Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་བཞི་པ།


   
   
   
   
   
   
   
   
   
   
སྒྱུ་འཕྲུལ་དྲྭ་བ་ལས་ཁྲོ་བོའི་དཀྱིལ་འཁོར་དུ་བསྙེན་པའི་ཚུལ་གྱི་ལྷན་ཐབས་རིག་འཛིན་དགའ་སྟོན། ངག་དབང་དཔལ་བཟང་།
   
   
   
   
   
   


 
previousསྒྱུ་འཕྲུལ་དྲྭ་བ་ལས་ཁྲོ་བོའི་དཀྱིལ་འཁོར་དུ་བསྙེན་པའི་ཚུལ་གྱི་ལྷན་ཐབས་རིག་འཛིན་དགའ་སྟོན། ངག་དབང་དཔལ་བཟང་།next

སྒྱུ་འཕྲུལ་དྲྭ་བ་ལས་ཁྲོ་བོའི་དཀྱིལ་འཁོར་དུ་བསྙེན་པའི་ཚུལ་གྱི་ལྷན་ཐབས་རིག་འཛིན་དགའ་སྟོན། ངག་དབང་དཔལ་བཟང་།

སྒྱུ་འཕྲུལ་དྲྭ་བ་ལས་ཁྲོ་བོའི་དཀྱིལ་འཁོར་དུ་བསྙེན་པའི་ཚུལ་གྱི་ལྷན་ཐབས་རིག་འཛིན་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །ཆོས་ཉིད་ཞི་ལས་མ་གཡོས་ཀྱང་། །འབར་བ་ཁྲག་འཐུང་ཁྲོ་བོའི་ཚོགས། །དབྱེར་མེད་དཔལ་ལྡན་བླ་མ་ལ། །རྣམ་ཀུན་དད་པས་ཕྱག་བྱས་ཏེ། །གང་ཞིག་ལམ་འདིར་འཇུག་པ་ལ། །མ་ནོར་གནད་ཀྱི་མན་ངག་ནི། །ཞལ་ནས་སྙན་དུ་བརྒྱུད་པ་ཡི། །ཤིན་ཏུ་གསང་བའི་ཡི་གེ་སྤེལ། །དེ་ལ་འདིར་སྒྱུ་འཕྲུལ་ཞི་བའི་བསྙེན་པ་སྔོན་དུ་སོང་ནས། ཁྲོ་བོའི་བསྙེན་པར་འཇུག་པར་འདོད་པ་གང་དག་གིས་ཤེས་པར་བྱེད་པ་ལ་གསུམ། སྒྲུབ་པ་པོའི་གང་ཟག །སྒྲུབ་པའི་ལམ་རིམ། གྲུབ་པའི་འབྲས་བུའོ། །དང་པོ་ནི། སྒྲུབ་པ་པོ་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཤིང་། ཕྱི་ནང་གི་དབང་ཐོབ་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ལ་ཡང་དག་པར་གནས་པའོ། །གཉིས་པ་ལམ་གྱི་སྔོན་འགྲོ་དང་། དངོས་གཞི། རྗེས་ཀྱི་རིམ་པ་གསུམ་སྒྱུ་འཕྲུལ་ཞི་བའི་བསྙེན་ཡིག་ལས་ཇི་སྐད་བཤད་པ་ལྟར་ལས། འདིར་ནི་ཁྲོ་བོའི་སྒོས་ཆོས་ཉེ་བར་མཁོ་བ་འགའ་ཞིག་བརྗོད་པར་བྱའོ། །དེ་ཡང་གནས་དུར་ཁྲོད་དང་རི་བོ་དབེན་པ་གསུངས་ཀྱང་། ཞི་ཁྲོ་གཉིས་ཏེ་བསྙེན་པ་བཏང་ན། ཞི་བའི་བསྙེན་པ་བཏང་བའི་གནས་ལས་གཞན་མི་དགོས་ལ། བླ་མ་གོང་མའི་ཞལ་རྒྱུན་ལ། ཞི་བ་གནས་དག་དང་། ཁྲོ་བོ་གནས་གྱུར་དུ་སྒྲུབ་པ་ཡིན་པས། དང་པོ་ཞི་བའི་བསྙེན་པ་རྒྱས་པའམ། ལས་རུང་ཙམ་སྔོན་དུ་མ་སོང་ན། ཁྲོ་བོ་སྒྲུབ་པ་འཚུབས་ཆེ་ཞིང་འཆུན་དཀའ་བར་གསུངས་པ་བཞིན། འདིར་ཡང་ཞི་བསྙེན་སྔོན་དུ་སོང་བའི་གང་ཟག་གིས་ཁྲོ་བོར་ཡང་བསྙེན་པ་བཏང་ན། རྒྱུད་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྒྱུད་དོན་གྱི་གནད་མ་ཚང་བ་མེད་པ་ལགས་པས། དུས་ཡུན་འཁོར་བ་ཙམ་གྱིས་ལེ་ལོ་དང་སྙོམས་ལས་སྤངས་ཏེ། ཞི་ཁྲོ་གཉིས་ཀ་ལ་བསྙེན་པ་ཞིག་བཏང་ན། དལ་འབྱོར་གྱི་ལུས་རྟེན་ལན་ཅིག་རྙེད་པ་ལ་སྙིང་པོ་ལེགས་པར་ལོན་པ་ཡིན་པས་དགའ་སྤྲོ་དང་བཅས་པས་འཇུག་པར་རིགས་སོ། །དེ་ཡང་ཕྱི་ནང་གི་མཆོད་གཏོར་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས། གཟའ་སྐར་ལེགས་པར་ཕྱི་དྲོ་དབང་གི་དུས་མཚམས་ཀྱི་དབུ་འཛུགས་སོགས་ཞི་བའི་བསྙེན་ཡིག་ཇི་ལྟ་བ་བཞིན་ལས། འདིར་ནི་སྒོས་ཆོས་མཚམས་བཅད་ཀྱི་སྐབས་སུ། མཚམས་ཀྱི་བཅད་ཚུལ་གྱི་གོ་དོན་ལ་ཁྲོ་བཅུ་འབར་བ་མཚམས་ཀྱི་རྒྱུད་ལས། སྔོན་དེ་བཞིན་གཤེགས་པ་སྔོན་བྱུང་གི་རྒྱལ་པོའི་བསྟན་པ་ལ། བྲམ་ཟེའུ་སཾ་གྷ་དང་། དབྱིངས་མ་ཞེས་བྱ་བའི་ཕ་མ་གཉིས་ལ་བུ་བརྒྱད་བྱུང་། དེ་དག་ལ་ཆུང་མ་བརྒྱད་བསུས། དེའི་ཚེ་མུ་གེ་ཆེན་པོ་ཞིག་བྱུང་བས་དེ་དག་གིས་མི་དགེ་བཅུ་སྤང་གི་སྡོམ་པ་བླངས་ཏེ་ཐུགས་ཇི་ལྟར་བསྐྱེད་པ་ལ་མ་འོངས་པའི་གང་ཟག་རིག་པ་འཛིན་པ་རྣམས་ཀྱིས་དངོས་གྲུབ་སྒྲུབ་པའི་བར་ཆད་སྲུང་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་སྦྱིན་པར་སྨོན་ལམ་བཏབ་པས། དེ་དག་ཚེ་འཕོས་ཏེ་ཕྱི་མ་ལ་འོག་མིན་གྱི་ཞིང་དུ་རྡོ་རྗེ་མི་བསྐྱོོད་པའི་སྲས་སུ་གྱུར་ནས་ཕ་མ་གཉིས་སྟེང་འོག་གི་ཁྲོ་བོ་གཉིས་དང་། བུ་བརྒྱད་ཆུང་མར་བཅས་པས་ཕྱོགས་མཚམས་ཀྱི་ཁྲོ་བོ་བརྒྱད་དུ་སངས་རྒྱས་པའི་ཐུགས་བསྐྱེད་དང་སྨོན་ལམ་ཡང་དག་པའི་མཐུས། ད་ལྟ་སྒྲུབ་པ་གང་ལ་ཡང་ཁྲོ་བོ་བཅུའི་སྲུང་བའི་འཁོར་ལོ་བསྒོམ་ན་མི་འཐད་པ་མེད་ཅིང་། ཁྱད་པར་རྟེན་གཞལ་ཡས་ཁང་གི་ཁྲོ་བོ་གང་ཡིན་ཀྱང་གཙུག་ཏོར་འཁོར་ལོའི་སྒྱུར་བའི་ས་བོན་བྷྲཱུྃ་ལས་བསྐྱེད་དགོས་པ་དེ་དག་གིས་ཡིན་ཅིང་། དཀྱིལ་འཁོར་གཞལ་ཡས་ཁང་གི་རྩིག་པ་དང་བྷྲཱུྃ་གྱི་ཡི་གེ་དེ་དག་སྦྱོར་དུ་འཆད་པ་ནི་ཕྱོགས་རེ་བྱེད་པའོ། །འདི་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། ཁྲོ་བཅུ་འབར་བ་མཚམས་ཀྱི་རྒྱུད་ལས་བསྟན་པ་ནི། རང་ཉིད་ཁྲོ་བོ་གནོད་མཛེས་རྡོ་རྗེ་ཐོ་བ་དང་ལྕགས་ཀྱུ་འཛིན་པ་གསལ་ཞིང་། ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ་གིས། ཐུགས་ཀ་ནས་མ་དམར་པོ་ཞིག་འཕྲོས། མ་སུརྻ་མཎྜལ་ཞེས་པས་ཉི་མའི་གདན་དུ་གྱུར་ནས། ༀ་ཤྲཱི་བཛྲ་ཧཱུྃ་ཀཱ་ར་བཛྲ་མཎྜལ་ལ་ཧཱུྃ་ཕཊ། ཅེས་པས་སྔགས་ཀྱིས་རྐྱེན་གྱིས་ཁྲོ་བོ་ཧཱུྃ་ཀཱ་ར་གསལ་བ་ནི། ཧཱུྃ། ཉི་མའི་དཀྱིལ་འཁོར་དབུས་གནས་པ། །དབྱར་གྱི་ཆར་སྤྲིན་ལྟ་བུའི་མདོག །བསྐལ་པའི་མེ་དཔུང་བཞིན་དུ་འབར། །དོར་སྟབས་ཚུལ་དུ་ཞབས་བསྒྲད་ཅིང་། །སྨིན་མཚམས་ཁྲོ་གཉེར་འབར་བ་ཅན། །ཞལ་གསུམ་མཆེ་གཙིགས་རྣམ་པར་འགྱུར། །ཕྱག་གཉིས་ཧཱུྃ་གིས་རྒྱ་བཅིང་ནས། །རྡོ་རྗེ་དང་ནི་དྲིལ་བུ་དང་། །གཡས་གཉིས་ལྕགས་ཀྱུ་རལ་གྲི་དང་། །གཡོན་གཉིས་དགྲ་སྟྭ་ཞགས་པ་བསྣམས། །འདི་འདྲའི་གཟུགས་ནི་བསམ་ནས་ཀྱང་། །རང་གི་དེ་ལ་བཀའ་སྩལ་ཏོ། །ཞེས་དང་། ཧཱུྃ་བཞིའི་སྔགས་དང་བཅས་པ་བརྗོད་པས། གནོད་མཛེས་ཀྱི་ཧཱུྃ་ཀཱ་ར་ལ་ཕྱོགས་བཅུར་ཁྲོ་བོའི་གདན་ཤོམ་ཞིག་ཅེས་བཀའ་སྩལ་ནས། ཐུགས་ཀ་ནས་ཐོ་བ་དང་ལྕགས་ཀྱུ་ཐོགས་ནས་གཏད། དེ་ནས་ཧཱུྃ་ཀཱ་རས་ཞལ་ནས་ༀ་ཤྲཱི་ཊཀྐི་རཱ་ཛ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ། ཅེས་བརྗོད་པས་བསྐུལ་བས་ཁྲོ་བོ་འདོད་པའི་རྒྱལ་པོ་སྔོ་སྐྱ་གཡས་དཀར་གཡོན་དམར། །ཕྱག་དང་པོ་གཉིས་རང་གི་ཕྱག་རྒྱ་བཅིང་བ། བར་པ་ལྕགས་ཀྱུ་དང་ཞགས་པ། གཡས་ཐ་མ་མདའ་གཞུ། གཡོན་ཐ་མ་ཉི་མའི་གདན་བསྣམས་པ་ལ། ཡང་ཧཱུྃ་ཀཱ་རས་མ་སུརྻ་མཎྜ་ལ་ཞེས་དང་། ཧཱུྃ་བཞི་བརྗོད་ནས། ཁྲོ་བོ་བཅུའི་གདན་ཤོམ་ཞིག་ཅེས་བཀའ་བསྒོ་བ་དང་མཉམ་དུ། འདོད་རྒྱལ་གྱི་ཐུགས་ཀ་ནས་མ་བཅུ་ཕྱོགས་བཅུར་སྤྲོས་ཏེ་ཉི་གདན་གསལ་བ་ལ། དེ་ནས་ཧཱུྃ་ཀཱ་རའི་ཞལ་ནས། ཧཱུྃ། ཁྲོ་བོའི་རྒྱལ་པོ་འདི་དག་ནི། །བགེགས་ཀྱི་ཚོགས་ཀུན་ཀུན་ནས་བཤིགས། །བློ་ལྡན་རབ་ཏུ་སྦྱར་བ་ཡི། །ཆོ་ག་བཞིན་དུ་ཕུར་བུས་གདབ། །ཅེས་གསུངས་ཤིང་། འདོད་རྒྱལ་གྱི་ཕྱག་ཏུ་ཧཱུྃ་ཀཱ་རས་ཐོ་བ་དང་ལྕགས་ཀྱུ་གཏད་པ་དང་། དེས་ཕྱོགས་བཅུར་ཕྱིན་ཏེ། ཕྱོགས་སྐྱོང་བཅུ་ལྕགས་ཀྱུས་བཟུང་ཐོ་བས་བརྡུང་ནས་ཉིལ་གྱིས་བཏང་ནས། ཕྱོགས་བཅུར་ཉི་མའི་སྟེང་དུ་ཕོ་མོ་བསྣོལ་ནས་བཞག་སྟེ། ཁྲོ་བོ་སྤྱན་འདྲེན་པའི་ཚིག་འདོད་རྒྱལ་གྱིས་འདི་སྐད་བརྗོད་པར་མོས་ཏེ། ཧཱུྃ། གདན་བཏིང་ལགས་སོ་ཁྲོ་རྒྱལ་ཚོགས། །ཞེ་སྡང་རྡོ་རྗེའི་དཀྱིལ་འཁོར་ནས། །ཁྲོ་ཆེན་རྔམ་བརྗིད་སྤྲུལ་པའི་སྐུ། །ཉི་མའི་གདན་ལ་བཞུགས་སུ་གསོལ། །ཅེས་པས་ཁྲོ་བོ་བཅུ་སྤྱན་དྲངས་ཏེ། དེ་ནས་འདོད་པའི་རྒྱལ་པོ་ཧཱུྃ་ཀཱ་ར་ལ་ཐིམ། དེ་ནས་ཧཱུྃ་ཀཱ་རས་ཧཱུྃ་བཅུ་བརྗོད་ནས། གཟུགས་ཅན་འབར་བ་འཇིགས་བྱེད་པ། །ཁྲོ་བོ་བཅུ་དག་བྱུང་ནས་ནི། །ཧཱུྃ་ལས་བསྐྱེད་པའི་ཉི་མའི་གདན། །སྨད་ནི་རྩེ་མོའི་རྣམ་པར་བསམ། །ཕྱོགས་བཅུའི་དཀྱིལ་འཁོར་ཕྱོགས་རྣམས་སུ། །རིམ་པ་བཞིན་དུ་ཀུན་ཏུ་འཁོད། །བགེགས་རྣམས་ཐམས་ཅད་བཤིག་པའི་ཕྱིར། །གནོད་མཛེས་བཀའ་རྩལ་ཕུར་པས་བཏབ། །ༀ་གྷ་གྷ་གྷ་ཏ་ཡ་སོགས་ཞེས་བསྐུལ་ཞིང་། གནོད་མཛེས་ཀྱིས་ཀྱང་ཧཱུྃ། ཐོ་བ་ཕྱག་ན་བསྣམས་པའི་མཆོག །གནོད་མཛེས་རྒྱལ་པོའི་རྣམ་པར་བསམ། །ཧཱུྃ་བརྗོད་འབར་བ་བལྟ་བ་ཡིས། །བགེགས་ཀྱི་ཚོགས་རྣམས་བཤིག་པའི་ཕྱིར། །གནོད་མཛེས་བཀའ་སྩལ་ཕུར་བུས་ཐོབ། །གྷ་ཏ་ཡ་ཞེས་བརྗོད་ཅིང་། ཡང་གནོད་མཛེས་ཀྱི། ཧཱུྃ། ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་བཅུ། རྡོ་རྗེ་ཕུར་བུ་ཉིད་གནས་པ། །ཨུཏྤལ་སྔོན་པོའི་མདོག་འདྲ་བ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །ལྟེ་བ་མན་ཆད་ཆས་རྣམས་ནི། །རྩེ་མོ་ཕུར་བུའི་རྣམ་པ་ལ། །སྐུ་སྟོད་ཁྲོ་བོ་ཆེན་པོ་སྟེ། །ཞལ་གསུམ་པ་ལ་ཕྱག་དྲུག་པ། །བགེགས་ཀྱི་ཚོགས་རྣམས་འོག་ཏུ་གཟིར། །དེ་ཡི་སྔགས་ནི་བརྗོད་བྱས་ནས། །རྡོ་རྗེ་ཕུར་བུ་ངེས་བཏབ་ན། །བགེགས་ལུས་ཤིན་ཏུ་མི་གཡོའོ། །ༀ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ་སོགས་ཁྲོ་བོ་བཅུའི་སྔགས་དང་། གྷ་ཏ་ཡ་ཞེས་བརྗོད་ནས། ཁྲོ་བོ་རྣམས་རིམ་པ་བཞིན་ཕྱོགས་བཅུའི་ཕྱོགས་སྐྱོང་རྣམས་ཀྱི་སྙིང་གར་བབས་པས། ལུས་ཕུག་སྟེ་འོག་གི་ཉི་མའི་གདན་ལ་སྦྲགས་པར་བསམ་མོ། །དེ་ལྟར་བཏབ་པའི་དགོས་པ་ནི། རྒྱལ་པོ་བཙོན་དུ་བཟུངས་ན་དམངས་ཆམ་ལ་འབེབས་པ་ལྟར། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་ལ་ཕུར་པ་བཏབ་པས་བགེགས་ཕྲན་གཞན་ལྡང་མི་ནུས་པར་འགྱུར་བའོ། །འཆད་ཚུལ་གཞན་དུ་འདོད་པའི་རྒྱལ་པོས་གདན་བཏིང་ནས། ཧཱུྃ་ཀཱ་ར་ལ་ཐིམ་པ་དང་། འོག་གི་ཁྲོ་བོ་གནོད་མཛེས་ཐོ་བ་དང་སྡིག་མཛུབ་ཅན་གྱི་རྣམ་པར་ཐོན་ནས། ཧཱུྃ་ཀཱ་རས་སྐེད་པར་སྡིགས་མཛུབ་ཀྱིས་བརྡུངས་ཏེ་སྟེང་ཕྱོགས་ཚངས་པའི་གདན་དུ་ཐོ་བས་བཏབ་པར་བསམ་ཞིང་རིམ་པར་སྟེང་དང་ཕྱོགས་མཚམས་རྣམས་བཏབ་ཟིན་པ་ན། ཐོ་བ་ཧཱུྃ་ཀཱ་རའི་ཕྱག་ཏུ་གཏད་ནས་དེའི་གནོད་མཛེས་འོག་གིས་བདག་གི་གདན་ལ་བཏབ་པའི་གསུང་རྒྱུན་སྣང་བས་གང་ལྟར་བཏབ་ཀྱང་ཆོག །དེ་ནས་ཡང་རང་གི་ཐུགས་ཀ་ནས་མཚོན་ཆ་སྣ་ཚོགས་པའི་ཆར་འཕྲོས་ཏེ་སྲིད་པ་གསུམ་གྱི་བགེགས་བཅོམ་སྟེ། ཚུར་འདུས་པས་ཁྲོ་བོ་རྣམས་ཀྱི་ཕྱི་རོལ་དུ་མཚོན་ཆའི་གུར་དང་ར་བར་གྱུར་པར་བསམ་པའོ། །གཉིས་པ་བྱེ་བྲག་ཏུ། འདིར་ནི་སྒྲུབ་ཐབས་ལྟར་ན། མཚན་མེད་ཀྱི་མཚམས་དང་། མཚན་བཅས་ཀྱི་མཚམས་གཉིས་ལས། དང་པོ་ནི། ལྟ་པ་དག་མཉམ་བདེན་པ་དབྱེར་མེད་དུ་ངེས་པས་ཐ་མལ་གྱི་བདེན་འཛིན་རང་བཞིན་མེད་པར་རྟོགས་པ་ནི་མཚམས་གཅོད་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ལ། གཉིས་པ་མཚན་བཅས་ཀྱི་མཚམས་གཅོད་ནི། སྟོང་པ་ཉིད་དེའི་ངང་ལས་པད་ཉི་ལ་གནས་པའི་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་ཡིག་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། རྡོ་རྗེའི་ས་གཞི་ར་བ་དྲྭ་གུར་བླ་བྲེའི་ཕྱི་རོལ་དུ་བསྐལ་པའི་མེ་དཔུང་རབ་ཏུ་འབར་བས་བསྐོར་བའི་དབུས་སུ་བྷྲཱུྃ་ལས་འཁོར་ལོ་སེར་པོ་མཚོན་ཆའི་རྩིབས་ཅན་ཆ་ལང་ཁ་སྦྱར་བ་ལྟ་བུའི་སྟེང་འོག་གི་རྩིབས་གཉིས་མདུང་རྩེ་ལྟར་སྟེང་འོག་གི་རྡོ་རྗེའི་བླ་རེ་དང་ས་གཞི་གཉིས་ལ་ཟུག་པ་ཕྱོགས་མཚམས་ཀྱི་རྩིབས་བརྒྱད་སྦུབས་སྟོང་གི་རྣམ་པ་རྩེ་མོ་རྣོ་བའི་དབལ་དང་ལྡན་པ་དྲག་ཏུ་འཁོར་བ། ཁོག་པ་སྟོང་པ་ཆོས་ཀྱི་དབྱིངས་དང་མཉམ་པར་གསུངས་པ་ལ། བསྒོམ་དོན་ལ། སྲུང་བའི་འཁོར་ལོ་རང་གི་གནས་ཀྱི་གནམ་ས་འབྱར་བར་སྣང་བ་ཚུན་ཆོད་དུ་བསྒོམ་པ་ཞལ་ཤེས་ཡིན་པས་འཁོར་ལོའི་ལྟེ་བའི་དབུས་སུ་པད་ཉི་ལ་གནས་པའི་ཧཱུྃ་སྔོན་པོ་འབར་བར་གྱུར་པ་དེ་ལས་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དམ་བསྐུལ། གཅིག་ཏུ་འདུས་ནས་ཧཱུྃ་ལ་ཞུགས་པས། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཞེས་བརྗོད་པའི་རྐྱེན་གྱིས་བདག་ཉིད་ཞེ་སྡང་རྡོ་རྗེ་ཡབ་ཡུམ་གྱི་སྐུར་གསལ་བའི་དེའི་ཐུགས་ཀའི་ཧཱུྃ་ལས་མ་བཅུ་འཕྲོས་པས་རྩིབས་རྣམས་ཀྱི་ནང་དུ་ཉི་གདན་བཅུར་གྱུར། སླར་རང་གི་ཐུགས་ཀ་ནས་ཁྲོ་བོ་འདོད་པའི་རྒྱལ་པོ་འཕྲོས་ཏེ་ཕྱོགས་བཅུའི་བགེགས་རྣམས་བཀུག་སྟེ་ཉི་གདན་གྱི་སྟེང་དུ་སྨྱོས་ཤིང་འགྱེལ་སྟབས་ཀྱི་བཞག་སྟེ། ཞལ་ནས་ཧཱུྃ་བཞི་དང་ཕྱོགས་སྐྱོང་བཅུའི་སྔགས་བརྗོད་དེ་ཁྲོ་བཅུའི་གདན་བཏིང་བའི་སྟེང་དུ། བདག་ཉིད་ཞེ་སྡང་རྡོ་རྗེའི་ཐུགས་ཀ་ནས་ཧཱུྃ་ཡིག་བཅུ་འཕྲོས་སོ་སོའི་གདན་ལ་འཁོད་པར། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ་སོགས་ཁྲོ་བོ་བཅུའི་སྔགས་བརྗོད་པའི་རྐྱེན་གྱིས། ཧཱུྃ་ཡིག་བཅུ་པོ་རིམ་པ་བཞིན། ཧཱུྃ་མཛད་ལ་སོགས་པ་ཁྲོ་བོ་བཅུ་གྱུར་ཏེ། ཐམས་ཅད་ཀྱང་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་ཐོ་བ་དང་། ལྕགས་ཀྱུ་འཛིན་པ་སྐུ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར་པར་བསམ་ཞིང་། དེ་ནས་ཁྲོ་བོ་བདུད་རྩི་འཁྱིལ་བ་ཐོ་བ་ཐོགས་པ་རང་གི་ཐུགས་ཀ་ནས་ཐོན་ཏེ། ༀ་གྷ་གྷ་གྷ་ཏ་སོགས་བརྗོད་བཞིན་པས། ཁྲོ་བོ་རྣམས་ཀྱི་རྐེད་པ་ནས་སྡིགས་མཛུབ་ཀྱིས་བསྣམས་ཏེ་ཕུར་བུའི་ཚུལ་དུ། ཕྱོགས་བཅུའི་བགེགས་སོ་སོར་སྟེང་གི་ཁྲོ་བོ་ནས་རིམ་པར། ཐོ་བས་ལན་གསུམ་དུ་བཏབ་པས་བགེགས་རྣམས་ཀྱི་ལུས་འགུལ་མི་ཤེས། ངག་མི་སྨྲ། སེམས་ཀྱི་དྲན་པ་ཉམས་ཏེ་ཆོས་ཉིད་དུ་བརྒྱལ་བར་བསམ་ཏེ་བགེགས་རྣམས་གཡོ་འགུལ་མེད་པར་བྱས་ཏེ། སླར་ཡང་ཁྲོ་བོ་དེ་རྣམས་ལས་སྤྲུལ་པ་དང་ཡང་སྤྲུལ་མཚོན་ཆ་སྣ་ཚོགས་དང་བཅས་པའི་འོད་ཟེར་རྣོན་པོ་འཁྲུགས་ཤིང་འབར་བ་སྲུང་བའི་འཁོར་ལོས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །འདི་ལྟར་སྲུང་བའི་འཁོར་ལོ་གསལ་བ་འདི་ཐུན་རེ་རེ་བཞིན་ངག་གི་བརྗོད་ཚིག་རྒྱས་བསྡུས་ལ་མ་ལྟོས་པར་ཡིད་ཀྱིས་གསལ་བཏབ་སྟེ་མཚམས་མ་གྲོལ་བར་མི་བསྡུའོ། །དེ་ནས་བཤགས་པ་སོགས་དཀྱུས་བཞིན་བཏང་། ཐུན་ཕྱི་མ་གསུམ་ལ་རྒྱུད་སྦྱང་ཡན་ལག་བདུན་པ་དང་སེམས་བསྐྱེད་གཉིས་ལས་གཞན་རྣམས་བཞག་ན་ཆད་པའི་སྐྱོན་མེད་དོ། །གཉིས་པ་དངོས་གཞི་ཏིང་ངེ་འཛིན་བསྒོམ་པ་ལ་ཁྱད་པར་གྱི་སྦྱོར་བ་དགོས་ཆེད་ཀྱི་སྒོ་ནས་སེམས་བསྐྱེད་པ་ནི་ཐབས་བསྐྱེད་པའི་རིམ་པ་ཇི་སྙེད་པ་ཐེག་པ་ཆེན་པོའི་ལམ་དུ་གྱུར་པའི་བྱེད་པོ་ཡིན་པས། སྤྱིར་སེམས་ཅན་ཐམས་ཅད་ཡེ་ནས་སེམས་ཉིད་རང་བཞིན་རྣམ་དག་གི་སངས་རྒྱས་ཡིན་པ་ལ། དེ་ལྟར་མ་རྟོགས་ནས་མེད་སྣང་འཁྲུལ་པས་བསླུས་པ་ལ་སྙིང་རྗེ་ཆེན་པོ་རྩོལ་མེད་དུ་ཤར་བའི་སྒོ་ནས། འཁྲུལ་བའི་སེམས་ཅན་རྣམས་རང་གནས་ཀྱི་ཡེ་ཤེས། རང་བཞིན་ལྷུན་གྱིས་གྲུབ་པ། ལྷག་པའི་དཀོར་བདུན་ངོ་བོ་ཉིད་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པ་དང་། ཁྱད་པར་དུ་ཁྲོ་བོའི་སྒོས་ཆོས། སྔོན་གྱི་གླེང་གཞི་དང་མཐུན་པར་སེམས་བསྐྱེད་པ་ནི། དེ་བཞིན་གཤེགས་པ་གདུག་པ་ཅན་གྱི་ཡུལ་ལ་ཐུགས་རྗེ་ཆེན་པོ་ཆེར་ཁྲོས་ནས་འདུལ་བར་མཛད་པ་དེ་བཞིན་དུ། ཤིན་ཏུ་གདུག་ཅིང་གཏུམ་པའི་འགྲོ་བ་རྣམས་ལ་རྗེས་སུ་ཆགས་པའི་སྙིང་རྗེ་ཆེན་པོ་རྡོ་རྗེ་ཁྲོ་བོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་གྱི་གོ་འཕང་བདག་གིས་སྒྲུབས་ནས། ལོག་པར་རྟོག་པའི་དབང་གིས་གདུལ་ཞིང་དབང་མེད་དུ་འཁོར་བའི་སེམས་ཅན་རྣམས་སངས་རྒྱས་ཀྱི་ས་ལ་འགོད་འདོད་ཀྱིས། འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །གདུག་པ་སྲིད་གསུམ་འདུལ་བ་དང་། །ང་རྒྱལ་ཆེན་པོ་བསྟན་པའི་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་བསྒོམ། །ཞེས་སྔོན་དེ་བཞིན་གཤེགས་པས་རུ་ཏྲ་གདུག་པ་ཅན་འཁོར་དང་བཅས་པ་ཐབས་ལ་མཁས་པས་བཏུལ་ཞིང་རྒྱུད་སྦྱངས་ནས་ཡང་དག་པའི་ལམ་ལ་འགོད་པ་དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་སྙམ་དུ་དམ་བཅའ་ཞིང་སེམས་བསྐྱེད་པ་ལ་དོ་གལ་བྱའོ། །གཉིས་པ་ཏིང་ངེ་འཛིན་གྱི་རིམ་པ་དངོས་ལ་ཏིང་ངེ་འཛིན་གསུམ་གྱི་ཁོག་དབུབ་པ། བདག་སྲས་དང་གཞན་སྲས་ཀྱི་སྒོ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་གསུམ་ལས། དང་པོ་ལའང་གསུམ་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། རྒྱུ་ཡི་ཏིང་ངེ་འཛིན་དང་གསུམ་ནི་སྔ་འགྱུར་རྙིང་མའི་ཆོས་སྐད་ཐུན་མོང་མ་ཡིན་པ་ཡིན་པས། གཞན་ལུགས་ལ་ཡེ་ཤེས་ཀྱི་ཚོགས་བསགས་ཀྱི་རྗེས་སུ་བར་སྲིད་ལྷར་བསྐྱེད་པ་ལས་མི་འབྱུང་ལ། འདིར་ནི་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་གྱིས་འཕེན་པས་སྤྲུལ་པའི་ལྷ་སྐུ་ཞལ་ཕྱག་གི་རྣམ་པར་བཞེངས་ནས། ཕྲིན་ལས་རྣམ་པ་བཞིས་གཞན་ཕན་སྒྲུབ་པ་ནི་ཚོགས་གཉིས་ཟུང་དུ་འཇུག་པའི་ཐེག་ཆེན་གྱི་ལམ་མ་ནོར་བ་ཡིན་ཞིང་། མར་མ་དག་འཁོར་བའི་དུས་ན་ཡང་སྐྱེ་གནས་གང་དུ་འཕེན་བྱེད་ཀྱི་ལས་དེ་སྲེད་ལེན་གྱི་གསོས་མ་བཏབ་ན་མངལ་དུ་འཇུག་མི་ནུས་པས། སྲེད་ལེན་གྱིས་གསོས་བཏབ་ནས་འཇུག་པ་ལྟར། འདིར་ཡང་ཐུགས་རྗེ་ཆེན་པོའི་འཕེན་པས་གསོས་བཏབ་པ་འོད་གསལ་སྟོང་ཉིད་ཀྱི་ངང་ལས་དཀྱིལ་འཁོར་གྱི་ལྷའི་སྐྱེ་བར་འཛིན་པས་མར་སྦྱངས་བྱ་མཐུན། མཐར་ཐུག་གི་འབྲས་བུའི་གནས་སྐབས་ན་ཡང་། རྟོག་པ་དང་བྲལ་བའི་ཐུགས་རྗེ་ཆེན་པོས་ཆོས་སྐུའི་ངང་ལས་གཟུགས་སྐུར་བཞེངས་ནས། ནམ་མཁའི་མཐའ་ཁྱབ་ཀྱི་དོན་མཛད་པ་དང་ཆོས་མཐུན། སྟོང་ཉིད་སྙིང་རྗེའི་རྩལ་དང་མ་བྲལ་བས་བསྐྱེད་རིམ་རང་རྒྱུད་དུ་གོལ་མི་སྲིད་ཅིང་། ལམ་ངེས་རྫོགས་ལྟར་བསྒོམ་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པར་བྱ་བ་ནི་བསྐྱེད་རྫོགས་ཟུང་འཇུག་ཏུ་འགྱུར་ཞིང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བཞེད་པའི་ཟབ་གསལ་གཉིས་མེད་ཀྱི་རྫོགས་རིམ་མཚན་ཉིད་པ་རྒྱུད་ལ་སྐྱེས་པས། སློབ་དཔོན་གྱིས་བཞེད་པ་བསྐྱེད་རིམ་ལ་རྫོགས་རིམ་གྱིས་རྒྱས་བཏབ་ནས་བསྒོམ་པ་ཞེས་གསུངས་སོ། །འདི་ལྟ་བུའི་ཏིང་ངེ་འཛིན་གསུམ་པོ་ཡང་ལམ་ངེས་རྫོགས་ལྟར་བསྒོམ་ན་ཤེས་བྱ་ལྟ་བའི་དེ་ཉིད་ངོ་སྤྲོད་དང་གཏན་ཚིགས་ལ་བརྟེན་ནས་ཡིད་ཆེས་པར་བྱས་ཏེ། མཐོང་བའི་ཆོས་ལ་འཇོག་པ་དང་། རིག་པ་སྤྱི་བླུགས་སུ་འཇོག་པའི་ཐབས་གང་རུང་གིས་སེམས་མ་བཅོས་སྤྲོས་བྲལ་རང་བབས་སུ་ལྷོད་ཀྱིས་ལྷོད་ལ་དྲན་རྟོག་གི་འགྱུ་བའི་ཡུན་ཐག་བཅད་དེ། བྱིང་རྒོད་ཀྱི་རྟ་སྐྱོན་དང་བྲལ་བར་བཞག་ཅིང་། འཇོག་ཚུལ་སེམས་གྲིམ་ལྷོད་སྙོམས་པར་རྩེ་གཅིག་ཏུ་བཞག །ཤེས་པ་ཁོང་ལྷོད་ལ་བཞག །འཛིན་སྟངས་ཀྱི་ངར་ཆ་མི་ལྷོད་པར་བཞག །ངར་ཆ་ཤོར་ན་ཡང་སེམས་གྲིམས་སུ་བཏང་ལ་བཞག་པ་སོགས་སེམས་གནས་པའི་ཐབས་བསྒྲུབ་ཚུལ་སྒྱུ་འཕྲུལ་ཞི་བའི་བསྙེན་ཡིག་ལྟར་འདིར་བླངས་ཏེ་ཉམས་ལྔ་མཐར་ཕྱིན་པར་བསྒོམ། ཞི་བའི་སྐབས་ནས་བསམ་གཏན་འགྲུབ་ཟིན་ན་འདིར་ས་བཅད་རེ་རེ་ནས་ཐུན་ཆ་ཤས་ལས་ཡུན་རིང་པོར་མི་དགོས་པས། དེ་ཉིད་གོམས་པས་རླུང་སེམས་དབུ་མར་འདུས་ཏེ་རྟགས་བཅུའི་མཐོང་སྣང་རྫོགས་ཤིང་། གང་ཟག་དབང་རབ་ཀྱིས་སྣང་གསུམ་བརྟེན་པའི་དཔེའི་ཡེ་ཤེས་ཀྱང་བསྐྱེད་ནུས། དེ་ལྟར་མིན་ཀྱང་སྟོང་ཉིད་སྤྲོས་དང་བྲལ་བའི་གོ་ཡུལ་དང་མ་བྲལ་བའི་སེམས་གནས་ལ་བརྟན་པ་ཐོབ་ཚེ་མེད་བཞིན་དུ་སྣང་བའི་འཁོར་བ་ལ་བལྟས་ནས་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་བསྒོམ་པ་ལ་སྙིང་རྗེས་དང་སྙིང་རྗེའི་ཏིང་ངེ་འཛིན་ལ་བློ་སྦྱང་། དེ་ཉིད་གོམས་པས་སྟོང་ཉིད་ལ་བློ་བཞག་ཚེ་སྙིང་རྗེའི་རྩི་དང་མ་བྲལ་བ། དེ་ལྟར་མ་རྟོགས་པའི་སེམས་ཅན་མེད་སྣང་འཁྲུལ་པས་བསླུས་པ་ལ་སྙིང་རྗེ་རྩོལ་མེད་དུ་སྐྱེ་ཞིང་། སྙིང་རྗེ་བསྒོམ་ཀྱང་སྟོང་ཉིད་ཀྱི་རྩི་དང་མ་བྲལ་བ་བདག་གཞན་ཨ་འཐས་སུ་མི་གོལ་ཞིང་རྟེན་འབྲེལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་སྣང་བ་ལས་དོན་དུ་རང་བཞིན་མ་གྲུབ་པའི་སྟོང་ཉིད་ཀྱི་ངེས་ཤེས་སྐྱེས་པ་ན་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་ལ་གོམས་པར་བྱ་བ་ནི། དེ་བཞིན་ཉིད་དང་། ཀུན་སྣང་གཉིས་ཀའི་དོན་ཡིན་པས། ལམ་འདི་གཉིས་ཡ་མ་བྲལ་བར་ཉམས་སུ་བླང་དགོས་པས། གཞུང་གི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཨེ་མ་ཧོཿ ངོ་མཚར་སོགས་བརྗོད་ནས་དེ་ལ་བློ་འཇོག་ཚུལ་གོང་དུ་བཤད་པ་ལྟར་འཇོག །དེ་གོམས་ནས་ཀུན་སྣང་གི་ཏིང་ངེ་འཛིན། ཨེ་མ་ཧོཿ ཀུན་ཏུ་བཟང་པོ་ནི་སོགས་བརྗོད་དེ། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་བསྒོམ། དེ་གཉིས་རེ་རེ་ཡ་བྲལ་དུ་བསྒོམ་པས་རྫོགས་པའི་བྱང་ཆུབ་སྒྲུབ་མི་ནུས་ན་གཉིས་ཀ་དང་བྲལ་བས་ལྟ་ཅི་སྨོས་ཏེ། གྲུབ་བརྒྱའི་སྤྱི་མེས་ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ལྟ་བ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །གལ་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་། །འཁོར་བ་འདིར་གནས་ཐར་པ་ཡོད་དམ་ཅི། །གང་གི་གཉིས་པོ་སྦྱོར་བ་ནུས་པ་ནི། །སྲིད་པར་མི་གནས་མྱ་ངན་འདས་མི་གནས། །ཞེས་ཤེས་རབ་ཀྱི་སྲིད་རྩ་བདེན་པར་འཛིན་པའི་ལོག་རྟོག་བཅད་ནས་སྲིད་པར་མི་གནས་ཤིང་། སྙིང་རྗེས་བདག་འདོད་ཡིད་བྱེད་ཀྱི་འཛིན་པ་བཅད་ནས་ཞི་བ་ཉན་རང་གི་མཐའ་ལ་མི་གནས་པ་ཇི་སྐད་དུ། ཤེས་པས་སྲིད་པ་མི་གནས་ཤིང་། །སྙིང་རྗེ་ཞི་ལ་མི་གནས་པ། །མྱ་ངན་འདས་དང་འཁོར་མི་གནས། །མི་གནས་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་པ་བཞིན་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་གྱི་རྒྱལ་སྲས་སྤྱིའི་ལམ་ཆེན་ཡིན་པས་ནམ་ཡང་ཏིང་ངེ་འཛིན་གསུམ་ཡ་མ་བྲལ་བ་བསྒོམ་པ་ཤིན་ཏུ་གསང་བའི་ཟབ་མོའི་གནད་ཁྱད་པར་དུ་འཕགས་པ་འདིར་ནི། ངོ་བོ་སྟོང་པ་ཉིད། གདངས་སྙིང་རྗེ་ཆེན་པོ། རྣམ་པ་རྒྱུའི་ཡི་གེ་ཞི་ཁྲོ་གང་ཡང་རུང་བའི་ས་བོན་དུ་གསལ་བས། དཀྱིལ་འཁོར་གྱི་འཁོར་ལོ་རྟེན་བརྟེན་པར་བཅས་པ་སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པ་ལས་བསྐྱེད་པ་རྟེན་འབྲེལ་དུ་རང་བཞིན་མེད་པའི་འཆར་ཚུལ་དུ་གནད་གལ་ཆེ་བས། དེ་ལྟ་བུའི་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་གྱི་རྩལ་སྣང་རྒྱུའི་ས་བོན་གང་ཡང་རུང་བ་སྒོམ་པ་ལས། སྐབས་འདིར་ནི། ངེས་པ་ལས་ནི་རྡོ་རྗེ་ཆེ། །དེ་ལས་དཔལ་ཆེན་ཧེ་རུ་ཀ །འབར་བ་ཆེན་པོའི་གར་དགུ་ཡིས། །འཇིགས་པ་ཡི་ནི་དུས་ལྟར་དྲག །ཞེས་རང་རིག་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ཧཱུྃ་ཡིག་མཐིང་ནག་ཏུ་གསལ་ཞིང་འབར་བར་གྱུར་པ་ལ་སེམས་བཟུང་ལ་བསྒོམ། དེ་བརྟན་པ་ན་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ནས་གནམ་ལྕགས་ཀྱི་རྡོ་རྗེ་སྔོན་པོ་རྩེ་དགུ་པར་བསྒོམ་པ་སོགས་ལ་སེམས་གནས་སྒྲུབ་ཚུལ་ཞི་བ་ལྟར་ལགས། དེ་ཉིད་གོམས་ནས་ཅི་ཙམ་འདོད་ཀྱི་བར་དུ་མཉམ་པར་བཞག་ནུས་པའི་སྐབས་སུ་གཟོད་ཡིག་འབྲུ་དེ་ལ་དེ་འདྲ་གྲངས་མེད་པ་སྤྲོས་ཏེ་ནམ་མཁའི་ཁྱོན་གང་བ་དང་། སླར་ཡང་ཡིག་འབྲུ་དེ་ཉིད་ལ་བསྡུས་ཏེ་མཉམ་པར་འཇོག་པ་སོགས་ལ་གསལ་བརྟན་གྱི་ཚད་བརྒྱད་མ་ཐོབ་ཀྱི་བར་དུ་བསླབ་པ་ནི་ཕྲ་བ་ཡིག་འབྲུ་ལ་བསླབ་པ་ཞེས་བྱ་སྟེ། འདི་ཁོ་ན་གོམས་པས་ཀྱང་ཐུན་མོང་གི་དངོས་གྲུབ་དང་གྲུབ་རྟགས་ཅི་འདོད་པར་སྒྲུབ་ནུས་པས། དེ་ལྟར་ཏིང་ངེ་འཛིན་གསུམ་པོ་ལམ་ངེས་རྫོགས་ཀྱི་དབང་དུ་ན་བསྐྱེད་རིམ་རྒྱས་པ་བདག་སྲས་དང་གཞན་སྲས། འབྲིང་པོ་མངོན་བྱང་ལྔ་བསྐྱེད་དང་བཞི་བསྐྱེད། བསྡུས་པ་རྡོ་རྗེ་ཆོ་ག་གསུམ་བསྐྱེད་སོགས་གང་བསྒོམ་པ་ལ་མེད་ན་ཐབས་ཆག་ཅིང་། ཡོད་ན་དེས་ཆོག་གི་ཏིང་ངེ་འཛིན་ཡིན་པས་འདི་ལ་བློ་སྦྱང་བར་གོམས་པ་གཅེས་སོ། །དེ་ལྟར་ངེས་རྫོགས་ཙམ་མ་བྱུང་ཀྱང་། མོས་བསྒོམ་དུ་བྱེད་ཚེ་ཡང་ཐུན་ཐམས་ཅད་ཀྱི་མགོར་ཚིག་ཙམ་གྱིས་ཆོག་ཤེས་མི་བྱ་བར་ཆོ་གའི་ཡན་ལག་རྣམས་རྫོགས་པ་དང་། བློ་ལྷོད་ཀྱིས་ཀློད་ལ། དེ་ཏིང་ངེ་འཛིན་དང་ཀུན་སྣང་ལ། སེམས་མ་ཟིན་གྱི་བར་དུ་མཉམ་པར་བཞག །དེ་ནས་རྒྱུའི་ཏིང་ངེ་འཛིན་སོགས་རིམ་པ་ལྟར་བསྒོམ་ཞིང་ཉམས་ལེན་གྱི་གཙོ་བོ་སྟོང་ཉིད་སྙིང་རྗེ་དང་མ་བྲལ་བའི་བསྐྱེད་རིམ་མ་བརྟན་གྱི་བར་དུ་བཟླས་པ་དང་སྤྲོ་བསྡུ་སོགས་ལ་དོ་གལ་མི་བྱེད། མོས་བསྒོམ་དང་ངེས་རྫོགས་གང་ལྟར་བསྒོམ་ཀྱང་བསྐྱེད་རིམ་གྱི་སྐབས་ཐམས་ཅད་དུ་ཏིང་ངེ་འཛིན་གསུམ་ཡ་མ་བྲལ་བར་བསྒོམ་པ་ལས་རེས་འཇོག་གིས་མི་མཐུས། དེ་ཡང་དཔེར་ན་རྩིག་ངོར་རི་མོ་བྱེད་པའི་ཚེ་རྩིག་པ་ནི་གཞི་ཡིན་པས། དེ་མེད་ན་རི་མོ་གང་ལ་བྱེད། རྩིག་པ་ཡོད་ཀྱང་ཞལ་ལ་མེད་ན་རྩིག་ངོར་རི་མོ་འབྲི་མི་ནུས་པས་ཞལ་ལ་ནི་རི་མོ་དང་རྩིག་པ་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ལ། རི་མོ་བྲིས་ཟིན་པའི་སྐབས་ན་ཡང་རྩིག་པ་དང་རི་མོ་ཞལ་ལ་བཅས་པ་ཕུན་སུམ་ཚོགས་པ་ཡོད་པ་ལྟར། རྒྱུའི་ཏིང་ངེ་འཛིན་ལས་དཀྱིལ་འཁོར་གྱི་འཁོར་གྱི་འཁོར་ལོ་རྫོགས་པར་བསྒོམ་པའི་གནས་སྐབས་ན་ཡང་སྟོང་ཉིད་སྙིང་རྗེའི་རྩལ་སྣང་ལྷར་ཤར་བས་གསུམ་ཀ་ཡ་མ་བྲལ་བར་ཡོད་དགོས་ཏེ། རྒྱུ་མཚན་ཅིའི་ཕྱིར་སྙམ་ན། ཐ་མལ་གྱི་སྣང་བ་སྟོང་ཉིད་དུ་མ་དག་ན་དཀྱིལ་འཁོར་གྱི་འཁོར་ལོ་གང་དུ་བསྒོམ། དེས་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པ་དང་། འཁོར་འདས་དབྱེར་མེད་ཡིན་པའི་རྒྱུ་མཚན་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་ནས་མངོན་དུ་བྱེད་ནུས་པ་ཡིན་ཞིང་། སྟོང་ཉིད་ནི་བསྐྱེད་རིམ་གྱི་གཞི་ཡིན་ཏེ། མགོན་པོ་ཀླུས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་པ་བཞིན་ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན་ཞིང་ཐ་མལ་གྱི་སྣང་བ་བདེན་པར་གྲུབ་ན་ནི་བསྐྱེད་རིམ་བསྒོམ་མི་ནུས་ཏེ། ཇི་སྐད་དུ། གྲོ་སྲན་འབྲས་བུ་དབང་བསྐུར་ཡང་། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་པ་ལྟར། ཡེ་ནས་བདེན་གཉིས་དབྱེར་མེད་དག་མཉམ་ཆེན་པོར་གནས་པ་ལ། བློ་འཁྲུལ་པས་གནས་སྣང་མི་མཐུན་པར་བཟུང་སྟེ། ལོག་རྟོག་བདེན་པར་ཞེན་པས་ཐ་མལ་གྱི་སྣང་བ་འདི་ལ་བདེན་བདེན་གྲུབ་གྲུབ་ལྟར་ཞེན་པའི་དབང་གིས་སྣང་བ་ལས། ཡུལ་རང་གི་སྟེང་ན་བདེན་པ་གྲུབ་པའི་རང་མཚན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་པས་སྣང་བ་འདི་བློས་ཕར་བཏགས་པའི་འཁྲུལ་པ་མེད་པ་གསལ་སྣང་ཉག་གཅིག་ཏུ་འཇོག་པར་འདུས་པ་མདོའི་ལེའུ་ཉེར་བདུན་པ་དང་། ང་གཅིག་པར་གསུངས་པ་དང་། ངང་བསྒོམ་གྱི་རྣལ་འབྱོར་ཆེན་པོ་ཡན་ཆད་དུ་ཀུན་རྫོབ་བཏགས་ཡོད་འབའ་ཞིག་པར་གསུངས་པ་དང་། སྒྱུ་འཕྲུལ་གྱི་ལེའུ་གསུམ་པ་ནས། ལོག་རྟོག་ཉིད་ལ་ཉིད་སྤྱོད་པས། །ལོག་རྟོག་སྒྱུ་མ་ཉིད་ཀྱང་ངོ་། །ཞེས་སོགས་ཀྱིས་གསལ་བ་དང་རྒྱས་པར་བསྟན་པར་ལྟར་རོ། །དེ་ནས་ཆོས་ཐམས་ཅད་སྟོང་ཉིད་དུ་ཤེས་ཀྱང་སྙིང་རྗེ་ཆེན་པོའི་འཕེན་པ་དང་བྲལ་བ་ནི་གཞན་དོན་དུ་གཟུགས་ཀྱི་སྐུ་བཞེངས་མི་ནུས་ཏེ་ཉན་རང་འགོག་པར་ཞུགས་པ་ལ་གཟུགས་སྐུའི་འགྲོ་དོན་མཛད་པ་མི་འབྱུང་བ་བཞིན་ཡིན་པས། རྒྱུ་བསྐྱེད་རིམ་གྱི་དཀྱིལ་འཁོར་བསྒོམ་པ་ལ་སྟོང་ཉིད་སྙིང་རྗེ་གཉིས་གལ་ཆེ་བར་མ་ཟད་འབྲས་བུ་ཆོས་ཀྱི་སྐུ་ལས་གཟུགས་ཀྱིས་སྐུར་བཞེངས་པ་ལ་མེད་དུ་མི་རུང་བས་ཏིང་ངེ་འཛིན་གསུམ་པོ་གལ་ཆེ་བས་རྒྱས་པར་བཤད་པའོ། །གཉིས་པ་རྟེན་གཞལ་ཡས་ཁང་བསྒོམ་པ་དང་། བརྟེན་པ་ལྷ་བསྒོམ་པ་གཉིས་ཀྱི་རྟེན་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་ལ། སྔ་འགྱུར་བ་རང་ལུགས་ལ་སྐྱེ་གནས་བཞིའི་བག་ཆགས་སྦྱང་བ་ལམ་བསྐྱེད་རིམ་བསྒོམ་ཚུལ་ལའང་བཞི་སྟེ། སྒྱུ་འཕྲུལ་དྲྭ་བ་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་ནི་རྣམ་པ་བཞི། སྤྲོས་བཅས་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་པ་བཞིའོ། །ཞེས་འཁོར་བའི་འདྲ་འབག་སྐྱེ་གནས་རྣམ་པ་བཞིའི་བག་ཆགས་སྦྱོང་བ་ལ་ལྟོས་ཏེ་བསྐྱེད་ཚུལ་རྣམ་པ་བཞིར་བསྟན་པའི་དང་པོ་སྒོང་སྐྱེས་ཀྱི་བག་ཆགས་སྦྱོང་བ་རྒྱས་པ་ཆེན་པོ་བདག་སྲས་གཞན་སྲས་རྣམ་པ་གཉིས་ཀྱི་སྒོ་ནས་བསྐྱེད་ཚུལ་ཡང་། དེང་སང་ཁྲོ་བོ་དང་བཀའ་བརྒྱད་གཉིས་ལ་སྦྱར་ཚུལ་ཞིག་ཡོད་པ་ལས། སྒྱུ་འཕྲུལ་ཞི་བ་ལ་བདག་སྲས་དང་གཞན་སྲས་ཀྱི་བསྐྱེད་ཚུལ་གྱི་གོ་བ་ཞིག་ཀྱང་ཆགས་མི་སྣང་བས། ཞི་བར་སྦྱར་བའི་ཚུལ་སྒྱུ་འཕྲུལ་ལས། རང་བྱུང་དངོས་དང་མི་འགལ་ཞིང་། །འབྲས་བུ་ཉིད་ལ་ལམ་ཤེས་པས། །མ་ལུས་དཀྱིལ་འཁོར་ཐིག་ལེ་རྣམས། །བདག་གི་སྲས་སུ་བསྒོམ་པར་བྱ། །ཞེས་དང་། ཡེ་ཤེས་རྩེ་མོ་ལས། ཇི་ལྟར་སངས་རྒྱས་མཐུ་ལས་བྱུང་། །ལྷུན་གྱིས་གྲུབ་པའི་ཆོ་ག་དང་། །ཆོ་གའི་ཡན་ལག་རྫོགས་པ་ལ། །མཁས་པ་སངས་རྒྱས་སྲས་ཡིན་ནོ། །ཞེས་དང་། སྒྱུ་འཕྲུལ་ལས། གང་གིས་གང་ལ་གསོལ་བཏབ་པས། ཐུགས་རྗེ་བྱིན་བརླབས་སྦྱང་བྱས་ནས། །ཐུགས་ཞུགས་འདྲེས་པར་དབྱེར་མེད་ན། །སྲས་གྱུར་དགོངས་པ་ཅི་ལ་གནས། །ཞེས་པས། སྒྱུ་འཕྲུལ་དྲྭ་བ་ཆེན་པོ་རང་གི་རྒྱུད་ཀྱིས་དངོས་བསྟན་གྱིས་ཞི་བ་ལ་རྒྱས་པར་སྦྱར་ཡོད་མོད་ཀྱང་། འདིར་ནི་སྒྱུ་འཕྲུལ་ཁྲོ་བོ་དང་སྦྱར་ནས་འཆད་པ་སྐབས་སུ་བབས་པས། བདག་སྲས་དང་གཞན་སྲས་ཞེས་པའི་དོན་ནི། དེའང་ཐོག་མར་སྒོ་ང་དེ་ལས་གཟུགས་སུ་སྨིན་པ་ལྟར་གཉིས་ཀྱི་སྲིད་པའི་བག་ཆགས་སྦྱོང་བའི་གཉེན་པོའི་ཁྱད་པར་བདག་སྲས་གཞན་སྲས་ཀྱི་རྣམ་པས་བསྟན་པའི་དང་པོ་བསྐྱེད་གཞི་དབང་དུ་ན། བསྐྱེད་གཞི་བདག་གི་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ། རྒྱུའི་རྡོ་རྗེའི་འཛིན་པའི་རྣམ་པར་གསལ་བས། གཞན་འཁོར་འདས་སུ་བཟུང་བའི་སྣང་ཞེན་ཐམས་ཅད་བར་སྲིད་བསྡུ་བ་དང་མངལ་འབྱིན་གྱི་སྒོ་ནས་སྲས་སུ་བསྐྲུན་པ་ལ་བདག་གི་སྲས་སུ་གཞན་བྱ་བ་དང་། གཞན་འཁོར་འདས་སུ་སྣང་ཞིང་བཟུང་བ་ཐམས་ཅད་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་འཛིན་པར་གསལ་ལ། བདག་གི་ཕུང་ཁམས་སྐྱེ་མཆེད་དུ་འཛིན་པའི་ཆོས་ཐམས་ཅད་ཡིག་འབྲུ་དང་། མངལ་འབྱིན་གྱི་བྱ་བས་བསྐྲུན་པས་གཞན་གྱི་སྲས་སུ་བདག་བྱ་བ་ཞེས་གསུངས་ཤིང་། གཉིས་པ་བསྐྱེད་ཚུལ་དབང་གིས་གཞན་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་སུ་སྣང་བ་ཐམས་ཅད། བདག་འཁོར་བའི་སེམས་ཅན་གྱི་སྲིད་པ་སྐྱེ་བའི་རིམ་པ་དང་སྒོ་བསྟུན་ནས་ཡབ་ཡུམམཉམ་པར་སྦྱོར་བ་དང་། མངལ་འབྱིན་གྱི་སྒོ་ནས་བསྐྱེད་པ་ལ་བདག་གི་སྲས་སུ་གཞན་བྱ་བ་ཞེས་དང་། བདག་འཁོར་བའི་སེམས་ཅན་དེ་ཉིད་གཞན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་ལྷུན་གྱིས་གྲུབ་པའི་ཆོ་གའི་ཡན་ལག་རྫོགས་པའི་སྒོ་ནས། དཀྱིལ་འཁོར་གྱི་གཙོ་བོ་བསྐྱེད་པ་སངས་རྒྱས་ཀྱི་སྲས་སུ་བདག་བྱ་བ་ཞེས་གསུངས་ལ། ཞལ་རྒྱུན་ལ། སྔ་མ་རང་གི་རིགས་བདེ་བར་གཤེགས་པའི་སྙིང་པོའི་ཆེ་བ་འབྱིན་པའི་དོན་དང་། ཕྱི་མ་དེ་བཞིན་གཤེགས་པའི་གདུང་གི་རིགས་རྒྱུན་མི་བཅད་པའི་དགོས་པ་ཡིན་གསུངས་སོ། །འདིར་མན་ངག་ཏུ་བསྟན་པ་རིག་འཛིན་ཆེན་པོ་པདྨ་སམྦྷའི་དགོངས་པ་ལྟར་འཆད་པ་ལ། དང་པོ་སྒོ་ང་དེ་སྨིན་ནས་སེམས་ཅན་གྱུར་པ་བཞིན། དང་པོ་བདག་གི་སྲས་སུ་གཞན་བྱ་བ་ལ་ལྔ། གཞན་གྱི་སྲས་སུ་བདག་བྱ་བ་ལ་བརྒྱད་ལས། དང་པོ་ལ་རྒྱུའི་ས་བོན་ལས་གཙོ་བོ་ཡབ་ཡུམ་བསྐྱེད་པ་དང་གཅིག །ཕྱོགས་བཅུའི་སངས་རྒྱས་བཀུག་ནས་ཡུམ་གྱི་མཁའ་རུ་བསྟིམ་པ་དང་གཉིས། སེམས་ཅན་རྣམས་བཀུག་ལ་སྒྲིབ་པ་སྦྱང་བ་དང་གསུམ། གཉིས་སུ་མེད་པ་ལ་ཆེ་བ་བརྗོད་པ་དང་བཞི། མཁའ་ནས་བཏོན་ལ་དཀྱིལ་འཁོར་འགོད་པ་དང་ལྔ་ལས། དང་པོ་ནི་བསྒྲུབ་གཞིའི་རྣམ་པར་སྨིན་པའི་ལུས་ཏིང་ངེ་འཛིན་གསུམ་གྱིས་སྦྱངས་ནས་སྲུང་བའི་འཁོར་ལོའི་སྟེང་གི་བླ་བྲེས་ཀྱི་འོག་ནམ་མཁའི་དབྱིངས་སུ་རྒྱུའི་རྡོ་རྗེ་འཛིན་པ་ཡབ་ཡུམ་བསྐྱེད་པ་ནི། སྒྲུབ་པའི་ཐབས་ཀྱི་ངེས་པ་ལས་ནི་སོགས་ནས། གར་དགུ་དང་ལྡན་པར་གྱུར་ཞེས་པའི་བར་གྱི་བསྟན་ཏེ། རྒྱུའི་ཡི་གེ་ཧཱུྃ་ཡིག་མཐིང་ནག་ལ་སེམས་དམིགས་པ་བརྟན་པར་གྱུར་པ་ནི་གཟོད་དེ་ལས་ཧཱུྃ་གིས་འོད་ཟེར་ནམ་མཁའ་གང་བར་འཕྲོས་ནས་དོན་གཉིས་བྱས། མཁའ་ཁྱབ་ཀྱི་ཧཱུྃ་རྣམས་གཞིའི་ཧཱུྃ་ལ་ཐིམ། དེ་འོད་དུ་ཞུ་བ་ལས་རྡོ་རྗེ་སྔོན་པོ་རྩེ་དགུ་པར་གྱུར། ཡང་དེ་ལས་འོད་ཟེར་འཕྲོས་རང་གཞན་གྱི་དོན་གཉིས་བྱས་ནས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྒྱུའི་ཧེ་རུ་ཀ་སྐུ་མདོག་སྨུག་ནག་ཅིར་ཡང་འགྱུར་བ་རྡོ་རྗེ་དང་དུང་ཁྲག་འཛིན་པ་འབར་བའི་གར་དགུ་དང་ལྡན་པ་གསལ་ནས། གསལ་བརྟན་གྱི་ཚད་མངོན་དུ་མ་གྱུར་པར་བསྒོམ། གཉིས་པ་དེའི་མཁའ་གསང་དུ་ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱན་དྲངས་ནས་བདག་གི་སྲས་སུ་བྱ་བའི་ས་བོན་སྒྲུབ་པ་ནི། རྟེན་གཞལ་ཡས་ཁང་བསྒོམ་པ་དང་། བརྟེན་པ་ལྷ་བསྒོམ་པ་གཉིས། དང་པོ་ལ་གསུམ་ལས། གཞི་དབང་ཆེན་གྱི་དཀྱིལ་འཁོར་བསྒོམ་པ་ནི། རྒྱུའི་ཧེ་རུ་ཀའི་ཐུགས་ཀའི་ཧཱུྃ་ལས་ཡུམ་ལྔའི་ས་བོན། ཨེ་ཡཾ་ར་སུཾ་ཀེཾ་རཾ་རྣམས་ཆད་ཞེས་པ་ནས། སྟེང་གི་འབར་བའི་ཀློང་དཀྱིལ་ན། ཞེས་པའི་བར་གྱིས་གསལ་གདབ་སྟེ། དེ་དག་ཀྱང་ཕྱི་ལྟར་ན་འབྱུང་བ་ལྔ། ནང་ལྟར་ན་སེམས་ལྔའི་རང་བཞིན། གསང་བ་ལྟར་ན་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའོ། །ཞེས་དག་དྲན་དང་བཅས་ཏེ་གསལ་བར་བསྒོམ། གཉིས་པ་རྟེན་གཞལ་ཡས་ཁང་བསྒོམ་པ་དངོས་ནི། རི་རབ་ཀྱི་སྟེང་དུ་སོགས་ནས། འབར་བའི་ཕྲེང་བ་མང་པོ་འཁྲུགས། །ཞེས་པའི་བར་གྱིས་སྲུང་བའི་འཁོར་ལོའི་ལྟེ་བར་འབྱུང་ལྔ་རིམ་བརྩེགས་ཀྱི་རི་རབ་སྟེང་དུ་གཞལ་ཡས་ཁང་ཕྱི་ནང་རིམ་པ་གཉིས་ཀྱི་ཕྱི་བྷནྡྷ་འམ་རིན་པོ་ཆེ་ནང་ཐོད་པས་བརྩིགས་པའི་གཞལ་ཡས་ཁང་གསལ་བར་བསྒོམ། གསུམ་པ་གདན་བསྐྱེད་པ། གཞལ་ཡས་ཁང་གི་སོགས། དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། །ཞེས་པའི་བར་གྱིས་གཙོ་འཁོར་རང་རང་དང་འཚམས་པའི་གདན་གསལ་བཏབ། དེ་ནས་གཉིས་པ་ལྷ་བསྐྱེད་པ་ནམ་མཁར་གནས་པའི་སོགས་ནས། འབྲས་བུའི་ཧེ་རུ་ཀར་གྱུར་པ་ནི། ཞེས་པའི་བར་གྱིས་བདག་གི་སྲས་སུ་བྱ་བའི་ས་བོན་བསྒྲུབ་པ་དང་། གསུམ་པ་སེམས་ཅན་རྣམས་བཀུག་ནས་སྒྲིབ་པ་སྦྱངས་ཏེ། འཁོར་འདས་རོ་གཅིག་ཏུ་ཞུ་བ་དང་། བཞི་པ་གཉིས་མེད་ཀྱི་རང་བཞིན་ལ་ཆེ་བ་བརྗོད་པ་རྣམས་བསྟན་ཏེ། ནམ་མཁར་གནས་པའི་རྒྱུའི་ཧེ་རུ་ཀ་སྐར་མདའ་ཆད་པ་བཞིན་དུ་དཀྱིལ་འཁོར་གྱི་ཏོག་གི་རྩེ་མོ་ནས་མར་བབས། དཀྱིལ་འཁོར་གྱི་དབུས་ཀྱི་གདན་དུ་འཁོད་པ་ལས། དེ་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་སྐུ་མདོག་སྨུག་ནག་ཅིར་ཡང་འགྱུར་བ་དབུ་དང་ཕྱག་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་དང་མཉམ་པས་མཚོན་ཆ་སྣ་ཚོགས་འཛིན་པ་གྱུར་ཏེ། ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་ལས་ཁྲོ་མོ་དབྱིངས་ཕྱུག་མ་ཆེན་པོ་མངོན་དུ་ཕྱུང་ཏེ་ཧི་ཧི་ཞེས་དགྱེས་པའི་གདངས་ཀྱིས་ཡབ་ལ་སྲས་བསྐྱེད་པར་གསོལ་བ་བཏབ་པས། ཡབ་ཀྱི་ཞལ་ནས་ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་སོགས་ཀྱི་སྔགས་བརྗོད་པ་དང་ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ལས་གླེང་གཞི་ལྟར་འཇིག་རྟེན་དྲུག་གི་ཕྱོགས་བཅུར་ཁྱབ་པར་ཁྲོ་བོ་འཆོལ་བ་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པ་དཔག་ཏུ་མེད་པ་སྤྲོས། ལྟས་ཆེན་པོ་བཅོ་ལྔས་གདུག་པ་ཅན་གྱི་ཚོགས་རྣམས་ཚར་བཅད་ནས། ཕྱོགས་བཅུའི་སངས་རྒྱས་ཀྱི་སྤྲུལ་པའི་ཁྲོ་བོ་རྣམས་ལས་རྡོ་རྗེ་རིགས་ཀྱི་ཁྲོ་བོ་རྣམས་རང་ལ་བསྟིམ་པས་སྲས་ཀྱི་ས་བོན་བསྐྲུན། གདུག་པ་ཅན་གྱི་གཙོ་བོ་བྱས་ཏེ་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱང་། དྭངས་མའི་ངོ་བོ་སེམས་ཉིད་ཀྱི་ཡེ་ཤེས་བཀུག་སྟེ་སྔ་མའི་རང་གི་བྱང་ཆུབ་ཀྱི་སེམས་དང་གཉིས་མེད་དུ་འདྲེས་པས་འཁོར་འདས་རོ་གཅིག་ཏུ་ཞུ་བས་འཁོར་འདས་གཉིས་མེད་ཀྱི་རང་བཞིན་ལ་ཆེ་བའི་ང་རྒྱལ་བརྗོད་པ་ནི། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །ཞེས་ང་རྒྱལ་གསལ་བའོ། །ལྔ་པ་དེའི་རྐྱེན་གྱིས་འབྲས་བུའི་རྡོ་རྗེའི་འཛིན་པར་བཞེངས་པའི་མཁའ་གསང་ནས་འཁོར་རྣམས་བཏོན་ཏེ་དཀྱིལ་འཁོར་དུ་འགོད་པ་ལ་བདག་གི་སྲས་སུ་སངས་རྒྱས་བྱ་བ་ནི། སྒྲུབ་ཐབས་ཀྱི་འབྲས་བུའི་ཧེ་རུ་ཀར་གྱུར་པ་ནི། ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ་སོགས་ནས། རྒྱན་ཆ་ལུགས་གསལ་ཞིང་གཟི་བརྗིད་དང་ལྡན་པར་གྱུར་བར་གྱིས་བསྟན་པས། དེ་ལ་ནང་གསེས་སུ་འབྲས་བུའི་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟར་གནག་པ་ཉི་མ་བྱེ་བའི་གཟི་བྱིན་འབར་བ། ཡུམ་ཀྲོ་ཏི་ཤྭ་རཱི་མ་སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་གཅེར་བུ་སྐྲ་གྲོལ་བ་ལང་ཚོས་སྒེག་པའི་རྣམ་འགྱུར་ཅན། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་བདག་ཉིད་ཅན་དུ་གསལ་ཞིང་། དེ་ནས་གཉིས་པ་རིགས་བསྡུ་བསྔར་སྔགས་ཀྱིས་སྤྲུལ་པ་སྤྲོ་བའི་རྡོ་རྗེ་རིགས་ཀྱི་ཁྲོ་བོ་རྣམས་གཙོ་བོ་ཡབ་ཡུམ་ལ་བསྟིམ་པའི་ལྷག་མ། དེ་བཞིན་གཤེགས་པའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་ཀྱི་ཁྲོ་བོ་བསམ་གྱིས་མི་ཁྱབ་པའི་ཚོགས་སྤྲོས་པ་རྣམས་ཕྱོགས་སོ་སོར་འདུས་ནས་གཅིག་ཏུ་གྱུར་ནས། རིགས་བཞིའི་ཧེ་རུ་ཀའི་སྐུར་གྱུར་ནས་ཕྱོགས་བཞིའི་འཁོར་ལོའི་རྩིབས་བཞིར་རང་རང་གི་གདན་ལ་བཞུགས་པ་གསལ་བ་ནི། སྒྲུབ་ཐབས་ཀྱི་དེ་བཞིན་གཤེགས་པའི་རིགས་སོགས་ནས་གཡས་བརྐྱང་བའི་སྟབས་ཀྱིས་བཞུགས་པའོ། །ཞེས་པའི་བར་གྱིས་གསལ་བཏབ། གསུམ་པ་སྲས་མོ་ཉི་ཤུ་མངལ་འབྱིན་གྱི་སྒོ་ནས་བསྐྱེད་པ་ནི། དེ་ནས་རིགས་ལྔའི་ཁྲག་འཐུང་སོགས་ནས་གཟི་བརྗིད་དང་ལྡན་པར་བསམ་གྱི་བར་གྱིས་བསྟན་པས། རིགས་ལྔའི་ཁྲག་འཐུང་ཡབ་ཡུམ་རྣམས་རྗེས་སུ་ཆགས་པར་སྙོམས་པར་ཞུགས་ཏེ། དགྱེས་པའི་བཞད་སྒྲ་ཧ་ཞེས་བརྗོད་པ་དང་། བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཁྲོ་མོ་བརྒྱད་ཕྲག་ལྔ་ཐོན་ནས། སླར་ཡང་རིགས་གཅིག་ཏུ་བསྡུས་ཏེ། འཁོར་ལོའི་གྲྭ་དང་གྲུ་ཆད་བཞིའི་ཀ་རཱི་མ་བརྒྱད་གསལ་ལ། དེ་བཞིན་དུ་ཧེ་བརྒྱད་ཀྱིས་གསེར་ཁྱམས་གྱི་ཕྱོགས་མཚམས་བརྒྱད་དུ་སེང་ཧ་མ་བརྒྱད་གསལ་བཏབ། སླར་ཡང་དགྱེས་པའི་བཞད་སྒྲ་ཕཊ་ཅེས་བརྗོད་པ་དང་བྱང་ཆུབ་ཀྱི་སྤྲིན་ལས་སྒོ་སྐྱོང་བཞི། བཞི་ཕྲག་ལྔ་ཐོན་ནས་སླར་ཡང་རིགས་བསྡུས་ཏེ་སྒོ་བཞིར་སྒོ་མ་བཞི་གསལ་གདབ་པ་སྟེ། དེ་དག་ནི་ཡབ་ཡུམ་གྱི་མཁའ་ལས་ངོ་མཚར་སྲས་ཀྱི་དཀྱིལ་འཁོར་ཡུམ་གྱི་མཁའ་ལས་བཏོན་ཏེ་དཀྱིལ་འཁོར་ལ་འགོད་པའོ། །འདི་དག་ནི་བདག་གི་སྲས་སུ་གཞན་བྱ་བ་ལ་ས་བཅད་ལྔར་གསུངས་པ་འདིར་སྒྱུ་འཕྲུལ་ཁྲོ་བོ་དང་སྦྱར་ཏེ་ནང་གི་དབྱེ་བ་རྣམས་ནི་སྒྲུབ་ཐབས་ཀྱི་དཀྱུས་བཞིན་བཤད་པ་དང་སྒྲུབ་ཐབས་གཞན་ལའང་ཅི་རིགས་པས་སྦྱར་དུ་རུང་བར་བྱས་པའོ། །གཉིས་པ་གཞན་སྲས་ཀྱི་བྱ་བ་ལ། སྒོ་ང་སྨིན་པས་སེམས་ཅན་དུ་གྱུར་པ་དང་མཐུན་པར་སྦྱང་བྱེད་ཀྱི་གཉེན་པོ་ལ་བརྒྱད་དེ། གཙོ་བོ་ཡབ་ཡུམ་ཞུ་སྟེ་རྒྱུའི་ས་བོན་དུ་གྱུར་པ་དང་གཅིག །དེ་ལས་ཡབ་ཡུམ་དུ་བསྐྱེད་པ་དང་གཉིས། ཡབ་ཀྱི་རྟོག་ཚོགས་ལས་ཡི་གེ་བསྐྱེད་པ་དང་གསུམ། ཡུམ་ལས་འོད་འཕྲོས་ཞིང་ལྷ་ལ་སྲས་བསྐྲུན་པར་གསོལ་བ་གདབ་པ་དང་བཞི། དཀྱིལ་འཁོར་ཐམས་ཅད་བདག་ཡབ་ཡུམ་ལ་བསྟིམ་པས་ཡེ་ཤེས་པར་ང་རྒྱལ་བསྐྱེད་པ་དང་ལྔ། ཡབ་ཡུམ་སྦྱོར་བ་བྱ་ཞིང་མཁའ་རུ་དཀྱིལ་འཁོར་བསྐྱེད་པ་དང་དྲུག །བདག་གི་རྟོག་པ་ཞེ་གཉིས་ལྷ་སྐུར་གྱུར་ཏེ་ཕྱིར་གདོན་པ་དང་བདུན། ཡེ་ཤེས་པ་སྤྱན་དྲངས་ཤིང་རྒྱས་གདབ་པ་དང་བརྒྱད་ལས། དང་པོ་ལ་ཞལ་རྒྱུན་དུ་གཙོ་བོ་འོད་དུ་ཞུ་ནས་ཐིག་ལེ་མཐིང་ནག་གི་གོང་བུ་ས་བོན་ཕྱག་མཚན་གྱིས་མཚན་པར་གྱུར་པའི་སྒོ་ང་གཉིས་པ་དེ་འབྲས་བུའི་རྡོ་རྗེ་འཛིན་པར་བཞེངས་པ་སྒོང་ཁྱིམ་བརྟོལ་ནས་བཙས་པ་སོགས་གསུངས་ཀྱང་། འདིར་ནི་སྒྱུ་འཕྲུལ་རང་གི་དགོངས་པ་ལྟར། སྣང་བའི་ཞེན་པ་སྦྱོང་བ་དང་། སྟོང་པའི་འཛིན་པ་སྦྱང་བ་གཉིས་ལས། དང་པོ་སྣང་ཞེན་སྦྱོང་བ་ལའང་། བསྐུལ་ཚིག་ཏིང་ངེ་འཛིན་གསལ་གདབ་པ་དང་གསུམ་ལས། དང་པོ་ནི་དཀྱུས་ལས་གཙོ་བོའི་སོགས་ནས། བདག་སྦྱོར་ཅིག་གི་བར་གྱིས་བསྟན་ཏེ། གཙོ་བོའི་ཐུགས་ཀ་ནས་རིག་པའི་ཀུན་ཏུ་བཟང་པོ་སེམས་དཔའི་རྒྱུན་ལྡན་རྣམ་སྨིན་ལུས་ཀྱི་རྣམ་པ་ཅན་རྐང་པའི་ལོང་བུ་སྤྲད་ཅིང་ཐལ་མོ་སྦྱར་བའི་རྣམ་པ་ཐོན། དཀྱིལ་འཁོར་ལ་བསྐོར་ནས་ཤར་ཕྱོགས་དགའ་བ་ཆེན་པོའི་སྒོ་ནས་མེ་ཏོག་གཏོར་ནས། ༀ། སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་གསོལ་བ་བཏབ་བོ། །གཉིས་པ་ནི་སྒྲུབ་ཐབས་ལས། ལྷ་རྣམས་ཀྱི་རྗེས་སུ་གནང་བ་སོགས་ནས། གོང་བུར་འབར་བར་གྱིས་བསྟན་པས། ལྷ་རྣམས་ཀྱིས་བདག་ལ་རྗེས་སུ་དགོངས་ཏེ་ཐབས་དང་ཤེས་རབ་ཀྱི་འོད་ཟེར་སྤྲོས་པས། བདག་གི་སེམས་དང་སེམས་བྱུང་གི་རྟོག་པ་དང་། དེ་ལས་གྱུར་པའི་རྣམ་སྨིན་ལུས་ངག་སྦྱང་། གཟུང་འཛིན་གཉིས་བྲལ་གྱི་རང་བཞིན་གསེར་ཞུན་མ་ལྟ་བུའི་གོང་བུར་གྱུར་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་འོད་ཟེར་ཡི་གེ་གསུམ་གྱི་རྣམ་པས་བདག་ལ་བསྟིམ་པས། གོང་བུ་ཉིད་ཀྱང་དེ་དང་གཉིས་སུ་མེད་པའི་ༀ་ཨཱཿཧཱུྃ་གསུམ་དུ་གྱུར་ནས། ༀ་ཨཱཿལ་ཐིམ། ཨཿཧཱུྃ་ལ་ཞུགས་པ་ཟླ་བ་དང་རླུང་དཀྱིལ་ལ་གནས་པར་གྱུར་པས། དེ་རླུང་གིས་བཏེགས་པས་བུང་བ་མེ་ཏོག་ལ་ལྡིང་བ་ལྟར། དཀྱིལ་འཁོར་ཐམས་ཅད་ལ་ལན་གསུམ་བསྐོར་ནས་གཙོ་བོའི་ཐུགས་ཀར་མདའ་འཕང་བ་ལྟར་སོང་བའི་རྐྱེན་གྱིས་ཡབ་ཡུམ་བདེ་བའི་རོས་ཚིམ་ནས་བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པར་ཞུ་བ་སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཐོན་པ་འོད་ཀྱི་གོང་བུ་གནས་པ་ལས་གཙོ་བོ་ཡབ་ཡུམ་ཡང་རྗེས་སུ་ཆགས་པའི་སྦྱོར་བས་བདེ་བའི་ངོ་བོར་ཞུ། འཁོར་རྣམས་ཀྱང་ཧཱུྃ་ཧ་ཧེ་ཕཊ་ཅེས་རང་རང་གི་གསང་སྔགས་བརྗོད་པའི་རྐྱེན་གྱི་དབུས་ཀྱི་ཐིག་ལེ་ལ་རོ་གཅིག་ཏུ་གྱུར་པ་ལས་གསེར་ཞུན་ལྟ་བུའི་འོད་ཀྱི་གོང་བུར་གྱུར་པར་བསམ། ཞལ་རྒྱུན་དུ་གཙོ་འཁོར་རྣམས་འོད་དུ་ཞུ་བ་རང་གི་ཁ་དོག་ཅན་ས་བོན་གྱིས་མཚན་པ་རང་རང་གི་གདན་ཐོག་ཏུ་སྒོང་ཁྱིམ་བཀྲམ་པ་ལྟར་གསལ་བ་ཞིག་སྣང་། གསུམ་པ་ནི་གཞུང་གི། ཐབས་དང་ཤེས་རབ་གཉིས་མེད་པ། །ཡེ་ཤེས་ཀྱིས་ནི་རྣམ་རྟོག་ཀྱང་། །གསེར་ཞུན་ལྟ་བུའི་སེམས་དག་ལས། །གསུང་གི་བྱིན་བརླབས་འོད་ཀྱི་འབྲུ། །ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིབས། །རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར། །ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །ལྷ་རྣམས་སོ་སོའི་སྙིང་པོའི་སྒྲ། །ཧཱུྃ་ཧ་ཧེ་ཕཊ་ཅེས་བྱུང་བ། །བྱང་ཆུབ་སེམས་སུ་གཅིག་པར་ཐིམ། །ཞེས་ཤིན་ཏུ་གསལ་གདབ་བོ། །གཉིས་པ་སྟོང་ཕྱོགས་ཀྱི་ཞེན་པ་སྦྱོང་བ། དེ་ལས་འབྲས་བུའི་རྡོ་རྗེ་འཛིན་པ་ཡབ་ཡུམ་སྐྱེ་མཆེད་རྫོགས་པ་སྒོང་ཁྱིམ་བརྟོལ་བ་ལྟར་བསྐྱེད་པ་ལ། སྒྲུབ་ཐབས་ལས་གཙོ་བོ་ཡབ་ཡུམ་བསྐྱེད་པ། ཡན་ལག་གི་ལྷ་བསྒོམ་པ། འཁོར་སྤྲོ་བ་གསུམ་དུ་བསྟན་པའི་དང་པོ་ནི། ཧཱུྃ་ཧཱུྃ་ཞེས་པ་ནས། དབང་ཕྱུག་ཆེན་པོའི་ངོ་བོར་བཞུགས་པའི་བར་གྱིས་བསྟན་ཏེ། བཀའ་བརྒྱད་ལས། འདི་ནས་ཆོས་ཉིད་སྟོང་པའི་དབྱིངས་ནས་ཡུམ་གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ་མཐིང་སྐྱ་དབུ་དགུ་ཕྱག་བཅོ་བརྒྱད་པའི་རྣམ་པར་བཞེངས་ཏེ། བཅོམ་ལྡན་འདས་ཆོས་སྐུ་ཞི་བའི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་པར་བསྐུལ་བ། ཡེ་ཤེས་རྒྱ་མཚོ་རྣམ་པར་གྲོལ་ཀློང་སོགས་ཀྱིས་བསྐུལ་བ་གསན་ནས་འབྲས་བུའི་རྡོ་རྗེ་འཛིན་པ་གསུངས་ཀྱང་། འདི་ནི་ཧཱུྃ་ཧཱུྃ་ཞེས་བརྗོད། གདན་སྟེང་གི་འོད་ཕུང་དེ་ཉིད་ཧཱུྃ་ཟུང་གཅིག་ཏུ་གྱུར་པ་འོད་ཟེར་གྱི་འཕྲོ་འདུས་དོན་གཉིས་བྱས། སླར་འདུས་ཧཱུྃ་ལ་ཐིམ། འོད་དུ་ཞུ་བ་ལ། ༀ་བཛྲ་གྷཎྜེ་ཞེས་བརྗོད་པས། རྡོ་རྗེ་རྩེ་དགུ་པ་དང་། དྲིལ་བུ་ཧཱུྃ་ཡིག་གིས་མཚན་པར་གྱུར་པ་ལས། སླར་ཡང་འོད་ཟེར་འཕྲོ་འདུས་འོད་དུ་ཞུ་བ་ལས། ༀ་ཤྲཱི་ཧེ་རུ་ཀ་ཧཱུྃ་སོགས་གོང་བཞིན་དུ་གཙོ་བོ་བསྐྱེད་པའོ། །ནང་གསེས་གཉིས་པ་ཡན་ལག་གི་ལྷ་བསྐྱེད་པ་ནི། རང་གི་ཐུགས་ཀར་རིན་པོ་ཆེའི་གུར་ཁྱིམ་སོགས་ནས། ཨཏྨ་ཀོ྅་ཧྃ་བར་གྱིས་སེམས་དཔའ་སུམ་བརྩེགས་སུ་གསལ་བ་ལ་ཡེ་ཤེས་ལྔའི་དབང་བསྐུར། རྡོ་རྗེ་གསུམ་གྱིས་རྒྱས་གདབ་པའོ། །རྩ་བའི་གསུམ་པ་ཡབ་ཀྱི་རྟོག་ཚོགས་ཡི་གེ་བསྐྱེད་པ་དང་། སྒྲུབ་ཐབས་ཀྱི་གསུམ་པ་ངོ་མཚར་སྲས་ཀྱི་དཀྱིལ་འཁོར་སྤྲོ་བ་དང་། དབང་ཕྱུག་མ་ཉེར་བརྒྱད་ཀྱི་དཀྱིལ་འཁོར་སྤྲོ་བ་གཉིས་ཀྱི་དང་པོ་སྲས་སྤྲོ་བ་ལ་མཁའ་གསང་བྱིན་གྱི་བརླབས་པ། གསལ་གདབ་པ། སྐུ་བསྐྱེད་པ་དང་གསུམ་ལས། དང་པོ་ནི་སྒྲུབ་ཐབས་ལས། ཡབ་ཀྱི་གསང་གནས་སོགས་ནས། བཀྲ་ལམ་གྱིས་གསལ་བར་གྱུར་གྱི་བར་གྱིས་བསྟན་པས། འདས་རྩ་བའི་གསུམ་པ་དབང་པོ་ཡུལ་ལ་སད་པའི་རྟོག་ཚོགས་ཡི་གེ་སྤྲིན་དུ་སྤྲོས་ནས། ལྷའི་དཀྱིལ་འཁོར་དུ་སྒྲུབ་པའི་ཡབ་ཀྱི་རྩ་ཁམས་སུ་ཧཱུྃ་ཧ་ཧེ་ཕཊ་ཀྱི་ཡི་གེ་གསལ་བ་དང་། རྩ་བའི་བཞི་པ་ཡུམ་ལས་འོད་འཕྲོས་ལྷ་ལ་གསོལ་བ་གདབ་པ་ནི། ཡབ་ཡུམ་འདོད་ཆགས་ང་རོ་བརྗོད། །བྱིན་གཉིས་དམ་དུ་རབ་འཁྱུད་དེ། །ལག་པ་དམ་འཁྱུད་མ་མཆུ་གཞིབ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་སྲས་བསྐྱེད་ཅིག །ཅེས་གསོལ་བ་བཏབ་པར་བསམ་མོ། །རྩ་བའི་ལྔ་པ་བཀའ་བརྒྱད་ལྟར་ན། ལྷ་གནས་སོ་སོར་ས་བོན་སྒོང་ཁྱིམ་ལྟར་བཀྲམ་པའི་དཀྱིལ་འཁོར་ཐམས་ཅད་གཙོ་བོའི་ཤངས་ཀྱི་རླུང་རིང་ནང་དུ་རྔུབས་པ་དང་ལྷན་ཅིག་པར་སྒོང་ཁྱིམ་ཐམས་ཅད་ཤངས་ཀྱི་རླུང་དང་འདྲེས་ནས་རང་གི་བྱང་ཆུབ་ཀྱི་སེམས་ལ་བསྟིམ་པར་བསམ་ནས། འདོད་ཆགས་ཆེན་པོའི་ཚུལ་གྱིས་ནི། །ཡེ་ཤེས་དཀྱིལ་འཁོར་ཀུན་བསྡུས་ཏེ། །འཁོར་རྣམས་ཐུགས་ལ་བཞུགས་པ་ཡི། །ཤེས་རབ་མ་ནི་དགའ་བར་བྱ། །ཞེས་པ་བཞིན་བསམ་མོ། །རྩ་བའི་དྲུག་པ་མཁའ་གསང་བྱིན་གྱིས་བརླབས་ཏེ་ཕྱག་རྒྱ་བཞིས་སྙོམས་པར་ཞུགས་པ་སྒྲུབ་ཐབས་གཞུང་གིས་དངོས་སུ་བསྟན་པ་སྟེ། ཆགས་པ་ལྕགས་ཀྱུ་ཞེས་བྱ་སྟེ། །པདྨར་བཙུད་པ་ཞགས་པ་མོ། །ཁ་འགྱེད་པ་ནི་སྒྲོག་ཡིན་ཏེ། །སྒྲ་གྲགས་པ་ནི་དྲིལ་བུའོ། །ཞེས་སོ། །ཕྱག་རྒྱ་བཞིའི་བགྲོད་ཀྱིས་སྙོམས་པར་ཞུགས་ནས་བདེ་བ་ཆེན་པོའི་སྒྲ་དང་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་ཞལ་དུ་ཞུགས་པས་རྗེས་སུ་ཆགས་པའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བས་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨོར་ལན་གསུམ་དུ་སྤྲོས་པ་ལས། བཀའ་བརྒྱད་ལྟར་ན། ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །དང་པོར་བབ་པ་གཞལ་མེད་ཁང་། །གཉིས་པ་གདན་གྱུར་གསུམ་པ་ལས། །ཡབ་ཀྱི་རྟོག་ཚོགས་ཡི་གེར་རྫོགས། །བྷ་ག་ཉིད་དུ་ལྷ་རྣམས་བསམ། །ཞེས་ཡི་གེའི་ས་བོན་ཡོངས་སུ་གྱུར་པ་ལས། ཡུམ་མཁར་ལྷ་ཚོགས་གསལ་གདབ་པ། ལྷ་སོ་སོའི་གསང་སྔགས་བརྗོད་པའི་རྐྱེན་གྱིས་སྐུ་ཡོངས་སུ་རྫོགས་པར་གྱུར་པ། དེ་རྣམས་ཛཿཞེས་བརྗོད་པ་ཙམ་གྱིས་ཡུམ་གྱི་མཁའ་ནས་བཏོན་ཏེ་མདུན་གྱི་ནམ་མཁའ་བཞག་པ་ལ་ༀ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། འོད་ཟེར་འཕྲོ་འདུས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ནས་རང་རང་གི་གདན་ལ་བཞུགས་པར་བསམ་པའོ། །སྒྲུབ་ཐབས་འདིར་ནི་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁར་ལན་གསུམ་དུ་སྤྲོས་པའི་དང་པོས་ཐིག་གདབ། གཉིས་པས་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས། གསུམ་པས་གཞལ་ཡས་ཁང་དེར་ལྷ་རྣམས་ཀྱི་ས་བོན་ཡིག་འབྲུའི་དཀྱིལ་འཁོར་བཀྲ་ལམ་གྱིས་གསལ་བར་བསམ་ལ། གཉིས་པ་དེའི་དོན་ནན་ཏན་གྱིས་གསལ་གདབ་པ་ནི། བསྙེན་པ་དང་ནི་ཉེར་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཡུམ་གྱི་པདྨོའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་དུ། །སངས་རྒྱས་སྤྲིན་ཚོགས་མ་ལུས་པ། །དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ། །ཞེས་སོ། །རྩ་བའི་བདུན་པ་བདག་གི་རྟོག་ཚོགས་ལྷ་གྱུར་ནས་ཕྱིར་གདོན་པ་ནི། གསུམ་པ་ལྷར་བསྐྱེད་པ་ནི། ༀ་བཛྲ་མ་ཧཱ་ཤྲཱི་ནས། ཛྭ་ལ་ནི་ཧཱུྃ་ཕཊ་ཞེས་སོགས་ནས། ཞལ་ཕྱིར་ཕྱོགས་ནས་བཞེངས་པའོ། །ཞེས་པས་བར་གྱིས་ངོ་མཚར་སྲས་ཀྱིི་དཀྱིལ་འཁོར་རིགས་ལྔ་སོགས་སྒོ་མ་བཞི་བཅས་མངལ་འབྱིན་གྱི་སྒོ་ནས་སྤྲོས་པ་ནི། གཙོ་བོའི་སྔགས་བརྗོད་པའི་རྐྱེན་གྱིས། ཡུམ་མཁའ་གཞལ་ཡས་ཁང་གི་དབུས་ཀྱི་ཧཱུྃ་གཉིས་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་གྱུར་པ། ཕཊ་ཛཿཞེས་པས་མཁའ་ལས་སྤྲོས་ཏེ་མདུན་གྱི་ནམ་མཁར་བཞུགས་པར་གྱུར་ནས་འོད་ཟེར་སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབས། བདག་ཉིད་གཙོ་བོ་ཡབ་ཡུམ་ལ་ཐིམ་ནས་གཉིས་སུ་མེད་པར་གྱུར་པར་བསམ་མོ། །དེ་བཞིན་དུ་རིགས་བཞིའི་ས་བོན་རྣམས་རིམ་པ་བཞིན་རིགས་བཞིའི་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་གྱུར་པ། ཕཊ་ཛཿས་མཁའ་ལས་བཏོན་ཏེ། ཕྱོགས་བཞིའི་གདན་གྱི་ནམ་མཁར་བཞུགས་ནས་སྔར་བཞིན་འོད་ཟེར་སྤྲོ་བསྡུའི་སྦྱོར་བས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ། ཕྱོགས་བཞི་རང་རང་གི་གདན་སྟེང་དུ་བཞུགས་པ་གསལ་གདབ། དེ་བཞིན་དུ་ཀ་རཱི་མ་བརྒྱད། སེང་ཧ་མ་བརྒྱད། སྒོ་མ་བཞི་དང་བཅས་པ་མངལ་འབྱིན་གྱི་ཆོ་གས་བསྐྱེད་ནས། གཉིས་པ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ནི། གླེང་གཞིའི་སྐབས་བཞིན་སྲས་ཉི་ཤུ་བསྐྱེད་པའི་ཡུམ་དུ་གྱུར་པས་མངལ་བྱིན་གྱིས་མི་བསྐྱེད་པར་བདག་ཉིད་བཛྲ་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་བྷྱོ་ཡིག་ཉེར་བརྒྱད་འཕྲོས་པས། རང་སྔགས་བརྗོད་པའི་རྐྱེན་གྱིས་ཁྱམས་ཕྱི་མའི་ཕྱོགས་བཞིར་དྲུག་དྲུག་དང་། སྒོ་བཞིར་རེ་རེ་རང་རང་གི་སྟན་ལ་འཁོད་པར་གསལ་གདབ་པ་སྟེ་ལྷ་ཐམས་ཅད་ཀྱི་སྲོག་གི་གོར་ཡེ་ཤེས་སེམས་དཔའ་དྭངས་མའི་སྲོག་ཡིག་བཅས་པས་མཚེན་པར་གསལ་ངེས་པར་བྱའོ། །རྩ་བའི་བརྒྱད་པ་ཕྱག་རྒྱ་བཞིས་བཅིངས་ནས་ཡེ་ཤེས་པ་སྤྱན་དྲངས་ཤིང་རྒྱས་གདབ་པ་ནི། སྒྲུབ་ཐབས་ལས། གསལ་གདབ་པ་ལ་སྔགས་དང་ཚིགས་ཀྱིས་གསལ་གདབ་པའི་ཕྱི་མ་ལ་ཆེ་བ་བསྐྱེད་པ་དང་། གསལ་གདབ་དངོས་གསུངས་པ་རྣམས་ཀྱིས་མཚོན་པས་ཧཱུྃ་ཧ་ཧེ་ནས། འབར་བའི་དཀྱིལ་འཁོར་གསལ་བར་སྣང་། །ཞེས་པའི་བར་གྱིས་བསྟན་ཏེ། ཕྱག་རྒྱ་བཞིའི་རྒྱས་ཆིངས་ཀྱིས་བཅིངས་པ་ནི། དེ་ལྟར་གསལ་བའི་ལྷ་ཚོགས་རྣམས་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམས་ལ་གསལ་སྣང་ཐོན་པ་ནི་སྐུ་ཕྱག་རྒྱ་ཆེན་པོ། ཆོས་རྒྱ་ལ་གཉིས་ཀྱི། བསམ་པ་ཆོས་རྒྱ་ནི། ལྷ་རྣམས་ཀྱི་སྲོག་གི་གོར་རང་འདྲའི་ཡེ་ཤེས་སེམས་དཔའ་དྭངས་མའི་སྲོག་ཡིག་དང་བཅས་པ་གསལ་བ། བརྗོད་པ་ཆོས་རྒྱ་ནི། ལྷ་རྣམས་ཀྱི་རང་རང་གི་བསྐྱེད་སྔགས་བརྗོད་པ་རྣམས་ཡིན་ལ། བཅའ་བ་དམ་རྒྱ་དང་། དཀྲོལ་བ་ལས་རྒྱ་གཉིས་འོག་གི་ཕྱག་རྒྱའི་མཆོད་པའི་སྐབས་ཀྱི། ཧཱུྃ། རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །དབུས་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། །སོགས་ཀྱིས་མཚོན་པའི་བཅའ་བ་དམ་ཚིག་གི་ཕྱག་རྒྱ་དང་། དཀྲོལ་བ་ལས་ཀྱི་ཕྱག་རྒྱ་བཞི་དང་ལྡན་པར་གསལ་བ་རྣམས་ཡིན་ནོ། །དེ་དག་ལ་ཆེ་བ་བསྐྱེད་པ་ནི། རྒྱུད་ལས། ས་ལ་སོགས་ལ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པར་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པ། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་པས་ཕྱག་རྒྱ་བཞིས་རྡོ་རྗེ་འཆང་གི་དངོས་གྲུབ་སྒྲུབ་པ་ལ་མི་བསླུ་བར་བྱིན་གྱིས་བརླབས་པའི་དོན་ལ་ངེས་པའི་བློ་བཞག་གོ། །དེ་ལྟར་ཕྱག་རྒྱ་བཞིས་བཅིངས་ཤིང་གསལ་གདབ་ནས་ཡེ་ཤེས་པ་སྤྱན་དྲངས་ཤིང་སྐུ་གསུང་ཐུགས་དང་ཡེ་ཤེས་ལྔའི་རྒྱས་གདབ་པ་ནི། སྒྲུབ་ཐབས་ཀྱི་གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལ་ནང་གསེས་དྲུག་གི། དང་པོ་ལ་བཞི། སྙན་གསན་དབབ་པ། སྤྱན་དྲངས་པ་དངོས། རིག་པའི་མེ་ཏོག་དོར་བ། དངོས་གྲུབ་བསྐུལ་ཏེ་བསྟིམ་པ་རྣམས་ཀྱིས་བསྟན་པས། སྒྲུབ་ཐབས་ཀྱི་དཀྱུས་བཞིན་དུ་ཤེས་པར་བྱའོ། །དེ་ནས་སྔ་དྲོ་ལས་བྱང་རྒྱས་པ་བཏང་ནས་བསྙེན་པའི་མགོ་ནས་ལྷའི་གསལ་སྣང་ལ་བསླབ། ཐུན་ཕྱི་མ་གསུམ་ལ་སེམས་བསྐྱེད་ནས་ལྷ་བསྐྱེད་རྒྱས་པར་བཏང་། སྤྱན་འདྲེན་བཞུགས་གསོལ་གཉིས་གཞུང་བཞིན་ལ། མཆོད་པ་ཀུན་བཟང་བཞི་བསྣོལ་དང་། སྨན་རཀ་གཏོར་གསུམ་སྔགས་ཙམ་དང་། བསྟོད་པ་གཞུང་བཞིན་དུ་བཏང་། བཤགས་པ་དང་། དངོས་གྲུབ་གསོལ་བ་དང་། དམ་བཅའ་བ་གསུམ་བཞག་ཀྱང་ཆོག་ལ། བསྙེན་པའི་མགོར་ལྷའི་གསལ་སྣང་ལ་བསླབ་པའི་ཚུལ། ཁྲིད་ཐང་མདུན་མཆོད་པ་མཚོན་ཙམ་བཤམ། རང་ཉིད་དེའི་མདུན་དུ་ཉེ་རིང་འཚམས་པར་འདུག་ནས། ལྷ་སྐུ་ལ་མིག་གིས་བལྟ་ཞིང་། ཡང་མིག་བཙུམ་ནས་དེ་འདྲ་ཡིད་ལ་ཨི་འཆར་བལྟ་ནས་སྒོམ་ཚུལ་ཞི་བའི་བསྙེན་ཡིག་ལྟར། ལྷ་སྣང་ལ་བསླབ་པ། ང་རྒྱལ་ལ་བསླབ་པ། དག་དྲན་ལ་བསླབ་པ་རྣམས་འདིར་བླངས། ཁྱད་པར་ཁྲོ་བོ་ལ་སྤྱན་དབུས་མར་སེམས་བཞིན་བསླབ་སྟེ། བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་དབྱར་གྱི་ཆར་སྤྲིན་ལྟར་གནག་པ། ཉི་མ་བྱེ་བའི་གཟི་བྱིན་འབར་བ། དབུ་གསུམ་གྱི་གཡས་གཡོན་གཉིས་ལ་མགྲིན་པ་དང་བཅས་པར་གསལ་བ་ལས། མགོ་གསུམ་ལྷན་དུ་འབྱར་བ་འདྲ་བ་ཞིག་མིན་པ། གཡས་ཞལ་དཀར་ལ་བཞད་པ། གཡོན་ཞལ་དམར་ལ་གཤེ་བ། དབུས་མཐིང་ནག་དྲག་པོ་ཁྲོས་པའི་ཉམས་ཅན། ཞལ་རེ་རེར་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ་རྣམ་པར་འགྱུར་བའི་ཞལ་གདངས་ཤིང་། མཆེ་བ་བཞི་བཞི་གཙིགས་པ། གློག་ལྟར་འཁྱུག་པའི་ལྗགས་འདྲིལ་བ། རྡོ་རྗེའི་གད་མོས་ས་གསུམ་གཡོ་བ། ཁྲོ་གཉེར་བསྡུས་པའི་ཤངས་ནས་མི་བཟད་པའི་ཧཱུྃ་སྒྲ་འབྱིན་པ། རྫི་སྨིན་སྨ་ར་ལས་འབར་བའི་མེ་འཁྱོགས་པར་འཕེན་པ། སྐུ་ཆེ་ཞིང་ཡན་ལག་རགས་པ་ལང་ཚོ་རྒྱས་པའི་འགྱུར་བག་ཅན། རྡོ་རྗེའི་བ་སྤུས་གཏམས་པ། དེ་ཡང་ཆགས་ཉམས་ཀྱིས་སྒེག་པ། ཁྲོ་ཉམས་ཀྱིས་དཔའ་བ། རྨོངས་ཉམས་ཀྱིས་མི་སྡུག་བ་སྟེ་སྐུའི་གར་གསུམ། ཧ་ཧ་ཧི་ཧི་ལ་སོགས་པ་བཞད་པའི་གད་མོ་འབྱིན་པ། ཟུངས་ཤིག་རྒྱོབ་ཅིག་ལ་སོགས་པ་གཤེ་བ། དེ་དག་ཀྱང་འབྲུག་སྟོང་དུས་གཅིག་ལ་ལྡིར་བའམ། ཐོག་སྟོང་དུས་གཅིག་ལ་ལྷུང་བ་ལྟ་བུའི་སྒྲ་གདངས་དང་ལྡན་པ་དྲག་ཤུལ་ཏེ་གསུང་གི་གར་གསུམ། རྨོངས་པའི་འགྲོ་བ་རྗེས་སུ་འཛིན་པའི་སྙིང་རྗེ་དང་། མ་རུངས་པའི་སེམས་ཅན་ཁྲོ་བོའི་འདུལ་བས་རྔམ་པ། ཐམས་ཅད་ཆོས་ཉིད་དུ་རོ་མཉམ་པར་གཟིགས་པའི་ཞི་བ་སྟེ་ཐུགས་ཀྱི་གར་གསུམ་དང་ལྡན་པ། དེ་ལྟར་གར་གྱི་ཉམས་དགུས་རབ་ཏུ་རྒྱས་པ་མེ་དཔུང་འབར་བའི་དབུས་ན་ཞབས་བཞི་གཡས་བརྐྱང་གཡོན་བསྐུམ་པའི་གྱད་ཆེན་པོའི་སྟབས་ཀྱིས་རང་གི་གདན་ལ་རོལ་པ་དེ་ལྟར་གསལ་ཐེབས་པར་གསལ་གདབ་ལ་བསྒོམ། དེ་ཡང་ལྷ་སྣང་སྤྱི་དང་བྱེ་བྲག་རྒྱན་ཕྱག་མཚན་སོགས་ལ་སེམས་འཛིན་ཚུལ་ཞི་བའི་བསྙེན་ཡིག་ལྟར་ལགས། དེ་ལྟར་བསྒོམ་པས་མདུན་གྱི་ལྷ་སྐུ་ལ་གསལ་སྣང་ལེགས་པར་ཐོན་པ་ན་གཟོད་དེ་རང་གི་ལུས་ལ་སྤོས་ཏེ་བསྒོམ་པས་ནམ་ཞིག་གསལ་བརྟན་གྱི་ཚད་བརྒྱད་འབྱུང་སྟེ། དེ་ཡང་གསལ་བའི་ཚད་བཞི་ནི། དེ་ལྟར་ལྷ་བསྒོམ་ཡང་སྐུའི་སྣང་ཆ་སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་པ་གསལ་བས་སལ་ལེ། དེ་ཡང་རིག་པའི་གསལ་ངར་དང་བྲལ་བའི་བྱིང་ཉམས་ཅན་མ་ཡིན་པ་རིག་པ་གསལ་སྟོང་སེང་བག་དང་བཅས་པའི་རིག་པ་ངར་དང་ལྡན་པས་སེང་ངེ། བསྒོམ་པའི་ལྷ་དེ་དག་ཀྱང་སེམས་མེད་བེམ་པོའི་རྣམ་པ་འཇའ་ཚོན་ལྟ་བུར་མ་ཡིན་པར་བ་སྤུའི་ཁུང་བུ་དང་དབུ་སྐྲའི་ཉག་མ་ཚུན་ཆད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཟིན་པས། དབང་ཤེས་དྭངས་པའི་ཡོན་ཏན་བརྒྱ་ཕྲག་ཏུ་འཆར་ཞིང་བཀྲ་ཁྲིག་གིས་བཞུགས་པས་ན་ལྷག་གེ། དེ་ལྟ་བུའི་སྐུ་དེ་ཡང་དེ་ལྟར་ཡིན་ནོ་བ་དང་ཡོད་དོ་ཙམ་གྱིས་རྗེས་དཔག་གི་བློ་རྟོག་མ་ཡིན་པར་ཡིད་ངོར་ན་མངོན་སུམ་ལྟ་བུ་བཀྲ་ལྷང་ངེ་འཆར་བ་ལྷང་ངེ་བ་སྟེ་གསལ་བའི་ཚད་བཞི། དཔལ་སྤྲུལ་རིན་པོ་ཆེ་བཀའ་དྲིན་ཅན་གྱིས་ཁོང་གིས་རྟ་ཐོག་འབུད་དུས་ཞབས་གཡོན་པ་ཡོབ་ཆེན་ནང་བཞག་ནས། གཡས་ཡོབ་གནོན་བར་དུ་བཀའ་བརྒྱད་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་རྣམས་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམས་མ་འདྲེས་པར་གསལ་ནུས་ཀྱང་། ད་དུང་འདི་བསྐྱེད་རིམ་མཚན་ཉིད་པ་ཅི་ཡིན་སྣང་མེད་ཁྱེད་རྣམས་ཀྱིས་བསྐྱེད་རིམ་རྩིས་མེད་དུ་མ་འདོར་བར་གསལ་བརྟན་གྱི་ཚད་བརྒྱད་མ་བྱུང་བར་བསྒོམ་དགོས་ཞེས། བདག་གི་བླ་མ་བཀའ་དྲིན་ཅན་ལ་གསུངས་པས་དེ་ལྟར་གསལ་བརྟན་གྱི་ཚད་མངོན་དུ་མ་གྱུར་བར་བསྒོམ་དགོས། བརྟན་པ འི་ཚད་བཞི་ནི། ལེ་ལོ་ལ་སོགས་པ་ཕྱིའི་སྐྱོན་གྱིས་མི་གཡོ། རབ་རིབ་མོག་མོག་ལ་སོགས་འགྱུར་བའི་སྐྱོན་གྱིས་མི་འགྱུར། དེ་ཡང་ཡུན་ཐུང་ངུ་ཙམ་མ་ཡིན་པར་ཉིན་མཚན་དུ་མཉམ་པར་བཞག་ཀྱང་རྣམ་རྟོག་ཕྲ་མོས་ཀྱང་མི་བརྫི་བ་གསལ་བ་མངོན་པར་མི་འགྱུར་བ། སྐུ་མདོག་དང་ཞལ་ཕྱག་དང་བྱོན་བཞུགས་དང་འོད་ཟེར་སྤྲོ་བསྡུའི་རྣམ་པ་ལ་སོགས་ཇི་ལྟར་བསྒོམ་ཡང་དེ་ལྟར་འབྱུང་བ་ནི་ཅིར་ཡང་བསྒྱུར་དུ་བཏུབ་པ་སྟེ་བརྟན་པའི་ཚད་བཞིའོ། །ལར་ལྷ་བསྒོམ་པའི་དུས་གསལ་ཞིང་བཞག་པས། བཞག་ཏུ་བཏུབ་པ་ནི་ཡོན་ཏན་ཡིན་ཅིང་། བསྒོམ་པའི་དུས་ཧ་ཅང་མི་གསལ་ཞིང་། མ་བསྒོམ་ན་ལྷ་སྐུའི་རྣམ་པ་ཡིད་ངོར་ལམ་ལམ་གསལ་བ་དང་། གསལ་བའི་དེ་ཉིད་ལ་ཞེན་པ་ཡོད་ན་སྐྱོན་ཡིན་པས་གསལ་སྣང་གོམས་ནས་བསྡུ་རིམ་ལ་བྱང་དགོས་པ་གནད་དུ་ཆེ་བས། དེང་སང་ཕལ་ཆེ་བས་ཐུན་རྗེས་མ་མ་གཏོགས་བསྡུ་རིམ་མི་བྱེད་པ་དང་། ཡང་དུས་རྒྱུན་དཀྱིལ་འཁོར་གསུམ་དང་མ་བྲལ་བར་བྱེད་དགོས་པས་བསྡུ་རིམ་མི་བྱེད་ཟེར་བ་སོགས་ནི་བསྐྱེད་རྫོགས་ཀྱི་གནད་ཐུན་མོང་མ་ཡིན་པའི་ཕྱོགས་ཙམ་ཡང་མི་ཤེས་པ་དང་། གྱ་ནོམ་ལྷར་ཞེན་གྱི་མཚན་འཛིན་ལ་སྐྱོན་དུ་མ་མཐོང་བའི་རྨོངས་པའི་རང་རྟགས་ཟངས་མར་བསྟན་པར་ཟད་དོ། །དེས་ན་བསྡུ་རིམ་ནི་འཆི་བའི་བག་ཆགས་སྦྱོང་ཞིང་ཆོས་སྐུའི་རྟེན་འབྲེལ་བསྒྲིགས་པ་དང་། སྒྱུ་ལུས་འོད་གསལ་དུ་བསྡུ་བའི་རྫོགས་རིམ་གྱི་ལམ་གྱི་སྨིན་བྱེད་ཡིན་པ་མ་ཟད། སྤྱིར་རྡོ་རྗེ་ཐེག་པའི་ལམ་གྱི་ཡོན་ཏན་ཐམས་ཅད་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ནས་རྩ་རླུང་ཐིག་ལེ་དབུ་མར་འདུས་པའི་བྱེད་པ་ལས་སྐྱེ་བ་ཤ་སྟག་ཡིན་ཞིང་། དེས་དོན་གྱི་འོད་གསལ་རང་རྒྱུད་ལ་བསྐྱེད་ཅིང་འབྱུང་བའི་རྒྱུད་རིམ་ལས་རྟགས་བཅུའི་སྣང་བ་འཆར་ཞིང་རང་བཞིན་གྱི་ཐིམ་རིམ་ལ་སྣང་གསུམ་གྱི་འོད་གསལ་ཤར་བའི་ཀློང་དུ་ཐ་མལ་གྱི་འཁྲུལ་སྣང་ཐམས་ཅད་ནུབ་ནས་སྣང་གསུམ་འོད་གསལ་དུ་ཐིམ་པའི་གནས་སྐབས་ན་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ཡེ་ཤེས་འཆར་བ་ངེས་པ་ཅན་ཡིན་པས། མཚན་མོ་གཉིད་འཐུག་དང་། རྨི་ལམ་གྱི་དགེ་སྦྱོར་ལ་བརྩོན་པར་འདོད་པ་དང་། ཉིན་མོ་རླུང་སེམས་དབུ་མར་འདུས་པའི་ཐབས་ལ་སྤྲོ་བ་ཡོད་པ་དང་། ཐུན་མོང་མ་ཡིན་པའི་རྫོགས་རིམ་སྒྱུ་ལུས་དང་འོད་གསལ་མངོན་དུ་བྱེད་འདོད་པ་དང་། དེ་ལས་ཐ་མལ་གྱི་ལུས་རྟེན་དོར་ནས་སློབ་པའི་ཟུང་འཇུག་གི་སྐུར་བཞེངས་པར་འདོད་པ་དང་། མཐར་ཐུག་མ་རིག་བག་ཆགས་ཀྱི་ཡིད་ལུས་ཀྱང་འོད་གསལ་དུ་བསྡུས་ཏེ་མི་སློབ་པའི་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པར་འདོད་པ་དང་། གལ་ཏེ་ཚེ་འདིར་མ་གྲོལ་ཀྱང་བར་དོ་དང་པོའི་འོད་གསལ་ཆོས་སྐུའི་དགོངས་པ་ལ་མཉམ་པར་བཞག་ནས་ཟུང་འཇུག་གི་ལོངས་སྤྱོད་རྫོགས་སྐུར་བཞེངས་པར་འདོད་པ་རྣམས་ཀྱིས་ནི། བསྐྱེད་རིམ་གྱི་རྗེས་སུ་བསྡུ་རིམ་ལ་དོ་གལ་བྱ་དགོས་སོ། །དེ་ལྟར་མ་ཡིན་པར་ཡི་དམ་གྱི་གསལ་སྣང་དང་སྤྲོ་བསྡུས་དམིགས་པ་ཙམ་ལ་བརྟེན་ནས་འདྲེ་འདུལ་དང་སྲུང་སྐྱོབ་ཀྱི་ཕྲིན་ལས་ཕྲན་བུ་རེ་སྒྲུབ་པར་འདོད་པ་རྣམས་ལ་ནི་མུ་སྟེགས་བྱེད་དང་ཐུན་མོང་པའི་གསལ་སྣང་དང་ང་རྒྱལ་དེས་ཆོག་གོ། །ནང་བསྡུ་རིམ་མ་གོམས་རྗེས་སུ་ལྷ་བསྒོམ་ན། འདི་དག་གི་སྐབས་སུ་བཀའ་བརྒྱད་ཀྱི་རྒྱུད་གསང་བ་ཡོངས་རྫོགས་དང་། ཧེ་རུ་ཀ་གལ་པོའི་རྒྱུད་རྣམས་དཔང་པོར་བཞག་སྟེ་བརྩད་པས་ཆོག་གོ། །དེས་ལྷ་སྣང་ལ་བརྟན་པ་ཁྱད་པར་ཐོབ་པའོ། །བསྙེན་པ་ཅི་ཙམ་བཏང་བའི་ཕྱེད་ཡན་ཆད་ནས་ཞི་བའི་སྐབས་ལྟར་རྫོགས་རིམ་ལ་བསླབ་པར་བྱའོ། །དེ་ཡང་བསྐྱེད་རིམ་ལ་ཨ་འཐས་ཤིང་། རྫོགས་རིམ་ལ་མི་མོས་པ་དང་། རྫོགས་རིམ་གྱི་སྟོང་སྐད་ལ་ཞེན་ནས་བསྐྱེད་རིམ་བཅོས་མའི་ལམ་དུ་གོལ་ནས། བསྐྱེད་རྫོགས་ཡ་བྲལ་དུ་ཉམས་སུ་ལེན་པར་འདོད་པ་དག་ནི་སངས་རྒྱས་ཆོས་གཟུགས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་སྒྱུ་ལུས་དང་འོད་གསལ་གཉིས་ལ་སྐུར་པ་བཏབ་པའི་རྣམ་སྨིན་ངན་སོང་ལས་འགྲོ་ས་མེད་པ་རྒྱུ་འབྲས་ངེས་པ་ཚད་མའི་རིག་པས་གྲུབ་བོ། །དེ་ནས་བསྙེན་པ་བཏང་བ་འཛབ་ཁང་དབྱེ་བ་སོགས་ཞི་བའི་སྐབས་ལྟར་ལ། བསྙེན་པ་རྒྱས་པའི་དབང་དུ་ན། གཙོ་བོ་ཡབ་ཡུམ་གྱི་རྩ་སྔགས་དང་རུ་ལུ་སྦྲེལ་བ་བྱེ་བ་གཅིག །འཁོར་རིགས་བཞིའི་ཁྲག་འཐུང་ལ་དེའི་བཞི་ཆ། ཀ་སེང་སྒོ་མ་དབང་ཕྱུག་རྣམས་ལ་དེའི་བཞི་ཆ། བསྡུས་པའི་དབང་དུ་བྱས་ན་གཙོ་བོ་ཡབ་ཡུམ་ལ་རུ་ལུ་སྦྲེལ་བ་འབུམ་ཕྲག་བཞི། ཁྲག་འཐུང་རིགས་ལྔ་འབུམ་ཕྲག་རེ། ཀ་སེང་སྒོ་མ་དབང་ཕྱུག་ཉེར་བརྒྱད་བཅས་རང་སྔགས་དང་རུ་ལུ་སྦྲེལ་བ་ཁྲི་རེ་རེ། ཤིན་ཏུ་བསྡུས་ན། གཙོ་བོ་ཡབ་ཡུམ་སྔགས་རྐྱང་པ་འབུམ་ཕྲག་བཞི། དེ་བཞིན་དུ་རིགས་བཞི་འབུམ་ཕྲག་རེ། འཁོར་རྣམས་ཁྲི་རེ། རུ་ལུ་རྐྱང་པ་བྱེ་བ་གཅིག་བཅས་ལམ་མོས་སྒོམ་པའི་དབང་དུ་བྱས་པའོ། །ལམ་ངེས་རྫོགས་ཀྱི་དབང་དུ་ན། རྟགས་དུས་གྲངས་ཀྱི་བསྙེན་པས་ཕྱེ་བའི་རབ་འབྲིང་ཐ་མའི་རྟགས་རྫོགས་ཀྱི་བར་དུ་བྱ་བར་གསུངས་སོ། །ཐུན་འཇུག་ཐམས་ཅད་བསྟོད་བཤགས་ཡེ་ཤེས་བསྡུ་བ་དང་བཅས་པ་གྲུབ་པ་དང་། ཐུན་མཚམས་ཀྱི་བྱ་བ་ཉེར་བསྡུ་གོ་བསྒོ་ལུས་སྲུང་མན་ཆད་གཞུང་བཞིན་དུ་བྱའོ། །འདིར་ནི་སྒྲུ་འཕྲུལ་ཁྲོ་བོའི་སྒོས་ཆོས་རྣམས་བཤད་པའི་ཁྱད་པར་མ་གཏོགས། སྦྱོར་དངོས་རྗེས་ཀྱི་བྱ་བ་ཕལ་ཆེར་ཞི་བའི་བསྙེན་ཡིག་ལས་ཤེས་པར་བྱ་དགོས་པ་ཁོ་ནའོ། །སླར་སྨྲས་པ། མདོ་སྒྱུ་སེམས་གསུམ་རྒྱུད་དང་ལེགས་བཤད་གཞུང་། །མཚན་ཙམ་ཐོས་པའི་བསོད་ནམས་བསམ་འདས་ན། །འཆད་རྩོད་རྩོམ་པས་གཏན་ལ་དབབ་པ་འདི། །བསྐལ་མང་བསོད་ནམས་མཐུ་ལས་ཡིན་ནམ་སྙམ། །རྒྱལ་བའི་བསྟན་པ་སྙིགས་མར་གཟིམ་ལ་ཉེ། །རང་འདོད་འབྱུང་བྱའི་དགའ་སྟོན་ཤར་བའི་དུས། །ཐོས་བསམ་བསྒོམ་པ་ངེས་པའི་བློ་དམན་ཡང་། །སྐལ་ལྡན་དོན་མཐུན་འགའ་ལ་ཕན་བློས་བྲིས། །མ་རྟོགས་ལོག་པར་རྟོག་པའི་ཉེས་པའི་ཆ། །བླ་མ་ཡི་དམ་མཁའ་འགྲོ་སྲུང་མ་དང་། །ཆོས་ཀྱི་སྤྱན་ལྡན་འཕགས་མགོན་རྣམས་ཀྱི་དྲུང་། །ཐོག་མེད་བསགས་པའི་སྡིག་དང་ལྷན་ཅིག་འཆག །འདིས་ཐོབ་དགེ་བ་ཉིན་བྱེད་འབུམ་བརྡལ་བས། །སྔ་འགྱུར་རིང་ལུགས་པད་ཚལ་རྒྱས་པ་དང་། །གྲུབ་གཉིས་ཡིད་བཞིན་འཇོ་བའི་དགའ་སྟོན་གྱིས། །མ་ལུས་སྐྱེ་དགུའི་རེ་བ་སྐོང་བར་ཤོག །ཅེས་པའང་སྒྱུ་འཕྲུལ་ཁྲོ་བོའི་བསྙེན་པ་ཇི་ལྟར་བཏང་བའི་ཚུལ། རང་དགོན་མཆོག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་དངོས་དང་ཡི་གེའི་ལམ་ནས་སྔ་ཕྱིར་བསྐུལ་བ་དང་། རྒྱ་ར་མཁན་པོ་མགོན་པོས་ཀྱང་ཆེད་དུ་བསྐུལ་བའི་ངོར། དཔལ་ཀཿཐོག་པ་ཆེན་པོ་སི་ཏུ་ཆོས་ཀྱི་རྒྱ་མཚོའི་བཀའ་དྲིན་གྱིས་འཚོ་བ་པདྨ་ལས་འབྲེལ་རྩལ་གྱིས་དཔྱད་གསུམ་དག་པའི་སྒོ་ནས་སྤེལ་བ་དགེའོ།། །།


previousསྒྱུ་འཕྲུལ་དྲྭ་བ་ལས་ཁྲོ་བོའི་དཀྱིལ་འཁོར་དུ་བསྙེན་པའི་ཚུལ་གྱི་ལྷན་ཐབས་རིག་འཛིན་དགའ་སྟོན། ངག་དབང་དཔལ་བཟང་།next