Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
མ་ཧཱ་ཡོ་གའི་དབང་ཐམས་ཅད་ཀྱི་ཐོག་མཐར་འགྲོ་བའི་རྒྱུག་བྱང་ལྷན་ཐབས། རྒྱལ་སྲས་གཞན་ཕན་མཐའ་ཡས།


 
previousམ་ཧཱ་ཡོ་གའི་དབང་ཐམས་ཅད་ཀྱི་ཐོག་མཐར་འགྲོ་བའི་རྒྱུག་བྱང་ལྷན་ཐབས། རྒྱལ་སྲས་གཞན་ཕན་མཐའ་ཡས།no next

མ་ཧཱ་ཡོ་གའི་དབང་ཐམས་ཅད་ཀྱི་ཐོག་མཐར་འགྲོ་བའི་རྒྱུག་བྱང་ལྷན་ཐབས། རྒྱལ་སྲས་གཞན་ཕན་མཐའ་ཡས།

མ་ཧཱ་ཡོ་གའི་དབང་ཐམས་ཅད་ཀྱི་ཐོག་མཐར་འགྲོ་བའི་རྒྱུག་བྱང་ལྷན་ཐབས་བཞུགས། བླ་མ་དང་དབྱེར་མ་མཆིས་པ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ལྷན་སྐྱེས་བདེ་ཆེན་རིག་པའི་རྡོ་རྗེ་ཡིས། །ལོག་རྟོག་བདག་ལྟའི་རི་བོ་ཀུན་འཇོམས་པའི། །ཧེ་རུ་ཀ་དཔལ་བླ་མ་ལ་བཏུད་དེ། །སྨིན་བྱེད་དབང་གི་མཚམས་སྦྱོར་འདིར་གསལ་བྱ། །དེ་ཡང་སྔ་འགྱུར་རྙིང་མ་བཀའ་མའི་ཕྱོགས་ཐེག་པ་རིམ་པ་དགུའི། ཕྲིན་ལས་ཀྱི་ཆོ་ག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ནས་གཏན་ལ་ཕབ་པ་ལས། འདིར་དེ་ཉིད་ཀྱི་བྱེ་བྲག་རྣལ་འབྱོར་བླ་མེད་ཀྱི་ནང་ཚན་མ་ཧཱ་ཡོ་གའི་དབང་ཐམས་ཅད་ཀྱི་ཐོག་མཐའ་སོགས་སུ་སྦྱོར་རྒྱུའིི་ལྷན་ཐབས་རྒྱུག་བྱང་འགོད་པ་ལ། ཐོག་མར་དཀྱིལ་འཁོར་གྱི་ཆོ་ག་དང་དབང་སྒྲུབ་ཀྱི་བྱ་བ་རྣམས་བདག་འཇུག་གནང་བ་ནོད་པའི་མཐར་ཐུག་པ་གྲུབ་ནས་སློབ་བུ་རྣམས་སྒྲུབ་ཁང་གི་སྒོར་འདུས་པ་དང་། སློབ་དཔོན་གྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་དང་། ཧཱུྃ་བིགྷྣཱནྟ་ཀྲྀཏ་ཕཊ། ལྟ་བུ་རང་རང་གི་ལས་སྔགས་དང་། ཡི་གེ་བརྒྱ་པ་བརྗོད་བཞིན་ལས་ཀྱི་རྡོ་རྗེས་ལས་བུམ་ཐོགས་ཏེ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཕྱིན་ནས་སློབ་བུ་རྣམས་ལ་ཁྲུས་བྱ། དེ་ནས་སློབ་བུ་རྣམས་ཀྱིས་ཕྱག་བྱས་ནས་གྲལ་དུ་འཁོད་པ་དང་བསྟུན། སློབ་དཔོན་གྱིས་སྔོན་གཏོར་ལ། ལས་སྔགས་ཀྱིས་བུམ་ཆུ་འཐོར་ཞིང་བསང་། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ་ལ། ༀ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབ། ༀ་སརྦ་བྷཱུ་ཏ་ཨ་ཀཪྵ་ཡ་ཛཿས་མགྲོན་རྣམས་བཀུག །ༀ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་སློབ་མ་ལྷག་གནས་ཀྱི་ཆོས་རྣམས་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་གདོན་བགེགས་ཀྱི་ཚོགས་ཐམས་ཅད་འདིར་མ་གནས་པར་གཞན་དུ་འགྲོ་བར་གྱིས་ཤིག །ཅེས་པ་དང་དབང་དངོས་གཞིའི་སྐབས་སུ། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་དེང་འདིར་སྐལ་ལྡན་གྱི་སློབ་བུ་འདི་རྣམས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་ཀྱི་དབང་བསྐུར་བ་ལ་བར་དུ་གཅོད་པར་བྱེད་པའི་ཚོགས་ཞེས་འཇུག་བསྒྱུར། དེ་ནས། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། མ་ཧཱ་ཀྲོ་དྷེ་ཤྭ་རཱི་སྟྭཾ། ཞེས་པ་ལྟ་བུ་ཆོ་ག་རང་རང་གི་གཙོ་བོ་ཡབ་ཡུམ་གྱི་བསྐྱེད་སྔགས་བརྗོད་པས་ལྷ་སྣང་གསལ་བཏབ་ལ། ཧཱུྃ་ཧཱུྃ་ཧཱུྃ། བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ། ཞེས་བརྗོད་པས་ཡབ་ཡུམ་མཉམ་པར་རོལ་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཁྲོ་བོ་འཆོལ་བའི་ཚོགས་བསམ་གྱིས་མི་ཁྱབ་པ་ཕྱིར་འཕྲོས་ཏེ་བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཚར་བཅད་པར་བསམ་ལ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲིཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿ བྷ་ག་ཝན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། སོགས་དྲག་སྔགས་བཟླ་ཞིང་ཐུན་གྱིས་བྲབས་ཏེ་སྤོས་རོལ་དང་བཅས་མཚམས་རྔམས་ཀྱིས་བགེགས་རྣམས་ཕྱིར་བསྐྲད། དེ་ནས། ༀ་བཛྲ་རཀྵ་རཀྵ་ཧཱུཾ། ཞེས་བརྗོད་པས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེ་སྲུང་བའི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་། དུས་མཐའི་རླུང་ནག་རྒྱ་མཚོའི་རྦ་རླབས་འཁྲུགས་པའི་ར་བ་སུམ་རིམ་གྱིས་ཕྱོགས་ཀུན་ཁྱབ་པས་མཚམས་བཅད་པར་བསམ་ལ་སྲུང་འཁོར་གསལ་བཏབ། དེ་ནས་ལས་ཀྱི་རྡོ་རྗེས་མེ་ཏོག་བཀྲམ་བསྡུ་བྱ་ཞིང་། སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་མངོན་པར་དབང་བསྐུར་བའི་སྦྱོར་བ་སློབ་མ་ལྷག་གནས་ཀྱི་ཆོས་རྣམས་ཞུས་ནས་སྨིན་གྲོལ་ལམ་གྱི་དངོས་གཞི་ལའང་རིམ་པ་བཞིན་དུ་བསླབ་པར་བགྱིའོ་སྙམ་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང་སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །ཞེས་དང་། གཞན་ཡང་། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་པ་ལྟར། དགེ་བའི་བཤེས་གཉེན་ལ་གུས་པ་དང་ལྡན་པས་སྒོ་གསུམ་ལེགས་པར་བསྡམས་ཏེ་གཞན་དུ་མ་ཡེངས་པའི་སྒོ་ནས་གསན་པར་ཞུ་འཚལ། དེ་ཡང་འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས། སེམས་ཅན་རྣམས་ཀྱི་བསམ་པ་དང་། །དབང་པོ་དང་། སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་ཆེ་ཆུང་གསུམ་དུ་འདུ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་གསུངས་པས། ཉན་ཐོས་དང་། རང་རྒྱལ་དང་། ཐེག་པ་ཆེན་པོ་སྟེ། ཐེག་པ་གསུམ་དུ་རྣམ་གྲོལ་གྱི་ཐེག་པ་ཐམས་ཅད་འདུས་པས་ཐེག་པ་བཞི་པ་མེད་མོད་ཀྱང་། གསུམ་པོའི་ནང་གསེས་ཀྱི་དབྱེ་བ་ལ་བརྟེན་པའི་ཐེག་པའི་རྣམ་གྲངས་ནི་མང་དུ་འབྱུང་བ་མི་འགལ་ཏེ། ལང་ཀར་གཤེགས་པ་ལས། ཐེག་པ་རྣམ་པ་མང་བཤད་པ། །སེམས་ཅན་རྣམས་ནི་དྲངས་པའི་ཕྱིར། །ཐེག་པ་ཐ་དད་ངས་བཤད་དེ། །ཐེག་པ་གཅིག་ཏུའང་ངས་བསྟན་ཏོ། །ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་སྤྱིར་མངོན་མཐོའི་ཐེག་པ་གཉིས། ངེས་པར་ལེགས་པའི་ཐེག་པ་གསུམ་དང་ལྔར་མདོ་སྡེ་ལས་གསུངས་ཏེ། ཇི་སྐད་དུ། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང་། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་དང་། ཡང་མངོན་མཐོའི་ཐེག་པ་གཉིས་གཅིག་ཏུ་བསྡུས། །ངེས་ལེགས་ཀྱི་དེ་བཞིན་གཤེགས་པའི་ཐེག་པ་ལ་བྱང་སེམས་དང་སྔགས་གཉིས་སུ་ཕྱེས་ནས་ལྔར་བཤད་པའང་ཡོད་དེ། གསང་སྙིང་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས། དེ་ལ་མངོན་མཐོའི་ཐེག་པ་ནི། ལས་འབྲས་ལ་ཡིད་ཆེས་པའི་སྒོ་ནས་དགེ་མི་དགེའི་བླང་དོར་མ་ནོར་བར་སྤྱད་པས་མི་དང་འདོད་ལྷའི་གོ་འཕང་ཐོབ་ནུས་པ་དེའི་ཕྱིར། གཙོ་བོའི་སྒྲས་སྨོས་ཏེ། ལྷའི་ཐེག་པ་ཞེས་གསུངས་པ་དང་། དེའི་སྟེང་དུ་འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི་འདོད་ཉོན་གྱིས་གཙང་བས་ཚངས་པའི་ཐེག་པ་སྟེ། དེ་གཉིས་འཇིག་རྟེན་པའི་ཐེག་པ་ཡིན་པས། །འཁོར་བ་ལས་འཕགས་པར་མི་ནུས་པའི་ཕྱིར། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། དགའ་བསྐྱེད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་འདའ། །ཞེས་པ་ལས་གཞན་དུ་གྱུར་པས་ན་ཐེག་པ་དངོས་མ་ཡིན་མོད་ཀྱི། དེ་ལྟ་ནའང་ཡང་དག་པའི་ལྟ་བ་དང་ལྡན་པས་དགེ་བཅུའི་ལས་ལམ་ལ་སྤྱོད་པ་ནི། རྣམ་གྲོལ་གྱི་ཐེག་པ་ཐམས་ཅད་ཀྱི་གཞིའམ་སྔོན་དུ་འགྲོ་བ་ཡིན་པས་ལམ་སྟེགས་སུ་འགྱུར་ཏེ། དགྱེས་རྡོར་ལས། དགེ་བ་བཅུ་ལས་བརྩམས་ནས་ནི། །དེ་ཡིས་ཆོས་ནི་རབ་ཏུ་བྱེད། །ཅེས་དང་། སློབ་དཔོན་སངས་རྒྱས་གསང་བའི་ལམ་རིམ་དུ། གཞི་ཡི་ཐེག་པ་དང་པོར་ཞོག །ཅེས་གསུངས་ཤིང་། རིན་ཆེན་ཕྲེང་བ་ལས་ཀྱང་། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེག་ན་ཐར་པ་གམ་ན་འདུག །ཅེས་པ་ལྟར་མངོན་མཐོའི་ཐེམ་སྐས་ལ་འཛེགས་ནས་བགྲོད་བྱའི་གནས། ངེས་ལེགས་སམ་རྣམ་པར་གྲོལ་བའི་ཐེག་པ་དེ་ལའང་སྔ་འགྱུར་རང་སྐད་ཀྱི་དབང་དུ་བྱས་ནས། སྤྱི་མདོ་དགོངས་པ་འདུས་པ་ལས། ལང་ཀའི་བདག་པོ་གཞན་ཡང་གང་། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིགས། །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུམ་དུ་སྣང་བ་ལས། རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བས་ཐེག་པ་དགུར་འགྱུར་ཏེ། ཀུན་འབྱུང་འདྲེན་པའི་ཐེག་པ་ནི་ཉན་ཐོས། རང་རྒྱལ། བྱང་སེམས་ཏེ་མཚན་ཉིད་སྡེ་གསུམ་དང་། དཀའ་ཐུབ་རིགས་བྱེད་ཀྱི་ཐེག་པ་ནི་ཀྲི་ཡ། ཨུ་པ། ཡོ་ག་སྟེ་ཕྱི་རྒྱུད་སྡེ་གསུམ་དང་། དབང་བསྒྱུར་ཐབས་ཀྱི་ཐེག་པ་ནི་རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་རྣམས་སུ་དབྱེར་ཡོད་ཅིང་། གསུམ་མམ་དགུར་ཕྱེ་བ་དེ་ཡང་བསྡུ་ན། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་པས། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། །འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་འདུ་ཞིང་། དེ་གཉིས་ཀྱི་ཁྱད་པར་ནི། སྔགས་དང་སྦྱོར་བ་གཙོ་བོར་སྟོན་པ་དང་མི་སྟོན་པའི་ཁྱད་པར་སྟེ། རབ་དབྱེ་ལས་ཀྱང་། མདོ་དང་སྔགས་ཀྱི་ཁྱད་པར་ནི། །ཆོ་གའི་བྱ་བ་ཡོད་མེད་ཡིན། །ཞེས་པའང་དོན་འདི་ལ་དགོངས་པར་སྣང་ངོ་། །འོ་ན་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས། སྔགས་ཀྱི་ཚུལ་གང་གིས་ཁྱད་པར་དུ་འཕགས་སྙམ་ན། དོན་གསུམ་གྱིས་མདོ་ལས་སྔགས་མཆོག་ཏུ་གྱུར་པ་སྟེ། གསུམ་གང་ཞེ་ན། མྱུར་བ་དང་། བདེ་བ་དང་། ཐབས་ལ་མཁས་པའི་ཁྱད་པར་རོ། །དེ་ལ་མྱུར་བ་ནི། ཕར་ཕྱིན་ཐེག་པའི་རང་ལམ་གྱི་བྱང་ཆུབ་ཐོབ་པ་ལ་བསྐལ་པ་གྲངས་མེད་གསུམ་ཐོགས་མོད། སྔགས་ལས་ནི། ཀྲི་ཡས་མི་ཚེ་བདུན་ནམ་བསྐལ་པ་བརྒྱད། ཨུ་པ་ཡས་མི་ཚེ་ལྔའམ་བསྐལ་པ་གཅིག་གམ་གསུམ། ཡོ་གས་ཚེ་ལོ་བརྒྱ་པའི་མིའི་སྐྱེ་བ་གསུམ་མམ་བཅུ་དྲུག །བླ་མེད་ཀྱིས་སྐྱེ་བ་འདིའམ་བར་དོར་བྱང་ཆུབ་ཐོབ་པར་གསུངས་ཤིང་། དེ་ལྟར་མྱུར་བའི་རྒྱུ་ཡང་། སྔགས་སུ་ནི། ཆོ་གའི་ཁྱད་པར་གྱིས་ལྷ་རྣམས་དངོས་སུ་མཆོད་པ་ལེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་བླ་མའི་སྐུ་ལ་ཞུགས་ནས་སྒྲུབ་པ་པོའི་མཆོད་པ་ལེན་པ་ལ་སོགས་པས་ཡོངས་སུ་སྤྱད་པ་ལས་བྱུང་བའི་བསོད་ནམས་ཡོད་པ་དང་། སྔགས་དང་ཕྱག་རྒྱའི་མཐུས་ཆུ་ཐིགས་རེ་ཡང་གཱངྒའི་རྡུལ་སྙེད་དུ་འཕེལ་བས་དེ་སྙེད་ཀྱི་བསོད་ནམས་འབྱུང་བ་དང་། མ་དག་པའི་སྣང་བ་འགོག་པའི་ཞིང་སྦྱང་བའི་ཏིང་ངེ་འཛིན་ལས་དང་པོ་པའི་དུས་ནས་ཀྱང་མངོན་དུ་བྱེད་ནུས་པ་དང་། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་ཁྱད་པར་རེ་རེས་ཀྱང་སེམས་ཅན་མཐའ་ཡས་པ་སྨིན་པའི་རྒྱུ་ཁྱད་པར་ཅན་བྱེད་ནུས་པ་འདི་དག་སྔགས་ཀྱི་ཐེག་པ་ལ་ཞུགས་ཙམ་ཉིད་ནས་ཡོད་པའི་རྒྱུས་མྱུར་བ་ཡིན་ནོ། །གཉིས་པ་བདེ་བ་ནི། ལུས་སེམས་ལ་ཚོར་བ་རྩུབ་མོ་མེད་པ་སྟེ། དེའི་རྒྱུ་ཡང་འདི་ལས་སྐལ་བ་དྲུག་ལྡན་གྱི་ལུས་ཀྱང་ཚེགས་མེད་པར་གྲུབ་པ་དང་། རྫུ་འཕྲུལ་དང་ཏིང་ངེ་འཛིན་མང་པོ་ཐོབ་པ་དང་། སྔགས་ཀྱི་མཐུས་དེ་བཞིན་གཤེགས་པ་རྣམས་མངོན་དུ་བཞུགས་ཤིང་འགྲོ་བའི་བསམ་པ་ཐམས་ཅད་སྒྲུབ་ནུས་པའི་རྒྱུས་བདེ་བ་ཡིན་ནོ། །གསུམ་པ་ཐབས་ལ་མཁས་པ་ནི། རིག་པ་འཛིན་པ་རྣམས་དང་ཚུལ་ཁྲིམས་མཉམ་པས་ལྷ་དགྱེས་པ་དང་། སྤྱོད་ཡུལ་ཁྱད་པར་ཅན་དང་འབྲེལ་བའི་ཏིང་ངེ་འཛིན་དང་། ཤེས་རབ་རྨད་དུ་བྱུང་བས་སྣོད་བཅུད་དག་མཉམ་ཆེན་པོར་གཏན་ལ་ཕེབ་པ་དང་། སྤྱོད་ཡུལ་ཐམས་ཅད་དུ་ལྷ་དང་སྔགས་ཀྱི་ཐབས་ལ་འཇུག་ནུས་པས་ན་ཐབས་ལ་མཁས་པ་ཡིན་ནོ། །དེར་མ་ཟད་ཕ་རོལ་ཏུ་ཕྱིན་པའི་རང་ལམ་གྱིས་གྲངས་མེད་གསུམ་དུ་ཚོགས་བསགས་པས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རྒྱལ་ཚབ་ཆེན་པོའི་གོ་འཕང་ལས་ལྷག་པ་ཐོབ་མི་ནུས་ཀྱང་། སྐབས་དེར་སྔགས་ཀྱི་ཐེག་པ་ལ་ཞུགས་ནས་རྫོགས་པའི་སངས་རྒྱས་ཐོབ་དགོས་པས་ན། སྔགས་ཀྱི་ཐེག་པ་ནི་བགྲོད་པ་གཅིག་པའི་ལམ་དུ་འགྱུར་བའི་ཕྱིར། མཐར་ཐུག་གི་ཐེག་པ་གཅིག་ཉིད་དུ་ངེས་པས་ཀྱང་འཕགས་ཏེ། སྤྱི་མདོ་དགོངས་འདུས་ལས། ཐེག་པ་དཔག་མེད་བསྟན་པ་ཡང་། །ཇི་ལྟར་མོས་པ་ཐ་དད་པས། །འཁྲིད་པར་བྱ་བའི་ཐབས་སུ་ཟད། །རྡོ་རྗེ་ཐེག་པ་ཉིད་ལས་མེད། །ཅེས་དང་། སྒྱུ་འཕྲུལ་རྩ་རྒྱུད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་དང་། སྒྱུ་འཕྲུལ་བརྒྱད་ཅུ་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་གསུངས་པ་ཡིན་ནོ། །འོ་ན་གསང་སྔགས་རྡོ་རྗེ་ཐེག་པ་ཉིད་སྡེ་སྣོད་གསུམ་གང་དུ་འདུ་ཞེ་ན། དགོངས་པ་མི་མཐུན་པ་མང་སྟེ། གང་དག་མངོན་པའི་སྡེ་སྣོད་ལ་ཕྱི་ནང་གཉིས་ལས་སྔགས་ནི་ནང་གི་མངོན་པའོ། །ཞེས་བཞེད་པ་དང་། ཟབ་མོའི་དོན་མདོར་བསྡུས་ཏེ་སྟོན་པས་ན་མདོ་སྡེའོ། །ཞེས་བཞེད་པའང་ཡོད་མོད། རང་ལུགས་ནི་རིག་པ་འཛིན་པའི་སྡེ་སྣོད་ཅེས་སྡེ་སྣོད་གསུམ་ལས་ལོགས་པར་རྐང་ཐུབ་པ་གཅིག་ཏུ་བྱས་ཏེ། སྡེ་སྣོད་བཞི་པར་བཞག་ན་ལེགས་པར་མངོན་ནོ། །དེ་ལྟར་ཡང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་དང་། དཔུང་བཟང་གིས་ཞུས་པ་ལས་ཀྱང་། བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་དང་། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་རྣམ་འཇོམས་ཀྱི་གཟུངས་འགྲེལ་ལས། སངས་རྒྱས་མཆོག་གིས་ཆོས་གསུངས་པ། །འདུལ་བ་མདོ་སྡེ་མངོན་པ་དང་། །རིག་པ་འཛིན་པའི་སྡེ་བཞིར་གནས། །ཞེས་གསུངས་པའི་ཕྱིར། རྡོ་རྗེ་ཐེག་པའི་སྡེ་སྣོད་དང་། །རིག་པ་འཛིན་པའི་སྡེ་སྣོད་དང་། །སྔགས་ཀྱི་སྡེ་སྣོད་དང་། སྡེ་སྣོད་བཞི་པ་དང་། ཆོས་འདི་པ་རྣམས་ཀྱི་རྒྱུད་ཅེས་པ་རྣམས་མིང་གི་རྣམ་གྲངས་སོ། །དེ་ལས་སྔགས་ཀྱི་མཚན་གཞི་ནི། སྦྱང་གཞི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དང་། དེ་ལ་བརྟེན་པའི་ཆོས་སྦྱང་བྱ་སྦྱོང་བྱེད་དང་བཅས་པ་ཐམས་ཅད་ཡིན་ཞིང་། དེ་ཡང་སྦྱང་གཞི་ལ་བརྟེན་པའི་སྦྱང་བྱ་གློ་བུར་གྱི་དྲི་མ་རྣམས། དབང་གིས་རྒྱུད་སྨིན་པར་བྱས་ནས། །དེ་དང་འབྲེལ་བའི་རྗེས་སུ་ལམ་བསྒོམ་པ་དང་། དེས་བྲལ་ཐོབ་ཀྱི་ཡོན་ཏན་ལམ་གྱི་ཆར་གཏོགས་པ་རྣམས་སྦྱོང་བྱེད་ཡིན་ལ། དེ་ལྟར་སྦྱངས་པས་དབྱིངས་ལ་སྒྲིབ་བྱེད་ཀྱི་དྲི་མ་ཕྲ་རགས་ཐམས་ཅད་དག་ནས། གཞིའི་ཡོན་ཏན་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་ན་འབྲས་བུ་སྟེ། དེ་སྐད་དུའང་། གསང་བ་གྲུབ་པ་ལས། དབྱིངས་ལ་བྲལ་བ་དག་ཐོབ་འབྲས། །གསང་སྔགས་རྣམ་པ་བཞིར་བཤད་དེ། །ཞེས་སོ། །སྔགས་ཀྱི་མཚན་ཉིད་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་དང་། རྗོད་བྱེད་ཐུགས་རྡོ་རྗེའི་གསང་བ་འཁོར་དང་བཅས་པ་སྟེ། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་པས། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །ཞེས་སོ། །སྔགས་ཀྱི་ངེས་ཚིག་ནི། མནྟྲ་ཞེས་པའི་སྒྲ་ལས་དྲངས་ན། ཡིད་ཤེས་བདེ་མྱུར་དུ་སྐྱོབ་པས་ན་སྔགས་ཏེ། གསང་འདུས་ཀྱི་རྒྱུད་ཕྱི་མ་ལས། ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །ཞེས་སོ། །གསང་སྔགས་ཀྱི་དབྱེ་བ་ནི། གསར་རྙིང་ཐུན་མོང་གི་བཞེད་པའི་དབང་དུ་བྱས་ན་བཞིར་འགྱུར་ཏེ། རྡོ་རྗེ་སྙིང་པོ་བཀོད་པའི་རྒྱུད་ལས། བདེ་བར་གཤེགས་པས་དགོངས་པའི་རྒྱུད། །རྣམ་པར་བཞི་རུ་ཡང་དག་བཤད། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་གསུངས། དེ་ཡང་བཞིར་འབྱེད་པའི་རྒྱུ་མཚན་ནི་ལྔ་ལས། དང་པོ་མི་རིགས་བཞི་ཡི་སྤྱོད་པ་ལ་དགོངས་ནས། དེ་འདུལ་བའི་ཕྱིར་བཞིར་གསུངས་ཏེ། དུར་ཁྲོད་རྒྱན་གྱི་རྒྱུད་ལས། བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང་། །དམང་རིགས་གདོལ་པ་འདུལ་དོན་དུ། །རྒྱུད་ནི་རྣམ་པ་བཞིར་གསུངས་ཏེ། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་གསུངས། གཉིས་པ་གང་ཟག་གི་བློ་རིགས་བཞི་ལ་དགོངས་ནས་ཀྱང་བཞིར་གསུངས་ཏེ། བསམ་གཏན་ཕྱི་མ་ལས། སེམས་ཅན་དམན་ལ་བྱ་བའི་རྒྱུད། །དེ་ལྷག་རྣམས་ལ་སྤྱོད་པའི་རྒྱུད། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །དེ་ལྷག་རྣམས་ལ་བླ་མེད་རྒྱུད། །ཅེས་གསུངས་སོ། །གསུམ་པ་རྫོགས་ལྡན་ལ་སོགས་པའི་དུས་བཞི་ལ་དགོངས་ནས་ཀྱང་བཞིར་གསུངས་ཏེ། དཔལ་ཕྲེང་བ་དམ་པའི་རྒྱུད་ལས། གསང་སྔགས་བྱུང་ཚུལ་རྣམ་བཞི་སྟེ། །བསྐལ་པ་རྫོགས་ལྡན་གསུམ་ལྡན་གཉིས། །རྩོད་དུས་རྒྱུད་ཀྱང་རིམ་བཞིན་དུ། །གདུལ་བྱའི་ངོ་ལ་སྣང་བ་ཡིན། །ཞེས་གསུངས། བཞི་པ་སྦྱང་གཞིར་འདོད་ཆགས་ཀྱི་འཇུག་ཚུལ་བཞི་ལ་དགོངས་ནས་ཀྱང་བཞིར་གསུངས་ཏེ། བརྟག་གཉིས་ལས། བལྟས་དང་དགོད་དང་ལག་བཅང་དང་། །འཁྱུད་དང་གཉིས་སྤྲད་ལ་སོགས་པས། །རྒྱུད་ཀྱང་རྣམ་པ་བཞིར་གསུངས་སོ། །ཞེས་གསུངས། ལྔ་པ་ལྷ་བཞིའི་རྗེས་སུ་འཇུག་པའི་ཕྱིན་ཅི་ལོག་བཞི་དྲངས་པ་ལ་དགོངས་ནས་ཀྱང་བཞིར་གསུངས་ཏེ། གཏི་མུག་ཅན་ཚངས་པ་གཙང་སྦྲ་ཆོས་སུ་སྨྲ་བ་རྗེས་སུ་འཛིན་པའི་ཕྱིར་བྱ་བའི་རྒྱུད། ཞེ་སྡང་ཅན་ཁྱབ་འཇུག་འཚེ་བ་ཆོས་སུ་སྨྲ་བ་རྗེས་སུ་འཛིན་པའི་ཕྱིར་སྤྱོད་རྒྱུད་དང་། ང་རྒྱལ་ཅན་བརྒྱ་བྱིན་འབྱོར་པ་ཆོས་སུ་སྨྲ་བ་རྗེས་སུ་འཛིན་པའི་ཕྱིར་རྣལ་འབྱོར་རྒྱུད། འདོད་ཆགས་ཅན་དབང་ཕྱུག་འདོད་ཆགས་ཆོས་སུ་སྨྲ་བ་རྗེས་སུ་འཛིན་པའི་ཕྱིར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་པ་ཡིན་ཏེ། དེ་ལྟར་རྒྱུད་སྡེ་བཞི་ལས་འདིར་གསང་སྔགས་བླ་མེད་འཆད་པ་སྐབས་སུ་བབ་པ་ཡིན། དེ་ལ་ཡང་རྒྱུད་མ་ཧཱ་ཡོ་ག་ལུང་ཨ་ནུ་ཡོ་ག་མན་ངག་ཨ་ཏི་ཡོ་ག་སྟེ་གསུམ་དུ་ཡོད་པའི། དང་པོ་མ་ཧཱ་ཡོ་ག་ལ་ནང་གསེས་ཏནྟྲ་སྡེ་བཅོ་བརྒྱད་དུ་གྲགས་པ་ལས་འདི་ནི། ཞེས་སོ་སོའི་གཞུང་ལ་འཇུག །དངོས་གཞིའི་ཉིན་མེ་ཏོག་བཀྱེ་བསྡུའི་མཚམས་ནས་གཞུང་རང་རང་གི་དངོས་གཞིའི་ཆོས་བཤད་ལ་འཇུག་པར་བྱ་སྟེ། ༈ དེ་ཡང་རྒྱས་པར་སྤྲོ་ན་དབང་བཤད་སོ་སོའི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གཉིས་སུ་ཡོད་པ་ལས། ཞེས་པའི་འཕྲོར། འདི་ནི་རྣལ་འབྱོར་བླ་ན་མེད་པ་སྟེ་དེ་ལའང་དབྱེ་ན། གངས་ཅན་གྱི་ལྗོངས་འདིར་གསང་སྔགས་གསར་རྙིང་གི་ལུགས་སྲོལ་གཉིས་བྱུང་། དེ་གཉིས་ཀྱི་ཁྱད་པར་ནི། ལོ་ཙཱ་བ་རིན་ཆེན་བཟང་པོ་མ་བྱོན་གོང་དུ་འགྱུར་བའི་མདོ་རྒྱུད་རྣམས་སྔ་འགྱུར་དང་། དེ་ཕྱིན་འགྱུར་བ་རྣམས་གསང་སྔགས་གསར་མ་ཡིན་ཞེས་བཞེད་དེ། གཙོ་ཆེ་བའི་དབང་དུ་བྱས་ནས་གསུངས་པ་ཡིན། དེ་ལྟར་གསར་རྙིང་གཉིས་ལས། འདིར་གསར་མ་ལས་ཁྱད་པར་དུ་གྱུར་པ་གསང་སྔགས་རྙིང་མ་ཡིན། དེ་ཡང་གང་གིས་ཁྱད་པར་དུ་གྱུར་ཞེ་ན། ལོ་ཙཱ་བ་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོའི་ཞལ་སྔ་ནས། གསང་སྔགས་རྙིང་མ་བ་རྣམས་ལ་གསར་མ་ལས་ཁྱད་པར་དུ་འཕགས་པའི་ཆེ་བ་དྲུག་ཡོད། ཅེས་གསུངས་པ་ལྟར། དང་པོ་སྤྱན་འདྲེན་པ་པོ་ཡོན་བདག་གི་ཆེ་བ་ནི། སྔ་འགྱུར་གྱི་ཡོན་བདག་འཕགས་པ་རིགས་གསུམ་མགོན་པོ་རྣམ་པ་རྒྱལ་པོའི་ཚུལ་དུ་བཟུང་བ་མངའ་བདག་མེས་དབོན་རྣམ་གསུམ་ཡིན་པས། ཕྱིས་འགྱུར་བ་རྣམས་ཀྱི་ཡོན་བདག་དང་མི་འདྲ། གཉིས་པ་གང་དུ་བསྒྱུར་ཞིང་གཏན་ལ་ཕབ་པའི་གནས་ནི། སྔོན་སྤྲུལ་པའི་གཙུག་ལག་ཁང་བསམ་ཡས་སོགས་ཆོས་འཁོར་སྟོད་སྨད་དུ་ཡིན་པས། ད་ལྟའི་དགོན་ཕག་ཕུག་ཏུ་བསྒྱུར་བ་འདི་དང་མི་འདྲ། གསུམ་པ་སྒྱུར་བྱེད་ལོ་ཙཱ་བའི་ཁྱད་པར་ནི། སྔོན་གྱི་ལོ་ཙཱ་བ་སྒྲ་སྒྱུར་བཻ་རོ་ཙ་ན་དང་སྐ་ཅོག་ཞང་གསུམ། རྨ་གཉགས་སོགས་སྤྲུལ་པའི་ལོ་ཙྭ་བས་བསྒྱུར་བའི་ཆོས་ཡིན། ད་ལྟའི་ལོ་ཙཱ་བ་དབྱར་མང་ཡུལ་དུ་བསྡད། དགུན་རྒྱ་བལ་དུ་ཡུག་རེ་ཕྱིན་ནས་བསྒྱུར་བ་དང་མི་འདྲ། བཞི་པ་པཎྜི་ཏའི་ཁྱད་པར་ནི། སྔོན་གྱི་པཎྜི་ཏ་མཁན་པོ་ཞི་བ་འཚོ་དང་། སངས་རྒྱས་གསང་བ་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། པཎ་ཆེན་བི་མ་ལ་མི་ཏྲ་སོགས་སངས་རྒྱས་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་འཕགས་རྣམས་ཀྱིས་སྤྱན་དྲངས་པའི་ཆོས་ཡིན། ད་ལྟའི་གསེར་ཚོལ་དུ་འཁྱམས་པའི་པཎྜི་ཏ་དང་མི་འདྲ། ལྔ་པ་ཞུ་རྟེན་མེ་ཏོག་གི་ཁྱད་པར་ནི། གསེར་ཤ་བའི་བླུད་བུ་བཀང་བ་དང་། བྲེས་གཞལ་ནས་ཕུལ་ཏེ་ཞུས་པའི་ཆོས་ཡིན། ད་ལྟ་མཆན་ནས་གསེར་ཞོ་རེ་རེ་གཉིས་གཉིས་བཏོན་ནས་ཞུས་པ་དང་མི་འདྲ། དྲུག་པ་ཆོས་ཀྱི་ཁྱད་པར་ནི། སྔོན་འཕགས་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས་པའི་དུས་སུ་བསྒྱུར་བ་མ་ཟད། འཕགས་ཡུལ་ན་མེད་པའི་རྒྱུད་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་། གྲུབ་པ་དང་། རིག་པ་འཛིན་པ་དང་། མཁའ་འགྲོ་མ་རྣམས་ཀྱིས་བཟུང་སྟེ་དག་པའི་ཞིང་ན་བཞུགས་པ་དང་། ཛམ་བུ་གླིང་གི་ཆ་ཤས་སིངྒ་ལ་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་སོགས་ནས་སློབ་དཔོན་ཆེན་པོ་པདྨ་དང་བི་མ་ལ་སོགས་ཀྱིས་རྫུ་འཕྲུལ་གྱི་བཀོད་པས་བླངས་ནས་བསྒྱུར་བས་རྒྱ་གར་དུ་པཎ་གྲུབ་ཡོངས་ལ་མ་གྲགས་པ་མང་པོ་ཞིག་ཀྱང་བོད་ཀྱི་བསོད་ནམས་ཀྱི་སྐལ་བར་བྱོན། འགྱུར་ཀྱང་སྔོན་གྱི་ལོ་ཙཱ་བ་རྣམས་སྤྲུལ་པའི་སྐུ་ཡིན་པས་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་ཕེབས་པས་གོ་སླ་ཞིང་དབྱིངས་འཇལ་བ་ལ་རླབས་ཆེ། ཕྱིས་ཀྱི་ལོ་ཙཱ་བ་རྣམས་ཀྱིས་དོན་བསྒྱུར་མ་ནུས་པར་རྒྱ་དཔེའི་གོ་རིམ་ལྟར་སྒྲ་འགྱུར་བྱས་པས་ཚིག་སྒྲིམ་ལ་གོ་དཀའ། དབྱིངས་འཇལ་བ་ལ་རླབས་ཆུང་བ་ལྟར་སྣང་བས་མི་འདྲ་བ་ཡིན་ནོ། །ཁྱད་པར་དེ་ལྡན་གྱི་གསང་སྔགས་རྙིང་མ་དེ་ལའང་། ཞལ་ནས་གསུངས་པའི་བཀའ་མ། རྗེས་སུ་གནང་བའི་གཏེར་མ། བྱིན་གྱིས་བརླབས་པའི་དག་སྣང་མ་སྟེ། བརྒྱུད་པའི་བཀའ་སྲོལ་གསུམ་དུ་གནས་ཤིང་། དེ་ཐམས་ཅད་ཀྱི་བརྗོད་བྱ་རྗོད་བྱེད་སྤྱིའི་ལུས་ཀྱིས་ཕྱེ་ན། རྒྱུད་སྡེ་དང་། སྒྲུབ་སྡེ་གཉིས་སུ་འདུས་པ་ལས། དེའི་དང་པོ་རྒྱུད་སྡེ་ལའང་གསུམ་སྟེ། རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་གའོ། །དེ་གསུམ་གྱི་ཁྱད་པར་ལ། ལྷ་རྗེ་ཟུར་ཆུང་བའི་ཞལ་ནས། རིག་པའི་ཆོ་འཕྲུལ་དུ་སྣང་བ་མ་ཧཱ། རང་རིག་པའི་རྩལ་དུ་སྣང་བ་ཨ་ནུ། རིག་པར་སྣང་བ་ཨ་ཏིའོ། །ཞེས་གསུངས་པའི་དགོངས་པ་ནི། ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ཀྱི་ཆོ་འཕྲུལ་དུ་རྟོགས་པས། ཐབས་བསྐྱེད་པའི་རིམ་པ་དང་སྤྱོད་པ་ལ་གཙོ་བོར་བརྟེན་པ་རྒྱུད་མ་ཧཱ་ཡོ་ག །ཆོས་ཐམས་ཅད་སེམས་ཉིད་དབྱིངས་ཡེ་གཉིས་སུ་མེད་པའི་རྩལ་དུ་རྟོགས་པས། ཤེས་རབ་རྫོགས་པའི་རིམ་པ་དང་ཏིང་ངེ་འཛིན་གཙོ་བོར་བརྟེན་པ་ལུང་ཨ་ནུ་ཡོ་ག །ཆོས་ཐམས་ཅད་ཡེ་ནས་སྐྱེ་འགགས་མེད་པའི་རང་བྱུང་གི་ཡེ་ཤེས་རང་སྣང་བར་རྟོགས་པས། ཡེ་ཐོག་ཏུ་གྲོལ་བར་བྱེད་པའི་ཐབས་སྤངས་བླང་རེ་དོགས་དང་བྲལ་བ་སྟེ། ལྟ་བ་ལ་གཙོ་བོར་བརྟེན་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའོ། །དེ་ལྟར་གསུམ་ལས། འདི་ནི་དང་པོ་ཡིན་ཞིང་། དེ་ཡང་མ་ཧཱ་ཡོ་ག་ཞེས་པའི་སྒྲ་ལས་དྲངས་ན་རྣལ་འབྱོར་ཆེན་པོ་སྟེ། གཉིས་མེད་ཀྱི་དོན་ལ་བློ་འབྱོར་བས་ཡོ་ག་ཕྱི་པ་ལས་ཆེས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ངོ་བོ་ནི། བསྐྱེད་རྫོགས་ཟུང་འཇུག་གི་སྒོ་ནས་འཁོར་འདས་མཉམ་པ་ཉིད་ཀྱི་དོན་ལ་རྟོགས་གོམས་ཀྱིས་སྦྱོར་བས་གྲོལ་བ་ཐོབ་པའི་རང་བཞིན་ནོ། །འདི་ནི་ཐེག་པ་འོག་མ་རྣམས་ཀུན་རྫོབ་རྫས་ཡོད་དང་བརྟགས་ཡོད་དུ་བཟུང་ནས་བཟང་ངན་བླང་དོར་དུ་ལྟ་བ་ལས་འཕགས་ཏེ། འདིར་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས། འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུར་རྟོགས་པར་བྱས་ནས། དེ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པའི་ཕྱིར་ཏེ། སློབ་དཔོན་སངས་རྒྱས་གསང་བས། ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས། དེ་ཇི་ལྟར་ཉམས་སུ་ལེན་པའི་ཁྱད་པར་ཡང་། ཡེ་ཤེས་ཐིག་ལེ་ལས། རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དང་། སྒྱུ་འཕྲུལ་རྩ་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་བུམ་དབང་གི་སྟེང་དུ། ཐུན་མོང་མ་ཡིན་པ་མཆོག་དབང་གོང་མ་གསུམ་བསྣན་ནས་དབང་བཞི་བསྐུར་བས་སྣོད་རུང་དུ་བྱས་ལ། ལམ་བསྐྱེད་རིམ་མ་དག་པའི་སྣང་བ་དབྱིངས་སུ་སྦྱངས་པའི་དཀྱིལ་འཁོར་གྱི་འཁོར་ལོར་བསྒོམ་ཞིང་། དབང་དང་བསྐྱེད་རིམ་གཉིས་ཀ་ལ། ཡར་འབྲས་བུའི་བཞུགས་ཚུལ་དང་རྣམ་པ་མཐུན་པའི་ལམ་དུ་བྱེད་ཚུལ་དང་། མར་འཁོར་བ་དང་རྣམ་པ་མཐུན་པའི་དྲི་མ་སྦྱོང་ཚུལ་ཏེ། སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱང་འབྲས་རྣམས་ཞིབ་མོར་སྦྱོར། ཐུན་མཚམས་སུ་ཡང་སྣང་བ་ཐམས་ཅད་ལྷར་བསྒོམ། རྫོགས་རིམ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱིས། སེམས་དང་། ཡིད་དང་། རླུང་རྣམས་དབུ་མར་ཐིམ་པས་མངོན་དུ་གྱུར་པའི་བདེ་སྟོང་ཟུང་འཇུག་སྒྲུབ། སྤྱོད་པ་རྣམ་པ་གསུམ་གྱི་ཉེ་རྒྱུས་འབྲས་བུ་ལ་སྦྱོར་བར་བཞེད། དེ་ཡང་བསམ་པའི་སྟོབས་ཆེ་བ་གཅིག་གིས་འབད་པས་བསྒོམས་ན། ཚེ་ལོ་བརྒྱ་པའི་ཚེ་གང་གཅིག་གི་ཡུན་ལ་ལམ་གཞན་ལ་མ་ལྟོས་པར་འཚང་རྒྱ་ནུས་པར་གསུངས། དེ་ལྟ་བུའི་མ་ཧཱ་ཡོ་ག་དེ་ལའང་བསྐྱེད་རིམ་ཐབས་ཀྱི་ཆ་སོགས་རང་རང་གི་གཞུང་ལ་འཇུག་པར་བྱའོ། །ཡང་མེ་ཏོག་དང་མིག་དར་དགོས་པའི་རིགས་ལ་མཎྜལ་གྱི་མཇུག་ཏུ། འོ་དེ་ལྟར་མཎྜལ་འབུལ་བའི་རིམ་པ་དེ་སོང་ནས། སླར་ཡང་ཁྱེད་ཅག་རྣམས་སྔོན་ཆད་མིང་འདི་ཞེས་བྱ་བའི་དཀྱིལ་འཁོར་དུ་མ་ཞུགས་པའམ། ཞུགས་སུ་ཟིན་ཀྱང་སྐབས་འདིར་ཡང་བསྐྱར་ནས་འཇུག་དགོས་པས་ད་ལྟའི་དཀྱིལ་འཁོར་གསར་པ་འདི་ཉིད་མཐོང་བ་ལ་སྒྲིབ་པར་བྱེད་པ་མ་རིག་པའི་ལིང་ཐོག་མཚོན་ཕྱིར་རས་ཡུག་དམར་པོ་སོགས་རེ་རེས་མིག་བཀབ་པའི་མོས་པ་མཛོད། ཨ་ཁཾ་ཝཱི་ར་ཧཱུྃ། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཕྱག་རྟེན་གྱི་སླད་དུ་མེ་ཏོག་ཨུ་དུམ་ཝ་ར་ལ་སོགས་པའི་ཆུན་པོ་ཁ་དོག་ལྔ་ལྡན་རེ་ཕྱག་ཏུ་ཐོགས་པའི་མོས་པ་མཛོད། ༀ་ཨཱཿཧཱུྃ་ཞེས་པའམ་ཡང་ན་སྔགས་སྔ་མས་གཏད་ཀྱང་རུང་ངོ་། །དེ་ལྟར་མེ་ཏོག་གཏད་ནས། གསོལ་འདེབས་ཡོད་པའི་རིགས་ལ། སླར་ཡང་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཅེས་མཚམས་སྦྱར། དེ་བཞིན་དུ། མེ་ཏོག་དོར་བའི་ཚེ། སླར་ཡང་ལྷ་གང་དང་སྨོན་ལམ་གྱིས་འབྲེལ་པ་བརྟག་པའི་དོན་དུ་མེ་ཏོག་དོར་བ་ལ་ཚིག་འདིའི་རྗེས་ཟློས་མཛོད། ཅེས་དང་། མིག་དར་འབྱེད་པའིི་ཚེ། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་གསེར་གྱི་ཐུར་མ་འདྲ་བ་འཕྲོས་པས་ཁྱེད་རང་རྣམས་ཀྱི་མ་རིག་པའི་ལིང་ཐོག་མིག་དར་དང་ལྷན་ཅིག་བསལ་ནས་དག་པ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་གྱུར་པའི་མོས་པ་མཛོད། ཅེས་དང་། འཇུག་པ་རྫོགས་ནས་དབང་དངོས་གཞིའི་མགོར་སླེབ་པ་དང་། འོ་དེ་དག་གིས་འཇུག་པའི་ཆོས་རྣམས་ལེགས་པར་སོང་ནས་སླར་ཡང་དབང་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། ཅེས་པ་ལྟ་བུ་སྐབས་ཐོབ་ཤེས་པས་མཚམས་སྦྱོར་ཅི་རིགས་པ་སྦྱར་བར་བྱའོ། །དེ་དག་ནི་དབང་ཐམས་ཅད་ཀྱི་སྔོན་འགྲོ་སྦྱོར་བའི་སྐབས་ཀྱི་རྒྱུག་བྱང་ངོ་། ༈ །དེ་ནས་རྗེས་ཀྱི་བྱ་བ་ནི། སྟ་གོན་གྱི་མཇུག་ཏུ་བཀྲ་ཤིས་རྒྱ་ཆེར་བརྗོད་པས་མཐའ་བརྒྱན་པར་བྱ་སྟེ། དེ་ཡང་འདི་ལྟར། འོ་དེ་དག་གིས་སྟ་གོན་གྱི་ཆོས་རྣམས་ལེགས་པར་གྲུབ་སྟེ་སླར་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་བྱོན་ཏེ། ཕྱག་ནས་མེ་ཏོག་གི་སིལ་མ་ཀུན་ཏུ་འཐོར་ཞིང་ཞལ་ནས་བཀྲ་ཤིས་པའི་གླུ་དབྱངས་ཕྱོགས་བཅུར་སྒྲོགས་པའི་མོས་པ་མཛོད་ཅིག །ༀ་ཡེ་དྷརྨཱ་ཏེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདིའམ་གང་དག་འདས་པ་དང་། །མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་པ། །དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་པ། །མི་ཡི་མཆོག་དང་འདིར་ནི་མཚུངས་པ་མེད། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཟད་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །ཤེས་པས་ཤཱཀྱ་ཐུབ་དེས་རབ་ཏུ་ཕྱེ། །བདུད་རྩི་ཞི་བ་འདུས་བྱས་མ་ཡིན་པ། །ཆོས་དེ་དང་ནི་མཚུངས་པ་གང་ཡང་མེད། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །མཆོག་ཏུ་གང་འདོད་ཚུལ་བཞིན་རབ་བསྟན་པ། །སྟོན་པའི་རྣལ་འབྱོར་བླ་མེད་རྟག་སྒྲུབ་པ། །རྡོ་རྗེ་ལྟ་བུའི་མིག་གཉིས་ལམ་མཐོང་བ། །ཏིང་འཛིན་དེ་དང་མཉམ་པ་ཡོད་མ་ཡིན། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །གང་ཟག་ཆེན་པོ་བརྒྱད་པོ་རབ་བསྔགས་ཤིང་། །གང་ཟག་ཟུང་བཞིར་བརྗོད་པ་དེ་དག་ནི། །དྲང་སྲོང་ཆེན་པོ་གང་ཟག་མཚུངས་མེད་པ། །བདེ་བར་གཤེགས་པས་སྦྱིིན་པའི་གནས་ཞེས་གསུངས། །དེ་ལ་སྦྱིན་ན་འབྲས་བུ་ཆེར་འགྱུར་ཏེ། །ཞིང་རབ་གཤིན་ལ་ས་བོན་བཏབ་པ་བཞིན། །འདི་ནི་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །གང་དག་བསྟན་པའི་ཡིད་ཀྱིས་རབ་བརྩོན་ཞིང་། །ག་ཏ་མ་ཡི་བསྟན་ལ་འཇུག་བྱེད་པ། །དེ་དག་ཐོབ་ནས་བདུད་རྩི་འཇུག་ཐོབ་སྟེ། །མུན་པ་བསལ་ནས་མྱ་ངན་འདས་ཐོབ་པ། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང་། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཆར་སྤངས་ཏེ་འཕགས་པའི་བདེན་མཐོང་བ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ལུས་སམ་ངག་གམ་འོན་ཏེ་ཡིད་ཀྱི་ཀྱང་། །སྡིག་པ་རྣམ་གསུམ་ནམ་ཡང་མི་བྱེད་ཅིང་། །གློ་བུར་བྱས་ནའང་འཆབ་པར་མི་བྱེད་ལ། །དེ་ལྟར་དེ་དག་ལྟ་བས་འཛིན་མི་བྱེད། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཇི་ལྟར་དབང་པོའི་སྡོང་པོ་སར་བཙུགས་པ། །ཕྱོགས་བཞིའི་རླུང་རྣམས་ཀྱིས་ནི་མི་གཡོ་ལྟར། །འཕགས་པའི་ལམ་གྱི་དམ་པ་མཐོང་བ་ཡི། །གང་ཟག་འཕགས་པའི་དགེ་འདུན་དེ་བཞིན་ནོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཤེས་རབ་ཟབ་མོས་ཤིན་ཏུ་བསྟན་པ་ཡི། །འཕགས་པའི་བདེན་པ་སུ་དག་རྣམ་སྒོམ་ཞིང་། །ལུས་ཀྱང་སྦྱིན་པར་ཡིད་ལ་བྱས་པ་ནི། །དེ་དག་འཇིགས་པ་བརྒྱད་དང་འཕྲད་མི་འགྱུར། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཇི་ལྟར་མེ་ནི་རླུང་གིས་རབ་གཏོར་བ། །ལག་ཏུ་བླངས་ཏེ་བགྲང་དུ་མེད་པ་ཉིད། །དེ་ལྟར་ཀུན་ཏུ་སྦྱར་བ་རབ་བཏང་བ། །སངས་རྒྱས་སྲས་རྣམས་བསྟན་དུ་མེད་པར་འགྲོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག ༈ །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །སྟོན་མཆོག་ལྷ་དང་མིས་ནི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་དགེ་བར་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་དགེ་བར་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་དགེ་བར་ཤོག ༈ །གང་ལ་སེར་སྣ་རྣམས་ཆགས་པ། །རྣམ་བཅོམ་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་རྒྱུག་པ་རྣམ་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བསླུ་བ་མི་མངའ་ལ། །གསུང་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། གང་ཞིག་སྐྱེས་པས་ས་རྣམས་དང་། །ནགས་ཚལ་བཅས་པར་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གང་ཞིག་གིས། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུངས་པ། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་བཅས་ལྷ་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ཀྱི་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱིས་ནི་བསམ་པ་ཡིས། །ཁྱེད་ཀྱི་དོན་འདོད་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་གྱུར། །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་ལྡོག་དག་ཀྱང་བདེ་གྱུར་ཅིག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལའང་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ཅེས་དང་། ༈ འཇིག་རྟེན་འདི་དང་གཞན་དང་མཐོ་རིས་ན། །རིན་ཆེན་རྒྱ་ཆེན་མཆོག་ནི་གང་ཡོད་པ། །དེས་ནི་རྫོགས་པའི་སངས་རྒྱས་རིན་ཆེན་ལ། །ཅིས་ཀྱང་གྲངས་དང་བགྲང་དང་ཆ ར་མི་ཕོད། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདི་ནི་ཤིན་ཏུ་བདེ་ལེགས་ཤོག །ཞི་འགོག་བདུད་རྩིའི་ཤིན་ཏུ་གྱ་ནོམ་གང་། །ཤཱཀྱ་ཐུབ་པས་མཉམ་བཞག་ཐུགས་ཆུད་པ། །ཆོས་དེ་དང་ནི་མཚུངས་པ་ཡོད་མིན་ཏེ། །དེ་སྔོན་བྱས་ན་ཕྱིན་ཆད་མྱ་ངན་མེད། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །རྒྱལ་བས་གང་དག་གང་ཟག་བརྒྱད་གསུངས་པ། །དེ་དག་རྣམས་ནི་སྐྱེས་བུ་ཟུང་བཞི་སྟེ། །སྦྱིན་གནས་དེ་དག་ས་སྟེང་ཤིན་ཏུ་དཀོན། །དེ་དག་རྣམས་ལ་བྱིན་ན་དཔག་མེད་གྱུར། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག ༡ །དམ་པ་གཙོ་བོ་མཆོག་སྦྱིན་གྱ་ནོམ་པ། །འོད་མཆོག་དཔའ་བོ་དམ་པ་མཆོག་གི་གནས། །ཤེས་རབ་དམ་པ་མཆོག་གི་དམ་པ་མཆོག །མཆོག་མིན་མཆོག་མཁྱེན་འདི་ནི་བཅོམ་ལྡན་གཅིག །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ཏིང་འཛིན་དམ་པ་བར་ཆད་མེད་པ་གང་། །མཐའ་ཡས་བློ་ལྡན་དེ་བཞིན་གཤེགས་གསུངས་པ། །ཏིང་འཛིན་དེ་བརྟན་རྡོ་རྗེ་དཔེར་བྱས་པ། །ཏིང་འཛིན་དེ་དང་མཚུངས་པའི་ཏིང་འཛིན་མེད། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །ཏིང་ངེ་འཛིན་གྱི་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ཇི་ལྟར་སྒོ་གཏན་དམ་ཞིང་རབ་དམ་སྟེ། །སྟོབས་ཆེན་རླུང་བཞི་དག་གིས་མི་བསྐྱོད་པ། །དེ་ལྟར་མཁས་པ་བདེན་བཞི་མཐོང་གནས་པ། །འཇིག་རྟེན་སྨྲ་བ་རྣམས་ཀྱིས་འདིར་མི་གཡོ། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག ༢ །ཐམས་ཅད་ཟིལ་གནོན་ཀུན་མཁྱེན་ཐམས་ཅད་གཟིགས། །ཐམས་ཅད་མཁྱེན་པ་སྟོབས་རྣམས་ཀུན་དང་ལྡན། །ཀུན་གྱི་དམ་པ་འཇིགས་པ་ཀུན་དང་བྲལ། །བསམ་པ་ཀུན་མཁྱེན་འདི་ནི་བཅོམ་ལྡན་གཅིག །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །སྲིད་པ་འགོག་ཅིང་མི་གཡོ་འགྱུར་བ་མེད། །སྐྱོན་མེད་འཇིགས་པ་ཀུན་ལས་རྣམ་པར་གྲོལ། །ཤིན་ཏུ་འགོག་ཅིང་གྱ་ནོམ་ངེས་པར་འབྱུང་། །ཤིན་ཏུ་དྲི་མེད་ཞི་བ་བློས་མི་འཕྲོག །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དམ་པ འི་ཆོས་ཀྱི་རིིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ཤིན་ཏུ་སྡུག་བསྔལ་སྟོན་ཅིང་བདེ་སྦྱིན་པའི། །བདེན་རྣམས་མཐོང་སྟེ་གང་དག་བག་ཡོད་པ། །བདེན་པ་རིན་ཆེན་རྣམས་ལ་དོགས་བྲལ་བ། །དེ་དག་སྐྱེ་བ་བརྒྱད་པ་ཕྱིས་མི་ལེན། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག ༣ །དམ་པ་རྣམས་ཀྱིས་དམ་པ་དོན་དམ་མཁྱེན། །མཆོག་དང་མཆོག་མིན་མཁྱེན་ཅིང་དོན་དམ་བརྩོན། །གཞན་གྱིས་མི་ཕྲོགས་དམ་པ་ཐུགས་ཆུད་རྟོགས། །ཤིན་ཏུ་སྡུག་བསྔལ་རྣམས་ཀྱི་དཔུང་གཉེན་མཆོག །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །འདུན་པ་བསྐྱེད་ནས་རྣལ་འབྱོར་ལྡན་གྱུར་ཅིང་། །ག་ཏམ་བསྟན་ལ་རྟག་བརྩོན་རབ་གྲོལ་ནི། །གཞན་གྱིས་མི་བཀྲི་བ་དག་ཞི་བདེར་རེག །འདི་ལ་དེ་རེག་གྲངས་སུ་ཕྱིན་མི་འགྱུར། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །བདེན་པ་མཐོང་བས་བརྗེད་པས་བརྒྱ་ལམ་ན། །གལ་ཏེ་སྡིག་པ་འགའ་ཞིག་བྱས་གྱུར་ཀྱང་། །དེ་ནི་དེ་འཆལ་པ་ཡི་འོས་མིན་ཏེ། །ཆོས་ཉིད་འདི་ནི་མི་གཡོ་གནས་ཕྱིར་རོ། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག ༤ །ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ན། །སངས་རྒྱས་དང་ནི་ལྷག་པའམ་མཚུངས་པ་མེད། །ལྷ་དང་མི་ཡི་སྟོན་པ་བླ་ན་མེད། །སྟོན་པ་དེད་དཔོན་སྨན་པ་རྣམས་ཀྱི་མཆོག །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ས་གའི་ཟླ་བ་དང་པོར་ཐུབ་པ་ཡིས། །ནགས་ཁྲོད་ཆོས་ཀྱི་དམ་པ་རབ་བརྙེས་པ། །ཆོས་དེ་དང་ནི་ལྷག་པའམ་མཚུངས་པ་མེད། །འདི་ལ་དེ་རེག་གྲངས་སུ་ཕྱིན་མི་འགྱུར། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དམ་པ འི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །སྡིག་པ་རྙེད་ཟད་གསར་དུ་བྱས་མེད་ལ། །རིམས་ནད་མེད་པས་འཇིགས་མེད་མྱ་ངན་བྲལ། །རྩ་བ་འགགས་པས་སྲེད་པ་མི་སྐྱེད་པ། །བསྟན་པ་མར་མེ་བཞིན་དུ་འབར་བར་འགྱུར། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །བདེ་ལེགས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ། །ཞེས་དང་། ༈ བཅོམ་ལྡན་རྣམ་པར་སྣང་མཛད་རྒྱལ་བ་མི་བསྐྱོད་པ། །རིན་ཆེན་འབྱུང་ལྡན་འོད་དཔག་མེད་དང་དོན་ཡོད་གྲུབ། །རིགས་ལྔ་བདེ་གཤེགས་རྣམས་ཀྱི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །རྡོ་རྗེ་སེམས་མ་དང་ནི་རིན་ཆེན་སེམས་མ་དང་། །ཆོས་ཀྱི་སེམས་མ་དང་ནི་ལས་ཀྱི་སེམས་མར་བཅས། །བཅོམ་ལྡན་ཡུམ་མཆོག་རྣམས་ཀྱི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །རྡོ་རྗེ་སེམས་དཔའ་དང་ནི་རྡོ་རྗེ་རྒྱལ་པོ་དང་། །རྡོ་རྗེ་ཆགས་པ་དང་ནི་རྡོ་རྗེ་ལེགས་པར་བཅས། །བཅོམ་ལྡན་མི་བསྐྱོད་འཁོར་གྱི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །རྡོ་རྗེ་རིན་ཆེན་དང་ནི་རྡོ་རྗེ་གཟི་བརྗིད་དང་། །རྡོ་རྗེ་རྒྱལ་མཚན་དང་ནི་རྡོ་རྗེ་བཞད་པར་བཅས། །བཅོམ་ལྡན་རིན་འབྱུང་འཁོར་གྱི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །རྡོ་རྗེ་ཆོས་རབ་དང་ནི་རྡོ་རྗེ་རྣོན་པོ་དང་། །རྡོ་རྗེ་འཁོར་ལོ་དང་ནི་རྡོ་རྗེ་སྨྲ་བར་བཅས། །བཅོམ་ལྡན་སྣང་མཐའི་འཁོར་གྱི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །རྡོ་རྗེ་ལས་རབ་དང་ནི་རྡོ་རྗེ་བསྲུང་བ་དང་། །རྡོ་རྗེ་གནོད་སྦྱིན་དང་ནི་རྡོ་རྗེ་ཁུ་ཚུར་བཅས། །བཅོམ་ལྡན་དོན་གྲུབ་འཁོར་གྱི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །ལྷ་མོ་སྒེག་མོ་དང་ནི་ལྷ་མོ་ཕྲེང་བ་མ། །ལྷ་མོ་གླུ་མ་དང་ནི་ལྷ་མོ་གར་མར་བཅས། །ནང་གི་མཆོད་པའི་ལྷ་མོའི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །ལྷ་མོ་བདུག་སྤོས་མ་དང་ལྷ་མོ་མེ་ཏོག་མ། །ལྷ་མོ་མར་མེ་མ་དང་ལྷ་མོ་དྲི་མར་བཅས། །ཕྱི་ཡི་མཆོད་པའི་ལྷ་མོའི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །སྒོ་བ་ལྕགས་ཀྱུ་མ་དང་སྒོ་བ་ཞགས་པ་དང་། །སྒོ་བ་ལྕགས་སྒྲོག་མ་དང་སྒོ་བ་དྲིལ་བུར་བཅས། །བཅོམ་ལྡན་སྒོ་སྲུང་རྣམས་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །ཞེས་དང་། ༈ བཅོམ་ལྡན་རྣམ་པར་གཟིགས་ནི་རྒྱལ་རིགས་གབ་བརྗིད་ཅན། །ཚེ་ལོ་བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཤི་རི་ཤ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །བདེ་གཤེགས་གཙུག་ཏོར་མངའ་བ་རྒྱལ་རིགས་རྫུ་འཕྲུལ་ཅན། །ཚེ་ལོ་བདུན་ཁྲིའི་དུས་ན་སུ་ཀའི་གྲོང་ཁྱེར་དུ། །ཤིང་མཆོག་སུམ་དྷའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །རྒྱལ་བ་ཐམས་ཅད་སྐྱོབ་པ་རྒྱལ་རིགས་བློ་གྲོས་ཅན། །ཚེ་ལོ་དྲུག་ཁྲིའི་དུས་ན་གྲོང་ཁྱེར་མཉམ་མེད་དུ། །ཤིང་མཆོག་སཱ་ལའི་དྲུང་དུ་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །ཐུབ་པ་འཁོར་བ་འཇིག་ནི་སྟོབས་ལྡན་བྲམ་ཟེའི་རིགས། །ཚེ་ལོ་བཞི་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཤི་རི་ཤ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །འདྲེན་པ་གསེར་ཐུབ་བསླབ་པ་མཆོག་ལྡན་བྲམ་ཟེའི་རིགས། །ཚེ་ལོ་སུམ་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ། །ཨུ་དུམ་བཱ་རའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །སྐྱོབ་པ་འོད་སྲུང་རྒྱལ་རིགས་བླ་མེད་ཡོན་ཏན་ཅན། །ཚེ་ལོ་ཉི་ཁྲིའི་དུས་ན་ཝཱ་ར་ཎཱ་སཱི་རུ། །ནྱ་གྲོ་དྷ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །འགྲོ་མགོན་ཤཱཀྱ་ཐུབ་པ་རྒྱལ་རིགས་བརྩོན་འགྲུས་ཅན། །ཚེ་ལོ་བརྒྱ་པའི་དུས་ན་སེར་སྐྱའི་གྲོང་ཁྱེར་དུ། །ཨ་ཤྭཪྠ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །སངས་རྒྱས་རབས་བདུན་བཀྲ་ཤིས་ཕུན་སུམ་ཚོགས་པ་གང་། །ཕྱོགས་དུས་ཀུན་གྱི་བདེ་གཤེགས་བྱིན་རླབས་རྨད་བྱུང་བ། །ཆོས་དབྱིངས་རྣམ་དག་རྟེན་འབྲེལ་སྟོབས་ལྡན་མི་འགྱུར་བ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །ཅེས་དང་། ༈ རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པའི་མཐར་ཕྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པའི་བཀྲ་ཤིས་པ། །དགེ་མཉམ་བསམ་སེམས་ལྡན་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་ཅིང་། །ཡང་དག་བདེན་པའི་འབྱོར་པ་སྦྱིན་མཛད་མི་སླུ་བ། །རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །བསམ་གཏན་ཏིང་འཛིན་ཡེ་ཤེས་དམ་པ་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང་། །ཚེ་གྲངས་མེད་པར་བྱིན་གྱིས་རློབ་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །སེམས་ཅན་དོན་གྱི་ལས་ལ་ཐུགས་ནི་སྦྱོར་མཛད་ཅིང་། །འགྲོ་བ་ཀུན་གྱི་འཆིང་བས་བཅིངས་ལས་གྲོལ་མཛད་པ། །ཐུབ་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །ཅེས་དང་། ༈ བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་འཇམ་དཔལ་གཞོན་ནུའི་སྐུ། །བདེ་གཤེགས་སྐུ་ཡི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་དེང་འདིར་བདེ་ལེགས་ཤོག །བཅོམ་ལྡན་དུང་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་ཀྱི་དབང་། །བདེ་གཤེགས་གསུང་གི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་དེང་འདིར་བདེ་ལེགས་ཤོག །བཅོམ་ལྡན་ལྗང་སེར་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་ཕྱག་ན་རྡོ་རྗེ་སྟེ། །བདེ་གཤེགས་ཐུགས་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་དང་། ༈ རྒྱ་མཚོ་ལྟ་བུར་བརྒལ་དཀའ་འཁོར་བའི་འདམ་ལས་བརྒལ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་བསགས་དཀའ་མ་ལུས་རྫོགས། །འགྲོ་བ་ཀུན་གྱི་གཉེན་གཅིག་གྱུར་པ་དེ་བཞིན་གཤེགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རང་དོན་སྤངས་ཤིང་གཞན་དོན་རྟག་ཏུ་ལྷུར་ལེན་ཅིང་། །འདོད་པའི་འདོད་ཡོན་ལྔ་ལ་ལྟ་བ་རྒྱངས་བསྲིངས་ཏེ། །དད་དང་བརྩོན་འགྲུས་ལྷུར་ལེན་གྲོགས་མཆོག་བྱང་ཆུབ་སེམས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྐྱེ་འགགས་མེད་ཅིང་རྟོག་པའི་འཆིང་བྱེད་མཐའ་དག་སྤངས། །མ་རིག་མུན་པ་འཇོམས་བྱེད་སྟོང་ཉིད་སྒྲོན་མའི་མཆོག །དམིགས་པ་སྣ་ཚོགས་སྤངས་པ་ལ་ལམ་གྱི་བདེ་སྒྲུབ་ཆོས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་དང་། ༈ ཡོན་ཏན་རྒྱས་པའི་རྟགས་སུ་སྐུ་མདོག་གསེར་འདྲ་བ། །ཤེས་རབ་རྟགས་སུ་རལ་གྲི་པོ་ཏི་ཕྱག་ན་བསྣམས། །འཕགས་པ་འཇམ་དཔལ་གཞོན་ནུའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐུགས་རྗེའི་རྟགས་སུ་སྐུ་མདོག་ཟླ་བའི་འོད་ཆགས་པ། །སྐྱོན་གྱིས་མ་གོས་ཕྱག་མཚན་ཕྱག་ན་པདྨ་བསྣམས། །འཕགས་པ་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཆོས་ཉིད་མི་འགྱུར་རྟགས་སུ་སྐུ་མདོག་མཐིང་ནག་སྔོ། །ཐབས་དང་ཤེས་རབ་གཉིས་མེད་ཕྱག་ན་རྡོ་རྗེ་བསྣམས། །འཕགས་པ་ཕྱག་ན་རྡོ་རྗེའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་དང་། ༈ ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པའི་ཆོས་ལྡན་ཐོབ་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་མངའ་བ་པོ། །དོན་རྣམས་ཐམས་ཅད་འགྲུབ་པར་བརྟུལ་བ་ཡོངས་ལྡན་པ། །ཚོགས་ཀྱི་ལམ་དགྱེས་ཐུབ་པའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི། །གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་ཏེ། །དབང་བཅས་ལྷ་ཡིས་བསྐོར་བའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །ལོ་མ་མེ་ཏོག་འོད་འབར་ཉམས་དགའ་ལུམྦིའི་ཚལ། །ལྷ་མང་དག་གིས་བསྟེན་པར་མགོན་པོ་བལྟམས་པ་ན། །སྲིད་པ་མཐར་ཕྱིན་པ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་སེར་སྐྱའི་གནས་ནས་རྒྱལ་པོའི་ཕོ་བྲང་དུ། །ལྷུམས་ནས་བལྟམས་པ་སྟོན་པ་བདེ་གཤེགས་ཟས་གཙང་སྲས། །མྱུར་བསྐྲུན་བདུད་རྩིའི་ཆུས་གཏོར་བ་ཡི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་དམ་པ་སེར་སྐྱའི་གནས་ཞེས་བྱ་བར་ནི། །རྨད་དུ་གྲགས་པ་ཆེ་བའི་ལྷ་ཡིས་མངོན་བསྟོད་པ། །བསམ་ཡས་དགེ་བསྒྲུབས་བསོད་ནམས་ཕུང་པོའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །དགྱེས་ཤིང་ནམ་ཕྱེད་གྲོང་ཁྱེར་མཆོག་ནས་མངོན་བྱུང་སྟེ། །དཀའ་ཐུབ་ཚལ་དུ་མངོན་པར་གཤེགས་ཤིང་ཚངས་ལ་སོགས། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང་། །བཀྲ་ཤིས་དེ་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །རབ་ཏུ་འོད་འབར་གསེར་དང་འདྲ་བའི་སྐུ་མངའ་ཞིང་། །བཻ་ཌཱུརྱ་ལྟར་སྔོ་བའི་རྩ་བཏིང་སྟེང་བཞུགས་ཏེ། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །ཆུ་བོའི་འགྲམ་ན་རྩྭ་ཤའི་ཕྲེང་གིས་ཡོངས་བསྐོར་བ། །ཤིན་ཏུ་རྨད་དུ་བྱུང་བའི་སྲིད་པ་སེལ་མཛད་པ། །ཀླུ་ཡིས་རྒྱལ་པོས་ཕྱག་བྱས་པ་ཡི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །ཤིང་རྒྱལ་དྲུང་གཤེགས་བྱམས་པའི་སྟོབས་ཀྱིས་བདུད་ཀྱི་ཕྱོགས། །མང་པོ་བཏུལ་ཏེ་ས་སྟེང་དང་ནི་ནམ་མཁའ་ལ། །བཅོམ་ལྡན་བཀྲ་ཤིས་རྣམ་པ་སྣ་ཚོགས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །སྡུག་བསྔལ་མཐའ་དག་གཞིག་ཕྱིར་རྡོ་རྗེའི་གདན་བཞུགས་ཏེ། །ནམ་གྱི་ཐོ་རངས་བདུད་བཞི་དགྲ་བོ་རྣམས་བཏུལ་བ། །སྟོན་པ་བདེ་བར་གཤེགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་ཝ་ར་ཎཱ་སིར་དྲང་སྲོང་མཆོག་བཞུགས་ནས། །ཆོས་ཀྱི་འཁོར་ལོ་མཆོག་བརྟན་པ་ཡི་བཀྲ་ཤིས་གང་། །ལྷ་ཡུལ་དེང་འདིར་ཤིན་ཏུ་རྨད་དུ་བྱུང་གྱུར་པ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །བཀྲ་ཤིས་གང་ཞིག་ཕན་བྱེད་དམ་པ་དག་བྱེད་པ། །བསོད་ནམས་བྱ་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟོད་པ། །བཅོམ་ལྡན་ཤཱཀྱ་ཐུབ་པའི་སེང་གེས་གང་གསུངས་པ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །མུ་སྟེགས་བྱེད་པ་ཀུན་གྱི་ང་རྒྱལ་གཞོམ་པ་དང་། །འགྲོ་ལ་བདེ་བ་བསྐྱེད་ཕྱིར་ཆོ་འཕྲུལ་དག་པ་དག །ཉེ་བར་སྟོན་པ་རྒྱལ་བའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་མཐོ་རིས་ནས་ནི་འདིར་གཤེགས་ཏེ། །ཚངས་པ་ལ་སོགས་ལྷ་ཚོགས་ལག་ན་རྔ་ཡབ་གདུགས། །སྣ་ཚོགས་ཐོགས་པས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །དེ་བཞིན་གཤེགས་པ་ཞི་བ་མཆོག་ཏུ་ཉེར་གཤེགས་པ། །མནྡྷ་ར་བའི་མེ་ཏོག་མང་པོས་མངོན་མཆོད་པ། །ལྷ་མཆོག་རྣམས་ཀྱིས་མངོན་པར་བསྟོད་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །ལྷ་དང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་པ། །མཁའ་ལྡིང་གནོད་སྦྱིན་དྲི་ཟའི་དབང་པོས་མཆོད་གྱུར་པ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལྡན་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་ཤོག །ཅེས་དང་། ༈ ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་འཕེལ་བ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་རླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེས་པ་ལ་གསུངས་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ༈ །ཞེས་པ་རྣམས་ལས་གང་རུང་རེ་བླངས་ནས་བརྗོད་པར་བྱའོ། ༈ །དངོས་གཞིའི་ཉིན་དབང་རྫོགས་པ་དང་། འོ་དེ་ལྟར་དབང་བསྐུར་ལེགས་པར་ཐོབ་པ་དེ་ལ། ཕྱོགས་བཅུའི་རྒྱལ་བ་སོགས་སྟ་གོན་གྱི་སྐབས་ལྟར་བརྗོད་པའི་བཀྲ་ཤིས་མཐར་དམ་ཚིག་གི་རྣམ་དབྱེ་གང་ནུས་བཤད་ནས། འོ་དེ་ལྟར་རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་གི་རིམ་པ་རྣམས་རྡོ་རྗེ་སློབ་དཔོན་གྱི་བཀའ་ཇི་ལྟར་སྩལ་བ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ། དེ་ལྟར་དབང་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། ཞེས་བརྗོད། སླར་ཡང་རང་རང་རྣམས་ཀྱི་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་གཅིག་ཏུ་བསྡོམས་ནས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་འབུལ་ན་ཆ་ཤས་ནས་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་གཟུང་བ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལན་གསུམ། དེ་ལྟར་དབང་ལེགས་པར་ཐོབ་པའི་དགེ་རྩ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མངོན་དུ་འཐོབ་པའི་ཆེད་དུ་ཡོངས་སུ་བསྔོ་བའི་ཐུགས་འདུན་གནང་འཚལ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཞེས་སོགས་དང་། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་ཡང་རྣལ་འབྱོར་མ་ཨཀྵ་ར་ཤྲཱི་དཱི་པཾ་གྱིས་མཛད་པའི་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་དབང་གི་མཚམས་སྦྱོར་དང་། ལོ་ཆེན་རིན་པོ་ཆེ་དྷརྨ་ཤྲཱིའི་དབང་གི་འཁྱོགས་མཚམས་ཀྱི་བཤད་པ་དག་ལས་ཁོལ་དུ་བཏོན་ནས་འཁྲུགས་བསྡེབས་ཀྱི་རིམ་པས་གཏན་ལ་ཕབ་པ་སྟེ། བཙུན་པ་གཞན་ཕན་པས་སྔ་འགྱུར་བཀའ་མའི་དབང་ཆོག་རྣམས་ཀྱི་ཡན་ལག་ཏུ་ལེགས་པར་སྦྱར་བའོ།། །།


previousམ་ཧཱ་ཡོ་གའི་དབང་ཐམས་ཅད་ཀྱི་ཐོག་མཐར་འགྲོ་བའི་རྒྱུག་བྱང་ལྷན་ཐབས། རྒྱལ་སྲས་གཞན་ཕན་མཐའ་ཡས།no next