡམ་ཤིང་། མར་ཁུ་སྲེག་རྫས་རྣམས་རེ་རེ་ནས་ལྔའམ་བདུན་སོགས་གྲངས་ཇི་ལྟར་རིག་པ་ཕུལ་ལ། ཧཱུྃ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པ་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་ཆིབས། །བགྲང་ཕྲེང་འཛིན་ཅིང་རིག་སྔགས་གསུང་། །བདུད་རྩིའི་བཅུད་ཅན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ལ། ཡུངས་ཀར་ཐབ་ཏུ་འཐོར་ཞིང་། ན་མོ་རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་འདོད་གསོལ། དེ་ནས་འདས་པའི་སྲེག་ལྷ་མཆོད་པ་ནི། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་བྷྲཱུྃ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཡེ་ཤེས་རིན་པོ་ཆེའི་རང་བཞིན་བྷཉྫ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་ནང་ཉིས་རིམ་འབར་བའི་བར་ཁྱམས་གཉིས་དང་ལྡན་པའི་ལྷ་གནས་རྣམས་སོ་སོའི་གདན་དང་བཅས་པ་གསལ་བར་གྱུར། འབར་བའི་འཁོར་ལོ་རྩིབས་བཞི་པ། །ཞེས་པ་ནས། དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། །ཞེས་པའི་བར་གྱིས་གསལ་བཏབ་ལ། བདག་གི་ཐུགས་ཀ་ནས་རིགས་ལྔའི་ཧེ་རུ་ཀའི་གནས་སུ་ཧཱུྃ་ཡིག་ཟུང་ལྔ། ཁྲོ་མོ་བརྒྱད་ཀྱི་གནས་སུ་ཧ་བརྒྱད། ཕྲ་མེན་བརྒྱད་ཀྱི་གནས་སུ་ཧེ་བརྒྱད། སྒོ་མ་བཞིའི་གནས་སུ་ཕཊ་བཞི། དབང་མོ་རྣམས་ཀྱི་གནས་སུ་བྷྱོ་ཉི་ཤུ་རྩ་བརྒྱད་རྣམས་སྤྲོས་ཏེ་སོ་སོའི་གདན་ལ་འཁོད་པར་བསམ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འོད་ཟེར་སྤྲོ་བསྡུས་ཡོངས་སུ་གྱུར་པ་ལས། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཞེས་པ་ནས། བཛྲ་ལམྦྷོ་དྷ་ར་བྷྱོ། ཞེས་པའི་བར་བརྗོད་པས། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་བུདྡྷ་ཧེ་རུ་ཀ་ལ་སོགས་ཏེ་ལྔ་བཅུ་རྩ་བརྒྱད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐུ་མདོག་དཀར་པོ་གཡས་འཁོར་ལོ་དང་གཡོན་རང་རྟགས་འཆང་བ་སོ་སོའི་གདན་ལ་བཞུགས་པའི་སྐུ་ལས་འོད་ཟེར་དཀར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བས་ཞི་བའི་ཕྲིན་ལས་མཛད་པར་བསམ་ལ། སྨུག་ནག་སྔོ་ནག་སེར་ནག་དང་། །ཞེས་པ་ནས། ཅི་བགྱི་ཞེས་ནི་ཆས་ཏེ་གནས། །ཞེས་པའི་བར་གྱིས་གསལ་བཏབ་ལ། རིགས་ལྔའི་དབང་རྒྱ་གནས་སོ་སོར་བཞག་སྟེ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ། ༀ་མ་ཧཱ་ཨ་དཪྴ་ཛྙཱ་ན༴ ༀ་མ་ཧཱ་ས་མ་ཏཱ༴ ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎ༴ ༀ་མ་ཧཱ་ཀྲྀ་ཏྱཱ་ནུཥྛཱ་ན༴ རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་བཞག་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ། ཝཱ་ཀ༴ ཙིཏྟ༴ ཞེས་བརྗོད་ཅིང་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་ང་རྒྱལ་བྱའོ། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་བསམ་ལ། ཧཱུྃ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་སྤྱན་འདྲེན་གྱིས། །དུར་ཁྲོད་ཆེན་པོའི་གནས་འདི་རུ། །ཞིང་ཆེན་གསར་རྙིང་སྟན་དུ་བཏིང་། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ། ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་དམ་ཚིག་པ་དང་དབྱེར་མེད་དུ་བསྟིམ་པར་བསམ་ལ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་འོད་ཀྱི་སྦུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམ་ལ། ༀ་བུདྡྷ་ཤྲཱི་ཧེ་རུ་ཧཱུྃ་ཞེས་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་སྤེལ་ཚིག་སྔར་ལྟར་བཏགས་པས་ལན་གསུམ་ཕུལ། དེ་ནས་ཡམ་ཤིང་དང་མར་ཁུ་སོགས་བསྲེག་རྫས་གཞན་རྣམས་ཀྱང་རུ་ལུ་ཁོ་ནས་གཙོ་འཁོར་སྤྱིར་བརྒྱའམ་ཉེར་གཅིག་སོགས་བཅུ་ཚན་ལྟ་བུའི་མཚམས་ཇི་ལྟར་རིགས་པར་སྤེལ་ཚིག་སྤེལ་ནས་ཕུལ་ལོ། །གསུངས་པས་བསྙེན་པའི་ཁ་སྐོང་ལ། རྣལ་འབྱོར་པ་བདག་གི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་དང་འགལ་འཁྲུལ་དུ་གྱུར་པ། ལྷ་ཉེ་བར་མ་སྒོམ་པ། སྙིང་པོ་དག་པར་མ་བགྲངས་པ། ཛབ་བཟླས་གྲངས་ཉུང་བ། བསྙེན་པ་ཡུན་ཐུང་བ། ཏིང་ངེ་འཛིན་ཐང་ལྷོད་དུ་གྱུར་པ་ལ་སོགས་པའི་ཉམས་ཤིང་ཞིག་རལ་ཏུ་གྱུར་པ་ཅི་མཆིས་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། དེ་ནས་རུ་ལུའི་མཐར། མ་ཧཱ་བ་ལིངྟ་ཁཱ་ཧི། བཏགས་པས་འདས་པའི་ལས་གཏོར་དང་། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་སྨན་རཀ་བྲན་ལ། ཧཱུྃ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །ཞེས་སོགས་ཀྱིས་བསྟོད་ལ། ཐབ་ཏུ་ཡུངས་ཀར་འཐོར་ཞིང་། ཧཱུྃ། ཡེ་ཤེས་ཀློངས་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འབུལ། །བདག་གིས་ཞི་བའི་ཕྲིན་ལས་མཐར་ཕྱིན་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མཛོད། །ཅེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས། བསྒྲུབ་བྱ་ལ་རེག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བསམ། དེ་ནས་གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་བྱས་ལ། ཡེ་ཤེས་པ་རང་བཞིིན་གྱི་གནས་སུ་གཤེགས། དམ་ཚིག་པ་གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ་མོ། །སླར་ཡང་། ༀ་ཨགྣེ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཅེས་བླུགས་གཟར་གྱིས་མར་ཁུ་ཕུལ་བས་མེ་གསོས་ཏེ། འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་བར་བསམ་ལ། ༀ་ཨགྣེ་དེ་ཝ་རྀ་ཥི་ཧ་བྱ་སོགས་ཀྱིས་བསྲེག་རྫས་ལྷག་རྣམས་ཕུལ། ཀུན་བཟང་སོགས་ཀྱིས་མཆོད། ༀ་ཨགྣེ་དེ་ཝ་རི་ཥི་མ་ཧཱ་བ་ལིངྟ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་ལས་གཏོར་དང་སྨན་རཀ་ཕུལ། མེ་སྟེ་བསྲེག་བྱས་བསྟོད། ཡིག་བརྒྱས་ནོངས་པ་བཤགས། བཛྲ་མུཿས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་ལ། ལས་ཀྱི་རྗེས་བསྡུ་ཞིང་བསྔོ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་སྦྱིན་སྲེག་ཟིན་ནས་ལས་ཀྱི་མཇུག་བསྡུ་ཚུལ་ནི། མེ་རང་ཞིར་འཇུག་པའམ། ལོང་མེད་ན་འོ་མ་དང་དྲི་དཀར་པོས་གཞིལ་བར་བྱས་ནས་ཐལ་བ་འབབ་ཆུར་བསྐྱལ་ལོ། །ཅེས་པ་འདི་ནི་རང་དང་སྐལ་མཉམ་གྱི་གང་ཟག་ཆོ་གའི་ལག་ལེན་ལ་ཆེར་མ་འདྲིས་པ་འགའ་ཞིག་ལ་ཉེར་མཁོའི་ཆེད་དུ་པདྨ་བཛྲ་པས་བྲིས་པ་དགེ་ལེགས་འཕེལ། །དགེའོ།། །།