cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་ལྔ་པ།

གླེགས་བམ། བ༽

རྒྱལ་སྲས་གཞན་ཕན་མཐའ་ཡས། འགྱུར་མེད་རྡོ་རྗེ། ཡོན་ཏན་རྒྱ་མཚོ། བཙུན་པ་གཞན་ཕན་པ། གནུབས་ཆེན་སངས་རྒྱས་ཡེ་ཤེས། ཐུབ་བསྟན་ཆོས་ཀྱི་གླང་པོ། སི་ཏུ་ཆོས་ཀྱི་རྒྱ་མཆོ། བུདྡྷ་བཛྲ། བི་ཛ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

ནང་དོན་གནད་བསྡུས།

སྔ་འགྱུར་བཀའ་མ་ནི། སྤྱིར་བཏང་རིག་པའི་གནས་ལྔ་ལས་ནང་དོན་རིག་པའི་ཁོངས་སུ་གཏོགས། དེ་ལ་ཐེག་པ་རིམ་དགུའི་དོན་ཡོངས་སུ་ཚང་ཞིང་། རྫོགས་པ་ཆེན་པོའི་ཟབ་ཆོས་བཀའ་མ་མདོ་སྒྱུ་སེམས་གསུམ་ཞེས་སྤྱི་མདོ་དགོངས་པ་འདུས་པ་དང་། སྒྱུ་འཕྲུལ་གསང་བ་སྙིང་བོ། སེམས་སྡེ་མ་བུ་བཅོ་བརྒྱད་བཅས་རྩ་བའི་རྒྱུད་ཡིན། དེ་ལས་འཕྲོས་པའི་རྒྱུད་གཞུང་དང་། ཆོག་ཁྲིགས་འདོན་ཆོག་ཏུ་བཀོད་པ། རྒྱབ་ཆོས་རྒྱུད་འགྲེལ་ཉེར་མཁོ་བཅས་ཏེ་ཁག་གསུམ་དབྱེར་ཡོད།
དུས་ཡུན་ལོ་ངོ་སྟོང་ཕྲག་ཙམ་གྱི་རིང་ལ་སྔོན་བྱོན་མཁས་གྲུབ་དུ་མས་རིམ་བཞིན་བཀའ་བསྡུ་མཛད་དེ་ད་ལྟ་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཙམ་འདུས་ཡོད། དེའི་ནང་ཆོས་ཚན་བདུན་བརྒྱ་བརྒྱད་ཅུ་(784篇章)ཙམ་དང་། ལྡེབ་གྲངས་ལྔ་སྟོང་(4896页) ཙམ། ཡིག་འབྲུ་ཁྲི་སྟོང་ཕྲག་བདུན་དང་ལྔ་བརྒྱ་(7500万字)ཙམ་ཡོད་པའི་ནང་དོན་ཕུན་སུམ་ཚོགས་ལ་རིན་ཐང་གཞལ་དུ་མེད་པའི་ནོར་བུའི་དབྱིག་མཛོད་དཔེ་ཚོགས་རླབས་ཆེ་བ་ཞིག་ཏུ་གྲུབ་པ་འདིའོ།།
བོད་རབ་ལོ ༩༧༦པའི་ཟླ༦ ཚེས༡༠ལ་སྒྲིག་པ་པོས།
བྱང༷་ཆུབ༷་སེམས་ཀྱི་གཞི༷་རྩར་ལེགས་བཟུང་ནས། །
བྱང༷་ཆུབ༷་སྤྱོད་པའི་ཟབ་ལམ༷་གཅིག་པུ་ཞིག །
བྱང༷་ཆུབ༷་མཆོག་གི་འབྲས༷་བུ་ལ་གཞོལ་ཕྱིར། །
བྱང༷་ཆུབ༷་རྒྱ་མཚོས་པར་བསྐྲུན་ཞུས་པ་དགེ། །

ཚེ་དཔག་མེད་ལུང་ལུགས་ཀྱི་བརྒྱུད་འདེབས། རྒྱལ་སྲས་གཞན་ཕན་མཐའ་ཡས།

ཚེ་དཔག་མེད་ལུང་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ། །ཀུན་བཟང་རྡོར་སེམས་ཕྱག་ན་རྡོ་རྗེ་དང་། །ཀུ་ཀུ་རཱ་ཛ་ཨིནྡྲ་བྷུ་ཏི་ཆེ། །སིངྷ་ཨུ་པ་རཱ་ཛ་རྡོ་རྗེ་བཞད། །སངས་རྒྱས་གསང་བ་རྣམས་ལ་གསོལ་བ་འདེབས། །བི་མ་གཉགས་ཆེན་ལྷ་དཔལ་གནུབས་ཡབ་སྲས། །ཡེ་ཤེས་རྒྱ་མཚོ་ཤེར་མཆོག་ཉང་ཡེ་འབྱུང་། །ཟུར་པ་མེས་དབོན་ཐུགས་སྲས་ཀ་ཆེན་བཞི། །གསང་བདག་ཤཱཀ་སེང་རྣམས་ལ༴ བཤེས་གཉེན་ཇོ་པད་ཤེར་འོད་བརྩོན་འགྲུས་སེང་། །དར་མ་སེདྒེ་བསོད་དཔལ་དཔལ་ཆེན་པོ། །དྲིན་ཆེན་གཙུག་ནོར་ཀུན་དགའ་རྒྱལ་མཚན་དང་། །ཆོས་རྒྱལ་བྱང་བཟང་རྣམས་ལ༴ ཀུན་རྡོར་དཔལ་མགོན་རྒྱལ་མཚན་བསོད་རིག་དང་། །ཚེ་དབང་བཀྲ་ཤིས་དབང་འཛིན་ཀློང་ཡངས་འོད། །འགྱུར་མེད་རྡོ་རྗེ་རིན་ཆེན་རྣམ་པར་རྒྱལ། །ཨོ་རྒྱན་བསྟན་འཛིན་རྡོ་རྗེར༴ ཕྲིན་ལས་རྣམ་རྒྱལ་ཕྲིན་ལས་ཆོས་ཀྱི་སྒྲོན། །སངས་རྒྱས་ཀུན་དགའ་བསྟན་འཛིན་ནོར་བུའི་དཔལ། །ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཐུགས་རྗེའི་བདག་ཉིད་མགོན་པོ་མཆོག་རྣམས་ཀྱིས། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པ་དང་། །ཚེ་འདིར་མཆོག་ཐུན་དངོས་གྲུབ་མྱུར་ཐོབ་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསུང་ལ་བརྒྱུད་པའི་ཁྱད་པར་གྱིས་གཏེར་ཆེན་ནས་བདག་གི་རིགས་བདག་བླ་མའི་བར་ཁ་བསྒྱུར་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །།

བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་འཆི་མེད་མཆོག་སྟེར། འགྱུར་མེད་རྡོ་རྗེ།

བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་འཆི་མེད་མཆོག་སྟེར་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། གང་ཞིག་ཁྱོད་མཚན་ཐོས་དང་དྲན་པས་ཀྱང་། །འཆི་མེད་དངོས་གྲུབ་ཀུན་སྩོལ་བཅོམ་ལྡན་འདས། །བླ་མ་མཆོག་དང་དབྱེར་མེད་དེར་བཏུད་ནས། །འཆི་མེད་སྒྲུབ་པའི་ཆོ་ག་མདོ་ཙམ་བཤད། །འདིར་བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལ་བརྟེན་པའི་ཚེ་སྒྲུབ་པའི་ཆོ་ག་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བའི་ལུགས་བཞིན་སྒྲུབ་པ་ལ་གཉིས་ཏེ། དགོས་པ་གང་ལ་བྱ་བ་དང་། ཇི་ལྟར་བྱ་བའི་ཆོ་ག་བཤད་པའོ། །དང་པོ་ལ། ཚེ་ཉམས་པར་བྱེད་པའི་རྐྱེན། ཉམས་པའི་རྟགས། ཉམས་པ་གསོ་བའི་སློབ་དཔོན་གྱི་མཚན་ཉིད་བཤད་པའོ། །དང་པོ་ནི། རྒྱུད་ལས། དམ་ཉམས་སེམས་དཀྲུགས་ཡི་ཆད་དངངས་པ་དང་། །ཞེ་སྡང་དྲག་པོས་རྦོད་གཏོང་ཚར་བཅད་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་། །གནས་ངན་དག་ཏུ་གནས་ཕབ་འདི་དག་ནི། །ཚེ་ཉམས་དབུགས་དངངས་བགེགས་ཀྱི་དབང་དུ་གྱུར། །ཞེས་པ་ལྟར་རོ། །གཉིས་པ་ནི། འཁོར་ལ་ཁྲོ་ཞིང་སྡུག་སྐད་འབྱིན་པ་དང་། །བཞིན་འགྱུར་སྤྱོད་ལམ་རྣམས་ནི་འཆལ་བ་དང་། །སློབ་དཔོན་འཚོ་བྱེད་དུས་ལས་ཡོལ་བ་དང་། །ཁ་ཟས་རྣམས་ཀྱང་ཡི་གར་མི་འོང་བ། །འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་པ་ལྟར་རོ། །གསུམ་པ་ནི། ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་གསུམ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། །ཞེས་པས་མཚན་ཉིད་གསུམ་པོ་གང་རུང་དང་ལྡན་པའི་སློབ་དཔོན་ནི་རྟེན་གྱི་གང་ཟག་གོ། །དེ་ལྟ་བུས་རང་གཞན་གྱི་ཚེའི་འགལ་རྐྱེན་ཞི་ཞིང་། ཚེ་ཡུན་རིང་དུ་གནས་པར་བྱ་བའི་ཆེད་དུ་ཆོ་ག་འདི་ལ་འཇུག་པར་བྱའོ། །གཉིས་པ་ཇི་ལྟར་བྱ་བའི་ཆོ་ག་བཤད་པ་ལ། ཇི་སྐད་དུ། དཀྱིལ་འཁོར་ཚེ་བཅའ་བཀོད་པ་དང་། །གཞལ་ཡས་ཁང་དང་ཚེ་བསྐྱེད་དང་། །སྤྱན་དྲང་དང་ནི་བསྟིམ་པ་དང་། །ཚེ་ཡི་རང་བཞིན་འགུགས་པའི་ཐབས། །ཚེ་བཅིང་བཟླས་བརྗོད་ཚེ་བླན་དང་། །དབང་བསྐུར་སྡོམ་དང་སྦ་བར་བྱ། །ཞེས་གསུངས་པ་ལྟར་བསྒྲུབ་པ་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ལ། སྦྱོར་བའི་སྔོན་འགྲོ་དང་། ཆོ་གའི་སྔོན་འགྲོ་གཉིས། སྦྱོར་བ་ལ། རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ་དང་། ཚེའི་རྫས་བཅའ་བའོ། །དང་པོ་ནི། བཀྲ་ཤིས་དུས་ལ་འཇུག་པར་བྱ། །ཞེས་པ་ལྟར་ཟླ་བ་ཡར་གྱི་ངོའི་གཟའ་སྐར་འཕྲོད་སྦྱོར་བཟང་པོ་ལ། གང་དུ་བྱ་བའི་གནས་དེར་གཞི་བགེགས་ལ་གཏོར་མ་བཏང་ནས། དཀྱིལ་འཁོར་གྱི་གཞི་བ་བྱུང་གིས་བྱུག །དྲི་བཟང་དང་བདུད་རྩི་ལྔས་ཆས་ཆག་གདབ། །ཐིག་སྐུད་དྲི་ཞིམ་པོའི་ཐིག་ཆལ་གྱིས་སྤགས་པ་གསར་ནས། རང་ཉིད་དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་དུ་གསལ་བ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཐིག་སྐུད་དང་རོ་གཅིག་པ་ཡེ་ཤེས་ལྔའི་ངོ་བོར་སྤྲོས་པར་བསམ་ཞིང་། ༀ་ཨཱཿཧཱུྃ། ཨཱྃ་ༀ་སྭཱ་ཧཱུྃ་ཧཱ། ཞེས་བརྗོད་ཅིང་གཏད་ལ། དང་པོ་ཤར་ནུབ་ཀྱི་ཚངས་ཐིག་གདབ་པ་ནས་བཟུང་ཐིག་ཆེན་བརྒྱད་དཀྱིལ་འཁོར་གྱི་མཁའ་ལ་གདབ་ཅིང་། དེ་བཞིན་དུ་ས་ལའང་གདབ་བོ། །སྔགས་ནི། ༀ་ཛྙཱ་ན་ཙཀྲ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་པ་ཁོ་ནའོ། །ཚུལ་དེས། དཀྱིལ་འཁོར་ཐིག་བཞི་ལིང་ཚེ་དགུ། །པདྨ་འདབ་བརྒྱད་གྲུ་ཆད་བཞི། །སྒོ་དང་བཅས་པ་བྲི་བར་བྱ། །ཞེས་པ་བཞིན་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་སོགས་སྒྱུ་འཕྲུལ་ཞི་བ་དང་མཐུན་པ་ཉིད་ལས། ལྟེ་བ་ཟླུམ་བསྐོར་རེའུ་མིག་དགུ་པ་མུ་ཁྱུད་ཅན་གྱི་མཐར་པདྨ་འདབ་མ་བརྒྱད་ཀྱིས་བསྐོར་ཞིང་། བར་ཁྱམས་སྤངས་པ་ནི་ཁྱད་པར་རོ། །དེ་ནས་ཚོན་སྣ་ལྔ་མདོག་རིགས་སྡེབས་པ་སོ་སོའི་གནས་སུ། ཨཱཾ་ༀ་སྭཱ་ཧཱུྃ་ཧཱ། པཱཾ་ལཱཾ་མཱཾ་མཱུཾ་ཏཱཾ་ལས་འོད་དཔག་མེད་གཙོ་བོར་གྱུར་པའི་རིགས་ལྔའི་ངོ་བོར་གྱུར་པ་བདག་ཉིད་ཀྱི་སྐུ་ལ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ཚོན་རྩི་རྣམས་ལ་ཐིམ་པར་བསམ་ཞིང་། སྔར་གྱི་ས་བོན་བཅུ་པོ་དང་། ༀ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུཾ་ཧཱུཾ། ཞེས་བཟླས་པའི་མཐར། ཨཱཾ་ཞེས་བརྗོད་པས་རིན་པོ་ཆེའི་རྡུལ་ཕྲ་རབ་ཀྱི་རྡུལ་ཚོན་འབར་བར་བསམ་ནས། དབུས་ཀྱི་གླིང་དགུའི་ལྟེ་བ་དམར་པོ། ཕྱོགས་བཞི་མཚམས་ཐིག་གིས་ཕྱེ་བའི་རེའུ་མིག་རྣམས་ཤར་དཀར། ལྷོ་སེར། ནུབ་སྔོ། བྱང་ལྗང་། གདུང་བཞི་དང་མུ་ཁྱུད་སྔོན་པོ་ལ་རྡོ་རྗེ་དཀར་པོའམ་སེར་པོ། །པད་འདབ་བརྒྱད་མཛེས་ཚོན། གྲུ་ཆད་ལ་སོགས་པ་ལྷག་མ་སྒྱུ་འཕྲུལ་ཞི་དཀྱིལ་ལྟར་རོ། །ལྷ་གནས་རྣམས་སུ་སྐུའམ་ས་བོན། ཕྱག་མཚན་རྣམས་མདོག་མཐུན་གྱི་ཐིག་ལེ་རྣམས་ཇི་ལྟར་རིགས་པ་འགོད། ཐིག་ཚོན་གྱི་ལས་རྫོགས་ནས་ཡེ་ཤེས་པ་རྣམས་བཛྲ་མུཿས་གཤེགས་སུ་གསོལ། དེ་དག་ནི་དཀྱིལ་འཁོར་གྱི་ཁང་པ་རྙིང་པར་རྡུལ་ཚོན་སྒྲུབ་པའི་དབང་དུ་བྱས་པའོ། །གཞན་དུ་ན་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པས་ཀྱང་རུང་ངོ་། །གཉིས་པ་ཚེའི་རྫས་བཅའ་བ་ནི། ཇི་སྐད་དུ། དབུས་སུ་ཤེལ་གྱི་བུམ་པར་ནི། །དམར་སེར་བ་ཡི་འོ་མ་དང་། །ཅོང་ཞིང་དཀར་པོ་རྣམ་གསུམ་དང་། །དཀར་དང་མངར་གསུམ་འཆི་མེད་སྨན། །བྱང་ཆུབ་སེམས་སོགས་གཞག་པར་བྱ། །མུ་གེ་སེལ་བའི་འབྲུ་ལྔ་དང་། །འདུ་བ་སེལ་བའི་སྨན་ལྔ་དང་། །ནོར་གྱི་དབྱིག་ལྡན་རིན་ཆེན་ལྔ། །སྙིང་པོ་ལྔ་དང་དྲི་ལྔ་བཤམ། །ཚེ་འབྲང་རྒྱ་གྲམ་རྒྱས་བཏབ་ནས། །མདའ་དར་བཅས་པ་གཞག་པ་ནི། །ལྷ་ཡི་གྲངས་དང་མཉམ་པར་བྱ། །མཆོད་པ་མང་པོས་ཡོངས་སུ་བསྐོར། །ཞེས་གསུངས་པ་ལྟར་ཤེལ་སོགས་རིན་པོ་ཆེའི་བུམ་པ་གཙང་ཞིང་དག་པར་བྱས་ནས། གུ་གུལ་གྱིས་བདུག་ཅིང་། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བགེགས་བསྐྲད། ཁ་རྒྱན་མགུལ་ཆིངས་སོགས་ཆས་སུ་བཅུག །སྔར་བཤད་པའི་བུམ་རྫས་རྣམས་འོ་མ་དང་དྲི་བཟང་གི་ཆུ་ལ་སྦྱར་བའི་བཅུད་ཀྱིས་བཀང་བ་དཀྱིལ་འཁོར་གྱི་དབུས་སུ་མཉྫི་ལ་བཞག །དེའི་ཁར་སྨན་དང་སྤོད་ཀྱི་བྲན་པའི་ཚེའི་འབྲང་རྒྱས་བུམ་གཟུགས་ཅན་རིལ་བུས་བསྐོར་བ། ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཀབ་ཅིང་ཉི་ཟླའི་ཏོག་གིས་མཚན་པ་བཀོད། ཚེ་མདའ་རྒོད་སྒྲོ་མ་དར་ལེ་བརྒན་དང་མེ་ལོང་བཏགས་པ་ཚེ་འབྲང་ལ་བཙུགས་པའམ། མི་བདེ་ན་རྒྱབ་ཏུ་བཀོད། ཚེ་རིལ་དང་ཚེ་ཆང་ནི་གོང་གི་ཚེ་རིལ་དང་བུམ་བཅུད་ཀྱིས་ཆོག་མོད། སྤྲོ་ན་གཡས་གཡོན་དུ་ལོགས་སུ་བཤམས་ཀྱང་རུང་། གང་ལྟར་ཡང་དཀྱིལ་འཁོར་གྱི་མཐར་ཞབས་བསིལ། བདུག་སྤོས། མེ་ཏོག །མར་མེ། དྲི་ཆབ་རྣམས་དང་། གཏོར་མ་དང་སྨན་ཕུད་སོགས་མཆོད་པར་འོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། གྲལ་ཕྱག་དང་ཚུལ་ཕྱག་སྔོན་དུ་འགྲོ་བས་རོལ་མོས་བྱིན་དབབ་པར་བྱའོ། །གཉིས་པ་ཆོ་གའི་སྔོན་འགྲོ་ལ་དྲུག་ལས། དང་པོ་རྒྱུད་སྦྱང་བ་ནི། བླ་མ་རིག་འཛིན་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿས་སད་པར་བྱས་ལ། བདག་དང་མཁའ་མཉམ་སེམས་ཅན་རྣམས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱི་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་ཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་རྒྱུད་དག་པར་བྱས་ནས་ཚོགས་ཞིང་རྣམས་རང་ལ་བསྡུ། གཉིས་པ་མཚམས་བཅད་པ་ནི། བདག་ཉིད་སྐད་ཅིག་གིས་པདྨ་ཧེ་རུ་ཀར་གྱུར་པར་མོས་ནས། ཧཱུཾ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བསྐངས་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་ཁྲོ་བོའི་ཚོགས་རྣམས་ཀྱིས། །དེ་མ་ཐག་ཏུ་བཀས་ནས་ནི། །བདུན་བརྒྱུད་རིགས་ཀྱང་བརླག་པར་འགྱུར། །ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ། ཞེས་པས་བགེགས་རྣམས་རིང་དུ་བསྐྲད་ནས། ཁོར་ཡུག་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་ཆེན་པོས་ཡོངས་སུ་གཏམས་པས་ཅིས་ཀྱང་མི་ཤིག་པར་བསམ་མོ། །གསུམ་པ་བཤགས་པ་བྱ་བ་ནི། བཛྲ་ས་མཱ་ཛཿས་བཤགས་ཡུལ་རྣམས་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བཤགས་སྡོམ་གྱི་བསམ་པ་རྩེ་གཅིག་པས། ཧཱུཾ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཞེས་སོགས་བརྗོད་པས་སྡིག་སྒྲིབ་ཐམས་ཅད་ཡེ་ནས་རང་བཞིན་མེད་པའི་དབྱིངས་སུ་དག་པར་བསམ་མོ། །བཞི་པ་དམ་བཅའ་བ་ནི། རྡོ་རྗེ་རྩེ་གཅིག་པའི་རྒྱ་སྙིང་གར་བཅིངས་ཏེ་ལྷག་པའི་བསམ་པ་བརྟན་པོས། ༀ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །སོགས་དམ་བཅའ་རྒྱས་པའམ། བསྡུ་ན། ༀ་ཧཱུཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །ཞེས་སོགས་བྱའོ། །ལྔ་པ་བྱིན་དབབ་པ་ནི། ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་མཁའ་ཁྱབ་ཏུ་སད་པར་བྱས་ཏེ། ༀ་ཧཱུཾ་ཨ་ལ་ལ་ཧོཿ བྷ་ག་ཝཱན་ས་མ་ཧོཿ ས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་སྐུར་བའི༴ དངོས་གྲུབ་སྩོལ་བའི༴ མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ༴ དབང་ཆེན་བསྐུར༴ དངོས་གྲུབ་མཆོག་སྩོལ༴ བདག་ཅག་ལས་འབྲས་མཆིས་པར་མཛོད། །སྤོས་སྲེག་ཅིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱིན་བསྡུས་པས་མཁའ་ཁྱབ་ཀྱི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་རྣམས་ལ་ཐིམ་སྟེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་བྱིན་གྱིས་བརླབ་པར་བསམ་མོ། །དྲུག་པ་མཆོད་རྫས་བྱིན་གྱིས་རློབ་པ་ནི། རྫས་རྣམས་ༀ་མ་ཧཱ་ཀྲོ་དྷེ་ཤྭ་རཱིས་བསང་། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་མཆོད་རྫས་ཀྱི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་སླར་ཡང་ཐུགས་ཀ་ནས། ཨ་དྷཱུ་པུ་ཨཱ་གན་རྣམས་འཕྲོས། ན་མཿ ས་མནྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧ། ༀ་ཤྲཱི་བཛྲ་རཱ་གདྷཱུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ཞེས་བརྗོད་པས་མཆོད་པའི་ལྷ་མོ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་གྱུར། བདུད་རྩི་བསང་སྦྱངས། བདུད་རྩིའི་སྣོད་བྷཉྫ་འབར་བའི་གཞལ་ཡས་ཁང་གི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ལ་དཔའ་བོ་འབྲུ་ལྔས་མཚན་བར་གྱུར། དེ་ལས་འོད་ཟེར་འཕྲོས་འཁོར་འདས་ཀྱིས་བདུད་རྩི་ཐམས་ཅད་བསྡུས་ནས་ཐིམ་པ་ཞུ་ཞིང་འདྲེས་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ༀ་ཨཱཿཧཱུཾ་སརྦ་པནྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ། ཞེས་བརྒྱའམ་ཉེར་གཅིག་བཟླའོ། །གཏོར་མ་བསང་སྦྱངས། གཏོར་གཞོང་བྷྲཱུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་གཏོར་རྫས་ༀ་ལས་འདོད་ཡོན་གྱི་ཕུང་པོ་ཅིར་ཡང་འཆར་བའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་ལ། ༀ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏྱ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཞེས་ལན་བདུད་བརྗོད། དེ་དག་ནི་སྔོན་འགྲོའི་བྱ་བའོ། །གཉིས་པ་དངོས་གཞི་ལ། ཏིང་འཛིན་གསུམ་གྱིས་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་སྤྲོ་བ། ཁྱད་པར་ཚེའི་ཕྲིན་ལས་སྒྲུབ་པ་དང་བཞི། དང་པོ་ནི། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་པའོ། །འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བ་སྟོང་པ་ཉིད་དུ་བསྒོམ་པ་ནི་དེ་བཞིན་ཉིད་དོ། །དེ་བཞིན་ནི་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །དེ་བཞིན་ཉིད་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་པ་ནི་ཀུན་སྣང་ངོ་། །དངོས་པོ་མེད་ལས་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །རང་རིག་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ཨ་ཡིག་དམར་པོའི་རྣམ་པར་བསྒོམ་པ་ནི་རྒྱུའི་ཏིང་ངེ་འཛིན་ནོ། །གཉིས་པ་ནི། སེམས་ཉིད་ཨ་དམར་པོ་དྲི་མ་མེད་པར་གསལ་བ་ལས། ཨེ་ཡཾ་ཝཾ་ལཾ་སུཾ་རཾ་རྣམས་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཨེ་ལས་ནམ་མཁའ་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་གཡོ་བའི་བ་དན་གྱིས་མཚན་པ། ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། སུཾ་ལས་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྱི་རི་རབ་ཟུར་བཞི་པ། རཾ་ལས་མེའི་ཁོར་ཡུག་ནམ་མཁའི་མཐའ་ཀླས་པར་འབར་བའོ། །དེའི་དབུས་སུ་བྷྲཱུྃ་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ། བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དམར་དཀར་སེར་སྔོ་ལྗང་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ་རིན་པོ་ཆེ་སྣ་ཚོགས་པས་བཀྲ་བ་འཕྱར་ཐབས་སུ་བཀོད་པའི་མཐར་མུ་ཏིག་གི་མགུལ་འཁོར་འཕྱང་བ། དེའི་སྟེང་དུ་བྲེ་ཕུལ་གྱི་སྣམ་བུ་ལ་གསེར་གྱི་སྐེ་རགས་བཞིའི་ཕྱི་ངོས་སུ་མ་ཀ་རའི་ཁ་ནས་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་དར་དང་རྔ་ཡབ། དྲིལ་བུ་དང་མེ་ལོང་། ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་མཛེས་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། སྟེང་ངོས་སུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན། དེ་དག་གི་བར་བར་དུ་བུམ་པ་ལ་གནས་པའི་རྒྱལ་མཚན་དང་། བ་དན་བརྒྱད་བརྒྱད་དང་། ཟུར་བཞིར་རྣམ་པར་བཀྲ་བའི་གདུགས་ཀྱིས་བརྒྱན་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་གཟུགས་རྡོ་རྗེ་མ་སོགས་ལྷ་མོ་རྣམས་ཀྱིས་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་། ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་བརྒྱན་པ། སྒོ་ཁང་ཐེམ་སྐས་དང་བཅས་པའི་སྒོ་ལོགས་ཀྱི་ཟུར་བཞི་ནས་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བརྒྱད་པ། བསིལ་ཁང་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་གདུགས་ཀྱིས་ཕུབ་པ་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། གཞན་ཡང་གདུགས་དང་རྒྱལ་མཚན་བ་དན་སྣ་ཚོགས་པ་དང་། གསེར་གྱི་དྲིལ་བུ་ལ་སོགས་པས་བརྒྱན་པ། སྒོའི་གཡས་གཡོན་གྱི་གཞི་ལ་ཏཱ་ལའི་ལྗོན་པ་དང་། དཔག་བསམ་གྱི་ཤིིང་ལ་བཀྲ་ཤིས་པའི་བྱ་སྙན་པར་སྒྲོག་པ་སྣ་ཚོགས་གནས་པ། ཤིང་དེ་དག་ཀྱང་གསེར་གྱི་ཐ་གུས་བྲེས་ཤིང་། དྲིལ་བུ་དང་གཡེར་ཁ་ཆོས་ཀྱི་སྒྲ་སྙན་པར་འཁྲོལ་བས་མཛེས་པ། ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་རྫིང་བུ་ལ་ལྷ་མོ་སྣ་ཚོགས་བདེ་བར་རྩེ་བ། རིན་པོ་ཆེའི་ཕུང་པོ་འོད་འབར་བ་རེ་རེ་སྟེ་བརྒྱད་དང་། གཞན་ཡང་རིན་པོ་ཆེ་སྣ་བདུད་དང་། བཀྲ་ཤིས་པའི་རྫས་བརྒྱད་སོགས་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པར་གང་བའོ། །གཞལ་ཡས་ཁང་གི་ལྟེ་བ་རེའུ་མིག་དགུ་པ་པདྨ་འདབ་མ་བརྒྱད་པ་མུ་ཁྱུད་དང་བཅས་པས་བསྐོར་བའི་ཕྱོགས་བཞི་ནས་རིགས་ཀྱི་མཚན་མ་ཅན་གྱི་ཀ་བ་བརྒྱད་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་ཟླུམ་དང་། གདུང་ཆེན་བཞིས་མིག་མང་རིས་སུ་བྲེས་པས་མཛེས་པར་ཕུབ་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོ་རིགས་ཀྱི་མཚན་མ་ཅན་གྱི་ཏོག་གིས་མཛེས་པ། སྟེང་འོག་ཐམས་ཅད་ཤར་དཀར། ལྷོ་སེར། ནུབ་སྔོ། བྱང་ལྗང་། དབུས་དམར་བ་དྭངས་ཤིང་སྒྲིབ་པ་མེད་པར་ཀུན་ཏུ་གསལ་བ། སྣ་ཚོགས་པདྨའི་ཟེའུ་འབྲུར་ཚད་མེད་པའི་འཁོར་ལོའི་ལྟེ་བ་ལ་རྫོགས་པ། ཕྱི་ནས་རྡོ་རྗེ་སྲུང་བའི་གུར་ཁང་འབར་བ་མེའི་འོད་ཟེར་ཀུན་ཏུ་འཕྲོ་བས་ཡོངས་སུ་བསྐོར་བའོ། །གཙོ་བོའི་གནས་སུ་རྨ་བྱ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བ་སྟེ་ལྔ་བརྩེགས། ཕྱོགས་མཚམས་ཀྱི་རེའུ་མིག་དང་། པདྨའི་འདབ་མ་བརྒྱད། སྒོ་བཞི་རྣམས་སུ་པདྨ་དང་ཉི་གདན་རེ་རེ། རང་གི་སེམས་ཉིད་ཨ་དམར་པོ་གདན་དབུས་མའི་སྟེང་དུ་བབས། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་འཆི་བའི་འཇིགས་པ་བསལ། སཾ་ཧ་ར་ཎ་ཧཱུཾ། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཨཱཾ་ཨཱ་རོ་ལིཀ྄ །རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་འོད་ཟེར་རབ་ཏུ་འབར་བ། ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་རབ་ཏུ་འཛུམ་པའི་མདངས་གསལ་བའི་ཞལ་གྱི་འགྱུར་བ་ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པའི་ཉམས་ཅན། མཚན་དང་དཔེ་བརྒྱད་ཀྱིས་འབར་བ། ཕྱག་གཡོན་མཉམ་གཞག་གིས་འཆི་མེད་བདུད་རྩིས་གང་བའི་བུམ་པ་དང་། གཡས་པས་རྡོ་རྗེ་རྒྱ་གྲམ་བུམ་པའི་ཁ་བཀབ་པའི་ཚུལ་དུ་འཛིན་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བརྟན་པར་བཞུགས་པའོ། །ཡབ་ཀྱི་ཐུགས་ཀ་ནས་གཡོན་པའི་བརླ་སྟེང་དུ་པཱཾ་རཱ་ག་ར་ཏི། ཡུམ་གོས་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་པས་མདའ་དར་ལེ་བརྒན་གཡབ་ཅིང་། གཡོན་བདུད་རྩིའི་བུམ་པ་འཛིན་པས་ཡབ་ལ་འཁྱུད་པ། པདྨའི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀའང་ལྷ་རྫས་ཀྱི་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་། ཚི་གུའི་སྨད་དཀྲིས། ཁ་དོག་སྣ་ཚོགས་པའི་ཅོད་པན། ཟི་ལྡིར། གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན། སྙན་ཆ། མགུལ་རྒྱན། སེ་མོ་དོ། དོ་ཤལ། སྐ་རགས། ཕྱག་ཞབས་ཀྱི་གདུ་བུ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན་པ་སྟེ་ཞི་བའི་ཉམས་དགུ་རྒྱས་པ། སངས་རྒྱས་ཀྱི་སྤྲིན་ཕུང་མཐའ་ཡས་པར་འཆར་བའི་འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་ཞིང་འབར་བའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པར་བསམ་མོ། །གཙོ་བོའི་ཐུགས་ཀ་ནས་ལིང་ཚེ་བརྒྱད་ཀྱི་ཕྱོགས་བཞིར། ལཱཾ་མཱཾ་མཱུཾ་ཏཱཾ་དང་། མཚམས་བཞིར། ལཱཾ་མཱཾ་མཱུཾ་ཏཱཾ་རྣམས་ཆད་པ་ལས། ཤར་དུ་སྤྱན་མ་དཀར་མོ། ལྷོར་མཱ་མ་ཀཱི་སེར་མོ། ནུབ་ཏུ་དབྱིངས་ཕྱུག་མ་སྔོན་མོ། བྱང་དུ་སྒྲོལ་མ་ལྗང་གུ། བཞི་ཀའང་གཡས་ཚེའི་བུམ་པ་དང་། གཡོན་དྲིལ་བུ་འཛིན་པ། མེར་རྒྱས་འདེབས་མ་དཀར་མོ་མདའ་གཞུ་འགེངས་པ། བདེན་བྲལ་དུ་ཚེ་འཕེལ་མ་སེར་མོ་ཁ་ཊྭཱཾ་ཀ་འཛིན་པ། རླུང་དུ་རྨོངས་བྱེད་མ་དམར་མོ་རྒྱལ་མཚན་འཛིན་པ། དབང་ལྡན་དུ་ཟ་བྱེད་མ་ལྗང་གུ་རྡོར་དྲིལ་འཛིན་པའོ། །སླར་ཡང་ཐུགས་ཀ་ནས་པད་འདབ་བརྒྱད་ཀྱི་ཕྱོགས་བཞིར་ཧཱུྃ་ཏྲཱྃ་ཧྲཱིཿཨ་དང་། མཚམས་བཞིར་དྷཱུ་པུ་ཨ་གན་རྣམས་ཆད་པ་ལས། ཤར་དུ་ལཱ་སྱེ་མ་དཀར་མོ་མེ་ལོང་འཛིན་པ། ལྷོར་མཱ་ལྱེ་མ་སེར་མོ་འཕྲེང་བ་འཛིན་པ། ནུབ་ཏུ་གིརྟི་མ་དམར་མོ་པི་ཝཾ་བརྡུང་བ། བྱང་དུ་ནཱིརྟི་མ་ལྗང་གུ་རྔ་ཡབ་འཛིན་པ། མེར་བདུག་སྤོས་མ་དཀར་སེར་སྤོས་ཁང་འཛིན་པ། བདེན་བྲལ་དུ་མེ་ཏོག་མ་དམར་སེར་མེ་ཏོག་གི་ཕྲེང་བ་འཛིན་པ། རླུང་དུ་མར་མེ་མ་དམར་ལྗང་མར་མེ་འཛིན་པ། དབང་ལྡན་དུ་དྲི་ཆབ་མ་དཀར་ལྗང་དྲིའི་དུང་ཕོར་འཛིན་པའོ། །སླར་ཡང་ཐུགས་ཀ་ནས་སྒོ་བཞིར་ཛཿཧཱུྃ་བྃ་ཧོཿཆད་པ་ལས། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོར་སྒོར་ཞགས་པ་མ་སེར་མོ་ཞགས་པ་འཛིན་པ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པ། དེ་ཐམས་ཅད་ཀྱང་ལྷའི་ན་ཆུང་ལང་ཚོ་གསར་པའི་ཉམས་ཅན་དར་གྱི་ན་བཟའ་དང་། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་རོལ་བའོ། །དེ་ནས་དབང་བསྐུར་བ་ནི། སྤྱི་བོའི་གནས་ལྔར་དེ་བཞིན་གཤེགས་པ་ལྔ་རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་བར་བསམ་ལ། འོད་དཔག་མེད་དང་པོར་བྱས་པའི་སོ་སོའི་དབང་རྒྱ་སྤྱི་བོའི་གནས་ལྔར་འཇོག་ཅིང་། ༀ་མ་ཧཱ་པྲ་ཏྱཱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། དེ་བཞིན་དུ་པྲ་ཏྱ་བེཀྵ་ཎའི་ཚབ་ཏུ། ཨ་དཪྴ། ས་མ་ཏཱ། ཤཱུ་ནྱ་ཏཱ། ཀྲྀཏྱཱ་ནུཥྛཱ་ཎ་རྣམས་བཅུག་པ་བརྗོད་ཅིང་། ཞེས་དབང་བསྐུར་བས་ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུར་པོ་ལྔ་སངས་རྒྱས་ལྔར་གནས་བསྒྱུར། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་བདག་པོར་གྱུར་པའི་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། བྱིན་གྱིས་རློབ་པ་ནི། རང་གི་སྤྱི་མགྲིན་སྙིང་གར་ཟླ་བ་པདྨ་ཉི་མ་ལ་གནས་པའི་ༀ་ཨཱཿཧཱུཾ། དེའི་འོད་ཟེར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་བྱོན་ནས། ཡི་གེ་གསུམ་ལ་ཐིམ། ཡོངས་སུ་གྱུར་པ་ལས་རྣམ་སྣང་། འོད་དཔག་མེད། མི་བསྐྱོད་པ་དང་བཅས་པས་རྒྱས་བཏབ་པར་བསམ་ལ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་གསུམ་དུ་འཆའ་ཞིང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཀཱ་ཡའི་ཚབ་ཏུ་ཝཱ་ཀ་དང་། ཙིཏྟ་ཞེས་བརྗེས་ནས་བརྗོད་ཅིང་རྡོ་རྗེ་གསུམ་དུ་ང་རྒྱལ་བྱའོ། །གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་དང་། མཆོད་ཅིང་བསྟོད་པའོ། །དང་པོ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སད་པར་བསམ་ལ། ག་གོ་ནའི་ཕྱག་རྒྱ་དཔུང་པར་བཅིངས་ཏེ། ཧཱུཾ། ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གཤེགས། །ཡེ་ཤེས་རྒྱ་མཚོ་རྣམ་པར་གྲོལ་བའི་ཀློང་། །མི་གནས་མི་དམིགས་ནམ་མཁའི་དབྱིངས་ནས་བཞེངས། །ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲི་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་དམ་ཚིག་གི་འཁོར་ལོ་དང་ཉེ་བར་སྤྱན་དྲངས་ཏེ། ༀ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་ལ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །ༀ་བཛྲ་ཨངྐུ་ཤ་ཛཿས་ཡེ་ཤེས་པའི་ལྷ་ཚོགས་དམ་ཚིག་པའི་སྤྱི་བོར་དགུག །ༀ་བཛྲ་པཱ་ཤ་ཧཱུྃ། རང་རང་གི་ཐུགས་ཀར་གཞུག །ༀ་བཛྲ་སྥོ་ཊ་བཾ། གཉིས་སུ་མེད་པར་བཅིངས། ༀ་བཛྲ་གྷཎྜེ་ཧོཿ དགྱེས་པ་བསྐྱེད་དེ་འགྲོ་དོན་མ་རྫོགས་ཀྱི་བར་དུ་བརྟན་པར་བཞུགས་པར་བསམ་མོ། །གཉིས་པ་ལ་བདུན་ལས། དང་པོ་ཀུན་བཟང་ནི། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ༀ་ཧཱུྃ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། གཉིས་པ་ཞབས་བསིལ་ནི། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷ་ནཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། གསུམ་པ་བཞི་བསྣོལ་ནི། སོ་སོའི་ཕྱག་རྒྱ་བཅས་ཏེ། ༀ་ཧཱུཾ། སྤོས་ཀྱིས་སྤྲིན་ལྡིང་བདུག་པ་མ། །རྒྱལ་བའི་དཀྱིལ་འཁོར་བདུག་པས་འགེབས། །བྱམས་པ་ཐབས་དང་ཤེས་རབ་ལས། །བཛྲ་དྷུ་པེའི་མཆོད་པར་རོལ། །ༀ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ཨུཏྤལ་མཐིང་ག་མེ་ཏོག་འཐོར། །སྣ་ཚོགས་རིན་ཆེན་འོད་དུ་འཕྲོ། །སྙིང་རྗེ་ཐབས༴ བཛྲ་པུ་ཥྤེའི༴ ༀ་པ་ན་སོགས་པུཥྤེ་པུ། དབང་གི་ཕྱག་རྒྱ་སྒྲོན་མ་བསྣམས། །ཆོས་ཀྱི་རྒྱལ་པོ་འབར་བ་འཛིན། །དགའ་བ༴ བཛྲཱ་ལོ་ཀེའི༴ ཨཱ་ལོ་ཀེ་ཧྲཱིཿ ཙནྡན་བདུད་རྩིའི་ཆར་འབེབས་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས། །བཏང་སྙོམས ༴ བཛྲ་གནྡྷེའི༴ གནྡྷེ་གན། བཞི་པ་སྨན་མཆོད་ནི། ཧཱུཾ། སྟོང་གསུམ་བྷཉྫའི་བཟེད་ཁོང་དུ། །སྲིད་གསུམ་སེམས་ཅན་དུག་ཆེན་ལ། །དུས་གསུམ་སངས་རྒྱས་རྩིར་སྦྱར་བས། །བདུད་རྩིའི་དཀྱིལ་འཁོར་ལྷུན་གྱིས་རྫོགས། །འཆི་མེད་བདུད་རྩིའི་གཡུང་དྲུང་ཆུ། །རོ་ཡི་ཁམས་རྣམས་སློང་བར་བྱེད། །དུག་གི་ཕུང་པོ་འཇོམས་བྱེད་པ། །རྩི་མཆོག་སྨན་གྱི་མཆོད་པ་བཞེས། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་གུ་ཧྱ་ལག་གི་ཕྱག་རྒྱས་གཏོར་བས་བདུད་རྩིའི་སྤྲིན་གྱིས་ལྷ་རྣམས་མཉེས་ཤིང་ཚིམ་པར་བསམ་མོ། །ལྔ་པ་གཏོར་མའི་མཆོད་པ་ནི། ཧཱུཾ། ཟླ་རྒྱས་ལ་སོགས་སྙིང་པོ་མཆོག །མཱཾ་ས་ལ་སོགས་རྣམ་ལྔའི་རྫས། །མེ་ཏོག་ལ་སོགས་ཙནྡན་ཕྲེང་། །སྣ་ཚོགས་མཆོད་པ་འབྱུང་གྱུར་ཅིག །ཨི་དཾ་པུཥྤེ་དྷཱུ་པེ་བ་ལིཾ་ཏ་པྲ་ཏཱིཙྪ་ཧོཿཁ་རཾ་ཁཱ་ཧི། དྲུག་པ་ཡིད་བྱུང་གི་མཆོད་པ་ནི། ༀ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །ཞེས་དང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་རོལ་མོ་སྣ་ཚོགས་ཀྱིས་སྒྲ་སྦྱར་བས་ཀྱང་མཆོད་དོ། །བདུན་པ་བསྟོད་པ་ནི། ཧཱུཾ། བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད། །སྒྲིབ་པའི་དྲྭ་བ་མ་ལུས་སེལ་བའི་སྐུ། །མཁའ་དང་མཉམ་པའི་ཡེ་ཤེས་སྐུ་མངའ་བ། །མཉམ་ཉིད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད། །གསུང་མཆོག་རྣམ་པར་དག་པའི་གསུང་། །མཁའ་དང་མཉམ་པའི་གསུང་མངའ་བ། །མཉམ་ཉིད་རྡོ་རྗེའི་གསུང་ལ༴ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ༴ ཐུགས་མཆོག་རྣམ་པར་དག་པའི་ཐུགས། །མཁའ་དང་མཉམ་པའི་ཐུགས་མངའ་བ། །མཉམ་ཉིད་རྡོ་རྗེའི་ཐུགས་ལ་ཕྱག་འཚལ་ལོ། །ཞེས་ཆོས་ཉིད་ཀྱི་རང་སྒྲས་བསྟོད་པར་བསམ་མོ། །བཞི་པ་ཚེའི་ཕྲིན་ལས་བསྒྲུབ་པ་ལ་བདུན་ལས། དང་པོ་ཚེའི་རང་བཞིན་བསྒོམ་པ་ནི། བདག་གི་ཐུགས་ཀ་ནས་ཧཱུཾ་སྤྲོས་པས། ཡུམ་གྱི་མཁའ་ནང་དུ་རྡོ་རྗེ་རྒྱ་གྲམ་སྟེང་འོག་གཉིས་སུ་གྱུར་པའི་བར་དུ། ཨ་ཡུརྫྙཱ་ན་བནྡྷ་བྷཱུཾ། ཞེས་བརྗོད་པས་ཉི་ཟླ་ཁ་སྦྱོར་གྱི་གའུའི་ནང་དུ་ཚེའི་རང་བཞིན་ཐིག་ལེ་དཀར་པོ་ནྲྀ་ཡིག་གིས་མཚན་པར་བསམ་ནས། ཐལ་མོ་རྒྱབ་སྤྲད་དེ་བསྣོལ་བ་ཕྱིར་འགྲོལ་ཞིང་། བཛྲ་མུཀྟ་ཧ། ཞེས་བརྗོད་པས་རང་གི་ཐུགས་ཀ་ནས་ཕོ་ཉ་མང་པོ་སྤྲོས་པས་ནམ་མཁའི་ཁམས་ཐམས་ཅད་གང་། བདེ་བར་གཤེགས་པ་རྣམས་ལ་ཚེའི་དངོས་གྲུབ་ཞུས། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ཆེན་པོ་ལྔ་དང་། སྨན་ཤིང་མེ་ཏོག་སོགས་ཕྱི་སྣོད་འཇིག་རྟེན་གྱི་རྩི་དང་བཅུད་ཀྱི་སྙིང་པོ་ཐམས་ཅད་དང་། ལྷ་དང་དྲང་སྲོང་རིག་འཛིན་གྲུབ་པ། དྲི་ཟ་གཤིན་རྗེ་ཀླུ་དང་གནོད་སྦྱིན། ཉི་ཟླ་གཟའ་སྐར། རྒྱལ་བློན་འབངས་འཁོར་སོགས་ནང་བཅུད་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། དཔལ་དང་འབྱོར་བ་རྣམས་ཀྱི་དྭངས་མ་དང་། དོན་དམ་སྐྱེ་འཇིག་འཕོ་འགྱུར་མེད་པ་ཚེའི་རང་བཞིན་སོགས་འཁོར་འདས་སྣོད་བཅུད་ཀྱི་ཆོས་བཅུ་བཞི་པོ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས། འཆི་བདག་གཤིན་རྗེ་ལ་སོགས་པས་བརྐུས་ཤིང་ཕྲོག་པ་དང་། ཡར་བ་དང་འཐོར་བ་ཐམས་ཅད་ཀྱང་བཀུག་ནས་མཁའ་ནང་གི་ཚེ་རྟེན་ལ་ཐིམ་པར་བསམ་ཞིང་། ༀ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་ཨ་ཡུརྫྙཱ་ན་སརྦ་རོ་པ་ཙིཏྟེ་སྭཱ་ཧཱ། ཞེས་ཅི་ནུས་བཟླའོ། །གཉིས་པ་ཚེ་དགུག་པ་ནི། སྐུ་གསུང་ཐུགས་ཀྱི་བསྟོད་པ་སྔར་བཞིན་བྱས་པས་ང་རྒྱལ་བཟུང་ལ། ཏིང་ངེ་འཛིན་གསལ་བཞིན་པས་ཚེའི་མདའ་འདར་གཡབ་ཅིང་སྔགས་ཀྱིས་འགོ་དྲངས་ཏེ། ཧཱུཾ། ནམ་མཁའ་དབྱིངས་ཕྱུག་མ་ནི་ཡེ་ནས་རྣམ་པར་དག །རྡོ་རྗེ་དབྱིངས་ཕྱུག་མ་ནི་ཡེ་ནས་སྐྱེ་ཤི་མེད། །རིན་ཆེན་དབྱིངས་ཕྱུག་མ་ནི་དགོས་འདོད་རེ་བ་སྐོང་། །པདྨ་དབྱིངས་ཕྱུག་མ་ནི་ཡེ་ནས་ཆགས་དང་བྲལ། །ལས་ཀྱི་དབྱིངས་ཕྱུག་མ་ནི་མངོན་སྤྱོད་ཕྲིན་ལས་མཛད། །དབྱིངས་ཕྱུག་ཆེན་མོ་ཁྱེད་རྣམས་ཀྱིས། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །ༀ་པུཎྱེ་པུཎྱེ་མ་ཧཱ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏཱ་སོགས་བཟླའོ། །ཧཱུཾ། ཤར་གྱི་ཕྱོགས་ནས་ཚེ་འགུགས་མ། །གསང་བའི་ལྷ་མོ་རྒྱས་འདེབས་མ། །རིགས་ཀྱི་ལྷ་མོ་སངས་རྒྱས་སྤྱན། །ཕྱག་རྒྱའི་ལྷ་མོ་ལཱ་སྱེ་མ། །མཆོད་པའི་ལྷ་མོ་དྷཱུ་པེ་མ། །འགུགས་པའི་ལྷ་མོ་ལྕགས་ཀྱུ་མ། །ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ལ། །ཤར་ལྷོ་མེ་ལྷའི་ལག་ནས་དཔལ་སྐྱོབས་ཤིག །རྡོ་རྗེ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ། །ཧཱུཾ། ལྷོ་ཡི་ཕྱོགས་ནས༴ གསང་བའི་ལྷ་མོ་ཚེ་འཕེལ་མ། །རིགས་ཀྱི་ལྷ་མོ་མཱ་མ་ཀཱི། ཕྱག་རྒྱའི་ལྷ་མོ་མཱ་ལྱེ་མ། །མཆོད་པའི་ལྷ་མོ་པུཥྤེ་མ། །འཆིང་པའི་ལྷ་མོ་ཞགས་པ་མ། །ཚེ་བདག་ཆེན་མོ༴ ལྷོ་ཕྱོགས་གཤིན་རྗེའི༴ ལྷོ་ནུབ་སྲིན་པོའི༴ རྡོ་རྗེ་མི་འགྱུར༴ ཧཱུཾ། ནུབ་ཀྱི་ཕྱོགས་ན༴ གསང་བའི་ལྷ་མོ་རྨོངས་བྱེད་མ། །རིགས་ཀྱི་ལྷ་མོ་གོས་དཀར་མོ། །ཕྱག་རྒྱའི་ལྷ་མོ་གིརྟི་མ། །མཆོད་པའི་ལྷ་མོ་ཨཱ་ལོ་ཀེ། སྡོམ་པའི་ལྷ་མོ་ལྕགས་སྒྲོག་མ། །ཚེ་བདག༴ ནུབ་ཕྱོགས་ཀླུ་དབང་༴ ནུབ་བྱང་རླུང་ལྷའི༴ རྡོ་རྗེ་མི་འགྱུར༴ ཧཱུྃ། བྱང་གི་ཕྱོགས་ནས༴ གསང་བའི་ལྷ་མོ་ཟ་བྱེད་མ། །རིགས་ཀྱི་ལྷ་མོ་དམ་ཚིག་སྒྲོལ། །ཕྱག་རྒྱའི་ལྷ་མོ་ནཱིརྟི་མ། །མཆོད་པའི་ལྷ་མོ་གནྡྷེ་མ། །འབེབས་པའི་ལྷ་མོ་དྲིལ་བུ་མ། །ཚེ་བདག༴ བྱང་ཕྱོགས་གནོད༴ བྱང་ཤར་དབང་ལྡན༴ རྡོ་རྗེ་མི་འགྱུར༴ ཞེས་ཕྲིན་ལས་བསྐུལ་ལོ། །གསུམ་པ་ཚེ་འཆིང་བ་ནི། བཛྲ་སྥོ་ཊ་བཾ་ཞེས་བརྗོད་པས། ཉི་ཟླའི་གའུའི་སྟེང་འོག་གི་རྒྱ་གྲམ་གཉིས་ཀྱི་རྩེ་མོ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྲེང་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར། དེ་ཉིད་རང་གི་སྙིང་གར་དྲངས་ཏེ་གནས་པ་བརྟན་ཞིང་མི་གཡོ་བར་བསམ་མོ། །བཞི་པ་བཟླས་པ་བྱ་ཞིང་ཚེ་བླན་པ་ནི། རང་ཉིད་གཙོ་བོ་ལས་ལོགས་སུ་ཕྱེ་བའི་ཐུགས་ཀ་ནས་ཧཱུཾ་ལེ་བརྒན་གཉིས་ཆད་ཁོང་བརྒྱུད། སྣ་བུག་གཉིས་ནས་ཐོན་པའི་འོད་ཟེར་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཁོང་སེང་བརྒྱུད་ནས་མཆོད་པའི་ཚུལ་དུ་སྤྲོས་པས་དཀྱིལ་འཁོར་གྱི་ལྷ་རྣམས་དགྱེས་པ་བསྐྱེད། ཐུགས་དམ་གྱི་བརྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་འདས་སྣོད་བཅུད་ཀྱི་ཚེ་དང་བསོད་ནམས་དཔལ་དང་གཟི་མདངས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་དྭངས་མར་བསྡུས་ནས་བུམ་ནང་དུ་བསྐྱིལ་བར་བསམ་ཞིང་། གཟུངས་ཐག་ལ་འཇུས་ནས་བཟླས་པ་ཅི་ནུས་སུ་བྱའོ། །ལྔ་པ་ཚེ་བསྡུ་བ་ནི། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བུམ་ནང་གི་ཚེ་རྟེན་ལ་ཐིམ་པར་བསམ། དེ་ནས་ཧཱུཾ་ཞེས་བརྗོད་པས་ཚེ་རྟེན་ཀྱང་སྙིང་པོ་ལྔ་ལ་ཐིམ། སྙིང་པོ་ལྔ་ཡང་འོད་ཀྱི་གོང་བུར་ཞུ་བ་ལས་ༀ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ། སྭཱ་སེར་པོ། ཧཱ་ལྗང་གུ་རྣམས་སུ་གྱུར་པར་བསམ་ཞིང་། ཨ་ཡུརྫྙཱ་ན་ཚེ་ཡི་མཆོག །ཚེ་ས་ལ་ཉམས་པ་གསེར་ལ་བསྡུ། །ཆུ་ལ་ཉམས་པ་ཚྭ་ལ་བསྡུ། །ཤིང་ལ་ཉམས་པ་མངར་ལ་བསྡུ། །འབྲུ་ལ་ཉམས་པ་ཆང་ལ་བསྡུ། །རྩི་ལ་ཉམས་པ་མར་ལ་བསྡུ། །མི་ལ་ཉམས་པ་ནྲྀ་ལ་བསྡུ། །འབྲུ་ལྔ་དང་ནི་སྙིང་པོ་ལྔ། །གནས་ལྔ་དག་ཏུ་བྱིན་བརླབས་ནས། །རྣལ་འབྱོར་ཚེ་ལ་བར་ཆད་མེད། །ཅེས་པའི་དོན་བསྒོམ་པར་བྱའོ། །དྲུག་པ་དབང་ནོད་པ་ནི། བུམ་ནང་གི་ས་བོན་ལྔ་པོ་འོད་ཟེར་དང་བཅས་པ་རང་གི་གནས་ལྔར་ཞུགས་ཏེ་ཚེ་རྟེན་ལ་ཐིམ་པར་བསམ་ཞིང་། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །ནམ་མཁའ་གསང་བ་གསུམ་ལས་བྱུང་། །ནམ་མཁའི་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་ཆེན་པོ་དམ་པ་སྦྱིན། །ༀ་བུདྡྷ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ༀ། ཇི་སྙེད་སངས་རྒྱས༴ རྡོ་རྗེ་གསང་༴ རྡོ་རྗེ་རིགས་ཀྱི༴ དབང་བསྐུར༴ ༀ་བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཇི་སྙེད༴ རིན་ཆེན་གསང་༴ རིན་ཆེན་རིགས༴ དབང་བསྐུར༴ ༀ་རཏྣ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་སྭཱ། ཇི་སྙེད༴ པདྨ་གསང་༴ པདྨ་རིགས་ཀྱི༴ དབང་བསྐུར༴ ༀ་པདྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཇི་སྙེད༴ ལས་ཀྱི་གསང་༴ ལས་ཀྱི་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་ཆེན་པོ་དམ་པ་སྦྱིན། །ༀ་ཀརྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧ། དེ་ལྟར་དབང་ནོད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ནས་འཆི་མེད་ཚོའི་དངོས་གྲུབ་ཐོབ་པར་བསམ་ཞིང་། སླར་ཡང་རང་ཉིད་དཀྱིལ་འཁོར་པ་དང་གཉིས་མེད་དུ་གྱུར་པར་བསམ་མོ། །བདུན་པ་ཚེ་སྦ་བ་ནི། ཚེའི་རང་བཞིན་ནྲྀ་དང་བཅས་པ་འོད་དུ་ཞུ་ནས་ཨ་ཡིག་འབར་བར་གྱུར། ཨ་ཞེས་བརྗོད་པས་སྐྱེ་མེད་སྤྲོས་བྲལ་ཟུང་འཇུག་བདེ་བ་ཆེན་པོའི་དབྱིངས་རྩོལ་བྲལ་བློ་ལས་འདས་པའི་ངོ་བོ་ཉིད་འཆི་མེད་གཉུག་མའི་རང་བབ་ལ་གནས་པར་བསམ་ཞིང་། མི་འགྱུར་ཅིས་ཀྱང་མི་ཤིགས་པ། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་སྤྱོད་ཡུལ་ཀུན་བཅོམ་ནས། །ཐམས་ཅད་ཀུན་ལས་རྒྱལ་བར་གནས། །མ་བྱུང་མི་གནས་འདུས་མ་བྱས། །ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས། །སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར། །བཛྲ་ཀཱ་ཝཱ་ཙི་རཀྵ་ཧཱུཾ། ཞེས་པའི་དོན་རྐྱེན་སྣང་གི་རྟོག་པས་མ་བསླད་པའི་རང་ངོ་བསྐྱང་བ་ལ་བསླབ་བོ། །སྐབས་འདིར་སློབ་མ་རྗེས་འཛིན་གྱི་ཆོ་ག་ནི། གཞན་དུ་འབྱུང་བ་བཞིན་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ནི། ཇི་སྐད་དུ། དེ་ནས་གཏོར་མ་གཏང་བར་བྱ། །ཆོ་གའི་ལྷག་ཆད་ཁ་བསྐང་ནས། །སྤྱོད་ལམ་ལེགས་པར་གནས་པར་བྱའོ། །ཞེས་པས་དང་པོ་གཏོར་མ་གཏོང་བ་ནི། ཚོགས་མཆོད་བྱ་བར་སྤྲོ་ན་རིགས་མཐུན་གྱི་ཆོ་ག་གཞན་ནས་བླང་ཞིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་རྣམས་ཀྱང་སོ་སོའི་ཆོ་ག་བཞིན་དུ་བསྔོའོ། །གཉིས་པ་ཆད་ལྷག་ཁ་བསྐང་བ་ནི། གཏང་རག་གི་མཆོད་པ་རྣམས་བཤམས་ཤིང་བྱིན་གྱིས་བརླབ། རྒྱས་བསྡུས་ཅི་རིགས་པས་སྔར་བཞིན་མཆོད་ཅིང་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། ཞེས་སོགས་དང་། ཡི་གེ་བརྒྱ་པས་ནོངས་པ་བཟོད་པར་གསོལ་ཞིང་ལྷག་ཆད་ཁ་བསྐང་ངོ་། །སྐབས་འདིར་ནུབ་ཐ་མ་དངོས་གྲུབ་བླང་བའི་ཆོ་ག་ཉི་ཚེ་བ་ནི། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་ཚེའི་རྫས་རྣམས་ལ་ཐིམ་པར་བསམ་ནས། སྔགས་ཀྱི་བཟླས་པ་དང་། ཚེ་འགུགས་ཀྱིས་གཟི་བྱིན་བསྐྱེད་དེ། ལས་ཀྱི་རྡོ་རྗེས་ཚེ་ཆང་གི་བུམ་པ་ལག་གཡས། ཚེ་འབྲང་གཡོན་དུ་བཟུང་བ་ཐབས་ཤེས་ཀྱི་ཚུལ་དུ་བྱས་ནས། ཚེ་འདི་རིན་ཆེན་གཞལ་ཡས་ཁང་། །རྡོ་རྗེ་རྒྱ་གྲམ་ཉི་ཟླའི་ཏོག །ལྷ་དང་རྫས་དང་སྔགས་ཀྱི་གཏམས། །འཆི་མེད་ཚེ་ཡི་དངོས་གྲུབ་འདི། །རྡོ་རྗེ་སློབ་དཔོན་ཁྱེད་ལ་འབུལ། །ཚེ་བདག་ཆེན་པོ་ཚེ་བཞེས་ཤིག །རྡོ་རྗེ་སློབ་དཔོན་ཚེ་བཞེས་ཤིག །ཚེ་ཡི་དངོས་གྲུབ་ཁྱེད་ལ་འབུལ། །ཞེས་ཚེ་འབྲང་གཏད་པ་སློབ་དཔོན་གྱི་ལག་གཡས་པས་བླང་། དེ་བཞིན་དུ་ཚེ་ཆང་གི་བུམ་པ་གཏད་ལ། ཧཱུཾ། ང་ནི་ལྷ་མོ་གོས་དཀར་མོ། །བུམ་པ་རིན་ཆེན་གཞལ་ཡས་ཁང་། །བུམ་པ་མི་འགྱུར་ཚེ་ཡིས་བཀང་། །ཡི་དམ་ལྷ་ལ་ཚེ་ཡང་ཞུས། །ཕྱོགས་སྐྱོང་ལག་ནས་ཚེ་ཡང་ཕྲོག །མི་ཡི་སྙིང་པོ་ཚེ་ཡང་བསྡུས། །རྩི་བཅུད་དང་ནི་སྨན་གྱི་བཅུད། །ཕྱོགས་བཞི་དག་ནས་བཀུག་བཀུག་ནས། །མཚམས་བཞི་དག་ནས་རབ་བསྡུས་ཏེ། །འཆི་མེད་ཚེ་ཡི་དངོས་གྲུབ་འདི། །རྡོ་རྗེ་སློབ་དཔོན་ཁྱེད་ལ་འབུལ། །ཚེ་བདག་ཆེན་པོ་ཚེ༴ རྡོ་རྗེ་སློབ་དཔོན་ཚེ༴ ཚེ་ཡི་དངོས་གྲུབ་ཁྱེད་ལ་འབུལ། །ཞེས་ཚེ་ཆང་གཏད་པ་ལ་གཡོན་པས་བླངས་ཏེ་རོལ་ལ། འདུས་པ་གཞན་རྣམས་ལ་ཡང་ཚེ་འཛབ་བཟླ་བཞིན་པར་ཚེ་ཆང་གཡས་དང་། ཚེ་འབྲང་གཡོན་དུ་བསྐོར་ནས་དྲངས་པ་རོལ་ཞིང་། གང་དུ་མདུད་པ་དེར་ཚེ་མདུད་ཐེབས་པ་ཞེས་བྱ་སྟེ་དགེ་བའི་མཚན་མའོ། །གསུམ་པ་སྤྱོད་ལམ་བསྐྱང་བ་ནི། རྡུལ་ཚོན་གྱི་ཉིན་དང་པོ་རྣམས་དང་རས་བྲིས་ལ་བརྟན་བཞུགས་དང་། རྡུལ་ཚོན་གྱི་ཉིན་ཐ་མ་ལ། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་མཐར་བཛྲ་མུཿ ཞེས་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་སུ་གཤེགས། ཏིང་འཛིན་དམ་ཚིག་གི་དཀྱིལ་འཁོར་གསལ་བ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་སྦྱངས་ནས་གཞལ་ཡས་ཁང་ལ་ཐིམ། དེ་འཁོར་རྣམས་ལ་ཐིམ། འཁོར་རྣམས་གཙོ་ཡབ་ཡུམ་ལ། ཡུམ་ཡབ་ལ། དེ་ཐུགས་ཀའི་ས་བོན་ལ། དེ་གྱེན་རྫོགས་ནཱ་དའི་དབྱིངས་སུ་ཐིམ་པར་བསམ་ལ་མཉམ་པར་བཞག །ཨཱཾ་ཨཱ་རོ་ལིཀ྄་ཅེས་པས་སླར་ཡང་ཐུན་མཚམས་ཀྱི་ལྷར་ལངས་ཏེ། སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་ཤེས་པས་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན། རྡུལ་ཚོན་ཡིན་ན་ཨ་ཀཱ་རོས་བསྡུ་བ་སོགས་ལས་ཀྱི་མཐའ་རྒྱས་རྣམས་སྤྱི་ལྟར་ཤེས་པར་བྱའོ། །མཆོག་ཏུ་ངོ་མཚར་རྨད་བྱུང་བའི། །ཚེ་དང་ཡེ་ཤེས་སྒྲུབ་པའི་ཐབས། །རྒྱལ་བའི་བདག་པོས་གང་གསུངས་རྒྱུད། །གྲུབ་མཆོག་རྣམས་ཀྱིས་གསལ་བ་བཞིན། །ལམ་འདིར་འཇུག་འདོད་སྐལ་བཟང་ལ། །ཕན་ཕྱིར་ཉུང་གསལ་གོ་བདེའི་ཁྲིགས། །བརྗོད་པ་འདིས་ཐོབ་བསོད་ནམས་ཀྱིས། །འགྲོ་ཀུན་འཆི་མེད་གནས་ཐོབ་ཤོག །ཅེས་བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལས་བྱུང་བ་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་འཆི་མེད་མཆོག་སྟེར་ཞེས་བྱ་བ་འདི་ཡང་སྙོམས་ལས་པ་འགྱུར་མེད་རྡོ་རྗེས་ཉི་མའི་ལོ་དབོས་ཉ་བའི་ཚེས་དགེ་བར་ཨོ་རྒྱན་སྨིན་གྲོལ་གླིང་དུ་སྦྱར་བའི་ཡི་གེ་པ་ནི་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མཐོ་བ་མཁན་ཆེན་ལོ་ཙཱ་བ་དྷརྨ་ཤྲཱིའོ།། །།

ཚེ་དཔག་མེད་ལུང་ལུགས་ཀྱི་སྒྲུབ་ཐབས་མདོར་བསྡུས་དབང་ཆོག་དང་བཅས་པ། འགྱུར་མེད་རྡོ་རྗེ།

ཚེ་དཔག་མེད་ལུང་ལུགས་ཀྱི་སྒྲུབ་ཐབས་མདོར་བསྡུས་དབང་ཆོག་དང་བཅས་པ་བཞུགས་སོ། །ༀ་སྭ་སྟི། རྒྱལ་བ་ཀུན་གྱི་གསུང་རྡོ་རྗེ། །འཆི་མེད་མཆོག་སྩོལ་ལྷག་པའི་ལྷར། །ཡོངས་བཞེངས་མགོན་དེར་གུས་བཏུད་ནས། །སྒྲུབ་ཐབས་སྙིང་པོ་དྲིལ་བ་བཤད། །འདིར་སངས་རྒྱས་གསང་བའི་ལུགས་ཀྱི་ཚེ་དཔག་མེད་ལུང་ལུགས་ཀྱི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་ཤོམས། དངོས་གཞི་སྒྲུབ་པའི་ཐབས། བྱིན་རླབས་དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམས་པ་ནི། སྟེགས་བུའི་ཁར་མཎྜལ་ཁྱམས་སྤངས་པའི་སྒོ་བཞི་རྟ་བབས་བརྒྱད་མ་སྤྱི་མཐུན་གྱི་ལྟེ་བར་ལིང་ཚེ་དགུ་པད་འདབ་བརྒྱད་ཀྱིས་བསྐོར་བ་རིགས་དང་མཐུན་པའི་ཚོན་གྱིས་བྲིས་པའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་ཆས་ལྡན་སྙིང་པོ་ལྔའི་བཅུད་ཀྱིས་གང་བའི་ཁར་ཚེའི་འབྲང་རྒྱས་རྡོ་རྗེ་རྒྱ་གྲམ་དང་ཉི་ཟླས་མཚན་པ་བཞག །དེའི་རྒྱབ་ཏུ་ཚེ་མདའ་རྒོད་སྒྲོ་མ་དར་ལེ་བརྒན་དང་མེ་ལོང་བཏགས་པ་བཀོད། ཚེ་རིལ་དང་ཚེ་ཆང་ནི་གོང་གི་ཚེ་འབྲང་གི་རིལ་བུ་དང་། བུམ་བཅུད་ཀྱིས་ཀྱང་འཐུས་མོད་སྤྲོ་ན་དེའི་གཡས་གཡོན་དུ་ལོགས་སུ་བཤམས་ཀྱང་ལེགས། གང་ལྟར་ཡང་ཞབས་བསིལ་བཞི་བསྣོལ་སྨན་གཏོར་དང་བཅས་པས་མཐའ་བསྐོར་ལས་བུམ་རྡོར་དྲིལ་སོགས་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་སྒྲུབ་ཐབས་ལ། སྒྱུ་འཕྲུལ་ཞི་བའི་སྦྱོར་བའི་ཆོས་རྣམས་སྔོན་དུ་འགྲོ་བའམ། བསྡུ་ན་བགེགས་གཏོར་བཏང་། མཚམས་བཅད། མཆོད་རྫས་རྣམས་རཾ་ཡཾ་ཁཾ་གིས་སྦྱང་། ཨ་དྷཱུ་པུ་ཨ་གན་རྣམས་ཞུ་བ་ལས། ཞབས་བསིལ་བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་ཐོགས་པའི་ལྷ་མོ་ནམ་མཁའ་གང་བར་གྱུར། ཨཱ་ཧ་ར་སོགས་བརྗོད། སྨན་གཏོར་རྣམས་ཨ་ལས་བྱུང་བའི་ཀ་པཱ་ལ་བཅུད་དང་བཅས་པ་མེ་རླུང་གིས་སྦྱངས་ཡེ་ཤེས་ཀྱི་བདུད་རྩི་བསྟིམ་ནས་འབྲུ་གསུམ་གྱི་བྱིན་གྱིས་བརླབས། ཡན་ལག་བརྒྱད་པའི་རྒྱུན་བཤགས་ཙམ་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་བའི་ངང་ལས་ཨེ་ཡཾ་བཾ་ལཾ་སུཾ་རཾ་བྷྲཱུཾ་ཞེས་བརྗོད་པའི་ནམ་མཁའ་རླུང་ཆུ་ས་གཞི་རི་རབ་མེ་དཀྱིལ་དང་བཅས་པའི་དབུས་སུ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུཾ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྟ་བབ་བརྒྱད་དང་ལྡན་པའི་དབུས་ཕོ་བྲང་ལིང་ཚེ་དགུ་པ་པདྨ་འདབ་མ་བརྒྱད་ཀྱིས་བསྐོར་བ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འབར་བ་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུ་གྱུར། དེའི་དབུས་སུ་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་ལ་པདྨ་དང་ཉི་ཟླ་བརྩེགས་པ། ཕྱོགས་མཚམས་ཀྱི་ལིང་ཚེ་དང་པད་འདབ་བརྒྱད་སྒོ་བཞི་རྣམས་སུ་པདྨ་དང་ཉི་གདན་རེ་རེ། གདན་དབུས་མའི་སྟེང་དུ་རང་རིག་ཨཱཿདམར་པོ་འབར་བ། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་འཆི་བའི་འཇིགས་པ་བསལ། སཾ་ཧ་ར་ཎ་ཧཱུཾ། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཨཾ་ཨ་རོ་ལྀཀ྄ །རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་འཛུམ་པའི་ངང་ཚུལ་ཅན། ཕྱག་གཡོན་མཉམ་གཞག་གིས་འཆི་མེད་བདུད་རྩིས་གང་བའི་བུམ་པ་དང་། གཡས་རྡོ་རྗེ་རྒྱ་གྲམ་བུམ་པའི་ཁ་བཀབ་པའི་ཚུལ་དུ་འཛིན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀ་ནས་གཡོན་གྱི་བརླའི་སྟེང་དུ་པཱཾ་དམར་པོ་ཆད། པཱཾ་རཱ་ག་ར་ཏི། ཡུམ་གོས་དཀར་མོ་གཡས་མདའ་དར་ལེ་བརྒན་གཡབ་ཅིང་། གཡོན་བདུད་རྩིའི་བུམ་པ་བསྣམས་པ། གཉིས་ཀའང་མཚན་དཔེའི་ལང་ཚོ་འབར་ཞིང་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་རྒྱན་བརྒྱད་དེ་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པའོ། །ལིང་ཚེ་བརྒྱད་ཀྱི་ཕྱོགས་བཞིར་ལཱཾ་མཱཾ་མཱུཾ་ཏཱཾ་དང་མཚམས་བཞིར་ལཱཾ་མཱཾ་མཱུཾ་ཏཱཾ་རྣམས་ལས། ཤར་དུ་སྤྱན་མ་དཀར་མོ། ལྷོར་མཱ་མ་ཀཱི་སེར་མོ། ནུབ་ཏུ་དབྱིངས་ཕྱུག་མ་སྔོན་མོ། བྱང་དུ་སྒྲོལ་མ་ལྗང་གུ། བཞི་ཀའང་གཡས་ཚེའི་བུམ་པ་དང་གཡོན་དྲིལ་བུ་འཛིན་པ། མེར་རྒྱས་འདེབས་མ་དཀར་མོ་མདའ་གཞུ་འགེངས་པ། བདེན་བྲལ་དུ་ཚེ་འཕེལ་མ་སེར་མོ་ཁ་ཊྭཱཾ། རླུང་དུ་རྨོངས་བྱེད་མ་དམར་མོ་རྒྱལ་མཚན། དབང་ལྡན་དུ་ཟ་བྱེད་མ་ལྗང་གུ་རྡོར་དྲིལ་འཛིན་པའོ། །དེའི་ཕྱི་རོལ་གྱི་པད་འདབ་བརྒྱད་ཀྱི་ཕྱོགས་བཞིར་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ མཚམས་བཞིར་དྷཱུ་པུ་ཨ་གན་རྣམས་ལས། ཤར་དུ་ལཱ་སྱེ་མ་དཀར་མོ་མེ་ལོང་། ལྷོར་མཱ་ལྱེ་མ་སེར་མོ་ཕྲེང་བ། ནུབ་ཏུ་གཱིརྟི་མ་དམར་མོ་པི་ཝཾ། བྱང་དུ་ནཱིརྟི་མ་ལྗང་གུ་རྔ་ཡབ་འཛིན་པའོ། །ཤར་ལྷོར་བདུག་སྤོས་མ་དཀར་སེར་སྤོས་ཁང་། ལྷོ་ནུབ་ཏུ་མེ་ཏོག་མ་དམར་སེར་མེ་ཏོག་གི་ཕྲེང་བ། ནུབ་བྱང་དུ་མར་མེ་མ་དམར་ལྗང་མར་མེ། བྱང་ཤར་དུ་དྲི་ཆབ་མ་དཀར་ལྗང་དྲིའི་དུང་ཕོར་འཛིན་པའོ། །སྒོ་བཞིར་ཛཿཧཱུཾ་བཾ་ཧོཿལས། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ། ལྷོ་སྒོར་ཞགས་པ་མ་སེར་མོ་ཞགས་པ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག །བྱང་སྒོར་དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་ལྷའི་ན་ཆུང་ལང་ཚོ་གསར་པའི་ཉམས་ཅན་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་རོལ་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་བཅིངས་ཏེ་མཉེས་པར་བྱས། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭ་ཧཱ། ཨཱོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པཻ་དྷཱུ། ཨཱོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། ཨཱོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ཨཱོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ཞེས་ཀུན་བཟང་ཞབས་བསིལ་བཞི་བསྣོལ་དང་བདུད་རྩིས་ཀྱང་མཆོད་དོ། །བསྟོད་པ་ནི། ཧཱུཾ། བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད། །སྒྲིབ་པའི་དྲྭ་བ་མ་ལུས་སེལ་བའི་སྐུ། །མཁའ་དང་མཉམ་པའི་ཡེ་ཤེས་སྐུ་མངའ་བ། །མཉམ་ཉིད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །བཅོམ་ལྡན༴ གསུང་མཆོག་རྣམ་པར་དག་པའི་གསུང་། །མཁའ་དང་མཉམ་པའི་གསུང་༴ མཉམ་ཉིད་གསུང་ལ་ཕྱག༴ བཅོམ་ལྡན༴ ཐུགས་མཆོག་རྣམ་པར་དག་པའི་ཐུག། །མཁའ་དང་མཉམ་པའི་ཐུགས༴ མཉམ་ཉིད་ཐུགས་ལ༴ ཞེས་པས་བསྟོད། བཟླས་པ་ནི། སྙིང་གའི་ས་བོན་བཟླ་བྱའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད། ཐུགས་རྗེའི་ནུས་མཐུ་དང་། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་འབྱུང་བཞིའི་མདངས་བཅུད་ཐམས་ཅད་བསྡུས་ཏེ་སྙིང་གའི་སྔགས་ཕྲེང་ལ་ཐིམ་པར་བསམ་ནས། ༀ་པུཎྱེ་པུཎྱེ་མ་ཧ་པུཎྱེ་ཨ་པ་ར་མི་ཏ་ཨཱ་ཡུརྫྙཱ་ན་སརྦ་རོ་པ་ཙིཏྟེ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་ལ། བདག་གི་ཐུགས་ཀ་ནས་ཧཱུཾ་སྤྲོས་པ་ཡུམ་གྱི་མཁའ་ནང་དུ་རྡོརྗེ་རྒྱ་གྲམ་སྟེང་འོག་གཉིས་སུ་གྱུར་པའི་བར་དུ་ཉི་ཟླ་ཁ་སྦྱོར་གྱི་ལྟེ་བར་ཚེའི་རང་བཞིན་ཐིག་ལེ་དཀར་པོ་ནྲྀས་མཚན་པར་བསམ་ནས། བཛྲ་མུག་ཏི་ཧཿ རང་གི་ཐུགས་ཀ་ནས་ཕོ་ཉ་ནམ་མཁའ་གང་བར་འཕྲོས། འཁོར་འདས་སྣོད་བཅུད་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་མཁའ་ནང་གི་ཚེ་རྟེན་ལ་ཐིམ་པར་བསམ་ནས་སྔགས་ཀྱི་མགོ་དྲངས་ཏེ། ཧཱུཾ། ནམ་མཁའི་དབྱིངས་ཕྱུག་མ་ནི་ཡེ་ནས་རྣམ་པར་དག །རྡོ་རྗེ་དབྱིངས་ཕྱུག་མ་ནི་ཡེ་ནས་སྐྱེ་ཤི་མེད། །རིན་ཆེན་དབྱིངས་ཕྱུག་མ་ནི་དགོས་འདོད་རེ་བ་སྐོང་། །པདྨ་དབྱིངས་ཕྱུག་མ་ནི་ཡེ་ནས་ཆགས་དང་བྲལ། །ལས་ཀྱི་དབྱིངས་ཕྱུག་མ་ནི་མངོན་སྤྱོད་ཕྲིན་ལས་མཛད། །དབྱིངས་ཕྱུག་ཆེན་མོ་ཁྱེད་རྣམས་ཀྱིས། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །པུཎྱཻ་སོགས་བཟླའོ། །ཧཱུཾ། ཤར་གྱི་ཕྱོགས་ནས་ཚེ་འགུགས་མ། །གསང་བའི་ལྷ་མོ་རྒྱས་འདེབས་མ། །རིགས་ཀྱི་ལྷ་མོ་སངས་རྒྱས་སྤྱན། །ཕྱག་རྒྱའི་ལྷ་མོ་ལཱ་སྱེ་མ། །མཆོད་པའི་ལྷ་མོ་དྷཱུ་པེ་མ། །འགུགས་པའི་ལྷ་མོ་ལྕགས་ཀྱུ་མ། །ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ལ། །ཤར་ལྷོ་མེ་ལྷའི་ལག་ནས་དཔལ་སྐྱོབས་ཤིག །རྡོ་རྗེ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ། །ཧཱུཾ། ལྷོ་ཡི་ཕྱོགས་ནས༴ གསང་བའི་ལྷ་མོ་ཚེ་འཕེལ་མ། །རིགས་ཀྱིི་ལྷ་མོ་མཱ་མ་ཀཱི །ཕྱག་རྒྱའི་ལྷ་མོ་མཱ་ལྱེ་མ། །མཆོད་པའི་ལྷ་མོ་པུཥྤེ་མ། །འཆིང་བའི་ལྷ་མོ་ཞགས་པ་མ། །ཚེ་བདག་ཆེན་མོ༴ ལྷོ་ཕྱོགས་གཤིན་རྗེའི༴ ལྷོ་ནུབ་སྲིན་པོའི༴ རྡོ་རྗེ་མི་འགྱུར༴ ཧཱུཾ། ནུབ་ཀྱི་ཕྱོགས་ནས༴ གསང་བའི་ལྷ་མོ་རྨོངས་བྱེད་མ། །རིགས་ཀྱི་ལྷ་མོ་གོས་དཀར་མོ། །ཕྱག་རྒྱའི་ལྷ་མོ་གཱིརྟི་མ། །མཆོད་པའི་ལྷ་མོ་ཨཱ་ལོ་ཀེ །སྡོམ་པའི་ལྷ་མོ་ལྕགས་སྒྲོག་མ། །ཚེ་བདག༴ ནུབ་ཕྱོགས་ཀླུ་དབང་༴ ནུབ་བྱང་རླུང་ལྷའི༴ རྡོ་རྗེ་མི་འགྱུར ༴ ཧཱུཾ། བྱང་གི་ཕྱོགས་ནས༴ གསང་བའི་ལྷ་མོ་ཟ་བྱེད་མ། །རིགས་ཀྱི་ལྷ་མོ་དམ་ཚིག་སྒྲོལ། །ཕྱག་རྒྱའི་ལྷ་མོ་ནཱིརྟི་མ། །མཆོད་པའི་ལྷ་མོ་གནྡྷེ་མ། །འབེབས་པའི་ལྷ་མོ་དྲིལ་བུ་མ། །ཚེ་བདག༴ བྱང་ཕྱོགས་གནོད་སྦྱིན༴ བྱང་ཤར་དབང་ལྡན༴ རྡོ་རྗེ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ། །ཞེས་དང་། གཟུང་སྔགས་བཟླས་པ་དང་བཅས་པས་མདའ་དར་ལེ་རྒན་གྱིས་གཡབ་ཅིང་ཚེ་འགུག །ཚེ་བསྡུ་བ་ནི། ཨཱ་ཡུརྫྙཱ་ན་ཚེ་ཡི་མཆོག །ཚེ་ས་ལ་ཉམས་པ་གསེར་ལ་བསྡུ། །ཆུ་ལ་ཉམས་པ་ཚྭ་ལ་བསྡུ། །ཤིང་ལ་ཉམས་པ་མངར་ལ་བསྡུ། །འབྲུ་ལ་ཉམས་པ་ཆང་ལ་བསྡུ། །རྩི་ལ་ཉམས་པ་མར་ལ་བསྡུ། །མི་ལ་ཉམས་པ་ནྲྀ་ལ་བསྡུ། །འབྲུ་ལྔ་དང་ནི་སྙིང་པོ་ལྔ། །གནས་ལྔ་དག་ཏུ་བྱིན་བརླབས་ན། །རྣལ་འབྱོར་ཚེ་ལ་བར་ཆད་མེད། །ཅེས་དང་བཟླས་པ་བྱེད། དེ་ནས། ༀ་བཛྲ་སྥོ་ཊ་བཾ། ཞེས་པས་སྟེང་འོག་གི་རྒྱ་གྲམ་གཉིས་ཀྱི་རྩེ་མོ་ཨ་ལི་ཀཱ་ལིའི་སྐུད་པས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར་པ་དེ་ཉིད་རང་གི་སྙིང་ཁར་དྲངས་ཏེ་གནས་པར་བསམ་མོ། །ཚེ་སྦ་བ་ནི། རང་ཉིད་ལྷར་གསལ་བ་སྙིང་ཁའི་ཚེ་རྟེན་ལ་ཐིམ། དེ་ཡང་དམིགས་མེད་སྤྲོས་བྲལ་འཆི་མེད་གཉུག་མའི་རང་བཞིན་ལ་མཉམ་པར་བཞག་ནས། མི་འགྱུར་ཅིས་ཀྱང་མི་རིག་པ། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་སྤྱོད་ཡུལ་ཀུན་བཅོམ་ནས། །ཐམས་ཅད་ཀུན་ལས་རྒྱལ་བར་གནས། །མ་བྱུང་མི་གནས་འདུས་མ་བྱས། །ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས། །སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར། །བཛྲ་ཀཱ་ཝཱ་ཙི་ར་ཀྵ་ཧཱུཾ། ཞེས་བརྗོད་ཅིང་སླར་ཡང་ལྷ་སྐུར་ལངས་ཏེ་སྨོན་ལམ་དང་ཤིས་བརྗོད་ཀྱང་བྱའོ། །གསུམ་པ་དབང་གི་ཆོ་ག་ནི། སྒྲུབ་ཚུལ་བདག་མདུན་དབྱེར་མེད་དུ་བྱེད་པ་སྔར་བཞིན་དང་། ཐ་དད་དུ་བྱེད་ན་བདག་བསྐྱེད་བཟླས་པ་དང་བཅས་པ་སོང་ནས། མདུན་གྱི་སྒྲུབ་རྫས་ལ་དམིགས་ཏེ། རང་གི་ཐུགས་ཀ་ནས་ཨེ་ཡཾ་བཾ་ལཾ་སུཾ་རཾ་བྷྲཱུཾ་རྣམས་སྤྲོས་ནམ་མཁའ་རླུང་ཆུ་ཞེས་སོགས་ཀྱིས་རྟེན་དང་བརྟེན་པ་བསྐྱེད་པ་སྤྱན་འདྲེན་མཆོད་བསྟོད་རྣམས་བདག་བསྐྱེད་ཀྱི་ཚིག་ཟུར་སྐབས་ཐོབ་བསྒྱུར་ནས་བྱ་ཞིང་། བཟླས་པའི་ཚེ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་། དཀྱིལ་འཁོར་གྱི་ལྷ་རྣམས་མཆོད། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་འདས་སྣོད་བཅུད་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ནས་བུམ་པའི་ནང་དུ་ཐིམ་པར་བསམ་ནས་བཟླས་པ་བྱ་ཞིང་། ཚེ་རྟེན་སྒོམ་པ། འགུགས་པ། བསྡུ་བ། བཅིང་བ་རྣམས་བྱས་ནས། ཧཱུཾ་ཞེས་བརྗོད་པས་ལྷ་རྣམས་འོད་དུ་ཞུ་བ་ཚེ་རྟེན་ལ་ཐིམ། དེ་ཡང་རིམ་བཞིན་ཞུ་ནས། ༀ་ཨཱཿཧཱུཾ་སྭཱ་ཧཱ་རྣམས་སུ་གྱུར་པར་བསམ་མོ། །ཡང་བདག་བསྐྱེད་ཡི་དམ་གཞན་ལ་བརྟེན་ནས་མདུན་བསྐྱེད་བཤད་མ་ཐག་པ་བཞིན་བྱེད་པའི་ལག་ལེན་ཡང་སྣང་ངོ་། །གང་ལྟར་ཡང་སློབ་མའི་བྱ་བ་ཁྲུས་བྱས། བགེགས་བསྐྲད། མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་མ་ཐོབ་ཀྱི་བར་དུ་ཡང་ཕྱི་ནང་གི་བར་ཆད་རྣམས་ཞི་ཞིང་བསམ་པའི་དོན་ཐམས་ཅད་གེགས་མེད་དུ་འགྲུབ་པ་དང་། ཁྱད་པར་དུ་ཚེའི་འགལ་རྐྱེན་ཐམས་ཅད་ཞི་བ་དང་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བྱ། དེའི་ཕྱིར་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དབང་བསྐུར་ཟབ་མོ་ཞུ་སྙམ་པའི་མོས་པ་དང་ལྡན་པའི་སྒོ་ནས་གསན་འཚལ། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་ནི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཉིད་ཡིན་ལ། དེ་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་པ་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། སློབ་སྤྲིང་དུ། བདེ་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ནི་བསྟུན་ཏེ་སྒྲུབ། །ཅེས་གསུས་པ་དང་། དེ་ལྟར་ཐོབ་པས་མི་ཆོག །སྤྱིར་འཛམ་བུ་གླིང་པ་རྣམས་ཀྱི་ཚེ་ལ་ངེས་པ་མེད་ཅིང་། ཁྱད་པར་སྙིགས་མ་ལྔ་བདོ་ཚེའི་སྙིགས་མའི་མཐར་ཐུག་པས་དུས་མིན་དུ་འཆི་བའི་རྐྱེན་དང་བར་ཆད་མང་པོ་དང་ལྡན་པ་ཡིན་ཏེ། སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང་། །ཞེས་གསུངས་པ་ལྟར་སྤྱིར་བར་ཆད་ཀྱི་རྐྱེན་མང་ཞིང་ཁྱད་པར་དུས་མ་ཡིན་པར་འཆི་བའི་རྐྱེན་ནི། ཚེ་དང་ལས་དང་བསོད་ནམས་ཟད་པ་སྟེ་རྐྱང་ཟད་གསུམ་དང་། དེ་དག་གཉིས་གཉིས་ཟད་པ་དང་གསུམ་ལས་ཚེ་ཟད་པ་ལ། ཚེ་སྒྲུབ་ཀྱི་ཆོ་ག་དང་། ལས་ཟད་པ་ལ་སྲོག་བསླུ་ཉེའུ་འདོན་པ་སོགས་དང་། བསོད་ནམས་ཟད་པ་ལ་མཆོད་སྦྱིན་ལ་སོགས་པས་གསོ་བ་དང་། དེ་དག་གཉིས་མཉམ་དུ་ཟད་པ་ནི། གཉེན་པོ་དེ་དང་དེས་གསོ་བར་གསུངས་པ་ལས། གསོ་བྱའི་ཚེ་ཉིད་ཉམས་པའི་རྐྱེན། ཉམས་པའི་རྟགས། གསོ་བྱེད་སློབ་དཔོན། གསོ་ཚུལ་དང་བཞིར་རྒྱུད་ལས་གསུངས་པ་སྟེ། དང་པོ་ནི། དམ་ཉམས་སེམས་དཀྲུག་ཡི་ཆད་དངངས་པ་དང་། །ཞེ་སྡང་དྲག་པོས་རྦོད་གཏོང་ཚར་བཅད་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་། །གནས་ངན་དག་ཏུ་གནས་ཕབ་འདི་དག་ནི། །ཚེ་ཉམས་དབུགས་དངངས་བགེགས་ཀྱི་དབང་དུ་འགྱུར། །ཞེས་དང་། གཉིས་པ་ནི། འཁོར་ལ་ཁྲོ་ཞིང་སྡུག་སྐད་འབྱིན་པ་དང་། །བཞིན་འགྱུར་སྤྱོད་ལམ་རྣམས་ནི་འཆལ་བ་དང་། །སློབ་དཔོན་འཚོ་བྱེད་དུས་ལས་ཡོལ་བ་དང་། །ཁ་ཟས་རྣམས་ཀྱང་ཡི་གར་མི་འོང་བ། །འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་དང་། གསུམ་པ་ནི། ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་གསུམ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། །ཞེས་དང་། བཞི་པ་ནི། ཇི་ལྟར་གསོ་བའི་ཐབས་ཀྱི་ཆོ་ག་སྟེ་ཟབ་རྒྱས་གདམས་པའི་རྣམ་གྲངས་ཇི་སྙེད་ཅིག་མཆིས་པ་ལས། འདིར་བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལས་གསུངས་པ་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་ཨ་ནུ་ཡོ་ག་དང་རྗེས་སུ་འབྲེལ་བ་ཤིང་རྟ་ཆེན་པོ་སངས་རྒྱས་གསང་བ་ཞེས་བྱ་བ་མཆོག་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་དེའི་ལུགས་བཞིན་དུ་སྒྲུབ་པ་ནི། ལུང་བདུན་གྱིས་འཆིང་བར་མཛད་པ་སྟེ། དེ་ཡང་བདེ་འདུས་ཚེ་ལུང་བདུན་པ་ལས། ཚེ་བཅའ་ཚེ་ཡི་དཀྱིལ་འཁོར་དང་། །ཚེ་ཡི་རང་བཞིན་འགུག་པ་དང་། །ཚེ་བཅིངས་ཚེ་ཡི་བླན་ཐབས་དང་། །ཚེ་ཡི་དབང་བསྐུར་བསྟིམ་པའོ། །ཞེས་གསུངས་པ་དང་དོན་གྱི་གནད་གཅིག་ཏུ་འདུས་པ་ལས། འདིར་དབང་བསྐུར་བའི་ཆོ་ག་དེ་ཉིད་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། དེས་ཀྱང་མཎྜལ་ཕུལ་ནས། གསོལ་བ་འདེབས་པ་འདིའི་རྗེས་ཟླས་མཛོད། པདྨ་སེམས་གཙོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་ཏེ། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། དེ་ནས་ཡན་ལག་བརྒྱད་དང་ལྡན་པའི་སྒོ་ནས་རྒྱུན་བཤགས་བྱ་བ་ནི། སློབ་དཔོན་ཚེ་དཔག་མེད་དུ་གསལ་བའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་དཔུང་གཏིབས་པ་བཞིན་བཞུགས་པར་བསམ་ལ་ཚིག་ཕྱིར་སེམས་རྩེ་གཅིག་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། ཡེ་ཤེས་དབབ་པ་ནི། སློབ་མ་སྐྱིལ་ཀྲུང་བཅས་ནས་རླུང་འཛིན་དུ་བཅུག་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སློབ་བུའི་རྣམ་སྨིན་གདོས་བཅས་ཀྱི་ཕུང་པོ་མི་དམིགས་པར་སྦྱངས་ཏེ། སྟོང་པའི་ངང་ལས་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཁྱེད་རང་ཨཱཾ་ལས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སོགས་མངོན་རྟོགས་བཞིན་གཙོ་བོ་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། ཧཱུཾ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་ཁྱེད་རང་གི་སྤྱི་བོ་ནས་སིབ་སིབ་ཐིམ་པར་སྒོམས་ཤིག་བྱས་ལ། རྩ་སྔགས་ཀྱི་མཐར། ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླ་ཞིང་སྤོས་དང་རོལ་མོ་བྱ། ཏིཥྛ་བཛྲ་ཞེས་བརྟན་པར་བྱས་ནས། སློབ་མ་ཚེ་ལྷ་ཡབ་ཡུམ་དུ་གསལ་བའི་ཡུམ་གྱི་མཁའ་ནང་དུ་སློབ་དཔོན་གྱི་ཐུགས་ཀ་ནས་ཧཱུཾ་སྤྲོས་པ་རྡོ་རྗེ་རྒྱ་གྲམ་གཉིས་སུ་གྱུར་པའི་སོགས་ནས་ཨཱ་ལི་ཀཱ་ལའི་སྐུད་པས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར་པ་དེ་ཉིད་ཡུམ་གྱི་མཁའ་ནས་སྙིང་གར་དྲངས་ཏེ་གནས་པར་མོས་པ་རྣམས་ཤར་ལྟར་བྱ་ཞིང་། བསྡུ་ན་ཡེ་ཤེས་པ་བརྟན་པར་བྱས་པའི་རྗེས་ཉིད་དུ་གསོལ་འདེབས་ལ་འཇུག་སྟེ་གང་ལྟར་ཡང་། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དབང་བསྐུར་བདུད་རྩི་ཆེན་པོ་ཉིད། །བདག་ལ་རབ་ཏུ་སྩལ་དུ་གསོལ། །ཞེས་ལན་གསུམ། དབང་བསྐུར་བ་ནི། བུམ་པའི་ནང་དུ་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད། ཨཱོཾ་དཀར་པོ་ཨཱཿདམར་པོ་ཧཱུཾ་སྔོན་པོ་སྭཱ་སེར་པོ་ཧཱ་ལྗང་གུ་རྣམས་ཀྱི་རྣམ་པར་གནས་པ་ལས་ཡི་གེ་དེ་དག་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་རིམ་པ་བཞིན་བྱུང་བ་ཁྱེད་རང་གི་གནས་ལྔར་ཐིམ་པ་འོད་དུ་ཞུ་བའི་དྭངས་མ་སྙིང་གའི་ཚེ་རྟེན་གྱི་ནྲྀ་ལ་ཐིམ་པས་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗོད་ཐམས་ཅད་རྒྱས་པར་མོས་སུ་བཅུག་ལ། བུམ་པ་སྤྱི་བོར་བཞག་སྟེ། ཧཱུཾ། ཟླ་གམ་དམར་པོ་རྡོ་རྗེ་ཚེ་ཡི་དབང་། །ཨཱ་ཡུ་དམར་པོ་ཡོངས་སུ་འགྱུར་མེད་དེ། །མི་མཆོག་ངེས་པའི་ཚེ་མཆོག་གང་ཡིན་པ། །རིགས་ཀྱི་བུ་ཁྱོད་དབང་མཆོག་ཐོབ་པར་ཤོག །ༀ་པུཎྱེ་སོགས་བརྗོད་ཅིང་བུམ་ཆུ་བླུད། སླད་ཡང་གནས་ལྔར་རིམ་པར་བཞག་ལ། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །དེ་བཞིན་གསང་བ་གསུམ་ལས་བྱུང་། །དེ་བཞིན་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་སྣང་བ་ཆེན་པོ་སྦྱིན། །ༀ་བུ དྡྷ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ༀ། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །པདྨ་གསང་བ་གསུམ་ལས་བྱུང་། །པདྨ་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་སྣང་བ་ཆེན་པོ་སྦྱིན། །ༀ་པདྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ ཇི་སྙེད་སངས་རྒྱས༴ རྡོ་རྗེ་གསང་༴ རྡོ་རྗེ་རིགས་ཀྱི ༴ དབང་སྐུར་སྣང་བ༴ ༀ་བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཇི་སྙེད་སངས་རྒྱས༴ རིན་ཆེན་གསང་༴ རིན་ཆེན་རིགས་ཀྱི༴ དབང་བསྐུར༴ ཨཱོཾ་རཏྣ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་སྭཱ། ཇི་སྙེད་སངས་རྒྱས་༴ ལས་རབ༴ ལས་ཀྱི་རིགས་ཀྱི༴ དབང་བསྐུར་སྣང་བ༴ ཨཱོཾ་ཀརྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱ། ཞེས་དབང་བསྐུར་ནས་སྔར་བཞིན་ཚེའི་མཐུ་དཔལ་ཐོབ་པའི་ངེས་ཤེས་བསྐྱེད་དུ་བཅུག་ལ། བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད། །སོགས་སྐུའི་བསྟོད་པའི་ཚིག་མཐའ་མ། མཉམ་ཉིད་རྡོ་རྗེའི་སྐུ་ཡི་བཀྲ་ཤིས་ཤོག །ཅེས་བསྒྱུར་བས་ཤིས་བརྗོད་ཀྱི་མེ་ཏོག་འཐོར། ཚེ་འབྲང་ལྷར་གསལ་བ་ཁྱེད་རང་གི་སྤྱི་བོར་བྱོན་དེའི་སྐུ་ལས་བྱང་སེམས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་བབས་པས་ལུས་ཐམས་ཅད་གང་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་མོས་ལ། ཚེ་འབྲང་སྤྱི་བོར་བཞག་ལ། ཧཱུཾ། སྐྱེ་ཤི་མེད་པ་རྡོ་རྗེ་ཚེ་ཡི་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས་གྱུར་ཏེ། །རྟག་ཏུ་སྐྱེ་འཆིའི་སྡུག་བསྔལ་བྲལ་བར་ཤོག །ཨཱོཾ་པུཎྱཻ་སོགས་དང་། ཚེ་ཛ་ཡ་ཛ་ཡ། སིདྡྷི་སིདྡྷི། ཕ་ལ་ཕ་ལ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་བདེན་པ་དང་། དབང་རྫས་ནུས་པའི་མཐུ་བྱིན་དང་། བདག་གི་བསམ་པ་རྣམ་པར་དག་པའི་མཐུས། །རིགས་ཀྱི་བུ་འདི་ལ་དབང་བསྐུར་བས་ཚེ་རིང་བ། སྲ་བ། བརྟན་པ། ལོ་བརྒྱ་ཐུབ་པ། སྟོན་བརྒྱ་མཐོང་བའི་དབང་དང་ལྡན་པར་གྱུར་ཅིག །ཅེས་དང་། བཅོམ་ལྡན་མགོན་པོ་སོགས་ཀྱི་མཐར། མཉམ་ཉིད་རྡོ་རྗེའི་གསུང་གི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། ཚེ་སྦ་བ་ནི། ཁྱོད་རང་གི་སྙིང་གའི་ཚེ་རྟེན་རྣམས་འོད་དུ་ཞུ་བའི་རྐྱེན་གྱིས་རང་ལྷར་གསལ་བ་ཡང་འོད་དུ་ཞུ་ནས་ཡི་གེ་ཨ་དཀར་པོ་གཅིག་ཏུ་གྱུར། ཨ་ཞེས་བརྗོད་པས་དེ་ཡང་དམིགས་མེད་སྤྲོས་བྲལ་འཆི་མེད་གཉུག་མའི་གནས་ལུགས་ལ་མཉམ་པར་ཞོག་མཛོད། མི་འགྱུར་ཅིས་ཀྱང་མི་ཤིགས་པ། །སོགས་བརྗོད་ལ་དོན་བསྒོམ། སླར་ཡང་། བཅོམ་ལྡན་མགོན་པོ་སོགས་ཀྱི་མཐར། མཉམ་ཉིད་རྡོ་རྗེའི་ཐུགས་ཀྱི་བཀྲ་ཤིས་ཤོག །ཅེས་བརྗོད། དེ་ནས་མཐར་བརྟེན་ཚེའི་རྫས་བྱིན་པ་ནི། ཧཱུཾ། ཚེ་ཡི་རང་བཞིན་གཞལ་ཡས་ཁང་། །རྡོ་རྗེ་རྒྱ་གྲམ་ཉི་ཟླའི་ཏོག །ལྷ་དང་རྫས་དང་སྔགས་ཀྱིས་གཏམས། །འཆི་མེད་ཚེ་ཡི་དངོས་གྲུབ་འདི། །རྡོ་རྗེ་སློབ་མ་ཁྱོད་ལ་སྦྱིན། །པུཎྱེ་སོགས་བརྗོད་ཅིང་འབྲང་རྒྱས་ཀྱི་མཐའི་རིལ་བུ་ལག་གཡས་སུ་གཏད་པ་བཟར་བཅུག །ཧཱུཾ། ང་ནི་ལྷ་མོ་གོས་དཀར་མོ། །བུམ་པ་རིན་ཆེན་གཞལ་ཡས་ཁང་། །བུམ་པ་མི་འགྱུར་ཚེ་ཡིས་བཀང་། །ཡི་དམ་ལྷ་ལ་ཚེ་ཡང་ཞུས། །ཕྱོགས་སྐྱོང་ལག་ནས་ཚེ་ཡང་ཕྲོག །མི་ཡི་སྙིང་པོ་ཚེ་ཡང་བསྡུས། །རྩི་བཅུད་དང་ནི་སྨན་གྱི་བཅུད། །ཕྱོགས་བཞི་དག་ནས་བཀུག་བཀུག་ནས། །མཚམས་བཞི་དག་ནས་རབ་བསྡུས་ཏེ། །འཆི་མེད་ཚེ་ཡི་དངོས་གྲུབ་འདི། །རྡོ་རྗེ་སློབ་མ་ཁྱོད་ལ་སྦྱིན། །པུཎྱེ་སོགས་བརྗོད་ཅིང་ཚེ་ཆང་ལག་གཡོན་དུ་སྦྱིན་ལ་འཐུང་དུ་བཅུག །འཇིག་རྟེན་འདྲེན་པའི་སོགས་ཀྱི་ཤིས་པ་བརྗོད། དེ་ལྟར་ཚེ་དབང་བསྐུར་བས་ཚེ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཏེ། འཆི་བ་མེད་པ་ཚེའི་དངོས་གྲུབ་ལ་དབང་འབྱོར་བར་གྱུར་ཅིག །ཅེས་བརྗོད་སློབ་མའི་རྗེས་ཀྱི་བྱ་བ་དང་། དཀྱིལ་འཁོར་གྱི་རྗེས་ཆོག་ནི་གཞན་དང་འདྲའོ། །མི་འགྱུར་འཆི་མེད་རྡོ་རྗེ་ཚེའི། །སྒྲུབ་ཐབས་སངས་རྒྱས་གསང་བའི་ལུགས། །རོག་སྟོན་གོང་མའི་ལེགས་བཤད་ཀྱི། །ངག་འདོན་སྙིང་པོར་དྲིལ་བའོ། །ཚེ་དཔག་མེད་ལུང་ལུགས་ཀྱི་སྒྲུབ་ཐབས་སངས་རྒྱས་གསང་བའི་བཀའ་སྲོལ་བཞིན་བཤད་པའི་ལེ་ཚན་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ལས་ཁོལ་དུ་ཕྱུངས་པའོ།། །།

རིང་འཚོའི་ཆོ་ག་སྒྲུབ་པའི་རྣམ་པར་བཞག་པ་འཆི་བདག་སླུ་བའི་རྟོག་པའི་དོན་འགྲེལ་ཚེ་དབང་དགའ་བ་འཁྱིལ་བའི་ཐིག་ལེ། ཡོན་ཏན་རྒྱ་མཚོ།

རིང་འཚོའི་ཆོ་ག་སྒྲུབ་པའི་རྣམ་པར་བཞག་པ་འཆི་བདག་སླུ་བའི་རྟོག་པའི་དོན་འགྲེལ་ཚེ་དབང་དགའ་བ་འཁྱིལ་བའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །ༀ་ཨ་མཱ་ར་ཎི་ཛཱི་བནྟུ། རབ་མཛེས་ཟླ་བ་ཞུན་མའི་ཐིག་ལེ་ནི། །འཆི་མེད་བདུད་རྩིའི་བསིལ་ཟེར་འཛག་པ་ཡིས། །དུས་ཀྱི་མུན་པ་བསྙིལ་ནས་རྟག་བརྟན་གྱི། །ལང་ཚོ་རྒྱས་མཛད་ལྷག་པའི་ལྷ་དེས་སྐྱོངས། །མཐོ་རིས་རྟེན་བཟང་ལྷ་ཡི་དགའ་འཚལ་ན། །ཚེ་མཆོག་དཔལ་གྱི་འདབ་མ་ཡིད་འོང་བ། །སྡེ་བཞིའི་སྙེ་མའི་ཕུད་བུས་དུད་པ་དེར། །ཐར་པའི་ལོངས་སྤྱོད་དབྱར་གྱི་སྨན་ལྗོངས་བཞིན། །དེ་བས་ན་བརྗོད་བྱ་དང་དགོས་སོགས་ཀྱི་འབྲེལ་པ་དང་ལྡན་པ་འདི་འཆད་པ་ལ་སྤྱི་དོན་རྣམ་པ་བཅུ་གསུམ་གྱིས་བསྟན་ཏེ། ཚེའི་ངོ་བོ། མཚན་ཉིད། སྒྲ་དོན། དབྱེ་བ། འཚོ་འཆིའི་བྱེ་བྲག །འཆི་བའི་ལྟས། འཚོ་ཐབས་ཀྱི་ཆོ་ག །རྒྱུད་སྒྲུབ་ཐབས་ཀྱི་མདོར་བསྟན། ཆོ་གའི་འབྲེལ། འཆི་བ་བསླུ་བའི་ཤེས་བྱེད། མྱུར་དུ་འབད་པར་གདམས་པ། འཚོ་བའི་དགོས་པ། ཚེ་གྲུབ་པའི་འབྲས་བུ་བསྟན་པའོ། །དང་པོ་ནི། མཛོད་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་དྲོད་དང་རྣམ་ཤེས་རྒྱུན་ཆགས་སུ་གནས་པའི་རྟེན་ནམ་རྒྱུར་གྱུར་ཅིང་། ལས་ཀྱི་རྣམ་པར་སྨིན་པ་ལ་བརྟེན་པ། མིང་གི་རྣམ་གྲངས་སུ་སྲོག་གི་དབང་པོ་ཞེས་ཀྱང་བྱ་བ་སྟེ་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་བཞེད་དོ། །གཉིས་པ་ནི། དཔེར་ན། མདའ་འཕངས་པའི་ཤུགས་སམ། ས་བོན་བཏབ་པའི་དུས་ཀྱི་འཕེན་པས་ཇི་སྲིད་ས་ལ་ལྷུང་བ་དང་། འབྲས་བུ་སྨིན་པའི་བྱ་བ་གྲུབ་ཀྱི་བར་དུ་འགྲོ་བ་དང་། སྨིན་པའི་བྱ་བ་བྱེད་པ་བཞིན་དུ། ལས་ཀྱིས་ཇི་སྲིད་འཕངས་པ་དེ་སྲིད་དུ་འཚོ་ཞིང་གནས་པའི་རང་བཞིན་ཅན་ནོ། །གསུམ་པ་ལ་གཉིས། ཚེ་དང་སྲོག་གོ། །དང་པོ་ནི། འདོད་འཇོ་ལས། གསོན་པའི་ལས་ཀྱི་དུས་ལ། ཨཱ་ཡུཿསྟེ་ཨི་ཎ་ལས་ཎི་ཏྲའོ། །ཞེས་པས་ཨུ་སིའོ། །ཞེས་པ་ལྟར་ཨི་ཎ་འགྲོ་བའི་བྱིངས་ལ་ཨུ་ཎ་སོགས་ཀྱི་ཨུ་སི་སྦྱར། ཎིཏ྄་བཞིན་དུ་བསྒྲུབས་པས། ཨཱ་ཡུཿཚེ་ཞེས་གྲུབ་པ་ནི་འཚོ་བའི་དུས་ལ་འགྲོ་བའི་ལས་བརྗོད་པ་སྟེ་ཚེ་སྐབས་ཀྱི་དོན་ནོ། །གཉིས་པ་ནི། དེ་ལས། འདི་རབ་ཏུ་འགྲོ་བའི་ཕྱིར་པྲཱ་ཎཿསྟེ་ཨཎ་ལས་གྷ་ཉའོ། །ཞེས་དང་། ཡང་ན་ལས་ལ་ཨཎ་སྦྱར་བའང་བཤད་ཅིང་། སྲོག་ཅེས་བྱ་བ་རླུང་ཆེན་པོ། །ཁ་དང་སྣ་ནས་རྒྱུ་བར་བྱེད། །ཅེས་པ་ནི་སྙིང་གི་རླུང་ཉིད་བརྗོད་པ་ལ་རབ་ཏུ་སྦྱར་བ་སྟེ་སྲོག་རླུང་གི་རྣམ་གྲངས་ནི་མ་ཡིན་ནོ། །ཞེས་པྲཱ་ཎཿའི་སྒྲ་རབ་ཏུ་འགྲོ་བ་སྟེ་རྟག་ཏུ་ཕྱི་ནང་དུ་རྒྱུ་བའི་ལས་བྱེད་པས་སམ་འཚོ་བའི་དུས་ཇི་སྲིད་དུ་འགྲོ་བ་སྟེ་སྲོག་གམ་སྙིང་གི་རླུང་ལ་འཇུག་གི། བྱེ་བྲག་སྲོག་འཛིན་གྱི་རླུང་ཙམ་ཁོ་ནའི་སྐབས་དོན་མ་ཡིན་ཞེས་པའོ། །བཞི་པ་ནི། ཆོས་མངོན་པ་ལས། སྲོག་གི་དབང་པོ་གང་ཞེ་ན། །ཁམས་གསུམ་པ་ཡི་ཚེ་ཡིན་ནོ། །ཞེས་པས་ངོ་བོ་ལ་དབྱེ་བ་བྱར་མེད་ཅིང་། རྣམ་པའི་ལྡོག་པའམ། རྟེན་དང་བརྟེན་པའི་བྱེ་བྲག་ལས་བརྩམས་ཏེ་དབྱེ་ན་གསུམ། མདོ་ལུགས། སྔགས་ལུགས། གཙུག་ལག་ལས་འབྱུང་བའོ། །དང་པོ་ལ་གཉིས། ལྡོག་པ་དང་། རྟེན་ནོ། །དང་པོ་ནི། སྔོན་ལས་ཀྱི་ལུས་རྟེན་དེར་ཚེ་རིང་ཐུང་ཇི་ཙམ་ཞིག་འཕངས་པའི་སྲོག་གི་རྒྱུན་རིས་མཐུན་གནས་པར་འགྱུར་བ་དེ་ནི་ཚེའི་འདུ་བྱེད་ཡིན་ཅིང་། ད་ལྟའི་ལས་སམ་བྱེད་པའི་འབྲས་བུའི་དུས་ཇི་སྲིད་བར་འཚོ་བ་དེ་ནི་སྲོག་གི་འདུ་བྱེད་དོ། །མདོ་ལས་བཅོམ་ལྡན་འདས་ཀྱིས། སྲོག་གི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་སྐུ་ཚེའི་འདུ་བྱེད་དག་བཏང་ངོ་ཞེས་པས་གསལ་ལོ། །ཞེས་མངོན་པ་བ་བཞེད་དོ། །གཉིས་པ་ནི། ཚེའི་རྟེན་དྲོད་དང་རྣམ་ཤེས་ཡིན་ལ། དེ་དག་གི་རྟེན་ཀྱང་ཚེ་ཡིན་པས་ཕན་ཚུན་ལྟོས་ནས་འཇུག་པས་དྲོད་དང་རྣམ་ཤེས་ཀྱི་རྟེན་གཉིས་སོ། །སེམས་དང་ཡིད་ཀྱི་ཆ་ནས་དབྱེ་བ་བྱར་མེད་དོ། །སེམས་དང་ཡིད་དང་རྣམ་ཤེས་ནི། །དོན་གཅིག་ཅེས་འབྱུང་བས་སོ། །གཉིས་པ་སྔགས་ཀྱི་ལུགས་ལྟར་ན། །དྲི་མེད་འོད་ལས། དབུ་མར་སྲོག་གི་ལུང་བརྟེན་པར་བྱས་པས་ཚེ་དང་ནད་མེད་པ་སྟེར་རོ། །ཞེས་འབྱུང་སྟེ། འདི་ལ་གསུམ། རྩ་དང་རླུང་དང་ཐིག་ལེའོ། །དང་པོ་ནི། དེ་ཉིད་ལས། བྱང་ཆུབ་ཀྱི་སེམས་མྱུ་གུར་གྱུར་པ་སྙིང་གའི་གོ་སྐབས་རྣམས་སུ་རྣམ་པ་བཅུའི་རྩ་སྲོག་ལ་སོགས་པའི་རླུང་རྣམས་ཀྱི་རྟེན་དུ་འགྱུར་ཏེ། དེ་དག་ཀྱང་ཤིན་ཏུ་ཕྲ་བ་སྟེ་སྐྲའི་ཚད་ཙམ་མོ། །ཞེས་པས་ཁམས་དྲུག་ལྡན་གྱི་གང་ཟག་གི་དབང་དུ་བྱས་ཏེ་འཁོར་ལོ་དྲུག་པོའི་བར་ན་རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ལྡན་ཀུན་གཞིའི་རྣམ་པར་ཤེས་པའི་རྟེན་སྲོག་ཆེན་པོའི་རླུང་གིས་གང་ནས་གནས་པ་སྟོང་སང་ངེ་བ་ནམ་མཁའ་དྭངས་པ་ལྟ་བུ་ཨ་བ་དྷཱུ་ཏི་དང་སུ་སུ་མ་སོགས་མིང་གི་རྣམ་གྲངས་མང་པོ་དང་ལྡན་ལ་སྲོག་བརྟེན་པའི་ཆ་ནས་སྲོག་གི་རྩ་ཞེས་གྲགས་ཤིང་། ཇི་སྲིད་འཁོར་ལོའི་དབུ་མའི་འཕོ་བའི་རྩ་བཅུ་གཉིས་སུ་རླུང་དང་བྱང་ཆུབ་ཀྱི་སེམས་འབབ་པ་སྲིད་དུ་འཚོ་བ་ཞེས་བྱ་བ་རབ་ཏུ་གྲགས་སོ། །གཉིས་པ་ནི། གསང་བ་འདུས་པར། དང་པོའི་མགོན་པོ་དེ་ཉིད་ཞེ་སྡང་རྡོ་རྗེ་ཞལ་གསུམ་བར་འགྱུར་ཏེ། ཞེས་པའི་དོན། གང་གི་ཚེ་མངལ་དུ་ཀུན་གཞིའི་རྣམ་ཤེས་ཞུགས་པ་དེའི་ཚེ་ཉོན་མོངས་པ་ཅན་གྱི་ཡིད་འདུ་བྱེད་པ་ལངས་པས་དཀར་དམར་གཉིས་ཀྱི་དྭངས་མ་ལས་སྲོག་རླུང་ཨའི་རྣམ་པ་ཆགས་ནས་ཟླ་བ་བཅུ་ལ་རླུང་བཅུ་འཕེལ་ཏེ་ད་ལྟ་ལུས་དང་འཚོ་བའི་རྒྱུན་གནས་པར་བྱེད་ཅིང་ཇི་སྲིད་འཕེལ་འགྲིབ་མེད་པར་རྩ་ཐམས་ཅད་དུ་རླུང་རྒྱུ་བ་དེ་སྲིད་དུ་འཚོ་ཞིང་འཆི་བའི་ལྟས་མི་འབྱུང་བ་ཡིན་ནོ། །གསུམ་པ་ནི། སྡོམ་འབྱུང་ལས། སྤྱི་བོ་བདེ་ཆེན་འཁོར་ལོ་ན། །པདྨ་འདབ་མ་བཞི་པའི་གཟུགས། །ཕྲ་བ་བྱང་ཆུབ་སེམས་ཀྱི་གནས། །ཐམས་ཅད་རྟེན་པའི་གཟུགས་ཡིན་པས། །བྱང་ཆུབ་སྙིང་པོའི་ངོ་བོ་ཉིད། །ཅེས་སོགས་གསུངས་པ་ཀུན་གཞི་དང་སྲོག་གི་རླུང་རྟེན་བྱེད་ཕ་མ་ལས་ཐོབ་པའི་དཀར་ཆ་ཧཾ་དང་དམར་ཆ་ཨ་ཐུང་གི་རྣམ་པ་དབུ་མའི་ཡར་མར་སྣ་རྩེར་གནས་པ་ལ་བརྟེན་ནས་དྭངས་མ་བཅུ་གཉིས་དང་། སྙིགས་མ་ཉེར་བཞི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཐིམ། ཕྲ་བའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། གཙོ་མོ་ཉེར་བཞི་རྣམས་ལ་རླུང་ཁྲག་འབབས་པའི་ལོངས་སྤྱད་ཟིན་ཐིམ་པ། ད་ལྟ་བ་ལོངས་སྤྱོད། འབྱུང་ཁུངས་བདག་པོ་སྟེ་རྩའི་རྩེ་སྐེད་རྩ་བ་གསུམ་ལ་སྦྱར་དགོས་ཞེས་གསུང་། མཆན། ལོངས་སྤྱོད་བདག་པོའི་ཚུལ་གྱིས་འབབ་པ་སྟེ་ཐིག་ལེ་ཇི་ཙམ་རྒྱས་པ་དེ་ཙམ་དུ་ཚེ་དང་བསོད་ནམས་ལ་སོགས་པ་འཕེལ་བ་ཡིན་ནོ། །གསུམ་པ་གཙུག་ལག་ལས་འབྱུང་པ་ལྟར་ན་བཞི། མདངས་དང་། བླ་དང་། ཁྲག་དང་། དྲོད་དོ། །དང་པོ་ནི། ཡན་ལག་བརྒྱད་པ་ལས། གང་ཞིག་འཇིགས་པས་འཇིགས་འགྱུར་ཞིང་། །གང་ཞིག་ལུས་ཅན་འཚོ་བྱེད་པ། །སྙིང་ལ་གནས་དང་ཁྱབ་གྱུར་གང་། །དེ་ནི་སྲོག་གི་གནས་མཆོག་ཡིན། །ཞེས་འབྱུང་བ་ལྟར་ཁ་ཟས་ཀྱི་དྭངས་མ་ལུས་ཟུངས་བདུན་པོའི་མཐར་ཕྱིན་པ་མདངས་ཀྱི་མཆོག་ཅེས་བྱ་བ་ལུས་ཀུན་ལ་ཁྱབ་ཅིང་ཚེ་རིང་དུ་གནས་པའི་རྟེན་དུ་གྱུར་པ་གང་ཡིན་པའོ། །གཉིས་པ་ནི། སྲོག་གམ་ཚེ་གནས་པའི་རྟེན་ངོ་བོ་ཚེ་སྲོག་གི་དྲིས་བགོས་པ་བླ་རྩའི་ནང་ནས་སྲིན་ལག་བརྒྱུད་དེ་ཕྱི་རོལ་དུ་འཁྱམས་པ་ལས། མི་དེ་དབང་ཐང་ཞན་ན་མཚན་མོར་རྒྱུ་བའི་འབྱུང་པོ་རྣམས་ཀྱིས་བདག་ཏུ་བཟུང་ནས་ལོངས་སྤྱོད་པ་ལས་བླ་འཁྱམས་པ་དང་འཕྲོག་པ་བརྐུས་པ་སོགས་ཟེར་ཞིང་རྟེན་བླ་ལ་གནོད་པས་བརྟེན་པ་ཚེ་སྲོག་ལའང་གནོད་པར་འགྱུར་བ་དེ་ཉིད་བརྟེན་པའི་རྩ་ལའང་བླ་རྩ་ཞེས་གྲགས་ཏེ། ཇི་སྐད་དུ། སེམས་ལ་རང་དབང་མ་ཐོབ་ཕྱིར་བལྟས་པས། །མ་རིག་སྲིད་པའི་ལུས་ངན་བླངས་པ་ཡིས། །ཚེ་སྲོག་རྟེན་དུ་བླ་རྩ་འཁྱམས་པོ་བྱུང་། །ཞེས་སོ། །གསུམ་པ་ནི། སློབ་དཔོན་དཔའ་བོས། དེ་ལ་སེམས་ཅན་རྣམས་ཀྱི་འཚོ་བ་ནི་ཁྲག་ལ་རག་ལས་པ་ཡིན་ཏེ་ཁྲག་ལེགས་པར་གནས་ཤིང་རྒྱུ་ན་ནི་སྲོག་ཀྱང་ལེགས་པར་གནས་པ་ཡིན་ནོ། །ཞེས་སོ། བཞི་པ་མེ་དྲོད་ནི། ཕོ་བ་དེར་མ་ཞུ་བའི་གནས་ལ་བརྟེན་ཏེ་དེ་ཚེ་དང་སྟོབས་དང་གཟི་མདངས་འབྱུང་བ་ཆེན་པོ་ལྔའི་དྭངས་མ་དང་ཁམས་བདུན་པོ་འཕེལ་ཞིང་རྒྱས་པར་བྱེད་དོ་ཞེས་སྲོག་འཚོ་བའི་གཙོ་བོར་བཤད་ཅིང་མངོན་པ་ནས་གསུངས་པའི་དྲོད་དང་གནད་གཅིག་གོ། །འདི་དག་ལ་བརྟེན་ནས་ཚེ་གནས་པ་དང་མི་གནས་པའི་འགྲོ་ལྡོག་བྱེད་པས་རྣམ་གྲངས་ཀྱི་དབྱེ་བར་རུང་སྟེ། ལུས་དང་སྲོག་གནས་པའི་རྩ་བར་བྱེད་པས་རྩ་ཞེས་པ་ལྟ་བུ་བདག་ཉིད་གཅིག་པ་དང་རྟེན་བརྟེན་པའི་འབྲེལ་པར་གྲུབ་ཅིང་། འདི་ལ་བརྟེན་ནས་ཚེ་གནས་པའི་རྐྱེན་དང་འཆི་མེད་འགྲུབ་པའི་གནད་སོགས་ཀྱང་ཞར་ལས་ཤེས་པར་འགྱུར་རོ། །ལྔ་པ་ལ་གསུམ། འཚོ་བའི་ཁྱད་པར། འཆི་བའི་བྱེ་བྲག །གློ་བུར་འཆི་བ་ཡོད་མེད་བཤད་པའོ། །དང་པོ་ནི། སྔགས་དང་བཅུད་ལེན་གྱིས་རིག་པ་འཛིན་པ་གྲུབ་པ་དང་། རྩེ་གཅིག་ཏུ་མཉམ་པར་བཞག་པའི་བསམ་གཏན་དངོས་གཞི་ཐོབ་པ་དང་། སེམས་མེད་སྙོམས་འཇུག་དག་ནི་འཕེན་པ་མ་རྫོགས་བར་དུ་འཚོ་བ་མི་འདོར་ལ། རྒྱལ་ཆེན་རིས་བཞིའི་ལྷ་རྣམས་མི་ལོ་ས་ཡ་དགུ་འཚོ་བ་ནས་གོང་དུ་འཕེལ་ཏེ་སྲིད་རྩེ་བ་རྣམས་བསྐལ་ཆེན་བརྒྱད་ཁྲིའི་བར་དུ་འཚོ་བ་དང་། དམྱལ་བའི་ཚེ་ཚད་ཐུང་ཤོས་ཀྱང་མིའི་ལོ་གྲངས་ཀྱིས་གཞལ་བར་དཀའ་ཞིང་རིང་ཤོས་བསྐལ་བས་གཞལ་དུ་མེད་ལ། ཡི་དྭགས་མི་ལོ་ས་ཡ་གཅིག་དང་དགུ་འབུམ། དུད་འགྲོ་རིང་མཐའ་བསྐལ་པ་ནས་ཐུང་མཐའ་སྐད་ཅིག་མའི་བར་མ་ངེས་པར་འཚོ་བ་དང་། སྒྲ་མི་སྙན་ན་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། །འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་པས་མིའི་འཇིག་རྟེན་བྱང་གླིང་པ་ལོ་སྟོང་། ནུབ་གླིང་ལྔ་བརྒྱ། ཤར་གླིང་པ་ཉིས་བརྒྱ་ལྔ་བཅུར་ངེས་པ་ཅན་དུ་འཚོ་ལ། ལྷོ་གླིང་འདིར་ནི་ཐུང་མཐའ་ཚེ་ལོ་བཅུ་དང་། རིང་མཐའ་བསྐལ་པ་དང་པོའི་མི་རྣམས་ཚེ་ལོ་དཔག་མེད་འཚོ་ལ། དེང་སང་ཚེ་ལོ་སུམ་ཅུའམ་ཉི་ཤུ་ཁ་རལ་བའང་བཞེད་པས། ཞི་བ་ལྷས། དེ་རིང་སང་ཙམ་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་དང་། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་དུ་བླང་བར་བྱོས། །ཞེས་གསུངས་པ་ལྟར་ཚེའམ་ཆོས་སོགས་བསྒྲུབ་བྱ་ལ་ཕྱི་བཤོལ་མ་སོང་བ་ཁོ་ན་གཅེས་སོ། །སྤྱིར་དགེ་བའི་ལས་ཀྱིས་ཚེ་རིང་ཞིང་བདེ་བར་འཚོ་བ་ཡིན་མོད་ཀྱི། ངན་འགྲོ་རྣམས་ནི་མི་དགེ་བའི་ལས་ཀྱིས་སྡུག་བསྔལ་མྱོང་བའི་ཡུན་ཤིན་ཏུ་རིང་བར་གྲུབ་པས་ལས་ལ་ཡིད་ཆེས་པར་བྱའོ། །གཉིས་པ་ནི་དཔེར་ན། མར་མེ་ནི་རེས་འགའ་སྡོང་བུ་ཟད་པས་དང་། རེས་འགའ་འབྲུ་མར་ཟད་པས་དང་། རེས་འགའ་གཉིས་ཀ་ཟད་པས་དང་། རེས་འགའ་གཉིས་ཀ་མ་ཟད་ཀྱང་རླུང་ལ་སོགས་པས་འཆི་བ་བཞིན་དུ་ཚེ་ཟད་པས་འཆི་ལ་བསོད་ནམས་ཟད་པས་མ་ཡིན་པ་དང་། དེ་ལས་ལྡོག་པ་དང་། གཉིས་ཀ་ཡིན་པ་དང་། གཉིས་ཀ་མ་ཡིན་པ་སྟེ་མུ་བཞི་ལས། དང་པོ་ནི། ལས་ཀྱིས་འཕངས་པའི་སྲོག་གི་རྒྱུན་རྫོགས་པས་འཆི་བ་དང་། གཉིས་པ་ནི། ལོངས་སྤྱོད་ཀྱི་རྣམ་སྨིན་ཅན་གྱི་ལས་ཟད་པས་འཆི་བ་དང་། གསུམ་པ་ནི། ཚེ་དང་ལོངས་སྤྱོད་ཀྱི་རྣམ་སྨིན་ཅན་གྱི་ལས་གཉིས་ཀ་ཟད་པས་འཆི་བ་དང་། བཞི་པ་ནི། དེ་གཉིས་ཀ་མ་ཟད་ཀྱང་བག་མེད་པའི་སྤྱོད་པ་དང་གཡུལ་དང་མེ་ཆུ་སོགས་ཡ་ང་བ་མི་སྤོང་བས་འཆི་བའོ། །དེས་ན་མུ་དང་པོའི་ཕྱིར་སྲོག་སྐྱོབ་པ་དང་། མཆོད་རྟེན་བཞེངས་པ་སོགས་རྒྱུ་མཐུན་གྱི་དགེ་བ་རྣམས་དང་། གཉིས་པའི་ཕྱིར་དཀོན་མཆོག་མཆོད་པ་སོགས་བསོད་ནམས་ཀྱི་བྱ་བ་སྤྱི་དང་། གསུམ་པའི་དོན་དུ་གཉིས་ཀ་ལ་འབད་དེ་འཆི་བ་བསླུ་ཞིང་། བཞི་པའི་ཆེད་དུ་ཟས་དང་སྤྱོད་ལམ་ཀུན་ལ་བག་ཡོད་པར་བྱ་བ་དང་། ཡ་ང་བའི་གནས་རྣམ་པ་ཀུན་ཏུ་སྤང་། མོ་བོན་སྨན་ལ་སོགས་པས་ཀྱང་ཕྱི་མ་འདི་ཙམ་ལ་ཕན་གདགས་སུ་རུང་གི་སྔ་མ་གསུམ་ལ་ནི་དེ་དག་གི་མཐུ་འཇུག་པ་མ་ཡིན་ནོ། །དཀར་པོའི་རྒྱུ་དེ་དག་གཞིར་བཞག་པའི་སྟེང་དུ་སྔགས་ཀྱི་བསྐྱེད་རྫོགས་ཟབ་མོས་ཚེ་བསྒྲུབས་པ་ནི་བཞི་ཀ་ལ་གཅེས་ཏེ་བུ་ལོན་མ་ཁུག་པའི་དབུལ་པོ་གཉེན་ཁས་དྲག་གིས་མགོན་ནས་ནོར་དང་སྤྲད་པ་ལྟ་བུའོ། །གསུམ་པ་ལས་གཉིས། དངོས་དང་རྒྱུའོ། །དང་པོ་ནི། མཛོད་ལས། སྒྲ་མི་སྙན་མ་གཏོགས་པར་འཆི། ཞེས་པས་དམིགས་བསལ་ཁ་ཅིག་མ་གཏོགས་འདོད་ཁམས་པ་སྙོམས་འཇུག་གཉིས་ལ་མ་ཞུགས་པ་རྣམས་ནི་བར་འཆི་དང་བཅས་པ་སྟེ། དེ་དག་གི་ལུས་ལ་གནོད་པ་བྱས་པས་ཚེ་ལ་གནོད་པར་འགྱུར་བའི་ཕྱིར་ཚེ་ལུས་ཀྱི་རྒྱུད་ལ་རགས་ལུས་པར་འཇུག་པ་ཞེས་གློ་བུར་དང་བཅས་པ་ཡིན་ལ། སྒྲ་མི་སྙན་པ་ནི་ཚེ་ཚད་རངས་པོར་འཚོ་ཡི་བར་འཆི་མེད་ལ། དེ་བཞིན་དུ། ཚེ་ལན་གཅིག་སྐྱེས་ནས་གནས་པ་ཞེས་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་གཉིས་དང་བྱམས་པ་སོགས་ཏིང་ངེ་འཛིན་ཐོབ་པའི་འདོད་ཁམས་པ་དང་། གཟུགས་གཟུགས་མེད་ཀྱི་སེམས་ཅན། བྱང་སེམས་སྐྱེ་བ་གཅིག་གིས་ཐོགས་པ་དང་། ཚེ་འདི་ཉིད་ལ་དགྲ་བཅོམ་ཐོབ་པའི་སྲིད་པ་ཐ་མ་པ། རྒྱལ་བས་ཚེ་ཚད་ལུང་བསྟན་པ། རྒྱལ་བའི་ཕོ་ཉ། མཐོང་ལམ་དང་བྱམས་པ་ཆེན་པོ་ལ་ཞུགས་པ། བྱང་སེམས་སྲིད་ཐ་པ་དང་འཁོར་ལོས་སྒྱུར་རྒྱལ། དེ་དག་ལྷུམས་ན་ཡོད་པའི་ཡུམ་ལ་སོགས་པ་ནི་རང་རང་གི་ཚེ་ཚད་དམ་བྱ་བའི་འབྲས་བུ་མ་གྲུབ་ཀྱི་བར་དུ་གློ་བུར་འཆི་བ་མེད་དོ། །གཉིས་པ་ནི། དེ་ལ་དམྱལ་བ་པ་རྣམས་ནི་རྒྱལ་བའི་ཐུགས་རྗེ་དང་རང་རྒྱུད་ལ་དགེ་སེམས་སྐྱེས་པ་སོགས་དཀར་པོའི་མཐུ་ཡིས་གློ་བུར་དུ་འཆི་བའི་རྒྱུ་བྱེད་ལ། ལྷ་དང་ལྷ་མིན་གཡུལ་སྤྲོད་པ་དང་རྩེད་མོས་མྱོས་པས་མཚོན་གཞན་དག་ནི་མི་དགེ་བའི་བསམ་སྦྱོར་དང་བག་མེད་པ་ཁོ་ནས་གློ་བུར་དུ་འཆི་བའི་རྒྱུ་རྐྱེན་བྱེད་པ་དང་། ཁྱད་པར་མིའི་འཇིག་རྟེན་དུ་འཇིགས་པ་ཆེན་པོ་བཅུ་དྲུག་ཏུ་གྲགས་པ་ནི། དུས་འཁོར་བསྡུས་རྒྱུད་ལས། དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོ་འཕྱེའི་བདག་པོ་ཆོམ་རྐུན་ཞགས་པས་འཆི་བ་དང་། ཆུ་གཏེར་འཁྲུགས་པ་དང་ནི་ཤ་ཟ་འཆི་བའི་འཇིགས་བྱེད་ནད་དང་དབང་པོའི་ཉེ་བར་འཚེ་བ་དང་། དབུལ་དང་བུད་མེད་བྲལ་དང་མི་བདག་འཁྲུགས་པའི་འཇིགས་པ་དང་ནི་རྡོ་རྗེ་ལྟུང་དང་དོན་ཉམས་པ། ཞེས་པ་ལྟར་ལ། འཇིགས་པ་གློ་བུར་བ་དེ་དག་སྔགས་ལ་སོགས་པའི་མཐུས་བཟློག་པར་འགྱུར་བའི་ཚུལ་ཡང་། དེ་ཉིད་ལས། གང་ཞིག་རྣལ་འབྱོར་མ་རྣམས་ཞབས་ནི་ཉིན་ཞག་སོ་སོར་དྲན་བྱེད་དེ་ལ་རབ་ཏུ་ཉམས་པར་འགྱུར། །ཞེས་སོ། །མདོ་ལས་གློར་བུར་དུ་འཆི་བའི་རྒྱུ་དགུར་གསུངས་ཏེ། ཟས་མི་འཕྲོད་པ་ཟ་བ། ཟས་འགྲངས་ཀྱང་མང་དུ་ཟ་བ། སྔ་མ་མ་ཞུ་ཕྱི་མ་ཟ་བ། གཤང་གཅི་དུས་སུ་མི་འདོར་བ། ནད་པས་སྨན་པ་དང་ནད་གཡོག་ལ་མི་ཉན་པ། གདོན་དྲག་པོས་བཏབ་པ། སྐྱུགས་སྨན་ལོག་པ། མ་བརྟགས་པའི་དྲག་ཤུལ་སྤྱོད་པ། བག་མེད་པར་འཁྲིག་པ་སྤྱོད་པ་རྣམས་དང་། གཞན་ཡང་གློ་བུར་བརྒྱད་ཅུ་རྩ་གཅིག་ཏུ་གྲགས་པ་སོགས་མང་ཡང་དེ་དག་ཏུ་མ་འདུས་པ་མེད་ལ། མདོར་ན་དེ་དག་མ་བྱུང་བའི་སྔ་རོལ་ནས་བསྲུང་བ་དང་སྤང་བ་ལ་མཁས་པར་བྱ་བ་ནི་ཚེ་རིང་པོར་འཚོ་བའི་ཆོ་ག་ཕུལ་དུ་བྱུང་བའོ། །དྲུག་པ་ལ་གཉིས། འཆི་ལྟས་འབྱུང་བའི་རྒྱུ་བརྗོད་པ། འཆི་ལྟས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། ཕྱི་དང་། ནང་དང་། གསང་བའོ། །དང་པོ་ནི། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། ལྷ་དང་འབྱུང་བ་གཉིས་ཀ་ནི། །འཁྲུགས་པ་འཆི་བའི་མཚན་ཉིད་གསུམ། །ཐོབ་ལས་འཆི་ལྟས་འབྱུང་འགྱུར་བས། །འདི་ལས་དབྱེ་བ་མཚོན་པར་བྱ། །ཞེས་གསུངས་པ་ལྟར་གསུམ་དང་། དེ་རེ་རེ་ལའང་ཕྱི་དང་ནང་གི་དབྱེ་བས་གཉིས་གཉིས་སུ་འགྱུར་ཏེ། ལྷ་འཁྲུགས་པའམ་ལྷ་ལས་གྱུར་པ་ལ་ཐོག་ལྷུང་བ་སོགས་ཕྱི་དང་། མུ་གེ་སོགས་ནང་། འབྱུང་བ་འཁྲུགས་པའམ་འབྱུང་བ་ལས་གྱུར་པ་ལ་མེ་ཆུ་སོགས་ཀྱིས་འཚེ་བ་ཕྱི་དང་། རླུང་མཁྲིས་སོགས་འཁྲུགས་པ་ནང་། ལྷ་དང་འབྱུང་བ་གཉིས་ཀ་འཁྲུགས་པ་ལའང་ཕྱི་དང་ནང་གི་དབྱེ་བས་དྲུག་ཏུ་འགྱུར་རོ། །གཉིིས་པ་ནི། རང་རང་གི་ཁམས་འཚོ་བའི་རྒྱུ་ཚེའི་འཕེན་པ་དང་། སྔོན་ནས་བསགས་པའི་ལས་ཀྱི་ལྷག་མ་དང་། བསོད་ནམས་ཀྱི་མཐུ་གསུམ་ལས་གང་རུང་ཟད་པ་སྟེ་རྐྱང་ཟད་གསུམ་དང་། དེ་དག་གཉིས་གཉིས་ཟད་པ་དང་། ལྷན་ཅིག་ཏུ་ཟད་པ་སྟེ་གསུམ་ཀའང་སྔོན་བསགས་ལས་ཀྱི་འཕེན་པ་ལ་རགས་ལས་ཤིང་། འཕྲལ་རྐྱེན་གྱི་འགྲོ་ལྡོག་ལའང་ངེས་པར་ལྟོས་ཏེ། སྔ་འགྱུར་གྱི་རྒྱུད་ལས། དམ་ཉམས་སེམས་དཀྲུགས་ཡི་ཆད་དངངས་པ་དང་། །ཞེ་སྡང་དྲག་པོས་རྦོད་གཏོང་ཚར་བཅད་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་། །གནས་ངན་དག་ཏུ་གནས་པ་ཕབ་འདི་དག་ནི། །ཚེ་ཉམས་དབུགས་དངངས་བགེགས་ཀྱི་དབང་དུ་འགྱུར། །ཞེས་ཚེ་འཛད་པའི་རྐྱེན་དང་། ངག་དབང་གྲགས་པས། རྐུན་མ་ཉ་དང་རི་དྭགས་སྦྲུལ། །བྱ་སོགས་སྲོག་ལ་ཆགས་པ་རྣམས། །འདི་དག་བསད་ན་འཕྲལ་དུ་ནི། །ཚེ་རིང་བ་ཡང་ཚེ་ཐུང་འགྱུར། །ཞེས་སྲོག་གཅོད་སོགས་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་འཕེལ་བས་རྣམ་པར་དཀར་བའི་ལས་ཀྱི་འཕྲོ་རྫོགས་པའི་རྐྱེན་དང་། མཆོད་རྟེན་འཇིག་པ་དང་དགེ་འདུན་གྱི་ཆོས་འཁོར་འཇོམས་པ་སོགས་བསོད་ནམས་མ་ཡིན་པའི་ལས་ཀྱིས་བསོད་ནམས་འཛད་པའི་རྐྱེན་བྱེད་པས། ལས་ཀྱི་འཕེན་པ་ཟད་ན་དུས་ཀྱི་འཆི་ལྟས་དང་། རྐྱེན་གྱི་དབང་ལས་དུས་མ་ཡིན་པའི་འཆི་ལྟས་འབྱུང་བའི་རྒྱུ་བྱེད་ཅིང་། ཚེ་དང་ལས་དང་བསོད་ནམས་གསུམ་པོའང་མར་མེ་དང་སྡོང་བུ་དང་མར་ཁུ་བཞིན་དུ་གཅིག་ལ་གཅིག་བརྟེན་ཏེ་རིང་དུ་འཚོ་བར་བྱེད་དོ། །གསུམ་པ་ནི། རང་རང་དབུགས་ཀྱི་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཉིན་ཞག་རེ་རྩིས་པའི་ལོ་བརྒྱ་ན་རྩ་རླུང་ཐིག་ལེ་གསུམ་པོ་སྡུད་པའི་རིམ་པས་དུས་ཀྱི་འཆི་ལྟས་འབྱུང་ལ། རྐྱེན་གློ་བུར་བའི་དབང་གིས་གཡས་གཡོན་ཉི་ཟླའི་རྒྱུ་བ་ཡོན་པོ་ཤུགས་ཆེར་འཕེལ་ཞིང་ལྟེ་བར་ཁྱིམ། སྙིང་གར་ཐུན་བརྒྱད། མགྲིན་པར་རྒྱུ་སྐར། སྤྱི་བོར་ལ་རྐང་གི་རིམ་པ་རྣམས་ཡུན་ཐུང་ངུས་འདོར་བ་ལས་དུས་མ་ཡིན་པའི་འཆི་ལྟས་འབྱུང་བ་ཡིན་ནོ། །འདི་ནི་རྒྱས་པར་སྤྲོ་ན་མཐའ་ཡས་པས་གསང་སྔགས་ཀྱི་རྒྱུད་ལུང་མན་ངག་རྣམས་ལས་རྟོགས་དགོས་སོ། །གཉིས་པ་ལ་དྲུག །ཡུལ་གང་ལ་བརྟག །ཚུལ་ཇི་ལྟར་བརྟག །དུས་ནམ་གྱི་ཚེ་བརྟག །ལྟས་ཀྱི་འབྲེལ་བརྗོད། ལྟས་ཇི་ཙམ་འབྱུང་བ་ལ་དཔྱད། བརྟགས་པའི་དགོས་པའོ། །དང་པོ་ནི། འཆི་བདག་བསླུ་བའི་རྟོགས་པ་ལས། གལ་ཏེ་འགའ་ཞིག་འཆི་བ་ཡི། །མཚན་ཉིད་ཤེས་པར་འདོད་གྱུར་པ། །དེས་ནི་བདེར་གནས་ལུས་ལས་ནི། །ཤེས་བྱ་གཞན་དུ་ཡིད་གཉིས་འགྱུར། །ཁམས་མི་སྙོམས་དང་འདོད་ཆགས་དང་། །རབ་རིབ་ལ་སོགས་མཐུ་ལས་དང་། །འཇིགས་དང་མྱ་ངན་སོགས་ཀྱི་མཐུས། །གང་ལས་གཞན་དུ་སོ་སོར་སྣང་། །ཞེས་པ་ལྟར་རོ། །གཉིས་པ་ལ་གཞུང་ལུགས་མན་ངག་རྣམས་སུ་དབྱེ་བསྡུ་དུ་མ་མཆིས་ཀྱང་མདོར་བསྡུ་ན་གཉིས་ཏེ། ཕྱི་ནང་གི་ལྟས་སོ། །དང་པོ་ལ་དྲུག་སྟེ། ཀརྐ་ཊ་དང་ཆུ་སྲིན་གྱི་འཕོ་བའི་ཉིན་ཞག་གི་ཉིན་གུང་རང་གྲིབ་འཕེལ་འགྲིབ་གོ་ལྡོག་པའམ་ཚད་ལས་འདས་པར་འགྲིབ་པ་ནི་འཆི་བའི་ལྟས་དང་། ཚད་ལས་འདས་པར་འཕེལ་བ་ནད་ཀྱིས་འཚེ་བའི་ལྟས་ཏེ་དེ་སོགས་གྲིབ་མ་ལ་བརྟག་པ་དང་། རྐང་མཐིལ་དང་ལྟེ་བ་ཕུག་སྙམ་བྱེད་ན་ཉིན་ཞག་གསུམ་གྱི་གོང་དུ་ལྔ་པར་འགྱུར་བ་སོགས་གློ་བུར་ཟུག་རྔུ་ལ་བརྟག་པ་དང་། གཤང་གཅིའི་མཉམ་པོར་སྦྲིད་པ་བྱུང་བ། དཀར་པོའི་ཚེས་གཅིག་ལ་ཁམས་ནག་པོར་འབབ་པ། རི་རབ་ཀྱི་དུ་བ། རྣ་བའི་ཨུཏྟ། རྒྱལ་མོའི་འོད་མདངས། ཚངས་པའི་སྐུད་པ་ཆད་པ་སོགས་ལུས་ལ་བརྟགས་པ་དང་། མིག་གིས་གཟུགས་དང་རྣ་བས་སྒྲ་སོགས་ཡུལ་རྣམས་ཚུལ་ལྡན་དུ་མི་འཛིན་པའམ་ལོག་པར་འཛིན་ཏེ་འཁྲུལ་བ་སྣ་ཚོགས་སུ་མྱང་བ་སོགས་དབང་པོ་ལ་བརྟག་པ་དང་། སྤྲིན་མེད་ནམ་མཁར་སྔ་དྲོ་ཕྱི་དྲོའམ། ཡང་ན་ཟླ་འོད་རང་གི་གྲིབ་མར་ཡུན་རིང་བལྟས་པའི་གྲིབ་གཟུགས་ནམ་མཁར་མཐོང་བ་ལ་སྐྱོན་ཡོད་མེད་བརྟག་པ་སྟེ་གྲིབ་གཟུགས་ལ་བརྟག་པ་དང་། རྩ་སྡུད་ཅིང་རླུང་ཡོན་པོར་རྒྱུ་བ་དང་རྩ་གནས་སུ་གདོན་ཞུགས་ཏེ་ནད་དྲངས་པའི་རྐྱེན་ལས་མུན་རུབ་ཉི་ཟླ་ནུབ་པ་དང་། རྒྱན་གོས་ཕྲེང་བ་དམར་པོ་ཐོགས་པ། གཅེར་བུར་འཁྱམས་པ། བོང་བུ་ལ་ཞོན་ནས་ལྷོ་ཕྱོགས་སུ་འགྲོ་བ་སོགས་ཚེ་ཉམས་པ། བླ་འཁྱམས་པ། ཉེས་པ་གསུམ་དང་འདུས་པས་གློ་བུར་དུ་འཆི་བའི་ལྟས་སོ་སོར་སྣང་བའི་རྨི་ལམ་ལ་བརྟག་པ་རྣམས་ཏེ་རྒྱས་པར་ནི་འཆི་བསླུའི་རྟོགས་པ་སོགས་ལས་ཤེས་པར་བྱའོ། །གཉིས་པ་ནི་རླུང་ལ་བརྟག་པ་སྟེ་དེ་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི། མཁའ་འགྲོ་རྒྱ་མཚོ་ལས། མ་རིག་ཆུ་སྲིན་རོ་ཧི་ཏ། །ཞེས་གསུངས་པ་ལྟར་རྟེན་འབྲེལ་དང་སྦྱར་པའི་དབང་གིས་རྒྱལ་ཟླའི་འཕོ་བ་ཐོག་མར་བྱས་ཏེ་ནད་མེད་ཐ་མལ་དུ་གནས་པའི་སྐྱེས་བུས་རླུང་གི་འཕོ་བ་བརྟག་སྟེ། དེའང་དཀར་ཕྱོགས་ཚེས་གཅིག་ནས་བརྩམས་ཉི་མ་གསུམ་དུ་ནངས་པར་ནམ་ལངས་ནས་ཐུན་ཕྱེད་བར་ཟླ་བའི་རླུང་ཐོག་མར་བྱས་ཏེ་རྒྱུ། དེ་ནས་ཉིན་གསུམ་ཉི་མའི་རླུང་ཐོག་མར་བྱས་ཏེ་རྒྱུ་བ་སོགས་རེས་མོས་སུ་རྒྱུ་བ་ལ་འཕོ་འཆུག་མེད་ན་ཚེ་རང་བཞིན་དུ་གནས་ཤིང་། གལ་ཏེ་ཉི་མ་ལྔ་དྲུག་ཚུན་ཆད་ཕྱིན་ཅི་ལོག་ཏུ་རྒྱུ་ན་རྩོད་པ་དང་མྱ་ངན་ལ་སོགས་པའི་ཁ་སྨྲ་འབྱུང་། ཕྱོགས་གཅིག་ལོག་ན་ནད་མི་བཟད་པས་ཐེབ། ཕྱོགས་གཉིས་ལོག་ན་གྲོགས་པོ་ཉེ་དུ་རྒུད། ཕྱོགས་གསུམ་དུ་གོ་ལྡོག་པ་དང་། ཁ་སྣ་གསུམ་ཀ་ནས་རྒྱུ་བ། མཉམ་རྒྱུ་ཞག་བཅུའི་བར་དུ་མི་འཕོ་བ། ཐུན་ཕྱེད་གཅིག་ལའང་ལན་མང་དུ་འཕོ། ཁ་གཅིག་པུ་ནས་རྒྱུ་བ་སོགས་ནི་གདོན་མི་ཟ་བར་འཆི་བའི་ལྟས་སོ། །མགོ། ཐ་སྐར། གྲོ་བཞིན། སྣོན། ནག་པ། མཆུ་ཟླ་དྲུག་པོའི་ཁྱིམ་འཕོ་ནས་བརྩམས་ཏེ་ཉི་མ་ལྔ་ལྔར་ཉི་མའི་རླུང་ཁོ་ན་རྒྱུ་ན་རིམ་བཞིན་ལོ་བཅོ་བརྒྱད། བཅོ་ལྔ། བཅུ་གཉིས། དགུ། དྲུག །ལོ་གསུམ་གྱི་འོག་ཏུ་འཆི་བར་འགྱུར་ལ། ཟླ་བའི་རླུང་དེ་བཞིན་དུ་རྒྱུ་བ་ནའང་ནད་ལ་སོགས་པའི་འཚེ་བ་འབྱུང་ངོ་། །གཉིས་པ་ནི། སྐྱེས་ཁྱིམ་དུ་སྐྱེས་སྐར་ལ་ཟླ་བ་སོན་ཅིང་ཉི་མ་བདུན་ཟུར་བ་ཡོད་པ་དེའི་ཚེ་རྒྱས་པའི་དུས་ཞེས་བྱ་བ་འཚོ་འཆི་བརྟག་པའི་ཁྱད་པར་གྱི་དུས་ཏེ། རྒྱས་པའི་དུས་སུ་ཉི་མའི་རླུང་ཉིན་ཕྱེད་ཀྱི་བར་དུ་རྒྱུ་ན་ལོ་བཅུ་བཞི་ནས་འཆི་ཞིང་ཞག་གཅིག་རྒྱུ་ན་ལོ་བཅུ་གཉིས་སུ་འཆི་བ་ནས། ཞག་བཅོ་ལྔར་རྒྱུ་ན་ལོ་གཅིག །ཞག་ཉེར་ལྔར་རྒྱུ་ན་ཟླ་གསུམ། ཟླ་གཅིག་རྒྱུ་ན་ཞག་གསུམ། ཉི་མ་སོ་གསུམ་རྒྱུ་ན་དེ་ཉིད་ཀྱི་ཉིན་མོར་འཆི་བ་སོགས་ཤེས་པར་བྱ་ཞིང་། ནང་གི་ལྟས་ནི་འཚོ་འཆི་རྟོག་པ་ལ་ཤིན་ཏུ་གལ་ཆེ་སྟེ། སློབ་དཔོན་གྱིས། ཇི་སྲིད་ནང་གི་མཚན་ཉིད་ནི། །ཡང་དག་ངེས་པ་མ་གྱུར་ན། །ཕྱི་ཡི་མཚན་ཉིད་ཁོ་ནས་ནི། །འཆི་ལྟས་ལེགས་པར་ངེས་མ་ཡིན། །གཉིས་ཀ་ངེས་པར་གསལ་བ་ནི། །འཆི་བ་ཉིད་དུ་ངེས་པར་འགྱུར། །ཕྱི་རོལ་བློ་ནི་ཕྱིན་ཅི་ལོག །ནད་ལ་སོགས་པས་ཀྱང་བསྐྱེད་དོ། །ཞེས་རྒྱུ་མཚན་དང་བཅས་ཏེ་གསུངས་སོ། །གཞན་ཡང་སྔ་འགྱུར་གྱི་རྒྱུད་ལས། བཞིན་འགྱུར་སྤྱོད་ལམ་རྣམས་ནི་འཆལ་བ་དང་། །སློབ་དཔོན་འཚོ་བྱེད་དུས་ལས་ཡོལ་བ་དང་། །ཁ་ཟས་རྣམས་ཀྱང་ཡི་གར་མི་འོང་བ། །འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་སོགས་ངེས་པ་དང་མ་ངེས་པ་དང་། ཉེ་བ་དང་རིང་བའི་འཆི་ལྟས་ཀྱི་བྱེ་བྲག་ནི་བསམ་གྱིས་མི་ཁྱབ་པས་གཞན་ལས་ཤེས་པར་བྱ་བ་ཁོ་ནའོ། །གསུམ་པ་དུས་གང་དུ་བརྟགས་ན། ཞི་བ་ལྷས། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་རྒུད་འགྱུར་ཞིང་། །བསྣོན་པ་གུད་ནས་ཡོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་ངེས་པར་འཆི་ཞིང་མྱུར་དུ་འཆི་བའི་ངེས་པ་ཅན་ཡིན་པས་ཕྱི་བཤོལ་མི་བྱ་བར་ཆོས་བསྒྲུབ་པ་དང་འཆི་བ་བསླུ་བའི་ཐབས་ལ་ད་ལྟ་ནས་བརྩོན་དགོས་ཀྱི། རྩ་རླུང་གི་ནུས་པ་སྡུད་ཟིན་པ་དང་། ནད་ཀྱིས་ལུས་ཟུངས་བཅོམ་པ་དང་། འབྱུང་གདོན་གྱིས་གནད་ལ་ཐེབ་ཟིན་ནས་འཆི་བ་བསླུར་མེད་དོ། །དཔེར་ན། འོག་ཁང་ལ་མེ་ཤོར་སྐབས་ཐབས་ཀྱིས་གསོད་ན་བཅོས་སུ་ཡོད་ཀྱི། སྟེང་ཁང་ལ་ཤོར་ནས་མི་གསོད་ཅིང་འཆོས་སུ་མེད་པ་དང་འདྲའོ། །དེ་ལ་དགོངས་ཏེ་སློབ་དཔོན་གྱིས། འཆི་བའི་མཚན་ཉིད་རིང་མོ་ནས། །ཤེས་བྱ་འོས་པས་བཅོས་པར་བྱ། །སྤྱི་བོར་ཐོག་ནི་བབ་པའི་ཚེ། །རབ་ཏུ་མཁས་ཀྱང་ཅི་བྱར་ཡོད། །ཅེས་གསུངས་སོ། །བཞི་པ་ནི། ཟླ་ཟེར་ལས། ཇི་ལྟར་འབྲས་བུའི་མེ་ཏོག་དང་། །མེ་ཡི་དུ་བ་ཆར་གྱི་སྤྲིན། །ཕྱིས་འབྱུང་མཚན་མ་ཡིན་པ་ལྟར། །དེ་བཞིན་འཆི་ལྟས་ལས་ངེས་འཆི། །འཆི་ལྟས་མེད་ན་མི་འཆི་བ། །འཆི་ལྟས་སྣང་ན་འཚོ་མི་འགྱུར། །ཞེས་འབྱུང་སྟེ་འཇིག་རྟེན་འབྲས་བུ་དང་མེ་དང་ཆར་པ་རྣམས་འབྱུང་བའི་སྔ་ལྟས་མེ་ཏོག་དུ་བ་སྤྲིན་རྣམས་ཀྱི་མཚན་མ་འབྱུང་བ་བཞིན་དུ་རྒྱུ་སྔར་བྱུང་ན་འབྲས་བུ་ཕྱིས་འབྱུང་བ་ལ་ཐེ་ཚོམ་མ་མཆིས་སོ། །ལྔ་པ་ནི། སློབ་དཔོན་གྱིས། འཆི་ལྟས་རྣམས་ནི་མཐའ་ཡས་ཕྱིར། །གཅིག་ཅར་འབྱུང་བར་མི་འདོད་ཅིང་། །ཐམས་ཅད་རིམ་པས་ཀྱང་མ་ཡིན། །འོན་ཀྱང་གཅིག་སོགས་གྲངས་ཀྱིས་སོ། །ཞེས་གསུངས་པ་ལྟར་སྐྱེས་བུ་གཅིག་གི་འཚོ་བ་ཟད་པ་ལ་འཆི་ལྟས་གྲངས་མེད་པ་དེ་དག་རིམ་དང་ཅིག་ཅར་དུ་འབྱུང་བ་མ་ཡིན་ཅིང་། ངེས་པའི་འཆི་ལྟས་ནི་གཅིག་གམ་གཉིས་སོགས་འབྱུང་ལ་དེས་ཀྱང་ངེས་པར་འཆི་ཞིང་། མ་ངེས་པའི་འཆི་ལྟས་མང་དུ་བྱུང་ཡང་འཆི་བ་བསླུ་བའི་ཐབས་ཀྱིས་བཟློག་པར་འགྱུར་བ་དང་། ཡང་ཁ་ཅིག་རྨི་ལམ་དང་རྣམ་འགྱུར་ལ་སོགས་པའི་འཆི་ལྟས་མ་བྱུང་ཡང་འཆི་བར་འགྱུར་བ་ནི་ཚེ་གཟུགས་སམ། རླུང་འཐེམ་པ་སོགས་ངེས་པར་འཆི་ལྟས་ཤར་རུང་རང་གིས་མ་ངེས་པ་དང་། རྨི་ལམ་ལ་སོགས་པའི་ལྟས་བྱུང་རུང་མི་འཆི་བ་ནི་ལྷས་ཆོས་ལ་བསྐུལ་བ་དང་། ཆོས་སྤྱོད་པ་ལ་འབྱུང་པོ་ལ་སོགས་པས་གནོད་པ་རྩོམ་པའི་ལྟས་སུ་རིག་པར་བྱའོ། །དྲུག་པ་ནི། སློབ་དཔོན་གྱིས། འཆི་བ་རིང་ནས་ངེས་བྱེད་ཅིང་། །ཇི་ལྟར་ནུས་པས་གཏོང་བ་དང་། །གསོ་བ་ལ་ཡང་འཇུག་པ་ནི། །རབ་ཏུ་གྲུབ་པ་ཆེན་པོར་འགྱུར། །ཞེས་གསུངས་པ་ལྟར། འཆི་བའི་ལྟས་མ་ཤེས་པས་ནམ་འཆིའི་དུས་ཚོད་མི་ཤེས། དེ་མ་ཤེས་པས་ཆོས་དང་འཚོ་ཐབས་ལ་བརྩོན་འགྲུས་རྩོམ་པ་མི་བྱེད། དེ་མ་བརྩམས་པས་ཚེ་ཟད་པ་མ་ཚོར་བར་འཆི་བའི་དུས་ཐེབས་ཏེ་བསླུར་མེད་པས་རིང་མོ་ནས་འཚོ་འཆི་བརྟགས་ཏེ་འཚོ་ཐབས་ལ་འབད་པས་རིང་འཚོའི་འབྲས་བུ་ཚེགས་མེད་པར་འགྲུབ་པར་འགྱུར་རོ། །བདུན་པ་འཚོ་ཐབས་ཀྱི་ཆོ་ག་ལ་མཐའ་ཡས་ཀྱང་བསྡུ་ན་གཉིས་ཏེ། ཕྱི་དང་ནང་ངོ་། །དང་པོ་ལ་གསུམ། ནོར་བུ་དང་། སྨན་དང་། སྒོ་གསུམ་གྱི་བྱ་བའོ། །དང་པོ་ལ་གཉིས། མཆོག་དང་ཕལ་པའོ། །དང་པོ་ནི། རྗེ་རང་བྱུང་ཞབས་ཀྱིས། རྒྱལ་བའི་རིང་བསྲེལ་ནོར་བུའི་མཆོག །དགོས་འདོད་ཐམས་ཅད་འབྱུང་བར་བྱེད། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །དེ་བཞིན་རྣལ་འབྱོར་ལྡན་པའི་གདུང་། །མཆོད་ཅིང་ལུས་ལ་བཅངས་པ་ཡིས། །གདོན་ཀུན་ཕྱོགས་སུ་ཉེ་མི་ནུས། །ཞེས་པ་ལྟར་དེ་དག་ནི་འཆང་བ་ལྟ་ཅི་སྨོས། །མཐོང་ཐོས་དྲན་རེག་ཙམ་གྱིས་སྡིག་སྒྲིབ་ཞི་ཞིང་འདོད་པའི་དངོས་གྲུབ་འབྱུང་བ་སོགས་ཕན་ཡོན་མཐའ་ཡས་ཤིང་ནོར་བུ་མཆོག་རྣམས་ཀྱང་རྒྱལ་བའི་གདུང་འབའ་ཞིག་ལས་གྲུབ་པ་ཡིན་ནོ། །གཉིས་པ་ནི། རྟོགས་པ་ལས། རིན་ཆེན་མཚན་ཉིད་བསྟན་བཅོས་སུ། །བཤད་པས་རབ་བརྟགས་རྡོ་རྗེ་འཆང་། །ཚེ་ཡི་ནོར་བུ་འཆང་བའང་རུང་། །དེ་བཞིན་སྣ་ཚོགས་ནོར་བུ་འཆང་། །ཨིནྡྲ་ནཱི་ལ་རིན་ཆེན་སོགས། །ནོར་བུ་ཆེན་པོ་གཞན་དག་ཀྱང་། །བཅངས་པས་འཆི་བ་ཐམས་ཅད་ནི། །བསླུ་བར་འགྱུར་བ་ཐེ་ཚོམ་མེད། །གང་ཕྱིར་ནོར་བུའི་མཐུ་འདིར་ནི། །སོམ་ཉི་བྱ་བར་རིགས་མིན་ཏེ། །ནོར་བུ་བསམ་གྱིས་མི་ཁྱབ་པའི། །མཐུ་དང་ལྡན་པར་ཐམས་ཅད་འདོད། །ཅེས་པ་ལྟར། རྡོ་རྗེ་རིན་ཆེན་དྲི་མེད་འོད་ལས། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས། དམངས་རིགས་ལས་སྐྱེ་བ་ཞེས་གསུངས་པས། རིགས་བཞི་དང་། ཨིནྡྲ་ནཱི་ལ་སོགས་མཆོག་གི་རིན་ཆེན་ལྔ། པདྨ་རཱ་ག །ཟླ་བ་ཆུ་ཤེལ། ཀརྐེ་ཏ། མརྐེ་ཏ་སྟེ། གསེར་དངུལ། ཟངས། ལྕགས་རྣོན་པོ། ཁབ་ལེན་ཏེ། སོགས་འབྲིང་པོ་ལྔ། ཤེལ་ཛཱི་ལ་ཛཱ་ཏི། ཌོ་ཧི་ཏ། མཆིང་བུ། ནོར་བུ་ལྗང་གུ་སྟེ། མཆན། སོགས་ཐ་མ་ལྔ། རྒྱལ་པོ་འཁྱིལ་བ། ཆུའི་ནོར་བུ། སྦྲུལ་དང་གླ་བའི་ནོར་བུ། དཀར་ཕྲ་མེན། གཟི་མིག་དགུ། ཅེ་སྤྱང་རྭ། ཀུན་བནྡྷ་ལ་སོགས་པའི་རིན་པོ་ཆེ་བཅངས་པས་ནད་གདོན་རིམས་དུག་སོགས་སྲུང་ཞིང་ཞི་བ་དང་། འགའ་ཞིག་ཆོ་ག་དང་སྦྱར་ན་ཚེ་རིང་པོར་འཚོ་བའི་བཅུད་ལེན་དུ་འགྱུར་བ་སོགས་ནོར་བུ་སྣ་རེའི་ཕན་ཡོན་ཀྱང་བསམ་གྱིས་མི་ཁྱབ་བོ། །གཉིས་པ་ལ་གཉིས། སྨན་དང་། བཅུད་ལེན་ནོ། །དང་པོ་ནི། སྨན་གྱི་ནོར་བུ་ཨ་རུ་ར་རྣམ་པར་རྒྱལ་བ་དང་། ཤུ་དག །གླ་རྩི། སླེ་ཏྲེ། ཡུངས་དཀར་ལ་སོགས་པ་རང་བཞིན་གྱིས་གྲུབ་པ་དང་། རིན་ཆེན་རིལ་བུ་དང་མང་སྦྱོར་ཆེན་མོ་ལ་སོགས་པ་སྦྱོར་བའི་སྨན་རྣམས་བཅངས་པའམ་ཟོས་པའི་ཕན་ཡོན་ཀྱང་མངོན་དུ་འབྱུང་སྟེ། རྟོགས་པ་ལས། གྲུབ་པའི་སྨན་ནི་གཞན་རྣམས་ཀྱང་། །ངེས་པར་བརྟེན་པར་གྱུར་པ་ཡིས། །ཚེ་འཕེལ་བ་དང་རྒ་བའི་ནད། །ཟད་པས་འཆི་བ་མི་མཐོང་ངོ་། །ཞེས་སོ། །གཉིས་པ་ནི། བཅུད་ལེན་གྱི་བསྟན་བཅོས་རྣམས་ནས་འབྱུང་བ་བཞིན་སྦྱོར་ཚུལ་བརྟེན་ལུགས་བསམ་གྱིས་མི་ཁྱབ་ལ། གཙོ་བོ་ནི། བདུད་རྩི་ལྔ་པོ་རབ་སྦྱར་བ། །མན་ངག་ཇི་བཞིན་བསྟེན་པ་ཡིས། །འཆི་བ་བསླུ་བར་འགྱུར་བ་ནི། །ཁ་སྦྱོར་ལ་སོགས་རྒྱུད་ལས་གསུངས། །ཞེས་དང་། དངུལ་དང་གསེར་སོགས་ཀྱིས་བཅིངས་པའི། །དངུལ་ཆུ་ཆོ་ག་བཞིན་ཟོས་ན། །གྲུབ་པའི་བཅུད་ལེན་རང་བཞིན་ཕྱིར། །འཆི་བ་བསླུ་བར་འགྱུར་བ་ཡིན། །ཞེས་པ་ལ་སོགས་པ་གཞུང་རྣམས་སུ་རྒྱ་ཆེར་འབྱུང་བ་ཉིད་བརྟེན་པར་བྱ་སྟེ་རྒས་པ་སྐྲ་དཀར་གཉེར་མ་དང་བྲལ་ཞིང་ཚེ་ཉི་ཟླ་དང་མཉམ་པ་སོགས་བཅུད་ལེན་གྱི་མཐུ་ནི་བསམ་གྱིས་མི་ཁྱབ་བོ། །གསུམ་པ་ལ་བཞི་སྟེ། ལུས་ཀྱི་བྱ་བ་ལྷ་ཁང་མཆོད་རྟེན་སྐུ་གཟུགས་གསར་དུ་བཞེངས་པ་སོགས་རྫས། འདུལ་བ་ལུང་རྣམ་འབྱེད་ལས། ཀུན་༡དགའ་ར་བ་གཙུག་ལག་༢ཁང་། །མལ་༣སྟན་འཚོ་བ་ནར་༤མ་དང་། །གློ་༥བུར་ནད་༦པར་ནད་གཡོག་དང་། །ཡུལ་༧ངན་ཆེ་ན་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཞེས་པ་ལྟར་རོ། །མཆན། ལས་བྱུང་བའི་བསོད་ནམས་བདུན་དང་། ཞིག་པ་འཆོས་པ། སཱཙྪ་འདེབས་པ། ལམ་འཕྲང་བཅོས་པ། རྟེན་གསུམ་ལ་མཆོད་པའི་བྱེ་བྲག་འབུལ་བ། དགེ་འདུན་ལ་ཆོས་སྟོན་གསོལ་བ། ཕ་མ་བླ་མ་ཡེ་ཤེས་རྒན་པ་བསྙེན་བཀུར་བ། མཆོད་རྟེན་ལ་ཕྱག་དང་བསྐོར་བ་བྱེད་པ་ལ་སོགས་པ་དང་། ངག་གི་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དཀོན་མཆོག་ཏ་ལ། ཕལ་པོ་ཆེ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་རྣམས་དང་། གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་དང་སྲུང་བ་ལྔ་དང་གཟའ་ཡུམ་ལ་སོགས་པའི་གཟུངས། ཁྱད་པར་ཚེ་དཔག་མེད་དང་གཙུག་ཏོར་རྣམ་རྒྱལ་གཙུག་ཏོར་དྲི་མེད་ལ་སོགས་པའི་གཟུངས་རང་གིས་ཁ་ཏོན་དུ་བགྱིད་པའམ། དགེ་སློང་ཚུལ་དང་ལྡན་པ་ལ་བཀུར་བསྟི་དང་བཅས་ཏེ་འདོན་འཇུག་པ་དང་། ཡིད་ཀྱི་བྱ་བ་རྟོགས་པ་ལས། འབད་པས་འཆི་བ་བསླུ་བ་ནི། །དད་པ་ཉིད་ཀྱིས་བྱ་བར་ནུས། །དེ་བས་དད་པ་བརྟན་པར་བྱ། །གཞན་དུ་ངལ་བ་དོན་མེད་འགྱུར། །ཞེས་སོགས་འབྱུང་བ་ལྟར་དཀོན་མཆོག་ལ་དད་པ་བརྟན་པོ་དང་། ལས་འབྲས་ལ་ཡིད་ཆེས། བསྒྲུབ་བྱའི་ལྷ་ལ་ངེས་ཤེས་དང་། ཁྱད་པར་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ནན་ཏན་དུ་བསླབ་ཅིང་འཚོ་བའི་ཆོ་ག་ལ་སྤྲོ་བ་ཆེན་པོ་དང་ལྡན་པར་བྱའོ། །གསུམ་ཀའི་བྱ་བར་བདེན་པ་དང་དཀའ་ཐུབ། སྦྱིན་དང་བཟོད་པ། དཀྱིལ་འཁོར་བྲི་བ། སྦྱིན་སྲེག །ཕྱག་རྒྱ། གཏོར་མ། ཚོགས་འཁོར་ལ་སོགས་པ་བྱ་བ་དང་། རྟོགས་པ་ལས། བྱ་ཉ་རི་དྭགས་རྐུན་མ་དང་། སྦྲུལ་སོགས་གསད་བྱའི་ཕྱོགས་གྱུར་རྣམས། །སྲོག་བསྐྱབས་པ་ཡིས་འཕྲལ་དུ་ནི། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །ཞེས་དང་། བཙོན་ར་ནད་དང་གདུང་བ་དང་། །འཚེ་སོགས་འཇིགས་པ་ཇི་ཙམ་ཡང་། །བསྐྱབས་བྱས་ན་ནི་ངེས་པར་དུ། །ཚེ་རིང་འཆི་བ་བསླུ་བྱེད་ཡིན། །ཞེས་པ་ལྟར་འབྲས་བུའི་རྒྱུ་མཐུན་པ་ལ་ནན་ཏན་དུ་འབད་པ་དང་། ཁྱད་པར་དབེན་པར་རས་བྲིས་བཀྲམ་པའི་མདུན་དུ་མཆོད་པ་དང་གཙང་སྦྲ་བཅས་ཏེ། ལྷ་ལ་སེམས་རྩེ་གཅིག་པས་སྤྱན་རས་གཟིགས་ཡི་གེ་ཕྱེད་བཞི་པ་འབྲུ་འབུམ་བཟླ་བ་དང་། སྒྲོལ་མའི་སྙིང་པོ་བཅུ་བདུན་མ་དང་། སོར་འབྲང་མའི་སྙིང་པོ་གྲངས་སུ་བཟླས་པའི་མཐར་དུརྦཱའི་སྦྱིན་སྲེག་བཅུ་ཆ་བྱ་བ་དང་། སྤྱན་མའི་རིག་པ་བཀྲུ་བའི་ཆོ་ག་དང་། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ཆོ་ག་ལྟར་བཟླ་བ་དང་། འཇིག་རྟེན་དབང་ཕྱུག་འཆི་བ་ལས་རྒྱལ་གྱི་གསང་སྔགས་འབྲུ་འབུམ་བཟླས་མཐར་མེ་ཏོག་དཀར་པོའི་སྦྱིན་སྲེག་བྱེད་པ་ལ་སོགས་པས་སྡིག་པ་དང་ནད་ཞི་བ་དང་། འཆི་བ་བསླུས་ནས་ངེས་པར་ཚེ་རིང་པོར་འགྱུར་ཏེ་སྔགས་ཀྱི་མཐུ་ནི་བསམ་གྱིས་མི་ཁྱབ་པས་སོ། །གཉིས་པ་ནང་ལྟར་ན་གཉིས། གཞན་གྱིས་འཚོ་བའི་ཆོ་ག་བྱེད་པ་དང་། རང་གིས་བྱེད་པའོ། །དང་པོ་ནི། ཚེ་ཉམས་པ་ལ་སོགས་པའི་ལྟས་མཐོང་ཡང་རང་ཉིད་ཀྱིས་གསོ་བའི་ཐབས་མི་ཤེས་པའི་སྐྱེ་བོ་ཕལ་པའམ། ཤེས་ཀྱང་ཉམས་སུ་ལེན་མི་ནུས་པ་དག་གིས་མཁྱེན་བརྩེ་ནུས་པ་དང་ལྡན་པའི་རྡོ་རྗེའི་སློབ་དཔོན་གཞན་ལ་བརྟེན་ཏེ་རིང་འཚོའི་ཆོ་ག་བསྒྲུབ་དགོས་ཏེ། དེའི་མཚན་ཉིད་ཀྱང་སྔ་འགྱུར་གྱི་རྒྱུད་ལས། ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་གསུམ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། །ཞེས་གསུངས་པ་ལྟར་ཏེ་གསོ་བྱེད་ཀྱི་ཚུལ་ནི་ལྷག་པའི་ལྷ་ཁྱད་པར་ཅན་གྱིས་རྣལ་འབྱོར་ལ་བརྟེན་ནས་རང་དོན་དུ་སྒྲུབ་པའི་ཚུལ་ལྟར་ལ་ཏིང་ངེ་འཛིན་གྱི་ཁ་སྒྱུར་ཅི་རིགས་སུ་བྱ་བ་ཡིན་ནོ། །གཉིས་པ་ལ་གཉིས། བསྐྱེད་རིམ་གྱིས་བསྲིང་བ་དང་། རྫོགས་རིམ་ལ་བརྟེན་ནས་བསྲིང་པའོ། །དང་པོ་ལ་གཉིས། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ནི། སྒྲོལ་མ་འབྱུང་བའི་རྒྱུད་ཕྱི་མ་ལས། བགེགས་འཇོམས་བདུད་རྩི་འཁྱིལ་བ་ནི། །དང་པོར་འབུམ་ཕྲག་བཟླས་བྱས་ནས། །མཆོད་རྟེན་ལ་སོགས་བྱེད་པ་དང་། །མཆོད་དང་བསྐོར་བ་ལ་སོགས་བྱ། །ཞེས་འབྱུང་སྟེ། ཆར་འབེབས་པ་ལ་རླུང་མནན་པའམ། ལོ་ཏོག་བསྐྲུན་པ་ལ་གནོད་པ་སྲུང་བའི་བྱ་བ་གཙོར་འདོན་དགོས་པ་ལྟར། འདོད་པའི་དོན་སྒྲུབ་པ་ལ་ཐོག་མར་བར་ཆད་ངེས་པར་ཞི་བར་མ་བྱས་ན་འབད་པ་དོན་དང་མི་ལྡན་པས། སྤྱི་འགྲོར་བགེགས་མཐར་བྱེད་ཀྱི་རྩ་སྔགས་སམ་སྙིང་པོ་འབུམ་དང་སྦྱིན་སྲེག་ཁྲི་བྱ་བའམ། དམིགས་གསལ་རང་རིགས་ཀྱི་ལྷ་བདུད་བགེགས་འདུལ་བ་ལ་ཆེད་དུ་བསྔགས་པའི་ཁྲོ་བོ་ཆེན་པོ་གང་ཡང་རུང་བའི་བསྒོམ་བཟླས་སྦྱིན་སྲེག་དང་བཅས་པས་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱ་སྟེ་ཚོང་དོན་གཉེར་དུ་འགྲོ་བ་ལ་སྐྱེལ་མའམ་གྲོགས་སྟོབས་ཆེན་དང་འགྲོགས་པ་བཞིན་ཚེ་སྒྲུབ་སྤྱི་ལ་འདི་ཁོ་ན་གལ་ཆེ་བས། གསར་རྙིང་གི་མན་ངག་འགར་ཚེ་རྟ་ཟུང་འབྲེལ་དང་ཚེ་ཕུར་སྦྲགས་མ་སོགས་འབྱུང་བའང་དོན་འདི་ལ་དགོངས་པའོ། །གཉིས་པ་དངོས་གཞི་ལ། སྤྱིར་རང་གི་ལྷག་པའི་ལྷ་གང་ཡིན་པའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གནས་པ་དང་། ཁྱད་པར་འཆི་མེད་ཚེ་དབང་སྩོལ་བ་ལ་ཆེད་དུ་ཐུགས་བསྐྱེད་ཅིང་སྨོན་ལམ་ཡོངས་སུ་གྲུབ་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད། ཚེ་དཔག་མེད། འཇིག་རྟེན་དབང་ཕྱུག །ཡིད་བཞིན་འཁོར་ལོ་ལ་སོགས་པ་གཙོ་བོ་རྐྱང་པའི་བསྐྱེད་རིམ་ནན་ཏན་དུ་བསླབ་ཅིང་བཟླས་པ་བྱ་བ་དང་། ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་དཔལ། གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་དྲི་མེད་སོགས་དཀྱིལ་འཁོར་དང་བཅས་པའི་བསྐྱེད་བཟླས་བྱ་བ་དང་། སྡོམ་པའི་རྒྱུད་ལས་གསུངས་པ་ཀེང་རུས་ཏཱ་ཏའི་གདམས་ངག་གམ། ཟླ་བ་བ་འཇོའི་བསམ་གཏན་སོགས་གང་ཡང་རུང་བའི་བསམ་གཏན་ལ་ཟླ་བ་དྲུག་ལ་སོགས་པར་རྩེ་གཅིག་ཏུ་གནས་པས་ངེས་པར་འཆི་བ་ལས་རྒྱལ་བར་འགྱུར་རོ། །གཉིས་པ་ལ་གཉིས། མཚན་བཅས་ཀྱི་རྫོགས་མ་དང་། མཚན་མེད་ཀྱི་རྫོགས་རིམ་ལ་བརྟེན་ཏེ་ཚེ་བསྲིང་བའོ། །དང་པོ་ལ་གཉིས། དངོས་དང་། ཞར་བྱུང་ངོ་། །དངོས་ལ་གཉིས། རྡོར་བཟླས་དང་། བུམ་པ་ཅན་ནོ། །དང་པོ་ནི། སྤྱིར་རིམ་ལྔ་ལས། བརྗོད་དང་དམིགས་པར་བཅས་པ་དང་། །བརྡ་གྱུར་དག་ནི་དོན་དམ་མོ། །ཞེས་རྡོར་བཟླས་ཀྱི་དབྱེ་བ་བཞིར་གསུངས་པ་གང་ཡང་རུང་བ་འབུམ་འཕྲག་གཅིག་བཟླས་པས་ཚེ་ཉམས་པའང་ལོ་ལྔར་འཚོ་བ་སྡོམ་འབྱུང་ལས་གསུངས། ཁྱད་པར་བདུད་རྩི་སྡུད་པའམ་རྩོལ་བ་འགོག་པ་ཞེས་ཚེ་བསྲིང་བ་ལ་མཆོག་ཏུ་བསྔགས་པའི་མན་ངག་གི་རྡོར་བཟླས་ནི། རྟོགས་པ་ལས། རླུང་ནི་འཇུག་པ་བསྔགས་པ་ཡིན། །བདུད་རྩི་འཚོ་བར་བྱེད་པའི་ཐབས། །དེ་ཕྱིར་འཆི་བས་མི་ཚུགས་སོ། །རིམ་གྱིས་འབུམ་སོགས་གྲངས་ཀྱིས་ནི། །རྩེ་གཅིག་སེམས་ཀྱི་ཆོ་ག་བཞིན། །རླུང་ནི་འཇུག་པ་བསྒྲང་བ་ནི། །སྒྲ་ཡོད་པ་ཡི་བཟླས་པར་བཤད། །སྒྲ་མེད་བཟླས་པ་འབུམ་ཕྲག་གི། །ཆོ་ག་ཡོངས་སུ་རྫོགས་པ་ཡིས། །མི་ནི་ཚེ་ཉམས་གྱུར་པ་ཡང་། །ལོ་ལྔའི་བར་དུ་འཚོ་བར་ངེས། །ཉིས་འབུམ་ལ་སོགས་བཟླས་པ་ཉིད། །ཚེ་འཕེལ་བར་ནི་བསྒྲེ་བར་བྱ། །ཞེས་དང་། ནང་བར་ལངས་ནས་སྟོང་ཕྲག་གཅིག །རྟག་ཏུ་ལེགས་པར་བགྲངས་ན་ནི། །ནད་ཀུན་ལས་ནི་རྣམ་གྲོལ་ཞིང་། །ཉི་ཟླ་གནས་ཀྱི་བར་དུ་འཚོ། །ཞེས་སོ། །གཉིས་པ་བུམ་པ་ཅན་ཆེ་འབྲིང་ཆུང་གསུམ་ལས་ཆེན་པོ་གྲུབ་པས་ཚེ་བསྲིང་བར་འགྱུར་ཏེ། རྡོ་རྗེ་སྙིང་འགྲེལ་ལས། ཉིན་མཚན་དུ་ནི་དབུ་མར་སྲོག །ཞུགས་པས་ནད་རྣམས་འཕྲོག་པར་བྱེད། །ཚེས་ཀྱི་ཉིན་ཞག་སྲོག་བཅིངས་ནས། །འདིས་ནི་མཁའ་སྤྱོད་ཉིད་སྟེར་ཕྱེད། །ཟླ་གཅིག་སྲོག་བསད་སྙིང་གར་གནས། །རྣལ་འབྱོར་པ་རྣམས་འཆི་མེད་འགྱུར། །ཞེས་བུམ་ཅན་ཞག་གཅིག་འཆིངས་ནུས་པས་ནད་ལས་རྒྱལ་བ་དང་། ཟླ་ཕྱེད་ཀྱིས་མཁའ་སྤྱོད་འགྲུབ་པ་དང་། ཟླ་གཅིག་གིས་འཆི་མེད་འགྲུབ་པར་བཤད་དོ། །གཉིས་པ་ཞར་བྱུང་ནི། སྐྲ་དཀར་ལ་སོགས་པ་འཇིག་ཅིང་འཇིགས་པ་ལས་སྲུང་བ་སོགས་ཕན་སྟོབས་ཆེན་པོ་དང་ལྡན་པའི་ལྕེ་རྩེ་རྐན་སྦྱར་གྱིས་བཟླས་པ། འཕྲལ་དུ་འཆི་ལྟས་ཟློག་ཅིང་ཡུན་དུ་འཆི་མེད་འགྲུབ་པའི་ནམ་མཁའ་འཇོ་བའི་བསམ་གཏན་ལ་སོགས་འཆི་ལྟས་ཀྱི་འཕེལ་བ་ཟློག་པ་ཡོན་པོ་སྲོང་བ་ལ་སོགས་པ་གདམས་ངག་སོ་སོ་ལས་འོངས་པའི་གནད་དང་སྦྱར་ཏེ་རྩེ་གཅིག་གམ་ཞར་བྱུང་དུ་བསྒོམས་པས་ཀྱང་ཚེ་སྲིང་བའི་ནུས་པ་ཆེན་པོ་དང་ལྡན་པས་འདི་དག་ནི་གཞན་ཀུན་གྱི་ཡན་ལག་ཏུ་སྦྱོར་བའང་བྱའོ། །གཉིས་པ་མཚན་མེད་ཀྱི་རྫོགས་རིམ་ལ་རྣམ་གྲངས་དང་། དོན་དམ་གཉིས་ལས། དང་པོ་ནི། མཁས་པས་དངོས་པོ་མི་སྒོམ་ཞིང་། །དངོས་པོ་མེད་པའང་བསམ་མི་བྱ། །དངོས་དང་དངོས་མེད་ལས་རྣམས་གྲོལ། །དེ་སྤངས་པ་ནི་བསྒོམ་པར་བྱ། །ཞེས་པའི་ཚུལ་ལ་དཔྱད་སྒོམ་པས་རྒྱས་འདེབས་དང་། འཇོག་སྒོམ་པས་མོས་དཔྱདཀྱི་ཚུལ་གྱིས་ཉམས་སུ་ལེན་པ་དང་། གཉིས་པ་ཡུལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་། ཡུལ་ཅན་འགྱུར་མེད་ཀྱི་བདེ་བ་ཆེན་པོ་རོ་མཉམ་མངོན་སུམ་ལམ་དུ་བྱེད་དེ་ཏིང་ངེ་འཛིན་གྱི་སྐུ་བསྒྲུབ་པ་སྟེ། དེ་དག་གིས་ནི་སྲིད་པའི་འཆི་བ་སོགས་ཆུ་བོ་བཞིན་གཏན་དུ་གཅོད་པའི་ཕྱིར། ངག་གི་དབང་ཕྱུག་གིས། རྣམ་ཀུན་འཆི་བ་བསླུ་བ་ནི། །གྲོལ་བ་ཉིད་ལ་རགས་པ་ཡིན། །མ་གྲོལ་བ་རྣམས་ཐམས་ཅད་ལ། །ཇི་ཙམ་དུས་ལས་བསྲིང་བའོ། །ཞེས་དང་། དེ་བཞིན་ཉིད་ཀྱིས་འཆི་དང་བདུད། །དགྲ་རྣམས་གཞན་ལས་རྒྱལ་བར་འགྱུར། །ཉེས་པ་མ་ལུས་རབ་ཏུ་ཞི། །ཡོན་ཏན་མ་ལུས་འབྱུང་བ་དང་། །སྐྱེས་བུ་དེ་ཉིད་ཀྱིས་རྒྱལ་ཞིང་། །མངོན་པར་འདོད་པ་རྣམས་ཀྱང་འགྲུབ། །དེ་བཞིན་ཉིད་ནི་སྟོང་ཉིད་བཤད། །རྣམ་པ་ཀུན་མཆོག་བདག་ཉིད་ཅན། །དེ་ཉིད་རྟག་ཏུ་གོམ་བྱས་ན། །འཆི་བ་བསླུ་བར་འགྱུར་བ་ཡིན། །ཞེས་གསུངས་སོ། །དེ་དག་ཀྱང་མདོར་ན་ཚེ་ཟད་པ་ལ་ཚེ་ཆོག །འཆི་བསླུ། རླུང་གི་སྦྱོར་བ་སོགས་དང་། ལས་ཟད་པ་ལ་སྲོག་བསླུ་ཉེའུ་འདོན། དཀའ་ཐུབ་ལ་སོགས་པ་དང་། བསོད་ནམས་ཟད་པ་ལ་མཆོད་པ་དང་སྦྱིན་གཏོང་ལ་སོགས་པས གསོ་ཞིང་། དད་པ་བརྩོན་འགྲུས་བསྐྱེད་རྫོགས་ཀྱི་ཉམས་ལེན་ནི་ཐམས་ཅད་དུ་གལ་ཆེའོ། །དེའི་ཕྱིར་སློབ་དཔོན་གྱིས། བསོད་ནམས་ཀྱིས་ནི་འདོད་པ་འགྲུབ། །དེ་བས་བསོད་ནམས་འབད་པར་བྱ། །དད་པས་ཐམས་ཅད་ཡང་དག་འགྲུབ། །དེ་བས་དད་པ་རྣམ་པར་སྤེལ། །བརྩོན་འགྲུས་ཀྱིས་ནི་བརྩམས་པ་འགྲུབ། །དེ་བས་བརྩོན་འགྲུབ་སྔོན་འགྲོ་བྱ། །བསམ་གཏན་གྱིས་ནི་འདོད་འབྲས་བརྟན། །དེ་ཕྱིར་བསམ་གཏན་སེམས་གཅིག་བྱ། །འདུ་འཛི་སྤངས་པས་ཉམས་ལེན་འགྱུར། །དེ་ཕྱིར་འདུ་འཛི་རྣམ་པར་སྤང་། །ཡང་དག་ཤེས་ལྡན་ཐམས་ཅད་འགྲུབ། །དེ་བས་ཡེ་ཤེས་ཀུན་ལྡན་བྱ། །ཞེས་གསུངས་སོ། །བརྒྱད་པ་ལ་སྔ་འགྱུར་དང་། ཕྱི་འགྱུར་གཉིས། དང་པོ་སྔ་འགྱུར་བཀའ་མའི་ཕྱོགས་སུ་བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་སོགས་རང་རྐང་ཚུགས་པ་དང་། འདུས་མདོའི་རྩ་རྒྱུད་ལེའུ་བཅུ་གསུམ་པ་ནས་བཤད་པའི་ཚེ་དཀྱིལ་དང་། རྫོགས་ཆེན་གྱི་རྒྱུད་རྣམས་ནས་འཆི་བསླུ་གསལ་རྒྱས་སུ་གསུངས་པས་མཚོན་ཞར་བྱུང་གི་རིམ་པ་ཇི་སྙེད་མཆིས་པ་ལ་བརྟེན། འདུས་མདོའི་ཡན་ལག་གི་ཚེ་དཀྱིལ་དང་། སྒྱུ་འཕྲུལ་ཡན་ལག་སངས་རྒྱས་གསང་བའི་མན་ངག་ཚེ་དཔག་མེད་ལུང་ལུགས་སུ་གྲགས་པ་གཉིས་ལ་ཟུར་པ་དང་རོང་ཟོམ་རོག་སྨིན་གླིང་སྐུ་མཆེད་སོགས་ཀྱི་ཡིག་ཆ་དང་དབང་ལུང་རྒྱུན་མ་ཆད་པར་བཞུགས་ཤིང་། ཆོ་གའི་ཆིངས་ལུང་བདུན་གྱིས་འཆིང་བར་མཛད་དེ། ཚེ་བཅའ་ཚེ་ཡི་དཀྱིལ་འཁོར་དང་། །ཚེ་ཡི་རང་བཞིན་འགུགས་པ་དང་། །ཚེ་བཅིང་ཚེ་ཡི་བླན་ཐབས་དང་། །ཚེ་ཡི་དབང་བསྐུར་བསྟིམ་པའོ། །ཞེས་པ་ལྟར་རོ། །གཏེར་མའི་ཕྱོགས་ལ། སངས་རྒྱས་གཉིས་པ་པདྨ་ཀཱ་ར་ཉིད་ངེས་པའི་དོན་དུ་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེ་ཉིད་དུ་གྲུབ་ཀྱང་གདུལ་བྱ་གཞན་སྣང་དུ་ཚེ་ལམ་གྱི་ཕྱག་རྒྱ་པདྨ་ཅན་ལ་བརྟེན་ཏེ་མཱ་ར་ཏི་ཀར་ཚེ་དབང་རིག་འཛིན་བརྙེས་པའི་ཚུལ་བསྟན་ཚེ་རྒྱུད་བྱེ་བ་བརྒྱ་ཕྲག་ལྷ་མོ་ཙནྡྷ་ལཱིས་ཕུལ་ཞིང་ཚེ་དཔག་མེད་ཀྱིས་གནང་བ་བསྩལ་བ་ལ་བརྟེན་ཚེའི་རིག་འཛིན་སྒྲུབ་པའི་ཐབས་དཔག་ཏུ་མེད་པར་མཛད་དེ་འཕགས་བོད་ལ་སོགས་པར་རྒྱ་ཆེར་སྤེལ་ཞིང་། མ་འོངས་པའི་གདུལ་བྱ་ལ་དགོངས་ནས་ཕྱོགས་བཞི་དབུས་ལྔའི་གཏེར་དུ་བཙས་པ་རྣམས། སྐུ་གསུམ་རིགས་འདུས་སྔ་ཕྱི་གསུམ་ཉང་དང་སངས་གླིང་བྱང་བདག་གསུམ་གྱིས་ཕྱུང་ཞིང་། རཏ་གླིང་དང་པད་གླིང་གིས་རྡོ་རྗེ་ཕྲེང་བ་ཕྱུང་བས་མཚོན་གཏེར་སྟོན་རེ་རེས་ཀྱང་ཚེ་སྒྲུབ་ཀྱི་གདམས་པ་འདྲ་མིན་མང་དུ་བཏོན་པའི་རྒྱུད་དང་གདམས་པའི་རྣམ་གྲངས་བརྗོད་པར་མི་ལངས་ཀྱང་། ངོ་བོའི་སྒོ་ནས་བསྡུ་ན། གཙོ་སྒྲུབ་བཅོམ་ལྡན་འདས་ཚེ་དཔག་མེད་དང་། ཐུགས་རྗེ་ཆེན་པོ་ཡབ་ཡུམ། བླ་མ་ལོངས་སྐུ་དང་སྤྲུལ་སྐུའི་སྒྲུབ་ཐབས་རྣམས་སུ་ཅི་རིགས་པར་འདུ་ཞིང་། ཞར་ལས་བྱུང་བ་རྩ་གསུམ་སོ་སོའི་ལས་མཐའ་རྒྱས་ནི་བསམ་གྱིས་མི་ཁྱབ་བོ། །དེ་དག་རེ་རེ་ལའང་བདག་མདུན་བུམ་པ་སྒྲུབ་པ། དབང་བསྐུར། ཚེ་རྫས། འཁོར་ལོ། ཟ་ཡིག །བཅུད་ལེན། ཐབས་ལ། ནམ་མཁའ་ཟས་ཟ་སོགས་ལ་བརྟེན་ནས་ཚེ་བསྲིང་བའི་ཐབས་སྣ་རེ་རེས་ཀྱང་དགོས་པ་འགྲུབ་པའི་གདམས་ངག་གི་དབྱེ་བསྡུ་དང་། བདེར་འདུས་ལས་ཚེ་ལུང་ལྔར་བཤད་པས་མཚོན་ཆོ་གའི་ཆིངས་ཀྱི་བྱེ་བྲག་ནི་སྨོས་ཀྱི་མི་ལངས་སོ། །དག་སྣང་གི་ཕྱོགས་ལ། ཨོ་རྒྱན་ཆེན་པོས་དངོས་སུ་བསྩལ་བ་རས་ཆེན་དཔལ་འབྱོར་བཟང་པོའི་ཚེ་སྒྲུབ་མདའ་འཕེལ་མར་གྲགས་པ་ངོ་མཚར་མངོན་སུམ་བསྐྱེད་པ་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་འཆི་མེད་དཔལ་སྟེར་ཞེས་བྱིན་རླབས་ཚན་ཁ་མཆོག་ཏུ་ཆེ་བ་དང་། འབྲི་གུང་ཆོས་ཀྱི་གྲགས་པའི་སྒྲ་མི་སྙན་གྱི་ཚེ་སྒྲུབ་དབང་གཞུང་ལས་ཁ་ཚར་བཅས་པ་དང་། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོའི་ཧྲཱིཿགཅིག་མ་ཞེས་ཟབ་ཅིང་རྒྱ་ཆེ་བ་དང་། ཁྲག་འཐུང་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རིག་འཛིན་སྲོག་སྒྲུབ་ལས་འབྱུང་བའི་ཚེ་སྒྲུབ་བསྐྱེད་རྫོགས་ཤིན་ཏུ་ཟབ་པ་སོགས་ཡོངས་སུ་གྲགས་པ་དང་མ་གྲགས་པ་ཤིན་ཏུ་མང་སྟེ་སོ་སོའང་དབང་བསྐུར་བསྙེན་སྒྲུབ་ལས་ཁ་ཚར་དང་བཅས་པའོ། །རླུང་གི་རྣལ་འབྱོར་གཙོ་བོར་བསྟན་ཅིང་བཅུད་ལེན་གྱི་སྒོ་ནས། རྡོ་རྗེའི་ཚེ་སྒྲུབ་པ་ལ་མཆོག་ཏུ་ཟབ་ཅིང་ཡོངས་སུ་གྲགས་པ་ནི་སློབ་དཔོན་ཆེན་པོའི་སྒྱུ་འཕྲུལ་གྱི་བཀོད་པ་གྲུབ་ཆེན་ཛ་ཧཱ་བྷིར་གྱི་གདམས་པ་བྷྲཱུྃ་རླུང་རིགས་གསུམ་སྟེ། བཀའ་བབ་དང་པོ་ཛོ་གི་བཛྲ་ནཱ་ཐས་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ལ་བསྩལ་བ་དང་། བར་པ་མ་ཎི་ཀཱ་ནཱ་ཐས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ་གནང་བ་དང་། ཕྱི་མ་གྲུབ་ཆེན་ཉི་ཟླ་ཀློང་གསལ་ལ་དག་པའི་སྣང་བར་ཛ་བྷིར་ཉིད་ཀྱིས་དངོས་སུ་གནང་བ་སྟེ་སྔ་མ་གཉིས་ལ་ལུང་དང་ཁྲིད་ཀྱི་རྒྱུན་དང་། ཕྱི་མ་ལ་དབང་ལུང་སྨིན་ཁྲིད་བྱིན་རླབས་ཉམས་མྱོང་གྲུབ་པའི་རྟགས་མཚན་མ་ཆད་པར་བཞུགས་སོ། །གཉིས་པ་ཕྱི་འགྱུར་གསར་མའི་ཕྱོགས་སུ་ཚེའི་མདོ་རྒྱུད་རང་རྐང་ཚུགས་པ་ནི། བྱ་རྒྱུད་པདྨའི་རིགས་ཀྱི་གཙོ་བོ་ཚེ་དཔག་མེད་པའི་མདོ་གཟུངས་དང་། མཆི་མེད་རྔ་སྒྲའི་གཟུགས་གཉིས། གཤེགས་རིགས་ཀྱི་ཡུམ་གཙུག་ཏོར་རྣམ་རྒྱལ་ལ་བདེ་བ་ཅན་དང་། ངན་འགྲོ་ཡོངས་སྦྱོང་། འཆི་བདག་དབྱུག་འཛིན་བཅས་གཟུངས་སྟེ་གསུམ་དུ་བཞུགས་ལ། གཙུག་ཏོར་དྲི་མེད་ཀྱང་ཚེ་སྤེལ་བ་གཙོ་བོར་གསུངས་ཤིང་། རྒྱུད་སྡེ་བཞི་ཀར་ཞར་ལས་འོངས་པ་ནི་མཐའ་ཡས་སོ། །དེ་དག་ལ་བརྟེན་པའི་ཆོ་ག་དང་གདམས་ངག་གི་སྐོར་ནི། རྣལ་འབྱོར་འཕྲོས་རྒྱུད་ངན་སོང་སྦྱོང་བའི་བརྟགས་པ་ནས་གསུངས་པ་སློབ་དཔོན་ཀུན་དགའ་སྙིང་པོའི་བཀའ་སྲོལ་ཇོ་བོ་རྗེ་ལས་བརྒྱུད་པ་ཕྱག་ན་རྡོ་རྗེ་འཆི་བདག་འཇམ་དཔལ་ལྷ་བཅུ་གསུམ་པ་དང་། གསུང་དཀྱིལ་ཚེ་དཔག་མེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་གཉིས། གྲུབ་པའི་སློབ་དཔོན་ཛེ་ཏཱ་རིས་བཀྲལ་བ་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ལ་བརྟེན་པའི་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་དང་། རྔ་སྒྲའི་གཟུངས་ལ་བརྟེན་པའི་ལྷ་བཅོ་ལྔའི་དཀྱིལ་འཁོར་གཉིས། འགྲོ་བའི་མེ་ལོང་གིས་བྱ་བཏུས་སུ་བཤད་པ་གཙུག་ཏོར་རྣམ་རྒྱལ་ལྷ་སོ་གསུམ་མའི་དཀྱིལ་འཁོར་དང་། མི་ཏྲའི་རྡོར་ཕྲེང་དུའང་ལྷ་དགུའི་དཀྱིལ་འཁོར་བཞུགས་ཤིང་། བདེ་བ་ཅན་གྱི་གཙུག་ཏོར་རྣམ་རྒྱལ་གཟུངས་ལ་བརྟེན་པ་རྣམ་རྒྱལ་ལྷ་དགུ་བ་རི་ལུགས་ཏེ་སྔ་མ་རྣམས་དབང་དང་ཕྱི་མ་རྗེས་གནང་གི་རྒྱུན་ལ་བརྟེན་སྒྲུབ་མཆོད་སྟོད་དབང་བསྙེན་སྒྲུབ་འཆི་བསླུ་སོགས་ཀྱིས་འགྲོ་བ་མཐའ་ཡས་པ་དུས་མིན་འཆི་ལས་སྐྱོབ་ཅིང་གནས་སྐབས་མཐར་ཐུག་གི་དངོས་གྲུབ་སྩོལ་བ་གྲུབ་མཐའ་ཡོངས་ལ་གྲགས་སོ། །གཙུག་ཏོར་དྲི་མེད་ལྷ་དྲུག་གི་རིག་པ་གཏད་པའི་རྒྱུན། དཀྱིལ་འཁོར་དང་སྲོག་ཤིང་འཛུགས་པ་སཱཙྪ་གདབ་པའི་ཆོ་ག །འཆི་བསླུའི་ཡིག་ཆ་ཕྱག་ལེན་གྱིས་བརྒྱན་པའི་བྱིན་རླབས་ཅན་ཞ་ལུ་དང་ངོར་ལུགས་ལ་བཞུགས་ཤིང་དར་སྲོལ་ཀྱང་ཆེར་བྱུང་། བདེ་མཆོག་རྩ་རྒྱུད་འབུམ་པ་སོགས་ལས་བསྟན་པའི་མ་རྒྱུད་པདྨ་གར་དབང་ངམ་དཔལ་ཧེ་རུ་ཀའི་རིགས་ཚེ་དཔག་མེད་གྲུབ་རྒྱལ་ལུགས་སུ་གྲགས་པ་ནི། མ་གཅིག་གྲུབ་པའི་རྒྱལ་མོས་རྗེ་བཙུན་འཇའ་ཚོན་གྱི་སྐུ་ཅན་རས་ཆུང་རྡོ་རྗེ་གྲགས་པ་ལ་དངོས་སུ་བསྩལ་བ་སྟེ། འདི་ལ་ཕྱི་སྒྲུབ་ལྷ་ཚོགས་སྟོང་དང་ལྔ་བརྒྱ། ནང་སྒྲུབ་ཉིས་བརྒྱ་ཉེར་ལྔ། གསང་སྒྲུབ་ལྷ་བཅུ་གསུམ་མ་སྟེ་དཀྱིལ་འཁོར་དང་འབྲེལ་བ་དང་། གཙོ་རྐྱང་གི་སྒྲུབ་ཐབས་ཡང་གསང་ལྷ་གཅིག་བུམ་གཅིག །ཚེ་དཔག་མེད་སྤྲུལ་སྐུའི་སྒྲུབ་ཐབས། དཀར་པོ་ཕྱག་བཞི་པ་སོགས་མཐའ་ཡས་པ་ཞིག་ཡོད་པར་གྲགས་ཤིང་། འབྲུག་ལུགས་ཞི་བ་ལྷ་མང་དང་ཁྲོ་བོ་ལྷ་མང་གི་དབང་ལུང་རྒྱུན་གཙོ་རྐྱང་གསུམ་གྱི་རྗེས་གནང་སོགས་དང་། ཁྱད་པར་ལྷ་གཅིག་བུམ་གཅིག་ནི་གྲུབ་མཐའ་ཡོངས་ལ་གྲགས་ཤིང་། ཤིན་ཏུ་ཁྱབ་ཆེ་བས་རས་ཆུང་པའི་གདམས་ངག་ཤམ་བུ་ཅན་བཅོ་བརྒྱད་ཀྱི་ནང་གསེས་ཚེ་དཔག་མེད་འགྲོ་དོན་གྱི་ཤམ་བུ་ཅན་དུ་བཞེད་ཅིང་། འདི་ལ་འབའ་ར་བའི་སྙན་བརྒྱུད་བསྐྱེད་བཟླས་ཀྱི་རིམ་པ་ལ་བརྟེན་ནས་ཚེ་བཅུད་བསྡུ་བ། རྩ་རླུང་ཐིག་ལེ་ལ་བརྟེན་པའི་རྫོགས་རིམ་སྟེ་མན་ངག་ཁྱད་པར་ཅན་གྱི་ཚེ་ཁྲིད་མཐའ་རྒྱས་བཅུད་ལེན་གྱི་ལས་ཚོགས་དང་བཅས་པ་གྲུབ་པའི་མཚན་རྟགས་མ་ཆད་པར་བཞུགས་སོ། །གཞན་ཡང་ངན་སོང་སྦྱོང་རྒྱུད་ལ་བརྟེན་པ་ཨ་བྷ་ལེའི་གདམས་ངག་བ་རི་ལུགས་ཀྱི་ཚེ་དཔག་མེད་སྤྲུལ་སྐུ་དང་། གཟུངས་ལས་གསུངས་པའི་ཚེ་དཔག་མེད་དཀར་པོ་གྲུབ་ཆེན་མི་ཏྲ་ཛོ་ཀིིའི་བཞེད་སྲོལ་ཆ་ལོ་ནས་བརྒྱུད་པ་ཚར་ལུགས་དཀར་པོ་ལྷ་གསུམ་དུ་འདྲེན་པ་དང་། བཅངས་པ་ཙམ་གྱིས་སྐྱེ་བ་དྲན་པ་བསླབ་བཏུས་ནས་བཤད་པའི་ལུས་སྲུང་བའི་རིག་སྔགས་དང་ཚུལ་གཅིག་པ་ལྷའི་དགེ་བསྙེན་གྱིས་བྱང་གླིང་ནས་བླངས་ཏེ་དགྲ་བཅོམ་པ་བློ་གྲོས་དཔལ་ལ་གཏད་པ་སྒྲ་མི་སྙན་གྱི་ཚེའི་ར ང་གཟུངས་སུ་གྲགས་པ་ལ་རང་ལུས་ལྕགས་ཀྱི་རྡོ་རྗེར་བསྒོམ་ཞིང་གཟུངས་སྔགས་བཟླ་བ་གཏད་ལུང་གི་བརྒྱུད་པ་ཅན་དང་། ཤཱཀ་ཐུབ་བསྒོམས་བཟླས་ཡོད་པའི་སྒོམ་ལུང་ཕོག་པ་དང་། ཚེ་དཔག་མེད་ལྷུང་བཟེད་བསྣམས་པའི་མངོན་རྟོགས་དང་འབྲེལ་བ་ཚེ་དབང་སྒྲུབ་ཐབས་བཅས་པཎ་ཆེན་ནགས་རིན་ནས་བརྒྱུད་པ་བཅས་ལུགས་དང་། རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་གི་ཡ་གྱལ་ཐུབ་པ་མེ་རུ་ཤི་ཥ་དང་། ཤཱཀྱ་རཀྵི་ཏའི་མན་ངག་རྣམ་རྒྱལ་མ་ཕྱག་གཉིས་ལ་སོགས་པ་གཙོ་རྐྱང་གི་རིགས་ནི་མང་དུ་འབྱུང་ངོ་། །བོད་སྔ་མ་རྣམས་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྒྱུད་སོགས་ལ་བརྟེན་པའི་བྱ་རྒྱུད་པདྨའི་རིགས་ཀྱི་ཡུམ་དུ་བཞེད་ཅིང་། ཐམས་ཅད་མཁྱེན་པ་སྒྲོལ་བའི་མགོན་པོས་སྒྲོལ་མ་བླ་མེད་ཀྱི་ཤིང་རྟ་གསར་དུ་དྲངས་པ་ནས་ཁུངས་ཆོད་དེ་མངོན་འབྱུང་གི་རྒྱུད་ལ་བརྟེན་པར་བཞེད་པ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་འཆི་བདག་བསླུ་བའི་རྟོགས་པ་ལས་བྱུང་བ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལ་བོད་དུ་བཀའ་བབ་བཞིའམ་དྲུག་ཏུ་བཞེད་པའི་དང་པོ་ཇོ་བོ་ལུགས་ལ་སྒྲུབ་ཐབས་ལས་ཚོགས་ཚེ་ཁྲིད་དང་བཅས་པ་བྱིན་རླབས་དང་གྲུབ་པའི་མཚན་མ་མ་ཆད་པ་ཁྱད་འཕགས་སུ་བཞུགས། གཉིས་པ་བ་རི་ལུགས་ལ་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་སུ་གྲགས་པའི་རྗེས་གནང་ཐུན་མོང་མ་ཡིན་པ་དང་། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་ལྟར་ཁྲིད་རྒྱུན་སྨིན་རྒྱས། ལས་ཚོགས་ཆེས་མང་བ་དང་བཅས་པ། གསུམ་པ་གཉན་ལུགས་དང་། བཞི་པ་པཎ་ཆེན་ནགས་རིན་ལུགས་བཅས་ཡོངས་སུ་གྲགས་ཤིང་། ངག་དབང་གྲགས་པས་མར་པ་དང་དེས་རྔོག་ཆོས་སྐུ་རྡོ་རྗེ་ལ་གནང་བའི་རྔོག་ལུགས་ཏེ་ལྔ་བོད་འཆི་བསླུའི་རྒྱ་གཞུང་ཁོ་ན་ལ་བརྟེན་པར་གྲགས། བཀའ་བབ་དྲུག་པ་སྒར་ལུགས་ནི་རྗེ་རོལ་པའི་རྡོ་རྗེ་ལ་རྗེ་བཙུན་སྒྲོལ་མས་དངོས་སུ་བསྩལ་བའི་ཉེ་བརྒྱུད་དེ་བདག་བསྐྱེད་སྒྲོལ་དཀར་ལྷ་དགུའི་སྒོམ་བཟླས་དང་། མདུན་བསྐྱེད་ཚེ་དཔག་མེད་གྲུབ་རྒྱལ་ལུགས་དང་མཚུངས་པའི་བཟླས་སྒོམ་ཅན་ནོ། །གཞན་ཡང་ཨ་བྷ་ཡའི་ལུགས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ནས་བརྒྱུད་པ་དང་། རྡོ་རྗེ་གདན་པ་ནིཥྐཱ་ལཾ་ཀ་ནས་དཔལ་རྒྱལ་ཆོས་ཀྱི་བཟང་པོ་ལ་བརྒྱུད་པ་དང་། ཁ་ཆེ་པཎ་ཆེན་ལུགས་སྒྲོལ་དཀར་ལྷ་དགུ་མ་དང་། སློབ་དཔོན་ཡིད་བཞིན་ནོར་བུ་སྦྱིན་པའི་ལུགས་འཆི་མེད་འཕགས་མ་སྒྲོལ་མ་བཅས་ཐམས་ཅད་ཀྱང་རྗེས་གནང་སྔོན་དུ་འགྲོ་བའི་བསྐྱེད་རིམ་ཡན་ལག་བཞི་ལྡན་བཟླས་པ་སྤྲོ་བསྡུ་དང་བཅས་པས་ཚེ་བསྲིང་བ་དང་། ཁྱད་པར་ཇོ་བོ་ལུགས་ལ་བསྐྱེད་བཟླས་གཉིས་ལ་ནང་གསེས་བཞི། མཚན་བཅས་ཀྱི་རྫོགས་རིམ་གཉིས། མཚན་མེད་གཅིག་བཅས་ཀྱིས་ཚེ་བསྲིང་བ་དང་། བ་རི་ལུགས་ལ་བསྐྱེད་རིམ་གྱི་ཁྱད་པར་དམིགས་གནད་འཁོར་ལོ་གསལ་གདབ། རིགས་བདག་འཕོ་བ། སྲུང་འཁོར། ཚེ་བཅུད་བསྡུ་བ། སྔགས་བཟླས་ལྔའི་སྒོ་ནས་ཚེ་བསྲིང་བ་ཡིན་ནོ། །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ལས་ཚོགས་མ་དག་ནི་མང་མཁར་བ་བློ་གྲོས་བཟང་པོས་ཕྱོགས་གཅིག་ཏུ་བསྒྲིགས་པ་སྒྲོལ་དཀར་ཆེན་མར་གྲགས་པའི་བེ་བུམ་དུ་གསལ་ཞིང་ཁུངས་དང་ལྡན་པའོ། །རྒྱུད་གདན་བཞི་ནས་སྒྲོལ་དཀར་གྱི་འཁོར་ལོ་གསུངས་པ་དང་། ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱིས་མཚོན་བླ་མེད་ནས་ཀྱང་ཚེ་སྒྲུབ་པའི་ལྷ་སྔགས་དངོས་དང་བརྒྱུད་ནས་ཇི་སྙེད་ཅིག་བསྟན་ལ། ཟུར་བཀའ་བཞུགས་པ་ནི། བདེ་མཆོག་བཤད་རྒྱུད་ཨ་བྷི་དྷ་ན་ལས་བསྟན་པ་འཆི་མེད་རྡོ་རྗེ་ལྷ་མོ་ཞེས་པ་དཔལ་ལྡན་ས་སྐྱའི་གསེར་ཆོས་བཅུ་གསུམ་ནང་ཚན་ཤིན་ཏུ་ཟབ་པ་སྟེ། རྒྱུད་དེ་ཉིད་ལས། འདི་ནི་ཁྲི་ཙམ་བཟླས་བྱས་ན། །འཆི་བ་ངེས་པར་འཚོ་བར་འགྱུར། །དུས་མིན་འཆི་བ་ཞི་འགྱུར་ཞིང་། །འཆི་བ་ལ་ནི་ངེས་པར་སློང་། །ཞེས་པ་ལྟར་ཕན་ཡོན་མཆོག་དང་ལྡན་པ་དང་། བདེ་མཆོག་རྩ་རྒྱུད་ལས། དུས་མིན་འཆི་བ་སླུ་བ་ལ། །ཡན་ལག་ཁ་ཊྭཱཾ་དག་དང་སྦྱར། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཚན་མ་ངེས་པར་སྦྱར། །ཞེས་པའི་བསྟན་དོན་ལ་ཁ་ཊྭཱཾ་ཀ་དང་ཐོད་སྦྱོར་གྱི་དམིགས་པ་ཙམ་དང་། དཔལ་ལྡན་འབྲུག་པའི་མན་ངག་སོགས་ཀྱང་འབྱུང་མོད་ཀྱི་གཙོ་བོར་ཁ་ཆེ་པཎ་ཆེན་གྱི་ཁྱད་འཕགས་ལྷ་བཞིའི་ཡ་གྱལ་བདེ་མཆོག་དཀར་པོའི་ཚེ་སྒྲུབ་ལ་ཚར་ལུགས་ཀྱི་བསྐྱེད་རྫོགས་ཁྲིད་དང་བཅས་པའང་བྱུང་ལ་ཚེ་སྒྲུབ་པའི་ལྷའི་རྣལ་འབྱོར་གྱི་གཙོ་བོ་ནི་དེ་ཙམ་ཞར་ལས་འོངས་པ་ནི་མང་ངོ་། །ནད་ཞི་མཛད་སྨན་གྱི་བླ་དང་སངས་རྒྱས་སྤྱན་མ། རྨི་ལམ་ངན་པ་ཟློག་པ་སྤྱན་རས་གཟིགས་ཡི་གེ་ཕྱེད་དང་བཞི་པ། ས་འོག་གདོན་འཇོམས་སེང་གེ་སྒྲ་དང་ཡེ་ཤེས་ཁྱུང་ཁྲ། འཇིགས་པ་བཅུ་དྲུག་ལས་སྐྱོབ་པ་སྒྲོལ་མ་ལྗང་གུ་དང་སྣ་ཚོགས་ཡུམ། གྲིབ་གདོན་གཉེན་པོ་རྣམ་འཇོམས་དང་སྨེ་བ་བརྩེགས་པ། བྱད་ཁ་ཟློག་བྱེད་གདུགས་དཀར་མོ་དང་སེང་གདོང་མ་ལ་སོགས་པ་རྣམས་ཀྱང་རིང་དུ་འཚོ་བའི་ཆོ་གའི་ཡན་ལག་ཏུ་འགྱུར་རོ། །སྔགས་གསར་རྙིང་ལས་བཅུད་ལེན་གྱི་གཞུང་གདམས་ངག་མཐའ་ཡས་པ་གསུངས་མོད། དུས་ཀྱི་དབང་གིས་ཇི་བཞིན་པ་སྒྲུབ་པ་དཀོན་ཞིང་འགྲུབ་དཀའ་ཡང་། བཀའ་མ་ལོ་ཆེན་བཻ་རོའི་ལུགས་དང་། རྒྱ་བན་རྡོ་རྗེ་འོད་ཀྱི་རྟག་ངུའི་བཅུད་ལེན་དང་། བྱང་གཏེར་སོགས་ཀྱི་བཀའ་སྲོལ། གསར་མའི་གདམས་ངག་ཅི་རིགས་ལས་ཕྱག་རྒྱུན་མ་ཆད་པ་ཙམ་བཞུགས་ཤིང་ནུས་པ་ཐོན་པའང་མཐའ་མ་འགག་ཙམ་སྣང་ལ། གྲུབ་ཆེན་ཨོ་རྒྱན་པའི་ལུགས་ཀྱི་དངུལ་ཆུ་བཙོ་བཀྲུ་ཆེན་མོ། རིན་ཆེན་ཚ་གྲང་སྦྱོར་བའི་ཕྱག་ལེན་ཤིན་ཏུ་ཁུངས་བཙུན་ཟུར་མཁར་ཁུ་དབོན་དང་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ལས་བརྒྱུད་དེ་རྐང་གཉིས་ལུས་སྲོག་འཚོ་བའི་བཅུད་ལེན་ཁྱད་འཕགས་སུ་སྦྱོར་བའི་རྒྱུན་ཀྱང་བཞུགས་བཞིན་པའོ། །དགུ་པ་ལ་གཉིས། ཆོ་ག་དེ་རྣམས་རིང་འཚོའི་བྱ་བ་དང་ཇི་ལྟར་འབྲེལ་བ། དོགས་གནས་ལ་དཔྱད་པའོ། །དང་པོ་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི། སྤྱིར་ལྷག་པའི་ལྷ་རྣམས་ལ་ཐུགས་རྗེ་དང་ནུས་པ་ཚད་མེད་པ་མངའ་ཞིང་། སྒོས་དམིགས་བསལ་དུ་སྨོས་པ་དེ་རྣམས་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཁྱད་པར་ལས་འགྲོ་བ་གང་ཞིག་ཚེ་ཡིས་ཕོངས་པ་ལ་ཚེ་སྩོལ་ཞིང་། དུས་མ་ཡིན་པར་འཆི་བ་ལས་སྐྱོབ་པའི་ཕྲིན་ལས་ཁྱད་པར་ཅན་མངའ་བས་སྒོམ་ཞིང་བཟླས་པ་ལྟ་ཅི་སྨོས། གསོལ་བ་འདེབས་པ་ཙམ་གྱིས་ཀྱང་གནས་སྐབས་དང་མཐར་ཐུག་གི་འདོད་པའི་འབྲས་བུ་སྟེར་བ་སྟེ། ངག་དབང་གྲགས་པས། རང་གི་འདོད་ལྷའི་རྣལ་འབྱོར་གྱིས། །ང་རྒྱལ་བརྟན་པར་གྱུར་པ་ལས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །འདོད་པའི་དོན་ནི་རབ་སྒྲུབ་བྱེད། །ཅེས་སོ། །གཉིས་པ་ནི། དཔེར་ན་ཕྱི་རོལ་གྱི་ཁང་པ་ལ་སྐྱོན་མེད་ན་ནང་གི་ཀ་བ་བརྟན་ཅིང་། ཀ་བ་བརྟན་པས་ཁང་པ་མི་འཇིགས་པ་གཅིག་ལ་གཅིག་ལྟོས་པ་བཞིན། ལུས་སྲོག་ཕན་ཚུན་དུ་ལྟོས་པས་སྲོག་གནས་པའང་ལུས་ལ་རག་ལས་ཤིང་། ལུས་ཀྱི་འཚོ་བ་སྲོག་ལ་ལྟོས་པ་སྟེ། ལུས་ནི་རྒྱུད་དང་གསོ་དཔྱད་སོགས་ལས་ཞིབ་པར་འབྱུང་བ་བཞིན་དང་པོ་འབྱུང་བཞིའི་དྭངས་མ་འདུས་པ་ལས་སྐྱེས། བར་དུ་འབྱུང་བ་བཞི་གཅིག་གྲོགས་གཅིག་གིས་བྱས་ཏེ་གནས། ཐ་མར་གཅིག་གཤེད་གཅིག་གིས་བྱས་ཏེ་སྲོག་འདོར་བ་ཕྱི་སྣོད་ཀྱི་ཆགས་འཇིག་དང་མཚུངས་ཤིང་། འབྱུང་བཞི་འཁྲུགས་པའི་རྒྱུ་དུག་གསུམ་དང་རྐྱེན་ཟས་སྤྱོད་མ་སྙོམས་པས་བྱེད་ཅིང་། དེ་ལས་དྭངས་མ་ཟད་ཅིང་སྙིགས་མ་འཕེལ་བའི་རྟགས་ལུས་ལ་ཤར་བ་སྟེ། སའི་དྭངས་མ་ཉམས་པས་ཤ་སྐམས། གཉེར་མ་འདུ། ཆུ་ཉམས་པས་ཁྲག་སྐེམས། མདངས་ཉམས། ལུས་གྱོང་། མེ་ཉམས་པས་དྲོད་ཤོར། ཤ་སྔོ། རླུང་ཉམས་པས་སྟོབས་མེད། ལུས་རྒུད། ནམ་མཁའི་དྭངས་མ་ཉམས་པས་བརྗེད་ངེས་ཆེ། རིག་པ་འཐིབས། དེ་ལས་དབང་པོ་རྣམས་ཀྱང་འགྲིབ་སྟེ། ཡུལ་དང་དབང་པོ་སྲོག་རྣམས་ནི། །འགག་པ་འཆི་བའི་མཚན་ཉིད་དོ། །ཞེས་པ་དེ་འབྱུང་བ་ཡིན་ལ། རྣམ་རྟོག་གཞན་དུ་མི་གཡོ་བས་ལྷ་བསྒོམ་པ་དང་། ངག་དང་འགོག་པ་སོགས་བཟླས་པའི་བྱེ་བྲག་ལ་རྩེ་གཅིག་ཏུ་བརྩོན་པས་སེམས་ཀྱི་བཅུད་མ་ཟག་པས་ལུས་ཀྱི་དྭངས་མ་སྟོབས་རྒྱས་ཏེ་སྲོག་མི་གཡོ་བའི་རྟེན་འབྲེལ་འགྲིག་པ་དང་། ཕུང་ཁམས་ལྷ་ལ་སོགས་པར་སྣང་བ་ལ་དུས་ཀྱི་ཞགས་པས་ཀྱང་འཆིང་བར་འོས་པ་མ་ཡིན་པ་དང་། ལུས་ངག་ཡིད་གསུམ་ཤིན་ཏུ་སྦྱངས་པས་སྲོག་ཡེ་ཤེས་ཀྱི་ཆར་ཇི་ཙམ་བཀག་པ་དེ་ཙམ་དུས་ཀྱི་ཆད་པ་ལས་རིང་དུ་བསྲིང་བར་གྲུབ་པ་དང་། ཕྱི་ནང་རྟེན་འབྲེལ་གྱི་འགྲོས་གཅིག་ཅིང་སྣང་བ་སེམས་ཀྱི་རང་གཟུགས་ཡིན་པའི་དབང་ལས་ཚེ་བཅུད་བསྡུ་བསྟིམ་གྱི་འཕྲོ་འདུས་ནང་གི་འབྱུང་བཞིའི་དྭངས་མ་སྟོབས་སུ་གྱུར་པ་ལས་གོང་དུ་སྨྲོས་པའི་ཉེས་པ་ཐམས་ཅད་ཟད་ཅིང་དེ་ལས་ལྡོག་པའི་ཡོན་ཏན་རྣམས་སྐྱེད་པའི་ཕྱིར། ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་པ་ལྟར་ཆོ་ག་བྱས་པས་ལུས་སྲོག་འཚོ་བའི་འབྲེལ་ནི་དེ་ལ་སོགས་པ་མང་མོད་ཀྱི་མདོར་བསྡུས་སོ། །གཉིས་པ་ནི། དཔྱོད་ལྡན་ཁ་ཅིག་གིས་སྣོད་དང་བཅུད་ཀྱི་ཚེ་བཅུད་དེ་དངོས་སུ་བསྡུ་བ་ཡོད་ན་བསྡུ་གཞི་ལ་གནོད་ཅིང་། མེད་ན་བསྡུ་ཡུལ་ལ་མི་ཕན་པའི་དོགས་སློང་མཛད་དོ། །དེས་ནི་ཡང་ན་དམིགས་པའི་འཁྲུལ་འཁོར་ཐམས་ཅད་དོན་མེད་དུ་འགྱུར་བས་སྔགས་མི་འགྲུབ་ལ། ཡང་ན་སྔགས་གྲུབ་ཀྱང་སྤྱོད་པ་ཕྱིན་ཅི་ལོག་ཏུ་སོང་བས་ཐར་པ་དང་འགལ་བ་སོགས་ཐེ་ཚོམ་དུ་མ་སློང་བའི་ཕྱིར་གསང་སྔགས་ལ་ཐེ་ཚོམ་ཟ་བའི་རིགས་པར་སོང་བས་རྟོག་གེ་བའི་བློ་གྲོས་སུ་ཟད་དེ། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་པ་ལྟར་རོ། །དེ་ལྟ་ན་ཞི་སོགས་ཀྱི་ལས་ལའང་དཔྱད་པ་འཇུག་ལ། དེའང་དཔྱད་ན་ཐུག་མེད་དུ་འགྱུར་བས་སྔགས་ཀྱི་ལས་རབ་འབྱམས་འགོག་དགོས་པར་འགྱུར་ལ། དེ་འགོག་ན། ཐམས་མང་དཀའ་བ་མེད་པ་སོགས་ཀྱི་སྒྲུབ་བྱེད་ཀྱང་དོན་མེད་དུ་འགྱུར་བ་དང་། གཞན་ཡང་འཕགས་པ་རྣམས་ཀྱི་བྱིན་རླབས་བསྡུ་བ་དེའང་དངོས་སུ་བསྡུར་ཡོད་དམ་མེད། མེད་ན་རང་ལ་བྱིན་གྱིས་རློབ་པར་མི་འགྱུར་ལ། ཡོད་ན་འཕགས་པ་ལ་གནོད་པར་འགྱུར་རོ། །དངོས་སུ་བསྡུར་མེད་ཀྱང་མོས་པའི་མཐུ་ལས་བྱིན་གྱིས་རློབ་པར་འགྱུར་ན་འབྱུང་བཅུད་སོགས་ལའང་རིགས་པ་མཚུངས་ཤིང་། ཡོད་ཀྱང་འཕགས་ལ་གནོད་པར་མི་འགྱུར་ཏེ་གསང་བ་བསམ་གྱིས་མི་ཁྱབ་བོ་ཞེ་ན། སེམས་ཅན་གྱིས་ལས་སྣང་ཡང་བསམ་གྱིས་མི་ཁྱབ་པས་ན་དེ་བས་ཀྱང་མཚུངས་སོ། །གཅིག་ཤོས་ཕན་པས་གཅིག་ཤོས་ལ་གནོད་པ་ཁོ་ནའང་མ་ངེས་ཏེ། རྒྱ་མཚོ་ལས་ཆར་བྱུང་བས་ལོ་ཏོག་ལ་ཕན་ཀྱང་རྒྱ་མཚོ་ལ་མི་གནོད་པ་བཞིན་ནོ། །དཔེར་ན་ནོར་བུ་ཤིན་ཏུ་སྦྱངས་པ་ལ་གསོལ་བ་བཏབ་པས་འདོད་པ་ཉིད་འཇོ་ཡང་། དངོས་པོ་དེ་དག་གཞན་ལས་འཕྲོག་པའང་མེད་ཅིང་ནོར་བུ་རང་གི་ངོ་བོའམ་གཞན་ལའང་གནོད་པ་མེད་པར་རྟེན་འབྲེལ་གྱི་ནུས་པས་བྱེད་པོ་རང་ཉིད་ལ་ཕན་བཏགས་པ་བཞིན་དུ། སྔགས་དང་ཏིང་ངེ་འཛིན་གྱི་མཐུ་ནི་བསམ་གྱིས་མི་ཁྱབ་པས་མོས་པའི་མཐུ་ལས་གྲུབ་པ་སྦྱིན་པ་སྟེ། ངག་དབང་གྲགས་པས། འཇིག་རྟེན་ན་ནི་དངོས་གཞན་གང་། །སྔགས་ཀྱིས་མི་འགྲུབ་དེ་ཡོད་མིན། །ཡང་དག་དད་པས་འབད་པ་ལ། །སྔགས་རྣམས་ཡིད་བཞིན་ནོར་བུར་མཚུངས། །ཞེས་སོ། །དེས་ན་རྟོག་གེའི་རིག་པས་ཆོས་ཉིད་དང་སྔགས་ཀྱི་ཚུལ་ལ་གཞལ་ན་བློ་ཆུང་མང་པོ་ངན་འགྲོའི་གཡང་སར་འཕེན་པ་ལས་དགོས་ནུས་གཞན་མ་མཆིས་པས། བཟོད་པ་དང་མངོན་ཤེས་མ་ཐོབ་པ་དག་གིས་མོས་པ་བརྟན་པོས་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ཏེ། རྒྱུད་ལས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱད་པའི་རྟོག་གེ་བ། །དེ་ལ་དངོས་གྲུབ་རིང་དུ་བསྐལ། །ཞེས་ལྗགས་བྱང་བར་ཀློག་བཞིན་པས་སོ། །བཅུ་པ་ཐབས་དེ་རྣམས་ཀྱིས་འཆི་བ་སླུ་ཞིང་རིང་དུ་འཚོ་བའི་ཤེས་བྱེད་ལ་གཉིས། སྤྱི་དང་། ཁྱད་པར་རོ། །དང་པོ་ལ་གསུམ། གཏན་ཚིག་དང་། དཔེ་དགོད། རྒྱུ་མཚན་བཤད་པའོ། །དང་པོ་ནི། མདོ་ལས། སེམས་ཅན་ཐམས་ཅད་ནི་ཟས་ཀྱིས་གནས་པའོ། །ཞེས་དང་། སློབ་དཔོན་གྱིས། ངལ་དང་སྨིན་དང་བཏུང་སོགས་ཀྱིས། །ཕོ་བའི་མེ་ནི་འབར་གྱུར་ལ། །མེ་ནི་རབ་ཏུ་འབར་བས་ཟས། །ཡོངས་འཇུག་པར་ཡང་ནུས་པ་ཡིན། །ཡོངས་སུ་ཞུ་བས་ལུས་རྒྱས་ཤིང་། །རྒྱས་པས་སྟོབས་ནི་རྣམ་པར་འཕེལ། །སྟོབས་ལས་ཚེ་ནི་འཕེལ་འགྱུར་ཞིང་། །དེ་འཕེལ་བས་ནི་རིང་དུ་འཚོ། །ཀུན་གྱིས་མངོན་སུམ་གྲུབ་འདི་ལ། །ཐེ་ཚོམ་ཡོད་མིན་ཇི་ལྟ་བ། །དེ་ལྟར་མན་ངག་ལས་བསྐལ་སོགས། །འཚོ་བ་ཡང་ནི་ཐེ་ཚོམ་མེད། །ཅེས་པ་ལྟར་ཟས་དང་ལྡན་པས་སྲོག་འཚོ་ལ་མི་ལྡན་ན་འཚོ་མི་ནུས་པ་བཞིན་འཚོ་བ་ཉིད་ཐབས་ཀྱི་རྒྱུ་རྐྱེན་ལ་རགས་ལས་པ་ཡིན་ནོ། །གཉིས་པ་ནི། སློབ་དཔོན་གྱིས། སྣུམ་དང་སྙིང་པོ་ཟད་སོགས་ལས། །མར་མེ་ལ་སོགས་འཇིག་ཕྱོགས་པའང་། །སླར་ཡང་སྣུམ་སོགས་རབ་ཐོབ་པས། །བསྐལ་པའི་བར་དུ་གནས་པ་ཡིན། །ཇི་ལྟར་དེ་བཞིན་ལུས་འདི་ཡང་། །རྒས་སོགས་ཀྱིས་ནི་འཆི་བཞིན་པར། །གྲུབ་པའི་མན་ངག་ལེགས་རྙེད་ན། །བསྐལ་པའི་མཐར་ཡང་ཅིས་མི་གནས། །དཔེར་ན་ཁང་པ་རྙིང་པ་དག །བཅོས་པ་ཡིས་ནི་ཡུན་རིང་གནས། །དེ་བཞིན་རྙིང་པའི་ལུས་དག་ཀྱང་། །བཅོས་པས་གནས་པ་ཅིས་མི་འགྱུར། །ཞེས་གསུངས་པ་ལྟར་ཚེ་སྲིང་བའི་ཐབས་ལ་མཁས་ཤིང་རྩོལ་བ་དང་ལྡན་ན་རིང་དུ་འཚོ་བ་ལ་དཀའ་བ་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། མངོན་པ་ལས་སྲོག་ནི་མཐའ་གཅིག་ཏུ་ལས་ཀྱི་རྣམ་པར་སྨིན་པ་ཁོ་ན་ཡིན་པའི་ཤེས་བྱེད་དགྲ་བཅོམ་པ་དུས་མི་སྦྱོར་བས་གང་ཟག་ཁྱད་པར་ཅན་ནམ་དགེ་འདུན་ལ་འཚོ་ཆས་ཕུལ་ནས་འདུན་པ་དྲག་པོས་རབ་མཐའི་བསམ་གཏན་ལ་སྙོམས་པར་བཞུགས་ཤིང་། དེ་ལས་ལངས་ཏེ་བདག་གི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེ་ཚོའི་རྣམ་པར་སྨིན་པར་གྱུར་ཅིག་སྙམ་པའི་དགེ་རྩ་དང་རྣམ་རིག་དག་གི་མཐུས་རྣམ་སྨིན་གྱི་ཚེ་འཇོག་པར་བཤད་པས་བསོད་ནམས་གསོག་པ་དེ་ཡོངས་སུ་བསྔོས་པས་ཚེ་འཕེལ་བར་གྲུབ་སྟེ། སྲོག་བསླུ་བ་སོགས་འབྲས་བུའི་རྒྱུ་མཐུན་པ་ཡིན་པའི་ཕྱིར་དང་། དེ་ཉིད་ཀྱང་མྱོང་བར་མ་ངེས་པའི་ལས་སུ་མི་འགྱུར་ཏེ་གཞི་བསམ་སྦྱོར་བ་མཐར་ཐུག་ཚང་ཞིང་ལས་ཀྱི་འཕེན་པའི་རྒྱུན་འཐུད་པར་བྱེད་པའི་ཕྱིར་ཆུ་རྐ་གསོས་པས་ཡུར་ཆུའི་རྒྱུན་འཐུད་པ་བཞིན་ནོ། །དེས་ན་མདོ་ལས། སྲོག་ནི་རྣམ་པར་སྨིན་པ་ཡིན་གྱི་འདས་པའི་ལས་ཁོ་ནའི་ནི་མ་ཡིན་ནོ་ཞེས་པས་ཚེའི་ལས་མཐོང་ཆོས་ཀྱི་འབྲས་བུ་ཅན་དུ་བཞེད་དོ། །གཉིས་པ་ནི། མདོ་སྡེ་རྣམས་སུ། ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །ཞེས་འབྱུང་མོད། རྡོ་རྗེ་ས་འོག་གི་རྒྱུད་ལས། མདོ་སྡེས་ནི་ལས་ཀྱི་རྣམ་པར་སྨིན་པ་མི་ཟློག་ལ་སྔགས་ཀྱིས་ཟློག་པས་ཁྱད་པར་འཕགས་སོ་ཞེས་གསུངས་པ་ལྟར་སྔགས་ཀྱི་དཀྱིལ་འཁོར་ཟབ་མོ་དང་། ཕྱག་རྒྱ། གསང་སྔགས་སོགས་ལ་བརྩོན་པས་ལས་ཀྱི་རྣམ་སྨིན་ཀྱང་བྱང་ཞིང་སྲབ་པར་ནུས་ན་འཕྲལ་གྱི་བར་ཆད་ཙམ་སེལ་བ་ནི་ལྟ་ཅི་སྨོས་ཤིང་། ཁྱད་པར་སྐུ་གསུང་ཐུགས་འཆི་མེད་རྡོ་རྗེར་བསྒྲུབ་པའི་སྦྱང་གཞི་གདོས་བཅས་ཀྱི་ལུས་དང་། ངག་དང་། གཟུང་འཛིན་གྱི་རྣམ་རྟོག་ལ་ཡོད་ཅིང་། དེ་གསུམ་གྱི་གནད་རྩ་རླུང་ཐིག་ལེ་གསུམ་ལ་ཡོད་པས། རྩ་སྐམ་འཆུས་དྲི་ཅན་སོགས་སུ་གྱུར་བ་དང་། རླུང་ཟླ་ཉི་རང་དབང་དུ་བགྲོད་པས་དབུ་མའི་ལོངས་སྤྱོད་འཕྲོག་པ་དང་། ཐིག་ལེ་དཀར་པོ་ཐུར་དང་དམར་པོ་གྱེན་དུ་ཕྱོགས་ཏེ་སྐྱོན་དུ་གྱུར་པ་ལས་ནི་ནད་དང་རྒས་པ་དང་། འཆི་བའི་ཉེས་པ་སྐྱེད་ཅིང་། རྣལ་འབྱོར་གྱི་སྟོབས་ཀྱིས་རྩ་དབུ་མ། རླུང་མཉམ་རྒྱུ། ཐིག་ལེ་འདུ་འཕྲོད་ལ་གནད་དུ་བསྣུན་པས། བགྲོད་པ་གཉིས་པོ་དབུ་མའི་ལོངས་སྤྱོད་དུ་གྱུར་ཅིང་དཔྱིད་ཐིག་གོང་བུར་བཅིངས། གྲུབ་པའི་དངུལ་ཆུས་ལྕགས་འབིགས་པ་ལྟར་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་སྒྱུར་བས་རྩ་ཐིག་རླུང་གི་རྣལ་འབྱོར་འཆི་མེད་འགྲུབ་པ་གདམས་ངག་གསང་ལམ་ཡིན་པའི་རྒྱུ་མཚན་དེ་ལྟ་བུ་དང་། འཆི་བ་བསླུ་བ་ལ་རླུང་གི་རྣལ་འབྱོར་ལྷག་པར་ཟབ་པའི་གནད་གསང་རང་བྱུང་རྒྱལ་བས། ཕྱིར་འགྲོ་འཕེལ་བས་འཆི་ལྟས་ཡིན། །ནང་དུ་ཟིན་པས་འཆི་མེད་འགྲུབ། །ཅེས་གསུངས་པ་ལྟར། ལས་རླུང་དང་ཡེ་རླུང་གཉིས་ཀྱི་ཡེ་ཤེས་རླུང་ལ་ཆ་གཉིས་སུ་ཕྱེ་བའི་གཅིག་གིས་ནང་དུ་སྲོག་རླུང་གི་ནུས་པ་བསྐྱེད་ཅིང་། ཆ་གཅིག་ལས་རླུང་དང་འདྲེས་པའི་ཚུལ་གྱིས་ཉིན་ཞག་རེར་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཕྱི་རོལ་དུ་རྒྱུ་བ་དེ་ཉིད་འཕེལ་ན་སྲོག་གི་ནུས་པ་མྱུར་དུ་འཛད་པ་དང་། ཟླ་ཉི་དག་ཀྱང་ཡོན་པོར་རྒྱུས་ནས་འཆི་བ་སྐྱེད་ལ་བུམ་ཅན་སོགས་ཀྱིས་ནང་དུ་བཟུང་བས་ཡེ་རླུང་འཕེལ་ཞིང་རིང་དུ་སོང་བས་ལས་རླུང་དག་སྟེ་རྡོ་རྗེའི་སྐུ་འགྲུབ་པ་དང་། ཀུན་རྫོབ་ཀྱི་ཐིག་ལེ་ནི་ཆགས་པའི་འཕོ་བ་ཅན་ཡིན་ལ་ཇི་ཙམ་འཕོས་པ་དེ་ཙམ་དུ་ཚེའི་འདུ་བྱེད་བསྟུངས་ཤིང་ཆགས་བྲལ་འཕོ་མེད་དུ་བཞུ་བཏུལ་བྱས་པས་དྭངས་མ་སྟོབས་སུ་གྱུར་ཏེ་དོན་དམ་བྱང་ཆུབ་ཀྱི་སེམས་བརྟན་པས་འཆི་མེད་ཡེ་ཤེས་ཀྱི་སྐུ་འགྲུབ་པ་སོགས་རྒྱུ་མཚན་ཤིན་ཏུ་མང་མོད་ཀྱིས་རྒྱས་པར་མ་སྤྲོས་ལ། གོང་དུ་སྨོས་པ་རྣམས་ཀྱི་ཞར་ལས་ཀྱང་རྟོགས་ནུས་སོ། །བཅུ་གཅིག་པ་ནི། འཚོ་ཐབས་ཀྱི་ཆོ་ག་དེ་རྣམས་ཤེས་པ་ཁོ་ནས་ཕན་པ་མ་མཆིས་ཤིང་། སང་བྱ་གནང་བྱའང་མི་ཚེ་འཛད་པའི་རྒྱུ་ཡིན་པས་འཕྲལ་ལ་ཉམས་སུ་བླང་དགོས་ཏེ། རྟོགས་པ་ལས། འདི་ན་འཆི་བ་བསླུ་བ་རྣམས། །ཤིན་ཏུ་མང་པོ་ཤེས་ནས་ཀྱང་། །ཉམས་མ་བླངས་ན་མལ་དུ་ནི། །བཤང་བས་གོས་ཞེས་ཁྱོད་འཆི་འགྱུར། །ཞེས་དང་། རྣལ་འབྱོར་གྱི་ནི་བསྟན་བཅོས་དང་། །སྦྱོར་བ་དུ་མ་ཤེས་ནས་ཀྱང་། །དེང་ངམ་སང་ནི་བྱའོ་ཞེས། །སེམས་བཞིན་དུ་ནི་ཕ་རོལ་འཆི། །ཞེས་སོ། །གང་ཞིག་འབད་ན་འཇིག་རྟེན་ན་མི་འགྲུབ་པའི་དངོས་པོ་ནི་འགའ་ཡང་ཡོད་པ་མ་ཡིན་པས་འབད་རྩོལ་བྱ་དགོས་ཏེ། སྔ་མ་ལས། སྟོབས་ཀྱིས་འབད་པས་དཀའ་བ་ཅུང་ཟད་མེད། །དེ་བས་རྩོལ་བའི་ཁུར་ནི་འདོར་མི་བྱ། །རྟག་ཏུ་འབབ་ན་ཆུ་རྒྱུན་འཇམ་པོས་ཀྱང་། །དུས་སུ་རྡོ་ལེ བ་དག་ཀྱང་རྣམ་པར་འབིག །གཙུབས་ན་ཤིང་ལས་མེ་ནི་འབྱུང་འགྱུར་ཞིང་། །བརྐོས་པར་འགྱུར་ན་ས་ལ་ཆུ་འབྱུང་འགྱུར། །མི་ཡིས་རྩོལ་བ་བྱས་ན་མི་འགྲུབ་མེད། །དེ་འདིར་འོས་པའི་འབད་ཀུན་འབྲས་བུར་འགྱུར། །ཞེས་སོ། །ཁྱད་པར་ཤེས་རབ་རིག་པའི་གཞུ་ལ་ཐབས་མཁས་མདའི་འཕྲུལ་འཁོར་སྦྱར་ན་དཀའ་བ་མེད་པར་གནད་དུ་ཕིགས་པར་འགྱུར་ཏེ། གང་ཕྱིར་རིག་པ་ཐབས་སྦྱར་བས། །དཀའ་བ་ཅུང་ཟད་ཡོད་མ་ཡིན། །ནོར་བུ་སྔགས་དང་སྨན་རྣམས་ཀྱི། །མཐུ་ནི་ཐམས་ཅད་ཡང་དག་འདོད། །ཅེས་སོ། །འོན་ཀྱང་བསྐྱེད་སྔགས་ལུང་གི་རྣམས་འབྱོར་ལ་སོགས་པ་ནི་ལན་ཅིག་ཙམ་དང་དུས་ཐུང་ངུས་འབྲས་བུ་ཆེན་པོ་འགྲུབ་པ་མ་ཡིན་ཀྱང་ཡང་དང་ཡང་དུ་ཉམས་སུ་བླངས་པས་འདོད་པའི་དོན་འགྲུབ་པར་འགྱུར་ཏེ། གུས་པ་ལ་སོགས་ཁྱད་པར་གྱིས། །རྒྱུན་དུ་བསྒོམ་པ་གང་གང་ཡིན། །འདོད་དང་མྱ་ངན་ལ་སོགས་པའི། །བློ་བཞིན་དེ་དེའི་གསལ་སྣང་འབྱུང་། །ཞེས་གསུངས་པ་ལྟར་རོ། །བཅུ་གཉིས་པ་ནི། དེ་ལྟར་འཚོ་བ་རིང་དུ་གནས་པ་ལ་དགོས་པ་ཅི་ཡོད་སྙམ་ན། ནོར་བུ་ཞེས་པའི་མིང་དང་ལྡན་པ་ཙམ་གྱིས་མི་ཆོག་སྟེ་ཡོན་ཏན་ཚང་དགོས། དེ་ལས་འདོད་པ་འཇོ་བ་བཞིན་དུ་མཐོ་རིས་ཀྱི་ལུས་རྟེན་ཐོབ་པ་ཙམ་གྱིས་འདོད་དོན་མཐའ་དག་མི་འགྲུབ་པས་མཐོ་རིས་ཀྱི་ཡོན་ཏན་དང་ལྡན་དགོས། མཐོ་རིས་ཀྱི་ཡོན་ཏན་བདུན་དུ་གྲགས་པའི་གཙོ་བོ་ནི་ཚེ་རིང་བ་ཉིད་ཡིན་ལ། ཚེ་རིང་བ་ལ་བརྟེན་ནས་འཇིག་རྟེན་གྱི་ལུགས་དང་དམ་པའི་ཆོས་ཀྱི་བྱ་བ་ཅི་འདོད་པ་སྒྲུབ་ནུས་ཤིང་། དེ་ལས་མཐར་ཐུག་བྱང་ཆུབ་ཀྱི་གོ་འཕང་ཡང་འགྲུབ་པར་འགྱུར་བས་གནས་སྐབས་དང་མཐར་ཐུག་གི་དོན་ཆེན་པོ་དང་ལྡན་པ་སྟེ། སློབ་དཔོན་གྱིས། ཆོས་སྤྱོད་དབང་པོ་དུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཚོ་བ་ལས་གཞན་སྙིང་པོ་ནི། །འཁོར་བར་ཅུང་ཟད་མ་མཐོང་ངོ་། །ཞེས་གསུངས་སོ། །བཅུ་གསུམ་པ་འབྲས་བུ་ལ་གཉིས། གནས་སྐབས་དང་། མཐར་ཐུག་གོ། །དང་པོ་ནི། རིན་པོ་ཆེའི་ནུས་པས་ཚེ་བར་བསྐལ་སོགས་སུ་གནས་པ་ཀླུའི་རྒྱལ་པོ་ལྟ་བུ་དང་། བཅུད་ལེན་གྱི་ནུས་པས་ཚེ་ཉི་ཟླ་དང་མཉམ་པ་སློབ་དཔོན་བྱ་ད་ལི་པ་ལྟ་བུ་དང་། སྲོག་གཅོད་སྤངས་པ་སོགས་དཀར་པོ་རྣམ་པར་སྨིན་པས་ཚེ་ལོ་དཔག་མེད་ནས་ཁྲི་ལ་སོགས་པ་འཚོ་བ་ལྷ་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ་དང་། རླུང་སྦྱོར་ཐུན་མོང་བ་ཙམ་གྱིས་ཚེ་ལོ་བརྒྱ་ཕྲག་མང་པོར་འཚོ་བ་རི་རབ་ཀྱི་ཁོང་གསེང་ལ་གནས་པའི་དྲང་སྲོང་ལ་སོགས་པ་ལྟ་བུ་འཚོ་བས་མི་ཕོངས་ཤིང་དཔལ་འབྱོར་ཆེན་པོ་ལ་ཡུན་རིང་དུ་ལོངས་སྤྱོད་ནུས་པ་ཉིད་དོ། །གཉིས་པ་ནི། བསྐྱེད་རིམ་དང་བཟླས་པ་མཐར་ཕྱིན་པས་ལྷག་པའི་ལྷ་ཡིས་བྱིན་གྱིས་བརླབས་ཏེ་ཇི་ཙམ་འདོད་ཀྱི་བར་དུ་འཚོ་བ་འཕགས་པ་ཀླུ་སྒྲུབ་མི་ལོ་དྲུག་བརྒྱ་བཞུགས་པས་མཚོན་རྒྱ་བོད་ཀྱི་མཁས་གྲུབ་ཕལ་མོ་ཆེ་ལྟ་བུ་དང་། རྩ་ཐིག་རླུང་གི་རྣལ་འབྱོར་གྱི་དྭངས་མ་སྟོབས་སུ་གྱུར་ཏེ་འདོད་གཟུགས་གང་རུང་གི་རིག་པ་འཛིན་པའི་ལུས་སུ་གནས་གྱུར་ཏེ་བསྐལ་པ་ལ་སོགས་པར་འཚོ་ཞིང་བཞུགས་པ་གྲུབ་ཆེན་ཀླུའི་བྱང་ཆུབ་ལྟ་བུ་དང་། བསྐྱེད་རྫོགས་ཆ་མཉམ་དུ་བསྒོམས་པས་རགས་པའི་ཕུང་ཁམས་དཀྱིལ་འཁོར་གྱི་འཁོར་ལོར་གནས་གྱུར་པ་སློབ་དཔོན་ངག་གི་དབང་ཕྱུག་ལྟ་བུ་དང་། ལུས་སེམས་ཀྱི་འཕོ་བ་མཐའ་དག་ཟག་མེད་འོད་གསལ་གྱི་དབྱིངས་སུ་སྦྱངས་པས་རྡོ་རྗེའི་སྐུས་བསྐལ་པ་མ་སྟོང་བར་དུ་བཞུགས་ཤིང་གཞན་དོན་མཛད་པ་ས་ར་ཧ་དང་མི་ཏྲ་ཛོ་ཀི་ལ་སོགས་པ་བཞིན་ལམ་ལེགས་པར་སྦྱངས་བས་འཆི་མེད་ཀྱི་སྐུ་འགྲུབ་སྟེ་དོན་གཉིས་ལྷུན་གྲུབ་ཀྱི་འཁོར་ལོས་སྒྱུར་བ་ནི་རྒྱ་བོད་གཉིས་སུ་ཆེས་མང་པོ་བྱུང་ཞིང་འབྱུང་བར་འགྱུར་བ་ཉིད་དོ། །དེའང་རྩ་ཐིག་རླུང་གསུམ་སྐུ་གསུང་ཐུགས་རྡོ་རྗེར་སྦྱངས་ནས་ཡེ་ཤེས་རྡོ་རྗེའི་ངོ་བོར་མཉམ་པ་མཐར་ཐུག་གི་འཆི་མེད་རྣམ་གསུམ་འགྲུབ་པར་འགྱུར་བ་སྟེ། སེམས་སྒྲིབ་བྲལ་དུ་དག་པས་ཐུགས་རྡོ་རྗེ་དུས་གསུམ་མཉམ་ཉིད་ཀྱི་ཆོས་སྐུ་སེམས་འཆི་མེད་དང་། ངག་སྒྲིབ་བྲལ་དུ་དག་པས་གསུང་རྡོ་རྗེ་ཟབ་གསལ་དབྱེར་མེད་ཀྱི་ལོངས་སྐུས་གཞོམ་མེད་ཀྱི་བདེ་བས་མཁའ་ཁྱབ་ཀྱི་འགྲོ་བའི་དོན་མཛད་པ་ངག་འཆི་མེད་དང་། ལུས་སྒྲིབ་བྲལ་དུ་དག་པས་སྐུ་རྡོ་རྗེ་ཀུན་ཁྱབ་སྒྱུ་འཕྲུལ་དྲྭ་བའི་སྤྲུལ་སྐུས་གང་འདུལ་གྱི་རོལ་པ་སྟོན་པ་ལུས་འཆི་མེད་དེ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་མངོན་པར་རྫོགས་ཤིང་བྱང་ཆུབ་པར་འགྱུར་ལ། དེ་བས་ན་འཆི་མེད་རྡོ་རྗེའི་ཚེ་སྒྲུབ་པ་ལ་ནན་ཏན་དུ་བྱའོ། །ལེན་པའི་རྣམ་ཤེས་ཁ་ལོ་སྒྱུར་བ་ཡིས། །རིག་པའི་སྐྱེས་བུ་སྲིད་འདིར་བསླུས་པ་ལ། །ཐར་དང་མཐོ་རིས་བདེ་བར་ངལ་འཚོ་བའི། །རྟེན་འདི་རིང་དུ་འཚོ་ལས་དོན་ཆེན་གང་། །སྤང་བླང་ཤེས་ཤིང་ཐབས་ཀྱང་མ་འགག་ལ། །དེ་བློ་སྦྱོར་བའི་ལམ་ལ་མི་འཇུག་ན། །ཀིམ་པའི་འབྲས་བཞིན་དགོས་དུས་མི་སྟོངས་པས། །གྲོགས་དག་རྣམ་པར་རིགས་པ་སུ་ཡིས་བརྐུས། །འཚོ་ཐབས་ཉི་ཟླའི་སྒྲོན་མེ་ཐོགས་བཞིན་དུ། །ད་ནི་བཏང་སྙོམས་མལ་དུ་མི་མནལ་བར། །འཆི་བདག་མུན་རུམ་བསྐྲད་ནས་ས་སྟེང་དུ། །དོན་གཉིས་སྣང་བ་སྦར་བའི་དུས་ནི་འདི། །རྒྱལ་བས་ཡིད་བཞིན་ནོར་བུའི་མཆོག་ཉིད་དུ། །བསྔགས་པའི་ལྗགས་བརྐྱང་ལྷ་བས་ལྷག་པའི་རྟེན། །ཆོ་གའི་མཐུ་ལས་རྡོ་རྗེའི་སྲོག་གྲུབ་སྟེ། །གྲུབ་གཉིས་ཆར་པས་སྐྱེ་དགུ་འཚོ་བྱེད་ཤོག །ཅེས་པ་འདིའང་ཐམས་ཅད་མཁྱེན་གཟིགས་རྡོ་རྗེ་འཛིན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་བཀའ་སྩལ་གནང་བ་གཙུག་ཏུ་མཆོད་དེ་སྙོམས་ལས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་དཔལ་ལྡན་བླ་མ་རྣམས་ཀྱི་ཞབས་པད་རྡོ་རྗེ་ལྟར་བརྟན་ཅིང་། འགྲོ་བ་མཐའ་ཡས་པ་འཆི་བདག་གི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར་ཅིག། །།མདྒ་ལཾ།། །།

སྔ་འགྱུར་རྙིང་ལུགས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་གཞན་ཕན་མཐའ་ཡས། བཙུན་པ་གཞན་ཕན་པ།

སྔ་འགྱུར་རྙིང་ལུགས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་གཞན་ཕན་མཐའ་ཡས་ཞེས་བྱ་བ་བཞུགས་སོ། །ཕྱོགས་བཅུ་རྒྱལ་བའི་ཞིང་ཁམས་ཤར་ཉོན་མོངས་པ་ཐམས་ཅད་བསྐྱོད་པ། །ལྷོར་མུན་པ་མུན་ནག་གི་ཚོགས་བཅོམ་པ་ནུབ་ཡུལ་ཕེབས་པ་བྱང་སྤོབས་བ་ཅན་ཤར་ལྷོ་རྟག་ཏུ་སྣང་བ། །ལྷོ་ནུབ་གསེར་གྱི་དྲ་བས་གཡོགས་པ་ནུབ་བྱང་དག་རབ་གནས་མངོན་པར་འཕགས་པ་བྱང་ཤར་བདུད་བཅོམ་ཀྱི་སྡེ། སྟེང་དམིགས་པ་མེད་པ་ལ་ཡིད་བྱེད་པ་ཅན། །འོག་ཐམས་ཅད་ཀྱིས་ཡོན་ཏན་བརྒྱན་པ་རྣམས་ལ་ཕྱག་འཚལ་ལོ། །བདེ་གཤེགས་རྗེས་སུ་སྦྱོངས་བ་སེམས་དང་པོ་བསྐྱེད་པ་ཡིད་ལ་མཛད་པ་རྣམ་གྲངས་བསྙེངས་བ་དང་བག་ཚ་བ་དང་བྲལ་བ། མངོན་པར་འཕགས་པའི་རྒྱལ་པོ་དང་། །ཁོན་དང་རྒྱགས་པ་རྣམ་པར་གནོན་པ་རིན་ཆེན་གཟུགས་བཀོད་འོད་སྣང་ཕྱིར་མི་ལྡོག་པའི་འཁོར་ལོ་འབྱུང་བའི་དཔལ། །གདུགས་འཕགས་བྱང་ཆུབ་སེམས་དཔའ་འདུལ་བ་བདུད་དང་ཡིད་གཉིས་ཀུན་བཅོམ། །སྐྲག་མེད་མུན་བྲལ་ཏིང་འཛིན་མངོན་འཕགས་རྒྱལ་པོ་ཐེ་ཚོམ་སེམས་བསྐྱེད་གཅོད་མཛད་ཉོན་མོངས་སྐྱོད་ཕྱག་འཚལ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབས། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་མར་མེ་མཛད་ཀྱང་ཟེར་དང་། ། ཤཱཀྱ་ཐུབ་པ་བྱམས་པ་མགོན་པོ་སོགས། །དུས་གསུམ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་བཅད་དང་། །ཆེད་བརྗོད་གླེང་གཞི་རྟོགས་བརྗོད་དེ་ལྟར་བྱུང་། །སྐྱེས་རབས་རྒྱས་དང་རྨད་བྱུང་གཏན་དབབ་སྟེ། །གསུང་རབས་ཡན་ལག་བཅུ་གཉིས་ལ་ཕྱག་འཚལ། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་དང་། །མཐར་གནས་དགུ་དང་རྣམ་པར་ཐར་པ་བརྒྱད། །ཟིལ་གནོན་ཟད་པར་སྟོབས་དབང་མ་འདྲེས་གཟུངས། །མི་འཇིགས་བཞི་སོགས་རྟོགས་ཆོས་ལ་ཕྱག་འཚལ། །ལུམྦྷིའི་ཚལ་དང་བྱང་ཆུབ་ཤིང་གི་དྲུང་། །ལྦཱ་རཱ་ན་སི་ལྷ་ལས་བབས་པའི་གནས། །མཉན་ཡོད་རྒྱལ་པོའི་ཁབ་དང་ཡང་པ་ཅན། །རྩྭ་མཆོག་གྲོང་སྟེ་གནས་བརྒྱད་ལ་ཕྱག་འཚལ། །དེར་བཞུགས་བཀྲ་༡ཤིས་འབྱུང་སྒོ་མང་ཡང་ཟེར། བའི་མཆོད་རྟེན་དང་། །བྱང་༢ཆེན་པད་སྤུང་ཡང་ཟེར་ཆོས་འཁོར་༣ལྷ་བབས་༤ཆོ་༥འཕྲུལ་བདུད་འདུལ་ཡང་ཟེར། ཆེ། །དབྱེན་༦བཟླུམ་བྱམས་དངོས་བྱིན་རླབས་རྣམ་རྒྱལ་དང་། །མྱང་འདས་མཆོད་རྟེན་བརྒྱད་ལ་ཕྱག །ཀ་དག་གདོད་མའི་ཆོས་སྐུ་ཀུན་ཏུ་བཟང་། །ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །འགྲོ་འདུལ་སྤྲུལ་སྐུ་ཤཱཀྱ་སེང་གེ་སོགས། །སྐུ་གསུམ་སྟོན་པ་རྣམས་ལ་གསོལ་བ། །འཇམ་དབྱང་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ༴ གྲགས་ལྡན་མཆོག་སྐྱོང་གནོད་སྦྱིན་སྐར་མདའ་གདོང་། །བློ་གྲོས་ཐབས་ལྡན་ཀླུ་རྒྱལ་འཇོག་པོ་དང་། །དྲི་མེད་གྲགས་པ་ཉིད་དེ་དམ་པ་ཡི། །རིགས་ཅན་དྲྭ་མ་ལྔ་ལ༴ ཤཱ་རིའི་བུ་སོགས་ཉན་ཐོས་མཆོག་བརྒྱད་དང་། །སྒྲ་གཅན་འཛིན་སོགས་གནས་བརྟན་བཅུ་དྲུག་སྟེ། །དགེ་སློང་དང་ནི་དགེ་བསྙེན་ཕ་མར་བཅས། །ཐུན་མོང་འཁོར་རྣམ་བཞི་ལ་གསོལ༴ འོད་སྲུང་ཀུན་དགའ་བོ་དང་ཤཱ་ནའི་གོས། །ཉེ་སྦས་དྷི་དྷི་ཀ་དང་ནག་པོ་པ། །ལེགས་མཐོང་ཆེན་པོ་ཉིད་དེ་ཐུབ་དབང་གི། །བསྟན་པའི་གཏད་རབས་བདུན་ལ༴ དགའ་རབ་རྡོ་རྗེ་ཨིནྡྲ་བྷུ་ཏི་དང་། །ས་ར་ཧ་སོགས་གྲུབ་ཆེན་བརྒྱ་ཅུ་བཞི། །འཇམ་དཔལ་ཤྲཱྀ་སེང་ཛྙ་ན་སུ་ཏྲ་སྟེ། །འདས་རྗེས་ཐོབ་པ་གསུམ་ལ༴ འཕགས་མཆོག་ཀླུ་སྒྲུབ་ཨརྱ་དེ་བ་དང་། །ཐོགས་མེད་དབྱིག་གཉེན་ཕྱོགས་གླང་ཆོས་གྲགས་ཏེ། །འཛམ་གླིང་མཛེས་རྒྱན་དྲུག་དང་རྨད་བྱུང་གཉིས། །ཆེན་པོ་བཞི་དང་བཅས་ལ་གསོལ༴ ཧཱུྃ་མཛད་ངྷ་ན་སཾ་སྐྲྀ་མཉྫུ་ཤྲཱི། ཀླུ་དབང་བི་མ་ལ་དང་རོམ་བུ་གུ། །པྲ་བྷ་ཧ་སྟི་ཤིནྟཾ་གརྦྷ་སྟེ། །གྲུབ་པའི་རིག་འཛིན་བརྒྱད་ལ་གསོལ་བ༴ རྒྱལ་ཀུན་འདུས་ཞལ་སངས་རྒྱས་པདྨ་སྐྱེས། །མཁན་ཆེན་བྱང་ཆུབ་སེམས་དཔའ་ཞི་བ་འཚོ། །པདྨའི་ཀ་མ་ཤྲཱི་ལ་མཆན་ངང་ཚུལ་སྨིརྟི་ཛྙཱ་ན་སོགས། །སྔ་འགྱུར་པཎ་ཆེན་བརྒྱ་རྩར་གསོལ༴ སྤྱན་རས་གཟིགས་དབང་སྲོང་བཙན་མི་ཡི་ལྷ། །འཇམ་དཔལ་དབྱངས་དངོས་ཁྲི་སྲོང་ལྡེའུ་བཙན། །གསང་བའི་བདག་པོ་ཁྲི་ལྡེའུ་གཙུག་བརྟན་ཏེ། །ཆོས་རྒྱལ་མེས་དབོན་གསུམ་ལ༴ གངས་ཅན་མིག་གཅིག་ཐུ་མི་སམྦྷོ་ཊ། །སྐལ་ལྡན་སྙིང་གི་བུ་དགུ་རྗེ་འབངས་གྲོགས། །སྐ་ཅོག་ཞང་དང་རྨ་གཉགས་རོང་ཟོམ་སོགས། །སྒྲ་བསྒྱུར་ལོ་ཙཱ་བརྒྱ་རྩར་གསོལ༴ རྦརཏྣ་དཔལ་དབྱངས་ཡེ་ཤེས་དབང་པོ་རྣམ་སྣང་མཛད་བཻ་རོ་ཙ་ན། །རྒྱལ་བའི་བྱང་ཆུབ་རྨ་བན་རིན་ཆེན་མཆོག །ངན་ལམ་རྒྱལ་མཆོག་དབྱངས་དང་ཀླུ་དབང་སྲུང་། །འདུལ་འཛིན་སད་མི་བདུན་ལ༴ གནུབས་གཉགས་ཟུར་ཏེ་བསྟན་པའི་བབས་སོ་གསུམ ། །ཉང་བན་ལྡང་མ་ལྕེ་བཙུན་ཞང་ཡབ་སྲས། །མེ་ལོང་ཀུ་མ་རཱ་ཛ་ཀློང་ཆེན་སོགས། །རྫོགས་ཆེན་བརྒྱུད་འཛིན་རྣམས་ལ༴ རྨ་གཡོ་གཙང་གསུམ་དགོངས་པ་རབ་གསལ་དང་། །ཀླུ་མེས་ཚུལ་ཁྲེམས་ཤེས་རབ་ལ་སོགས་པ། །དབུས་གཙང་མི་བཅུ་ནས་བརྒྱུད་སྔ་འགྱུར་གྱི། །བསྟན་རྩ་སོ་ཐར་བརྒྱུད་པར་གསོལ་བ་འདེབས། ། ལྷ་ས་བསམ་ཡས་ཁྲ་འབྲུག །ཆོས་འཁོར་གསུམ་དུ་ཀློག་པའི་འཁོར་ལོ་རྫོགས། །གཡེར་པ་འཆིམས་ཕུ་ཤེལ་བྲག །སྒྲུབ་གནས་གསུམ་དུ་སྤོང་བ་བསམ་གཏན་དང་། །བྱ་བ་ལས་ཀྱི་འཁོར་ལོས་ས་གསུམ་གྱི། །འགྲོ་འདྲེན་མཁས་གྲུབ་རྣམས་ལ༴ གཞན་ཡང་གཏེར་སྟོན་མཆོག་གླིང་གཏེར་ཕྲན་བརྒྱ། །མངལ་རི་པཎ་ཆེན་པྲ་ཛྙཱ་རསྨིའི་ཞབས། །བརྒྱུད་ཚུལ་ཀུན་འདུས་གཏེར་བདག་གླིང་བ་དང་། །ཆོས་དཔལ་རྒྱ་མཚོ་སོགས་ལ༴ དེ་བཞིན་དམ་གཙང་བྱམས་གསུམ་ནས་བརྒྱུད་པའི ། །མཁས་གྲུབ་རིམ་བྱོན་རྣམས་དང་དེ་ལས་གཞན། །པདྨ་རིག་འཛིན་མཁྱེན་བརྩེའི་འོད་ཟེར་སོགས། །བསྟན་འཛིན་དམ་པ་རྣམས་ལ༴ མདོར་ན་སྐྱེས་བུ་ཟུང་བཞི་ཡ་བརྒྱད་དང་། །ས་བཅུ་ལམ་ལྔའི་སྤང་རྟོགས་ཡོན་ཏན་ལ། །དབང་བསྒྱུར་ཐེག་པ་གསུམ་དང་གྲུབ་མཐའ་བཞིའི། །སྲོལ་འབྱེད་དགེ་འདུན་ཉི་ཤུར༴ དེ་ལྟར་ཀུན་བཟང་སྤྱོད་པ་རྒྱ་མཚོ་ཡིས། །རྟག་ཏུ་གཞན་ལ་ཕན་པ་ལྷུར་མཛད་པའི། །ཐུབ་དབང་སྲས་དང་བཅས་པའི་ཞལ་སྐྱེན་མཆོག །འཁོར་ལོའི་དབང་ཕྱུག་རྣམས༴ བྱིན་རླབས་རྩ་བ་དཔལ་ལྡན་བླ་མ་དང་། །དངོས་གྲུབ་རྩ་བ་ཡི་དམ་ཞི་ཁྲོའི་ལྷ། །བར་ཆད་སེལ་བའི་རྩ་བ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་སྲུང་མར་བཅས་ལ༴ འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ངན་སོང་གསུམ་སོགས་མི་ཁོམ་གནས་སྤངས་ཏེ། །དལ་བའི་རྟེན་ལ་བཤེས་གཉེན་མཆོག་བསྟེན་ནས། །དཀོན་མཆོག་རིན་ཆེན་གསུམ་དེའི་རྗེས་འཛིན་ཤོག །དགེ་དང་མི་དགེའི་ལས་བཅུའི་བླང་དོར་ལ། །མ་རྨོངས་རྗེས་དྲན་དྲུག་དང་བདེན་པ་བཞི། །རྟེན་འབྲེལ་ཚད་མེད་བཞི་དང་ཕྱིན་དྲུག་གི། །ལམ་ལས་བྱང་ཆུབ་སེམས་གཉིས་སྐྱེད་པར་ཤོག །ཐོས་བསམ་བསྒོམ་པས་རང་རྒྱུད་གདུལ་བ་དང་། །འཆད་རྩོད་རྩོམ་པས་བསྟན་ལ་བྱ་བ་བྱེད། །མཁས་བཙུན་བཟང་པོས་འགྲོ་ཕན་སྒྲུབ་པ་ལ། །ཚེ་རབས་ཀུན་ཏུ་སྐྱོ་བར་མ་གྱུར་ཅིག །ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་ཤེས་བྱའི་གཞིར། །བདག་དང་བདག་གིར་ལྟ་བ་ཡོངས་ལྤངས་ནས། །བདག་མེད་རྣམ་གཉིས་མངོན་སུམ་རྟོགས་པ་ཡིས། །སྲིད་པའི་ཕྲ་རྒྱས་མ་ལུས་སྤངས་བར་ཤོག །ཁྱད་པར་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ། །བརྟེན་ནས་རིག་འཛིན་རྣམ་བཞི་རིམ་བསྒྲོད་དེ། །མཐར་ཐུག་སྐུ་དང་ཡེ་ཤེས་ལྔའི་བདག་ཉིད། །དག་པ་གཉིས་ལྡན་མངོན་དུ་བྱེད་པར་ཤོག །མཐའ་བརྒྱད་སྤྲོས་བྲལ་ཆོས་སྐུའི་ངང་ཉིད་ལས། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུའི་རྩལ། །བཟོད་སྐྱེ་མཆོག་གི་སྤྲུལ་པ་གྲངས་མེད་ཀྱིས། །རྣམ་བཞིའི་ཕྲིན་ལས་དཔག་ཡས་སྒྲུབ་པར་ཤོག །མདོར་ན་རྒྱལ་དང་དེ་སྲས་འཕགས་རྣམས་ཀྱིས། །གཞན་ལ་ཕན་པའི་མཛད་བཟང་ལྷུར་བཞེས་པའི། །སྨོན་གནས་དེ་ཀུན་བདག་གིས་ཡོངས་གྲུབ་ནས། །མཐའ་ཡས་འགྲོ་བ་སྲིད་ལས་སྒྲོལ་གྱུར་ཅིག །ཅེས་པ་སྔ་འགྱུར་རྙིང་ལུགས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་གཞན་ཕན་མཐའ་ཡས་ཞེས་བྱ་བ་འདི་ཡང་དམ་པའི་ཚུལ་དགུས་ལེགས་པར་བརྒྱན་པའི། རང་སློབ་གནས་བརྟན་པདྨ་དམ་ཆོས་བཟང་པོ་ནས་ཇི་ལྟར་བསྐུལ་བཞིན་དང་དུས་ཀྱི་སྐྱེ་བོ་རྣམས་ཡོངས་གྲགས་ཀྱི་བརྡ་ཆད་རྣམ་གྲངས་སུ་བྱས་པ་དག་ལའང་རྨོངས་པར་རིགས་ནས་དེ་དག་ལ་ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ། མདོ་ཁམས་ཀྱི་བཙུན་པ་གཞན་ཕན་མཐའ་ཡས་སུ་འབོད་པས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཡང་དབེན་གངས་ཁྲོད་བདེ་བ་ཆེན་པོའི་ཕོ་བྲང་ནས་ཤར་མར་སྤེལ་བ་དགེ ༈ །རིམ་བྱོན་མཁས་གྲུབ་ནོར་བུའི་ཕྲེང་། །གསོལ་འདེབས་ཤིང་རྟས་འདྲེན་པའི་ངག །དད་ལྡན་ཀླུ་རྒྱལ་ཀྱིས་སྤེལ་བས ། །གཞན་ལ་ཕན་པ་མཐའ་ཡས་ཤོག །ཅེས་པའང་བཙུན་པ་གཞན་ཕན་པས་སོ།། །།

རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་ཇི་ལྟར་བརྒྱུད་པའི་སྲོལ་འཛིན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་སྐལ་ལྡན་ཐར་བར་འགྲོ་བའི་ས་མཁན། རྒྱལ་སྲས་གཞན་ཕན་མཐའ་ཡས།

རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་ཇི་ལྟར་བརྒྱུད་པའི་སྲོལ་འཛིན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་སྐལ་ལྡན་ཐར་བར་འགྲོ་བའི་ས་མཁན་ཞེས་བྱ་བ་བཞུགས་སོ། །དག་ཆེན་གདོད་མའི་དབྱིངས་སུ་རང་རིག་པའི། །ཡེ་ཤེས་མངོན་བྱང་ཆུབ་པ་ཀུན་བཟང་ཞལ། །སྒྱུ་འཕྲུལ་དྲྭ་བའི་ཕྱག་རྒྱར་ཡོངས་ཤར་བ། །རྡོ་རྗེ་སེམས་དཔའ་རིགས་ལྔའི་གཙོ་ལ་འདུད། །ཁྱབ་བདག་རྒྱལ་བ་གང་དེའི་ཡེ་ཤེས་ཀྱི། །རྣམ་གྲངས་སེམས་དཔའ་དང་ནི་འཇོམས་པ་ཡི། །ཁྱད་པར་ཅིར་ཡང་སྣང་བར་མཛད་པ་ལས། །མཆོག་གྱུར་ཉེ་སྲས་བརྒྱད་ལ་གུས་ཕྱག་འཚལ། །དེ་ལྟའི་རྒྱལ་དང་དེ་སྲས་དགོངས་པའི་ཀློང་། །གཅིག་རྣམས་སྒྲ་ཚིག་རང་མཚན་ལས་འདས་ཕྱིར། །དགོངས་བརྡའི་བརྒྱུད་པར་གྲགས་པའི་ཚོགས་རྣམས་ལ། །གནས་ལུག་རང་ངོ་འཕྲོད་པར་གསོལ་བ་འདེབས། །གང་ཚེ་རིགས་གསུམ་སེམས་དཔས་རྗེས་བཟུང་བའི། །ལྷ་ཀླུ་གནོད་སྦྱིན་སྲིན་པོའི་རིག་པ་འཛིན། །སྤྱི་དང་བྱེ་བྲག་གསང་སྔགས་འབྱུང་བའི་གནས ། །མ་ལ་ཡ་ཞེས་གནམ་ལྕགས་ཡོད་པའི་རྩེར། །གསང་བདག་དཔའ་བོའི་རྗེས་བཟུང་བྱིན་རླབས་པ། །ལྷ་ཡི་རིག་འཛིན་གྲག་ལྡན་མཆོག་སྐྱོངས་དང་། །སྲིན་པོ་བློ་གྲོས་ཐབས་ལྡན་ཀླུ་འཇོག་པོ། །གནོད་སྦྱིན་སྐར་མདའ་གདོང་དང་མིའི་རིག་འཛིན། །དྲི་མེད་གྲགས་པ་ཉིད་དེ་རིགས་ཅན་ལྔ། །གསང་བདག་རྗེ་དང་ལི་ཙ་བི་གང་གི། །རྗེས་བཟུང་དོན་དང་ཚིག་གི་བརྒྱུད་པ་རྣམས། །ཡོངས་འཛིན་ཆོས་རྒྱལ་ལུང་བསྟན་རྡོ་རྗེ་ལ། །རྒྱུད་གསུམ་དོན་ཀུན་རྟོགས་པར་གསོལ་བ་འདེབས། །རྒྱལ་པོ་ཛཿཞེས་གྲགས་པ་གང་དེ་ཡིས། །སྒྱུ་འཕྲུལ་དྲྭ་བའི་སྨིན་གྲོལ་གདམས་ངག་གིས། །རྗེས་བཟུང་ཀུ་ཀུ་ར་ཛ་ཚོམ་བུ་འབུམ། །དེ་བཞིན་ཨིནྟྲ་བོ་ངྷི་ཚོམ་བུ་ཁྲི། །སེང་ཧ་རཱ་ཛ་ཚོམ་བུ་སྟོང་དང་ནི། །ཨུ་པ་རཱ་ཛ་ཚོམ་བུ་ལྔ་བརྒྱ་དང་། །སྲས་མོ་གོ་མ་ཚོམ་བུ་བརྒྱ་དང་བཅས། །རིག་འཛིན་ས་ལ་རིམ་བཞིན་མངོན་གཤེགས་པའི། །རིག་པ་ཁྱད་པར་ཅན་གྱི་བརྒྱུད་པ་ལ། །བསྒྲུབ་འབྲས་ཚེ་འདིར་ཐོབ་པར་གསོལ་བ་འདེབས། །དེ་ལྟའི་གདམས་ཟབ་གོ་མ་ས་ལ་ཡིས། །ཁྱི་རྒྱལ་ཕྱི་མ་སློབ་དཔོན་སྒེག་རྡོར་དང་། །བུདྷ་གུ་ཧྱ་གསུམ་ལ་གནང་བ་ལས། །ཀུ་ཀུ་རཱ་ཛས་རོ་ལངས་བདེ་བ་དང་། །དྲང་སྲོང་བྷ་ཤི་ཏ་གཉིས་ལ་བཤད་དེ། །ལྔ་མས་རྡོ་རྗེ་བཞད་པ་ལ་ཡང་གནང་། །དེ་དང་བྷ་ཤི་ཏ་ཡིས་ཟ་ཧོར་གྱི། །རྒྱལ་པོ་པྲ་བྷ་ཧ་སྟི་ལ་བཤད་ནས། །གང་དེས་ཨོ་རྒྱན་སངས་རྒྱས་གཉིས་པར་གདམས། །དེ་བཞིན་སྒེག་བའི་རྡོ་རྗེ་སངས་རྒྱས་གསང་། །རྣམ་པ་གཉིས་ལས་བཱི་མ་མི་ཊ་ཡིས། །གསན་ནས་རྨ་གཉགས་ཟུང་གིས་བསྒྱུར་བ་དང་། །སངས་རྒྱས་གསང་བ་ཉིད་ལས་བཻ་རོ་རྗེས། །གསན་པ་དང་བཅས་བརྒྱུད་པའི་སྲོལ་གསུམ་པོ། །ཀུན་འཛིན་བབས་སོ་དང་པོ་གཉགས་ཡིན་ཕྱིར། །ཛྙཱ་ན་ཀུ་མ་ར་བཅས་མགོན་རྣམས་ལ། །ས་ལམ་གོང་དུ་འཕེལ་བར་གསོལ་བ་འདེབས། །གཉགས་ཆེན་ཡེ་ཤེས་གཞོན་ནུའི་རྗེས་བཟུངས་པ། །སོག་པོ་དཔལ་གྱི་ཡེ་ཤེས་གང་དེ་ཡིས། །གནུབ་ཆེན་ལ་བཤད་དེ་བཞིན་རྨ་གཉགས་ཀྱི། །ཐུན་མོང་སློབ་མ་ཁུ་བཙུན་བྱང་ཆུབ་འོད། །ཁྱུང་པོ་དབྱིག་འོད་གཉིས་ལས་སྡ་མས་ནི། །ཞང་བཙུན་རྒྱལ་བའི་ཡོན་ཏན་ལ་བཤད་ཅིང་། །ཁྱུང་པོས་དར་རྗེ་དཔལ་གྱི་གྲགས་པ་ལ། །བཤད་ཅིང་དེ་ལས་ཡོངས་གྲགས་དབུས་ལུགས་དང་། །ཁམས་ལུགས་ཞེས་གྲགས་བཀའ་སྲོལ་གཉིས་པ་གྱེས། །ཞང་གིས་བཤད་པ་གཙང་བཟུང་མཆིམས་ཕུ་མར། །གྲགས་པ་ཉིད་དེ་འདིར་ཡང་གནུབས་ཀྱི་གསན། །གཞན་ཡང་རྨ་ནས་མཁས་པ་གཙུག་གྱེར་གཉིས། །བརྒྱུད་པ་སྒྱུ་འཕྲུལ་ནར་བུའི་ལུགས་སམ་ནི། །གདམས་ལུགས་ཞེས་གྲགས་དེ་ཡང་གནུབས་ལ་བབས། །དེ་ཕྱིར་བབས་སོ་གཉིས་པ་གནུབ་ཆེན་པོ། །སངས་རྒྱས་ཡེ་ཤེས་ཞབས་ལ་ཐུགས་སྲས་བཞི། །སྲས་ཀྱི་དམ་པ་གཅིག་བཅས་ལྔར་གྲགས་པའི། །ནང་ཚན་སོ་བཙུན་ཡེ་ཤེས་དབང་ཕྱུག་ནས། །རིམ་བཞིན་དཔའ་ཐུང་བྱང་ཆུབ་རྒྱལ་མཚན་དང་། །གོང་བཙུན་ཤེས་རབ་ཡེ་ཤེས་གང་དེ་ཡིས། །གཙང་གི་ར་ཐུང་ཤེས་རབ་ཚུལ་ཁྲིམས་ལ། །དེ་ནས་ཤེས་རབ་མཆོག་དང་ཉང་ཡེ་འབྱུང་། །ཡང་ན་བུ་དྷ་ཛྙཱ་ནའི་ཐུགས་སྲས་མཆོག །གནུབས་ཆུང་ཁུ་ལུང་ཡོན་ཏན་རྒྱ་མཚོ་ནས། །དེ་སྲས་ཡེ་ཤེས་རྒྱ་མཚོ་ལ་བརྒྱུད་དེ། །ཉང་བཙུན་ཤེས་རབ་མཆོག་དང་ཉང་ཆེན་པོ། །ཡེ་ཤེས་འབྱུང་གནས་ལ་བརྒྱུད་སྲོལ་གཉིས་ཀ །གསང་བདག་ཟུར་ཆེན་ཤཱཀྱ་འབྱུང་གནས་ལ། །གཏོད་ཕྱིར་བབས་སོ་གསུམ་པ་གང་དེ་ནས། །ཟུར་ཆུང་ཤེས་རབ་གྲགས་དང་དེ་ཡི་སྲས། །ཀ་ཆེན་བཞི་དང་གསང་བདག་སྒྲོ་ཕུག་པ། །ཤཱཀྱ་སེང་གེ་ནས་བརྒྱུད་སྒྱུ་འཕྲུལ་ནི། །བཤད་ཀའི་ལུགས་ཞེས་གྲགས་པའི་སྲོལ་འཛིན་པའི། །མཁས་གྲུབ་བླ་མ་ཇི་སྙེད་བྱོན་རྣམས་ལ། །སྣང་བ་ལྷ་སྐུར་འཆར་བར་གསོལ་བ་འདེབས། །ཁྱད་པར་སྒྱུ་འཕྲུལ་གདམས་ངག་ལུགས་ཞེས་པ། །གཉགས་ཀྱི་གསང་ཆོས་སླབ་བཤད་ཐུན་མིན་རྒྱུན། །རྨ་ནས་གཙུག་རུ་རིན་ཆེན་གཞོན་ནུ་ངང་། །གྱེ་རེ་མཆོག་སྐྱོང་གཉིས་ལ་རིམ་བརྒྱུད་ནས། །དར་རྗེ་དཔལ་གྲགས་དེ་ཡིས་གནུབས་ཆེན་ལ། །བཤད་ཅིང་དེ་ནས་རིམ་བཞིན་སྤ་གོར་གྱི། །བློན་ཆེན་འཕགས་པ་དང་ནི་ཏན་ཡོན་ཏན་མཆོག །གསལ་བའི་བྱང་ཆུབ་བློ་གྲོས་རྒྱ་གཞོན་ནུ་དང་། །ཚུལ་མགར་ཁྲིམས་བཟང་པོ་ཡེ་ཤེས་མཚུར་དབང་པོའི་ཞབས། །ཆོས་དག་ཀྱི་དབང་ཕྱུག་མཆོག་ཞང་གི་བླ་མ་དང་། །ཡོན་གྱི་ཏན་འབྱུང་གནས་སློབ་དཔོན་གཞོན་དོན་གྲུབ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ། །བརྩེ་ཆེན་ཐུགས་རྗེའི་བདག་ཉིད་མགོན་རྣམས་ལ། །དོན་དམ་ཆོས་སྐུ་རྟོགས་པར་གསོལ་བ་འདེབས། །ཀུན་མཁྱེེན་བླ་མས་རྗེས་བཟུང་མཁས་གྲུབ་མཆོག །ཁྱབ་བརྡལ་ལྷུན་གྲུབ་ནས་བརྒྱུད་རིམ་པ་བཞིན། །སྤྲུལ་སྐུ་གྲགས་པ་འོད་ཟེར་མཁས་གྲུབ་མཆོག །སངས་རྒྱས་དབོན་པོ་ཆོས་རྗེ་ཟླ་གྲགས་དང་། །འབྲི་གུང་ཀུན་བཟང་རྡོ་རྗེ་རིན་ཆེན་ཕུན་ཚོགས་ཞབས། །རོང་གྲོལ་ཉི་ཟླ་སངས་རྒྱས་ཚེ་དབང་མཁན་མ་ཎི་དང་། །སྣང་མཛད་རྡོ་རྗེ་འབྲུག་སྒྲ་བཟང་པོའི་སྡེ། །འཕྲིན་ལས་ལྷུན་གྲུབ་གཏེར་ཆེན་འགྲོ་བའི་མགོན། །འགྱུར་མེད་རྡོ་རྗེ་དང་ནི་གང་དེའི་གཅུང་། །མཁན་ཆེན་དྷརྨ་ཤྲཱི་ནས་བརྒྱུད་དེ། །ཁྲི་ཆེན་རིན་རྣམས་དེ་ཡིས་གྲུབ་དབང་མཆོག །ཤྲཱི་ན་ཐ་ལ་བརྩལ་རྗེ་གང་དེས། །ཀུན་མཁྱེན་ཕྱི་མ་མཁྱེན་བརྩེའི་འོད་ཟེར་ལ། །གནང་ཕྱིར་སྙན་བརྒྱུད་བླ་མའི་ཚོགས་རྣམས་ལ། །བདེན་གཉིས་དབྱེར་མེད་རྟོགས་པར་གསོལ་བ་འདེབས། །མགོན་པོ་གང་དེས་སྨིན་གྲོལ་གདམ་པའི་མཛོད། །མ་ལུས་རང་སྐལ་ཉིད་དུ་བརྩལ་བ་དང་། །ཆབ་གཅིག་བདག་གིར་བགྱིས་ནས་བསྟན་འགྲོའི་སྲོག །གསོ་མཛད་ཀུན་གཟིགས་བྱང་ཆུབ་རྡོ་རྗེ་དང་། །སྐྱབས་མགོན་མཆོག་དེས་མདོ་སྔགས་བསྟན་པའི་ཁུར། །ཁྱོད་གཅིག་ཁོ་ནས་འཛིན་ལ་མ་ཞུམས་ཞེས། །བསྟན་རྩར་དབང་བསྐུར་མཛད་པའི་རིག་པ་འཛིན། །གཞོན་ནུ་འཇིགས་མེད་ཆོས་ཀྱི་བློ་གྲོས་སོགས། །མདོར་ན་རྒྱུད་རྒྱལ་སྒྱུ་འཕྲུལ་དྲྭ་བ་ཡི། །མན་ངག་ལ་བརྟེན་གྲུབ་གཉིས་མངོན་བྱས་པའི། །རིག་འཛིན་བླ་མ་དམ་པའི་ཚོགས་རྣམས་ལ། །བློ་འདས་ལྟ་བ་རྟོགས་པར་གསོལ་བ་འདེབས། །དེ་ལྟར་དགོངས་བརྡའ་སྙན་ཁུང་རིམ་བརྒྱུད་པའི། །དམ་པ་ཀུན་གྱི་གདམས་ངག་གསང་བའི་མཛད། །མ་ལུས་བཟུང་ནས་འགྲོ་ལ་རྩོལ་མཛད་པའི། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། །བསྐྱེད་རྫོགས་མཐའ་རུ་ཕྱིན་པར་གསོལ་བ་འདེབས། །གང་ཞིག་གསོལ་བ་བཏབ་པའི་རེ་འབྲས་ཀུན། ། ཐོགས་མེད་ཡིད་བཞིན་འགྲུབ་པའི་བྱིན་རླབས་དང་། །བདག་སོགས་འདི་ནས་ཚེ་རབས་ཐམས་ཅད་དུ། །མགོན་པོ་རྣམས་ཀྱིས་རྗེས་སུ་འཛིན་པར་ཤོག །སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་གསུམ་དང་། །མ་ནོར་ལམ་སྟོན་བླ་མའི་ཐུགས་རྗེ་ཡིས། །བདག་གིས་ཡིད་སྨོན་གསོལ་བ་གང་བཏབ་པ། །དེ་དག་འགྲོ་བའི་དོན་དུ་འགྲུབ་གྱུར་ཅིག །ཅེས་པའང་མཁྱེན་དཔྱོད་ཀྱི་བློ་གྲོས་མཆོག་ཏུ་ཡངས་པའི་སྒྲུབས་བརྩོན་ཟླ་བ་གྲགས་པས་གསུང་གིས་བསྐུར་ངོར། །དེང་དུས་ཀྱི་རྒྱུད་པ་རྣམས་ཀྱིས་བླ་མ་བརྒྱུད་པའི་རིམ་པ་བདེ་བླག་ཉིད་དུ་རྟོགས་པར་བྱ་བའི་ཕྱིར་འཕྲོས་དོན་ཅུང་ཟད་ཀྱིས་ངག་སྒོ་ཡངས་པར་བྱས་ནས་བརྗོད་པ་པོ། མདོ་སྔགས་བསྟན་པའི་ཉིན་བྱེད་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཀྱི་བཀའ་འབང་གི་གྲལ་མཐར་སྡོད་པ་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་འོད་ཟེར་རོ། །དགེའོ། །དགེའོ། །དགེའོ།། །།

སྔོན་འགྲོ་ཡན་ལག་བརྒྱད་པ་མེ་ཏོག་ཕྲེང་མཛེས། གནུབས་ཆེན་སངས་རྒྱས་ཡེ་ཤེས།

པྲ ག ཏཱ ཁ྄ཊ྅྅྅ ངྒ སྱ ཤཱི ཪྴ མ།
༅། །སྔོན་འགྲོ་ཡན་ལག་བརྒྱད་པའི་དབུའོ། །
རྣལ་འབྱོར་པས་རྒྱུན་དུ་བཤགས་པ་བྱ་བ་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཁར་ཉི་ཟླའི་གའུ་ཁ་སྦྱོར་གནས་པའི་ནང་དུ། སེམས་ཀྱི་རང་བཞིན་ཡི་གེ་ཧཱུྃ་དཀར་པོ་གཅིག་བསམ། དེ་ལས་འོད་དུ་བྱུང་སྲོག་དག་པའི་ལམ་དུ་ཞུགས། རང་གི་ལྟེ་བའི་འོག་ནས་རྩ་རོ་མ་རྐྱང་མ་ཀུན་དྷར་མ་དང་གསུམ་ཡོད་པ་ཤད་ཀྱི་ཚངས་བུག་ཏུ་སླེབ་པའི་ནང་དུ་འོད་བྱུང་བས། སྤྱི་བོ་ཚངས་པའི་བུ་ག་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་ལ་གཟུགས་ཀྱི་སྐུར་བཞེངས་ནས། དེ་ཡང་ཞི་ཁྲོ་ཕུར་གསུམ་གྱི་ལྷ་ཚོགས་གྱུར་ནས། མདུན་གྱིི་ནམ་མཁར་སྤྱན་དྲངས། ཉི་ཟླ་པདྨ་གསུམ་བརྩེགས་ཀྱི་སྟེང་ན་ཞལ་རམ་མེར་བཞུགས་པར་བསམ། གཙོ་བོའི་དབུ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རྡོ་རྗེ་སློབ་དཔོན་ལ་བརྒྱུད་པའི་བླ་མ་རྣམས་རྡོ་རྗེ་སེམས་དཔའི་ཆ་ལུགས་སུ་བྱས་ནས་དབུ་རྒྱན་གྱི་ཚུལ་དུ་བཞུགས་པར་བསམ། བདག་ལ་ཞལ་གྱིས་ཕྱོགས། སྤྱན་གྱིས་གཟིགས། ཐུགས་ཀྱིས་དགོངས་ནས་བཞུགས་པ་ལ། ༀ་བཛྲ་ཨརྒྷཾ་པྲ་ཏིཙྪ་ཨཱཿཧཱུྃ། དྷུ་པེ༴ པུཥྤེ༴ ཨ་ལོ་ཀེ༴ གནྡྷེ༴ ནཻ་ཝཱིདྱ༴ ཤཔྡ་ཨཱཿཧཱུྃ། ཞེས་པས་མཆོད། རང་ལུས་དཔག་ཏུ་མེད་པར་སྤྲུལ་ནས། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བར་བསམ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་བཤེས་གཉེན་དམ་པ་ཁྱེད། །བདག་ཅག་རྣམས་ཀྱི་ཕ་ལགས་སོ། །བདག་ཅག་རྣམས་ཀྱི་མ་ལགས་སོ། །བདག་ཅག་རྣམས་ཀྱི་མགོན་ལགས་སོ། །བདག་ཅག་རྣམས་ཀྱི་སྟོན་པ་ལགས། །བདག་ཅག་རྣམས་ཀྱི་འདྲེན་པ་ལགས། །མུན་པ་སེལ་བའི་སྒྲོན་མེ་ལགས། །དུག་གསུམ་ནད་སེལ་སྨན་པ་ལགས། །འགྲོ་བ་སྒྲོལ་བའི་གྲུ་ལགས་སོ། །ཉི་མའི་ཞལ་ལ་ཕྱག་འཚལ་ལོ། །ཟླ་བའི་སྐུ་ལ་ཕྱག་འཚལ་ལོ། །པདྨའི་གསུང་ལ་ཕྱག་འཚལ་ལོ། །ནམ་མཁའི་ཐུགས་ལ་ཕྱག་འཚལ་ལོ། །ཡོན་ཏན་རེ་བ་སྐོང་ཕྱག་འཚལ་ལོ། །ཕྲིན་ལས་ཀུན་སྒྲོལ་ཕྱག་འཚལ་ལོ། །དེས་བསྐྱེད་དུས་གསུམ་སངས་རྒྱས་དང་། །དམ་ཆོས་རྒྱུ་འབྲས་མ་ལུས་དང་། །རིག་འཛིན་བྱང་ཆུབ་སེམས་དཔའ་དང་། །དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་གྱི་བདག །ཡེ་ཤེས་རྒྱ་མཚོ་རབ་ཟབ་ཐུགས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །ནོར་བུ་རིན་ཆེན་ཡོན་ཏན་མཛོད། །རྡོ་རྗེའི་ཡིད་ལ་ཕྱག་འཚལ་ལོ། །ཐམས་ཅད་ངོ་བོ་མཉམ་ཉིད་སྐུ། །བདེ་ཆེན་གར་དབང་སྐུ་གསུང་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོ་ཡི། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དེ་ནི་སྤྱན་དྲངས་པ་དང་། ཕྱག་འཚལ་བའི་ཡན་ལག་སྟེ་དང་པོའོ། །གཉིས་པ་ནི། ཀུན་ཏུ་བཟང་པོའི་མཆོད་པ་གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་སྣ་ཚོགས་ཀྱིས་མཆོད་པས་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ཁྱད་པར་སྤྲོས་པས། ནམ་མཁའ་ལ་སྤྲིན་བཞིན་དུ་འཁྲིགས་པ། བར་སྣང་ལ་ཆར་བཞིན་དུ་བབ་པ། ས་གཞི་ལ་རྩི་ཤིང་བཞིན་དུ་སྐྱེས་པ་མཆོད་པར་བསམ། གཞན་ཡང་ཕྱིའི་ལྷ་མོ་བཞི། སྤོས་མ་དང་། མེ་ཏོག་དང་། མར་མེ་མ་དང་། དྲི་ཆབ་མ་དང་བཞི། ནང་གི་ལྷ་མོ། སྒེག་མོ། ཕྲེང་བ་མ། གླུ་མ། གར་མ་རྣམས་ཀྱིས་མཆོད་པར་བསམ་ལ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱི། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀྱི། །སྤྱོད་པ་རྒྱ་མཚོ་རྨད་བྱུང་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བྷི་ཤྭ་མུ་ཁེ་བྷྱ། སརྦ་ཏ་ད་ཁཾ་ཨུཏ་ག་ཏེ། སྥ་ར་ན་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དམ་ཚིག་ཆེན་པོ་དམ་པ་གྲུབ་པར་མཛོད། །ༀ་བཛྲ་པུཥྤེ་གྲྀཧྞ་ཧཱུྃ། ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་གྲུབ་པར་མཛོད། །ༀ་བཛྲ་དྷུ་པེ་གྲྀཧྞ་ཧཱུྃ། ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །མཆོད་པ་ཆེན་པོ་དགའ་བ་དག་པར་མཛོད། །ༀ་བཛྲ་ཨ་ལོ་ཀེ་གྲྀཧྞ་ཧཱུྃ། ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །མཆོད་པ་ཆེན་པོ་བཏང་སྙོམས་གྲུབ་པར་མཛོད། །ༀ་བཛྲ་གནྡྷེ་གྲྀཧྞ་ཧཱུྃ། ༀ་བཛྲ་ལཱ་སྱ་ཧཱུྃ། ༀ་བཛྲ་མ་ལྱ་ཏྲཾ། ༀ་བཛྲ་གྷིརྟི་ཧྲཱིཿ ༀ་བཛྲ་ནིརྟི་ཨཱཿ དེ་ནི་མཆོད་པའི་ཡན་ལག་སྟེ་གཉིས་པའོ། །དེ་ནས་བཤགས་པ་བྱ་བ་ནི། རང་ཐལ་མོ་སྦྱར་ཙོག་པུར་བསྡད་ལ། རྒྱལ་བ་རྣམས་ཀྱི་སྤྱན་སྔར་ཕྱིན་ནས། རང་གཞན་གྱི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས། ད་ལྟ་ལ་ཐུག་གི་བར་དུ་སྡིག་པ་མི་དགེ་བའི་ལས་ཅི་བྱས་པ། རོག་ལ་བཅོལ་བ། གཞན་གྱི་བྱས་པ་ལ་ཡི་རང་སྐྱེས་པ། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་དང་། སྡོམ་པ་གསུམ་ལ་ཆག་ཉམས་དང་འགལ་འཁྲུལ་དུ་གྱུར་པ་ཐམས་ཅད་ཞེ་ཐག་པ་ནས་བཤགས། ད་ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པ་མི་དགེ་བའི་ལས་མི་བྱེད་པར་བསམ་ལ། ན་མོ། བདག་གིས་ཚེ་རབས་ཐོག་མ་མེད་པ་ནས། །ད་ལྟ་ཡན་ཆད་མི་དགེའི་སྡིག་སྤྱད་དང་། །འདུལ་སྡོམ་ཞིག་དང་ཕྱི་ནང་དམ་ཉམས་དང་། །ཁྱད་པར་ཉོན་མོངས་བག་མེད་ལེ་ལོ་ཡིས། །རྩ་བ་ཡན་ལག་ལ་སོགས་བསྲུང་བྱ་རྣམས། །ཞིག་རལ་ཉམས་དང་ཁྱད་བསད་ཡལ་བར་དོར། །གཞུང་དུ་མ་སྙགས་གཞུང་འགལ་ཆེ་ཆུང་རྣམས། །ཉམས་དང་ཚོར་དང་མ་ཚོར་ཉམས་སོ་འཚལ། །རྩ་བ་ཡན་ལག་ཟླ་ཞར་ཀུན་ཏུ་ཉམས། །ཤིན་ཏུ་གནོང་ཞིང་གདུང་བས་བཤགས་པར་བགྱི། །གནོང་འགྱོད་བཤགས་པས་ཚངས་པ་སྩལ་དུ་གསོལ། །ཅེས་པས་རྒྱལ་བ་རྣམས་ཀྱི་དག་པ་ཚངས་པའི་གནང་བ་བྱིན་པར་བསམ། བཤགས་པའི་ཡན་ལག་སྟེ་གསུམ་པའོ། །བཞི་པ་དགེ་བ་ལ་ཡིད་རང་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་འཕགས་པ་ཉན་ཐོས་དང་། སོ་སོའི་སྐྱེ་བོ་དང་། འཇིག་རྟེན་དགེ་འདུན་དང་གཞན་ཡང་འཇིག་རྟེན་གྱི་དགེ་བའི་རྩ་བ་ཐམས་ཅད་ལ་དགའ་ཞིང་རྗེས་སུ་ཡི་རང་བར་བསམ་ལ། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་རྣམས་དང་སོ་སོའི་སྐྱེ་བོ་ཡིས། །དགེ་བའི་རྩ་བ་བསགས་པ་མ་ལུས་པ། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །རྗེས་སུ་ཡི་རང་བའི་ཡན་ལག་སྟེ་བཞི་པའོ། །ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། ཆོས་ཀྱི་འཁོར་ལོ་བསྐོར་བར་མི་བཞེད་པ་རྣམས་ལ། ཆོས་ཀྱི་འཁོར་ལོ་བསྐོར་ནས་སེམས་ཅན་གྱི་དོན་བྱེད་པར་ཞུ་བ་གསོལ་བར་བསམ་ལ། འབྲས་བུ་མངོན་གྱུར་རིང་པོར་མ་ལོན་པར། །ཕྱོགས་བཅུའི་འཇིག་རྟེན་ཁམས་ན་བཞུགས་སོ་འཚལ། །འགྲོ་རྣམས་མྱུར་དུ་སངས་རྒྱས་ཐོབ་སླད་དུ། །བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་ཡན་ལག་སྟེ་ལྔ་པའོ། །དྲུག་པ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བ་ནི། སངས་རྒྱས་རྣམས་མྱ་ངན་ལས་འདའ་བར་དགོངས་པ་རྣམས་ལ། བདག་གིས་མཆོད་པ་རྣམས་ཀྱིས་མཆོད་དེ། འཁོར་བ་ཇི་སྲིད་མྱ་ངན་ལས་མི་འདའ་བར་བཞུགས་ནས་སེམས་ཅན་གྱི་དོན་མཛད་པར་གསོལ་བ་འདེབས་སོ་སྙམ་དུ་བསམ་ལ། གདུལ་བྱའི་བྱ་བ་ཚར་བའི་ཐུབ་པ་རྣམས། །ཆོས་ཀྱི་དབྱིངས་སུ་འདའ་བར་བཞེད་པ་ལ། །ཇི་སྲིད་འཁོར་བ་སྟོངས་པར་མ་གྱུར་པར། །བཞུགས་ནས་མྱ་ངན་མི་འདར་གསོལ་བ་འདེབས། །མྱ་ངན་ལས་ནི་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་སྟེ་དྲུག་པའོ། །བདུན་པ་བསྔོ་བ་ནི། བདག་གིས་ཚེ་རབས་ཐོག་མ་མེད་པ་ནས། ད་ལྟ་ལ་ཐུག་གི་བར་དུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དཀར་པོ་དགེ་བའི་རྩ་བ་ཅི་བྱས་པ་དང་། གཞན་ཡང་དགེ་བའི་རྩ་བ་ཅི་བགྱིས་པ་ནས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་རྒྱུར་བསྔོའོ་སྙམ་དུ་བསམ་ལ། དེ་ནས་དགེ་བའི་རྩ་བ་ཅི་བྱས་པ་ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ་བར་བྱ་བསམ་ལ། ན་མོ། བདག་གིས་ཚེ་རབས་ཐོག་མ་མེད་པ་ནས། །ད་ལྟ་ཡན་ཆད་དགེ་བ་ཅི་སྤྱད་དང་། །ཁྱད་པར་དེང་འདིར་དགེ་བ་ཅི་སྤྱད་པ། །བདག་གཞན་དོན་ཕྱིར་བྱང་ཆུབ་ཆེན་པོར་བསྔོ། །དེ་ནི་ཞབས་སྡུད་བསྔོ་བ་དང་བཅས་པའི་ཡན་ལག་སྟེ་བདུན་པའོ། །དེ་ནས་དབང་པོའི་སྤྱན་སྔར་དམ་ཉམས་པ་སླར་བླང་སྟེ་བསྲུང་བ་ནི། རྩ་བ་ཡན་ལག་གི་དམ་ཚིག་རྣམས་རང་གི་སྲོག་ལ་བབ་ཀྱང་བསྲུང་སྙམ་དུ་བསམ་ལ། དམ་བཅའ་བ་ནི། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅའ་ལ། བླ་མེད་མི་སྤངས་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །གཏི་མུག་ཆགས་དང་ཞེ་སྡང་ཆེ། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་བཅུད་མི་དོར་རོ། །བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་པའི་དོན་དུ་སྤྱད། །བྱང་ཆུབ་སྤྱོད་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབས་ཤིག །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་མཛད། །བྱང་ཆུབ་སྤྱད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ཧཱུྃ་ཞེས་བརྗོད་པས། རང་གི་ཐུགས་ཀའི་འོད་ཟེར་གྱིས་དཔང་པོའི་ལྷ་རྣམས་འོད་དུ་ཞུ་ནས་བདག་གི་སྤྱི་བོར་ཐིམ་པར་བསྒོམ་ནས། སྡིག་སྒྲིབ་ཐམས་ཅད་མར་འོག་སྒོ་དང་སོར་མོ་བཅུ་ནས་མར་བུད་ནས། རང་གི་ལུས་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བསམ། ༀ་བཛྲ་སཏྭ་ས་མ་ཡ་སོགས། ཞེས་པས་རྒྱུན་བཤགས་རྫོགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པས་བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་ཀྱི་ལྷ་རྣམས་མདུན་གྱི་ནམ་མཁར་ཉི་ཟླ་པདྨའི་གདན་ལ་དབང་པོའི་མངོན་སུམ་དང་འདྲ་བ་ཞལ་རམ་མེར་བཞུགས་པར་བསམ་ལ། མདུན་དུ་རུང་གི་ལུས་རྡུལ་སྙེད་དུ་སྤྲུལ་ནས། བཤགས་ཚིག་འདིས་ཡིད་འགྱོད་སེམས་དང་བཅས་ནས། དུས་ཐམས་ཅད་དུ་བཤགས་པར་བྱའོ། །རྗེས་ལྟ་བས་ཀྱང་བཤགས་པར་བྱའོ། །དམ་ཚིག་ལ་བསྒྲིམ་པས་ནི་དངོས་གྲུབ་མྱུར་རོ། །དེ་ཡང་བཤགས་པ་ལ་ལྔ་སྟེ། དང་པོ་དགོངས་སུ་གསོལ་བ་ནི། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་ཚོགས་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། ཕྱོགས་བཅུ་དུས་བཞི་ཀུན་གྱི་བདག་ཉིད་ཆེ། །བླ་མ་རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་དགོངས། །འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས། །ཉམས་ཆག་ན་རག་སྦྱོངས་ཕྱིར་ཕྱག་མཆོད་བཞེས། །གཉིས་པ་ཕྱག་འཚལ་བ་ནི། ལུས་རྡུལ་སྙེད་ཀྱི་མགོ་བོས་ཞབས་ལ་བཏུད་དེ། ཡོན་ཏན་ཕུན་ཚོགས་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དམིགས་མེད་སྤྲོས་བྲལ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །འགྲོ་མགོན་ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །གནས་ལུགས་མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །ཡང་དག་མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཙལལ་ལོ། །ཉོན་མོངས་ཞི་མཛད་ཞི་བའི་ལྷ་ལ་ཕྱག་འཚལ་ལོ། །ལོག་ལྟ་ཚར་གཅོད་ཁྲོ་བོའི་སྐུ་ལ་ཕྱག་འཚལ་ལོ། །ཐབས་མགོན་ཚེ་བདག་འཇམ་དཔལ་སྐུ་ལ་ཕྱག་འཚལ་ལོ། །སྐྱོན་བྲལ་སྒྲ་སྒྲོགས་པདྨའི་གསུང་ལ་ཕྱག་འཚལ་ལོ། །ཡང་དག་དོན་ལྡན་བཛྲའི་ཐུགས་ལ་ཕྱག་འཚལ་ལོ། །དུག་ལྔ་ནད་སེལ་བདུད་རྩི་སྨན་གྱི་ལྷ་ལ་ཕྱག་འཚལ་ལོ། །དྲེགས་པ་འཇོམས་མཛད་ཕུར་པའི་ལྷ་ལ་ཕྱག་འཚལ་ལོ། །འབྱུང་བའི་མངའ་བདག་མོའི་ཚོགས་ལ་ཕྱག་འཚལ་ལོ། །ས་དང་ལམ་རྫོགས་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ། །བསྟན་པ་སྲུང་མཛད་དམ་ཅན་རྣམས་ལ་ཕྱག་འཚལ་ལོ། །དགྲ་བགེགས་བདུད་འདུལ་སྔགས་བདག་རྣམས་ལ་ཕྱག་འཚལ་ལོ། །གང་གིས་རྒྱལ་བ་ཞི་ཁྲོ་ཡི། །དཀྱིལ་འཁོར་མཚན་ཐོས་ཕྱག་འཚལ་ན། །ཉམས་ཆག་མ་ལུས་ཀུན་བྱང་སྟེ། །མཚམས་མེད་ལྔ་ལ་སྨོན་ཅི་དགོས། །ན་རག་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །རྡོ་རྗེ་སེམས་དཔའི་གསང་སྔགས་དངོས། །ལས་སྒྲིབ་ཉམས་སྒྲིབ་དག་བྱེད་པའི། །འཁོར་བ་དོང་སྤྲུགས་ཡང་སྙིང་བཟླ། །རིང་ཉིད་ཐ་མལ་པའི་སྤྱི་བོར་པད་ཟླ་ཉི་མ་གསུམ་བརྩེགས་ཀྱི་སྟེང་དུ། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་རྩེ་ལྔ་པ། གཡོན་དྲིལ་བུ་ཐུགས་ཀར་བསྣོལ་བ། རལ་པའི་ཐོར་གཙུག་གྱེན་དུ་བཅིང་ཅིང་། ལྷག་མ་ཐུར་དུ་གྲོལ་བ། རིན་པོ་ཆེའི་སྲོག་ཞུ་གསོལ་བ། སྤྱི་བོར་ཟླ་བའི་སྟེང་དུ་ༀ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་དཀར་པོ་དངུལ་ཆུའི་མདོག་ལྟ་བུ་དཀར་ཙེ་རེ་བ། ཡིག་འབྲུ་གསུམ་པོ་ལ་འོད་ཟེར་བྱུང་ནས། བདག་གི་ལུས་ངག་ཡིད་གསུམ་ལ་ཕོག་ནས། ཆག་ཉམས་སྡིག་སྒྲིབ་ཐམས་ཅད་རྐང་མཐིལ་སེན་ཕྲག་ནས་མར་འོད་ནག་པོའི་ཚུལ་དུ་བུད་པར་བསམ། རང་གི་ལུས་ཤེལ་ཕྱིས་པ་ལྟར་དཀར་སངས་ཀྱིས་སོང་བར་བསམ། གསུམ་པ་སྙིང་པོ་བཟླ་བ་ནི། དབང་པོ་རྣམས་ཀྱི་ཐུགས་ཀ་ནས་བདུད་རྩིའི་ཆུ་རྒྱུན་བྱུང་ནས་སྡིག་སྒྲིབ་དག་པར་བསམ། ༀ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ། ཏིཥྛ་ཌི་ཌྷྲོ་མེ་བྷ་ཝ། སུ་ཏོ ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱེ་ཡ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡཱ་སཏྭ་ཨཱ། བཞི་པ་བཤགས་པ་དངོས་ནི། ལུས་རྡུལ་རྙེད་དུ་སྤྲུལ། ངག་བཤགས་ཚིག །ཡིད་འགྱོད་སེམས་དང་བཅས་ལ། ཧོཿ བདེ་གཤེགས་ཡོངས་རྫོགས་དགོངས་སུ་གསོལ། །རྒྱལ་བའི་བཀའ་དང་བླ་མའི་ལུང་། །ཅི་བཞིན་མ་སྤྱད་སློབ་དཔོན་སྨད། །རྡོ་རྗེ་མཆེད་དང་ལྕམ་དྲལ་ལ། །ལྟ་ལོག་ངན་སེམས་ངག་ཏུ་སྨྲས། །བརྡེག་བརྩོག་གནོད་པ་དངོས་སུ་སྤྱད། །ལྷ་དང་དཀྱིལ་འཁོར་ཉམས་མ་གསལ། །ཛཔ྄་བཟླས་མ་དག་ཟུར་ཆག་ཉམས། །གསང་བར་འོས་དང་གཉེར་གཏད་སྨྲས། །གསང་བཅུ་བསྒྲགས་ཤིང་བླ་མ་བསླུས། །རྩ་བའི་དམ་ཉམས་མཐོལ་ཞིང་བཤགས། །སྤྱད་པར་བྱ་བའི་དམ་ཚིག་ལྔ། །ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ། །མི་སྤང་ལྔ་དང་དང་ལེན་ལྔ། །ཡན་ལག་དམ་ཉམས་མཐོལ་ཞིང་བཤགས། །བསྙེན་སྒྲུབ་ཏིང་འཛིན་མི་གསལ་ཞིང་། །ཉ་སྟོང་དུས་དྲུག་མཆོད་པ་ཆགས། །ལེ་ལོ་བསོག་འཇོག་ཚོགས་སྦྱང་བྱས། །ཕུད་ལྷག་ཉམས་ཤིང་ཁ་ཚར་ཤོར། །ཚོར་དང་མ་ཚོར་རྐྱེན་དབང་གི། །སྒོ་གསུམ་བག་མེད་དམ་ཉམས་བཤགས། །ལྔ་པ་ལྟ་བས་བཤགས་པ་ནི། ཆོས་ཐམས་ཅད་ཡེ་ནས་གནས་པའི་གནས་ལུགས་དེ་ཁོ་ན་ཉིད་རྟོགས་ཤིང་ཡིད་ལ་བྱས་ཏེ། ཡིད་ཀྱི་དམ་ཉམས་ལྟ་བས་བཤགས། །དེ་ཡང་ཀུན་གཞི་བྱང་ཆུབ་སེམས། །ཡིན་པ་མེད་པའི་ལྟ་བ་རྟོགས། །མིན་པ་མེད་པའི་སྤྱོད་པ་རྟོགས། །ཡིན་མིན་མེད་པའི་བསྒོམ་ཉམས་ལོན། །རེ་དོགས་མེད་པའི་བྱང་ཆུབ་སེམས། །རྩ་བ་ཡན་ལག་ཐམས་ཅད་ཀྱི། །ཆག་ཉམས་མ་བྱུང་མ་སྐྱེས་པས། །བཤགས་བྱ་བཤགས་བྱེད་གཉིས་མེད་གྲོལ། །ཉམས་ཆག་བཤགས་པའི་མདོ་ན་རག་དོང་སྤྲུགས་རྫོགས་སོ། །ལོངས་སྐུ་དག་པའི་ཞིང་གི་མཎྜལ་འབུལ་བ་ནི། རང་ཡི་དམ་དུ་མོས་པའི་སྨིན་མཚམས་ནས་ཡི་གེ་བྷྲཱུྃ་གཅིག་སྤྲོས་པས་འོད་དུ་ཞུ་བ་ལས། རིན་པོ་ཆེའི་ས་གཞི་མནན་ན་ནེམ་པ། བཏེག་ན་འཕར་བ་མིག་མང་རིས་སུ་བྲིས་པ། རྒྱ་མདོ་ཐམས་ཅད་རིན་པོ་ཆེའི་ཚོམ་བུས་སྤྲས་པ། མིག་གིས་བལྟར་མི་བཟོད་པའི་འོད་དང་ལྡན་པའི་དབུས་སུ་རིན་པོ་ཆེའི་ཁྲི་སེང་གེ་བརྒྱད་ཀྱིས་ཉེ་བར་བཏེགས་པ། རིན་པོ་ཆེའི་མཛོད་མིག་བདུན་བདུན་དང་ལྡན་པ། གདུང་མ་ཟུང་སྒྲིལ་དུ་འཁོར་བ། རིན་པོ་ཆེའི་དྲྭ་བས་ཁྲི་ཁེབ་བྱས་པ། དེའི་སྟེང་དུ་པད་ཟླ་ཉི་མ་གསུམ་བརྩེགས་ཀྱི་སྟེང་དུ། རྩ་བའི་བླ་མ་ལ་རྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། དེའི་ཤར་དུ་གླང་པོ་ཆེ་བརྒྱད་ཀྱིས་བཏེགས་པའི་གདན་དྲུག་བརྩེགས་ཀྱི་སྟེང་དུ། ཡི་དམ་ལྷ་ཚོགས་རྣམས་ལ་ཆོས་སྐྱོང་སྲུང་མས་བསྐོར་བ། གཡས་སུ་རྟ་མཆོག་བརྒྱད་ཀྱིས་བཏེགས་པའི་གདན་དྲུག་བརྩེགས་ཀྱི་སྟེང་དུ་སངས་རྒྱས་དཀོན་མཆོག་སྐུ་གསུམ་གྱིས་བསྡུས་པ་རྣམས་བཞུགས་པར་བསམ། རྒྱབ་ཏུ་རྨ་བྱ་བརྒྱད་ཀྱིས་བཏེགས་པའི་གདན་དྲུག་བརྩེགས་ཀྱི་སྟེང་དུ་ཆོས་དཀོན་མཆོག་རྒྱུ་འབྲས་ལམ་གསུམ་གྱིས་བསྡུས་པ་རྣམས་གསེར་གྱི་ཤོག་གུ་ལ་བཻ་ཌཱུརྱ་ཞུན་མས་རང་ནན་དུ་བྲིས་པའི་གླེགས་བམ་ལ་རང་སྒྲ་གྲགས་པ་རྣམས་བསམ། གཡོན་དུ་ཤང་ཤང་བརྒྱད་ཀྱིས་བཏེགས་པའི་གདན་དྲུག་བརྩེགས་ཀྱི་སྟེང་དུ་དགེ་འདུན་དཀོན་མཆོག་རིག་པ་འཛིན་པ་རྣམས་དང་། ཐར་ལམ་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ཟག་པ་མེད་པ་རྣམས་དང་། འཕགས་པ་དགྲ་བཅོམ་པ་རྣམས་དང་། གཞན་ཡང་ས་དང་ལམ་ལ་གནས་པ་རྣམས་བསམ། དེ་དག་གི་མངའ་རིས་དང་སྤྱན་ལམ་དུ་འདོད་པའི་ཡོན་ཏན་ཐམས་ཅད་ནམ་མཁའ་ལ་སྤྲིན་བཞིན་དུ་འབྱུང་བ། བར་སྣང་ལ་རང་བཞིན་དུ་འབབ་པ། ས་གཞི་ལ་རྩི་ཤིང་བཞིན་དུ་སྐྱེ་བ། འདོད་དགུ་ཐམས་ཅད་འབྱུང་བའི་ས་གཞི་ཆོས་ཀྱི་ཁྱབ་ཚད་དང་མཉམ་པ། བླ་མ་དཀོན་མཆོག་ལ་འབུལ་བར་བསམ་ལ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་ཡི། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་བདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་ཀྱིས། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །གྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །བླ་མ་རྣམས་དང་དཀོན་མཆོག་གསུམ། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །སྤྲུལ་སྐུ་དག་པ་ཞིང་གི་མཎྜལ་འབུལ་བ་ནི། ཐུགས་ཀ་ནས་ཏྲཾ་གཅིག་སྤྲོས་པ་འོད་དུ་ཞུ་བ་ལས་མཐའི་རྒྱ་མཚོ་ཆེན་པོའི་དབུས་སུ། དབུས་ཀྱི་རི་བོ་མཆོག་རབ། ཤར་ཤེལ་ལས་གྲུབ་པ། ལྷོ་བཻ་ཌཱུརྱ་ལས་གྲུབ་པ། ནུབ་པདྨ་རཱ་ག་ལས་གྲུབ་པ། བྱང་གསེར་ལས་གྲུབ་པ། སྟེང་སུམ་ཅུ་རྩ་གསུམ་ལྷའི་རྟེན་ལོངས་སྤྱོད། ཁོང་སེང་ལྷ་མ་ཡིན་གྱི་རྟེན་ལོངས་སྤྱོད། འོག་ཀླུའི་རྟེན་ལོངས་སྤྱོད། ཕྱི་རོལ་རྒྱལ་ཆེན་སྡེ་བཞིའི་རྟེན་ལོངས་སྤྱོད། གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། ཤར་ལུས་འཕགས་པོ། ལུས་དང་ལུས་འཕགས་པོ་དང་བཅས་པ། ལྷོ་འཛམ་བུ་གླིང་། རྔ་ཡབ་དང་རྔ་ཡབ་གཞན། ནུབ་བ་ལང་སྤྱོད། གཡོག་ལྡན་དང་ལམ་མཆོག་འགྲོ། བྱང་སྒྲ་མི་སྙན། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། ལྷོ་སྲིན་དང་འཇའ་འོད། སྣང་གསལ་གྱི་ཉི་ཟླ་གཟའ་སྐར། མཐའ་ཡི་ལྕགས་རི་མུ་ཁྱུད། ནམ་མཁས་ཁྱབ་ཚད་ཀྱི་འཇིག་རྟེན་ལྷ་དང་མིའི་ལོངས་སྤྱོད་ཐམས་ཅད་བླ་མ་དཀོན་མཆོག་གསུམ་ལ་འབུལ་བར་བསམ། གླིང་བཞི་དཀྱིལ་འཁོར་རིན་ཆེན་ལྡན། །དཔག་བསམ་ཤིང་དང་རྡིང་བུས་མཛེས། །ལས་གཞིའི་བྱིན་རླབས་ཁྱད་པར་ལས། །ལྷ་དང་ལྷ་མོའི་ལོངས་སྤྱོད་ལྡན། །ལྷག་པའི་ཏིང་འཛིན་མཆོད་པ་བཞེས། །ཆོས་རྣམས་ཐམས་ཅད་འབྲས་བུ་ཡོངས་རྫོགས་ཤིང་། །སངས་རྒྱས་རྣམས་ལ་མཎྜལ་འདི་འབུལ་བས། །འབྲས་བུ་འཕགས་པའི་ནོར་བདུན་ལྷུན་གྲུབ་སྟེ། །ཏིང་འཛིན་འབུམ་ཕྲག་རྣམས་ལ་དབང་བསྒྱུར་ཤོག །གསོལ་བ་བཏབ་པའི་མཎྜལ་འབུལ་བ་ནི། ན་མོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་དང་། ཞིང་ཁམས་ཟག་པ་མེད་པ། ཟད་མི་ཤེས་པ་རྒྱན་གྱི་འཁོར་ལོའི་བདེན་པ་དང་། རྒྱལ་བ་རྒྱ་མཚོ། གསང་བ་རྒྱ་མཚོ། སྨིན་པ་རྒྱ་མཚོ། བརྒྱུད་པའི་བླ་མ་རྗེ་བཙུན་རིན་པོ་ཆེ་རྣམས་ཀྱི་བྱིན་རླབས་ཀྱིས་བདག་མིང་འདི་ཞེས་བགྱི་བས། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར། དོན་རང་བྱུང་གི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་དོན་གྱིས་གང་བ་དང་། ཤིན་ཏུ་གང་བ་དང་། རྒྱས་པ་དང་། ཤིན་ཏུ་རྒྱས་པ་དང་། སྨིན་པ་དང་། ཤིན་ཏུ་སྨིན་པ་དང་། གྲོལ་བ་དང་། ཤིན་ཏུ་གྲོལ་བ་རྒྱ་ཆེན་པོ་མཛད་དུ་གསོལ། ༀ་བཛྲ་སཏྭ་ས་མ་ཡ་སོགས་ཚར་བར་བརྗོད། བདག་གི་དགེ་བའི་ལས་རྣམས་འདི་བགྱི་བས། །འཇིག་རྟེན་རིང་པོར་མི་ཐོག་སངས་རྒྱས་ནས། །དེ་ཀུན་འགྲོ་ལ་ཕན་ཕྱིར་དམ་ཆོས་ཀྱི། །སེམས་ཅན་སྡུག་བསྔལ་མང་གདུང་སྒྲོལ་གྱུར་ཅིག །མཎྜལ་རིམ་གསུམ་རྫོགས་སོ། །སྐྱབས་སུ་འགྲོ་བ་ནི། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། རྩ་བ་དང་རྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་གསོལ་བ་འདེབས། སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༴ རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ༴ འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ༴ ཕྲིན་ལས་ཀྱི་མངའ་བདག་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས༴ ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ དཔལ་ལྡན་ལྷ་མོ་ནག་མོ་རང་བྱུང་གི་རྒྱལ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ༴ གསང་བ་ལས་ཆེན་མོ་རྡོ་རྗེ་རེ་མ་ཏི་ལ་སོགས་པའི་འཁོར་མ་གཤིན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ༴ དཔལ་ལྡན་མགོན་པོ་ནག་པོ། ལེགས་ལྡན་ནག་པོ། ཤྲཱི་མ་ཧཱ་ཀ་ལ་དམ་པ་ཡེ་ཤེས་པའི་ཆོས་སྐྱོང་བའི་སྲུང་མ་རྣམས་ལ༴ གཞན་ཡང་ཕ་མྱེས་རྒྱུད་ཀྱི་སྲུང་མ། སློབ་དཔོན་རྒྱུད་ཀྱི་སྲུང་མ། ལས་དང་སྐལ་བར་ལྡན་པའི་ཆོས་སྐྱོང་སྲུང་མ་རྣམས་ལ་གསོལ་བ་འདེབས། སྐྱབས་སུ་མཆིའོ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །སྐབས་འདིར་དཀར་གཏོར་གཞུང་གང་རུང་གིས་བྱིན་གྱིས་བརླབས་ལ་བསྔོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་བར་ཆད་བསལ་ནས་རྫོགས་པའི་སངས་རྒྱས་ཐོབ་པའི་ཆེད་དུ་བདག་གིས་བསྲུང་འཁོར་བསྒོམ་ཞིང་མཚམས་བཅད་པར་བྱའོ་སྙམ་དུ་བསམ་ལ། སྐད་ཅིག་གིས་སྟོང་པའི་ངང་ལས། རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་སྔོ་ནག་གཡས་རྡོ་རྗེ། གཡོན་དྲིལ་བུ། ཞལ་འཛུམ་ཡང་མཆེ་བ་ཡུད་ཙམ་གཅིག་པ། སྤྱན་གསུམ་ཞི་བ་ཡིན་ཀྱང་སྡང་མིག་ཏུ་གཟིགས་པ། སྐུ་འོད་ཕུང་གི་ནང་ན་བཞུགས་ཀྱང་འོད་ཀྱི་རྩེ་མོ་ལ་མེ་རི་འཕྲོ་བ། ཉི་མའི་དཀྱིལ་འཁོར་ལ་ཡུམ་དབྱིངས་ཕྱུག་མ་དང་སྙོམས་པར་འཇུག་པ། གཡས་པས་ཡབ་ལ་འཁྱུད་པ། གཡོན་དྲིལ་བུ་ཡབ་ཀྱི་སྙན་རྩར་དཀྲོལ་བ། དེའི་ཐུགས་ཀར་ཟླ་བའི་གདན་ལ་རང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ་ལས་ཧཱུྃ་བཛྲ་དྷྲིག྄་གིས་བསྐོར་བ། ཡུམ་གྱི་ཐུགས་ཀར་དྲིལ་བུ་ལ་མཱུཾཿདྷ་ཏུ་ཤྭ་རིས་བསྐོར་བ། སྤྱི་བོར་འཁོར་ལོ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ་དེ་དང་དུས་མཉམ་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ། དེ་དག་གི་སྤྱི་བོར་ནས་འོད་ཟེར་དཀར་པོ། མགྲིན་པ་ནས་དམར་པོ། ཐུགས་ཀ་ནས་འོད་ཟེར་སྔོན་པོ་བྱུང་སྟེ་རང་ལ་བསྟིམ་མོ། །དེ་ནས་སྔགས་བརྗོད་པས། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་རྡོ་རྗེའི་ཆར་བྱུང་བས། དགྲ་བགེགས་རྣམས་ཀྱི་སེམས་བརྒྱལ་ཞིང་ལུས་དུམ་བུར་བཅད་པར་བསམ་ལ། དེ་བཞིན་དུ་སྤྱི་བོ་ནས་འཁོར་ལོའི་ཆར། མགྲིན་པ་ནས་ཐོ་བའི་ཆར། ལྟེ་བ་ནས་རལ་གྲིའི་ཆར། གསང་གནས་ནས་རྒྱ་གྲམ་གྱི་ཆར། སྐུ་ཐམས་ཅད་ལས་བྲག་རིའི་ཆར་བྱུང་བས། བགེགས་རྣམས་བརྒྱལ་ཞིང་ལུས་དུམ་བུར་བཅད་པར་བསམ། དེ་ནས་མཚོན་ཆའི་ཆར་དེ་དག་ལ་རྡོ་རྗེའི་གུར་ལ་སོགས་པ་གུར་རིམ་པ་དྲུག་ཏུ་གྱུར་ཏོ། །དེའི་ཕྱི་རོལ་དུ་རྡོ་རྗེ་རྒྱ་གྲམ་གྱི་རང་བཞིན་གྱུར་ཏེ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་མཐིང་གའི་ནང་དུ་ཚུད་པར་བསམ། དེ་ནས་བགེགས་བརྒྱལ་བ་རྣམས་ཐུགས་རྗེའི་འོད་ཟེར་དང་སྔགས་ཀྱི་སླར་བསླང་སྟེ། ཐམས་ཅད་ཀྱང་། སྙིང་རྗེ་དང་། བྱམས་པ་དང་ལྡན་པར་བྱས་ཏེ། འཇིག་རྟེན་གཞན་དུ་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བསམ། ཧཱུྃ་རྣལ་འབྱོར་ཆེན་པོ་ཞེས་པ་ནས། རང་གི་མིག་གཡས་པ་མ་ལས་ཉི་མ། གཡོན་པ་ཨ་ལས་ཟླ་བ། དེ་ནས་མིག་གཡས་པས་གཡས་བསྐོར་དུ་བལྟས་པས་གར་མཐོང་བའི་བགེགས་དང་ལོག་འདྲེན་བསྲེག་པ། གཡོན་པས་གཡོན་བསྐོར་དུ་བལྟས་པས་ཐལ་བ་ཡང་མ་ལུས་པ་བཀྲུས་པ། མིག་དབུས་མས་ཐད་ཀར་བལྟས་པས་དེ་ཉིད་བྱང་ཆུབ་སེམས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གནས་པར་བསམ་ནས། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད། ༀ་བཛྲ་ཛྭ་ལ་ཧཱུྃ། མནྟྲ་སུམྦྷ་ནི་ཧཱུྃ། ཧཱུྃ་བྷྲཱུྃ། ༀ་བྷྲཱུྃ། ཏྲཱྃ་བྷྲཱུྃ། ཧྲཱིཿབྷྲཱུྃ། ཧཱ་བྷྲཱུྃ། འདི་གསུང་བ་ཙམ་གྱིས་ཕྱོགས་བཅུ་ནས་མཚོན་ཆའི་ཆར་ཆེན་འབབ་པར་གྱུར་ཏེ། བགེགས་རྣམས་བརྒྱལ་ཞིང་ལུས་དུམ་བུ་བཅད་པར་བསམ། ཐུགས་རྗེས་སླར་བསླང་སྔགས་འདི་བཟླས། ༀ་བཛྲ་སཏྭ་ར་ཙ་ཛ༔ སྲུང་འཁོར་ཕུབ་ཅིང་དམ་ཚིག་བསྒྲགས། ཧཱུྃ་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདུ་བ་ལ་ནི་མ་གཏོགས་ཤིང་། །ཉན་པ་ལ་ནི་མི་དབང་བ། །ཀུན་ཀྱང་རེ་བ་བསྐོངས་ལགས་ཀྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཧཱུྃ་ཅི་སྟེ་བཀའ་ལས་འདས་གྱུར་ན། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ནི། །རྡོ་རྗེ་མཚོན་ཆེན་འབར་བ་ཡིས། །ཐལ་བ་བཞིན་དུ་བརླག་པར་བྱེད། །ཧཱུྃ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། ཧཱུྃ་ཧཱུྃ་ཧཱུཾ། ཧཱུཾ་ང་ཡི་དཀྱིལ་འཁོར་བརྟེན་བྱའི་ཕྱིར། །ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་བསྲུང་། །ཧཱུཾ་སྟེང་ཡང་རྡོ་རྗེའི་བླ་རེ་ལ། །རྡོ་རྗེའི་ཐོ་ཐོག་སེར་ཆེན་འབེབས། །འོག་ཀྱང་རྡོ་རྗེའི་ས་གཞི་ལ། །རྡོ་རྗེའི་ཚྭ་ཚྭ་སྐར་ལྟར་འཁྲུག །ཕྱོགས་མཚམས་ཀུན་ཀྱང་རྡོ་རྗེ་འབར་བས་གཏམས། །རླུང་ཡང་འགྱུ་བའི་སྐབས་མེད་ན། །བགེགས་ཀྱི་ཚོགས་ལྟ་ག་ལ་སྲིད། །ༀ་བཛྲ་ཛྭ་ལ་ལ་སྐ་ཀྲོ་ཏ་ཧཱུྃ་ཕཊ྄། ཧཱུྃ་སྟེང་ཡང་འཁོར་ལོའི་བླ་རེ་ལ། །འཁོར་ལོའི་ཐོ་ཐོག་སེར་ཆེན་འབེབས། །འོག་ཀྱང་འཁོར་ལོའི་ས་གཞི་ལ། །འཁོར་ལོའི་ཚྭ་ཚྭ་སྐར་ལྟར་འཁྲུག །ཕྱོགས་མཚམས་ཀུན་ཀྱང་འཁོར་ལོས་གཏམས། །རླུང་ཡང་འགྱུ་བའི་སྐབས་མེད་ན། །བགེགས་ཀྱི་ཚོགས་ལྟ་ག་ལ་སྲིད། །ༀ་བཛྲ་ཙཀྲ་ཛྭ་ལ་ལ་སྐ་ཀྲོ་ཏ་ཧཱུྃ་ཕཊ྄། ཧཱུྃ་སྟེང་ཡང་རལ་གྲིའི་བླ་རེ་ལ། །རལ་གྲིའི་ཐོ་ཐོག་སེར་ཆེན་འབེབས། །འོག་ཀྱང་རལ་གྲིའི་ས་གཞི་ལ། །རལ་གྲིའི་ཚྭ་ཚྭ་སྐར་ལྟར་འཁྲུག །ཕྱོགས་མཚམས་རལ་གྲི་འབར་བས་གཏམས། །རླུང་ཡང་འགྱུ་བའི་སྐབས་མེད་ན། །བགེགས་ཀྱི་ཚོགས་ལྟ་ག་ལ་སྲིད། །ༀ་བཛྲ་པྲཉྩ་ཛྭ་ལ་ལ་སྐ་ཀྲོ་ཏ་ཧཱུྃ་ཕཊ྄། ཧཱུྃ་སྟེང་ཡང་ཐོ་བའི་བླ་རེ་ལ། །ཐོ་བའི་ཐོ་ཐོག་སེར་ཆེན་འབེབས། །འོག་ཀྱང་ཐོ་བའི་ས་གཞི་ལ། །ཐོ་བའི་ཚྭ་ཚྭ་སྐར་ལྟར་འཁྲུག །ཕྱོགས་མཚམས་ཀུན་ཀྱང་ཐོ་བས་གཏམས། །རླུང་ཡང་འགྱུ་བའི་སྐབས་མེད་ན། །བགེགས་ཀྱི་ཚོགས་ལྟ་ག་ལ་སྲིད། །ༀ་བཛྲ་མུསྟི་ཛྭ་ལ་ལ་སྐ་ཀྲོ་ཏ་ཧཱུྃ་ཕཊ྄། ཧཱུྃ་སྟེང་ཡང་རྒྱ་གྲམ་བླ་རེ་ལ། །རྒྱ་གྲམ་ཐོ་ཐོག་སེར་ཆེན་འབེབབ། །འོག་ཀྱང་རྒྱ་གྲམ་ས་གཞི་ལ། །རྒྱ་གྲམ་ཚྭ་ཚྭ་སྐར་ལྟར་འཁྲུག །ཕྱོགས་མཚམས་ཀུན་ཀྱང་རྒྱ་གྲམ་འབར་བས་གཏམས། །རླུང་ཡང་འགྱུ་བའི་སྐབས་མེད་ན། །བགེགས་ཀྱི་ཚོགས་ལྟ་ག་ལ་སྲིད། །ༀ་བཛྲ་ཀརྨ་ཛྭ་ལ་ལ་སྐ་ཀྲོ་ཏ་ཧཱུྃ་ཕཊ྄། ཧཱུྃ་སྟེང་ཡང་བྲག་རིའི་བླ་རེ་ལ། །བྲག་རིའི་ཐོ་ཐོག་སེར་ཆེན་འབེབས། །འོག་ཀྱང་བྲག་རིའི་ས་གཞི་ལ། །བྲག་རིའི་ཚྭ་ཚྭ་སྐར་ལྟར་འཁྲུག །ཕྱོགས་མཚམས་ཀུན་ཀྱང་བྲག་རིས་གཏམས། །རླུང་ཡང་འགྱུ་བའི་སྐབས་མེད་ན། །བགེགས་ཀྱི་ཚོགས་ལྟ་ག་ལ་སྲིད། །ༀ་བཛྲ་པ་ཏ་ལ་པཉྩ་ཧཱུྃ་ཕཊ྄། བསང་ཆུ་བྱིན་གྱིས་བརླབས་པ་ནི། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་གསུམ་སྤྲོས་པས་མཆོད་པ་རྣམས་ཀྱི་དངོས་པོ་མ་དག་པ་ཐམས་ཅད་མེ་ཆུ་རླུང་གསུམ་གྱིས་བསྲེག་གཏོར་བཀྲུས་ནས་རཾ་ཡཾ་ཁཾ་གསུམ་རང་གི་ཐུགས་ཀར་ཚུར་བསྡུའོ། །མཆན། བྷནྡྷའི་ནང་དུ་ཨ་མྲྀ་ཏ་ག་བུར་ལ་སོགས་སྨན་བཏབ་པའམ་ཆུ་གཙང་མ་བཙལ་ཏེ། མི་དམིགས་པའི་ངང་ལས། བྷྲཱུྃ་ལས་བྷནྡྷ། དེའི་ནང་དུ་ཨཱཿ ལས་ཟླ་བའི་སྟེང་དུ་མུཾཿལས་ཡུམ་ཀྲོ་ཏི་ཤྭ་རི་མ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་དཔལ་གྱི་ཆས་བརྒྱད་ཀྱི་བརྒྱན་པར་བསྒོམ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་བྷནྡྷ་མུཾ་གྱིས་མཚན་པར་བསྒོམ། ༀ་བཛྲ་དྷ་དུ་ཀྲོ་དྷི་ཤྭ་རི་དེ་ཝི་ཤྭ་དྷ་ནི་སྟ་ན་ཛྙཱ་ན་ཧཱུྃ་ཧཱུཾ་ཧཱུཾ། ཉེར་གཅིག་བརྗོད་པས། དབྱིངས་ཕྱུག་མ་འོད་དུ་ཞུ་བ་ལས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གྱུར་ཅིང་། འཛིན་པ་དང་བྲལ་བར་བསམ། མཆོད་རྫས་རྣམས་མི་དམིགས་པ་ལས་མཆོད་པའི་ལྷ་མོ་དཀར་སེར་དམར་ལྗང་རྣམས་ཀྱིས། གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་རྣམས། རྒྱལ་བ་རྣམས་ཀྱི་སྤྱན་ཤངས་ཐུགས་ཀ་སྐུ་ལུས་ལ་ཐིམ་པར་བསམ་ལ། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་དྷུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་ནཻ་ཝི་ཏྱ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་ཤཔྡ་ཨཱཿཧཱུྃ་སྭཱ་ཧཱ། སྨན་བྱིན་གྱིས་བརླབས་པ་ནི། རང་གི་ཐུགས་ཀ་ནས། བྷཱུྃ་གཅིག་སྤྲོས་པ་ལས། བྷནྡྷ་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ། ཕྱི་རིན་པོ་ཆེ་ལྔ་ལས་གྲུབ་པ། ནང་བྷནྦྷའི་གཞལ་ཡས་ཁང་། མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟ་བུ། ཐིག་བཞི་བཏབ་པས་རིལ་ཆ་དགུ་དང་ལྡན་པ་གྱུར་པར་བསམ། དེའི་དབུས་སུ་ཉི་མ། ཤར་དུ་ཟླ་བ། ལྷོར་རིན་པོ་ཆེ་ཟུར་བརྒྱད། ནུབ་ཏུ་པདྨ་འདབ་བརྒྱད། བྱང་དུ་ཨེ་གྲུ་གསུམ། དབུས་སུ་ཉི་མའི་སྟེང་དུ་བྱང་སེམས་ལ་ཧཱུྃ་དང་མཱུྃཿ ཤར་དུ་དྲི་ཆེན་ལ་ༀ་དང་ལཱཾ། ལྷོར་ཤ་ཆེན་ལ་སྭཱ་དང་མཱཾ། ནུབ་ཏུ་པདྨ་རཀྟ་ལ་ཨཱོཾ་དང་པྱཾ། བྱང་དུ་དྲི་ཆུ་ལ་ཧཱ་དང་ཏཱཾཿ དེ་ལས་འོད་ཟེར་འཕྲོས་པས། འཁོར་འདས་ཐམས་ཅད་ཀྱི་བཅུད་བསྡུས་ནས་སླར་ཐིམ་པ་ལས། རིགས་ལྔ་ཡབ་ཡུམ་བཅུར་གྱུར་ཏེ། དབུས་སུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དཀར། ཤར་དུ་རྣམ་པར་སྣང་མཛད་ཡབ་ཡུམ་སེར་པོ། ལྷོར་རིན་འབྱུང་ཡབ་ཡུམ་སྔོན་པོ། ནུབ་ཏུ་སྣང་མཐའ་ཡབ་ཡུམ་དམར་པོ། བྱང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་ཁུ། རང་གི་མཐེབ་སྲིན་གཉིས་རྟ་མགྲིན་ཡབ་ཡུམ་སྐུ་མདོག་དམར་པོ་གཡས་ལྕགས་ཀྱུ་དང་གཡོན་སྡིགས་མཛུབ་ཅན་དུ་བསྒོམ། དེ་ནས་རང་ཡི་དམ་གྱི་ཡབ་ཡུམ་མཁའ་གསང་བྱིན་གྱིས་བརླབས་ལ་རོལ་པ་མཛད་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་རྟ་མགྲིན་ཡབ་ཡུམ་ལ་ཕོག །རྟ་མགྲིན་ཡབ་ཡུམ་རོལ་པ་མཛད་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་རིགས་ལྔ་ཡབ་ཡུམ་བཅུ་ལ་ཕོག །རིགས་ལྔ་ཡབ་ཡུམ་བཅུ་རོལ་པ་མཛད་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་ཕྱོགས་བཅུའི་སངས་རྒྱས་ལ་ཕོག །དེ་དག་རོལ་པ་མཛད་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་དང་། ཐུགས་ཆོས་ཉིད་ཀྱི་བདུད་རྩི་ཚུར་འདུས་པས་རིགས་ལྔ་ཡབ་ཡུམ་བཅུ་ལ་ཐིམ་པར་བསམ། ཧཱུྃ་བཛྲ་ཌྷྲིཀ྄ །མཱུཾ་ད་ཏུ་ཤྭ་རི། ༀ་ཛི་ན་ཛིཀ྄ །ལྃ་དེ་ཥ་ར་ཏི། སྭཱ་རཏྣ་ཌྷྲྀག྄ །མཱཾ་མོ་ཧ་ར་ཏི། ཨཱྃ་ཨ་རོ་ལིག །པྱཱཾ་ར་ག་ར་ཏི། ཧཱ་པྲཛྙཱ་ཌྷྲིཀ྄ །ཏཱྃ་བཛྲ་ར་ཏི། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་གམ་བདུན་བརྗོད་དོ། །དེ་ནས། རིགས་ལྔ་ཡབ་ཡུམ་བཅུ་རོལ་པ་མཛད་པས་ཐམས་ཅད་འོད་དུ་ཞུ་ནས། བདུད་རྩི་ཁ་དོག་དཀར་ལ་དམར་བའི་མདངས་ཆགས་པ། མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟ་བུས་བྷན་དྷ་ཕྱུར་གྱིས་གང་བར་བསྒོམ། དེ་ནས་རྡོ་རྗེས་དཀྲུགས་པས། སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ་བར་བསྒོམ། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་མཐེབ་སྲིན་ཉི་ཟླའི་སྐྱོག་ཏུ་བསམ་ལ། དེ་བཞིནགཤེགས་པ་རྣམས་ལ་གཏོར། རྡོ་རྗེ་སེམས་དཔའ་སྲིན་ལག་གིས་འཁྱོར་བ་གང་ཕྱོགས་བཅུར་གཏོར་བས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་ཕོག །ལུས་སེམས་སྒྱུ་མ་རྡུལ་དུ་བརླག་པར་བསམ་ལ། གང་ཞིག་བཀའ་རྐུ་བ་དང་། གསུང་གཅོག་པ་དང་། བལྟ་བ་དང་ཉན་པ་ལ་མི་དབང་བའི་སྣོད་མ་ཡིན་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་པོ་དེ་དག་ལ་ངའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་བོ་འདི་ཕོག་པས། ལུས་སྲོག་སྒྱུ་མ་རྡུལ་དུ་བརླག་ནས་ཐམས་ཅད་ཀྱང་མེད་པར་བྱོས་ཤིག །གང་ཞིག་དམ་ཚིག་དང་ལྡན་པ་རྣམས་ཀྱི་ཐུགས་དམ་བསྐོང་བར་མཛོད་ཅིག །རིགས་ཅན་རྣམས་ཀྱི་དམ་ཚིག་ནི། རིགས་མེད་རྣམས་ལ་དབབ་མི་འགྱུར། །རིགས་ཅན་རང་གི་དམ་ཚིག་ལས། །སངས་རྒྱས་ཀུན་ཀྱང་འདའ་བ་མིན། །ཅེས་རང་གི་སྔགས་གོང་མ་བརྗོད་ཅིང་ལྕེ་ལ་ལན་གསུམ་བླང་ངོ་། །ཀཱ་ཡ་བཛྲ་ༀ། ཝཱཀྐ་བཛྲ་ཨཱཿ ཙིཏྟ་བཛྲ་ཧཱུྃ་གནས་གསུམ་དུ་གཏུག་གོ། །མཆན། རཀྟ་བྱིན་གྱིས་བརླབས་པ་ནི། རང་གི་ཐུགས་ཀ་ནས་བྷྲུྃ་གཅིག་སྤྲོས་པ་ལས། ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་གཅིག་བསྒོམ། དེའི་ནང་རཀྟས་གང་བར་བསྒོམ། དེ་ནས་བདག་གི་ཐུགས་ཀ་ནས་རཾ་སྤྲོས་མེ་དཔུང་དུ་གྱུར་ཏེ། ཐ་མལ་པའི་རཀྟ་རྣམས་བསྲེག་ཅིང་མེད་པར་བསམ། དེ་ནས་ཡང་རང་གི་ཐུགས་ཀ་ནས་ར་དམར་པོ་གཅིག་སྤྲོས་པ་ལས། བྷནྡྷའི་ནང་དུ་ཁྲག་གི་རྒྱ་མཚོར་གྱུར་ཏེ། ཁྲག་སྦུ་རི་རབ་ཙམ་ཆགས་པ་ལས་ཞིང་གི་སྙས་འཕྱོ་བ་འོད་ཟེར་དཔག་ཏུ་མེད་པར་འཕྲོ་བར་བསྒོམ་ༀ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄། ཅེས་པས་དེ་བཞིན་གཤེགས་པ་རྣམས་ལ་གཏོར་བས་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ཤིང་ཚིམ་པར་བསམ། ཆོས་སྐྱོང་རྣམས་ལ་གཏོར་བས་ཐུགས་དམ་བསྐང་བར་བསམ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་ཕོག་པས་ལུས་རྡུལ་དུ་བརླག་པར་བསམ། རང་གི་ལྕེ་ལ་ལན་གསུམ་བླངས། སྙིང་གར་རཀྟའི་ཐིག་ལེ་ཟླ་གམ་གཅིག་བྱའོ། །རཀྟ་བྱིན་རླབས་རྫོགས་སོ། །གཏོར་མ་བྱིན་གྱིས་བརླབ་པ་ནི། རང་གི་ཐུགས་ཀ་ནས་བྷྲཱུྃ་གཅིག་སྤྲོས་པ་ལས། བྷནྡྷའི་གཞལ་ཡས་ཁང་ཕྱི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ། ནང་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟ་བུ། ཐིག་བཞི་བཏུབ་པས་རིལ་ཚད་གུ་དང་ལྡན་པར་བསམ། དེའི་དབུས་སུ་བྱང་སེམས་ལ་ཧཱུྃ། དེའི་རྩར་མི་རོ་ལ་མཱུཾ། ཤར་དུ་དྲི་ཆེན་ལ་ཨཱོཾ། ལྷོར་ཤ་ཆེན་ལ་སྭཱ། ནུབ་ཏུ་པདྨ་རཀྟ་ལ་ཨཱཾ། བྱང་དུ་དྲི་ཆུ་ལ་ཧཱ། ཤར་ལྷོ་གླང་པོ་ཆེའི་རོ་ལ་ལཱཾ། ལྷོ་ནུབ་ཏུ་རྟ་རོ་ལ་མཱཾ། ནུབ་བྱང་དུ་རྨ་བྱའི་རོ་ལ་པྱཱཾ། བྱང་ཤར་དུ་ཁྱི་རོ་ལ་ཏཱཾ། རང་གི་ཐུགས་ཀ་ནས་ཉི་མའི་དཀྱིལ་འཁོར་ཧཱུྃ་གི་མཚན་པ་སྤྲོས། དངོས་པོ་མ་དག་པ་ཐམས་ཅད་བསྲེག་ནས། བཅུད་ཡིག་འབྲུ་བཅུ་ལ་ཐིམ་པར་བསྒོམ། པདྨ་ༀ་གྱིས་མཚན་པ་སྤྲོས། དེ་དག་ཐམས་ཅད་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ། ཟླ་བའི་དཀྱིལ་འཁོར་ༀ་གྱིས་མཚན་པ་སྤྲོས། བདུད་རྩིའི་སྟེང་དུ་གནས་པ་ལས། ༀ་ལས་འདོད་པའི་ཡོན་ཏན་ཁམས་དྲུག་གི་ལྷ་མོ་དཔག་ཏུ་མེད་པ་སྤྲོ་ཞིང་། དེ་བཞིན་གཤེགས་པ་རྣམས་ལ་མཆོད། ༀ་ཨཱཿཧཱུྃ་མ་ཧཱ་བྷ་ལིངྟ་ཏེ་ཛྭ་བྷ་ལིངྟ་ཏ་བྷ་ལ་བྷ་ཏི་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་དམ། ཉེར་གཅིག་གམ། བདུན་བརྗོད་དོ། །རྒྱུན་གཏོར་བསྐྱོང་དུས་ཡིག་འབྲུ་གསུམ་ཚུར་བསྡུ། གཟུགས་ཀྱི་ལྷ་མོ་དཀར་མོས་ཕྱག་ན་མེ་ལོང་བསྣམས་པ་དང་། སྒྲའི་ལྷ་མོ་སྔོན་མོས་ཕྱག་ན་པི་ཝཾ་བསྣམས་པ་དང་། དྲིའི་ལྷ་མོ་སེར་མོས་ཕྱག་ན་སྤོས་ཁང་བསྣམས་པ། རོའི་ལྷ་མོ་དམར་མོས་ཕྱག་ནས་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་བསྣམས་པ། རེག་བྱའི་ལྷ་མོ་ལྗང་གུས་ཕྱག་ན་ན་བཟའི་གོང་བ་རྡོ་རྗེས་མཚན་པ་བསྣམས་པ། ཆོས་ཀྱི་ལྷ་མོ་མཐིང་ཀས་ཨེ་གྲུ་གསུམ་བསྣམས་པ། མཆོད་པའི་བྱེ་བྲག་དེ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་དང་སྙན་དང་ཤངས་དང་། ཞལ་དང་། སྐུ་དང་ཐུགས་ཀར་ཐིམ་པར་བསྒོམ། དེ་ནི་ནང་གི་ཕྱིའི་མཆོད་པའོ། །གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར་པ་དེ་དག་ལ། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་བུར་གྱུར་ནས་ཆུ་ལ་ཉི་ཟེར་ཕོག་པ་བཞིན་དུ་གསོལ་བར་བསམ་པ་ནི། ཕྱིའི་ནང་གི་མཆོད་པའོ། །ཡང་དེ་ཉིད་ཤ་ཁྲག་རུས་པའི་ཚོགས་སུ་གྱུར་ནས་བརྗིད་པའི་ཚུལ་དུ་གསོལ་བར་བསམ་པ་ནི། དུག་གསུམ་གནས་སུ་དག་པའི་མཆོད་པ་ཞེས་ཀྱང་བྱ། ནང་གི་གསང་བའི་མཆོད་པ་ཞེས་ཀྱང་བྱ། ཁམས་གསུམ་ཡོངས་སྒྲོལ་གྱི་མཆོད་པ་ཞེས་ཀྱང་བྱ། དཀྱིལ་འཁོར་གོང་འོག་སྔགས་ཕྱི་ནང་ཅི་ལྟར་ནའང་གཏོར་མ་གཅིག་ལ་བསྟེན་པས་ཆོག །བྱིན་རླབས་ཀྱང་ལན་གཅིག་བྱས་ལ། ནམ་མཆོད་པའི་དུས་སུ་ༀ་ཨཱཿཧཱུྃ་གིས་བསར་ལ་གསལ་བར་བྱས་ལ་མཆོད་དོ། །གཏོར་མ་རྫོགས་སོ། །དེ་ནས་བཤགས་པ་གསོལ་བ་ནི། རང་ཡི་དམ་ལྷར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམ། དེའི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་བསྒོམ། ལྕགས་ཀྱུའི་ཕྱག་རྒྱ་བཅའ་ལ་རང་གི་སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་ཡི་དམ། དེའི་དབུ་ལ་ཟླ་བའི་གདན་ལ་བླ་མ། གཡས་སུ་ཞི་བའི་ལྷ་ཚོགས། གཡོན་དུ་ཁྲོ་བོའི་ལྷ་ཚོགས་ཆོས་སྐྱོང་བསྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱིས་བསྐོར་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མདུན་གྱི་ནམ་མཁའ་ལ་བསྡུས་ཏེ་ཆོས་ཀྱི་སྐུ་ལ་གཟུགས་ཀྱི་སྐུར་བཞེངས་པར་བསྒོམ་ལ། ༀ་བཛྲ་ས་མ་ན་ཛ་ཧཱུྃ་ཛ༔ ༀ་བཛྲ་ཨརྒྷཾ་པྲ་ཏི་ཛ་ཨཱཿཧཱུྃ། དྷུ་པེ༴ པུཥྤེ༴ ཨཱ་ལོ་ཀེ༴ གནྡྷེ༴ བཻ་ཝཱི་ཏྱཱ༴ ཤབྟ་པྲ་ཏིཙྪ་ཨཱཿཧཱུྃ། ཞེས་པས་མཆོད། སྲིན་ལག་རྩེ་སྤྲད་ལ་འདི་སྐད་དོ། །ༀ་ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་ལྟ་བུར་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་ཤར་བཞིན་དུ་སྙོམས་མཛད་པའི། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །ཧཱུྃ་བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་དབྱིངས། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་མངོན་སྤྲུལ་ཏེ། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་ཡུམ་གྱི་བྷ་ག་ལས། །རྒྱལ་བའི་དཀྱིལ་འཁོར་མ་ལུས་རབ་འབྱམས་ཀུན། །འདུ་འབྲལ་མེད་པའི་དབྱིངས་སུ་རོ་གཅིག་ཕྱིར། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་ཡེ་ནས་རྣམ་དག་འོད་གསལ་ཞིང་། །རྣལ་འབྱོར་མཉམ་ཉིད་སྨྲ་བསམ་ལས་འདས་པ། །གཉིས་མེད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་གདལ་བ་ཡི། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་འདིར། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུངས་ཆེན་བདག་ཉིད་མ། །མཁའ་དབྱིངས་ཀློངས་ཡང་པདྨོར་འཁྱིལ་བ་ཡི། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ཚོགས་ཆེན་མང་པོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མའི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །རྒྱལ་བའི་གདུང་ཚོབ་རྡོ་རྗེ་ཆྒཻ་མོས། །འགྲོ་བའི་དོན་ཕྱིར་བྱང་ཆུབ་སེམས་བསྐྱེད་ནས། །བླ་མེད་བྱང་ཆུབ་གོ་འཕང་བསྒྲོད་པའི་ཕྱིར། །བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལས། །སྔ་ཕྱི་མནོས་ཤིང་གཉེར་གཏད་སྨྲས་སོ་འཚལ། །རིང་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་། །དོན་ལ་འགོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །གདོད་བྱ་ལོང་ཡོད་སྙམས་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །བསྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་སྨྲ་མི་བྱ་ཞིང་། །ལུང་པ་གཅིག་གི་ཆུ་ལ་མི་འཐུང་ཞེས། །བཀའ་ལས་བྱུང་བ་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང་། །མངོན་ཤེས་ཆུང་བས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་། །ཉམས་དང་སྣོད་མེད་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གིས། །ཉམས་སྒྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་པ་རྣམས། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན། །བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །ག ཉིས་མེད་མི་འགྱུར་དབྱིངས་ལ་བདག་བཀོད་དེ། །མི་དམིགས་བཏང་སྙོམས་ངང་དུ་བཞེས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །དོན་དམ་གཉིས་མེད་སྤྲོས་ལས་འདས་པ་ལས། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ། །ཀུན་རྫོབ་སྒྱུ་མ་ཙམ་གྱིས་དབང་གི་ན། །སྡིག་པ་ཅི་བགྱིས་རང་གནོང་བཟོད་པར་གསོལ། །མཐོལ་ལོ་བཤགས་སོ་དམ་ཅན་གཉན་གྱི་ཚོགས། །གནོང་ངོ་འགྱོད་དོ་དམ་ཅན་གཉན་གྱི་ཚོགས། །སྦྱང་ངོ་བསལ་ལོ་དམ་ཅན་གཉན་གྱི་ཚོགས། །ནོངས་པ་མཆིས་ན་མི་འཆབ་བཟོད་པར་གསོལ། །བཟོད་པར་བཞེས་ནས་ཚངས་པ་སྩལ་དུ་གསོལ། །ༀ་བཛྲ་ས་ཏྭ་ས་མ་ཡཱ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ༴ ཞེས་ཚང་བར་བརྗོད། གནུབས་སངས་རྒྱས་རིན་པོ་ཆེས་མཛད་པ་རྫོགས་སོ། །དགེའོ།། །།

སྒྱུ་འཕྲུལ་བརྒྱུད་པའི་གསོལ་འདེབས་བཀའ་བརྒྱུད་གསེར་ཕྲེང། ཐུབ་བསྟན་ཆོས་ཀྱི་གླང་པོ།

སྒྱུ་འཕྲུལ་བརྒྱུད་པའི་གསོལ་འདེབས་བཀའ་རྒྱུད་གསེར་ཕྲེང་ཞེས་བྱ་བ་བཞུགས་སོ། །ན་མོ་རཏྣ་གུ་རུ་ཡེ། ཀ་དག་ཀུན་བཟང་གདོད་ནས་ཡེ་སངས་རྒྱས། །འཁོར་འདས་མཉམ་ཉིད་གཉིས་མེད་ཀློང་དུ་གྱུར། །དང་པོའི་སངས་རྒྱས་དཔལ་ལྡན་རྡོ་རྗེ་འཆང་། །གསང་བདག་ཆེན་པོ་ཁྱེད་ལ་མི་ཕྱེད་འདུད། །རྒྱལ་སྲས་དབང་ཕྱུག་གསང་བའི་བདག་པོའི་སྐུ། །སངས་རྒྱས་སྟོང་གི་བསྟན་པ་འཛིན་བྱེད་ཅིང་། །གདུལ་དཀའ་འདུལ་མཛད་ཕྱག་ན་རྡོ་རྗེ་བསྣམས། །གསང་བདག་གཉིས་པའི་ཞབས་ལ་གསོལ་བ་འདེབས། །ཐུབ་པ་ལུང་བསྟན་ཨོ་རྒྱན་མཁའ་འགྲོའི་གཙོ། །གསང་སྔགས་རྒྱུད་སྡེ་ཟབ་མོའི་རྒྱུད་འཆང་བ། །རིན་ཆེན་མང་གི་རྣམ་འཕྲུལ་ཐམས་ཅད་མཁྱེན། །ཀུ་རུ་ར་ཙའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བའི་ཞབས་སློབ་མ་འོངས་ལུང་བསྟན་པ། །ཆོས་ཀྱི་རྒྱལ་པོ་ངེས་སྟོན་རྒྱ་མཚོའི་བདག །ཚེ་གཅིག་སངས་རྒྱས་ས་ལ་གཤེགས་མཛད་པ། །ཨིནྟྲ་བོ་དྷིའི་ཞབས་ལ་གསོལ་བ་འདེབས། །གསུང་རབས་རྒྱུད་སྡེ་ཟབ་མོའི་ཕ་རོལ་ཕྱིན། །དོན་བཅུད་གསང་སྔགས་ཟབ་མོའི་གནས་ལུགས་རྟོགས། །འདོད་ཡོན་སྤང་མེད་རྣམ་དག་ལམ་དུ་ཁྱེར། །ཤཱཀྱ་པུ་ཏྲའི་ཞབས༴ གསུང་རབ་རྒྱ་མཚོའི་གཞུང་དོན་ཁོང་དུ་ཆུད། །ཀ་དག་གནས་ལུགས་རང་བྱུང་འགྱུར་མེད་རྟོགས། །ས་བརྒྱད་མནོན་མཛད་སྟོབས་ཀྱི་ཕ་རོལ་ཕྱིར། །ས་བརྒྱད་སེམས་མའི་ཞབས༴ ཐེག་ཆེན་རྣལ་འབྱོར་གསང་སྔགས་ཟབ་མོའི་བདག །བླ་མེད་རྡོ་རྗེ་ཐེག་པའི་དོན་རྟོགས་ནས། །ཚེ་གཅིག་ཚེ་འདིར་རིག་འཛིན་མཆོག་ཐོབ་པ། །རྡོ་རྗེ་ཡོན་ཏན་གཟུངས་ལ་གསོལ༴ ཡན་ལག་ཐུགས་ཀྱི་སྒོར་ཞུགས་དངོས་གྲུབ་བརྙེས། །མི་འགྱུར་བདེ་སྟོང་དབྱེར་མེད་རྡོ་རྗེ་འཛིན། །ཟབ་མོའི་བསྟན་པའི་མངའ་བདག་ཆོས་ཀྱི་རྗེ། །གྲུབ་ཆེན་ཧཱུཾ་ཀ་ར་ལ༴ གསང་སྔགས་ཕྱི་ནང་ཆོས་ལ་མངའ་བརྙེས་ཤིང་། །རྒྱལ་བའི་དཀྱིལ་འཁོར་ཚོགས་རྣམས་ཞལ་གཟིགས་ནས། །སྣ་ཚོགས་ཐབས་ཀྱིས་འགྲོ་བའི་དོན་མཛད་པ། །པྲ་ཆེན་ཧ་སྟིའི་ཞབས༴ འཇམ་དཔལ་དབྱངས་ཀྱི་ཐུགས་རྗེས་རྗེས་བཟུང་ནས། །ཕྱི་ནང་ཐེག་པའི་ཆོས་རྣམས་ཐུགས་ལ་རྫོགས། །ངོ་མཚར་གཞུང་དང་གདམས་པ་དུ་མའི་གཏེར། །སངས་རྒྱས་གསང་བའི་ཞབས༴ འོད་དཔག་མེད་ཀྱི་རྣམ་འཕྲུལ་འཆི་མེད་སྐུ། །དྷ་ན་ཀོ་ཤའི་མཚོ་གླིང་པདྨར་སྐྱེས། །སངས་རྒྱས་བསྟན་པ་རྒྱས་མཛད་ཆོས་གཏེར་བདག །ཨོ་རྒྱན་པདྨ་ཞབས༴ པཎ་ཆེན་དུ་མ་མཛེས་པའི་དབུས་ན་མཛེས། །རིགས་པའི་གནས་ལྔ་མ་ལུས་ཐུགས་ལ་རྫོགས། །རྒྱ་གར་མཁས་པའི་མཆོག་གྱུར་བི་མ་ལ། །དྲི་མེད་བཤེས་གཉེན་ཞབས༴ ལུང་རིག་གསུང་གི་དབང་ཕྱུག་མངའ་བརྙེས་ཤིང་། །ཕ་རོལ་སྨྲ་བའི་ལོག་རྟོག་ཚར་གཅོད་ཅིང་། །ཟབ་རྒྱས་ཆོས་ཀྱི་རྒྱ་མཚོར་བསྒྱུར་མཛད་པ། །ལོ་ཙཱ་རིན་ཆེན་ཞབས༴ ཐུབ་དབང་བསྟན་པའི་རྒྱུ་འབྲས་ཐེག་པ་ལ། །ཇི་བཞིན་མ་ནོར་མངོན་སུམ་རྟོགས་གྱུར་ནས། །ཟག་མེད་དགོང་པ་མཆོག་ལ་མངའ་བརྙེས་པ། །ཀྱེ་རེ་མཆོག་སྐྱོང་ཞབས༴ རྣམ་དག་ཐེག་པའི་ལུང་ཆོས་ཐུགས་ལ་རྫོགས། །གསང་སྔགས་ཟབ་མོའི་སྒྲུབ་རྒྱུད་བསྟན་པ་འཛིན། །ཟག་མེད་ཟུང་འཇུག་མངོན་སུམ་རྟོགས་པ་ཡི། །རྒྱལ་བ་ཡོན་ཏན་ཞབས༴ ཐུབ་དབང་བསྟན་པའི་དཔལ་ལ་མངའ་བརྙེས་ཤིང་། །མི་འགྱུར་ཡེ་ཤེས་གོ་འཕང་མཆོག་ཐོབ་ནས། །ལུས་ཅན་ཐེག་མཆོག་ལམ་ལ་བཀོད་མཛད་པ། །ཡེ་ཤེས་རིན་ཆེན་ཞབས་ལ༴ མཁྱེན་རབ་སྟོང་ཉིད་རྒྱ་མཚོ་ཆེན་པོ་ལ། །འགགས་མེད་སྙིང་རྗེའི་རླབས་ཆེན་ཀུན་ནས་གཡོས། །གསང་སྔགས་ཟབ་དོན་རིན་ཆེན་འབྱུང་བའི་གནས། །ཡོན་ཏན་རྒྱ་མཚོའི་ཞབས༴ དེ་ཉིད་སྐུ་ཡི་སྲས་གྱུར་གསང་སྔགས་འཛིན། །རབ་འབྱམས་བསྟན་པའི་སྲོག་ཤིང་མཛོད་གསུམ་བདག །ཚད་མེད་ཐུགས་རྗེའི་བསླབ་བྱ་གཏིང་ནས་རྫོགས། །ཡེ་ཤེས་རྒྱ་མཚོའི་ཞབས༴ གསང་སྔགས་ཟབ་མོའི་གནས་ལུགས་ཁོང་དུ་ཆུད། །ཡང་ཕུར་སྨན་གསུམ་རྒྱུད་ལུང་མན་ངག་བཅས། །མཁས་གྲུབ་གཉིས་ཀྱི་རྒྱལ་རྒྱུད་འཛིན་མཛད་པ། །བློ་གྲོས་བྱང་ཆུབ་ཞབས༴ སྒྱུ་འཕྲུལ་ཐེག་པའི་ཆོས་ལ་དབང་ཐོབ་ནས། །ཉོན་མོངས་ཡེ་ཤེས་ཆེན་པོར་ལམ་དུ་ཁྱེར། །གསང་སྔགས་མངའ་བརྙེས་བསྟན་འཛིན་ཆོས་ཀྱི་རྗེ། །ཤཱཀྱ་འབྱུང་གནས་ཞབས༴ བསྐལ་མང་སྔོན་ནས་སྦྱང་པ་ཞིབ་པའི་མཐུས། །ཐེག་ཆེན་གསང་སྔགས་ཟབ་མོའི་དོན་རྟོགས་ནས། །བདག་གཞན་མཆོག་གི་ས་ལ་སྦྱོར་མཛད་པ། །ཟུར་ཆུང་ཤེས་གྲགས་ལ༴ གནས་ཀྱི་ཁྱད་འཕགས་རྐེད་ལུང་ཞེས་བྱ་དེར། །མདོ་བཞི་བསྡོམས་ལྔ་ལ་སོགས་གསང་སྔགས་ཆོས། །མ་ལུས་ཐུགས་སུ་ཆུད་ནས་བསྒྲུབ་པ་མཛད། །ཡང་ཁིང་བླ་མའི་ཞབས༴ གཞུང་ལུགས་རབ་འབྱམས་དོན་ལ་མངའ་བརྙེས་ཤིང་། །གདུལ་བྱ་མཐའ་དག་ཐེག་པའི་ལམ་ལ་གཟུང་། །སངས་རྒྱས་བསྟན་པ་རྒྱ་ཆེར་སྤེལ་མཛད་པ། །ཤཱཀྱ་སེང་གེའི་ཞབས༴ ཐེག་པ་མཐའ་དག་ཁོང་ཆུད་རྫོགས་ཆེན་པོ། །ཇི་བཞིན་རྟོགས་ནས་གཟུང་འཛིན་རང་སར་གྲོལ། །བདག་གཞན་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ། །རྫོགས་ཆེན་པ་ཞེས་ཞབས་ལ༴ ༈ རྒྱ་གར་ཡུལ་དུ་བྱང་ཆུབ་སེམས་སྦྱང་ནས། །གངས་ཅན་ཁྲོད་འདིར་གསང་སྔགས་བསྟན་པ་སྐྱོང་། །བདེ་བ་ཅན་དེར་རྒྱལ་སྲས་བྱང་ཆུབ་སེམས། །ས་བཅུའི་དབང་ཕྱུག་དམ་པ་དེ་ལ་འདུད། །ལུང་རིགས་མན་ངག་ཀུན་ལ་མཁས་གྱུར་པ། །མདོ་རྒྱུད་དགོངས་པའི་ཐུགས་ལ་ཉི་མ་ཤར། །བསྐྱེད་རྫོགས་གཉིས་ཀྱི་བདག་གཞན་རྒྱུད་སྦྱངས་པ། །ཆོས་རྗེ་གཙང་སྟོན་ཞབས༴ ཆོས་ཉིད་རྣམ་དག་བྱམས་པའི་རི་བོ་ལ། །སྙིང་རྗེའི་འབྲས་ལྡན་དཔག་བསམ་འབུམ་གྱིས་བརྒྱན། །མཚན་མཆོག་དོན་ལྡན་འགྲོ་མགོན་ཆོས་ཀྱི་རྗེ། །བྱམས་པ་ཆེན་པོའི་ཞབས༴ སྣང་སྟོང་གཉིས་མེད་ཆོས་དབྱིངས་ནམ་མཁའ་ལ། །གནས་ལུགས་འགྱུར་མེད་རང་བྱུང་རྡོ་རྗེའི་སྐུ། །ལུང་བསྟན་མཆོག་ཐོབ་རྩ་སྟེ་སྤྱང་ང་བ། །ནམ་མཁའ་རྡོ་རྗེའི་ཞབས་ལ༴ རྒྱུད་སྡེ་བསྲུང་ཞིང་གསང་སྔགས་རྡོ་རྗེ་འཛིན། །ཐོས་བསམ་བསྒོམས་པའི་བྱ་བ་མཐར་ཕྱིན་ནས། །འཆད་རྩོད་བརྩམས་པའི་དོན་ལ་མ་རྨོངས་པ། །ཐུགས་རྗེའི་ཡེ་ཤེས་ཞབས་ལ༴ ལྡེམ་དགོངས་བརྒྱད་དང་མཐའ་དྲུག་ཚུལ་བཞིན་དང་། །བརྟོན་པ་བཞི་དང་གཞུང་གི་འབོད་ལེན་གྱིས། །གསང་སྔགས་ཟབ་མོའི་རྒྱུད་གཞུང་གཏན་ལ་དབབ། །སྟོན་པ་དབང་འབྱོར་ཞབས༴ དམ་རྫས་བདུད་རྩིའི་རྒྱ་མཚོའི་ཆེན་པོ་བསྐྱིལ། །ལུང་རིགས་དྲི་མེད་པདྨོའི་ཁ་ཕྱེས་ནས། །བློ་གསལ་རྐང་དྲུག་ལྡན་ལ་དགའ་སྟོན་འགྱེད། །རྗེ་བཙུན་དཔའ་འབར་ཞབས༴ ཀུན་མཁྱེན་ཟབ་ཡང་བསྟན་པའི་མཛོད་འཛིན་པ། །སྡོམ་གསུམ་རྣམ་དག་ཉེས་ལྟུང་དྲི་མས་དབེན། །མཚུངས་མེད་ཆོས་རྗེ་གདུལ་བྱའི་མགོན་གྱུར་པ། །སྟོན་པ་མགོན་རྒྱལ་ཞབས༴ དྲི་མེད་ཚུལ་ཁྲིམས་རྣམ་དག་རྒྱལ་བའི་མཚན། །ཐེག་མཆོག་ཟབ་དོན་མ་ལུས་ཐུགས་སུ་ཚུད། །མཁྱེན་རབས་འཇམ་དཔལ་དབྱངས་དང་གཉིས་མེད་པ། །ཚུལ་ཁྲིམས་རྒྱལ་མཚན་ཞབས༴ མཁས་པ་རྒྱ་མཚོ་ཚོགས་པའི་དབུས་ན་མཛེས། །སྣ་ཚོགས་ཐེག་པའི་གཞུང་ལུགས་བཤད་རྩལ་ཆེ། །རང་འདོད་མེད་ཅིང་གཞན་ཕན་ཁོ་ནར་སེམས། །དྷརྨཱ་ཀླཀྵའི་ཞབས༴ མདོ་སྔགས་རྒྱ་མཚོའི་དབུས་སུ་ལེགས་འཁྲུངས་ཤིང་། །གསུང་རབ་པདྨོའི་མངའ་བདག་ཆོས་ཀྱི་རྗེ། །དོན་བཅུ་སྦྲང་རྩི་ལྟ་བུའི་བཅུད་ལྡན་པ། །ཛྙཱ་ན་ཀེ་ཏུའི་ཞབས༴ མང་ཐོས་གསུང་རབ་ཀུན་གྱི་མཐར་སོན་ཅིང་། །རྒྱལ་བའི་དབང་པོ་ཇི་བཞིན་མཁྱེན་གྱུར་པ། །མཁས་མཆོག་རྣམས་ཀྱི་གཙུག་གི་རྒྱན་གྱུར་པ། །ནམ་མཁའ་རྒྱལ་མཚན་ཞབས༴ ནམ་མཁའ་ལྟ་བུར་ཆོས་ཉིད་ཀློང་གྱུར་ཞིང་། །འགྲོ་བའི་དཔལ་མགོན་བསྟན་པའི་མངའ་བདག་མཆོག །པདྨས་ལུང་བསྟན་སྐྱེས་མཆོག་སྒྲོ་འདོགས་པ། །ནམ་མཁའ་དཔལ་བའི་ཞབས༴ མཁྱེན་གཉིས་ཡེ་ཤེས་ནམ་མཁའི་ནོར་བུ་ལྟར། །ཀློང་གྱུར་མདོ་སྔགས་རྒྱ་མཚོ་སྟོན་མཛད་པ། །སྔ་འགྱུར་བསྟན་པའི་རྒྱལ་མཚན་ཁ་བ་དཀར། །ནམ་མཁའ་རྒྱ་མཚོའི་ཞབས༴ བསོད་ནམས་དཔུང་ལྡན་འཇམ་དབྱངས་རྣམ་འཕྲུལ་མཆོག །མདོ་སྔགས་བསྟན་པའི་རྒྱལ་མཚན་རིན་པོ་ཆེ། །སྙིང་བསྟན་འཛིན་མཛད་ཆོས་རྗེ་ཡང་ཁྲོད་པ། །བསོད་ནམས་རྒྱལ་མཚན་ཞབས༴ འགྲོ་བའི་བསོད་ནམས་ལེགས་འཁྲུངས་རྒྱལ་བའི་སྲས། །བླ་མེད་རྡོ་རྗེ་ཐེག་པའི་མཛོད་འཛིན་པ། །ཀཿཐོག་བསྟན་པའི་ཁུར་བརྗིད་མཆོད་ཁང་བ། །བསོད་ནམས་རྡོ་རྗེའི་ཞབས༴ བསྟན་པའི་རྒྱལ་ཚབ་ཆོས་ཉིད་ཀློང་གྱུར་ནས། །ཕྱག་རྫོགས་དགོངས་པ་གསལ་མཛད་བསྟན་པའི་ཉི། །མི་ཡི་སེང་གེ་འཕྲུལ་ཞིག་རྒྱ་སྡོང་བ། །བསྟན་པ་སེང་གེའི་ཞབས༴ མ་འོངས་འགྲོ་ལ་བཀྲ་ཤིས་དཔལ་འབར་ཞིང་། །སྒྱུ་འཕྲུལ་ཐེག་པའི་རིན་ཆེན་མཛོད་འཆང་བ། །མདོ་སྔགས་ཆར་འབེབས་རྡོ་རྗེ་འཛིན་པ་ཆེ། །འཇམ་དབྱངས་བདུན་རྒྱུད་ཐ་མ་ཡོང་ཁྲོད་དབོན། །མངྒ་རཏྣའི་ཞབས༴ ཆོས་ཉིད་ཟབ་ཡངས་རིན་ཆེན་འབྱུང་བའི་གནས། །མདོ་སྔགས་ཆར་འབེབས་རྡོ་རྗེ་འཛིན་པ་ཆེ། །འགྲོ་བའི་རེ་སྐོང་བསྟན་པའི་རྒྱན་གྱུར་པ། །རཏྣ་བཛྲ་ཞབས་ལ་གསོལ་བ་འདེབས། །ནམ་མཁའ་དཔལ་མན་ཆད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་ཤྭ་ལོ་ཀ་རྣམས་རང་གི་དད་རྟེན་དུ་པདྨ་བཀྲ་ཤིས་སོགས་དོན་གཉེར་འགའི་དོན་དུ་གནས་ཆེན་རྨུགས་སངས་དུ་རྡོ་རྗེ་ཀུན་བཟང་རྒྱ་མཚོས་བྲིས་པ་བཀྲ་ཤིས་དཔལ་འབར་ནམ་མཁའི་མཐའ་མཉམ་འཕེལ་བར་གྱུར་ཅིག །དེ་ནས་ཀཿཐོག་ཏུ་སྒྱུ་འཕྲུལ་དབང་གི་བརྒྱུད་པ་ལྟར་ན། ཚེ་གཅིག་སངས་རྒྱས་སྒྲུབ་པའི་བརྟུལ་ཞུགས་ཅན། །རིམ་གཉིས་ལམ་བརྟགས་མངོན་གྱུར་སྤྲོས་མེད་ཀྱི། །སྤྱོད་པས་གདུག་འདྲེའི་གནོད་པ་དབྱིངས་སུ་ཞི། །བུདྡྷ་མངྒའི་མཚན་ལ་གསོལ་བ་འདེབས། །བརྩེ་ཆེན་ཐུགས་རྗེས་གདུལ་བྱའི་ཁམས་དབང་བཞིན། །ཆོས་ཀྱི་དགའ་སྟོན་སྤེལ་ལ་མངའ་བརྙེས་པས། །སྐལ་ལྡན་ཐར་གླིང་འདྲེན་པའི་དད་དཔོན་མཆོག །ཤཱཀྱ་ཚེ་རིང་དཔལ་ལ༴ བསྐྱེད་རྫོགས་ཟ བ་མོའི་དོན་ལ་དབང་འབྱོར་བས། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ལྷ་ཞལ་མཇལ། །དབུགས་དབྱུང་གཟེངས་བསྟོད་ས་ལམ་ཡོན་ཏན་རྫོགས། །ཨོ་རྒྱན་ཕུན་ཚོགས་མཆོག་ལ༴ རྒྱུད་རྒྱལ་གསང་བ་སྙིང་པོའི་དགོངས་པའི་དོན། །ཇི་བཞིན་མངོན་གྱུར་གྲུབ་པའི་རྟགས་མཚན་གྱིས། །འགྲོ་མང་དབང་སྡུད་ཟུང་འཇུག་ལམ་ལ་བཀོད། །གྱི་ལིང་ཐུགས་ཀྱི་རྡོ་རྗེར་གསོལ༴ དམ་པའི་རིས་སད་མཁས་གྲུབ་དུ་མ་ལས། །མདོ་སྔགས་སྙིང་པོའི་བཅུད་བླངས་བྱ་བཏང་གིས། །ཚེ་གཅིག་སྤྲོས་མེད་སྒྲུབ་པའི་རྒྱལ་མཚན་བཙུགས། །མ་ཏི་བྷ་དྲིའི་ཞབས་ལ༴ མདོ་བརྒྱུད་ཟབ་དགུའི་ཆུ་གཏེར་སྲུབ་པ་ལས། །ལེགས་ཐོན་བཤད་སྒྲུབ་བསྟན་པའི་ཉིན་བྱེད་ཀྱིས། །ལུང་རྟོགས་ཆོས་ཀྱི་གཟི་འོད་རབ་འབར་བ། །ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ༴ དྲི་མེད་བཤེས་གཉེན་གསང་གསུམ་རོལ་པའི་ཀར། །ཐེག་མཆོག་བསྟན་པའི་ཉིན་བྱེད་ཤར་རིའི་ཕྲག །ལེགས་འཆར་སྙིང་པོའི་བསྟན་པ་མཁའ་ལྟར་བརྡལ། །ཀུན་མཁྱེན་ངག་གི་དབང་པོ༴ འཇམ་དབྱངས་བླ་མའི་ཕྲིན་ལས་གཅིག་བསྡུས་པ། །གཟུང་སྤོབས་བློ་གྲོས་མཆོག་ལ་དབང་འབྱོར་བས། །རིས་མེད་བརྟན་དང་འགྲོ་བའི་སྒྲོན་མེ་ཆེ། །བློ་གྲོས་རྒྱ་མཚོའི་དཔལ་ལ༴ དམ་པ་དེ་གསུམ་ཀ་ལས། ལུང་རིག་མན་ངག་རྫོགས་པའི་ལེགས་བཤད་ཀྱིས། །སྐལ་བཟང་བློ་ཡི་པདྨོ་འདབ་བརྒྱར་བཀྲོལ། །སྨིན་གྲོལ་གདམས་པའི་ཟབ་མཛོད་ནུབ་མེད་བསྐྱངས། །ཐུབ་བསྟན་དུལ་བའི་སྡེ་ལ༴ ཞེས་སྒྱུ་འཕྲུལ་ཁམས་ལུགས་དབང་བརྒྱུད་ལྟར་ཁ་སྐོང་བའོ། ༈ །རྨད་བྱུང་ལེགས་བཤད་གསུང་གི་ཉིན་འོད་ཀྱིས། །རྨོངས་པའི་རབ་རིབ་ཀུན་ནས་འཕྲོག་བྱེད་ཅིང་། །སྐལ་བཟང་ཐར་པའི་པད་འཚལ་རྒྱས་མཛད་པ། །དཔལ་ལྡན་བླ་མའི་ཞབས༴ འབད་དེ་རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་དང་། །བསྟན་སྲུང་མ་མགོན་ལྕམ་དྲལ་ཚོགས་བཅས་ཀྱི། །དབང་བཞི་ཆུ་བོས་བདག་རྒྱུད་སྨིན་མཛད་ནས། །མོས་གུས་གདུང་བའི་གསོལ་འདེབས་ཕྱག་འཚལ་ལོ། །དེ་ལྟར་བཀའ་རྒྱུད་དྲི་མེད་གསེར་ཕྲེང་ལ། །ཕྱག་འཚལ་གསོལ་བཏབ་བདེན་པའི་བྱིན་རླབས་ཀྱི། །རང་རྒྱུད་སྨིན་ཅིང་གཞན་རྒྱུད་གྲོལ་བ་དང་། །སྐུ་ལྔ་ཡོངས་རྫོགས་གདུལ་བྱའི་དཔལ་དུ་ཤོག །ཅེས་སྒྱུ་འཕྲུལ་བརྒྱུད་པའི་གསོལ་འདེབས་བཀའ་རྒྱུད་གསེར་ཕྲེང་ཞེས་བྱ་བ་འདི་ནི་མཁས་གྲུབ་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པས་མཛད་ནས་དར་རྒྱས་པར་བྱའོ། །ཡང་ན་བརྒྱུད་པའི་ཁ་སྐོང་དཔལ་ཡུལ་ལྟར་ན། རཏྣ་བཛྲ་རྗེས། ཀུན་བཟང་དགོངས་དོན་མཁའ་ལྟར་ཀློང་གྱུར་ནས། །ཤེས་རབ་སྒྲོན་མེའི་རིག་མུན་ཚོགས་རྩོམ། །རྙིང་བསྟན་མངའ་བདག་བོད་ཁམས་མུན་སེལ་རྗེ། །ཀུན་བཟང་ཤེས་རབ་ཞབས་ལ༴ རྣམ་སྨིན་ཚེ་དབང་ཕྱག་ཆེན་རིག་པ་འཛིན། །སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་ཆེན་པོ། །ཡེ་ཤེས་རྒྱ་མཚོའི་འཁོར་གྱིས་རྟག་རོལ་བ། །ལྷུན་གྲུབ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །ལྟ་སྤྱོད་དཀྱིལ་འཁོར་དབང་བསྐུར་དམ་ཚིག་དང་། །མཆོད་སྔགས་ཏིང་འཛིན་ཕྲིན་ལས་སྒྲུབ་པ་ཡིས། །པདྨའི་བསྟན་འཛིན་དགོས་འབྱུང་ནོར་བུའི་དབྱིག །པདྨ་ནོར་བུའི་ཞབས་ལ༴ དག་མཉམ་བདེན་པ་དབྱེར་མེད་ཆོས་སྐུར་རྟོགས། །ཕྲིན་ལས་རྟག་ཁྱབ་ལྷུན་གྲུབ་དཔལ་དང་ལྡན། །མཁས་བཙུན་བཟང་པོའི་རྣམ་ཐར་རྨད་དུ་བྱུང་། །ཆོས་དཔལ་བཟང་པོའི་ཞབས༴ སྡོམ་གསུམ་གནང་བཀག་གཙང་མའི་པདྨའི་ཚལ། །ལེགས་བཤད་མགྲིན་གླུ་སྒྲོགས་པའི་ཁྲ་མ་ར། །ཟབ་རྒྱས་ཆོས་ཀྱི་སྦྱིན་པ་འགྱེད་མཁས་པ། །པདྨ་སྦྱིན་པའི་ཞབས་ལ༴ པདྨའི་བཀའ་སྲོལ་སྔ་འགྱུར་བསྟན་ལ་ཞུགས། །དཀའ་ཐུབ་བཟོད་པའི་གོ་ཆ་ཆེར་བསྒོས་པས། །ཚེ་གཅིག་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། །པདྨ་བཟོད་པའི་ཞབས་ལ༴ ཕྱག་ན་པདྨའི་གསང་གསུམ་སྒྱུ་འཕྲུལ་བདར། །སྔ་འགྱུར་མདོ་སྔགས་བསྟན་པའི་རྒྱལ་མཚན་འཛིན། །བསྟན་འགྲོའི་དོན་ཆེན་སྒྲུབ་པའི་མཐུ་སྟོབས་ཅན། །མདོ་སྔགས་བསྟན་འཛིན་ཞབས་ལ༴ ཕྱོགས་དུས་རྒྱལ་བའི་མཁྱེན་རྩེ་ནུས་པའི་གཏེར། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཉི་མའི་གཉེན། །རབ་འབྱམས་འགྲོ་ཁམས་རྒྱ་མཚོའི་གཙུག་ན་བརྗིད། །ཆོས་ཀྱི་ཉི་མའི་ཞབས་ལ་གསོལ་བ་འདེབས། །རྨད་བྱུང་ལེགས་བཤད་སོགས་དང་སྦྲེལ། ཞེས་པའང་ཐུབ་བསྟན་ཆོས་ཀྱི་གླང་པོས་སྒོ་གསུམ་གུས་པས་གསོལ་བཏབ་པ་དགེ། །།

དཔལ་གསང་བ་སྙིང་པོའི་བརྒྱུད་འདེབས་ཀུ་མུད་ཕྲེང་བའི་དོན་བསྡུས། སི་ཏུ་ཆོས་ཀྱི་རྒྱ་མཆོ།

དཔལ་གསང་བ་སྙིང་པོའི་བརྒྱུད་འདེབས་ཀུ་མུད་ཕྲེང་བའི་དོན་བསྡུས་བཞུགསསོ། །ཨེ་ཝཾ་རང་བཞིན་རྡོ་རྗེ་དྲིལ་བུ་འཆང་། །སྒྱུ་མའི་རང་བཞིན་རོལ་པའི་གར་གྱིས་སྒེག །བདེ་སྟོང་རང་བཞིན་ཁ་སྦྱོར་བདུན་གྱིས་བདག །ལྷན་སྐྱེས་རང་བཞིན་རྡོ་རྗེ་སེམས་དཔའ་རྒྱལ། །གསང་བའི་བདག་པོ་རིགས་ཅན་དྲྭ་མ་ལྔ། །ལུང་བསྟན་རྡོ་རྗེ་ཀུ་ཀུ་རཱ་ཛའི་ཞབས། །ཤཱཀྱ་པུ་ཏྲི་ས་བརྒྱད་སེམས་མ་ལ། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །རྡོ་རྗེ་ཡོན་ཏན་གཟུངས་དང་ཧཱུྃ་ཀ་ར། །པྲ་བྷ་ཧ་སྟི་སངས་རྒྱས་གསང་བའི་ཞབས། །སློབ་དཔོན་པདྨ་པཎ་ཆེན་བི་མ་ལར། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །རིན་ཆེན་མཆོག་དང་ཀྱེ་རེ་མཆོག་སྐྱོང་དང་། །རྒྱལ་བའི་ཡོན་ཏན་གནུབས་ཆེན་རིན་པོ་ཆེ། །ཡོན་ཏན་རྒྱ་མཚོ་ཡེ་ཤེས་རྒྱ་མཚོ་ལ། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །བློ་གྲོས་བྱང་ཆུབ་བདེ་གཤེགས་ཟུར་པོ་ཆེ། །ཤེས་རབ་གྲགས་པ་ཡང་ཁྱེད་སྒྲོ་ཕུག་པ། །རྫོགས་ཆེན་པར་གྲགས་བླ་མ་རིན་པོ་ཆེ། །གསོལ་འདེབས་ཕྱག་འཚལ་བྱིན་རླབས་དངོས་གྲུབ་སྩོལ། །སྐུ་གསུམ་མངོན་དུ་གྱུར་པའི་ཀཿཐོག་པ། །དེ་སྲས་ས་བཅུའི་དབང་ཕྱུག་གཙང་སྟོན་ཞབས། །ཐུགས་རྗེ་མཚུངས་མེད་བྱམས་པ་འབུམ་པ་ལ། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །ནམ་མཁའ་རྡོ་རྗེ་ཐུགས་རྗེ་ཡེ་ཤེས་དང་། །སྟོན་པ་དབང་འབྱོར་རྗེ་བཙུན་དཔལ་འབར་བ། །མགོན་པོ་རྒྱལ་མཚན་ཚུལ་ཁྲིམས་རྒྱལ་མཚན་ལ། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །དྷརྨ་ཀླཀྵ་ཡེ་ཤེས་རྒྱལ་མཚན་རྗེ། །ནམ་མཁའ་རྒྱལ་མཚན་མཚུངས་མེད་ནམ་མཁའ་དཔལ། །ནམ་མཁའ་རྒྱ་མཚོ་ཆོས་ཀྱི་དབང་པོ་ལ། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །བསོད་ནམས་རྡོ་རྗེ་ཧེ་བ་ཆོས་འབྱུང་དང་། །ཤཱཀྱ་བཀྲ་ཤིས་རིན་ཆེན་རྡོ་རྗེའི་ཞབས། །སངས་རྒྱས་བཀྲ་ཤིས་ཤཱཀྱ་ཚེ་རིང་ལ། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །ཨོ་རྒྱན་ཕུན་ཚོགས་ཐུགས་ཀྱི་རྡོ་རྗེ་དང་། །བློ་གྲོས་ཆེན་པོ་ཀུན་མཁྱེན་སི་ཏུ་པ། །ཆོས་ཀྱི་རྒྱ་མཚོ་འཁོར་ལོའི་དབང་ཕྱུག་ལ། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །དམ་པའི་མཛོད་འཆང་ཀུན་བཟང་དགོངས་པའི་རྩལ། །མངོན་རྫོགས་དུས་གསུམ་སྒྱུ་འཕྲུལ་བླ་མ་ལ། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །ཡིད་ཀྱི་ལྷ་སྐུ་སྟོབས་རྫོགས་རྣམ་པར་སྨིན། །ལུས་སེམས་རྡོ་རྗེའི་གནས་གྲུབ་ཚེ་ལ་དབང་། །འཇའ་ལུས་གཡོ་བ་མེད་པ་ཕྱག་རྒྱ་ཆེ། །རྩོལ་མེད་ལྷུན་གྲུབ་རིག་འཛིན་བཞི་བསྒྲོད་ཤོག །ཀུན་མཁྱེན་སི་ཏུའི་གསུང་ལས་ཅུང་ཟད་བསྡུས་ཏེ་མཉྫུས་བྲིས་པ་དགེའོ།། །།

ཞི་བའི་ལྷན་ཐབས་དབུའི་གཟིགས་ཕྱོགས། བུདྡྷ་བཛྲ།

ཞི་བའི་ལྷན་ཐབས་དབུའི་གཟིགས་ཕྱོགས་སོ། །ༀ་སྭཱ་སྟི། བྱེད་པ་རྡོ་རྗེའི་དཀྱིལ་འཁོར་གཙོ། །རང་སྣང་ཡུལ་དུ་མོས་བྱས་ནས། །རིན་ཆེན་དྲྭ་བ་མངོན་རྫོགས་པའི། །ཞལ་གདམས་ལྷན་ཐབས་བརྗོད་པར་བྱ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནའང་སྐྱེ་བ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགགས་པ་མེད་ལས་ཐམས་ཅད་འགགས། །འགགས་པ་ཉིད་ནའང་འགགས་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ནའང་གནས་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ནའང་དམིགས་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ནའང་འགྲོ་འོང་མེད། །དངོས་རྣམས་ཉིད་ན་དངོས་མེད་པར། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །དེ་ལ་རང་གི་ངོ་བོ་ནི། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །ཨ་རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །འདི་ནི་རྡོ་རྗེའི་དངོས་གྲུབ་ཀྱི། །རྟེན་འབྱུང་ཡེ་ཤེས་རྒྱུ་ཡིན་ཏེ། །དེ་ལ་དབང་ཆེན་དཀྱིལ་འཁོར་བསྒོམ། བྷྲཱུྃ་འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །གྲུ་ཆད་བཞིས་བརྒྱན་པར་འཁྱམས་དང་། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཨ་དང་ཀྵ་ཡི་ཁྱད་པར་ལས། །ཡི་གེ་བཞི་བཅུ་བྱུང་བ་སྟེ། །འོད་འཕྲོས་བདེ་གཤེགས་གསུང་ལ་མཆོད། །སེམས་ཅན་ངག་གི་སྒྲིབ་པ་སྦྱང་། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །ཐུགས་མཚན་བཞི་བཅུ་གཉིས་སུ་གྱུར། །འོད་འཕྲོས་བདེ་གཤེགས་ཐུགས་ལ་མཆོད། །སེམས་ཅན་ཡིད་ཀྱི་སྒྲིབ་པ་སྦྱངས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །ཕྲ་མོ་བཞི་བཅུ་གཉིས་སུ་གྱུར། །འོད་འཕྲོས་བདེ་གཤེགས་སྐུ་ལ་མཆོད། །སེམས་ཅན་ལུས་ཀྱི་སྒྲིབ་པ་སྦྱངས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །ཡོངས་རྫོགས་བཞི་བཅུ་གཉིས་སུ་གྱུར། །མཉེན་ལྕུག་འཁྲིལ་ལྡེ མ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །མཐའ་དབུས་མེད་པར་ཁྱབ་པ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །མི་བསྐྱོད་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཐུགས་སུ་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ཧཱུྃ་བཛྲ་དྷྲྀཀ྄ །མུཾ་དྷཱ་དུ་ཤྭ་རི། གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །རྣམ་སྣང་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཐུགས་སུ་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ༀ་ཛི་ན་ཛིཀ྄ །ལཱྃ་ཏེ་ཤྭ་ར་ཏི། ཚོར་བ་ཆུའི་ངོ་བོ་ཉིད། སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །རིན་འབྱུང་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཡོན་ཏན་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །སྭ་རཏྣ་དྷྲྀཀ྄ །མཱཾ་མོ་ཧཱ་ར་ཏི། འདུ་ཤེས་མེ་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །སྣང་མཐའ་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་གསུང་གི་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ༀ་ཨ་རོ་ལིཀ྄ །པྱཱཾ་རཱ་ག་ར་ཏི། འདུ་བྱེད་རླུང་གི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །དོན་གྲུབ་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཕྲིན་ལས་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ཧཱ་པྲཛྙཱ་དྷྲྀ་ཀ྄ །ཏཱྃ་བཛྲ་ར་ཏི། མིག་ཤེས་གཟུགས་ཀྱི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །ས་སྙིང་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔར་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ཀྵིཾ་ཧི་རཱ་ཙ་ཡ། ཧཱུྃ་ལཱ་སྱེ་ས་མ་ཡ་སྟཱཾ། རྣ་ཤེས་སྒྲ་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །ཕྱག་རྡོར་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔར་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ཛྲིཾ་ཀུ་རུ་པཱ་ནི་ཧྲཱི། ཨ་ནིརྟི་རཱ་ག་ཡ་མི། སྣ་ཤེས་དྲི་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །ནམ་སྙིང་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔར་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ཏྲཱྃ་ཨ་གརྦྷ་ཡ། ཏྲཱྃ་མ་ལྱེ་ས་མ་ཡ་ཧོ། ལྕེ་ཤེས་རོའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །སྤྱན་གཟིགས་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔར་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ཧྲཱིཿཧ་ཧཱུྃ་པདྨ་བྲ་ད་མ། ཧྲཱིཿགིརྟི་རཱ་ག་ཡ་ཧོ། མིག་དབང་འདས་པའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །བྱམས་པ་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔའ་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །མཻ་དྷི་ར་ནི་སྭཱ་ཧཱ། ཛ་དྷུ་ཥྤེ་པྲ་ཝེ་ཤ་ཡ་ཨཱ། སྣ་དབང་ད་ལྟའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །སྒྲིབ་སེལ་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔར་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ཐླྷིཾ་ས་རྃ་པ་ཡེ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨ་ཝེ་ཤ་ཡ། སྣ་དབང་མ་འོངས་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །ཀུན་བཟང་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔར་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ཧཱུྃ་སྭ་རཱ་ར་ཡ་སྭཱ་ཧཱ། བཱྃ་དྷི་པཾ་སུ་ཀི་ནི། ལྕེ་དབང་ཕྱིས་འབྱུང་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །འཇམ་དཔལ་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔར་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །མཱུཾ་ཤྲཱི་ཨ་རཾ་གཱ་ཡ་སྭཱ་ཧཱ། ཧོཿགྷནྡྷེ་ཙིཏྟ། ཡིད་ནི་རང་རིག་མ་སྐྱེས་ཐུགས། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །ཀུན་བཟང་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཐུགས་སུ་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཧཱུྃ། ཨ་ཨ་ཨ་བཛྲ་བྷ་དྲ་ས་མནྟ་ཨ། ང་རྒྱལ་ལྷའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །ལྷ་དབང་བརྒྱ་བྱིན་རང་བཞིན་ལ། །ཏིང་འཛིན་སྤྲུལ་པར་དབང་བསྐུར་བས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ཕྲག་དོག་ལྷ་མིན་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །ཐག་བཟང་རིས་ཀྱི་རང་བཞིན་ལ། །ཏིང་འཛིན་སྤྲུལ་པར་དབང་བསྐུར་བས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ༀ་མུ་ནེ་སྲུཾ་སྭཱ་ཧཱ། འདོད་ཆགས་མིའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །ཤཱཀྱ་ཐུབ་པའི་རང་བཞིན་ལ། །ཏིང་འཛིན་སྤྲུལ་པར་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ༀ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱ། གཏི་མུག་བྱོལ་སོང་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །སེང་གེ་དམ་བརྟན་རང་བཞིན་ལ། །ཏིང་འཛིན་སྤྲུལ་པར་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ༀ་མུ་ནེ་བྲེཾ་སྭཱ་ཧཱ། སེར་སྣ་ཡི་དྭགས་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །ཁ་འབར་མ་ཡི་རང་བཞིན་ལ། །ཏིང་འཛིན་སྤྲུལ་པར་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ཞེ་སྡང་དམྱལ་བའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །ཆོས་ཀྱི་རྒྱལ་པོའི་རང་བཞིན་ལ། །ཏིང་འཛིན་སྤྲུལ་པར་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ༀ་མུ་ནེ་ཡེ་སྭཱ་ཧཱ། འདུ་ཤེས་རྟག་པའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །གཤེད་པོ་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཁྲོ་བོར་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ཧཱུྃ་ཡ་མཱནྟ་ཀྲྀཏ་ཕཊ྄། ༀ་བཛྲ་དྷ་རོ་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལི་ནི་ཧཱུྃ་ཕཊ྄། འདུས་ཡུལ་ཆད་པའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །སྟོབས་ཆེན་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཁྲོ་བོར་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ཧཱུྃ་པྲཛྙཱནྟ་ཀྲྀཏ་ཕཊ྄༔ ༀ་རཏྣ་དྷ་རོ་མ་ཧཱ་ཀྲོ་ཏ་ཤྭ་རི་ཛྭ་ལི་ནི་ཧཱུྃ་ཕཊ྄། ལུས་དབང་བདག་ལྟའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །རྟ་མགྲིན་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཁྲོ་བོར་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ཧཱུྃ་པདྨནྟ་ཀྲྀཏ་ཕཊ྄། ༀ་པདྨ་དྷ་རོ་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལི་ནི་ཧཱུྃ་ཕཊ྄། རེག་ཤེས་མཚན་མའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པའི། །བདུད་རྩི་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་ཁྲོ་བོར་དབང་བསྐུར་ནས། །དངོས་གྲུབ་མ་ལུས་འགྲུབ་བྱེད་ཤོག །ཧཱུྃ་བྷིགྷྣནྟ་ཀྲྀཏ་ཕཊ྄། ༀ་ཀརྨ་དྷ་རོ་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལི་ནི་ཧཱུྃ་ཕཊ྄། རང་སྣང་དབྱེར་མེད་དཀྱིལ་འཁོར་དུ། །ཐུགས་ཀྱི་དཀྱིལ་འཁོར་ཉིད་ལ་བསྡུ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་པའི་བར་བརྗོད་པས། ཆོས་ཀྱི་དབྱིངས་སུ་ཐིམ་པར་གྱུར། ཧཱུྃ་བཛྲ་དྷྲིཀ །བདག་གི་རོ་མཆོག་ཆེན་པོ་ཡི། །ཕྱག་རྒྱ་ཆེན་པོ་གསལ་གྱུར་ནས། །སྤྱོད་ལམ་ཀུན་ཏུ་མ་ཉམས་པར། །བདག་ཉིད་རྒྱུན་ཏུ་བརྟན་པར་བསྒོམ། །རྒྱུད་དང་རྒྱ་གཞུང་བསྒྲུབ་ཐབས་ལ་བརྟེན་ནས། །ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི། །ཆོ་གའི་ཁ་བསྐོང་བྷུ་དྷ་བཛྲས་སྦྱར། །དགེ་བས་བདག་གཞན་འཁོར་ལོའི་ས་ཐོབ་ཤོག །ཅེས་པ་འདི་ནི་བདག་བྷུ་དྷ་བཛྲས་རང་གཞན་གྱི་རྨོངས་པ་སེལ་བའི་ཆེད་དུ། མངོན་པར་རྟོགས་པའི་ཁ་བསྐོང་ལྷན་ཐབས་སུ། ཀཿཐོག་རི་ཁྲོད་དུ་སྦྱར་བ་དགེ་ལེགས་སུ་གྱུར། གཞུང་གི་བར་མཚམས་སུ་སྦྱར་དགོས་པ་མཆན་དང་བླ་མའི་ཞལ་རས་ཤེས་པར་གྱིས་ཤིག །རྫོགས་སོ།། །།

སྒྱུ་འཕྲུལ་ཞི་བ་དྲྭ་ཆེན།

མ ཡཱ ཤཱི བ མ ཧཱ ཛ ཡཱ སྱ ཤཱི ཪྵ མ།
སྒྱུ་འཕྲུལ་ཞི་བ་དྲྭ་ཆེན་གྱི་དབུའོ། །
ༀ་སྭ་སྟི། སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་དབང་ཆེན་ལ། །ཀུན་ནས་དྭང་བས་ཕྱག་འཚལ་ལོ། །རྟེན་གྱི་གང་ཟག་ཤེས་རབ་མཆོག་དང་ལྡན་པས། ཕྱི་ནང་གི་དམ་ཚིག་རྣམས་མ་ཉམས་ལ་ཡོངས་སུ་རྫོགས་པ། དབང་ཐམས་ཅད་ཀྱི་རྒྱལ་སར་ཆུད་པ། ཤེས་རབ་ཐམས་ཅད་ཀྱི་རྩལ་དང་ལྡན་ཞིང་། བརྩོན་འགྲུས་ཀྱི་གོ་ཆ་བགོས་པ་ཞིག་གིས། ཚེ་འདི་ཉིད་ལ་སངས་རྒྱས་ཀྱིས་མངོན་སུམ་དུ་བྱ་བར་འདོད་པས། སྐུ་གསུམ་ལྷུན་གྱི་གྲུབ་པའི་དཀྱིལ་འཁོར་དུ་འཇུག་པར་བྱ་སྟེ། དེ་ལའང་རྣམ་པ་གཉིས་ཏེ། མ་བསྒྱུར་རྣལ་མའི་དཀྱིལ་འཁོར་དང་། བསྒྱུར་བ་ཁྲག་འཐུང་གི་དཀྱིལ་འཁོར་རོ། །མ་བསྒྱུར་རྣལ་མའི་དཀྱིལ་འཁོར་ལ་བཞི་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་སྣང་གི་ཏིང་ངེ་འཛིན་དང་། རྒྱུའི་ཏིང་ངེ་འཛིན་དང་། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ནོ། །དེ་ལ་དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། སྟན་བདེ་བ་ལ་འདུག་སྟེ། བསམ་གཏན་གྱི་ཕྱག་རྒྱ་ལྔས། ལུས་སེམས་ཚགས་སུ་སྩལ་ཏེ། བསམ་གཏན་ལ་མཉམ་པར་བཞག་པ་ནི། ལུང་ལས། དངོས་རྣམས་ཉིད་ན་དངོས་མེད་པར། །རྟོགས་པའི་སྨྲ་བསམ་ཡུལ་ལས་འདས། །ཞེས་འབྱུང་སྟེ། ཕྱི་ནང་གི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ། ཆོས་ཀྱི་དབྱིངས་སེམས་ཀྱི་དེ་ཁོ་ན་ཉིད་དུ་རིག་པས་ཉམས་སུ་མྱོང་བར་བྱའོ། །དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཅེས་བྱའོ། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་པས། དེ་ལྟར་ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་པར། །དེ་མ་རྟོགས་པའི་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱིས་གར་ཁྱབ་པར། རྣལ་འབྱོར་པའི་རྟོགས་པའི་བྱིན་རླབས་ཀྱི་སྙིང་རྗེས་ཁྱབ་སྟེ། དེ་ལྟར་རྣལ་འབྱོར་པའི་རིག་པ་ཁྱབ་བདལ་དུ་གསལ་བ་དང་། དེ་མ་རྟོགས་པའི་སེམས་ཅན་གྱི་ཁམས་ཆོས་ཀྱི་དབྱིངས་ཉིད་ལས་སྣང་བ་ནི། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ནས་རྒྱུའི་ཏིང་ངེ་འཛིན་ལ་དོན་རྣམ་པ་གཉིས་ཀྱི་བསྟན་ཏེ། ཏིང་ངེ་འཛིན་རང་གི་ངོ་བོ་དང་། ཕྲ་མོའི་ཏིང་ངེ་འཛིན་ལ་ཐུགས་ཀྱི་སྒྲིབ་པ་སྦྱང་བའོ། །དེ་ལ་རང་གི་ངོ་བོ་ནི། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །ཞེས་པས། བྱང་ཆུབ་སེམས་ཀྱི་རང་བཞིན་ཡི་གེ་ཨ་དཀར་པོ་བསྒོམ་པར་བྱའོ། །ཕྲ་མོའི་ཏིང་ངེ་འཛིན་ལ་ཐུགས་ཀྱི་སྒྲིབ་པ་སྦྱང་བ་ནི། ཨ་དཀར་རབ་ཏུ་བརྟེན་གྱུར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོས། །ཞེས་པས། ཨ་སྥ་ར་ན་ཕཊ྄། ཨ་དཀར་པོ་དེ་ལ་བརྟེན་ནས། དེ་ལ་ཨ་དཀར་པོ་གཅིག་སྤྲོས། དེ་ལ་བརྟེན་ནས་གཉིས་སྤྲོས། དེ་ལ་བརྟེན་ནས་བཞི་སྤྲོས་ཏེ། དེ་བཞིན་དུ་ཇེ་མང་ཇེ་མང་། ཇེ་རིང་ཇེ་རིང་དུ་སྤྲོས་ཏེ། གཞུགས་སེམས་ཀྱི་ཁྱབ་ཚད་ཀྱི་ཨ་དཀར་པོ་ཡུངས་འབྲུ་ཙམ་གྱིས་གང་ནས། སཾ་ཧ་ར་ཎ་ཧཱུྃ། སླར་འོད་ཟེར་ཚུར་འདུས་ཀྱང་གཞི་པོའི་ཨ་མ་འཕེལ། ཕྱིར་ཨ་མང་པོ་སྤྲོས་ཀྱང་གཞི་བོའི་ཨ་མ་འགྲིབ། དེ་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན་པར་ཤེས་པར་བྱ། ཡི་གེ་གཞན་གང་སྤྲོ་ན་ཡང་། ཚུལ་དེ་བཞིན་དུ་ཤེས་པར་བྱ། འདི་མན་ཆད་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལ་བཞིས་བསྟན་པའི་དང་པོ། བསྐྱེད་པའི་ཆོ་འཕྲུལ་ལ་གཉིས་ཏེ། རྟེན་བསྐྱེད་པ་དང་། བརྟེན་པ་ལྷའི་དཀྱིལ་འཁོར་བསྐྱེད་པའོ། །དེ་ལ་རྟེན་བསྐྱེད་པ་ལ་གཉིས་ཀྱི་དང་པོ་འོག་གཞི་བསྐྱེད་པ་ནི། ཨ་ལས་ཨེ་ཡྃ་བྃ་ལྃ་སུྃ་རྃ་རྣམས་སྤྲོས་པ་ལས། ཨེ་ལས་ཆོས་འབྱུང་གྲུམ་གསུམ་མཐིང་ཀ་རྒྱ་ཁྱོན་ནམ་མཁའ་དང་མཉམ་པ། ཡྃ་ལས་རླུང་གི་དཀྱིལ་འཁོར་སྲ་ཞིང་མཁྲེགས་པ། ཁ་དོག་དུད་ཁ་དབྱིབས་ཟླ་གམ་དུ་གྱུར་པར་བསྒོམ། དེའི་སྟེང་དུ་བྃ་ལས་ཆུའི་དཀྱིལ་འཁོར་དཀར་ལ་ཟླུམ་པ། ཐ་མ་བུམ་པས་མཚན་པ། དེའི་སྟེང་དུ་ལྃ་ལས་གསེར་གྱི་ས་གཞི་གྲུ་བཞི་སེར་པོ། ཐ་མ་བུམ་པ་རྡོ་རྗེས་མཚན་པ། དེའི་སྟེང་དུ་སུྃ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་རིའི་རྒྱལ་པོ་རི་རབ། དབྱིབས་གྲུ་བཞི་པ་ཁ་ཁྱེར་དང་རྒྱ་མཉམ་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དུ་གྱུར་ཏེ། ཕྱེད་མར་འཕྲོས་པས་འོག་གི་འབྱུང་བ་རྣམས་ཆ་སྙོམས། ཕྱེད་རི་རབ་ཀྱི་ཁ་རྒྱན་དུ་མེ་རི་འབར་བའི་དཀྱིལ་འཁོར་དུ་གྱུར་པར་བསྒོམ། ཧཱུྃ་མར་འཕྲོས་ཏེ་རྡོ་རྗེ་རྒྱ་གྲམ་དུ་གྱུར། ༀ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ། རྒྱ་གྲམ་རྡོ་རྗེའི་གུར་ཟླུམ་པོར་གྱུར་པར་བསྒོམ། གདམ་ངག་གི་བར་འདིར་སྣ་ཚོགས་རྡོ་རྗེ་ལས་གུར་ཁང་གཞུང་བཞིན་དུ་བྱ་གསུང་། དེ་ནས་བཞུགས་གནས་བསྐྱེད་པ་ནི། བྷྲཱུྃ་སྤྲོས་པ་ལས། བྷྲཱུྃ་བྷི་ཤྭ་བྷི་ཤུདྡྷེ། ཞེས་སྐབས་འདིར་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ལས་གུར་ཁང་དུ་བསྒོམ་པ་མན་ངག་གི་ཁ་བསྐང་ཡང་ཟེར། མཆན། བརྗོད་པས། ཆོས་ཀྱི་རང་བཞིན། རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་། ཆོས་ཀྱི་དབྱིངས་རང་བཞིན་རྒྱ་ཆད་པ་མེད་པའི་རྟགས་སུ། རྒྱ་ཁྱོན་ཚད་བཟུང་དུ་མེད་པ། ཤར་དཀར་པོ་འཁོར་ལོས་བརྒྱན་པ། ལྷོ་སེར་པོ་རིན་པོ་ཆེས་བརྒྱན་པ། ནུབ་དམར་པོ་པདྨས་བརྒྱན་པ། བྱང་ལྗང་གུ་རལ་གྲིས་བརྒྱན་པ། སྟེང་མཐིང་ཀ་རྡོ་རྗེས་བརྒྱན་པ། མུ་ཏིག་གི་དྲྭ་བ་དང་དྲྭ་བ་ཕྱེད་པས་བརྒྱན་པ། ཀ་རྒྱན་དང་ཀ་ཞུ་ཐམས་ཅད་རིན་པོ་ཆེ་འབར་བ་ལ་བྱས་པ། ཏ་ར་ན་ཡིས་བཟུང་བ། ཉི་མ་དང་ཟླ་བ་ཕྱེད་པ། རང་སའི་སྐར་ཁུང་ལྡིང་པ། རྔ་ཡབ་དང་རྔ་ཡབ་ཆེན་པོའི་བསིལ་ཡང་དུ་འཕྱོ་བ། དྲིལ་བུ་དང་དྲིལ་བུ་ཆེན་པོའི་སྒྲ་འཁྲོལ་བ། ཀུན་ཏུ་བཟང་པོའི་ཐུགས་མཁྱེན་པའི་ཡེ་ཤེས་ལ། འདོད་སྤྱོད་རྣམ་པ་ལྔར་སྣང་ཞིང་། དེ་ཡང་ཆོས་ཉིད་ཀྱི་རྒྱན་དུ་རིག་པའི་རྟགས་སུ། གཟུགས་སྡུག་པ་སྣ་ཚོགས་དང་། སྒྲ་སྙན་པ་སྣ་ཚོགས་དང་། དྲི་ཞིམ་པ་སྣ་ཚོགས་དང་། རོ་མངར་བ་སྣ་ཚོགས་དང་། རེག་བྱ་འཇམ་པ་སྣ་ཚོགས་ནམ་མཁའ་ལ་སྤྲིན་བཞིན་དུ་འཁྲིགས་པ། བར་སྣང་ལ་ཆར་བཞིན་དུ་འབབ་པ། ས་གཞི་ལ་རྩི་ཤིང་བཞིན་དུ་སྐྱེས་ཏེ། ལིང་ལོང་བྱེད་པར་བསྒོམ་མོ། །གཞན་ཡང་དེའི་ཕྱི་རོལ་ན། ཏ་ལའི་ཕྲེང་བ་གསེར་གྱི་ཙོང་ཙོང་གིས་སྦྲེལ་བ། དཔག་བསམ་གྱི་ཤིང་གསེར་གྱི་ཙོང་ཙོང་གིས་བྲེས་པ་དང་། རྣམ་པར་ཐར་པ་བརྒྱད་ཀྱི་རྫིང་བུ་བདུད་རྩིས་གང་བ་རྣམས་ཀྱི་ཐམས་ཅད་དུ་ཁྱབ་པར་བསྒོམ་མོ། །གཞལ་ཡས་ཁང་དེའི་ནང་གི་དབུས་འཁོར་ལོའི་ལྟེ་བ་ཟླུམ་པོ་མཐིང་ཀ་ལ། རྩིབས་བཞི་སེར་པོ་བྱུང་བའི་རྩིབས་མཆན་སྔོན་པོ། དེའི་ཕྱི་རོལ་མུ་ཁྱུད་རྡོ་རྗེ་རྭ་བས་བརྒྱན་པ་ལ། རྡོ་རྗེའི་ཀ་བ་བརྒྱད་ཟུག་པ། དེའི་ཕྱི་རོལ་གྲུ་ཆད་བཞི་དང་། གློ་འབུར་མཁར་ཐབས་བཞི་དང་ལྡན་པ། དེའི་ཕྱི་རོལ་ལྷ་སྣམ་སྒོ་བཞི་དང་བཅས་པའོ། །དེ་ནས་གདན་བཏིང་བ་ནི། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་པས། དབུས་སུ་མི་འཇིགས་པ་བཞིའི་རྟགས་སུ། སེང་གེ་བརྒྱད་ཀྱི་ཁྲི་བྱུང་བར་གྱུར་ཏོ། །ཤར་དུ་སྟོབས་བཅུ་དང་ལྡན་པའི་རྟགས་སུ། གླང་པོ་ཆེ་བརྒྱད་ཀྱི་ཁྲི་བྱུང་། ལྷོར་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟགས་སུ། རྟ་བརྒྱད་ཀྱི་ཁྲི་བྱུང་། ནུབ་ཏུ་དབང་བཅུའི་རྟགས་སུ། རྨ་བྱ་བརྒྱད་ཀྱི་ཁྲི་བྱུང་། བྱང་དུ་ཕྲིན་ལས་བཞིའི་རྟགས་སུ། ཤང་ཤང་བརྒྱད་ཀྱི་ཁྲི་བྱུང་། དེ་དག་གི་བར་མཚམས་སུ། རིན་པོ་ཆེའི་ཁྲི་ཀ་བས་བརྒྱན་པ་ལ། རིན་པོ་ཆེའི་ཁྲིའི་སྟེང་ན་མུ་ཏིག་གི་དྲྭ་བས་གཡོག་པ། དེའི་སྟེང་དུ་པདྨ་འདབ་མ་སྟོང་དང་ལྡན་པ། དེའི་སྟེང་ན་ཉི་མ། དེའི་སྟེང་ན་ཟླ་བ། རྩིབས་མཆན་བཞི་གྲུ་ཆད་བཞི་དང་བརྒྱད་ལ། རིན་པོ་ཆེའི་ཁྲིའི་སྟེང་ཉི་ཟླ་པདྨ་གསུམ་བརྩེགས་དང་ལྡན་པ་རེ་རེ། ལྷ་སྣམ་ལ་པདྨ་བརྒྱད། སྒོ་བཞིར་བདུད་བཞིའི་སྟེང་དུ་ཉི་མའོ། །དེ་ལྟར་གདན་བཏིང་ནས། ད་ནི་བརྟེན་པ་ལྷའི་དཀྱིལ་འཁོར་བསྐྱེད་པའི་ཆོ་འཕྲུལ་ལ་གསུམ་སྟེ། གསུང་ཡིག་འབྲུའི་ཆོ་འཕྲུལ་དང་། ཐུགས་ཕྱག་མཚན་གྱི་ཆོ་འཕྲུལ་དང་། སྐུ་ཕྱག་རྒྱའི་ཆོ་འཕྲུལ་ལོ། །དང་པོ་གསུང་གི་ཆོ་འཕྲུལ་ནི། ཨ་དཀར་པོ་ལས་ཀྵ་སྔོན་པོ་བྱུང་། ཨ་དང་ཀྵའི་ཁྱད་པར་ལས། ཡི་གེ་བཞི་བཅུ་གཉིས་བྱུང་སྟེ། དབུས་སུ་ཐ་སྔོན་པོ་གཉིས། ཤར་དུ་ཧ་དཀར་པོ་གཉིས། ལྷོར་ད་སེར་པོ་གཉིས། ནུབ་ཏུ་དྷ་དམར་པོ་གཉིས། བྱང་དུ་ན་ལྗང་གུ་གཉིས། ཤར་ལྷོར་ཀ་དང་ཙ། ལྷོ་ནུབ་ཏུ་ཁ་དང་ཚ། ནུབ་བྱང་དུ་ག་དང་ཛ། བྱང་ཤར་དུ་གྷ་དང་ཛྷ། ཤར་ལྷོའི་གྲུ་ཆད་ལ་པ་དང་ཡ། ལྷོ་ནུབ་ཀྱི་གྲུ་ཆད་ལ་ཕ་དང་ཝ། ནུབ་བྱང་གི་གྲུ་ཆད་ལ་བ་དང་ར། བྱང་ཤར་གྱི་གྲུ་ཆ ད་ལ་བྷ་དང་ལ། ཤར་སྒོར་ང་དང་ཤ། ལྷོ་སྒོར་ཉ་དང་ཥ། ནུབ་སྒོར་མ་དང་ས། བྱང་སྒོར་ཨ་དང་ཧ། ཤར་སྟོད་དུ་ཀྵ། ཤར་སྨད་དུ་ཨི། ལྷོ་སྟོད་དུ་ཨཻ། ལྷོ་སྨད་དུ་ཨཱུ། ནུབ་སྟོད་དུ་ཨ། ནུབ་སྨད་དུ་ཨཱུ། བྱང་སྟོད་དུ་ཨེ། བྱང་སྨད་དུ་ཨཻ། དེ་རྣམས་ལ་འོད་འཕྲོས་པས། འཕགས་པའི་གསུང་གི་རྒྱུད་བསྐུལ། འགྲོ་བ་སེམས་ཅན་གྱི་ངག་གི་སྒྲིབ་པ་སྦྱངས། སླར་ཚུར་འདུས་པ་ལས། ཐུགས་ཀྱི་ཆོ་འཕྲུལ་དུ་གྱུར་ཏེ། དབུས་སུ་རྡོ་རྗེ་དང་དྲིལ་བུ། ཤར་དུ་འཁོར་ལོ་དང་དྲིལ་བུ། ལྷོར་རིན་པོ་ཆེ་དང་དྲིལ་བུ། ནུབ་ཏུ་པདྨ་དང་དྲིལ་བུ། བྱང་དུ་རལ་གྲི་དང་དྲིལ་བུ། ཤར་ལྷོའི་རྩིབས་མཆན་དུ་རིན་པོ་ཆེའི་མྱུ་གུ་དང་མེ་ལོང་། ལྷོ་ནུབ་ཏུ་རལ་གྲི་དང་རིན་པོ་ཆེའི་ཕྲེང་བ། ནུབ་བྱང་དུ་པདྨ་དཀར་པོ་དང་པི་ཝཾ། བྱང་ཤར་དུ་རྡོ་རྗེ་དང་གར་གྱི་ལག་པ། ཡང་། ཤར་ལྷོའི་གྲུ་ཆད་ལ་ཀླུ་ཤིང་བདུག་སྤོས། ལྷོ་ནུབ་ཏུ་ཆོས་ཀྱི་འཁོར་ལོ་དང་མེ་ཏོག་གི་ཕྲེང་བ། ནུབ་བྱང་དུ་རིན་པོ་ཆེའི་སྙེ་མ་དང་མར་མེ། བྱང་ཤར་དུ་ཨུཏྤལ་དང་དྲི་ཆབ། ཤར་སྒོར་ཐོད་དབྱུག་དང་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེའི་དབྱུག་པ་དང་ཞགས་པ། ནུབ་སྒོར་པདྨའི་དབྱུག་པ་དང་ལྕགས་སྒྲོག །བྱང་སྒོར་རྡོ་རྗེ་རྒྱ་གྲམ་གྱི་དབྱུག་པ་དང་དྲིལ་བུ། ཤར་སྟོད་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ཤར་སྨད་དུ་པི་ཝང་། ལྷོ་སྟོད་དུ་གོ་ཆ། ལྷོ་སྨད་དུ་སྲེག་ཤང་དང་པར་བུ། ནུབ་སྟོད་དུ་ཆོས་འབྱུང་། ནུབ་སྨད་དུ་ཆོས་ཀྱི་གླེགས་བམ། བྱང་སྟོད་དུ་རིན་པོ་ཆེ། བྱང་སྨད་དུ་མེ་ཆུ་གཉིས། དེ་རྣམས་ལ་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འཕགས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། སེམས་ཅན་གྱི་ཡིད་ཀྱི་སྒྲིབ་པ་སྦྱངས། སླར་འདུས་པ་ལས་སྐུ་ཕྲ་མོར་གྱུར། སྐུ་ཕྲ་མོ་ལས་སྐུ་ཕྲ་མོ་སྤྲོས་པས། འཕགས་པའི་སྐུའི་རྒྱུད་བསྐུལ། སེམས་ཅན་གྱི་ལུས་ཀྱི་སྒྲིབ་པ་སྦྱངས། སླར་འདུས་སྐུ་ཕྲ་མོ་ལ་ཐིམས་པ་ལས། སྐུ་ཕྱག་རྒྱའི་ཆོ་འཕྲུལ་དུ་བསྐྱེད་པ་ནི། ཧཱུྃ་བཛྲ་དྷྲིཀ྄ །མཱུཾ་དྷ་ཏུ་ཤྭ་རི། ཞེས་བརྗོད་པས། དབུས་སུ་མི་བསྐྱོད་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་བྱུང་བའི་རྟགས་སུ། སྐུ་མདོག་མཐིང་ཀ་ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར་གཡོན་དམར། དབུས་སྐུ་དང་མཐུན་པ། དབུ་རལ་པའི་ཐོར་ཚུགས་ནག་པོ་འགྱིང་བ། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམ་སྟེ་ཡུམ་ལ་འཁྱུད་པ། གཡས་བར་མ་ན་འཁོར་ལོ། ཐ་མ་ན་རིན་པོ་ཆེ། གཡོན་བར་མ་ན་པདྨ། ཐ་མ་ན་རལ་གྲི། ཕྱག་རྒྱ་དེ་དག་ལ་ཡེ་ཤེས་ཀྱི་མེ་འབར་བ། ཞབས་གཉིས་མཉམ་པའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་སྐུ་མདོག་ཡབ་དང་མཐུན་པ། ཞལ་གཅིག་ཕྱག་གཉིས་གཡས་པས་ཡབ་ལ་འཁྱུད་ཅིང་། གཡོན་པས་དྲིལ་བུ་བསྣམས་པའོ། །ༀ་ཛི་ན་ཛིཀ྄ །ལྃ་ཏེ་ཤྭ་ར་ཏི། ཞེས་བརྗོད་པས། ཤར་དུ་རྣམ་པར་སྣང་མཛད་མེ་ལོང་ལྟ་བུའི་ཡེ་ཤེས་ལས་བྱུང་བའི་རྟགས་སུ། སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་ཞལ་གཡས་སྔོ། གཡོན་དམར། ཕྱག་དྲུག་གི་དང་པོ་གཉིས་འཁོར་ལོ་དང་དྲིལ་བུ་བསྣམས་ཏེ་ཡུམ་ལ་འཁྱུད་པ། གཡས་བར་མ་ན་རྡོ་རྗེ། ཐ་མ་ན་རིན་པོ་ཆེ། གཡོན་བར་མ་ན་པདྨ། ཐ་མ་ན་རལ་གྲི། གཞན་གོང་དང་འདྲ། སྭ་རཏྣ་དྷྲྀཀ྄ །མཱཾ་མོ་ཧ་ར་ཏི། ཞེས་བརྗོད་པས། ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན། མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་བྱུང་བའི་རྟགས་སུ། སྐུ་མདོག་སེར་པོ་ཞལ་གསུམ་ཕྱག་དྲུག །ཞལ་གཡས་སྔོ་གཡོན་དམར། ཕྱག་དང་པོ་གཉིས་རིན་པོ་ཆེ་དང་དྲིལ་བུས་ཡུམ་ལ་འཁྱུད་པ། གཡས་བར་མ་ན་རྡོ་རྗེ། ཐ་མ་ན་འཁོར་ལོ། གཡོན་བར་མ་ན་པདྨ། ཐ་མ་ན་རལ་གྲི། ཨཱྃ་ཨཱ་རོ་ལིཀ྄ །པྱྃ་རཱ་ག་ར་ཏི། ཞེས་བརྗོད་པས། ནུབ་ཕྱོགས་སུ། སྣང་བ་མཐའ་ཡས་སོ་སོར་རྟོགས་པའི་ཡེ་ཤེས་ལས་བྱུང་བའི་རྟགས་སུ། སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར། གཡོན་སྔོ། ཕྱག་དང་པོ་གཉིས་པདྨ་དང་དྲིལ་བུས་ཡུམ་ལ་འཁྱུད་པ། གཡས་བར་མ་ན་རྡོ་རྗེ། ཐ་མ་ན་འཁོར་ལོ། གཡོན་བར་མ་ན་རིན་པོ་ཆེ། ཐ་མ་ན་རལ་གྲི། ཧ་པྲཛྙཱ་ཧྲྀཀ྄ །ཏཱཾ་བཛྲ་ར་ཏི། ཞེས་བརྗོད་པས། བྱང་དུ་དོན་ཡོད་གྲུབ་པ། བྱ་བ་གྲུབ་པའི་ཡེ་ཤེས་ལས་བྱུང་བའི་རྟགས་སུ། སྐུ་མདོག་ལྗང་ཀུ། ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར་གཡོན་དམར་བ། ཕྱག་དང་པོ་གཉིས་རལ་གྲི་དང་དྲིལ་བུ་བསྣམས་ཏེ་ཡུམ་ལ་འཁྱུད་པ། གཡས་བར་མ་ན་རྡོ་རྗེ། ཐ་མ་ན་འཁོར་ལོ། གཡོན་བར་མ་ན་རིན་པོ་ཆེ། ཐ་མ་ན་པདྨ། ཕྱག་མཚན་དེ་དག་ལ་ནི་ཡེ་ཤེས་ཀྱི་མེ་འབར་བ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་རལ་པའི་ཐོར་ཚུགས་ནག་པོ་འགྱིང་བ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱིས། སྐྱིལ་མོ་ཀྲུང་གིས་རང་རང་གི་གདན་ལ་བཞུགས་པ། ཡུམ་ཐམས་ཅད་སྐུ་མདོག་ཡབ་དང་འདྲ་བ། ཞལ་གཅིག་ཕྱག་གཉིས་གཡས་ཡབ་ལ་འཁྱུད་ཅིང་། གཡོན་དྲིལ་བུ་བསྣམས་པ། ཡབ་ཡུམ་བཅུ་པོ་དེ་རྣམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རྟགས་སུ། ཡབ་ཡུམ་ཞལ་སྦྱོར་དུ་གནས་ཤིང་། སྤྱན་ཡང་གཅིག་གིས་གཅིག་ལ་གཟིགས། ཡང་རྣམ་པ་གཅིག་ཏུ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འབྱུང་བ་ལྔ་ཆོས་ཀྱི་དབྱིངས་སུ་གཟིགས་པའི་རྟགས་སུ། ཡབ་ཐམས་ཅད་ཡུམ་ལ་གཟིགས། ཆོས་ཀྱི་དབྱིངས་ཉིད་ཕུང་པོ་ལྔ་སོགས། ཆོས་ཐམས་ཅད་བཀག་པ་མེད་པར་ཤར་བའི་དུས་ན། འཇུག་མའི་སྲིན་བུ་ཡན་ཆད་ཕུང་པོ་ལྔར་འདུས་ཤིང་། དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་མཁྱེན་པའི་ཡེ་ཤེས་ཁྱབ་བདལ་མེད་པར་ཤར་བའི་རྟགས་སུ། ཡུམ་ཐམས་ཅད་ལ་གཟིགས་སོ། །དེ་དག་ཐམས་ཅད་དབྱེར་མེད་པའི་རྟགས་སུ། ཡབ་ཡུམ་ཐམས་ཅད་ཞལ་སྦྱོར་དུ་གནས་སོ། །དེ་ནས་སེམས་དཔའ་ཡབ་ཡུམ་བསྐྱེད་པ་ནི། ཀྵིཾ་ཧི་ར་ཙ་ཡ། ཧཱུྃ་ལཱ་སྱེ་ས་མ་ཡ་སྟྭཾ། ཞེས་བརྗོད་པས། ཤར་ལྷོའི་རྩིབས་མཆན་ལ་སའི་སྙིང་པོ་ཡབ་ཡུམ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་ཡབ་ཀྱི་ཕྱག་གཡས་ན། རིན་པོ་ཆེའི་མྱུ་གུ། གཡོན་ན་སྐྱབས་སྦྱིན་ནམ། ཡང་ན་དྲིལ་བུ་བསྣམས་པའོ། །ཡུམ་གྱི་ཕྱག་གཉིས་ཀྱིས་མེ་ལོང་བསྣམས་པ། ཞབས་གཉིས་ཕྱེད་ཀྲུང་དུ་བཞུགས་པ། ཡབ་ཡུམ་ཞལ་སྦྱོར་དུ་གནས་པའོ། །ཡབ་ཡུམ་དེ་གཉིས་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུ་དང་ཐུགས་ལས་བྱུང་བའོ། །ཏྲཱི་ཨཱ་གརྦྷ་ཡ། ཏྲཱཾ་མ་ལྱེ་ས་མ་ཡ་སྟྭཾ་ཧོ། ཞེས་པས། ལྷོ་ནུབ་ཀྱི་རྩིབས་མཆན་ལ་ནམ་མཁའི་སྙིང་པོ་དང་། ཡུམ་རིན་པོ་ཆེའི་ཕྲེང་བ་མ། སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས། ཡབ་ཀྱི་ཕྱག་གཡས་ན་རལ་གྲི། ཡུམ་གྱི་ཕྱག་ན་རིན་པོ་ཆེའི་ཕྲེང་བ་བསྣམས་ཏེ། ཡབ་ཀྱི་དབུ་ཐོད་བཅིངས་པའོ། །ཧྲཱིཿཧཱ་ཧཱུྃ་པདྨ་བྷ་ཏ་མ། ཧྲཱིཿགིརྟི་རཱ་ག་ཡ་ཧོ། ཞེས་བརྗོད་པས། ནུབ་བྱང་གི་རྩིབས་མཆན་ལ་སྤྱན་གཟིགས་རས་དབང་ཕྱུག་དང་། ལྷ་མོ་དབྱངས་མཁན་མ་སྐུ་མདོག་དམར་མོ། ཡབ་ཀྱི་ཕྱག་གཡས་ན་པདྨ་དཀར་པོ་བསྣམས་པ། ཡུམ་གྱི་ཕྱག་གཉིས་ཀྱིས་ཆོས་ཀྱི་པི་ཝཾ་བཏེགས་པའོ། །ཛིཾ་ཀུ་རུ་པཱ་ཎི་ཧྲཱིཿ ཨ་ནིརྟི་རཱ་ག་ཡ་མི། ཞེས་པས། བྱང་ཤར་གྱི་རྩིབས་མཆན་ལ། ཕྱག་ན་རྡོ་རྗེ་དང་། ལྷ་མོ་གར་མཁན་མ། སྐུ་མདོག་ལྗང་ཀུ། ཡབ་ཀྱི་ཕྱག་གཡས་ན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྣམས་པ། ཡུམ་གྱི་ཕྱག་གཉིས་ཀྱིས་གར་གྱི་ལག་པ་བསྒྱུར་ནས། ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་ཡབ་ཀྱི་ཞལ་དུ་སྟོབས་པའོ། །མཻ་དྷ་ར་ནི་སྭཱ་ཧཱ། ཛཿདྷཱུ་པེ་པྲ་ཝེ་ཤཱ། ཞེས་བརྗོད་པས། ཤར་ལྷོའི་གྲུ་ཆད་ལ། བྱམས་པ་དང་བདུག་སྤོས་མ་སྐུ་མདོག་དཀར་མོ། ཡབ་ཀྱི་ཕྱག་ན་ཀླུ་ཤིང་དང་གྷནྡྷེ་བསྣམས་པ། ཡུམ་གྱི་ཕྱག་གཉིས་ཀྱིས་བདུག་སྤོས་བསྣམས་པའོ། །ཐླྷིཾ་ནིསྶ་རཾ་པ་ཡེ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨཱ་བེ་ཤཱ། ཞེས་བརྗོད་པས། ལྷོ་ནུབ་ཀྱི་གྲུ་ཆད་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ལྷ་མོ་མེ་ཏོག་མ་སྐུ་མདོག་སེར་པོ། ཡབ་ཀྱི་ཕྱག་གཡས་ན་ཆོས་ཀྱི་འཁོར་ལོ་བསྣམས་པ། ཡུམ་གྱི་ཕྱག་ན་མེ་ཏོག་གི་ཕྲེང་བ་བསྣམས་པའོ། །ཧཱུྃ་སྭ་རཱ་ཙ་ཡ་སྭཱ་ཧཱ། བྃ་དཱི་བ་སུ་ཀི་ནཱི། ཞེས་པས། ནུབ་བྱང་གི་གྲུ་ཆད་ལ་ཀུན་ཏུ་བཟང་པོ་དང་། ལྷ་མོ་མར་མེ་གཉིས་སྐུ་མདོག་དམར་མོ། ཡབ་ཀྱི་ཕྱག་ན་རིན་པོ་ཆེའི་སྙེ་མ་བསྣམས་པ། ཡུམ་གྱི་ཕྱག་ན་མར་མེ་བསྣམས་པའོ། །མཱུྃ་ཤྲཱི་ཨ་རཾ་གཱ་ཡ་སྭཱ་ཧཱ། ཧོཿགྷནྡྷེ་ཙིཏྟ། ཞེས་པས། བྱང་ཤར་གྱི་གྲུ་ཆད་ལ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། ལྷ་མོ་དྲི་ཆ བ་མ་སྐུ་མདོག་ལྗང་ཀུ། ཡབ་ཀྱི་ཕྱག་གཡས་ན་ཨུཏྤལ་བསྣམས་པ། ཡུམ་གྱི་ཕྱག་གཉིས་ཀྱི་དྲི་ཆབ་བསྣམས་པའོ། །སེམས་དཔའ་ཡབ་ཡུམ་དེ་རྣམས་ནི། ཀུན་ཀྱང་དབུ་རལ་པའི་ཐོར་ཚུགས་མངའ་བ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། ཞབས་ཐམས་ཅད་ཕྱེད་ཀྲུང་གིས་བཞུགས་པ། ཡབ་ཡུམ་ཐམས་ཅད་ཞལ་སྦྱོར་དུ་གནས་ཏེ། ཐུགས་རྗེས་སེམས་ཅན་ཐམས་ཅད་ལ་བུ་གཅིག་ལ་མས་བྱམས་པ་བཞིན་དུ་སེམས་པ་སྟེ། ཡབ་ཡུམ་དེ་རྣམས། མངོན་པར་བྱང་ཆུབ་པའི་སྐུའོ། །ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཙིཏྟ་ཧཱུྃ། ཞེས་པས། ཤར་སྟོད་དུ་བཅོམ་ལྡན་འདས་རྡོ་རྗེ་ཕྱེད་པ་པོ་ཡིད་ཀུན་ཏུ་བཟང་པོ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་མཉམ་པའི་ཕྱག་རྒྱའི་དཀྱིལ་ན། རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བ། ཞབས་མཉམ་པའི་སྐྱིལ་མོ་ཀྲུང་གི་པདྨའི་གདན་ལ་བཞུགས་པ། ཨ་ཨ་ཨ་བཛྲ་བྷ་དྲ་ས་མཱནྟ་ༀ། ཞེས་བརྗོད་པས། ནུབ་སྟོད་དུ། ཆོས་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་གནས་སུ་དག་པའི་རྟགས་སུ། ཡུམ་ཀུན་ཏུ་བཟང་མོ། ཤེས་བྱའི་བག་ཆགས་དག་པའི་རྟགས་སུ། སྐུ་མདོག་དཀར་མོ་ཕྱག་གཉིས་ཆོས་འབྱུང་གི་ཕྱག་རྒྱ་བཅས་ཏེ། གདན་པདྨའི་སྟེང་དུ་ཞབས་མཉམ་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡབ་ཡུམ་དེ་གཉིས་ནི་ཆོས་ཀྱི་སྐུ་ཡིན་ཏེ། དབྱིངས་མཁྱེན་པ་དང་ལྡན་པའི་རྟགས་སུ་ཡུམ་གྱི་ཞལ་ཤར་དུ་གཟིགས་པ། མཁྱེན་པའི་ཡེ་ཤེས་ཤེས་བྱའི་དངོས་པོ་ཐམས་ཅད་དབྱིངས་སུ་གཟིགས་པའི་རྟགས་སུ། ཡབ་ཀྱི་ཞལ་ནུབ་ཏུ་གཟིགས་སོ། །ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ཞེས་པས། ཤར་སྨད་དུ་ལྷའི་ཐུབ་པ་དབང་པོ་བརྒྱ་བྱིན་སྐུ་མདོག་དཀར་པོ། ཕྱག་ན་པི་ཝང་བསྣམས་པ། འཁོར་ལྷ་དམག་འབུམ་དང་བཅས་པ་ཤར་སྨད་དུ་བསྒོམ། ༀ་མུ་ནེ་སྲུཾ་སྭཱ་ཧཱ། ཞེས་པས། ལྷོ་སྟོད་དུ་ལྷ་མ་ཡིན་གྱི་ཐུབ་པ་དཔའ་བརྗིད་གོ་ཆ་ཅན། སྐུ་མདོག་ལྗང་ནག་ཁྲོས་པའི་ཆ་བྱད་ཅན། ཕྱག་གཡས་ན་རལ་གྲི། གཡོན་ན་ཁྲབ་བསྣམས་པའོ། །ༀ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱ། ཞེས་པས། ལྷོ་སྨད་དུ་མི་ཡི་ཐུབ་པ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཕྱག་གཡས་ན་སྲེག་ཤང་། གཡོན་ན་བར་བུ་བསྣམས་པའོ། །ༀ་མུ་ནེ་བྲེཾ་སྭཱ་ཧཱ། ཞེས་པས། ནུབ་སྨད་དུ་བྱོལ་སོང་གི་ཐུབ་པ། སེང་གེ་དམ་བརྟན་གསེར་གྱི་ཁ་དོག་དན། སྤྱི་བོར་ཆོས་ཀྱི་གླེགས་བམ་ཁུར་བ། བྱོང་སོང་གི་ཁམས་ཀྱི་མ་རིག་པའི་མུན་ཁང་འབྱེད་པར་བསྒོམ། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ཞེས་པས། བྱང་སྟོད་དུ་ཡི་དྭགས་ཀྱི་ཐུབ་པ་ཁ་འབར་མ་བུད་མེད་ཀྱི་གཟུགས་ཅན། སྐུ་མདོག་ལྗང་སེར་དུ་འདུག་པ། སྐྲ་དང་སྨ་ར་ཁམས་པ་སེན་མོ་རིང་བ། ཕྱག་ན་རིན་པོ་ཆེའི་ཟ་མ་ཏོག་བསྣམས་པའི་ནང་ནས། ཡི་དྭགས་ཐམས་ཅད་ལ་མཆོད་སྦྱིན་གཏོར་བར་བསྒོམ་མོ། །ༀ་མུ་ནེ་ཡེ་སྭཱ་ཧཱ། ཞེས་པས། བྱང་སྨད་དུ་དམྱལ་བའི་ཐུབ་པ་སྐུ་མདོག་ནག་པོ། གཤིན་རྗེའི་སྟབས་སུ་འདུག་པ། ཕྱག་གཡས་ན་མི་བསྣམས་ཏེ་གྲང་བའི་སྡུག་བསྔལ་སེལ་བར་བྱེད་པ། གཡོན་ན་ཆུ་བསྣམས་ཏེ་ཚ་བའི་སྡུག་བསྔལ་སེལ་བར་བྱེད་པར་བསྒོམ་མོ། །ཐུབ་པ་དེ་རྣམས་ནི་སྤྲུལ་པའི་སྐུ་ཡིན་ཏེ། འགྲོ་བའི་དོན་ལ་ཐུགས་བསྙེལ་བ་མི་མངའ་བར་དོན་མཛད་པའི་རྟགས་སུ། པདྨའི་གདན་ལ་བཞེངས་པའོ། །བཤད་རྒྱུད་བླ་མ་ལས། ཐུབ་དྲུག་ཀུན་དགེ་སློང་གི་ཆ་བྱད་ཅན་དུ་བཞེང་། གཞུགས་གནས་ཤར་ལྷོ། ལྷོ། ལྷོ་ནུབ། ནུབ། ནུབ་བྱང་། བྱང་། བྱང་ཤར། དྲུག་ཏུ་བཞེད། ལྷ་དཀར། ལྷ་མིན་མཐིང་། མི་སེར། བྱོལ་སོང་ལྗང་ནག །ཡི་དྭགས་ལྗང་སེར། དམྱལ་བ་ནག་པོ། འོད་རིམ་ལས། ཤར་ལྷོར་ལྷ་ལ་ལྷོ་ཕྱོགས་མི། །ལྷོ་ནུབ་ནུབ་བྱང་ཡི་དྭགས་བྱོལ། །བྱང་དང་བྱང་ཤར་ལྷ་མིན་དམྱལ། །ཅེས་སོ། །ཧཱུྃ་ཡ་མཱནྟ་ཀྲྀཏ་ཕཊ྄། ༀ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནཱི་ཧཱུྃ་ཕཊ྄། ཅེས་བརྗོད་པས། ཤར་སྒོར་ཁྲོ་བོ་གཤིན་རྗེ་དང་ཡུམ་རྡོ་རྗེ་ལྕགས་ཀྱུ་མ་གཉིས་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་མཆེ་བ་བཞི་གཙིགས་པ། ཡབ་ཀྱི་ཕྱག་གཡས་ན་ཐོད་དབྱུག་གཡོན་ཐོད་ཁྲག །ཡུམ་གྱི་གཡས་ན་ལྕགས་ཀྱུ་བསྣམས་པ། གཡོན་ཐོད་ཁྲག །དཔལ་གྱི་ཆས་ཆེན་པོ་བཅུ་དྲུག་གིས་བརྒྱན་པ། ཕུང་པོའི་བདུད་ཀྱི་གདན་ལ་བཞུགས་པར་བསྒོམ། ཧཱུྃ་པྲཛྙཱ་ཏ་ཀྲིཏ་ཕཊ྄། ༀ་རཏྣ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རཱི་ཛྭ་ལ་ནཱི་ཧཱུྃ་ཕཊ྄། ཅེས་པས། ལྷོ་སྒོར་ཁྲོ་བོ་སྟོབས་པོ་ཆེ་དང་། ཡུམ་རྡོ་རྗེ་ཞགས་པ་མ་སྐུ་མདོག་སེར་ནག །ཡབ་ཀྱི་ཕྱག་གཡས་ན་རྡོ་རྗེའི་དབྱུག་པ། གཡོན་ཐོད་ཁྲག །ཡུམ་གྱི་གཡས་ན་ཞགས་པ་བསྣམས་པ། འཆི་བདག་གི་བདུད་ཀྱི་གདན་ལ་བཞུགས་པའོ། །ༀ་པདྨ་ཏ་ཀྲིཏ་ཕཊ྄། ༀ་པདྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤཱ་རི་ཛྭ་ལ་ནཱི་ཧཱུྃ་ཕཊ྄། ཅེས་པས། ནུབ་སྒོར་ཁྲོ་བོ་རྟ་མགྲིན་དང་། ཡུམ་རྡོ་རྗེ་ལྕགས་སྒྲོག་མ་གཉིས་སྐུ་མདོག་དམར་ནག །ཡབ་ཀྱི་གཡས་ན་པདྨའི་དབྱུག་པ་སྦྲུལ་གྱིས་དཀྲིས་པ་བསྣམས་པ། གཡོན་ཐོད་ཁྲག །ཡུམ་གྱི་ཕྱག་གཡས་ན་ལྕགས་སྒྲོག་བསྣམས་པ། ཉོན་མོངས་པའི་བདུད་ཀྱི་གདན་ལ་བཞུགས་པའོ། །ཧཱུྃ་བིགྣཱན་ཏ་ཀྲི་ཏ་ཕཊ྄། ༀ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལ་ནཱི་ཧཱུྃ་ཕཊ྄། བྱང་སྒོར་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་དང་། ཡུམ་རྡོ་རྗེ་དྲིལ་བུ་མ་གཉིས་སྐུ་མདོག་ལྗང་ནག །ཡབ་ཀྱི་ཕྱག་གཡས་ན་རྡོ་རྗེ་རྒྱ་གྲམ་གྱི་དབྱུག་པ། གཡོན་ཐོད་ཁྲག །ཡུམ་གྱི་གཡས་ན་གསེར་གྱི་དྲིལ་ཆེན་འཁྲོལ་བ། ལྷའི་བུའི་བདུད་ཀྱི་གདན་ལ་བཞུགས་པའོ། །ཁྲོ་བོ་ཡ་ཡུམ་དེ་རྣམས་ནི་རྡོ་རྗེའི་སྐུ་ཡིན་ཏེ། ཀུན་ཀྱང་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། ཆས་ཆེན་པོ་བཅུ་དྲུག་གིས་བརྒྱན་པ། གཡོན་ཐམས་ཅད་ཐོད་པ་ཁྲག་གི་བཀང་བ་ཐོགས་པའོ། །གཞལ་ཡས་ཁང་ཐམས་ཅད་ཀྱང་ཁྲོ་བོ་དེ་དག་གི་མེ་དཔུང་གི་འཁྲིགས་ཏེ། མེ་རི་འབར་བའི་དཀྱིལ་འཁོར་ན་བདེ་བར་གཤེགས་པ་རྣམས་བཞུགས་པའོ། །བདག་གི་དཀྱིལ་འཁོར་འདི་ན་གནས་པ་བཞིན་དུ། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་ཆོས་ཀྱི་དབྱིངས་ཀྱི་གར་ཁྱབ་པ་དེ་དག་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་གྱིས་ཁྱབ། རྒྱལ་བའི་དཀྱིལ་འཁོར་གྱིས་གར་ཁྱབ་པ་དེ་ཡང་། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པ་ཤེས་པར་བྱའོ། །དེ་ནི་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་བཞིས་བསྟན་པའི་དང་པོ་བསྐྱེད་པའི་ཆོ་འཕྲུལ་དེ་སོང་། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་གྱིས་གཉིས་པ་དབང་བསྐུར་བའི་ཆོ་འཕྲུལ་ནི། དོན་ཡེ་ཤེས་ཀྱི་དབང་དང་། རྟགས་རྒྱལ་བ་རིགས་ལྔས་དབུ་བརྒྱན་པའི་དབང་ངོ་། །དེ་ཡང་། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་པས། ཆོས་ཐམས་ཅད་དོན་དམ་རྒྱལ་བའི་དཀྱིལ་འཁོར་དེ་དག་ཆོས་ཀྱི་དབྱིངས་མཉམ་པ་ཆེན་པོའི་རང་བཞིན་ལ་གཡོས་པ་མེད་པར་རྟོགས་པ་ནི་དོན་གྱི་དབང་ངོ་། །རྟགས་ཀྱི་དབང་ནི། རྒྱལ་བ་དེ་དག་གི་སྤྱི་གཙུག་ཏུ་མི་བསྐྱོད་པ་སྐུ་མདོག་སྔོན་པོ་རེ་རེས་དབུ་བརྒྱན་པར་བྱའོ། །ༀ་མ་ཧཱ་ཨཱ་དཱཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས། དོན་དམ་པར་རྒྱལ་བའི་དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱང་། ཆོས་ཀྱི་དབྱིངས་ལ་འགག་པ་མེད་པའི་ཡེ་ཤེས་རང་སྣང་བའོ། །རྟགས་རྒྱལ་བ་དེ་དག་གི་དཔྲལ་བར་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་རེ་རེ་བསྒོམ་པར་བྱའོ། །ༀ་མ་ཧཱ་ས་མཱནྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས། དོན་དམ་པར་རྒྱལ་བའི་དཀྱིལ་འཁོར་མ་འགག་པར་སྣང་བ་དང་། ངོ་བོ་ཆོས་ཀྱི་དབྱིངས་ལས་མ་གཡོས་པ་གཉིས་ཡེ་ནས་དབྱེར་མེད་པར་ཤེས་པར་བྱའོ། །རྟག རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན། སྐུ་མདོག་སེར་པོ་རེ་རེ་བསྒོམ་པར་བྱའོ། །ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས། རྒྱལ་བ་དེ་དག་ཀྱང་གདུལ་བྱ་ཐ་དད་ལ་མོས་པ་འབྱུང་བར་ཤེས་པར་བྱའོ། །རྟགས་ནི། ལྟག་པའི་སྟེང་དུ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་རེ་རེ་བསྒོམ་པར་བྱའོ། །ༀ་མ་ཧཱ་ཀྲྀ་ཏྱཱ་ནུཥྚན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས། རྒྱལ་བའི་དཀྱིལ་འཁོར་དུ་མ་འགགས་པར་སྣང་བ་ནི་གཞན་དོན་ནོ། །ངོ་བོ་མ་སྐྱེས་པ་ནི་བདག་དོན་ཏེ། དེ་གཉིས་དུས་གཅིག་པ་ནི་དོན་གཉིས་ཕུན་སུམ་ཚོགས་པའོ། །རྟགས་ནི། རྣ་ལྟག་གཡོན་པའི་སྟེང་དུ་དོན་ཡོད་གྲུབ་པ་རེ་རེ་བསྒོམ་མོ། །རྒྱལ་བ་དེ་རྣམས་ཀྱི་དབུ་ལ་རིན་པོ་ཆེའི་དབུ་རྒྱན་དང་། རལ་ཆིངས་དང་། སྙན་ཆ་དང་། མགུར་ཆུ་དང་། དོ་ཤལ་དང་། སེ་མོ་དོ་དང་། དཔུང་རྒྱན་དང་། གདུའུ་དང་། ཆོས་གོས་དང་། ཤམ་ཐབས་ལ་སོགས་པ་རྒྱན་ཆེན་པོ་རྣམས་ཀྱིས་བརྒྱན་པར་བྱའོ། །དེ་ནི་དབང་བསྐུར་བའི་ཆོ་འཕྲུལ་ལོ། །ཡོངས་སུ་རྫོགས་པའི་གསུམ་པ་བྱིན་གྱི་རླབས་པའི་ཆོ་འཕྲུལ་ནི། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས། བདག་གི་དབུའི་དུང་ཁང་གི་ནང་དུ་ཟླ་བའི་དལ་གྱི་སྟེང་དུ། སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་འཁོར་ལོ་དང་དྲིལ་བུ་ཅན། དེའི་ཐུགས་ཀར་འཁོར་ལོ་ༀ་གྱིས་མཚན་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀྐ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས། བདག་གི་ལྕེ་ཐོག་ཏུ་པདྨའི་སྟེང་དུ། གསུང་རྡོ་རྗེ་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ་ཅན། དེའི་ཐུགས་ཀར་པདྨ་ཨཾ་གིས་མཚན་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས། བདག་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཐུགས་རྡོ་རྗེ་སྐུ་མདོག་མཐིང་ནག །རྡོ་རྗེ་དང་དྲིལ་བུ་ཅན། དེའི་ཐུགས་ཀར་རྡོ་རྗེ་ཧཱུྃ་གིས་མཚན་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ༀ་ནུ་རཱ་ག་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས། ལྟེ་བ་རིན་ཆེན་ཟུར་བརྒྱད་ཀྱི་སྟེང་དུ། ཆགས་པའི་རྡོ་རྗེ་སྐུ་མདོག་སེར་པོ་རིན་པོ་ཆེ་དང་དྲིལ་བུ་ཅན། དེའི་ཐུགས་ཀར་རིན་པོ་ཆེ་སྭཱས་མཚན་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པུཙྪ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས། གསང་གནས་སུ་ཆོས་འབྱུང་གྲུ་གསུམ་གྱི་སྟེང་དུ་མཆོད་པའི་རྡོ་རྗེ་སྐུ་མདོག་ལྗང་ཀུ་རལ་གྲི་དང་དྲིལ་བུ་ཅན། དེའི་ཐུགས་ཀར་རལ་གྲི་ཧཾ་གིས་མཚན་པའོ། །ལྷ་དེ་དག་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་འདྲ་བ་རེ་རེ་ལ་གདན་ནི་རིགས་ལྔ་ཡབ་ཡུམ་དང་། སེམས་དཔའ་ཡབ་ཡུམ་ཀུན་བཟང་ཡབ་ཡུམ་ལ་ཉི་ཟླ་པདྨ་གསུམ་བརྩེགས། ཐུབ་དྲུག་དང་བཟང་མོ་ལ་པདྨ། སྒོ་བ་བཞི་ལ་ཉི་མའོ། །ལྷ་དེ་དག་གི་ཐུགས་ཀར་ཉི་མའི་སྟེང་དུ་ཐུགས་ཕྱག་མཚན་ལ། གསུང་ཡིག་འབྲུའི་མཚན་པ་ལ་ལུགས་གཉིས་ཏེ། བསྐྱེད་པའི་ས་བོན་ལ་ཨཱ་ལི་དང་། སྔགས་ཀྱི་ཡི་གེ་དང་པོས་མཚན་པ་གཉིས་ལས། འདིར་ཕྱག་ལེན་ལ་ཐུབ་དྲུག་མ་གཏོགས་པ་སྔགས་ཀྱི་ཡི་གེ་དང་པོས་མཚན་ལ། ཐུབ་དྲུག་ལ་ཀྲེ་ལ་སོགས་པའོ། །སྒོ་བ་བཞི་ལ་ཧཱུྃ་བཞི། ཡུམ་ལ་ཛ་ཧཱུྃ་བྃ་ཧོ་བཞིས་མཚན་པ་དེའི་མཐའ་བསྐོར་དུ། རང་གི་སྔགས་ཀྱིས་བསྐོར་བའོ། །ལྷ་དེ་དག་གི་ཐུགས་ཀར་ཐུགས་ཡེ་ཤེས་སེམས་དཔའ་རང་དང་འདྲ་བ་རེ་རེ་བསྒོམ། དེའི་ཐུགས་ཀར་ཐུགས་ཕྱག་མཚན་ལ་སྔར་གྱི་ཡི་གེ་རྣམས་ཀྱིས་མཚན་པར་བསྒོམ་མོ། །དེའི་མཐའ་བསྐོར་དུ་རང་རང་གི་སྔགས་ཀྱིས་འཁོར་བར་བསྒོམ་མོ། །དེ་ནས་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཕྱོགས་བཅུ་ནས་སྤྱན་དྲངས་ཏེ་བསྟིམས་པ་ནི། དབྱིངས་ཀྱི་དཀྱིལ་འཁོར་གྱིས་བརླབས་པའོ། །ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་ཏྲྀ་ཤྱ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟཾ། ཛ་ཧཱུྃ་བྃ་ཧོ། ཞེས་དབྱེར་མེད་པར་བྱའོ། །དེ་དག་ནི་བྱིན་གྱིས་རླབས་པའི་ཆོ་འཕྲུལ་ལོ། །ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལ་བཞིས་བསྟན་པའི་ཐ་མ། མཆོད་པའི་ཆོ་འཕྲུལ་ལ་དོན་རྣམ་པ་དགུ་སྟེ། བསྟོད་པའི་མཆོད་པ་དང་། ཀུན་ཏུ་བཟང་པོའི་མཆོད་པ་དང་། ཕྱིའི་མཆོད་པ་དང་། ཕྱག་རྒྱ་གར་གྱི་མཆོད་པ་དང་། སྦྱོར་བའི་མཆོད་པ་དང་། སྒྲོལ་བའི་མཆོད་པ་དང་། བདུད་རྩི་སྨན་གྱི་མཆོད་པ་དང་། རྨད་དུ་བྱུང་བ་གཏོར་མ་བདུད་རྩི་ལྔའི་མཆོད་པ་དང་། ཚོགས་ཀྱི་མཆོད་པ་དང་། གླུ་ཡེ་ཤེས་ཀྱི་མཆོད་པ་དང་། སྒྲ་སྙན་གྱི་མཆོད་པའོ། །དེ་ནས་ཡང་བསྟོད་པ་བྱ། བསྙེན་པ་བྱ། དེ་ནས་ལྷག་མའི་ཆོ་ག་བྱ། དེ་ནས་དཀྱིལ་འཁོར་བསྡུའོ། །སྒྱུ་འཕྲུལ་ཞི་བའི་དཀྱིལ་འཁོར། བླ་མ་ཤར་བ་ཆེན་པོ་སྤོབས་པ་མཐའ་ཡས་ཀྱིས་སྦྱར་བའོ། །ༀ་སྭ་སྟི། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མངོན་པར་རྟོགས་པ་འདི་ལ་དོན་གསུམ་སྟེ། སྔོན་དུ་འགྲོ་བའི་ཆོ་ག་དང་། ཏིང་ངེ་འཛིན་བཞིས་མངོན་པར་རྟོགས་པའི་གཞུང་བསྲང་བ་དང་། དངོས་གྲུབ་བླང་ཞིང་རྗེས་ཀྱི་ཆོ་ག་བྱ་བའོ། །སྔོན་དུ་འགྲོ་བའི་ཆོ་ག་ལ་གསུམ་སྟེ། གནས་བཙལ་བ་དང་། ཕྱིའི་ཆོ་ག་བྱ་ཞིང་མཚམས་བཅད་པ་དང་། བདེན་པ་གཉིས་ཀྱི་ཚུལ་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །མངོན་པར་རྟོགས་པའི་ཏིང་ངེ་འཛིན་ལ་བཞི་སྟེ། དེ་བཞིན་ཉིད་དང་། ཀུན་ཏུ་སྣང་དང་། རྒྱུའི་དང་། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ནོ། །དེ་ལ་ཡང་གཉིས་ཏེ། ལྷག་པ་ཏིང་ངེ་འཛིན་གྱི་སྒོ་ནས་བསྐྱེད་པ་དང་། དབང་བསྐུར་བ་དང་། བྱིན་གྱིས་བརླབས་པའི་ཆོ་འཕྲུལ་བསྟན་པ་དང་། ཚིགས་སུ་བཅད་པ་དང་། སྔགས་དང་ཏིང་ངེ་འཛིན་གྱི་སྒོ་ནས་བྱིན་གྱིས་བརླབས་ཤིང་མཆོད་པའི་ཆོ་འཕྲུལ་བསྟན་ཏེ། དེ་ལ་ཡང་བདུན་ཏེ། སྙན་གསན་དབབ་པ་དང་། སྤྱན་དྲང་བ་དང་། བརྟན་པར་བཞུགས་སུ་གསོལ་བ་དང་། ཕྱག་འཚལ་བར་བྱ་བའི་ཕྱིར་བསྟོད་པ་བྱ་བ་དང་། མཆོད་པ་འབུལ་བ་དང་། བསྟོད་པ་དང་། བཟླས་པ་བྱ་བའོ། །དང་པོ་སྙན་གསན་དབབ་པ་ནི། སེ་གོལ་བསྣོལ་མ་གཏོགས་ཤིང་། མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་ཤར་བ་ལྟར། ཆོས་སྐུ་ལ་གཟུགས་སྐུར་བཞེངས་ནས་བྱོན་མ་རག་པར་བསམ་ལ། ཧཱུྃ། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེས་ངང་ཅན་ཆོས་སྐུ་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ༀ་བཛྲ་ས་མན་ཛ་ཧཱུྃ་ཛ། དེ་ནས་སྤྱན་དྲང་བ་ནི། ཧོ་ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལ་དམ་ཚིག་ཉེ་བར་གཤེགས། །ཡེ་ཤེས་རྒྱ་མཚོ་རྣམ་པར་རོལ་པའི་ཀློང་། །མི་གནས་མི་དམིགས་ནམ་མཁའི་དབྱིངས་ནས་བཞེངས། །ཚོགས་ཆེན་གཉིས་རྫོགས་ཐུགས་དམ་དབྱིངས་ཀྱི་ལྷ། །ལོངས་སྤྱོད་རྫོགས་མཛད་རོལ་པ་ཆེན་པོའི་སྐུ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །ཐབས་ཀྱིས་མ་རྨོངས་བདེ་ཆེན་དབྱིངས་ནས་བཞེངས། །ཡེ་ཤེས་སྒྱུ་མ་རྣམ་པར་རོལ་པའི་སྐུ། །ཐུགས་རྗེ་སྤྲུལ་པ་མང་པོ་འབྱུང་བའི་གནས། །ཐབས་དང་ཤེས་རབ་ཆེ་ལ་མངའ་བརྙེས་པའི། །བདེ་གཤེགས་བདེ་བར་གཤེགས་པ་གཤེགས་སུ་གསོལ། །ༀ་ཨེ་ཧྱ་ཧི་བྷ་ག་ཝན། མ་ཧཱ་ཀཱ་རུ་ཎི་ཀ་ཏྲི་ཤྱ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཛ་ཧཱུྃ་བྃ་ཧོ༔ ཨ་གཙྪ་ཡ། ཨ་གཙྪ་ཡ་ཧཱུྃ་ཛཿ ཞེས་ཕོ་བྲང་དང་ཉེ་བར་མདུན་དུ་བྱོན་པར་བསྒོམ་ལ་བརྟེན་པར་བཞུགས་སུ་གསོལ་བ་ནི། ཧཱུྃ་བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཐུགས་རྗེ་ཆེན་པོ་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །དགྱེས་ཤིང་བརྟེན་པར་བཞུགས་སུ་གསོལ། །ༀ་བཛྲ་ས་མ་ཡ་ཛཿ ༀ་བཛྲ་ས་མ་ཡ་ཧཱུྃ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧོ། ཞེས་པས་དབྱེར་མེད་པར་བསྟིམ་མོ། ཕྱག་འཚལ་བའི་ཕྱིར། བསྟོད་པ་བྱ་བ་ནི། ༀ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོ། །ༀ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ། །ༀ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོ། །ༀ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ཏུ་སྣ་ཚོགས་འཕྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོ། །ༀ་ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱི། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོ། །ༀ་ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ། །མཆོད་པ་ལ་དོན་དགུ་སྟེ། ཀུན་ཏུ་བཟང་པོའི་མཆོད་པ་དང་། ཕྱིའི་མཆོད། ཕྱག་རྒྱ་གར་གྱི་མཆོད། སྦྱོར་བའི། སྒྲོལ་བའི། རྨད་དུ་བྱུང་བའི། བདུད་རྩི། གཏོར་མའི། འདོད་ཡོན་ཚོགས་ཀྱི། གླུ་ཡེ་ཤེས་ཀྱི། མཆོད་པའི་ཡོན་ཏན་ནོ། །གོང་དུ་ཕྱག་འཚལ་བ་ནི། བསྟོད་པའི་མཆོད་པ་དང་ཐུན་མོང་བའོ། །གཉིས་པ་ཀུན་ཏུ་བཟང་པོའི་མཆོད་པ་ནི། ༈ བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱི། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀྱི། །སྤྱོད་པ་རྒྱ་མཚོ་རྨད་བྱུང་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། བྷི་ཤྭ་མུ་ཁེ་བྷྱ། སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཕྱིའི་མཆོད་པ་ནི། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་ཡི། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་ཀྱིས། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོའི་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་པ། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །བླ་མ་རྣམས་དང་དཀོན་མཆོག་གསུམ། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །ཕྱག་རྒྱ་གར་གྱི་མཆོད་པ་ནི། །སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །དབང་པོའི་ཡུལ་དུ་གང་གྱུར་བ། །ཐབས་དང་ཤེས་རབ་ལྡན་འགྱུར་ཞིང་། །མཉམ་པའི་ངང་ཉིད་རྟོག་གསལ་ན། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །ཐབས་དང་ཤེས་རབ་ཐམས་ཅད་ཀུན། །གསལ་ཞིང་འོད་ཟེར་འཕྲོ་བསྒོམ་ན། །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན། །འདི་ནི་སྤྱི་རྒྱ་ཆེན་པོ་སྟེ། །བླ་མེད་ཆེན་པོས་འདི་སྐད་གསུངས། །གསུང་བ་དེ་ཉིད་ངེས་པ་ཡི། །སྙིང་པོ་ཕྱག་རྒྱ་འདའ་དཀའ་འོ། །མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ལྔ་གཉིས་ཟུང་དུ་སྤྲད་པ་ལ། །སྦྱོར་བའི་ཕྱག་རྒྱ་འབྱུང་བའི་རྒྱུ། །ༀ་དང་མཱུྃ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུྃ་སྒྲེང་རྩེ་མོར་རྡོ་རྗེ་འབར། །ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ཧཱུྃ་བཛྲ་དྷིཀ྄ །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱུྃ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །མཱུྃ་དྷཱ་ཏཱི་ཤྭ་རི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ༀ་སྒྲེང་རྩེ་མོར་འཁོར་ལོ་འབར། །ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ༀ་ཛི་ན་ཛིཀ྄ །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ལཱྃ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །ལཱྃ་དེ་ཥ་ར་ཏི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །སྭཱ་སྒྲེང་རྩེ་མོར་རིན་ཆེན་འབར། །ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །སྭཱ་རཏྣ་དྷྲི་ཀ྄ །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། མཱྃ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་མཛུམ་པའི་མདངས་ཀྱིས་བལྟ། །མཱྃ་མོ་ཧ་ར་ཏི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཨཱྃ་སྒྲེང་རྩེ་མོར་པདྨ་འབར། །ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། ཨཱཾ་ཨ་རོ་ལིཀ྄ །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །པཱྃ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །པྱཱྃ་རཱ་ག་ར་ཏི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧ་སྒྲེང་རྩེ་མོར་རལ་གྲི་འབར། །ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ཧཱ་པྲཛྙཱ་དྷྲིཀ྄ །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཏཱྃ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུང་དེ་འཛུམ་པའི་མདང་བགྱིས་བལྟ། །ཏཱྃ་བཛྲ་ར་ཏི། རྡོ་རྗེ་ཐུགས་ཀར་རིན་ཆེན་འཛིན། །རིན་ཆེན་དྲིལ་བསིལ་ཆོས་ལ་བརྟེན། །འཛུམ་པའི་མདངས་ཀྱིས་བལྟ་བ་ནི། །སའི་སྙིང་པོའི་ཕྱག་རྒྱ་ཡིན། །ཀྵི་ཧི་རཱ་ཙ་ཡེ། རྡོ་རྗེ་རིན་ཆེན་ཁུ་ཚུར་བཅས། །སྐུའི་ཐད་ཀར་བཟུང་བ་དང་། །འཛུམ་པའི་མདངས་ཀྱིས་བལྟ་བ་ནི། །སྒེག་མོའི་ཕྱག་རྒྱ་ཡིན་པར་བཤད། །ཧཱུྃ་ལ་སྱེ་ས་མ་ཡ་སྟྭྃ། རྡོ་རྗེ་རལ་གྲིའི་ཐུགས་ཀ་ནས། །རིན་ཆེན་དྲིལ་བསིལ་ཆོས་ལ་བརྟེན། །འཛུམ་པའི་མདངས་ཀྱིས་བལྟ་བ་ནི། །ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཡིན། །ཏྲཱཾ་ཨ་གརྦྷ་ཡ། རྡོ་རྗེ་རིན་ཆེན་རྣ་ལྟག་བཞག །རིན་ཆེན་ཕྲེང་བ་བཟུང་པ་རུ། །འཛུམ་པའི་མདངས་ཀྱིས་བལྟ་བ་ནི། །ཕྲེང་བའི་ཕྱག་རྒྱ་ཡིན་པར་བཤད། །ཏྲཱྃ་མཱ་ལྱེ་ས་མ་ཡ་ཧོ། །རྡོ་རྗེ་པདྨའི་ཐུགས་ཀ་ནས། །རིན་ཆེན་དྲིལ་བསིལ་ཆོས་ལ་བརྟེན། །འཛུམ་པའི་མདངས་ཀྱིས་བལྟ་བ་ནི། །སྤྱན་རས་གཟིགས་ཀྱི་ཕྱག་རྒྱ་ཡིན། །ཧྲཱིཿཧ་ཧཱུྃ་པདྨ་བྲ་ད་མ། །རིན་ཆེན་པི་ཝྃ་འཛིན་པ་ཡི། །རྡོ་རྗེ་ལེན་པར་བྱས་ནས་ནི། །འཛུམ་པའི་མདངས་ཀྱིས་བལྟ་བ་ནི། །དབྱངས་ཀྱི་ཕྱག་རྒྱ་ཡིན་པར་གསུངས། །ཧྲཱིཿགིརྟི་རཱ་ག་ཡ་ཧྃ། །རྡོ་རྗེ་རྡོ་རྗེའི་ཐུགས་ཀ་ནས། །རིན་ཆེན་དྲིལ་བསིལ་ཆོས་ལ་བརྟེན། །འཛུམ་པའི་མདངས་ཀྱིས་བལྟ་བ་ནི། །ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཡིན། །ཛིཾ་ཀུ་རུ་པཱ་ཎ་ཧྲཱིཿ རིན་ཆེན་གར་ཐབས་བསྣོལ་ནས་ནི། །རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། །འཛུམ་པའི་མདངས་ཀྱིས་བལྟ་བ་ནི། །གར་གྱི་ཕྱག་རྒྱ་དཔའ་བོས་བཤད། །ཨ་ནིརྟི་རཱ་ག་ཡཱ་མི། །རྡོ་རྗེ་ཀླུ་ཤིང་ཐུགས་ཀ་ནས། །རིན་ཆེན་དྲིལ་བསིལ་ཆོས་ལ་བརྟེན། །འཛུམ་པའི་མདངས་ཀྱིས་བལྟ་བ་ནི། །བྱམས་པ་མེ་ཏྲིའི་ཕྱག་རྒྱ་ཡིན། །མཻ་དྷ་རཱ་ནི་སྭཱ་ཧཱ། རིན་ཆེན་བདུག་སྤོས་ཐུགས་ཀར་འཛིན། །རྡོ་རྗེ་ལས་ལ་རབ་ཏུ་འཁྲིལ། །འཛུམ་པའི་མདངས་ཀྱིས་བལྟ་བ་ནི། །བདུག་པའི་ཕྱག་རྒྱ་ཡིན་པར་བཤད། །ཛ་དྷུཔྤེ་པྲ་བེ་ཤཱ་ཡ། །རྡོ་རྗེ་པོ་ཏིའི་ཐུགས་ཀ་ནས། །རིན་ཆེན་དྲིལ་བསིལ་ཆོས་ལ་བརྟེན། །འཛུམ་པའི་མདངས་ཀྱིས་བལྟ་བ་ནི། །སྒྲིབ་པ་རྣམ་སེལ་ཕྱག་རྒྱ་ཡིན། །ཐླྷིཾ་ནི་སྶ་རཾ་བྷ་ཡེ་སྭཱ་ཧཱ། །རྡོ་རྗེ་རིན་ཆེན་རྣ་ལྟག་ཏུ། །མེ་ཏོག་སྣོད་བཅས་འཛིན་པ་ལ། །འཛུམ་པའི་མདངས་ཀྱིས་བལྟ་བ་ནི། །མེ་ཏོག་ཕྱག་རྒྱ་ཡིན་པར་བཤད། །ཧཱུྃ་པུཥྤེ་ཨཱ་བེ་ཤཱ་ཡ། རྡོ་རྗེ་སྙེ་མའི་ཐུགས་ཀ་ནས། །རིན་ཆེན་དྲིལ་བསིལ་ཆོས་ལ་བརྟེན། །འཛུམ་པའི་མདངས་ཀྱིས་བལྟ་བ་ནི། །ཀུན་ཏུ་བཟང་པོའི་ཕྱག་རྒྱ་ཡིན། །ཧཱུྃ་སྭ་རཱ་ཙ་ཡ་སྭཱ་ཧཱ། རིན་ཆེན་མར་མེའི་ཐུགས་ཀ་ནས། །རྡོ་རྗེ་སེམས་དཔའ་ལས་ལ་འཁྲིལ། །འཛུམ་པའི་མདངས་ཀྱིས་འདུད་པ་ནི། །མར་མེའི་ཕྱག་རྒྱ་དཔའ་བོས་བཤད། །པྃ་དཱི་པ་སུ་ཀི་ནཱི། རྡོ་རྗེ་ཨུཏྤལ་ཐུགས་ཀ་ནས། །རིན་ཆེན་དྲིལ་བསིལ་ཆོས་ལ་བརྟེན། །འཛུམ་པའི་མདངས་ཀྱིས་འདུད་པ་ནི། །འཇམ་དཔལ་གྱིས་ནི་ཕྱག་རྒྱ་ཡིན། །མཱུྃ་ཤྲཱི་ཨ་རཱཾ་གཱ་ཡེ་སྭཱ་ཧཱ། རིན་ཆེན་དབྱུག་པ་ཐུགས་ཀ་ནས། །རྡོ་རྗེས་མྱུག་པར་བྱེད་པ་དང་། །འཛུམ་པའི་མདངས་ཀྱིས་འདུད་པ་ནི། །དྲི་ཡི་ཕྱག་རྒྱ་ཡིན་པར་བཤད། །ཧོ་གྷནྡྷེ་ཙིཏྟ། ཪྣྲི་མགོ་གདེངས་བ་གཤེད་པོ་སྟེ། །ཧཱུྃ་ཡ་མཱནྟ་ཀྲིཏ་ཕཊ྄། འཛུམ་གཉིས་བཀུག་པ་ལྕགས་ཀྱུའི་རྒྱ། །ༀ་བཛྲ་དྷཱ་རོ་མ་ཧཱ་ཀྲོ་ཏེ་ཤྭ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ྄། རྡོ་རྗེ་རྣོན་པོ་སྟོབས་ཆེན་རྒྱ། །ཧཱུྃ་པྲཛྙཱ་ཏ་ཀྲྀཏ་ཕཊ྄། མཛུབ་གཉིས་རྩེ་སྤྲད་ཞགས་པའི་རྒྱ། །ༀ་རཏྣ་དྷ་རོ་མ་ཧཱ་ཀྲོ་ཏི་ཤྭ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ྄། ཐོད་སྦྲུལ་གནོན་པ་རྟ་མགྲིན་རྒྱ། །ༀ་པདྨནྟ་ཀྲྀཏ་ཕཊ྄། མཛུབ་གཉིས་འཁྱུད་པ་ལུ་གུ་རྒྱུད། །ༀ་པདྨ་དྷ་རོ་མ་ཧཱ་ཀྲོ་ཏི་ཤྭ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ྄། རྒྱ་གྲམ་གནོན་པ་འཁྱིལ་པའི་རྒྱ། །ཧཱུྃ་བིགྣཱནྟ་ཀྲྀཏ་ཕཊ྄། བསྐྱོད་པར་གྱུར་ན་འབེབས་མའོ། །ༀ་ཀརྨ་དྷ་རོ་མ་ཧཱ་ཀྲོ་ཏི་ཤྭ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ྄། པི་ཝཾ་ལན་པ་ལྷའི་རྒྱ། ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། མི་ནི་སྲེག་པར་འཛིན་པ་སྟེ། ༀ་མུ་ནེ་ཧཱུྃ་ཏྲཱུྃ་སྭཱ་ཧཱ། ལྷ་མིན་ཕྱག་རྒྱ་གོ་ཆ་ཡིན། །ༀ་མུ་ནེ་སྲུཾ་སྭཱ་ཧཱ། ཆོས་ཀྱི་འཁོར་ལོ་བྱོལ་སོང་རྒྱ། །ༀ་མུ་ནེ་བྲེཾ་སྭཱ་ཧཱ། ཟ་མ་ཏོག་ནི་ཡི་དྭགས་རྒྱ། །ༀ་མུ་ནེ་ཀྵཾ་སྭཱ་ཧཱ། མེ་ཆུ་གཉིས་ནི་དམྱལ་བའི་རྒྱ། །ༀ་མུ་ནེ་ཡེ་སྭཱ་ཧཱ། ཡབ་ཀྱི་སྤྱི་རྒྱ་ཀུན་བཟང་གིས། །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ། །ཡུམ་གྱི་སྤྱི་རྒྱ་བཟང་མོར་བཤད། །ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ༀ། ཡང་ན་ཀུན་བཟང་ཡབ་ཡུམ་གྱིས། །རྡོ་རྗེ་ཐལ་མོ་ཉིད་དུ་བཤད། །སྦྱོར་བའི་མཆོད་པ་ནི། རིན་ཆེན་པདྨ་དཀྱིལ་འཇམ་འདི། །འཛུམ་པའི་མདངས་ཀྱིས་འབུལ་ལགས་ན། །དགྱེས་པས་རྡོ་རྗེ་བསོར་མཛད་ནས། །བྱང་ཆུབ་སེམས་སྤྲིན་དབབ་ཏུ་གསོལ། །རྡོ་རྗེ་བསོར་བའི་དགའ་མཆོག་འདི། །འཛུམ་ཞིང་འཁྱིལ་བའི་གནས་སུ་བསོར། །མི་དམིགས་བདེ་དང་འཕྲོ་འདུ་ནི། །རྡོ་རྗེ་འཛིན་མར་ལྡན་ལས་བྱུང་། །ཤེས་རབ་དབྱིངས་མ་ཡུམ་གྱི་གཞལ་ཡས་སུ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་རབ་བཀོད་དེ། །ཐབས་དང་ཤེས་རབ་འབྲེལ་བའི་སྦྱོར་མཆོད་ཀྱིས། །རྒྱལ་བའི་དཀྱིལ་འཁོར་ཚོགས་ལ་མཆོད་པར་འབུལ། །ༀ་བཛྲ་པྲ་བེ་ཤ་ཡ་ཨ་ལ་ལ་ཧོ། སྒྲོལ་མཆོད་ནི། བདག་གི་ཐུགས་ཀ་ནས་རྃ་ཡྃ་ཁྃ་གིས་སྣོད་བཅུད་ཀྱི་སེམས་ཅན་ཐམས་ཅད་སྦྱང་སྟེ་སེམས་ཅན་ཐམས་ཅད་ཨ་དཀར་པོར་གྱུར་ནས་བདག་གི་ཐུགས་ཀར་བསྟིམ་མོ། མཆན། དེ་ལ་མཆོད་སྦྱིན་དམ་པ་ནི། །ཐོག་མར་བདག་ཉིད་རྟོག་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞིང་གྱུར་མཆོག་དང་མཆོག་ཕྲན་རྣམས། །ཉི་ཟླའི་དཀྱིལ་དུ་མཁས་པས་བཞག །ང་རྒྱལ་ལག་གིས་འདུ་བྱེད་བསྒོམ། །ཧཱུྃ་དུ་གྱུར་ནས་རྣམ་པར་དག །དབྱིངས་སུ་ཐིམ་ནས་ཕྱག་རྒྱར་འབར། །སྐུ་གྱུར་འོད་ཟེར་འཕྲོ་བས་བརྗིད། །གཙུག་ཏུ་རྣམ་པར་རྒྱལ་བ་བསྒོམ། །ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །དེ་ལ་བྱས་པ་རྡུལ་ཙམ་མེད། །སྨན་གྱི་མཆོད་པ་ནི། ཧོ་རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔའི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་དང་། །ཁྲོ་བོའི་རྒྱལ་པོ་མཐའ་ཡས་དང་། །མ་མོ་མཁའ་འགྲོའི་ཚོགས་ཆེན་དང་། །ལྷ་དང་ལྷ་མིན་གསང་བ་ཡི། །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག །འདི་ནི་སྔོན་གྱི་དམ་ཚིག་གོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི། །བདག་ཅག་དད་པས་འབུལ་ལགས་ན། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་ཧོ། །ཧོ་རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱིས། །སྲིད་པའི་སྡུག་བསྔལ་ཞི་མཛད་པའི། །བདེར་གཤེགས་ཀུན་བཟང་ཡབ་ཡུམ་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་ཧོ། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །ཡེ་ཤེས་དབྱིངས་སུ་རྣམ་དག་པའི། །རིགས་ལྔ་བདེར་གཤེགས་ཡབ་ཡུམ་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་ཧོ། རྣམ་ཤེས་ཚོགས་དང་སྤྱོད་ཡུལ་རྣམས། །བྱང་ཆུབ་སེམས་སུ་རྣམ་དག་པའི། །སེམས་དཔའ་ལྕམ་དྲལ་ཚོགས་རྣམས། །དམ་ཚིག་མཆོག་གི་མཆོད་པ་འབུལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་ཧོ། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །འགྲོ་དྲུག་དབྱིངས་སུ་སྦྱོར་མཛད་པ། །སྤྲུལ་སྐུ་ཐུབ་པ་དྲུག་རྣམས་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་ཧོ། ཕྱི་ནང་བདུད་ཚོགས་ཐམས་ཅད་འདུལ་མཛད་པ། །གནས་ཡུལ་རོ་ལང་རྡོ་རྗེ་བཅིང་བསྡོམས་འབེབ། །སྤྲུལ་པའི་སྒོ་སྐྱོང་ཁྲོ་རྒྱལ་ཡབ་ཡུམ་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་ཧོ། དུག་ལྔ་མ་སྤངས་དུག་གསུམ་རྣམ་དག་པའི། །དུས་གསུམ་བཞུགས་པའི་རྡོ་རྗེ་སློབ་དཔོན་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་ཧོ། ཚེ་རབས་སྔོན་ནས་ལས་ཀྱིས་འཕྲོ་འཐུད་པའི། །མཆེད་དང་ལྕམ་དྲལ་ཀརྨ་གིང་ལ་སོགས། །རྡོ་རྗེ་ལྕམ་དྲལ་མ་ལུས་འཁོར་བཅས་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་ཧོ། རྨད་དུ་བྱུང་བ་གཏོར་མའི་མཆོད་པ་ནི། ཧཱུྃ་གཟུགས་ནི་ལག་གཉིས་མེ་ལོང་འཛིན། །གཟུགས་མཛེས་སྤྱོད་པས་ཕྱོགས་བཅུར་གཡོ། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །གཟུགས་ཀྱི་ལྷ་མོ་སྤྱན་ལ་ཐིམ། །ༀ་བཛྲ་རཱུ་པ་ཧཱུྃ། སྒྲ་ནི་ལག་གཉིས་པི་ཝཾ་བཏེགས། །བདེ་བའི་སྒྲ་སྙན་ཕྱོགས་བཅུར་སྒྲོགས། །དབྱངས་སྙན་ཡིད་འཕྲོག་གཟི་ལྡན་འབར། །སྒྲའི་ལྷ་མོ་སྙན་ལ་ཐིམ། །ༀ་བཛྲ་ཛི་ཀ་ར་ཧཱུྃ། དྲི་ནི་ལག་གཉིས་སྤོས་བསྣམས་ཏེ། །སྤོས་ཀྱི་སྤྲིན་ལྡིང་བདུག་པ་འཕྲོ། །ཀུན་ཏུ་ཚིམ་བྱེད་དྲི་བསྲུང་ལྡན། །དྲིའི་ལྷ་མོ་ཤངས་ལ་ཐིམ། །ༀ་བཛྲ་དྷུ་པེ་ཧཱུྃ། རོ་ནི་ལག་གཉིས་སྣོད་བསྣམས་ཏེ། །བཅུད་ལྡན་རོ་ལ་མཆོག་ལྔ་བརྒྱར་འཕྲོ། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །རོའི་ལྷ་མོ་ལྗགས་ལ་ཐིམ། ༀ་བཛྲ་ནཻ་ཝིཏྱེ་ཧཱུྃ། རིག་ནི་རྡོ་རྗེ་ཡང་འཁྱུད་མ། །མཉེན་འཇམ་རེག་ན་བདེ་བ་ཡིན། །གཟུགས་མཛེས་སྤྱོད་པ་ཕྱོགས་བཅུར་གཡོ། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །རེག་གི་ལྷ་མོ་སྐུ་ལ་འཁྲིལ། །ༀ་བཛྲ་བྷནྡྷེ་ཧཱུྃ། ཆོས་ནི་འདུས་བྱས་འདུས་མ་བྱས། །སྣང་སྟོང་རྡོ་རྗེ་ནམ་མཁའི་སྐུ། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །ཆོས་ཀྱི་ལྷ་མོ་ཐུགས་ཀར་ཐིམ། །ༀ་དྷརྨ་དྷརྡྷུ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཧཱུྃ་བཛྲ་དྷྲྀཀ྄ །མཱུྃ་དྷཱ་ཏཱི་ཤྭ་རཱི། མ་ཧཱ་བ་ལིང་ཏ་ཁཱ་ཧི། ཞེས་རྒྱས་པར་མཆོད་དོ། །མཆོད་པའི་ཡོན་ཏན་ནི། བཟའ་དང་བཅའ་དང་བཏུང་དང་བགོ། །སྟེང་འདོད་ཡོན་གྱི་ལྷ་མོ་དཀར་སེར་དམར་ལྗང་རྣམས་ཀྱིས་སྤྱན་ཤངས་ཐུགས་ཀ་སྐུ་ལུས་ལ་ཐིམ། དེ་ནས་བར་བདུད་རྩི་རྒྱ་མཚོ་ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུར་གྱུར་ནས་གསོལ་བར་བསམ་ལ། རང་གི་སྔགས་ལ་ཁཱ་ཧི་བཏགས་པ་འབུལ་ལོ། །མཆན། ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །དཀྱིལ་འཁོར་བརྟེན་པའི་ཏིང་ངེ་འཛིན། །བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡིས། །འཛུམ་ལམ་ནམ་མཁའ་འགྲོ་བར་འགྱུར། །གླུ་ཚིགས་སྒྲའི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྱུར། །བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཨ་ལི་ཀཱི་ལིའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །བསྟོད་པ་ནི། ཞི་བའི་གླུ་དྲུག་ཉིད་དམ། ཐབས་ཀྱི་ཞགས་པ་ནས་བྱུང་བའི་གླུ་བརྒྱད་ཀྱིས་བསྟོད་དོ། །ༀ་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ནས། །རྒྱལ་བ་གང་བཞུགས་འཁོར་དང་བཅས། །བླ་མེད་ལྷ་དང་ལྷ་མོ་ཡིས། །གྲུབ་པའི་བྱིན་རླབས་བསམ་མི་ཁྱབ། །ༀ་སེམས་དཔའ་བཅུ་དྲུག་རིགས་ཀྱི་གཙོ། །སེམས་མ་བཅུ་དྲུག་རིགས་ཀྱི་ཡུམ། །མཐུ་ཆེན་ཁྲོ་བོ་ཁྲོ་མོ་དང་། །ཕོ་ཉ་འཇིག་རྟེན་སྐྱོངས་བར་ལྡན། །ༀ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་ཐམས་ཅད་མ་ལུས་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་དཔའ་བོ་ཆེན་པོ་མཐུ་ལྡན་རྣམས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བདག་གིས་ལྷག་པའི་བསམ་པ་རྣམས། །གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ༀ་ཁམས་གསུམ་ཞིང་དུ་སྦྱོར་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་བའི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་བསྙེན་པ་བྱའོ། །དེ་ནས་དམ་བླང་བ་ནི། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅའ་ལ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་རྣམས། །འགྲོ་ལ་ཕན་པའི་དོན་དུ་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མོ་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབས་ཤིག །ཀཱ་ཡ་ཝཱཀྐ་ཙིཏྟ། བྷོ་དྷི་ཙིཏྟ། ས་མ་ཡ་ཧཱུྃ། ༀ་ཨཱཿཧཱུྃ། ཞེས། སྤྱི་བོ་མགྲིན་པ། སྙིང་ཁ་གནས་གསུམ་དུ་གཏུག་གོ། ༈ །རྗེས་ཀྱི་ཆོ་ག་བྱ་བ་ནི། ལྷག་མ་དང་། དཀྱིལ་འཁོར་བསྡུ་བ་དང་། ཐུན་མཚམས་ཀྱི་རྣལ་འབྱོར་རྣམས་ཏེ། དང་པོ་ལྷག་མ་བྱ་བ་ནི། བདག་གི་ཐུགས་ཀ་ནས་ཁྲོ་བོ་འདོད་པའི་རྒྱལ་པོ་བྱུང་སྟེ། མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་རང་དབང་མེད་པར་སྤྱན་དྲངས་ནས། བཅོམ་ལྡན་འདས་རིགས་ལྔའི་འཁོར་དུ་ཕྱོགས་བཞིར་བརྒྱད་བརྒྱད་ཟུར་བཞིར་བཞི་བཞུགས་སོ། །དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། ཌཱཀྐི་རཱ་ཛཿཧཱུྃ། ཌཱ་ཱཀི་རཱ་ཛ་ཛ། ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ཏིསྟ་ཡཱ། ཏིསྟ་ཡཱ། བྷན་དྷ་ཡཱ། བྷན་དྷ་ཡཱ། དོ་ཥ་ཡཱ། དོ་ཥ་ཡཱ། མོ་ཧ་ཡཱ། མོ་ཧ་ཡཱ། སརྦ་བཛྲ་ན་ནཾ། ཌཀྐི་ནི་ཧྲཱི་ད་ཡ་ཧཱུྃ་ཕཊ྄། ཅེས་བརྗོད་པས། སོ་སོའི་སྲོག་སྙིང་ཕུལ་ནས། ཞིང་ཚལ་བའི་གདན་ལ་བཞུགས་ཏེ། ཤར་གྱི་བརྒྱད་དཀར། ལྷོའི་བརྒྱད་སེར། ནུབ་ཀྱི་བརྒྱད་དམར། བྱང་གི་བརྒྱད་ལྗང་། མཚམས་རྣམས་ཀྱང་ཚུལ་དེ་ལྟར་དུ་བྱའོ། །ཀུན་ཀྱང་ལག་ན་གྲི་གུག་དང་། ཐོད་ཁྲག་ཐོགས་པ། རུས་པའི་རྒྱན་གྱིས་གྲུབ་པའོ། །དེ་ནས་མཆོད་དེ། ཧཱུྃ་བཛྲ་ཌཱཀྐ་ཌཱཀྐི་ནི། པྲ་ཏིཙྪ་ཨེ་མྃ་བྷ་ལིངྟ་ཧཱུྃ་ཕཊ྄་ཁཱ་ཧི། ༀ་སརྦ་བྷུདྡྷ་ཌཱཀྐ་ཌཱཀྐི་ནི། པྲ་ཏིཙྪ་ཨེ་མྃ་བྷ་ལིངྟ་ༀ་ཕཊ྄་ཁཱ་ཧི། དེ་ཤར་གྱི་དགུའོ། །ཏྲཱྃ་སརྦ་རཏྣ་ཌཱཀྐ་ཌཱཀྐི་ནི། པྲ་ཏིཙྪ་ཨེ་མྃ་བྷ་ལིངྟ་ཏྲཱཾ་ཕཊ྄་ཁཱ་ཧི། ལྷོའི་དགུའོ། །ཧྲཱིཿསརྦ་པདྨ་ཌཱཀྐ་ཌཱཀྐི་ནི་ཧྲཱིཿཕཊ྄ཿཔྲ་ཏིཙྪ་ཨེ་མྃ་བྷ་ལིངྟ་ཧྲཱིཿཕཊ྄་ཁཱ་ཧི། ནུབ་ཀྱི་དགུའོ། །ཧ་སརྦ་ཀརྨ་ཌཱཀྐ་ཌཱཀྐི་ནི་པྲ་ཏིཙྪ། ཨེ་མྃ་བྷ་ལིངྟ་ཧ་ཕཊ྄་ཁཱ་ཧི། བྱང་གི་དགུའོ། །འདི་རྣམས་རྒྱས་པར་ན་སོ་སོའི་གྲངས་དང་ཚད་དུ་བཟླའོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལྗགས་ཀྱི་རྩེ་མོ་ལས། བདུད་རྩིའི་ཆར་འཕྲོས་པས། མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ་ཐིམ་པར་བསྒོམ་པ་ནི། ཁ་ཆུའི་དགོངས་པའོ། །གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར་ནས། མཁའ་འགྲོ་མ་རྣམས་ཀྱིས་གསོལ་བར་སྒོམ་པ་ནི་བདུད་རྩིའི་དགོངས་པའོ། །དུག་གསུམ་གྱི་ཤ་ཁྲག་ཏུ་གྱུར་ནས། མཁའ་འགྲོ་མ་རྣམས་ལ་བསྟབ་པ་ནི། དུག་གསུམ་གྱི་དགོངས་པའོ། །དེ་ནས་མཁའ་འགྲོ་མ་རྣམས་ཀྱི་ཅག་གེ་ཉན་པར་བསྒོམ་ཞིང་། རྡོ་རྗེ་དྲིལ་བུ་ཐོགས་ལ་འདི་སྐད་དོ། །ཧཱུྃ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ། །མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ནི། །མངོན་པར་དགའ་བའི་འཇིག་རྟེན་ནས། །རྡོ་རྗེ་ནམ་མཁར་འགྲོ་བ་རྣམས། །ཡི་དྭགས་སྟན་ལ་ཡང་དག་བཞུགས། །དཔའ་བོ་འཇིགས་པའི་གཟུགས་འཛིན་ཏེ། །སྐལ་ལྡན་རང་གི་ལག་ཆར་ལྡན། །གདུག་པའི་སེམས་ཀྱིས་བསྡིག་བྱེད་ཅིང་། །ཤ་ཁྲག་དང་ནི་རྒྱུ་མ་དང་། །རྐང་དང་ཚིལ་བུ་ཟ་སྤྱོད་རྣམས། །ཟ་བར་བྱེད་ཅིང་འདྲེན་པར་བྱེད། །གསོད་པར་བྱེད་ཅིང་ཕྲོག་པར་བྱེད། །ཀུན་ཀྱང་རང་གི་དམ་ཚིག་ལྡན། །ཤར་གྱི་ཕྱོགས་ནས་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཀའི་ཕ་འབབ་འདི་གསོལ་ལ། །བདག་གི་བསམ་པ་ཉེ་བར་བསྒྲུབ། །ལས་བཅོལ་ཕྲིན་ལས་མཛད་དུ་གསོལ། །དཔལ་དང་ལྡན་པའི་འཇིག་རྟེན་ནས། །རྡོ་རྗེ་ནམ་མཁར་འགྲོ་མ་རྣམས། །གཟི་བརྗིད་ཆེ་དང་འབར་བྱེད་མ། །འཛེམ་བྱེད་མ་དང་བོང་བུའི་མགོ། །ཀུན་ཀྱང་རང་གི་དམ་ཚིག་ལྡན། །ལྷོའི་ཕྱོགས་ནས་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བདག་གི་བསམ་པ་ཉེ་བར་བསྒྲུབ། །ལས་བཅོལ་ཕྲིན་ལས་མཛད་དུ་གསོལ། །བདེ་བ་ཅན་གྱི་འཇིག་རྟེན་ནས། །རྡོ་རྗེ་ནམ་མཁར་འགྲོ་མ་རྣམས། །ཆགས་ཆེན་མ་དང་ཆགས་བྲལ་མ། །འཁོར་ལོ་མ་དང་རྒྱས་འདེབས་མ། །ཀུན་ཀྱང་རང་གི་དམ་ཚིག་ལྡན། །ནུབ་ཀྱི་ཕྱོགས་ནས་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཀའི་ཕ་འབབ་འདི་གསོལ་ལ། །བདག་གི་བསམ་པ་ཉེ་བར་བསྒྲུབ། །ལས་བཅོལ་ཕྲིན་ལས་མཛད་དུ་གསོལ། །རྣམ་པར་དག་པོའི་འཇིག་རྟེན་ནས། །རྡོ་རྗེ་ནམ་མཁར་འགྲོ་མ་རྣམས། །སྣ་ཚོགས་ལུས་དང་བསྲུང་བ་མོ། །གནོད་སྦྱིན་མ་དང་ཡང་དག་འཕྲོག །ཀུན་ཀྱང་རང་གི་དམ་ཚིག་ལྡན། །བྱང་གི་ཕྱོགས་ནས་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཀའི་ཕ་འབབ་འདི་གསོལ་ལ། །བདག་གི་བསམ་པ་ཉེ་བར་བསྒྲུབ། །ལས་བཅོལ་ཕྲིན་ལས་མཛད་དུ་གསོལ། །ཤ་ཆེན་སྤུངས་པའི་འཇིག་རྟེན་ནས། །བྱ་རོག་གདོང་ནི་མིག་འཕྲུལ་ཅན། །འཇིགས་པའི་མིག་དང་འཇིགས་པའི་གདུང་། །ཤར་ལྷོ་ནམ་མཁར་འགྲོ་མ་རྣམས། །ལག་པར་གྲི་དང་ཁྲག་གཞོང་ཐོགས། །མཆོག་ཏུ་ཤ་དང་ཁྲག་ལ་དགྱེས། །ཀུན་ཀྱང་རང་གི་དམ་ཚིག་ལྡན། །ཤར་ལྷོའི་མཚམས་ནས་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཀའི་ཕ་འབབ་འདི་གསོལ་ལ། །བདག་གི་བསམ་པ་ཉེ་བར་བསྒྲུབ། །ལས་བཅོལ་ཕྲིན་ལས་མཛད་དུ་གསོལ། །ཀེང་རུས་སྤུངས་པའི་འཇིག་རྟེན་ནས། །བཞད་དང་འུག་པ་གདོང་རིང་མ། །ཁྲོས་པ་ཁྱི་དང་ཕག་གི་གདོང་། །ལྷོ་ནུབ་ནམ་མཁར་འགྲོ་མ་རྣམས། །ལྟོ་འཕྱང་པོ་ལ་བུམ་པ་འཛིན། །ཀུན་ཀྱང་རང་གི་དམ་ཚིག་ལྡན། །ལྷོ་ནུབ་མཚམས་ནས་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཀའི་ཕ་འབབ་འདི་གསོལ་ལ། །བདག་གི་བསམ་པ་ཉེ་བར་བསྒྲུབ། །ལས་བཅོལ་ཕྲིན་ལས་མཛད་དུ་གསོལ། །རཀྟ་ཁྲག་གི་རྦ་ཀློང་ནས། །རྔ་མོང་བོང་བུའི་གདུང་འཛིན་ཏེ། །ཁྲོས་པས་ར་དང་བྱི་ལའི་གདོང་། །ནུབ་བྱང་ནམ་མཁར་འགྲོ་མ་རྣམས། །རྒྱུ་མའི་མགོ་ནས་ཟ་བར་བྱེད། །ཀུན་ཀྱང་རང་གི་ལག་ཆ་ལྡན། །ནུབ་བྱང་མཚམས་ནས་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཀའི་ཕ་འབབ་འདི་གསོལ་ལ། །བདག་གི་བསམ་པ་ཉེ་བར་བསྒྲུབ། །ལས་བཅོལ་ཕྲིན་ལས་མཛད་དུ་གསོལ། །ཐལ་ཆེན་སྤུངས་པའི་འཇིག་རྟེན་ནས། །ཀེང་རུས་དཀར་པོ་འཛིན་པ་སྟེ། །ཁྲོས་པས་རུས་པའི་ཕྲེང་བ་ཀླུབ། །བྱང་ཤར་ནམ་མཁར་འགྲོ་མ་རྣམས། །ཕན་ཚུན་འཐབ་ཅིང་རྩོད་པར་བྱེད། །འཇིགས་བྱེད་དྲག་པོའི་མཆེ་བ་ཅན། །ལྕེ་སྤྱང་གི་ནི་འཁོར་གྱིས་བསྐོར། །ཀུན་ཀྱང་རང་གི་དམ་ཚིག་ལྡན། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཀའི་ཕ་འབབ་འདི་གསོལ་ལ། །བདག་གི་བསམ་པ་ཉེ་བར་བསྒྲུབ། །ལས་བཅོལ་ཕྲིན་ལས་མཛད་དུ་གསོལ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །དཀྱིལ་འཁོར་དེའི་གྲ་བཞི་ནས། །འཇིགས་བྱེད་མཁའ་འགྲོ་བཞི་བྱུང་བ། །ཤར་གྱི་ཕྱོགས་ནས་བྱུང་བ་ནི། །རྡོ་རྗེ་མཁའ་འགྲོ་ཆེན་མོ་སྟེ། །སྲིན་པོ་བུམ་རྣ་གཤེགས་སུ་གསོལ། །འཇིགས་བྱེད་འབུམ་ཕྲག་དགུ་དང་བཅས། །ཀུན་ཀྱང་རང་གི་དམ་ཚིག་ལྡན། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཀའི་ཕ་འབབ་འདི་གསོལ་ལ། །བདག་གི་བསམ་པ་ཉེ་བར་བསྒྲུབ། །ལས་བཅོལ་ཕྲིན་ལས་མཛད་དུ་གསོལ། །ལྷོའི་ཕྱོགས་ནས་བྱུང་བ་ནི། །རིན་ཆེན་མཁའ་འགྲོ་ཆེན་མོ་སྟེ། །རྡོ་རྗེ་དུས་མཚན་གཤེགས་སུ་གསོལ། །འཇིགས་བྱེད་འབུམ་ཕྲག་ལྔ་དང་བཅས། །ཀུན་ཀྱང་རང་གི་དམ་ཚིག་ལྡན། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཀའི་ཕ་འབབ་འདི་གསོལ་ལ། །བདག་གི་བསམ་པ་ཉེ་བར་བསྒྲུབ། །ལས་བཅོལ་ཕྲིན་ལས་མཛད་དུ་གསོལ། །ནུབ་ཀྱི་ཕྱོགས་ནས་བྱུང་བ་ནི། །པདྨ་མཁའ་འགྲོ་ཆེན་མོ་སྟེ། །རྡོ་རྗེ་དུས་ཀྱི་འཁོར་ལོ་ཡང་། །འཇིགས་བྱེད་འབུམ་ཕྲག་གསུམ་དང་བཅས། །ཀུན་ཀྱང་རང་གི་དམ་ཚིག་ལྡན། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཀའི་ཕ་འབབ་འདི་གསོལ་ལ། །བདག་གི་བསམ་པ་ཉེ་བར་བསྒྲུབ། །ལས་བཅོལ་ཕྲིན་ལས་མཛད་དུ་གསོལ། །བྱང་གི་ཕྱོགས་ནས་བྱུང་བ་ནི། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །རྡོ་རྗེ་ལང་ཀ་མགྲིན་བཅུ་ཡང་། །གནོད་སྦྱིན་བྱེ་བ་འབུམ་དང་བཅས། །ཀུན་ཀྱང་རང་གི་དམ་ཚིག་ལྡན། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཀའི་ཕ་འབབ་འདི་གསོལ་ལ། །བདག་གི་བསམ་པ་ཉེ་བར་བསྒྲུབ། །ལས་བཅོལ་ཕྲིན་ལས་གྲུབ་པར་མཛོད། །མཁའ་འགྲོ་ཕོ་མོ་ཁྱེད་རྣམས་ཀྱང་། །སྔོན་ཚེ་བཅོམ་ལྡན་རིགས་ལྔ་ཡིས། །ཕོ་རྣམས་བཏུལ་ཏེ་གདན་དུ་བཏིང་། །མོ་རྣམས་བཏུལ་ཏེ་མཛའ་མོར་བྱས། །སོ་སོའི་དམ་ཚིག་བགོས་པ་བཞིན། །བདག་ཀྱང་རྒྱལ་བའི་བསྟན་བསྲུང་ན། །ལས་བཅོལ་ཕྲིན་ལས་མཛད་དུ་གསོལ། །བར་དུ་གཅོད་པའི་དགྲ་བགེགས་རྣམས། །མྱུར་དུ་སྒྲོལ་ལ་མེད་པར་མཛོད། །བདུད་འདུལ་མཐུ་དང་སྐལ་ལྡན་ཚེ། །མཛོད་ལྡན་ནོར་དང་འཁོར་རྣམས་ཀྱིས། །དངོས་གྲུབ་དམ་པ་སྩལ་དུ་སྩོལ། །ཅེས་མཆོད་པ་བསྐྱལ་ལ། མཁའ་འགྲོ་མ་རྣམས་སོ་སོའི་རིགས་ལ་བསྡུ། ཡི་གེ་བརྒྱ་པ་བརྗོད། དེ་ནས་དཀྱིལ་འཁོར་བསྡུ། སླར་སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད། ལུས་བསྲུང་། གོ་བགོ། སྤྱོད་ལམ་གྱི་བྱ་བ་རྣམས་བྱའོ། །གཏོར་མ་བསྐྱོང་ཐོན་ནས། སྣང་སྲིད་ལྷར་བརླབས་ལ། གཞལ་ཡས་ཁང་ལ་བསྡུ། དེ་སྒོ་བ་ལ་བསྡུ། དེ་ཐུབ་དྲུག་དང་ཀུན་བཟང་ཡབ་ཡུམ་ལ། དེ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ། དེ་རིགས་བཞི་ཡབ་ཡུམ་ལ། དེ་གཙོ་བོ་ལ། དེ་རྡོ་རྗེ་སེམས་དཔའ་ལ། དེ་རྡོ་རྗེ་ལ། དེ་ཧཱུྃ་ལ། དེ་ཞབས་ཀྱུ་ལ། དེ་འ་ལ། དེ་ཧ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་མི་དམིགས་པ་ལ་བཞག་གོ། །དེའི་ངང་ལ་སྔགས་བརྗོད་པས། རང་ཉིད་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ། ཕྱག་མཚན་དང་རྒྱན་མེད་པའོ། །ལུས་བསྲུང་། གོ་བགོ། །།

ཞི་བའི་བསྙེན་པའི་སྐབས་ཛབ྄་བཟླས། བི་ཛ།

༈ ཞི་བའི་བསྙེན་པའི་སྐབས། ལྷ་རྟོག་གཉིས་མེད་དུ་བསྙེན་པ་དང་། མཉམ་རྫོགས་ཀྱི་བསྙེན་པ་གཉིས་ལས། དང་པོ་ལ། གཙོ་བོ་སྐུ་དང་། འཁོར་བརྒྱུད་གཉིས་ཀྱི། དང་པོ། གཙོ་བོ་རྡོ་རྗེ་མི་བསྐྱོད་པ་བསྒོམ་བསྙེན་གྲུབ་ནས། རྣམ་སྣང་དབུས་སུ་བསྒོམ་ཞིང་། མི་བསྐྱོད་པ་རྣམ་སྣང་གི་གདན་ལ་སྒོམས་ཏེ་བསྙེན། དེ་བཞིན་ཡིད་ཆོས་གཉིས་རྫོགས་པར་འགྲེས། ཐུབ་དྲུག་མན་རང་རང་དེར་སྒོམས་ཏེ་བསྙེན་པའོ། །གཉིས་པ་འཁོར་བརྒྱུད་ནི། རང་གི་རྟོག་པ་གང་ཡིན་པ་དེ་ལྷ་དེ་ཉིད་དུ་གསལ་བཞིན་པར་བསླ་བ་ལས་གོ་འཕོ་མི་དགོས། རྣམ་ཤེས་ནམ་མཁའ་སོགས་ཀྱིས་རེ་རེ་ནས་ཛཔ྄་བཟླ་བ་དམིགས་པ་གང་ལའང་འདྲ། གཉིས་པ་མཉམ་རྫོགས་ཀྱི་བསྙེན་པ་ལ། མཉམ་རྫོགས་དང་། མཉམ་རྫོགས་ཆེན་པོ་གཉིས་ཀྱི། དང་པོ། རང་གི་ཐུགས་ཀའི་སྔགས་འཁོར་ལས་སྔགས་འབྲུ་རེ་རེ་ནས་ཆད་གཡས་བསྐོར་དུ་ཡར་བརྒྱུད། རང་གི་ཤངས་ཁུང་གཡས་པ་ནས། ཡུམ་གྱི་ཤངས་ཁུང་གཡོན་ནས་བརྒྱུད། ཐུགས་ཀའི་སྔགས་འཁོར་རྒྱབ་ནས་གཡོན་བསྐོར་དུ་འཁོད། ཡུམ་གྱི་སྔགས་འཁོར་ལས་སྔར་ལྟར་ཆད་པ། ཡུམ་གྱི་ཤངས་ཁུང་གཡས་པ་ནས། རང་གི་ཤངས་ཁུང་གཡོན་དུ་ཞུགས། ཐུགས་ཀའི་སྔགས་འཁོར་རྒྱབ་ནས་གཡས་བསྐོར་དུ་འཁོར་བ་དམིགས་ཏེ། ཡབ་ཡུམ་བསྙེན་པ་སྦྲེལ་ཏེ་བཟླ་བ་ཡིད་ཆོས་གཉིས་ཀྱི་བར་དུ་འགྲེས་སོ། །ཐུབ་དྲུག་རང་རང་གི་ཐུགས་ཀར་བསྐོར། སློབ་ལ་སྔར་ལྟར་རོ། །འདི་ནི་ཉེ་བསྙེན་གྱི་སྐབས་སུ་མངོན། ཡང་ན་གཙོ་བོ་དང་། བསྙེན་བྱའི་ལྷ་གང་ཡིན་གྱི་བར་དུ་སྔགས་འཁོར་བསྐོར་བ་དང་འདམ་ཁ་ཅན་ནོ། །གཉིས་པ་མཉམ་རྫོགས་ཆེན་པོ་ནི། དཀྱིལ་འཁོར་གྱི་ལྷ་ཡབ་ཐམས་ཅད་རྡོར་སེམས་མི་བསྐྱོད་པར་བསྡུ། ཡུམ་ཐམས་ཅད་རྡོ་རྗེ་དབྱིངས་ཕྱུགས་མར་བསྡུ། སྔགས་རྣམས་རིང་སྦྲེལ་ལམ། རིམ་པར་བཟླས་ཏེ། ཡེ་ཤེས་པ་མདུན་མཁར་དཀྱིལ་འཁོར་ཕྱེ་ལ། དེའི་བར་དུ་སྔགས་འཁོར་བསྐོར་ལ་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱ་བ། སྒྲུབ་པའི་སྐབས་སུ་མངོན་ནོ། །འདི་དག་གི་སྐབས་བཟླས་པའི་སྟོང་ཚིག་བྱ་བ། ཀུནབཟང་དང་། སྒེག་མོ་བརྒྱད་ཀྱིས་མཆོད། དེ་བཞིན་གཤེགས་པ་ཀུན་གྱི་བདག །ཡེ་ཤེས་རྒྱ་མཚོ་རབ་ཟབ་ཐུགས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །ནོར་བུ་རིན་ཆེན་ཡོན་ཏན་མཛོད། །རྡོ་རྗེའི་ཡིད་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད། ཧཱུྃ། བདེ་བར་གཤེགས་པ་སོགས་ཀྱིས་དམ་བཅའོ། །གཙོ་བོ་ལ་ལས་རུང་ཙམ་འབུམ་ཕྲག་བཞིའི་མ་མཐར་བཟུང་བས། གཞན་ཕྱེད་ཆའི་རིམ་པས་གྲངས་བཟུང་བའོ། །ཟིན་བྲིས་བཏུ་བ་པོ་བི་ཛའི་མིང་ཅན་ནོ། །མངྒ་ལཾ།། །།

གཏང་རག་མཆོད་བསྟོད། བི་ཛ།

༈ གཏང་རག་གི་མཆོད་བསྟོད་སོགས་ནི། མཆོད་པ་རྣམས་གསོ་བྲན་བགྱིས་ཏེ། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་མཆོད་སྣོད་དབྱིངས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར། མཆོད་རྫས་ཡེ་ཤེས་ལྔ་ཡི་རྣམ་རོལ་འདོད་ཡོན་གྱི་རྣམ་པ་མ་ལུས་པ་སོ་སོའི་ལྷ་མོའི་ཚོགས་དང་བཅས་པ་ནམ་མཁའ་གང་བར་གྱུར། ༀ་བཛྲ་ཨརྒྷཾ་པྲ་ཏིཙྪ་ཨཱཿཧཱུྃ། ༀ་བཛྲ་དྷཱུ་པེ༴ ནས། ཤཔྟ་ཨཱཿཧཱུྃ། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ། ༀ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄། ༀ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ་ཏེ་ཛྭ་བ་ལིངྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཞེས་བརླབས། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ༴ ༀ་བཛྲ་པུཥྤེ་གྲྀཧྞ་ཧཱུྃ། ༀ་བཛྲ་དྷཱུ་པེ་གྲྀཧྞ་ཧཱུྃ། ༀ་བཛྲ་ཨཱ་ལོ་ཀེ་གྲྀཧྞ་ཧཱུྃ། ༀ་བཛྲ་གནྡྷེ་གྲྀཧྞ། ༀ་བཛྲ་ལཱ་སྱེ་ཧཱུྃ། ༀ་བཛྲ་མཱ་ལཱ་ཏྲཱྃ། ༀ་བཛྲ་གིརྟི་ཧྲཱིཿ ༀ་བཛྲ་ནིརྟི་ཨཱ། ༀ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ༀ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ༀ་མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི། ཞེས་མཆོད། དེ་བཞིན་གཤེགས་པ་ཀུན་གྱི་བདག །ཡེ་ཤེས་རྒྱ་མཚོ་རབ་ཟབ་ཐུགས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །ནོར་བུ་རིན་ཆེན་ཡོན་ཏན་མཛོད། །རྡོ་རྗེའི་ཡིད་ལ་ཕྱག་འཚལ་ལོ། །ཞེས་བརྗོད། ཡིག་བརྒྱ་ལན་གསུམ་གྱིས་ནོངས་པ་བཤགས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་རྟེན་འདི་ཉིད་ལ་བརྟན་པར་བཞུགས་སུ་གསོལ། །བཞུགས་ནས་ཀྱང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར། ཟིན་ཉིན། རྡུལ་ཚོན་དང་ཚོམ་བུ་ལ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས་གསོལ་དང་། རལ་བྲིས་ལ། འདིར་ནི་གཟུགས་དང་སོགས་ཀྱིས་བརྟན་བཞུགས་བྱའོ། །ཞེས་པའང་བི་ཛས་བཀོད་པའོ།། །།

སྒྱུ་འཕྲུལ་དྲྭ་བ་ཞི་བའི་དཀྱིལ་འཁོར་གྱི་ཆོ་ག་འོད་ཟེར་བརྒྱ་པ། བི་ཛ།

སྒྱུ་འཕྲུལ་དྲྭ་བ་ཞི་བའི་དཀྱིལ་འཁོར་གྱི་ཆོ་ག་འོད་ཟེར་བརྒྱ་པ་བཞུགས་སོ། །བླ་མ་དང་དབྱེར་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དངོས་ཀུན་ཆོས་ཉིད་གཅིག་ཏུ་འཁྱིལ་པ་ཡི། །གཙོ་འཁོར་སྒྱུ་འཕྲུལ་དྲྭ་བར་ཡོངས་ཤར་བཞིན། །འཁོར་འདས་ཆོས་ཀུན་ལེགས་ཟླུམ་དཀྱིལ་འཁོར་ཆེར། །འཇུག་པའི་སྲོལ་སྣང་འོད་ཟེར་བརྒྱ་པ་སྤྲོ། །དེ་ལ་སྒྱུ་འཕྲུལ་ཞི་བའི་དཀྱིལ་འཁོར་བཞེངས་ཤིང་། མོས་སློབ་ཀྱི་དབང་དང་སྒྲུབ་མཆོད་ལ་འཇུག་པའི་ཉེར་མཁོ་སྟབས་བདེར་འགོད་པ་ལ། སྦྱོར་བ་དང་། དངོས་གཞི་དང་། མཇུག་གི་བྱ་བ་དང་གསུམ་གྱི། སྦྱོར་བ་ལ། བསྙེན་པའི་ཆོ་ག་དང་། གཞི་བཟུང་བ་དང་། སའི་ཆོ་ག་དང་། སྟ་གོན་གྱི་ཆོ་གའོ། །དང་པོ་ནི། གྲངས་བསྙེན་རྒྱས་འབྲིང་བསྡུས་པ་གང་རུང་སྔོན་དུ་སོང་བས། ཁྱད་པར་གྱི་ཆེད་དུ་བསྙེན་པ་ཁ་གསོ་ལ་འཇུག །གཉིས་པ་ལས་ཀྱི་གཞི་བཟུང་བ་ནི། སྟོན་པ་རྡོ་རྗེ་སློབ་དཔོན་སོགས་གནས་དུས་ཡོ་བྱད་འཛོམས་པའི་དམ་ཚིག་དང་ལྡན་པ་གཙོར་བོར་འདུས་པའོ། །གསུམ་པ་སའི་ཆོ་ག་ལ། ཐོག་མར་སྔར་གྱི་སྒྲུབ་གནས་བྱིན་ལྡན་ནམ། གསར་དུ་བརྟག་པ་ལེགས་པར་ས་ཡི་དངོས་གྲུབ་བླང་བའི་ཕྱིར། དཀྱིལ་འཁོར་བསྒོམ་པར་འདོད་དོན་གསོལ་ཏེ་ནམ་མཁར་བཏེག །ས་བདག་བརྟན་མ་ལ་བསླང་བའི་ཕྱིར། མཎྜལ་ལ་དྲི་བཟང་གི་ཐིག་ལེ་མེ་ཏོག་གི་ཚོམ་བུ་བཀོད་པའི་མཐར། མཆོད་ཡོན་དང་། བཞི་བསྣོལ་སྐོར་མཆོད་གཏོར། གསེར་སྐྱེམས་བཤམས་ཏེ། རྟོག་བྲལ་གྱི་ངང་ལས། ཧཱུྃ་བིགྷྣཱཾནྟ་ཀྲྀཏ་ཕཊ྄། རང་ཉིད་སྐད་ཅིག་གིས་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་སེར་ཞལ་གཅིག་ཕྱག་གཉིས་པ། གཡས་སྣ་ཚོགས་རྡོ་རྗེ་འཕྱར་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ་ཁྲོ་བོའི་ཆོས་ཅན་ཡུམ་དང་བཅས་པའི་སྐུར་གྱུར། མཆོད་གཏོར་གསེར་སྐྱེམས་རྣམས། རྃ་ཡྃ་ཁྃ་གིས་སྦྱངས། ༀ་ཨཱཿཧཱུྃ་གིས་འདོད་ཡོན་བདུད་རྩིའི་ཕུང་པོར་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀ་ནས་ལྃ་ཡིག་སེར་པོ་ཞིག་ཆད་པ་མཎྜལ་གྱི་དབུས་སུ་གནས་པ་ལས་སའི་ལྷ་མོ་གསེར་གྱི་མདོག་ཅན་ཞི་ཞིང་འཛུམ་པ་དར་དང་རིན་པོ་ཆེས་བརྒྱན་པ། གཡས་གསེར་གྱི་བུམ་པ་དང་། གཡོན་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། ཕག་གི་ཁྲི་ལ་བཞུགས་ཤིང་འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ་བར་བསམ་ལ། རྣམ་སྣང་བདག་པོར་གྱུར་པའི་རིགས་ལྔས་དབུ་རྒྱན། སྐུ་གསུང་ཐུགས་བྱིན་གྱིས་བརླབས། བཛྲ་ས་མ་ཡ་ཧཱུྃ་ཛ༔ ཞེས་པས་སྙན་བརྣན་ལ། དོན་དམ་གསེར་གྱི་ས་ལ་མངའ་མཛད་པའི། །རིན་ཆེན་མཛེས་པའི་ཕོ་བྲང་ཡིད་འོང་བརྡལ། །ཉི་ཟླ་སྐར་མ་དག་གིས་རབ་བརྒྱན་ཏེ། །ཡིད་དུ་འོང་བའི་ཕོ་བྲང་དབུས་ན་བཞུགས། །མེ་ཏོག་དབུས་ཀྱི་ས་ལ་མངའ་མཛད་དེ། །དབུས་ཀྱི་ས་བདག་ལྷ་མོ་སངས་རྒྱས་སྤྱན། །སྐུ་མདོག་བཙོ་མ་རིན་ཆེན་གསེར་གྱི་མདོག །ཕྱག་གཡས་རིན་ཆེན་གསེར་གྱི་བུམ་པ་བསྣམས། །ཕྱག་གཡོན་མཆོག་སྦྱིན་ཕྱག་རྒྱ་སྟོན་མཛད་པའི། །དབུས་ཀྱི་ལྷ་མོ་འཁོར་དང་བཅས་པ་རྣམས། །བདུད་རྩི་མཆོད་སྦྱིན་མགྲོན་དུ་སྤྱན་འདྲེན་ན། །བྱམས་ཐུགས་བརྩེ་ཕྱིར་གནས་འདིར་གཤེགས་སུ་གསོལ། །ༀ་ཨེ་ཧྱ་ཧི་བ་སུ་དྷཱ་རི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ལག་རྒྱབ་སྤྲད་མཐེའུ་ཆུང་སྦྲེལ་བའི་རྒྱས། སྤྱན་དྲངས་ཏེ། ཛཿཧཱུྃ་བྃ་ཧོས་གཉིས་མེད་དུ་བསྟིམ། ཀུན་བཟང་། ཞབས་བསིལ་བཞི་བསྣོལ་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་དང་། ༀ་བ་སུ་དྷཱ་རཱི་ས་པཱ་རི་ཝ་ར་ཨི་དཾ་སོགས་བཏགས་པས་གཏོར་མ་ཕུལ། ལྷ་མོ་ཆེན་མོ་ས་འཛིན་འཇིག་རྟེན་སྐྱོང་། །གསེར་མདོག་ཕྱག་ན་གསེར་གྱི་བུམ་པ་བསྣམས། །འཇའ་ཚོན་འོད་ལྡན་ཕག་གི་ཁྲི་ལ་བཞུགས། །དེ་ལ་ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །གྱིས་བསྟོད། ༀ་པྲ་ཏི་བྷྱཿསྭཱ་ཧཱ། བརྒྱ་རྩ་བཟླས། འདོད་དོན་སྩོལ་བ་ལ་དགྱེས་མདངས་ཕྱུང་བར་བསམ། འཁོར་གྱི་ས་བདག་མཆོད་པ་ནི། སྔར་བཞིན་མཆོད་གཏོར་རྣམས་བརླབ་ལ། སྠཱ་ན་པ་ཏི་ཀྵེ་ཏྲ་པཱ་ལ་ས་པཱ་རི་ཝ་ར་ཨེ་ཧྱ་ཧི་ཞེས་སྤྱན་དྲངས། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་ཕུལ་ལ། ས་བདག་ལྷ་ཀླུ་འཁོར་དང་བཅས། །གཏོར་མ་དམ་པ་འདི་བཞེས་ལ། །བདག་གི་སྒྲུབ་པ་མ་ཐོན་པར། །ཁྱེད་ལ་གནས་འདི་བདག་གཡར་གྱིས། །ཅི་བདེ་བར་ནི་གཞན་དུ་སོང་། །ཞེས་གསེར་སྐྱེམས་བཅས་མཆོད། ཡ་ཧི་གཙྪས་རང་གནས་སུ་གཤེགས། ལྷ་མོ་དཔང་གསོལ་བ་ནི། ས་ཡི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་བས་དགེ་བའི་སྟོབས་དང་དཔང་མཛད་དུ་གསོལ་ཞེས་གསོལ་ཏེ། འདེགས་པའི་རྒྱས། བེ་གཱ་ཀྲ་མ་ཡཾ། ལྷ་མོ་ནམ་མཁའ་ལ་དཔུང་དུ་བཞུགས་པར་བསམ། བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་པས་དཔང་པོའི་ལྷ་ནམ་མཁའ་གང་བ་སྤྱན་དྲངས། ཧཱུྃ་བཞིས་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་བསྡུས་ནས་བདག་ལ་ཐིམ་པས། བདག་ལུས་འོད་ཀྱི་གོང་བུར་བསམ་ལ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ྄། ཞེས་བརྗོད་པས་རང་ཉིད་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ། མི་བཟད་པའི་ཁྲོ་བོ་འབར་བའི་སྡང་མིག་གིས་བགེགས་ལ་བལྟ་བ། རྐང་མཐིལ་དང་སྙིང་ཁར་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་མེ་རབ་ཏུ་འབར་བར་བསམ་ཞིང་། བདེན་སྟོབས་སྔོན་དུ་འགྲོ་བས། ས་ཡི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་བས། གང་སུ་ཡང་རུང་བའི་འབྱུང་པོ་གདུག་པ་ཅན་གཡོག་དང་འཁོར་དུ་བཅས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་བརྗོད། མཚམས་རྔམས་དང་བཅས། གུ་གུལ་བདུག །ཡུངས་ཐུན་བྲབ། སུམྦྷ་བཟླ་བས་རྡོ་རྗེ་གསོལ་དྲིལ་བུ་དཀྲོལ་ཏེ་རྡོ་རྗེའི་འགྲོས་ཀྱིས་བསྐོར་ཏེ་བགེགས་བསྐྲད། ཧཱུྃ་ཞེས་ཁྲོ་བོ་རྣམས་སླར་འདུས་ནས་བསྲུང་བའི་གུར་ཁང་སྣ་ཚོགས་རྡོ་རྗེ་མེ་རབ་ཏུ་འབར་བ་དང་བཅས་པས་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་བསམ་ལ། ས་ཡི་དབུས་སུ་འདུག་སྟེ། ལག་གཡས་ཀྱི་མཐེའུ་ཆུང་མནན་པ་ཏྲི་ཤུལ་རྒྱས། ཇི་ལྟར་ཆེ་མཆོག་རྡོ་རྗེ་ཡིས། །དཔུང་བཞི་བདུད་ཀྱི་སྡེ་བཏུལ་ནས། །རྒྱལ་སྲིད་ཆོས་ཀྱི་དཔང་བཙུགས་པ། །དེ་བཞིན་དུ་ནི་བདག་གིས་ཀྱང་། །ངེས་པར་བྱ་ཕྱིར་དཀྱིལ་འཁོར་བྲི། །ས་ཡི་དངོས་གྲུབ་སྩལ་དུ་གསོལ། །ༀ་རཏྣ་པཱ་ཤཾ་སིདྡྷི་ཀུ་རུ་ས་མ་ཡ་སྟྭཾ། ལྷ་མོ་འཛུམ་པའི་མདངས་ཀྱིས་འོད་དུ་ཞུ་ནས་ས་གཞི་ལ་ཐིམ་པས་ས་གཞི་རིན་པོ་ཆེའི་རང་བཞིན་ཡེ་ཤེས་ལྔའི་ངོ་བོར་གྱུར་པར་བསམ་པས་བསླང་བའི་རིམ་པའོ། །ཟངས་སམ་དམར་པོའི་ཤིང་ལས་ཕུར་བུ་རྩེ་མོ་ཟླ་གམ་བྱས་པ་སྣོད་འབྲས་བུ་གང་བ་སོགས་སུ་བཙུགས་ཏེ་བཞག །ༀ་པདྨ་ཀཱི་ལི་ཀཱི་ལ་ཡ་ཕཊ྄་ཛཿ སྙིང་ཁའི་ཧཱུྃ་ལས་བྱུང་བའི་པདྨ་ཧེ་རུ་ཀ་དམར་པོ་ཞལ་གཅིག་ཕྱག་བཞི་པ་དང་པོ་གཉིས་ཀྱིས་པདྨ་དང་ཞགས་པ། འོག་མ་གཉིས་ཕུར་བུ་སྒྲིལ་བ། སྨད་ཕུར་བུ་ཟླ་གམ་རབ་ཏུ་འབར་བའི་རྩེ་མོ་ཅན་དུ་ཕྱུངས་པས་བཀོད་པའི་ཕུར་བུ་དང་དབྱེར་མེད་གྱུར་པ་ལ། ཀཱ་ཡ་བཛྲ་སོགས་ཀྱི་བྱིན་གྱིས་བརླབས་ཏེ་གཟི་བྱིན་ལྡན་པ་ཉིད། ༀ་པདྨ་ཀཱི་ལི་ཀཱི་ལ་ཡ་ཝ་ཤཾ་ས་མ་ཡེ་ཧཱུྃ། ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་དཀྱིལ་འཁོར་གྱི་གཞི་ལ་བཏབ། ཕུར་བུ་ལས་བྱུང་བའི་འོད་ཀྱིས་ས་གཞི་ཐམས་ཅད་ཁྱབ། བདག་གི་དབང་དུ་གྱུར་པར་བསམ་སྟེ་བཟུང་བའོ། །རང་གི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུྃ་མཐིང་ཀ་རེ་རེས་མཚན་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པར་གྱུར། ༀ་བཛྲ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ྄། ཞེས་ལན་གསུམ་བརྗོད་ཅིང་བསྣུན་པས། རྡོ་རྗེ་དང་ཧཱུྃ་གི་འོད་ཀྱིས་སའི་ཉེས་སྐྱོན་ཐམས་ཅད་སྦྱངས་ནས་ཡེ་ཤེས་རང་སྣང་གི་གཞིར་གྱུར་པར་བསམ་སྟེ། སྔགས་དང་ཕྱག་རྒྱས་སྦྱངས་པའོ། །ས་དང་སར་འཛིན་གྱི་འཁྲུལ་རྟོག་ཐམས་ཅད་སྟོང་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་སུ་རྣམ་པར་གྱུར། ༀ་མ་ཧཱ་ཤུ་ནྱ་ཐ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ཏིང་འཛིན་དམིགས་མེད་ཀྱིས་སྦྱངས། ཧཱུྃ་རང་ཉིད་སྐད་ཅིག་གི་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་ཡིག་མཐིང་ནག་འབར་བས་མཚན་པར་གྱུར། དེ་ལས་ཨེ་ཡཾ་བཾ་ལཾ་རཾ་རྣམས་འོག་ཏུ་ཆད་པ་ལས་འབྱུང་ལྔ་རིམ་བརྩེགས་ཀྱི་སྟེང་དུ་བྷྲཱུྃ་ཡིག་འབར་བར་གྱུར། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་བཛྲ་ཙཀྲ། ཡེ་ཤེས་རིན་པོ་ཆེ་འབར་བའི་དཀྱིལ་འཁོར་ཇི་ལྟར་འབྱུང་བར་འགྱུར་བ་བཞིན་དུ་བཀྲ་ལམ་གྱིས་གསལ་བར་བསམ་ལ། དམིགས་བཅས་ཀྱིས་སྦྱངས་པའོ། །བྱིན་གྱིས་བརླབ་པའི་ཕྱིར། བདག་ཉིད་གཙོ་བོ་ཡབ་ཡུམ་དུ་གནས་པ་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་སྤྲིན་ལས་འཁོར་གྱི་ལྷ་རྣམས་དང་ཡན་ལག་གི་ལྷ་དང་བཅས་གསལ་བའི། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་དཀྱིལ་འཁོར་པ་དང་བཅས་པའི་དུས་གསུམ་གྱི་མགོནཔོ་སྲས་དང་བཅས་པ་ཐམས་ཅད་མཁའ་ཁྱབ་ཏུ་སད་པར་བསམ་ཞིང་། བཛྲ་ས་མཱ་ཛཿས་སྙན་གསན་དབབ། ཨེ་ཧྱ་ཧིས་སྤྱན་དྲངས། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད་ཅིང་བསྟོད་པར་བྱའོ། །ཕྱོགས་བཞིར་གནས་པའི་སློབ་མ། ལྃ་དྭེ་ཥ་ར་ཏི། མཱྃ་མོ་ཧ་ར་ཏི། པྱྃ་ར་ག་ར་ཏི། ཏཱྃ་བཛྲ་ར་ཏི། ཞེས་ཡུམ་བཞིར་བསྐྱེད། བསྐུར། རློབ། དབབ། དྲང་། བསྟིམ། བརྟན་པར་བྱས་ནས། དེ་ནམས་ཀྱིས་གཙོ་བོ་ལ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད་པ་སྔོན་དུ་འགྲོ་བས། ཤར་ནས། ཞི་བའི་ཡེ་ཤེས་རང་སྣང་བའི། །རྒྱན་རྣམས་ཀུན་གྱིས་རབ་མཛེས་པ། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ལྷོ་ནས། ཡོན་ཏན་རིན་ཆེན་འབྱུང་བའི་གཙོ། །མ་ལུས་ཀུན་གྱི་རེ་བསྐོང་བ། །སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ནུབ་ནས། རང་བཞིན་དག་པས་གོས་པ་མེད། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །སངས་རྒྱས་ཀུན་གྱི་གསུང་གི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །བྱང་ནས། བསམ་པ་ཐམས་ཅད་ཡོངས་རྫོགས་པས། །ཐམས་ཅད་སྒྲོལ་བའི་དེད་དཔོན་མཆོག །སངས་རྒྱས་ཀུན་གྱི་ཕྲིན་ལས་བདག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ཐམས་ཅད་ཀྱིས་ཐུན་མོང་དུ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །ཞེས་གསོལ་བ་གདབ། བཞི་མེད་ན། གཅིག་གིས་ཀྱང་ཕྱོགས་དེ་དག་ཏུ་སོང་ནས་བྱའོ། །དེའང་མེད་ན་བསྒོམ་པས་རུང་ངོ་། །སློབ་དཔོན་གྱིས་རྡོར་དྲིལ་བཅས། ཕྱོགས་བཅུ་མ་ལུས་དུས་གསུམ་གྱི། །རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དཀྱིལ་འཁོར་ཆེན་པོ་བདག་བགྱིད་པས། །བདག་ཅག་རྗེས་སུ་བཟུང་བའི་ཕྱིར། །ས་འདི་ཤིས་པར་བྱིན་རླབས་པ། །བདེ་བར་གཤེགས་པས་མཛད་དུ་གསོལ། །ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་བསྐུལ་ལ། ཧཱུྃ་བཞིས་བྱིན་བསྡུས་ཏེ་རང་ལ་བསྟིམ། སྙིང་རྗེ་ཆེན་པོའི་ཤུགས་ཀྱིས། རང་ཉིད་ཞེ་སྡང་རྡོ་རྗེ་འཇིགས་ཤིང་རྔམས་པ་མི་བཟད་པའི་ཁྲོ་བོའི་སྤྲིན་སྤྲོ་བའི་སྐུར་གྱུར་པའི་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ། མིག་འབྲས་ཧཱུྃ་ལས་བསྐལ་པའི་མེ་འབར་བས་ཀུན་ཏུ་བལྟ་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་མི་ཕྱེད་པའི་ང་རྒྱལ་དང་ལྡན་པས། ཧཱུྃ་རྡོ་རྗེ་འཛིན་པ་ཉི་མ་དང་། །ཆོས་དང་རྟ་མཆོག་སྣང་མཛད་པའི། །བདག་ཉིད་ཆེན་པོ་ང་ཉིད་ཡིན། །ཐམས་ཅད་བཀའ་ལས་དེང་མ་འདའ། །ཐུགས་ཀའི་ཧཱུྃ་ལས་ཁྲོ་བོའི་སྤྲིན་མི་བཟད་པར་སྤྲོ་ཞིང་རྐང་མཐིལ་གཉིས་སུ་ཧཱུྃ་ལས་འབར་བའི་རྡོ་རྗེ་རེ་རེས་མཚན་པར་བསམ་ལ། རྡོ་རྗེ་གསོར། དྲིལ་བུ་དཀྲོལ། ཧཱུྃ་བཞི་པའི་སྔགས་བཟླ་བས་དབང་ལྡན་ནས་བརྩམས་ཏེ་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་ལ་གཡས་སུ་བསྐོར། དཀྱིལ་འཁོར་གྱི་གཞི་ཅིས་ཀྱང་མི་ཤིགས་པ་རྡོ་རྗེའི་རང་བཞིན་དུ་བརྟན་པར་བསམ། སྲུང་བ་ནི། མིག་ལ་སོགས་པ་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས། རྡོ་རྗེའི་ས་གཞི། ར་བ། དྲྭ་བ། གུར་བླ་རེ་ཕྱི་རོལ་བསྐལ་པའི་མེ་དཔུང་རབ་ཏུ་འབར་བའི་དབུས་སུ་བྷྲཱུྃ་ལས་བྱུང་བའི་འཁོར་ལོ་སེར་པོ་རྩིབས་བརྒྱད་ལ་སོགས་དང་། རྩ་རྩེ་སྟེང་འོག་ཏུ་ཕྱོགས་ཤིང་རྣོ་བའི་དཔལ་དང་ལྡན་པ། ལྟེ་བ་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་སུ་བདག་ཉིད་ཞེ་སྡང་རྡོ་རྗེར་གནས་པའི་ཐུགས་ཀའི་ཧཱུྃ་ལས་མ་བཅུ་འཕྲོས་པ་རྩིབ་ནང་རྣམས་སུ་ཉི་གདན་བཅུར་གྱུར། སླར་ཡང་ཐུགས་ཀ་ནས་ཁྲོ་བོ་འདོད་པའི་རྒྱལ་པོ་འཕྲོས། ཕྱོགས་བཅུའི་བགེགས་རྣམས་བཀུག །ཉི་གདན་རྣམས་ཀྱི་སྟེང་དུ་མྱོས་ཤིང་འགྱེལ་སྟབས་སུ་འཁོད་པར་བསམ། ཧཱུྃ་བཞི་པའི་སྔགས་བརྗོད། སླར་ཡང་ཐུགས་ཀ་ནས་ཁྲོ་བོ་བཅུ་ཕྱུངས་ཏེ། མདུན་དུ་བཀོད་པའི་ཕུར་པ་རྣམས་དང་གཉིས་སུ་མེད་པར་གྱུར་པ་ནི་སྟོད་ཁྲོ་བོའི་གཟུགས་ཅན། སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར། ཁྲོ་བཅུའི་སྔགས་ནི། རྐང་གཡས་ཀྱི་གཡོན་བསྐོར་བྱས་ནས་སྟེང་དུ། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ྄ཿ ཤར། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ལྷོ། ༀ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ྄། ནུབ། ༀ་བཛྲ་ཀྲོ་དྷ་ཧྱ་གྲྀ་ཝ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄ཿ བྱང་། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུནྜ་ལི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄ཿ ལྔར་གཡས་བསྐོར་གྱིས་གདབ་ཚུལ། རྐང་གཡོན་གཡས་བསྐོར་གྱིས། བྱང་ཤར། ༀ་བཛྲ་ཀྲོ་དྷ་ཏྲེ་ལོ་ཀྱ་བྷི་ཛ་ཡ་ཧཱུྃ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ྄ཿ ནུབ་བྱང་། ༀ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄ཿ ལྷོ་ནུབ། ༀ་བཛྲ་ཀྲོ་དྷ་ཨརྱ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄ཿ ཤར་ལྷོ། ༀ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ྄ཿ འོག་ཕྱོགས་ལ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བྷཱ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄ཿ སྔགས་ཐམས་ཅད་ཀྱི་མཐར། ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚན་ཧཱུྃ་ཕཊ྄ཿ ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་ཝ་བྃ་ཧཱུྃ་ཕཊ྄ཿ ཧཱུྃ་ཧཱུྃ་ཧཱུྃཿ བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨ་ཛྙཱ་པ་ཡ་ཏི་སརྦ་བིགྣཱཾ་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ྄ཿ ཅེས་གདབ། ཁྲོ་བོ་རྣམས་ཕྱོགས་བཅུའི་བགེགས་ལ་ཕུར་བུའི་ཚུར་དུ་བཏབ་པས་དེ་རྣམས་ཀྱི་ལུས་ཕུག་སྟེ་གཡོ་འགུལ་མེད་ཅིང་འོད་གསལ་བར་བསམ་ལ། ཕྱོགས་གཡས་བསྐོར་དང་། མཚམས་གཡོན་སྐོར། སྟེང་གི་ཕུར་བུ་ཤར། འོག་གི་ཕུར་བུ་ནུབ་ཏུ་གདབ་པར་བྱའོ། །དེ་ནས་རིམ་པ་བརྒྱད་ཀྱི་བསྲུང་འཁོར་སྒྲུབ་ཐབས་ལས་ཤེས་ཤིང་། དེ་དག་ཀྱང་དམིགས་མེད་ཁྱབ་བརྡལ་ཆེན་པོར་འཇོག་གོ། །བཞི་པ་སྟ་གོན་ནམ། ལྷག་གནས་ཀྱི་ཆོ་ག་ལ། རྩ་བའི་དཀྱིལ་འཁོར་གྱི་བྱང་ཤར་དུ་ཁྲུ་དོ་པའི་མཎྜལ་དྲིས་བྱུགས་ལ། སྣ་ཚོགས་པདྨ་འདབ་བརྒྱད་རྡོ་རྗེའི་རྭ་བ་དང་བཅས་པ་བྲི། དབུས་སུ་ལས་བུམ་ཆས་ལྡན་རྒྱ་གྲམ་གྱི་མཚན་མ་ཅན་བཀོད། ཤར་དུ་ཡི་དམ་གྱི་ཐིག་སྐུད་གཉིས། ལྷོར་རྡོ་རྗེ། ནུབ་ཏུ་ཐོད་ཆུ་བདུད་རྩི་ལྔ་ལྡན། བྱང་དུ་དྲིལ་བུ། དབུས་དང་མཚམས་ཀྱི་པད་འདབ་བཞི་ལ་ཚན་སྣ་ལྔ་མདོག་རིགས་སྡེབས་པ་དཔའ་བོ་འབྲུ་ལྔ་བྲིས་ཏེ་བཀོད། མཐར་མཆོད་གཏོར་སྤྱི་ལྟར་བཤམས། དང་པོ། བདག་གི་རྣལ་འབྱོར་བཟླས་པའི་མཐར་ཐུག་པ་སྔོན་དུ་འགྲོ་བས། ལས་བུམ། བསངས། སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཉི་མའི་གདན་ལ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ཧཱུྃ་བིགྷྣཱནྟ་ཀྲྀཏ་ཕཊ྄། ཅེས་བརྗོད་པས་ཁྲོ་བོ་མི་འཆི་ཐབ་སྦྱོར་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པའི་སྐུར་གྱུར་པར་བསམ་ལ། ལས་རིགས་བདག་པོར་བྱས་ཏེ་དབང་བསྐུར། བྱིན་རླབས། བཛྲ་ས་མ་ཛཿས་སྙན་གསན་དབབ། ཨེ་ཧྱ་ཧིས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོས་གཉིས་མེད་དུ་བསྟིམ། ཀཱ་ཡ་ཝཀྐ་ཙིཏྟ་གྱིས་བརྟན་པར་བྱས། ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། རྡོ་རྗེ་རྩེ་གཅིག་པའི་རྒྱས་ལས་བུམ་ལ་རེག་སྟེ། ཧཱུྃ་བིགྷྣཱནྟ་ཀྲྀཏ་ཕཊ྄། ཅེས་བརྒྱ་རྩ་བརྒྱད་བཟླས་པའི་མཐར། ལྷ་འོད་དུ་ཞུ་ནས་ཡེ་ཤཻས་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་པར་བསམ་ཞིང་། བུམ་ཆུ་འཐོར་ལ། ༀ་སྭ་བྷཱ་ཝ་བི་ཤུདྡྷ་དྷརྨ་ཏཱེ་བཛྲ་སིདྡྷི་ཧཱུྃ། བདག་གནས་ཡོ་བྱད་ཐམས་ཅད་ལ་གཏོར་བས་ཉེས་སྐྱོན་དག་པར་བསམ་མོ། ཐིག་གི་ལྷག་གནས་ནི། བསངས། སྦྱངས། སྟོང་པའི་ངང་ལས་ཉི་ཟླའི་གདན་ལྔའི་སྟེང་དུ་རང་གི་ཐུགས་ཀ་ནས་ཧཱུྃ་ༀ་སྭཱ་ཨྃ་ཧཱ་འཕྲོས། ཡེ་ཤེས་ཀྱི་ཐིག་སྐུད་ལ་ཐིམ་པས་དཔའ་བོ་འབྲུ་ལྔར་གྱུར། སླར་ཡང་ཉི་ཟླའི་གདན་གསུམ་གྱི་སྟེང་དུ་ཐུགས་ཀ་ནས་ༀ་ཨཱཿཧཱུྃ་འཕྲོས། དམ་ཚིག་གི་ཐིག་སྐུད་ལ་ཐིམ་པས་ཡི་གེ་གསུམ་དུ་གྱུར་པར་བསམ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ཀུན་བཟང་སོགས་ཀྱིས་མཆོད། རང་གི་མིག་གཉིས་ཛ་ཡིག་ལས་སྐྱེས་པའི་ཉི་ཟླར་བསམ་ལ། ༀ་དི་སྟ་དྲྀཥྚ་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་བརྗོད་ཅིང་རྗེས་བསྐྱོད་པ། འབར་བའི་བལྟ་སྟངས་ཀྱིས་བསྐུལ་བས་ནམ་མཁའི་དེ་བཞིན་གཤེགས་པ་རྣམས་སྦྱོར་བ་མཛད་པར་མོས་ཏེ། ༀ་མ་ཧཱ་ཤུ་ནྱ་ཏ་སོགས་ཡེ་ཤེས་ལྔ་ཡི་སྔགས་རྣམས་བརྗོད་པས། དེ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་ཁ་དོག་ལྔར་བྱུང་། ཡེ་ཤེས་ཀྱི་ཐིག་སྐུད་སོ་སོ་ལ་ཐིམ་པས་དེ་ཉིད་ཡེ་ཤེས་ལྔའི་ངོ་བོར་གྱུར་པར་བསམ་སྟེ། འབྲུ་ལྔ་བརྗོད་བཞིན། དང་པོ་ལྔ་ཚན་སྒྲིལ། དེ་ནས་གཅིག་ཏུ་སྒྲིལ། དེ་བཞིན་དུ་ཀཱ་ཡ་བཛྲ་སོགས་སྐུ་གསུང་ཐུགས་ཀྱི་སྔགས་གསུམ་བརྗོད་པས། ནམ་མཁའི་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་གསུམ་ནས་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་འོད་ཟེར་དཀར་དམར་མཐིང་གསུམ་དུ་བྱུང་། དམ་ཚིག་གི་ཐིག་སྐུད་སོ་སོ་ལ་ཐིམ་པས་དེ་ཉིད་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པར་བསམ་ཞིང་། འབྲུ་གསུམ་བརྗོད་བཞིན་དུ་གསུམ་ཚན་རེ་རེ་ནས་དང་། ལྷན་ཅིག་སྒྲིལ། རྡོ་རྗེ་དྲིལ་བུའི་རབ་གནས་ནི། བསངས། སྦྱངས། སྟོང་པའི་ངང་ལས་རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ལ་ཀུན་ཏུ་བཟང་པོ། ཡར་གྱི་རྭ་ལྔ་ལ་རིགས་ཀྱི་ཡབ་ལྔ། མར་གྱི་རྭ་ལྔ་ལ་རིགས་ཀྱི་ཡུམ་ལྔ། ཡས་མས་ཀྱི་པདྨའི་འདབ་མ་བརྒྱད་ལ་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད། དྲིལ་བུའི་སྟེ་བ་དང་པདྨའི་འདབ་མ་བརྒྱད་ཀྱི་ཕྱོགས་བཞིར་རིགས་ཀྱི་ཡུམ་བཞི། མཚམས་བཞིར་གསང་བའི་ཡུམ་བཞི། ཞལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། རྩེ་མོའི་རྡོ་རྗེ་རིགས་ཀྱི་ཡབ་ལྔ་རྣམས་ཀྱི་སྐུར་གསལ་བར། བསྐུར། རློབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། ཧཱུྃ་ཨཱ་ཞེས་པས་ལྷ་རྣམས་འོད་དུ་ཞུ། བཛྲ་གཎྜ་ཞེས། རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། དྲིལ་བུ་ཤེས་རབ་ཀྱི་རབ་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ་དང་། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ཏེ། ཧཱུྃ། རྡོ་རྗེ་དྲིལ་བུ་རིག་པ་འཛིན། །ཐབས་དང་ཤེས་རབ་གཉིས་མེད་པའི། །འཁོར་དང་མྱ་ངན་འདས་པ་ཡི། །ཆོས་ལ་དེ་བཞིན་དབང་སྒྱུར་ཤོག །ཅེས་རྡོ་རྗེ་གསོལ། དྲིལ་བུ་དཀྲོལ་བར་བྱའོ། །ཐོད་ཆུའི་རབ་གནས་ནི། བསངས། སྦྱངས། སྟོང་པའི་ངང་ལས་དམ་རྫས་ཀྱི་སྟེང་དུ། ཧཱུྃ་ༀ་སྭཱ་ཨཱྃ་ཧཱ་ལས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དེ་བཞིན་གཤེགས་པ་ལྔ་རེ་རེ་ཡང་རིགས་ལྔའི་རང་བཞིན་དུ་འཆར་བར་བསམ་ལ། བསྐུར། རློབ། དབབ། དྲངས། བསྟིམ། བརྟན། མཆོད་ནས། འབྲུ་ལྔ་བརྒྱ་རྩ་སོགས་བཟླས་པའི་མཐར། ཧཱུྃ་ཞེས་པས་ཡེ་ཤེས་ཀྱི་བདུད་རྩིར་འཁྱིལ་བར་བསམ། ཚོན་ལྷག་གནས་ནི། བསངས། སྦྱངས། སྟོང་པའི་ངང་ལས་ཚོན་སྣ་ལྔའི་སྟེང་དུ། ཧཱུྃ་ཨཱོཾ་སྭཱ་ཨཱྃ་ཧཱ། མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་རྣམས་གནས་པར་གྱུར། སྥ་ར༴ སཾ་ཧ༴ འཕྲོས་འདུས། སོ་སོའི་ཕྱག་མཚན་ས་བོན་གྱིས་མཚོན་པ་རྣམས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་རིགས་ལྔ་ཡུམ་དང་བཅས་པའི་སྐུར་གྱུར་པར་བསམ་ཞིང་། བསྐུར། རློབ། དབབ། དྲངས། བསྟིམ། བརྟན། མཆོད་ལ། ༀ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུྃ་ཧཱུྃ། བཟླས་ལ། ཧཱུྃ། ལྷ་འོད་དུ་ཞུ་སྟེ་རིན་པོ་ཆེའི་རྡུལ་ཕྲ་རབ་ཀྱི་རྡུལ་ཚོན་འབར་བར་བསམ་ཞིང་། བྲིས་པའི་ཡིག་འབྲུ་རྣམས་བསྣུར་ནས་མི་མངོན་པར་བྱའོ། །དེ་དག་ཡན་ལག་གི་རབ་གནས་རྣམས་སོ། །དེ་ནས་བུམ་པ་སྟ་གོན་ནི། བུམ་པ་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། ཆུ་གཙང་མ་སྲོག་ཆགས་མེད་པ་དང་ལྔ་ཚན་ལྔ་ཡི་རྫས་ཀུན་བཟང་ཡབ་ཡུམ་སོགས་སྔགས་ཀྱིས་བླུགས་ཏེ་གསུམ་གཉིས་བཀང་། སེམས་དཔའི་སྔགས་ཀྱིས་མགུལ་ཆིང་དཀྲི། སྒོ་བའི་སྔགས་ཀྱིས་འབྲས་བུ་ཅན་ཤིང་གིས་ཁ་བརྒྱན། མེ་ཏོག་གི་ཕྲེང་བ་ཅན་གྱི་གཟུངས་ཐག་རྡོ་རྗེ་ཐུབ་པ་དྲུག་སྔགས་ཀྱིས་བཞག །རིགས་ལྔའི་བུམ་མཚན་དགས། ཀུ་སའི་གདན་ལ་བཞག །མཐར་མཆོད་པས་བསྐོར་ལ། བསངས། སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ་ལྷ་རྫས་ཀྱི་གོས་ཀྱི་མགུལ་ཆིངས་དང་དཔག་བསམ་ཤིང་གི་ཁ་རྒྱན་དང་ལྡན་པའི་ནང་དུ། ༀ་ཏསྟི་ཏསྟི་མ་ཧཱ་ཏསྟེ་སྭཱ་ཧཱ། ལྷའི་ཆུ་བོ་གངྒ་དང་བུམ་ཆུ་དབྱེར་མེད་པར། ལྷ་རང་རང་གི་གདན་གྱི་སྟེང་དུ་ཧཱུྃ་ༀ་སྭཱ་ཨཱྃ་ཧཱ། མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ། ཀྵིཾ་ཏྲཱཾ་ཧྲཱིཾ་ཛིཾ། ཧཱུྃ་ཏྲཱཾ་ཧྲཱིཾ་ཨཱཾ་མཻ་ཐླྷིཾ་ཧཱུྃ་མཱུྃ། ཛཿཧཱུྃ་བྃ་ཧོ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྃ་བྃ་ཧོཿ ༀ་ཨ། ཀྲེཾ་ཏྲུཾ་སྲུཾ་བྲེཾ་ཀྵཾ་ཡེ་རྣམས་གནས་པར་གྱུར། སྥ་ར༴ སཾ༴ འཕྲོས་འདུས་ཡོངས་སུ་གྱུར་པས། ཧཱུྃ་བཛྲ་དྷྲིཀ྄ །མཱུྃ་དྷཱ་ཏེ་ཤྭ་རི། ༀ་ཛི་ན་ཛིཀ྄ །ལཱྃ་དེ་ཥ་ར་ཏི། སྭཱྃ་རཏྣ་དྷྲིཀ྄ །མཱྃ་མོ་ཧ་ར་ཏི། ཨཱྃ་ཨ་རོ་ལིཀ྄ །པྱཱཾ་རཱ་ག་ར་ཏི། ཧཱ་པྲཛྙཱ་དྷྲིཀ྄ །ཏཱཾ་བཛྲ་ར་ཏི། ཀྵིཾ་ཧི་རཱ་ཛཱ་ཡ། ཧཱུྃ་ལཱ་སྱ་ས་མ་ཡ་སྟྭཾ། ཏྲཱཾ་ཨཱ་གརྦྷ་ཡ། ཏྲཱཾ་མཱ་ལྱ་ས་མ་ཡ་ཧོ། ཧྲཱིཿཧཱ་ཧཱུྃ་པདྨ་པྲ་ད་མ། ཧྲཱིཾ་གིརྟི་རཱ་གོ་ཧཾ། ཛིཾ་ཀུ་རུ་པཱ་ཎ་ཧྲཱི། ཨ་ནིརྟི་རཱ་ག་ཡཱ་མེ། མེ་དྷ་ར་ཎི་སྭཱ་ཧཱ། ཛཿདྷུ་པེ་པྲ་ཝེ་ཤཱ །ཐླྷིཾ་ནི་སྶ་རཾ་པཱ་ཡ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨཱ་ཝེ་ཤཱ །ཧཱུྃ་སྭཱ་རཱ་ཛཱ་ཡ་སྭཱ་ཧཱ། བྃ་དཱི་བ་སུ་ཁི་ནཱི། མཱུྃ་ཤྲཱི་ཨ་རཱཾ་གཱ་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ༀ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱ། ༀ་མུ་ནེ་སྲུཾསྭཱ་ཧཱ། ༀ་མུ་ནེ་བྲཾ་སྭཱ་ཧཱ། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ༀ་མུ་ནེ་ཡེ་སྭཱ་ཧཱ། ཧཱུྃ་ཡ་མཱནྟ་ཀྲིཏ་ཕཊ྄ཿ ༀ་མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ྄། ཧཱུྃ་པྲཛྙཱནྟ་ཀྲིཏ་ཕཊ། ༀ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭཱ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ྄། ཧཱུྃ་པདྨནྟ་ཀྲིཏ་ཕཊ྄། ༀ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲོ་ཏི་ཤྭ་རཱི་ཛཱ་ལི་ནཱི་ཧཱུྃ་ཕཊ྄། ཧཱུྃ་བིགྣཱན་ཏ་ཀྲིཏ྄་ཕཊ། ༀ་མ་ཧཱ་ཀརྨ་དྷ་རོ་མ་ཧཱ་ཀྲོ་ཏི་ཤྭ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ། བསྐྱེད་སྔགས་རྣམས་རིམ་པ་བཞིན་བརྗོད་པས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་ཏེ་བཞི་བཅུ་རྩ་གཉིས་རྒྱལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་བར་བསམ་ལ། བསྐུར། རློབ། དབབ། དྲངས། བསྟིམ། བརྟན། མཆོད་ནས་གཟུངས་ཐག་ལ་འཇུས་ཏེ། བདག་གི་ཞལ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིར་བབ་པས་བུམ་པ་གང་བར་བསམ། ལྷ་སོ་སོའི་སྔགས་གཙོ་འཁོར་གྱི་འགྲོས་སྦྱར་པ་ཅི་ནུས་བཟླས་མཐར། གཙོ་བོའི་སྔགས་ལན་བདུན་བཟླས་ནས་ཐོད་ཆུ་བུམ་ནང་དུ་ཕུལ་བས། ལྷ་ཐམས་ཅད་ཆགས་པ་ཆེན་པོས་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་ཞིང་། བདུག་སྤོས་ཀྱིས་ཀྱང་བདུག་པར་བྱའོ། །སློབ་མ་ལྷག་པར་གནས་པ་གཞན་དུ་ཤེས་ཤིང་། ལྷ་ལྷག་གནས་ནི། ལས་ཆུས་དཀྱིལ་འཁོར་གྱི་གཞི་བསངས། ༀ་ཨཱཿཧཱུྃ་སརྦ་སཾ་ཤྭ་དྷྭ་ནི་ཧཱུྃ་ཕཊ྄། ཅེས་འབྲི་བར་འགྱུར་བའི་དཀྱིལ་འཁོར་ནམ་མཁའ་ལ་གསལ་བར་དམིགས་ཏེ། སྔར་གྱིས་ཁོངས་སུ་སྨོས་པ་བཞིན། ༀ་བཛྲ་སཱུ་ཏྲ་ས་མ་ཡ་མ་ཏི་མ་ཀྲ་མ་ཧཱུྃ་ཕཊ། ཅེས་ཡི་ཐིག་དང་། དམ་ཐོག་ཚུལ་བཞིན་དུ་བཏབ་ལ། དཀྱིལ་འཁོར་གྱི་གནས་སུ་བདག་གི་ཐུགས་ཀའི་ས་བོན་ལས་སྤྲོས་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་བསྐྱེད་ལ། ལྷ་གནས་སོ་སོར་རང་རང་གི་སྔ་བརྗོད་ཅིང་བྱང་སེམས་དཀར་དམར་ཙནྡན་དང་སྦྱར་བའི་ཐིག་ལེ་གཙོ་བོའི་གནས་སུ་གྲུ་བཞི་དང་། གཞན་རྣམས་ལ་ཟླུམ་པོར་བྱས་ལ། མེ་ཏོག་གི་ཚོམ་བུ་བཀོད་ནས། གདན་བསྐྱེད། བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་ཉི་མ་དང་ཟླ་བའི་གདན་ལ་འདུག་པར་མོས་ལ། གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དང་ལྡན་པའི་སྒོ་ནས་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སྤྲིན་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨོར་སྤྲོས་པ་བཞི་བཅུ་རྩ་གཉིས་རྒྱལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་རྣམས་རང་རང་གི་གནས་ཇི་ལྟ་བར་བཞུགས་པར་བསམ་ལ། གདན་ལ་རྫོགས་དང་སེམས་དཔའི༴ ཞེས་སོགས་ཀྱི་གསལ་གདབ། བསྐུར། རློབ། དབབ། དྲངས། བསྟིམ། བརྟན། མཆོད་བསྟོད་རྣམས་བྱས་ལ། སྤོས་དང་བཅས་པས་རྡོར་དྲིལ་འཛིན་བཞིན་པས། མགོན་པོ་ཀུན་མཁྱེན་བདག་ཉིད་ཅན། །གཅིག་དང་དུ་མ་ཡོངས་གྲོལ་ཕྱིར། །མ་ལུས་བདག་ཉིད་དགོངས་སུ་གསོལ། །ཁྱོད་རྣམས་མོས་ཤིང་མཆོད་པ་དང་། །ཁམས་གསུམ་ཡོངས་སུ་བཟུང་བྱ་ཞིང་། །རང་བཞིན་མཉམ་པར་བྱ་བའི་ཕྱིར། །རིག་པ་འཛིན་བདག་དཀྱིལ་འཁོར་གྱི། །ལས་རྣམས་ཡོངས་སུ་རྫོགས་པར་བགྱིད། །ཐུགས་རྗེས་ཉེ་བར་དགོངས་མཛད་དེ། །དཀྱིལ་འཁོར་བྱིན་གྱིས་རླབས་ནས་ནི། །ས་འདི་ཡོངས་སུ་བཟུང་བར་མཛོད། །ༀ་བཛྲ་ས་མ་ཡ་སྟྭཾ། ཞེས་གསོལ་བཏབ་པས་ལྷ་ཐམས་ཅད་དགྱེས་པར་རོལ་པའི་གཟི་བྱིན་མཐའ་ཡས་པས་དེ་ཉིད་དུ་ཐིམ་པས་ཐམས་ཅད་དཀྱིལ་འཁོར་གྱི་རང་བཞིན་དུ་གསལ་བར་བསམ་པ་དེ་དག་ནི་སྟ་གོན་གྱི་ཆོ་གའོ། །བེ་ག་ཀྲ་མ་ཡཾ། སྟ་གོན་གྱི་ལྷ་རྣམས་ནམ་མཁར་བཏེགས། ཐིག་སྐུད་ལ་མཆོད་བསྟོད། གཤེགས་གསོལ་བྱ། ཚོན་དགྱེ་བ་ནི། ཚོན་སྣ་ལྔ་འབྱུང་རིགས་སྡེབས་པས། མཱུྃ་ཏཱྃ༴སོགས་བརྗོད་པས་ཕུར་ཁུང་བཀང་། གཡས་པའི་མཐེབ་སྲིན་གྱིས་ཚོན་རྩི་ལྔ་བླངས་པ་གཡོན་པའི་མཐིལ་དུ་བཞག་ལ། ༀ་སརྦ་པཉྩ་རཏྣ་ས་མ་ཡ་ཧཱུྃ་ཧཱུྃ། ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་སྟེང་དུ་དཔའ་བོ་འབྲུ་ལྔ་གནས་པར་བསམ་ལ་སོར་མོ་ལྔ་ཚོམས་ཀྱིས་གཡོན་པའི་ཚོན་རྩི་ཁུང་བུའི་སྟེང་དུ་བཀོད་ལ། དོན་ཡེ་ཤེས་ལྔ་མཚོན་པའི་རྟགས་རིན་པོ་ཆེ་ལྔ་ལས་གྲུབ་པའི་རི་རབ་ཏུ་གྱུར་པར་བསམ་ཞིང་། དཀྱིལ་འཁོར་གྱི་དབུས་སུ་གནས་པས་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་ནས་བརྩམས་ཏེ་རྩིགས་པ་ལྔ། ཕྱི་ནས། ལྗང་། དམར། སེར། དཀར། སྔོ་བ་རྣམས་སྒོ་ཚད་བྲིས་ཏེ་ཀ་པཱ་ལས་དགག །རྩིགས་པ་སྦྲེལ་རན་དུས་ཁ་ཕྱེ་ལ་ཚོན་ཕྲ་བརྟགས་པ་ཡང་གསུངས་སོ། །ཆོ་ག་ཚོན་གཞུང་དུ་དགྱེ་ཞིང་། ལྷ་གནས་སོ་སོར་དེ་དང་དེའི་རྣམ་པ་བཅས་དགོད་པ་ནི་ཡན་ལག་ཅན་གྱི་སྟ་གོན་ནོ། །ཚོན་ལྷག་ལ་མཆོད་བསྟོད་གཤེགས་གསོལ་བྱའོ། །དཀྱིལ་འཁོར་གྱི་རྒྱན་དགྲམ་པ་སྔར་གྱི་ལྷག་གནས་བྱས་པའི་བུམ་པ་སྤྲོས་རོལ་གྱིས་དྲངས་ཏེ། དཀྱིལ་འཁོར་གྱི་དབུས་སུ་བཀོད་པའི་མཐའ་བསྐོར་དུ། རྒྱན་དང་མཆོད་ཚོགས་རྣམས་རྒྱུ་བཟང་། སྤྲུས་གཙང་བཀོད་ལེགས་པར་དགྲམ་པར་བྱའོ། །དཀྱིལ་འཁོར་ལ་རབ་གནས་ཀྱི་ཆོ་ག་གཞན་དུ་གསལ་བས་ཤེས་ཤིང་གྲུབ་པར་དགོས་མོད། གཉིས་པ་དངོས་གཞི་དཀྱིལ་འཁོར་སྒྲུབ་པ་ལ། སྔོན་དུ་བྱ་བ་སྦྱོར་བའི་ཆོས་དང་། དངོས་གཞི་སྒོམས་པའི་ཆོས་དང་། རྗེས་ཚོགས་ལ་སོགས་པས་མཐར་དབྱུང་བའི་ཆོས་དང་གསུམ་གྱིས་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོའི་གཏེར་ཆེན་ལྟར་ལས། དངོས་གྲུབ་བླང་བའི་ཚུལ་ཙམ་མདོར་བསྡུ་ན། ཐོག་མར་ལྟ་ཉན་གྱི་གེགས་སེལ་བའི་ཕྱིར། སྐད་ཅིག་གིས་སྟོང་པའི་ངང་ལས་སོགས་ནས་རླུང་ཡང་མི་ཐར་བར་བསམ་བར་དང་། ༀ་ཛྭ་ལ་བཛྲར་སོགས་ལན་གསུམ་གྱིས། རླུང་ནག་འཚུབ་མ་གཡོན་དུ་འཁོར་བར་བསྒོམ་པར་བཏང་ལ། བདུད་རྩི་བྱིན་རླབས་བྱ། བྱིན་འབེབས་བཏང་། ཛཔ྄་ཁང་དབྱེ་བ། བྷྲཱུྃ་བི་ཤྭ་སོགས་ཀྱིས་སྔགས་རྣམས་སྐབས་བསྡུ་ན་བཟླས་མཐར། སྨན་མཆོད་ནས་བསྟོད་པའི་བར་བཏང་སྟེ། བཤགས་པ་བྱ་བ་ནི། ཧོཿ སྤྲོས་པ་མེད་པའི་དབྱིངས་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་ལྡན་པ། བཅོམ་ལྡན་འདས་དཔལ་རྡོ་སེམས་དཔའ་ལ་སོགས་པ་རིགས་ལྔའི་བདེ་བར་གཤེགས་པ་རིགས་མཆོག་གཟུངས་ཀྱིས་ཡུལ་གྱི་དབྱིངས་ན་རྣམ་པར་བཞུགས་པ་སེམས་དཔའི་ཚོགས། སེམས་མའི་འཁོར། ཡེ་ཤེས་ཆེན་པོའི་དབང་ཕྱུག་ཐབས་ལ་མཁས་པའི་བདག་ཉིད། སྒྲོལ་བའི་མཁའ་འགྲོ། རང་བཞིན་གྱི་རྣལ་འབྱོར། ངོ་བོ་ཉིད་ཀྱི་སྐུ། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དགོངས་སུ་གསོལ། བདག་ཅག་གསང་བའི་དཀྱིལ་འཁོར་འདིར་ཚོགས་པ་རྣམས་ཀྱིས། དང་པོར་གསང་བ་རྡོ་རྗེ་ཐེག་པའི་སྒོར་ཁས་འཆེས་ཏེ། དམ་ཚིག་གཉན་པོ་མ་ནོར་བར་ནོས་པ་ལས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་དང་འགལ་འཁྲུལ་དུ་གྱུར་པ། ལྷ་ཉེ་བར་མ་བསྒོམས་པ། སྙིང་པོ་དག་པར་མ་བགྲངས་པ། སྦྱོར་བ་མང་པོའི་བར་བསྐུམ་པ། དད་པ་ཅན་གྱི་ཚོགས་བཅག་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། མཆོད་པ་ལོ་ཟླ་ལས་འདས་པ། དམ་རྫས་ལག་ལེན་རྔོ་མ་ཐོགས་པ། ཛཔ྄་བཟླས་གྲངས་ཉུང་བ། བསྙེན་པ་ཡུན་ཐུང་བ། ཏིང་འཛིན་ཐང་ལྷོད་དུ་གྱུར་པ། དེ་བཞིན་གཤེགས་པའི་མཛད་སྤྱོད་དམ་པ་ཀློང་དུ་མ་གྱུར་ཅིང་། སེམས་ཅན་གྱི་སྤྱོད་པ་རང་ཐད་དུ་གྱུར་པ་དང་། ཁྱད་པར་དུ་སྒྲུབ་པའི་དམ་ཚིག་དང་། ཁྱད་པར་གྱི་དམ་ཚིག་གི་གཉན་པོ་མངོན་པར་མནོས་པ་ལས། ཉམས་ཤིང་ཞིག་རལ་དུ་གྱུར་པ་ཅི་མཆིས་པ་ཐམས་ཅད་ཤིན་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས་པར་མཆི་ན། དབྱིངས་ཉིད་ནམ་མཁའ་དང་འདྲ་བའི་ངང་ནས་སྐུ་བཟོད་པ་ཆེན་པོས་དག་པར་བཞེས་ནས། ཚངས་པ་མཆོག་ཡིད་བཞིན་དུ་ཐོབ་པར་རྩལ་དུ་གསོལ། བཞི་པ་དངོས་གྲུབ་ཞུ་གསོལ་འདེབས་པ་ནི། གསོལ་བ་བཏབ་ཅིང་ཐུགས་རྒྱུད་བསྐུལ་བས། ཡེ་ཤེས་པའི་ལྷ་ཚོགས་རྣམས་ལས་དངོས་གྲུབ་ཀྱི་རྣམ་པ་ཇི་སྙེད་པའི་འོད་ཟེར་རབ་ཏུ་འབར་བ་སྒྲུབ་རྫས་དང་བདག་ལ་ཐིམ་པས་གྲུབ་པའི་ས་ལ་སྦྱོར་བའི་དམིགས་པ་དང་བཅས་ཏེ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག་རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་བླ་མན་ཆོད་ནས། དངོས་གྲུབ་ཀྱི་སྐལ་པ་དང་རིགས་རྒྱུད་གང་ལགས་པ་ཐམས་ཅད་ཕྱི་མར་བསྡད་མི་འཚལ་བར་དུས་ད་ལྟ་ཉིད་དུ་ཐོབ་པར་སྩལ་དུ་གསོལ། རྣལ་འབྱོར་པ་ལ་བར་དུ་གཅོད་པར་བྱེད་པ། སྡང་བའི་དགྲ། གནོད་པ་བགེགས། གདུག་པའི་དབལ། སྦྱོར་བའི་དུག །རྣོ་བའི་མཚོན། ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། སོ་སོའི་རྨི་ལམ་ངན་པ་དང་། ལྟས་ངན་པ། མི་ཤིས་པའི་རྐྱེན་དེ་དག་ཐམས་ཅད་ཕྱིར་ཟློག་ཅིང་མིང་ཙམ་ཡང་མི་གྲགས་པར་མཛད་དུ་གསོལ། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། བཅད་གཏུབ་སྡུག་བསྔལ་ལུས་ལ་འབྱུང་བར་མི་འགྱུར་ཡང་། གྲིབ་མ་ཕོག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པས། སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་དང་། གཟི་མདངས་ལུས་ལ་འཇུག་པའི་ཉི་མ་སྟོང་ཕྲག་གི། འོད་བཞིན་འཇིག་རྟེན་གྱི་ཁམས་འདིར་རྟག་ཏུ་འབྱུང་བ་དང་། ལུས་ངག་སེམས་ལ་ཚེ་འདིར་རྡོ་རྗེ་རབ་སྣང་སྟེ། རེ་སྨོན་ཐམས་ཅད་དུས་འདི་ཉིད་དུ་སྩལ་དུ་གསོལ། སྒྲུབ་རྫས་གནས་གསུམ་དུ་གཏུགས་ཏེ་མྱོང་ལ། ཉེར་བསྡུའི་ཚེ། གཏང་རག་གི་མཆོད་པ་བཤམས་བྱིན་གྱིས་བརླབ་སྟེ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་རྣམས་ཀྱིས་མཆོད། བསྟོད་པ་རྒྱས་བསྡུས་ཅི་རིགས་པས་བསྟོད། ཡིག་བརྒྱ་དང་བཟོད་གསོལ་བྱ། རས་བྲིས་ལ་ཡེ་ཤེས་པ་བརྟན་བཞུགས་དང་། བྷྲཱུྃ་བི་ཤྭ་སོགས་ཀྱིས་བསྡུ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ། བེ་ག་ཀྲ་མ་ཡཾ། ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁར་བཏེག་ལ། སྔར་བཞིན། གཏང་རག་གི་མཆོད་བསྟོད། བཟོད་གསོལ་བྱས་ལ། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ཀྱི་མཐར། ཛྙཱ་ན་མཎྜལ་བཛྲ་མུཿ ཞེས་གཤེགས་སུ་གསོལ། དམ་ཚིག་གི་འཁོར་ལོ་སྔར་བཞིན་བསྡུས་ནས་གོ་བགོ་ལུས་བསྲུང་བྱས་ལ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པས། རོལ་མོའི་སྒྲ་བཅས་ཨཱ་ཀཱ་རོ་བཟླ་ཞིང་། རྡོ་རྗེ་དང་བཅས་པའི་ལག་གིས་ཐོག་མར་ལྷ་མཚན་རྣམས་བསྡུས་ལ་ཅུང་ཟད་རེ་མགོར་བཀོད། ལྷག་མ་རྣམས་དབང་ལྡན་ནས་བརྩམས་ཏེ་གཙོ་བོའི་གནས་ཀྱི་བར་དུ་ཕྱགས་ཏེ་བུམ་པར་བླུགས། ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བསྣོལ་བ་ཀམ་པའི་རྒྱས་འོག་ཕུར་ནས་བཟུང་རིམ་གྱིས་ཕྱུངས་ལ། སྤྱན་མའི་སྔགས་བཟླས་པའི་འོས་མས་བུར་རྩེ་བཀྲུ། ཁུང་བུ་ལའང་གཏོར་བས་བགེགས་རྣམས་བདེ་སྟོང་གི་ངོ་བོར་སངས་རྒྱས་པར་བསམ། རྡུལ་ཚོན་བཀུར་སྟི་བཅས་ཆུ་ཀླུང་དུ་དོར། སླར་ཡང་སྣོད་ཆུས་བཀང་སྟེ། སྤྱན་མའི་སྔགས་ཀྱིས་སྒྲུབ་ཁང་ལ་བསང་གཏོར་བྱ། དགེ་བ་བསྔོ་ཞིང་། སྨོན་ལམ་གདབ་པ། བཀྲ་ཤིས་བརྗོད་ཅིང་དགའ་སྟོན་བྱ་བ་ལ་སོགས་མཐའ་རྒྱས་སུ་གྲུབ་པར་བྱའོ། ། རྒྱལ་ཀུན་བགྲོད་པ་གཅིག་པུ་བླ་མེད་ལམ། །སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ལམ་ཚུལ་གྱི། །དངོས་གྲུབ་རྒྱ་མཚོའི་གཏེར་ཆེན་བླང་བ་ལ། །དཀྱིལ་ཆོག་འོད་ཟེར་བརྒྱ་པ་འདི་ཉིད་རྨད། །བཀོད་པའི་དགེ་བས་རིག་པ་འཛིན་པ་བཞིའི། །བདེན་འབྲས་གོ་འཕང་ཡིད་ཅན་ཀུན་དབང་ནས། །ས་འདིར་བླ་མེད་བསྟན་པས་སྣང་བྱེད་པས། །དཔལ་འབྱོར་དགེ་བས་འཚོ་བའི་རྒྱུར་གྱུར་ཅིག །འདི་ཡང་ཤིང་རྟ་ཆེན་པོ་སངས་རྒྱས་གསང་བའི་གཞུང་ལྟར་༧གཏེར་ཆེན་རིན་པོ་ཆེ་སངས་རྒྱས་དངོས་མཚུངས་ཁྱབ་བདག་འགྱུར་མེད་རྡོ་རྗེའི་མཛད་པའི་གཞུང་ལས་སྐབས་འདིར་འོས་ཐོབ་ཙམ་དུ་ཉུང་ངུར་དྲིལ་བ་པོ་བི་ཛའི་མིང་གིས་དེ་ཝི་ཀོ་ཏྲ་གཉིས་པའི་གནས་སུ་འདུ་བ་ཆེན་པོར་ལེགས་པར་བཀོད་པ་འདིས་བདག་ཀྱང་ཚེ་རབས་ཀུན་ཏུ་ཆོས་མཛོད་དམ་པ་འཆང་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །མངྒ་ལཾ།། །།

ཁྲག་འཐུང་དམ་པ་རྒྱན།

རཀྟ བ ས དཱ ངྐ ར སྱ ཤྲཱི ཪྵ མ།
ཁྲག་འཐུང་དམ་པ་རྒྱན་གྱི་དབུའོ། །
དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བསྒྱུར་བ་ཁྲག་འཐུང་གི་དཀྱིལ་འཁོར་ལ། ཏིང་ངེ་འཛིན་གྱི་རིམ་པ་ལ་བཞི་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། རྒྱུའི་ཏིང་ངེ་འཛིན་དང་། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ནོ། །དེ་ལ་དང་པོ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། གཞུང་ལས། སྐྱེ་བ་མེད་ལ་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནའང་སྐྱེ་བ་མེད། །ཅེས་པས། སྐྱེ་བ་མེད་པ་ནི་ཆོས་ཀྱི་དབྱིངས། སྐྱེས་པ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་དེ། སྐྱེས་པའི་དུས་དེ་ཉིད་ན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་ཤེས་པ་ནི། ཆོས་ཐམས་ཅད་ཡེ་ནས་གནས་པའི་གནས་ལུགས་ཡིན་པས། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། གཞུང་ལས། སྟོང་པ་ཉིད་དུ་རབ་གསལ་བས། །སྙིང་རྗེའི་ཡུལ་ནི་བསྒོམ་པར་བྱ། །ཞེས་པས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྙིང་རྗེའི་ཡུལ་ཡིན་ཏེ། དོན་དམ་པར་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དུ་རང་བཞིན་གྱི་འོད་གསལ་ཀྱང་། འཁྲུལ་པོའི་ཤེས་པ་ལས། སྡུག་བསྔལ་གྱི་རྟེན་དུ་གྱུར་པའི་ཕྱིར། རྟོགས་པ་དང་ལྡན་པའི་སྙིང་རྗེའི་ཡུལ་ཡིན་ཏེ། སྙིང་རྗེའི་ཡུལ་སེམས་ཅན་སྣང་བ་ནི། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཅེས་བྱའོ། །རྒྱུའི་ཏིང་ངེ་འཛིན་ནི། གཞུང་ལས་ཀྱང་། ཧཱུྃ་ངེས་པ་ལ་ནི་རྡོ་རྗེ་ཆེ། །དེ་ལ་དཔལ་ཆེན་ཧེ་རུ་ཀ །ཅེས་པས། སྐབས་འདིར་རྒྱུའི་ཏིང་ངེ་འཛིན་ལས། སྐུ་གསུང་ཐུགས་ཚང་བར་ཡོད་དེ། ཐུགས་ཀྱི་རང་བཞིན་ཡི་གེ་ཧཱུྃ་མཐིང་ནག་ལས། རྡོ་རྗེ་ནག་པོ་རྩེ་དགུ་པ། ཁྲོ་ཞལ་བཅུ་དྲུག་དང་ལྡན་པ། བསྐལ་པའི་མེ་འབར་བ། དེ་ལས་དཔལ་ཀུན་བཟང་ཧེ་རུ་ཀ་མཐིང་ནག་དབུ་དང་ཕྱག་ཞབས་ནི་ངེས་པ་མེད་པས། ཞེས་ཀྱང་འབྱུང་སྟེ། རེ་ཞིག་སློབ་དཔོན་པདྨའི་དགོངས་པས་འདི་ལྟར་བཞེད་དོ། །དབུ་དགུ་ཕྱག་བཅོ་བརྒྱད། ཞབས་རྣམ་པ་བརྒྱད་དང་ལྡན་པ། དབུས་ཀྱི་ཟལ་གསུམ་མཐིང་ནག །གཡས་གསུམ་དཀར། གཡོན་གསུམ་དམར། ཕྱག་དང་པོ་གཉིས་ཀྱི་རྡོ་རྗེ་དང་ཐོད་ཁྲག །དེའི་འོག་མ་གཉིས་གཡོན་ན་རོ། གཡས་ཀྱིས་དེའི་གློ་སྙིང་འབྱིན་ཅིང་གསོལ་བ། དེའི་འོག་མ་གཉིས་གཡས་ཉི་མ། གཡོན་ཟླ་བ་ཐུགས་ཀ་ན་བསྣམས་པ། དེའི་འོག་མ་གཉིས་གཡས་ན་ཁྱུང་། གཡོན་ན་འུག་པ་བསྣམས་ཏེ། དམ་ཉམས་པའི་རྣལ་འབྱོར་པ་ལ་འགྱེད་པ། དེའི་འོག་མ་གཉིས་གཡས་ན་རླུང་། གཡོན་ན་མེའི་འཁོར་ལོ་ཐོགས་ཏེ། འཇིག་རྟེན་ཐམས་ཅད་འཐོར་ཞིང་བསྲེག་པར་བྱེད་པ། དེའི་འོག་མ་གཉིས་གཡས་ན་ཆུའི་དཀྱིལ་འཁོར། གཡོན་ན་རི་རབ་ཐོགས་ཏེ། བག་ཆགས་ཐམས་ཅད་འཁྲུ་ཞིང་། ང་རྒྱལ་ཐམས་ཅད་གནོན་པར་བྱེད་པ། ཐ་མ་གཉིས་ན། གཡས་ན་གོ་ཆ། གཡོན་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྣོད་དང་བཅས་པ་བསྣམས་པས། རྣལ་འབྱོར་པ་ལ་ཅིས་ཀྱང་མི་ཚུགས་ཤིང་། དངོས་གྲུབ་རྣམ་གསུམ་སྟེར་བར་མཛད་པའོ། །ཞབས་བརྒྱད་ནི་ལྷ་ཆེན་པོ་བརྒྱད་ལ་བརྫིས་པའོ། །སྐུ་ལ་དཔལ་ཆས་བཅུ་དྲུག་གིས་བརྒྱན་ཅིང་། བསྐལ་པའི་མེ་རི་འབར་བའི་དབུས་ན། སྐུ་འབར་བའི་གར་དགུ་དང་ལྡན་ཏེ། འཇིགས་པའི་དུས་ཀྱི་མེ་བཞིན་དུ་བཞུགས་སོ། །དེ་ནི་དཀྱིལ་འཁོར་ཐམས་ཅད་བསྐྱེད་པའི་བདག་པོ་ཡང་ཡིན། རྒྱུ་ཡང་ཡིན་པའི་ཕྱིར། རྒྱུ་ཡི་ཐིང་ངེ་འཛིན་ཅེས་བྱའོ། །ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལ་དོན་གསུམ་གྱིས་བསྟན་ཏེ། ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་དང་། ཁྲོ་བོ་གསང་བའི་དཀྱིལ་འཁོར་དང་། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །དེ་ལ་དང་པོ་ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་ལ་གཉིས་ཏེ། བདག་གི་སྲས་སུ་རྒྱལ་བ་བསྐྱེད་པའི་སྒོ་ནས་བསྐྱེད་པའི་ཆོ་འཕྲུལ་དང་། རྒྱལ་བའི་སྲས་སུ་བདག་བསྐྱེད་པའི་སྒོ་ནས་དབང་བསྐུར་བའི་ཆོ་འཕྲུལ་ལོ། །དེ་ལ་བསྐྱེད་པའི་ཆོ་འཕྲུལ་ལ་གཉིས་ཀྱི་དང་པོ་རྟེན་བསྐྱེད་པ་ནི། གཞུང་ལས། བྷྲཱུྃ་དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །ཁྲག་གི་རྒྱ་མཚོ་འཁྲུགས་པའི་དཀྱིལ། །ཅེས་པ་ལ་སོགས་པ་འཕྲོས་ཏེ། རང་གི་ཐུགས་ཀ་ནས་ཨེ་ཡྃ་བྃ་མྃ་ཀེཾ་རྃ་རྣམས་སྤྲོས་པ་ལས། ཨེ་ལས་ཆོས་འབྱུང་གྲུ་གསུམ་མཐིང་ནག་རྒྱ་ཁྱོན་ནམ་མཁའ་དང་མཉམ་པ་དེའི་སྟེང་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར་སྲ་ཞིང་མཁྲེགས་པ། ཁ་དོག་དུད་ཁ་དབྱིབས་ཟླ་གམ་དུ་གྱུར་པར་བསྒོམ་མོ། །དེའི་སྟེང་དུ་བྃ་ལས་ཁྲག་གི་རྒྱ་མཚོ་རྦ་རླབས་འཁྲུགས་པ། དབྱིབས་ཟླུམ་པོ་བསྒོམ་མོ། །དེའི་སྟེང་དུ་མྃ་ལས་ཤ་ཆེན་གྱི་ས་གཞི་སྲ་ཞིང་འཇམ་ལ། དབྱིབས་གྲུ་བཞི་བསྒོམ་མོ། །དེའི་སྟེང་དུ་ཀིཾ་ལས་ཀེང་རུས་ཀྱི་རི་རབ་ནག་པོ། ཁ་ཁྱེར་དང་རྒྱ་མཉམ་པ། རཀྟ་ཁྲག་ཀི་ཞམ་ཆུ་ཟུ་ལུ་ལུ་འབབ་པར་བསྒོམ་མོ། །དེའི་སྟེང་དུ་རྃ་ལས་བསྐལ་པའི་མེ་རི་འབར་བར་གྱུར་ཏེ། མེ་དེའི་ཕྱེད་མར་ཆད་པས་འོག་གི་འབྱུང་བ་རྣམས་ཆ་སྙོམ་པ། ཕྱེད་རི་རབ་དེའི་ཁ་རྒྱན་དུ་གྱུར་ཏེ། བསྐལ་པའི་མེ་རི་འབར་བའི་དཀྱིལ་འཁོར་དུ་གྱུར་པར་སྒོམ་མོ། །འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ཁྱབ་ནས། དེ་བཞིན་གཤེགས་པའི་སྲས་སུ་དགོངས། བྱང་ཆུབ་སེམས་དཔའི་སྤུན་དུ་དགོངས། མ་མོ་དང་མཁའ་འགྲོ་རྣམས་ཀྱི་རྗེ་བོར་དགོངས། དེ་ནས་ཕྱོགས་བཅུའི་གཞལ་ཡས་ཁང་གི་ཆེ་ཡོན་ཐམས་ཅད་གནང་བའི་ཚུལ་དུ་བསྡུས་ཏེ། བྷྲཱུྃ་ལ་ཐིམ། བྷྲཱུྃ་འོད་དུ་ཞུ་སྟེ། གཞལ་ཡས་ཁང་བསྐྱེད་པར་གསལ་གདབ་བོ། །རང་གི་ཐུགས་ཀ་ནས་བྷྲཱུྃ་སྨུག་ནག་གཅིག་འཕྲོས་པ་ལས། བྷྲཱུྃ་བི་ཤྭ་བྷི་ཤུདྡྷེ། བྷྲཱུྃ་ཞེས་བརྗོད་པ་ལས། ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །ཕྱི་རྡོ་རྗེའི་གུར་ཁང་དང་བཅས་པ། དབུ་རྩེ་བར་འཁྱམས་གཉིས་རིམ་དུ་གནས་པ། ཕྱི་ཐོད་པ་སྐམ་པོ་ལས་བྱས་པ། བར་ཐོད་པར་རི་ཐོད་རྙིད། ནང་ཐོད་པ་རློན་པ་ལས་བྱས་པའོ། །ཟུར་བཞིར་གནམ་ལྕགས་ཀྱི་འཛེར་ཆེན་བཞི་གདབ་པ། འཛེར་མགོར་ཉི་མའི་དཀྱིལ་འཁོར་བཞི་ཤར་བ་ཕྱོགས་བཞིར་འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲིས་བརྒྱན་པ། སྟེང་རྡོ་རྗེ་ནག་པོའི་བླ་གབ་ཏུ་ཆུད་པ། བྱ་སྐྱིབ་ལྔ་དང་ལྡན་པ། རྒྱལ་ཆེན་བཞི་ལ་སྒོ་སྐྱེས་བྱས་པ། ལྷ་ཆེན་པོ་བརྒྱད་ཀྱིས་ནང་གི་ཀ་བ་བྱས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་སྟེང་གི་གདུང་མ་བྲེས་པ། གཟའ་ཆེན་པོ་བརྒྱད་ཀྱིས་ཁ་བད་ལྡིང་བ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ཕྱམ་གྱིས་མཛེས་པ། འབྲུག་གི་རི་དྭགས་ཀྱི་རྐན་སྒྲ་སྒྲོགས་པ། གནམ་ལྕགས་ཀྱི་ཐོག་སེར་འབབ་པ། ཞིང་གི་རྒྱལ་མཚན་དང་། བ་དན་རྩེ་གསུམ་པས་བརྒྱན་པ་སྐལ་པའི་རླུང་ནག་འཚུབ་པ། ཡེ་ཤེས་ཀྱི་མེ་རི་འབར་བ། རྡོ་རྗེའི་ཐོག་མདའ་འཕྲོ་བ། རཀྟའི་ཞམ་ཆུ་འབབ་པ། ཙིཏྟའི་ཕོལ་ཕྱིང་དང་། སྦྲུལ་ནག་གི་ཟ་ར་ཚག་གིས་བརྒྱན་པ། ཉི་ཟླའི་སྐར་ཁུང་ལྡིང་བ། ཕྱི་དང་ནང་མེད་པ། ཀུན་ཏུ་ཡང་ནང་དུ་གྱུར་པར་བསྒོམ་མོ། །དེའི་ནང་དུ། དབུས་སུ་གྲུ་གསུམ་མཐིང་ནག་ཟླ་གམ་དམར་པོ་གསུམ་དད་ལྡན་པ། དེའི་ཕྱི་རོལ་འཁོར་ལོ་སྔོན་པོ་རྩིབས་བཞི་ལ་མེ་འབར་བ། རྩིབས་མཆན་ནག་པོ་རྡོ་རྗེའི་བྲག་གིས་གཏམ་པ། ཕྱི་རོལ་རྡོ་རྗེ་མུ་ཁྱུད་ཀྱིས་བསྐོར་བ། གྲུ་ཆད་བཞི་གློ་འབུར་བཞི་དང་ལྡན་པ། དེའི་ཕྱི་རོལ་ལྷ་སྣམ་ནང་མ་སྒོ་ཁྱུད་བཞི་དང་ལྡན་པ། བར་འཁྱམས་ཕྱི་ནང་གིས་བརྒྱན་པའོ། །དེ་ནས་གཏན་བཏིང་བ་ནི། དབུས་ཀྱི་གྲུ་གསུམ་རུ་ཏྲ་ཕོ་མོ་དང་། ལྷ་ཆེན་ཕོ་མོ། དེའི་སྟེང་དུ་སེང་གེ་བརྒྱད་ཀྱི་ཁྲི་བྱུང་། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། དྲི་ཟ་དང་ཚངས་པ་ཕོ་མོའི་སྟེང་དུ། མ་ཧེ་དམར་སྐྱ་བརྒྱད་ཀྱི་ཁྲི་བྱུང་ངོ་། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། གྲུལ་བུམ་དང་གཤིན་རྗེ་ཕོ་མོའི་སྟེང་དུ། གཟིག་བརྒྱད་ཀྱི་ཁྲི་བྱུང་ངོ་། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། སྲིན་པོ་ཕོ་མོ་དང་། ཀླུའི་སྟེང་དུ་སྟག་བརྒྱད་ཀྱི་ཁྲི་བྱུང་ངོ་། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། གནོད་སྦྱིན་ཕོ་མོ་དང་དེའི་སྟེང་དུ། དམ་བརྒྱད་ཀྱི་ཁྲི་བྱུང་ངོ་། །དེ་དག་གི་བར་དུ་རིན་པོ་ཆེའི་ཁྲིའི་སྟེང་དུ་མུ་ཏིག་གི་དྲྭ་བ་དང་། པདྨ་དང་། ཟླ་བ་དང་། ཉི་མའི་གདན་རེ་རེ་བསྒོམ་མོ། །རྩིབས་ཆེན་བཞི་གྲུ་ཆད་བཞི་དང་བརྒྱད་ལ། ཞིང་བསྣོལ་མ་བརྒྱད་ཀྱི་སྟེང་དུ་ཉི་མའི་གདན་རེ་རེ། ལྷ་སྣམ་ལ་ཞིང་རྐྱང་པ་བརྒྱད་ཀྱི་སྟེང་དུ་ཉི་མ། སྒོ་བཞིར་ཞིང་རྐྱང་པ་བཞིའི་སྟེང་དུ་ཉི་མ། བར་འཁྱམས་ཕྱི་ཏ་ལ། ནང་ཞིང་ཚལ་པ་ཤར་དུ་དྲུག །ལྷོ་རུ་དྲུག །ནུབ་ཏུ་དྲུག །བྱང་དུ་དྲུག་སྟེ་ཉི་ཤུ་རྩ་བརྒྱད་ཀྱི་སྟེང་དུ་ཉི་མའི་ཚལ་པ་རེ་རེ་བསྒོམ་མོ། །དེ་ནས་བརྟན་པ་ལྷའི་དཀྱིལ་འཁོར་བསྐྱེད་པའི་ཆོ་འཕྲུལ་ནི། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །དེ་བཞིན་ཉིད་ཀྱི་དབྱིངས་ལས་ནི། །ཁྲོ་མོ་དབང་ཕྱུག་མངོན་ཕྱུངས་ཏེ། །ཞེས་པས། བདག་གི་ཐུགས་ཀ་ནས་ཡུམ་ཁྲོ་མོ་དབང་ཕྱུག་མ། སྐུ་མདོག་མཐིང་ནག་ཡབ་དང་འདྲ་བའམ། ཡང་ན་ཞལ་གཅིག་ཕྱག་གཉིས། གཡས་པས་ཡབ་ལ་འཁྱུད་ཅིང་། གཡོན་པས་ཐོད་ཁྲག་བསྣམས་པ་ཕྱུངས་ལ། ཡབ་ཡུམ་མ་ཆགས་ཐབས་ཀྱི་རོལ་པ་མཛད་པ་ལས། ཧཱུྃ་ཧཱུྃ་ཧཱུྃ་བྷི་ཤྭ་བཛྲ་མ་ཧཱ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ྄་ཕཊ྄་ཕཊ྄། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་བརྗོད་པས། བདག་ཉིད་དབུ་དང་ཕྱག་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་དང་མཉམ་པ་ཞེས་འབྱུང་སྟེ། རྣམ་པ་གཅིག་ཏུ། དབུ་དགུ་བརྒྱ། ཕྱག་སྟོང་བརྒྱད་བརྒྱ། ཞབས་བརྒྱད་བརྒྱ། ཕྱག་ན་སྟོང་ཁམས་ཀྱི་རྡུལ་སྙེད་ཀྱི་མཚོན་ཆ་འཛིན་པར་གྱུར་ཏེ། བྱང་ཆུབ་སེམས་ལས་ཀྱང་། ཁྲོ་བོ་ཞལ་ཕྱག་ངེས་པ་མེད་པ། སྐུ་ཚད་སྟོང་གསུམ་ཙམ་ལས། གྲངས་སྟོང་ཁམས་ཀྱི་རྡུལ་ཕྲ་རབ་སྙེད་ཐོན་ཏེ། སྟོང་ཁམས་ཀྱི་དྲག་བྱེད་ཐམས་ཅད་ནི་བསྒྲལ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས། སླར་ཕྱོགས་བཅུ་ནས་ཚུར་འདུས་པ་ལས། འབྲས་བུའི་ཁྲག་འཐུང་དུ་བཞེངས་པ་ནི། བདག་ཉིད་དབུས་སུ་བྷུདྡྷ་ཁྲག་འཐུང་སྐུ་མདོག་སྨུག་ནག །ཞལ་གཡས་དཀར། གཡོན་དམར་བ། ཕྱག་གཡས་ཀྱི་དང་པོ་ན་འཁོར་ཡུག །བར་མ་ན་རྡོ་རྗེ། ཐ་མ་ན་རལ་གྲི། གཡོན་དང་པོ་ན་བྷན་དྷ་ཁྲག་གིས་བཀང་བ། བར་མ་ན་དགྲ་སྟྭ། ཐ་མ་ན་གཤོལ་ཤིང་། ཕྱག་མཚན་དེ་དག་ལ་མེ་འབར་བ། ཡུམ་བྷུདྡྷ་ཀྲོ་ཏི་ཤྭ་རི་མ། སྐུ་མདོག་སྨུག་ནག །ཞལ་གཅིག་ཕྱག་གཉིས། གཡས་ཡབ་ལ་འཁྱུད་ཅིང་། གཡོན་བྷན་དྷ་བསྣམས་ཏེ། ཡབ་ལ་སྟོབས་པའོ། །ཤར་ཕྱོགས་ཀྱི་ཁྲོ་བོ་རྣམས་གཅིག་ཏུ་འདུས་པ་ལས། བཛྲ་ཁྲག་འཐུང་སྐུ་མདོག་མཐིང་ནག །དབུ་གསུམ་ཕྱག་དྲུག །ཞལ་གཡས་དཀར། གཡོན་དམར་བ། ཕྱག་དྲུག་གི་གཡས་དང་པོ་ན་རྡོ་རྗེ། བར་མ་ན་འཁོར་ཡུག །ཐ་མ་ན་རལ་གྲི། གཞན་གོང་དང་འདྲ། ལྷོ་ཕྱོགས་ཀྱི་ཁྲོ་བོ་རྣམས་གཅིག་ཏུ་འདུས་པ་ལས། རཏྣ་ཁྲག་འཐུང་སྐུ་མདོག་སེར་ནག །དབུ་གསུམ་ཕྱག་དྲུག །ཞལ་གཡས་སྔོ། གཡོན་དམར། ཡག་གཡས་དང་པོ་ན་རལ་གྲི། བར་མ་ན་རྡོ་རྗེ། ཐ་མ་ན་འཁོར་ཡུག །གཡོན་དང་པོ་ན་བྷན་དྷ་ཁྲག་གིས་བཀང་བ། བར་མ་ན་དགྲ་སྟྭ། ཐ་མ་ན་གཤོལ་ཤིང་། གཡོན་གསུམ་གོང་དང་འདྲའོ། །ནུབ་ཕྱོགས་ཀྱི་ཁྲོ་བོ་རྣམས་གཅིག་ཏུ་འདུས་པ་ལས། པདྨ་ཁྲག་འཐུང་སྐུ་མདོག་དམར་ནག །ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར། གཡོན་སྔོ། ཕྱག་གཡས་དང་པ་ན་དགྲ་སྟྭ། བར་མ་ན་རྡོ་རྗེ། ཐ་མ་ན་འཁོར་ཡུག །གཡོན་དང་པོ་ན་བྷན་དྷ། བར་མ་ན་རལ་གྲི། ཐ་མ་ན་གསོལ། བྱང་ཕྱོགས་ཀྱི་ཁྲོ་བོ་རྣམས་གཅིག་ཏུ་འདུས་པ་ལས། ཀརྨ་ཁྲག་འཐུང་སྐུ་མདོག་ལྗང་ནག །དབུ་གསུམ་ཕྱག་དྲུག །ཞལ་གཡས་དཀར། གཡོན་དམར། ཕྱག་གཡས་དང་པོ་ན་གསོལ། བར་མ་ན་རྡོ་རྗེ། ཐ་མ་ན་འཁོར་ཡུག །གཡོན་དང་པོ་ན་བྷན་དྷ། བར་མ་ན་རལ་གྲི། ཐ་མ་ན་དགྲ་སྟྭ། ཡུམ་རྣམས་ནི་སྐུ་མདོག་ཡབ་དང་མཐུན་པ་ཞལ་གཅིག་ཕྱག་གཉིས། གཡས་ཡབ་ལ་འཁྱུད་ཅིང་། གཡོན་བྷན་དྷ་དམར་ཆེན་གྱིས་བཀང་བ་ཡབ་ལ་སྟོབས་པའོ། །ཡབ་ཡུམ་ཀུན་ལ་ཆས་ཆེན་པོ་བཅུ་དྲུག་དང་ལྡན་པ། ཞལ་གདང་ཞིང་སྤྱན་བསྒྲད་པའོ། །སོ་སོའི་གདན་ལ་ཞབས་བརྐྱང་བསྐུམ་གྱི་ཚུལ་གྱིས་བཞུགས་པ། སྐུ་ལ་བསྐལ་པའི་མེ་རི་འབར་བ། རལ་པ་ཁམས་ན་གྱེན་དུ་འཁྱིལ་བ་ལས། ཐོད་པ་སྐམ་པའི་ཕྲེང་བས་བཅིང་བ། འབར་བའི་གར་དགུ་དང་ལྡན་པའོ། །གནས་ཀྱི་ལྷ་མོ་བརྒྱད་བསྐྱེད་པ་ནི། དགྱེས་པའི་སྤྲིན་ལས་ཧ། ཞེས་བརྗོད་པས། མ་མོ་ཆེན་མོ་བརྒྱད་དུ་གྱུར་ཏེ། ཤར་གྱི་རྩིབས་མཆན་ལ། དཀར་པོ་མཛེས་ལྡན་མ། སྐུ་མདོག་སྔོན་མོ། གཡས་ན་ཞིང་དབྱུག །གཡོན་ན་བྷནྡྷ་དམར་ཆེན་གྱིས་བཀང་བ་གསོལ་བའོ། །བམ་བསྣོལ་མའི་གདན་ལ་བཞུགས་པའོ། །ལྷོར་རྐུན་མོ་སྐུ་མདོག་སེར་མོ། ཕྱག་གཉིས་ཀྱིས་མདའ་གཞུ་འགེངས་ཏེ། གཙོ་བོའི་ཐུགས་ཀར་གཟིར་བའོ། །ནུབ་ཏུ་རྨོངས་བྱེད་མ་སྐུ་མདོག་དམར་ནག །གཡས་ན་ཆུ་སྲིན་གྱིས་རྒྱལ་མཚན་ཕྱར་བ། གཡོན་བྷན་དྷ་དམར་ཆེན་གྱིས་བཀང་བ་གསོལ་བའོ། །བྱང་ཕྱོགས་སུ་བརླག་བྱེད་མ་སྐུ་མདོག་མཐིང་ནག །གཡས་རྡོ་རྗེ་རྩེ་དགུ། གཡོན་ཞིང་ཆུང་ངུའི་མགོ་ནས་གསོལ་བའོ། །ཤར་ལྷོའི་གྲུ་ཆད་ལ། སྤོས་མོ་སྐུ་མདོག་དམར་སེར། ཕྱག་གཡོན་པས་ཞིང་བཟུང་ནས། གཡས་ཀྱིས་དེའི་རྒྱུ་མ་ཞགས་པར་འདྲེན་པའོ། །ལྷོ་ནུབ་ཏུ་གཏུམ་མོ་སྐུ་མདོག་ལྗང་ཀུ། གཡོན་ཐོད་ཁྲག་གཡས་རྡོ་རྗེས་དཀྲུགས་ཤིང་གསོལ་བའོ། །ནུབ་བྱང་དུ་སྨེ་ཤ་ཅན། སྐུ་མདོག་ནག་མོ་ཕྱག་གཉིས་ཀྱིས་ཞིང་བཟུང་ནས་ཁོང་པ་ནས་གློ་སྙིང་འདྲེན་ཅིང་ཟ་བའོ། །བྱང་ཤར་མཚམས་སུ་མ་ཚོགས་མ་སྐུ་མདོག་མཐིང་སྐྱ། ཕྱག་གཉིས་ཀྱིས་ཞིང་གི་མགོ་ལུས་ཕྲལ་བའོ། །ལྷ་མོ་དེ་བརྒྱད་ནི། ཞིང་གི་སྐེད་འཆིང་དང་། སྟག་གི་ཤམ་ཐབས་མངའ་བ། རྒྱུ་མའི་ཕྲེང་བས་སྐུ་ལ་དཀྲིས་པ། ཞག་དང་། ཐལ་ཆེན་དང་། རཀྟའི་ཐིག་ལེས་བརྒྱན་པ། དབུ་དང་སྐུ་ལ་ཐོད་པའི་ཕྲེང་བས་བརྒྱན་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། བསྐལ་པའི་མེ་དཔུང་འབར་བའི་དབུས་ན། ཞིང་བསྣོལ་མའི་གདན་ལ། དབྱིངས་ལས་བྱུང་བའི་ངོ་མཚར་དང་། དཔལ་ཆེན་ཐུགས་ལས་སྤྲུལ་པའི་ངོ་མཚར་དང་། གདུལ་བྱ་འདུལ་བའི་ངོ་མཚར་གསུམ་དང་བཅས་ནས་བཞུགས་སོ། །ཡུལ་གྱི་ལྷ་མོ་བརྒྱད་བསྐྱེད་པ་ནི། བྱང་ཆུབ་སེམས་ཀྱི་སྤྲིན་ལ་ཧེ། ཞེས་བརྗོད་པས། མགོ་བརྙན་མ་བརྒྱད་དུ་གྱུར་ཏེ། ཤར་ཕྱོགས་སུ་སེང་ཧ་མ་སྐུ་མདོག་སེར་མོ། སེང་གེའི་མགོ་ཅན་ཁ་ན་རོ་ཟ་བ། ཕྱག་གཉིས་རྩེ་གསུམ་གྱི་ཕྱག་རྒྱ་བསྣོལ་ནས། ཞབས་གཉིས་འགྱིང་ཐབས་ཀྱིས་ཞིང་རྐྱང་པའི་གདན་ལ་བཞུགས་སོ། །ལྷོ་ཕྱོགས་སུ་བྱཀྲྀ་མུ་ཀ་སྨུ་མདོག་དམར་ནག །སྟག་གི་མགོ་ཅན། མདུན་དུ་ཞིང་ལ་འབྲུ་ཚགས་སུ་བལྟ་བ། ཕྱག་གཉིས་ཀྱིས་རྩེ་གཅིག་གི་ཕྱག་རྒྱ་བསྣོལ་བའོ། །ནུབ་ཕྱོགས་སུ་སྲི་ལ་མུ་ཁ་ནག་མོ། ཝའི་མགོ་ཅན། ཕྱག་གཉིས་ཀྱིས་ཞིང་གི་ལྤགས་པ་ཐོགས་ནས་ཆུ་སེར་ལྡག་པའོ། །བྱང་ཕྱོགས་སུ་ཤྭ་ན་མུ་ཀ་སྐུ་མདོག་སྔོན་མོ། །སྤྱང་ཀུའི་མགོ་ཅན། ཕྱག་གཉིས་ཀྱིས་ཞིང་བཟུང་ནས། ཁོང་པ་བཀྲལ་ཏེ་ནང་གི་གློ་སྙིང་ལ་བལྟ་བའོ། །ཤར་ལྷོར་ཀྲི་ཏ་མུ་ཀ་སྐུ་མདོག་དམར་ནག །བྱ་རྒོད་ཀྱི་མགོ་ཅན། ཕྱག་གཡས་གྲི་ཁུག་གཡོན་ཐོད་ཁྲག་བསྣམས་པའོ། །ལྷོ་ནུབ་མཚམས་སུ་ཀཾ་ཀ་མུ་ཀ་སྐུ་མདོག་སྣར་མོ། མགོ་དུར་བྱ། ཕྱག་གཉིས་ཀྱིས་ཞིང་ཕྲག་པ་ལ་ཁུར་བའོ། །ནུབ་བྱང་མཚམས་སུ་ཁ་ཁ་མུ་ཁ་བྱ་རོག་གི་མགོ་ཅན། ཁ་དོག་ནག་མོ། གཡས་ན་གྲི། གཡོན་ན་བྷནྡྷ་རྒྱུ་མས་བཀང་བ་གསོལ་བའོ། །ཁ་ན་རོ་ཐོགས་པའོ། །བྱང་ཤར་མཚམས་སུ་ཧུ་ལུ་མུ་ཀ་འུག་པའི་མགོ་ཅན། སྐུ་མདོག་ལྗང་ཀུ། གཡས་ལྕགས་ཀྱུ་གཡོན་བྷནྡྷ་ཁྲག་གིས་བཀང་བ་གསོལ་བའོ། །ཕྲ་མེན་མ་དེ་བརྒྱད་ཀྱི་རྒྱན་དང་ཆ་ལུགས་ནི། གནས་ཀྱི་ལྷ་མོ་བརྒྱད་དང་འདྲ་བ་ལས། ཁྱད་པར་དུ་སྐུ་ལ་གཤོག་པ་སྐྱེས་པ། འཁོར་ཡང་ཕྲ་མེན་མ་དེ་འདྲ་བའི་ཚོགས་ཀྱིས་བསྐོར་བ། ཞིང་རྐྱང་པའི་གདན་ལ་བཞུགས་པའོ། །བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཕཊ྄། ཅེས་བརྗོད་པས། དཀྱིལ་འཁོར་གྱི་སྒོ་བཞིར་སྒོ་མ་བཞི་བསྐྱེད་པ་ནི། ཤར་སྒོར་རྟ་གདོང་ལྕགས་ཀྱུ་མ། སྐུ་མདོག་དཀར་པོའམ་སྔོན་མོ། འདྲ། གཡས་ལྕགས་ཀྱུ། གཡོན་བྷན་དྷ་དམར་ཆེན་གྱིས་བཀང་བའི་ནང་ན། རྟ་མགོ་ལྗང་ཀུ་ཕྱུང་བའོ། །ལྷོ་སྒོར་ཕག་གདོང་ཞགས་པ་མ་སྐུ་མདོག་སེར་ནག །ཕྱག་གཉིས་ཀྱིས་རྒྱུ་མའི་ཞགས་པ་བསྣམས་པའི་རྩེ་མོ་ན་ཕག་རྒོད་ཀྱི་མཆེ་བས་མཚན་པའོ། །ནུབ་སྒོར་ཉི་ཟླ་ལྕགས་སྒྲོག་མ་སྐུ་མདོག་དམར་མོ། ཕྱག་གཉིས་ལྕགས་སྒྲོག་བསྣམས་ཏེ། མདོ་མིག་སྨིན་མཚམས་ན་ཡོད་དེ། ཉི་ཟླའི་ག་བུའི་ནང་ན་རྣལ་འབྱོར་པའི་ཚེ་འཛིན་པའོ། །ཡི་གེ་ཨའི་རང་བཞིན། མཆན། བྱང་སྒོར་དྲིལ་བུ་མ་སྐུ་མདོག་ལྗང་ནག །ཕྱག་གཡས་ན་དྲིལ་བུ་བསྣམས་པ། གཡོན་ན་བྷནྡྷ་བདུད་རྩི་ལྔས་བཀང་བའི་ནང་ནས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྐུ་ལྟེ་བ་ཡན་ཆད་ཕྱུངས་བའོ། །ལྷ་མོ་འདི་བཞི་ནི་དཔལ་ཆས་བཅུ་དྲུག་དང་ལྡན་ཏེ། ཡུམ་ཀྲོ་ཏི་ཤྭ་རི་མ་དང་འདྲའོ། །ཀུན་ཀྱང་ཞིང་རྐྱང་པའི་གདན་ལ་བཞུགས་ཏེ། ངོ་མཚར་གསུམ་དང་བཅས་ནས་རྔམ་པའོ། །དེ་ནས་ཡང་། དགྱེས་པའི་སྤྲིན་ལས་ཕྱོགས་བཅུ་ནས། ཕཊ྄་ཅེས་བསྒྲགས་པས། ཐམས་ཅད་སྔར་བས་ཀྱང་ཁྲོས་ཏེ། དམག་ཆས་པ་ལ་རེམ་རེམ་བྱས་པ་དང་འདྲ་བར། ཤིན་ཏུ་ཡང་ཁྲོས་པར་གྱུར་ཏོ། །དེ་དག་ནི་ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་བསྐྱེད་པའི་ཆོ་འཕྲུལ་ཏེ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རྟགས་སོ། །རང་བཞིན་གྱི་དཀྱིལ་འཁོར་ལ་གཉིས་ཀྱིས་བསྟན་པའི་འགོ་མ། རྒྱལ་བའི་སྲས་སུ་བདག་བསྐྱེད་པའི་སྒོ་ནས། དབང་བསྐུར་བའི་ཆོ་འཕྲུལ་ནི། གཞུང་ལས་ཀྱང་། རང་གི་ངང་ཚུལ་དེ་བཟུང་ནས། །བསྐུལ་ཚིག་འདི་ཡང་རབ་ཏུ་བརྗོད། ཅེས་པས། གཙོ་བོའི་སྐུ་ལ་གཉིས་སུ་གྱུར་ཏེ། ཤར་ཕྱོགས་ཀྱི་སྒོར་གཤེགས་ནས། བརྐྱང་ཕྱག་འཚལ་ཏེ། ༀ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། ཞེས་པ་ལ་སོགས་པས་བསྐུལ་བས། གཙོ་བོའི་ཐུགས་ཀ་ནས་འོད་བསྐལ་བའི་མེ་དཔུང་ལྟ་བུ་བྱུང་བས། རང་གི་ལུས་ངག་ཡིད་གསུམ་གྱི་བག་ཆགས་ཐམས་ཅད་བསྲེག་ནས། སེམས་རྣམ་པར་དག་པ་གསེར་ཞུན་མ་ལྟ་བུར་གྱུར་པ་ནི། ཕྱིའི་དབང་ངོ་། །རང་གི་སེམས་ཡི་གེ་ཧཱུྃ་མཐིང་ནག་ཏུ་གྱུར་ཏེ། གཙོ་བོའི་ཐུགས་ཀར་ཐིམ་པ་ནི། ནང་གི་དབང་ངོ་། །ཡབ་ཡུམ་གཉིས་མ་ཆགས་ཐབས་ཀྱི་རོལ་པ་མཛད་པ་སྐུའི་དབྱིབས་སུ་བརྒྱུད། གསང་བ་རྡོ་རྗེའི་ལམ་དུ་བྱུང་། ཡུམ་གྱི་པད་མའི་མཁའ་ལ་བབ་པ་ནི། གསང་བའི་དབང་ངོ་། །བྱང་ཆུབ་སེམས་ཀྱི་འོད་དཔུང་དཀར་དམར་འདྲེས་པ་ལས། གཙོ་བོ་ཡབ་ཡུམ་ཡང་འོད་དུ་ཞུ་ནས། བྱང་ཆུབ་སེམས་ཀྱི་འོད་དཔུང་ལ་ཐིམ། རིགས་བཞི་ཁྲག་འཐུང་རྣམས་ཀྱང་ཧཱུྃ་ཞེས་བརྗོད་ཅིང་འོད་དཔུང་ལ་ཐིམ། ནང་གི་ལྷ་མོས་ཧ། ཕྱིའི་ལྷ་མོས་ཏེ། སྒོ་མ་བཞིས་ཕཊ྄་ཅེས་བརྗོད་ཅིང་། ཐམས་ཅད་དབུས་ཀྱི་གདན་ཐོག་ཏུ་འོད་དཔུང་དུ་གྱུར་པ་ནི། བདེ་བ་ཆེན་པོའི་དབང་ངོ་། །འོད་དེ་ཡང་མི་དམིགས་པ་སྟོང་པ་ཉིད་དུ་གནས་པ་ནི། ཡེ་ཤེས་རང་གནས་ཀྱི་དབང་ངོ་། །དབང་དེ་རྣམས་བསྐུར་བའི་དགོས་པ་ནི། ཡེ་ནས་སངས་རྒྱས་པ་ཡིན་ཀྱང་། རྟོག་པས་འཇུག་དགོས་པ་དང་། རིག་པ་ལྷུན་གྱི་གྲུབ་པར་བྱ་བ་དང་། རྒྱལ་བའི་སྲས་སུ་བདག་བསྐྱེད་པའི་ཕྱིར་རོ། །ཡོངས་སུ་རྫོགས་པའི་ཆོ་འཕྲུལ་གྱི་གཉིས་པ་གསང་བའི་དཀྱིལ་འཁོར་ལ་ལྔ་སྟེ། ཆོ་ག་གསུམ་གྱིས་གཙོ་བོ་ཡབ་ཡུམ་བསྐྱེད་པའི་ཆོ་འཕྲུལ་དང་། དབང་བསྐུར་བའི་ཆོ་འཕྲུལ་དང་། བྱིན་གྱིས་རླབས་པའི་ཆོ་འཕྲུལ་དང་། ཡུམ་གྱི་མཁའ་གསང་ལས་དཀྱིལ་འཁོར་བསྐྱེད་པའི་ཆོ་འཕྲུལ་དང་། གསང་བའི་བྱང་ཆུབ་སེམས་ཀྱིས་མཆོད་པ་འབུལ་བའི་ཆོ་འཕྲུལ་ལོ། །གཙོ་བོ་ཡབ་ཡུམ་བསྐྱེད་པའི་ཆོ་འཕྲུལ་ནི། དབུས་ཀྱི་གདན་ཐོག་ཏུ་ཧཱུྃ་མཐིང་ནག་སྒྲིལ་མར་གནས་པ་ལས། ཧཱུྃ་མཐིང་ནག་གྲངས་མེད་པ་འཕྲོས་པས། དྲག་དལ་ནི་འཁུ་འཕང་འདྲིལ་བ་ཙམ་སྒྲ་ནི་བོང་གྲགས་པ་ཙམ་མོ། །མཆན། སེམས་ཅན་གྱི་ངག་གི་སྒྲིབ་པ་སྦྱངས། བདེ་གཤེགས་གསུང་གི་རྒྱུད་བསྐུལ། སླར་ཚུར་འདུས་པ་ལས་བཞི་བོའི་ཧཱུྃ་ལ་ཐིམ་པས། རྡོ་རྗེ་དང་བྷནྡྷར་དྲག་དལ་ནི་སེར་བ་འབབ་པ་ཙམ། སྒྲ་ནི་སེང་གེའི་ང་རོ་ཙམ། མཆན། གྱུར། དེ་ལ་ཕྱག་མཚན་གྲངས་མེད་པ་འཕྲོས་པས་སེམས་ཅན་གྱི་ཡིད་ཀྱི་སྒྲིབ་པ་སྦྱང་བ། བདེར་གཤེགས་ཐུགས་ཀྱི་རྒྱུད་བསྐུལ། སླར་འདུས་པ། ལས་ཡབ་ཡུམ་གཉིས་ཀྱི་སྐུ་ཕྲ་མོར་གྱུར། དེ་ལ་སྐུ་ཕྲ་མོ་གྲངས་མེད་པ་འཕྲོས་དྲག་དལ་ནི་ཐོག་འབབ་པ་ཙམ། སྒྲ་ནི་འབྲུག་སྒྲ་ལྡིར་བ་ཙམ་མོ། །མཆན། པ་ལས། སེམས་ཅན་གྱི་ལུས་ཀྱི་སྒྲིབ་པ་སྦྱངས། བདེར་གཤེགས་སྐུའི་རྒྱུད་བསྐུལ་ནས། ཧེ་རུ་ཀའི་སྐུར་གྱུར་ཏེ། སྐུ་དེ་རྣམས་སླར་འདུས་དབུས་ཀྱི་སྐུ་ལ་ཐིམ་པ་ལས། དཔལ་ཁྲག་འཐུང་ཆེན་པོའི་སྐུར་གྱུར་ཏེ། སྐུ་མདོག་མཐིང་ནག །དབུ་གསུམ་ཕྱག་དྲུག །ཞབས་བཞི་དང་ལྡན་པ། ཞལ་གཡས་དཀར། གཡོན་དམར། དབུས་སྐུ་དང་མཐུན་པ། དབུ་རལ་པ་ཁམས་ནག་སྲིད་པའི་རྩེ་མོར་འཁྱིལ་བ། རལ་པའི་རྩ་བར་སྦྲུལ་དང་ཐོད་པས་བཅིང་བ། ཕྱག་དྲུག་གི་གཡས་དང་པོ་ན་རྡོ་རྗེ་ནག་པོ་རྩེ་དགུ་པ། གཡོན་དང་པོ་དུང་ཆེན་ཁྲག་གིས་བཀང་བ་དཀྲུག་ཅིང་གསོལ་བ། གཡས་བར་མ་ན་སྟོང་གི་འཇིག་རྟེན་འཁོར་ཡུག །ཐ་མ་ན་རལ་གྲི། གཡོན་བར་མ་ན་དགྲ་སྟ། ཐ་མ་ན་གཤོལ། སྐུ་ལ་དཔལ་ཆས་བཅུ་དྲུག་གིས་བརྒྱན་པ། ཞབས་བཞི་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པ། བསྐལ་པའི་མེ་རི་འབར་བའི་ཀློང་ན་འབར་བའི་གར་དགུ་དང་ལྡན་ཏེ། དགྱེས་ཤིང་ངོ་མཚར་བའི་ཚུལ་གྱིས་བཞུགས་སོ། །ཡུམ་བཛྲ་ཀྲོ་ཏི་ཤྭ་རི་མ། ཞལ་གཅིག་ཕྱག་གཉིས། གཡས་པས་ཡབ་ལ་འཁྱུད་ཅིང་། གཡོན་པས་དུང་ཆེན་ཁྲག་གིས་བཀང་བ་ཡབ་ལ་སྟོབས་པ། ཆས་ཆེན་པོ་བཅུ་དྲུག་གིས་བརྒྱན་པ་ལ། ཟ་བྱེད་གཟིག་གི་ཤམ་ཐབས་ཅན། སྐུ་མདོག་མཐིང་ནག་འཇོལ་སྒེག་གི་ཚུལ་དུ་ཡབ་ལ་འཁྲིལ་ཏེ་བཞུགས་སོ། །ཡབ་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་འདྲ་བ་གཅིག་ཉི་མའི་དཀྱིལ་འཁོར་ལ་བཞུགས་པར་བསྒོམ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རྡོ་རྗེ་ནག་པོ་རྩེ་དགུ་པ། དེའི་ལྟེ་བར་ཉི་མ་ལ་ཧཱུྃ་མཐིང་ནག་གི་ཐ་མར། རུ་ལུ་འབྲུ་བརྒྱད་ཁ་དོག་མཐིང་ནག་གིས་གཡས་སུ་འཁོར་རོ། །ཡུམ་གྱི་ཐུགས་ཀར་བྷནྡྷ། དེའི་ནང་དུ་ཉི་མའི་སྟེང་དུ། ཧཱུྃ་མཐིང་ནག་ལ་རུ་ལུས་གཡོན་ཕྱོགས་སུ་འཁོར་བའོ། །གསང་བའི་དཀྱིལ་འཁོར་གྱི་གཉིས་པ་དབང་བསྐུར་བའི་ཆོ་འཕྲུལ་ནི། དོན་གྱི་དབང་དང་། རྟགས་ཀྱི་དབང་གཉིས་སུ་ཤེས་པར་བྱ་སྟེ། ཡེ་ཤེས་ལྔ་རིགས་ལྔའོ། །ༀ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་སྐུ་དེ་ཡང་བརྡལ་བ་ཆེན་པོ་ཆོས་ཀྱི་དབྱིངས་ལས་མ་གཡོས་པར་བསྒོམ། རྟགས་ནི། སྤྱི་བོར་མི་བསྐྱོད་པ་སྐུ་མདོག་མཐིང་ཀ །བསྒོམ་མོ། །ༀ་མ་ཧཱ་ཨ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་ཡབ་ཡུམ་གྱི་སྐུ་དེ་ཡང་ཆོས་ཀྱི་སྐུ་མི་འགག་པ་ཙམ་ཡིན་པར་ཤེས་པར་བྱའོ། །རྟགས་ནི། དཔྲལ་བའི་ཕྱོགས་སུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། བསྒོམ་མོ། །ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་ལྷའི་སྐུ་དེ་དག་ཀྱང་གདུལ་བྱའི་བསམ་པ་མཐའ་ཡས་པ་བསམ་གྱིས་མི་ཁྱབ་པར་བསམ་མོ། །རྟགས་ནི། ལྟག་པར་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ། བསྒོམ་མོ། །ༀ་མ་ཧཱ་ས་མནྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས། དེ་ལྟར་རྒྱལ་བའི་སྐུ་མ་འགག་པ་དང་། དབྱིངས་མ་སྐྱེས་པ་གཉིས་དབྱེར་མེད་པར་བསྒོམ་མོ། །རྟགས་ནི། རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་མོ། བསྒོམ་མོ། །ༀ་མ་ཧཱ་ཀྲྀ་ཏྱཱ་ནུཥྛཱ་ནྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས། རྒྱལ་བའི་སྐུ་མ་འགག་པ་ནི་གཞན་དོན་དོ། །ངོ་བོ་མ་སྐྱེས་པ་ནི་བདག་དོན་ཏེ། དོན་གཉིས་ལྷུན་གྱིས་གྲུབ་པའོ། །རྟགས་ནི། རྣ་ལྟག་གཡོན་པའི་སྟེང་དུ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཀུ། བསྒོམ་མོ། །བྱིན་གྱིས་རླབས་པའི་ཆོ་འབུལ་ནི། ༀ་སརྦ་ཏ་ཐཱ་ག་ར་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས། བདག་གི་སྤྱི་བོའི་ནང་དུ་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ། གཡས་འཁོར་ལོ། གཡོན་དྲིལ་བུ་བསྣམས་པ། ཟླ་བའི་གདན་ལ་བཞུགས་པ། བསྒོམ་མོ། །དེའི་ཐུགས་ཀར་འཁོར་ལོ་ༀ་གྱིས་མཚན་པར་བསྒོམ་མོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀྐ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས། ལྕེ་པདྨ་འདབ་བརྒྱད་ཀྱི་སྟེང་དུ། གསུང་རྡོ་རྗེ་སྐུ་མདོག་དམར་པོ་གཡས་པདྨ། གཡོན་དྲིལ་བུ་བསྣམས་པ། དེའི་ཐུགས་ཀར་པདྨ་ༀ་གྱིས་མཚན་པར། བསྒོམ་མོ། །ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས། ཐུགས་ཀར་ཉི་མའི་སྟེང་དུ། ཐུགས་རྡོ་རྗེ་སྐུ་མདོག་སྔོན་པོ། གཡས་རྡོ་རྗེ་གཡོན་དྲིལ་བུ་བསྣམས་པ། དེའི་ཐུགས་ཀར་རྡོ་རྗེ་ཧཱུྃ་གིས་མཚན་པར་བསྒོམ་མོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རྭ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས། ལྟེ་བར་རིན་ཆེན་ཟུར་བརྒྱད་ཀྱི་སྟེང་དུ། ཆགས་པའི་རྡོ་རྗེ་སྐུ་མདོག་སེར་པོ། གཡས་ན་རིན་ཆེན་ཟུར་བརྒྱད་པ། གཡོན་ན་དྲིལ་བུ་བསྣམས་པའོ། །དེའི་ཐུགས་ཀར་རིན་པོ་ཆེ་ཟུར་བརྒྱད་པས་མཚན་པ་བསྒོམ་མོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས། གསང་གནས་ཆོས་འབྱུང་གྲུ་གསུམ་གྱི་སྟེང་དུ། མཆོད་པའི་རྡོ་རྗེ་སྐུ་མདོག་ལྗང་གུ། གཡས་ན་རལ་གྲི། གཡོན་ན་དྲིལ་བུ་བསྣམས་པ། དེའི་ཐུགས་ཀར་རལ་གྲི་ཧཾ་གིས་མཚན་པར་བསྒོམ་མོ། །མཁའ་གསང་བྱིན་གྱིས་རླབས་ཤིང་དཀྱིལ་འཁོར་སྤྲོ་བའི་ཆོ་འཕྲུལ་ནི། ཡབ་ཀྱི་གསང་བའི་གནས་སུ་ཧཱུྃ་ལས། རྡོ་རྗེ་རྩེ་ལྔ་པ། ལྟེ་བ་ལ་ཧཱུྃ། ཕྱི་མཚམས་སུ་ཕཊ྄། ནང་མཚམས་སུ་ༀ། ཡུམ་གྱི་གསང་བའི་གནས་སུ། པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ། ༀ་གྱིས་མཚན་པ། དེ་གཉིས་ཀྱི་བར་དུ་མ་ལས་ཉི་མའི་དཀྱིལ་འཁོར་གྱིས་ཡེ་ཤེས་ཀྱི་དྲོད་བསྐྱེད་པར་བསྒོམ་མོ། །ཀྵེ་ཏ་པ་ལ། ལ་སོགས་པ། ཞེས་པའི། སྦྱོར་བའི་བརྡས་བསྐུལ་ཏེ། དེ་ཡང་ཕྱོགས་བཅུའི་བྷུདྡྷ་ཐམས་ཅད་རང་གི་ཞལ་དུ་ཞུགས། སྐུའི་དབྱིབས་སུ་བརྒྱུད། ཡབ་ཀྱིས། ས་མ་ཡ་ཧོ། ཡུམ་གྱིས། ས་མ་ཡ་སྟྭཾ། ཡབ་ཀྱིས། ཨ་ནུ་རཱ་ག་ཡ་ཧཾ། ཡུམ་གྱིས། ཨ་ནུ་རཱ་ག་ཡ་མི། ཞེས་བསྐུལ་ནས། གསང་བ་རྡོ་རྗེའི་ལམ་ནས། ཡུམ་གྱི་པདྨའི་མཁའ་ལ་བྷྲཱུྃ་དམར་པོ་གཅིག་འཕྲོས་པ་ལས་དཀྱིལ་འཁོར་དུ་གྱུར་ཏེ། བར་ཁྱམས་དང་། སྒོ་གདན་ཁྲི་དང་བཅས་པ། བསྒོམ་མོ། །དེ་ནས་ཡང་། བྱང་ཆུབ་སེམས་ཀྱི་ཆ་གཉིས་པ་ལ། ཧཱུྃ་བཅུ། ཧ་བརྒྱད། ཧེ་བརྒྱད། ཕཊ྄་བཞི། དེ་རྣམས་འཕྲོས་པ་ལས། སོ་སོའི་གདན་ཐོག་ཏུ་བབ་པ་ལས། ཕྱག་མཚན་རྣམས་སུ་གྱུར། དེ་རྣམས་ལས་ཧཱུྃ་བཅུ་ལ་རིགས་ལྔ་ཡབ་ཡུམ་བཅུར་གྱུར། ཧ་ལས་ནང་གི་ལྷ་མོ་བརྒྱད། ཧེ་ལས་ཕྱིའི་ལྷ་མོ་བརྒྱད། ཕཊ྄་ཀྱི་སྒོ་མ་བཞི། དེ་རྣམས་ཀྱང་། སྐུ་མདོག་ཕྱག་མཚན་དང་ཆ་ལུགས། །གདན་ཁྲི་དང་བཞུགས་ཚུལ། ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་ལྟར་བསྒོམ་ཞིང་། ཏིང་ངེ་འཛིན་གསལ་བར་བྱའོ། །ཧཱུྃ་ངེས་པ་ལ་ནི་རྡོ་རྗེ་ཆེ། །དེ་ལ་དཔལ་ཆེན་ཧེ་རུ་ཀ །འབར་བ་ཆེན་པོའི་གར་དགུའི། །འཇིགས་པ་ཡི་ནི་དུས་ལྟར་དྲག །ༀ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་འབྱམས་ཀླས་མ་ལུས་ཀུན། །མཆོག་ཉིད་བསྒྲུབ་པར་འགྱུར་པས་ན། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ཨརྱ་ཏེ་ཛ་ཏིང་ཛཿ ༀ་བཛྲ་ཨ་མུ་ཁ་ཧཱུྃ། ༀ་བཛྲ་ལོ་ཀ་བྃ། ༀ་བཛྲ་བྷསྨི་བ་ལ་བ་ཏུ་ཧོ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྚ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་དུཥྚན་ཧཱུྃ་ཕཊ྄། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙནྚ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄། ༀ་མ་ཧཱ་བཛྲ་དྷཱ་ར་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ྄། ༀ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄། ༀ་མ་ཧཱ་སཱུརྱ་རཏྣ་མ་ཧཱ་ཀྲོ་དྷི་ཤྭ་རཱི་བི་ད་མ་ཧཱུྃ་ཕཊ྄། ༀ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙནྚ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄། ༀ་ཧྲཱིཿཤྲུ་ཏ་ས་མནྟ་པདྨ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཁཱ་ཧི་ཧཱུྃ་ཕཊ྄། ༀ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙནྚ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄། ༀ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་དྷེ་ཤྭ་རི་བི་ཤྭ་ཧཱུྃ་ཕཊ྄། ཆེ་མཆོག་མཉམ་ཉིད་འབར་བའི་ཀློང་དཀྱིལ་ནས། གདུག་པ་འདུལ་མཛད་ཐུགས་རྗེ་ཁྲོས་པའི་རྒྱལ། །གསང་སྔགས་རྨད་འབྱུང་དྲག་པོའི་ཕྲིན་ལས་ཀྱིས། །ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་སེམས་དཔའ་ནི། ཧེ་རུ་ཀ་ལྔ་ལ་ཉི་མ་ཟླ་བ་པདྨའི་སྟེང་དུ། རང་འདྲ་བ་རེ་རེ། དེའི་ཐུགས་ཀར་ཕྱག་མཚན་དང་པོ་རྣམས་ལ་རུ་ལུས་བསྐོར་བའོ། །ཁ་དོག་ནི་སྐུ་མདོག་བཞིན་ནོ། །ཡུམ་ལྔ་ལ་ཉི་མའི་སྟེང་དུ། བྷནྡྷའི་ནང་དུ་ཉི་མའི་སྟེང་དུ། ཧཱུྃ་ལས་རུ་ལུས་གཡོན་ཕྱོགས་སུ་འཁོར་རོ། །མ་མོ་ཉི་ཤུའི་ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ལ། ཉི་མའི་སྟེང་ན། མ་བརྒྱད་ལ་ཧ། ཕྲ་མེན་མ་བརྒྱད་ལ་ཧེ། སྒོ་མ་བཞི་ལ་ཕཊ྄། དེའི་ཐ་མར་རུ་ལུའམ་རང་སྔགས་ཀྱིས་གཡས་བསྐོར་དུ་འཁོར་རོ། །དབང་མོ་ལ་ཉི་མའི་སྟེང་དུ། བྷནྡྷ་ཕྱེད་པོ་ལ་བྷྱོས་མཚན་པའོ། །གསང་བ་བྱང་ཆུབ་སེམས་ཀྱི་མཆོད་པ་འབུལ་བའི་ཆོ་འཕྲུལ་ནི། ཡང་བྱང་ཆུབ་སེམས་ལས། ཁམས་དྲུག་གི་ལྷ་མོར་གྱུར་ཏེ། དཀྱིལ་འཁོར་གྱི་ལྷ་རྣམས་ལ་རྒྱས་པར་མཆོད་དེ། དེ་ནས་རང་བཞིན་ལྷུན་གྱི་གྲུབ་པའི་དཀྱིལ་འཁོར་དུ་འདོན་པ་ནི། བཛྲ་ཁྲག་འཐུང་ཡབ་ཡུམ་གྱི་སྔགས་འདོན་པས། ཡབ་རང་ལ་བསྟིམ། ཡུམ་རང་གི་ཡུམ་ལ་བསྟིམ་མོ། །དེ་བཞིན་དུ་བྷུདྡྷ་ཁྲག་འཐུང་ཡབ་ཡུམ་སྤྱན་དྲང་ལ་དཀྱིལ་འཁོར་གྱི་ཤར་དུ་བཞུགས་སོ། །རཏྣ་ཁྲག་འཐུང་ཡབ་ཡུམ་སྤྱན་དྲངས་ལ་ལྷོར་བཞུགས་སོ། །པདྨ་ཁྲག་འཐུང་ཡབ་ཡུམ་སྤྱན་དྲང་ལ་ནུབ་ཏུ་བཞུགས་སོ། །ཀརྨ་ཁྲག་འཐུང་ཡབ་ཡུམ་སྤྱན་དྲང་ལ་བྱང་དུ་བཞུགས་སོ། །གནས་ཀྱི་ལྷ་མོ་བརྒྱད་སྤྱན་དྲང་ལ་སོ་སོའི་གདན་ལ་བཞུགས་སོ། །ཕྲ་མེན་མ་བརྒྱད་སྤྱན་དྲངས་ལ་ལྷ་སྣམ་ལ་བཞུགས། སྒོ་མ་བཞི་སྤྱན་དྲང་ལ་སྒོ་བཞིར་བཞུགས་སོ། །དེ་དག་ཀྱང་སོ་སོའི་སྔགས་ཀྱིས་ཡུམ་གྱི་མཁའ་ནས་སྤྱན་དྲང་ལ། རང་རང་གི་སྔགས་ཀྱིས་གདན་ལ་ཅག་གེ་བཞུགས་སོ། །དེར་ཡང་ལྷ་ཐམས་ཅད་གསལ་གདབ། ཕྱག་རྒྱ་སྤྲོས་པ་ལྟར་ན། དབུ་རྒྱན་ལྔ་དང་། བྱིན་གྱིས་བརླབས་པའི་ལྷ་ལྔ་དང་། ཐུགས་ཡེ་ཤེས་སེམས་དཔའ་གསུམ་བརྩེགས་ཀུན་ལ་ཚང་བར་བྱའོ། །དེ་དག་ནི་རང་བཞིན་ལྷུན་གྱི་གྲུབ་པའི་དཀྱིལ་འཁོར་ཁྲག་འཐུང་སུམ་ཅུ་འདོན་པའི་ཆོ་འཕྲུལ་ལོ། །རང་བཞིན་ལྷུན་གྱི་གྲུབ་པའི་ཆོ་འཕྲུལ་གྱི་གཉིས་པ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་བསྐྱེད་པ་ནི། བར་འཁྱམས་ཀྱི་ཞིང་ཚལ་པ་ཉི་ཤུ་རྩ་བརྒྱད་ཀྱི་སྟེང་དུ། བྷྱོ་ཉི་ཤུ་རྩ་བརྒྱད་ལས། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དུ་བསྐྱེད་པ་ནི་རང་རང་གི་སྔགས་ཀྱིས་ལྷག་ལྷག་བསྐྱེད་དེ། ཤར་གྱི་བྷྱོ་དྲུག་ལས་མ་དྲུག་བསྐྱེད་པ་ནི། མ་ནུ་རཀྴ་སཱི་བྷྱོ། ཞེས་པས། རྡོ་རྗེ་སྲིན་མོ་ཁ་དོག་སྨུག་ནག་གཡས་ན་བྷནྡྷ་རློན་པ་བསྣམས་སོ། །གཉིས་པ་ནི། པྲ་ཧྨ་ཎཱི་བྷྱོ། ཞེས་པས། ཚངས་པ་དམར་སེར་དབུ་བཞི་སྦྲུལ་གྱི་ཅོད་པན་ཅན། གཡས་ན་པདྨ། གསུམ་པ་ནི། རེའུ་ཏྲི་མ་བྷྱོ། ཞེས། ལྷ་ཆེན་མོ་སྐུ་མདོག་དཀར་ལྗང་། གཡས་ཏྲི་ཤུལ། བཞི་པ་ནི། བྷ་ན་བྷེ་བྷྱོ། གཏོག་འདོད་མ་སྔོན་མོ་གཡས་འཁོར་ལོ། ལྔ་པ་ནི། ཀུ་མཱ་རཱི་བྷྱོ། གཞོན་ནུ་མ་སྐུ་མདོག་དམར་མོ་གཡས་ན་མདུང་བསྣམས་པའོ། །དྲུག་པ་ནི། ཨིནྡྲ་ཡ་ནི་བྷྱོ། ཞེས། བརྒྱ་བྱིན་དཀར་མོ་གཡས་རྡོ་རྗེ་གདིང་པོ་བསྣམས་པ། དེ་དྲུག་ནི་མ་ལྟར་བྱམས་པའི་མ་དྲུག་ཅེས་བྱའོ། །ཉེ་གནས་བཞི་མའི་ཚུལ་འཛིན། ཕྲིན་ལས་ཞི་བ། ཚད་མེད་པ་བྱམས་པའོ། །ལྷོའི་བྷྱོ་དྲུག་ལས། མ་མོ་དྲུག་བསྐྱེད་པ་ནི། དང་པོར། བཛྲ་སིངྷ་ཀ་ལ་བྷྱོ། ཞེས། རྡོ་རྗེ་དམར་མོ་སྐུ་མདོག་དམར་མོ། གཡོས་ཐོད་ཁྲག་བསྣམས་སོ། །གཉིས་པ་ནི། ཨ་མྲྀ་ཏཾ་བྷྱོ། ཞེས། བདུད་རྩི་དམར་མོ་གཡས་ན་པདྨ་བསྣམས་སོ། །གསུམ་པ་ནི། སོའུ་ནི་བྷྱོ། ཞེས། ཞི་བ་མོ་དཀར་མོ་གཡས་ན་མེ་ཏོག་པུཎྜ་རི་ཀ་བསྣམས་སོ། །བཞི་པ་ནི། ཏ་ན་ཧཾ་བྷྱོ། ཞེས། བེ་ཅོན་མ་ལྗང་ནག་གཡས་ཐོད་དབྱུག་འཕྱར་བའོ། །ལྔ་པ་ནི། རག་ཤ་སཱི་བྷྱོ། སྲིན་མོ་དམར་སེར་གཡས་ཐོད་ཁྲག་འཐུང་བའོ། །དྲུག་པ་ནི། བཀྴ་སཱི་བྷྱོ། ཟ་བ་མོ་ལྗང་ནག་གཡས་རྒྱུ་ཞགས་བསྣམས་པའོ། །དེ་དྲུག་ནི་སྙིང་རྗེ་སྲིང་ལྟར་བརྩེ་བའི་མ་དྲུག་ཅེས་བྱ་སྟེ། རྣལ་འབྱོར་པ་ལ་སྲིང་མོའི་ཚུལ་འཛིན་ཅིང་། ཕྲིན་ལས་ལ་རྒྱས་པ། ཚད་མེད་སྙིང་རྗེའོ། །ནུབ་ཕྱོགས་ཀྱི་བྷྱོ་དྲུག་ལས། མ་མོ་དྲུག་བསྐྱེད་པ་ནི། དང་པོ། རེ་ཏྲི་མ་བྷྱོ། ཞེས། དགའ་བ་མོ་དམར་མོ་ཕྱག་གཡས་ན་གཏེར་བསྣམས་སོ། །གཉིས་པ་ནི། རེ་ཏི་རེ་མ་ཏི་བྷྱོ། ཞེས། ཁྲག་གི་མྱོས་མ་སྐུ་མདོག་དཀར་མོ། གཡས་ན་གཤོལ་བསྣམས་སོ། །གསུམ་པ་ནི། ཨེ་ཀ་ཙ་ར་མ་བྷྱོ། ཞེས། གཅིག་པུར་སྤྱོད་མ་སྐུ་མདོག་སེར་མོ། གཡས་ན་སྤུ་གྲི་བསྣམས་སོ། །བཞི་པ་ནི། མ་ནུ་ཧ་ར་མ་བྷྱོ། ཞེས། འདོད་པ་མོ་དམར་མོ་ཕྱག་གཡས་ན་མདའ་གཞུ་བསྣམས་སོ། །ལྔ་པ་ནི། སི་ཏི་ཀཾ་བྷྱོ། ཞེས། ནོར་གྲུབ་མ་དཀར་མོ། ཕྱག་གཡས་ན་ནོར་གྱི་བུམ་པ་བསྣམས་སོ། །དྲུག་པ་ནི། བྷཱ་ཡ་བྷཱེ་བྷྱོ། ཞེས། རླུང་ལྷ་མོ་སྐུ་མདོག་སྔོ་སྐྱ་གཡས་ན་བ་དན་ལྕེ་བརྒྱད་བསྣམས་སོ། །རྣལ་འབྱོར་མ་འདི་རྣམས་ནི། དགའ་བ་མཛའ་ལྟར་ཡིད་འོང་གི་མ་དྲུག་ཅེས་བྱ་སྟེ། རྣལ་འབྱོར་པའི་ཉེ་གནས་བཞི་ལ། མཛའ་མོའམ་གཟུངས་མའི་ཆ་འཛིན་པའོ། །ཕྲིན་ལས་ལ་དབང་། ཚད་མེད་པ་དགའ་བའོ། །བྱང་གི་བྷྱོ་དྲུག་ལས་མ་དྲུག་བསྐྱེད་པ་ནི། དང་པོར། མ་ཧཱ་མཱ་རཱ་ཎ་བྷྱོ། ཞེས། གསོད་བྱེད་མ་ཁ་དོག་ནག་མོ་གཡས་རལ་གྲི་བསྣམས་སོ། །གཉིས་པ་ནི། ཨགྣེ་ཡེ་བྷྱོ། ཞེས་པས། མི་མོ་སྐུ་མདོག་དམར་མོ། གཡས་ན་མེ་སྒྲོན་བསྣམས་སོ། །གསུམ་པ་ནི། བ་ར་ཧཱི་བྷྱོ། ཞེས་པས། ཕག་མོ་ཁ་དོག་ནག་མོ། གཡས་ན་ཕག་རྒོད་ཀྱི་མཆེ་བའི་ཞགས་པ་བསྣམས་སོ། །བཞི་པ་ནི། ཙ་མུན་ཏྲི་བྷྱོ། ཞེས་པས། རྒན་བྱེད་མ་སྐུ་མདོག་ནག་མོ། གཡས་ན་ཞིང་ཆུང་ཟ་བའོ། །ལྔ་པ་ན། སཱུ་ཏ་ནཾ་བྷྱོ། ཞེས་པས། སྣ་ཆེན་མོ་སྐུ་མདོག་དཀར་ལྗང་གཡས་ན་ཐོད་པ་བསྣམས་པའོ། །དྲུག་པ་ནི། པ་ཎི་བཛྲ་བྷྱོ། ཞེས་པས། ཆུ་ལྷ་མོ་སྐུ་མདོག་སྔོན་མོ་གཡས་ན་སྦྲུལ་ཞགས་བསྣམས་སོ། །དེ་དྲུག་ནི་བཏང་སྙོམས་བཀའ་ཉན་གྱི་མ་དྲུག་ཅེས་བྱ་སྟེ། ཉེ་གནས་བཞི་ལ་བྲན་མོའི་ཆ་འཛིན། ཕྲིན་ལས་དྲག་པོ། ཚད་མེད་པ་བཏང་སྙོམས་ལ་དབང་བྱེད་དོ། །ཤར་སྒོར། བཛྲ་མ་ཧཱ་ཀཱ་ལཱ་བྷྱོ། ཞེས་པས། རྡོ་རྗེ་ནག་མོ་སྐུ་མདོག་ནག་མོ་གཡས་ལྕགས་ཀྱུའོ། །ལྷོ་སྒོར། ཙ་ཀཱ་ལ་བཛྲ་བྷྱོ། ཞེས་པས། ཤན་པ་མོ་སྐུ་མདོག་དམར་སེར། གཡས་ན་ཞགས་པ་བསྣམས་སོ། །ནུབ་སྒོར། བཛྲ་བུཾ་པ་ཀ་ར་ཎ་བྷྱོ། ཞེས་པས། རྡོ་རྗེ་བུམ་རྣ་མོ་སྐུ་མདོག་མདར་ནག །གཡས་ན་ལྕགས་སྒྲོག་བསྣམས་པའོ། །བྱང་སྒོར། བཛྲ་ལམྦོ་དྷ་ར་ཎ་བྷྱོ། ཞེས་པས། གསུས་འཛིན་མ་ལྗང་ནག །གཡས་དྲིལ་བུ་བསྣམས་པའོ། །མ་མོ་འདི་བཞིའི་མཚན་ཉིད་ནི་གོང་མའི་ཕྱོགས་སུ་བརྩིའོ། །འདི་རྣམས་ཀྱི་ཕྱག་གཡོན་ན་བྷནྡྷ་དམར་ཆེན་གྱིས་བཀང་བའི་ནང་ནས། རྡོ་རྗེ་རྩེ་གསུམ་པས་མཚན་པ་བསྣམས་པའོ། །ཀུན་ཀྱང་ཞིང་ལྤགས་ཀྱི་སྐེད་ཆིངས་དང་། སྟག་ལྤགས་ཀྱི་ཤམ་ཐབས་དང་། ཐོད་པ་རློན་པའི་འཕྲེང་བ་དང་། དར་དང་མེ་ཏོག་གི་ཅོད་པཎ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དུ་བྱས་པ། ཆགས་པའི་ཚུལ་གྱིས་འགྱིང་བ། ཞིང་ཚལ་པའི་གདན་ལ་བརྐྱང་བསྐུམ་གྱིས་བཞུགས་པའོ། །དེ་རྣམས་ཀྱི་ཐུགས་ཀ་ན་ཐོད་པ་ཚལ་པ་བྷྱོས་མཚན་པ་རེ་རེ་ཡོད་དེ། དབུ་ལ་རྡོ་རྗེ་ལྔ་པ་རེ་རེས་མཚན་པའོ། །སོ་སོའི་འཁོར་འབུམ་ཕྲག་དང་བཅས་པ་བསྒོམ་མོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་འདིར་བསྐྱེད་པ་འདིས། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་པར། དཀྱིལ་འཁོར་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པར་འབྱུང་བར་བསྒོམ་མོ། །དེ་དག་ནི་རང་བཞིན་ལྷུན་གྱི་གྲུབ་པའི་དཀྱིལ་འཁོར་རོ། །དེ་ཡན་ཆད་ཏིང་ངེ་འཛིན་བཞིའི་སྒོ་ནས་སེམས་རང་སྣང་གི་དཀྱིལ་འཁོར་བསྐྱེད་པའོ། །དེ་ནས་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་གྱིས་བྱིན་གྱིས་བརླབས་པ་ལ་ཡང་དོན་བཅུ་སྟེ། སྙན་གསན་དབབ་པ་དང་། སྤྱན་དྲངས་པ་དང་། སྒོ་དབྱེར་བ་དང་། བརྟེན་པར་བཞུགས་སུ་གསོལ་བ་དང་། དངོས་གྲུབ་བླང་བའི་ཕྱིར་དམ་ལ་གཞུགས་པ་དང་། ལས་ཀྱི་མཁའ་འགྲོ་ལ་དམ་ཚིག་གི་ཕྱག་རྒྱ་སྟོད་པ་དང་། ཕྱག་འཚལ་བ་དང་། མཆོད་པ་འབུལ་ལ་དང་། བསྟོད་པ་དང་། བསྙེན་པ་བྱ་བ་དང་། དཀྱིལ་འཁོར་བསྡུ་བའོ། །ཁྲག་འཐུང་གི་དཀྱིལ་འཁོར། བླ་མ་ཤར་བ་སྤོབ་པ་མཐའ་ཡས་ཀྱིས་སྦྱར་བའོ། །ཁྲག་འཐུང་གི་དཀྱིལ་འཁོར་རྒྱས་འབྲིང་གང་ཡང་རུང་སྟེ། སྤྱི་དོན་གསུམ་གྱིས་བསྟན་པ་ནི། སྔོན་དུ་བྱ་བའི་ལས་དང་མཆོད་ཅིང་བསྙེན་པའི་ལས་དང་། མནག་པ་ནན་ཏུར་གྱི་ལས་བྱ་བའོ། །མཆོད་ཅིང་བསྙེན་པའི་ལས་བྱ་བ་ལ། དོན་ཉི་ཤུས་བསྟན་ཏེ། ཁྲོ་བོ་སྔོན་གྱི་གླིང་གཞི་བརྗོད་ཅིང་དལ་བསྟན་པ་དང་། སྙན་གསན་དབབ་པ་དང་། སྤྱན་དྲངས་པ་དང་། སྒོ་དབྱེ་བ་དང་། བཞུགས་སུ་གསོལ་བ་དང་། དམ་ཚིག་གི་ཕྱག་རྒྱ་བསྟན་པ་དང་། ཟིན་གྱིས་གནོན་པ་དང་། ཕྱག་བྱ་བ་དང་། ཕྱག་རྒྱ་གར་ཚོགས་ཀྱི་མཆོད་པ་བྱ་བ་དང་། ཀུན་ཏུ་བཟང་པོའི་མཆོད་པ་དང་། ཕྱིའི་མཆོད་པ་དང་། ནང་གི་མཆོད་པ་དང་། སྨན་གྱི་མཆོད་པ་དང་། གསང་བའི་མཆོད་པ་དང་། ཁམས་གསུམ་ཡོངས་སྒྲོལ་གྱི་མཆོད་པ་དང་། རྔ་མཆོད་དང་། དྲིལ་མཆོད་དང་། གླུའི་མཆོད་པ་དང་། བསྟོད་པ་བྱ་བ་དང་། བསྙེན་པ་བྱ་བའོ།། །།

ཁྲོ་བོའི་སེམས་ལྔ།

ཁྲོ་བོའི་སེམས་ལྔ་བཞུགས་སོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། ༈ །འདས་པའི་དུས་ནས་སྔོན་བྱུང་ཏིང་འཛིན་རྣམ་གསུམ་ལྟར་བསྒོམ་རྒྱུའི་ཡི་གེ་ཧཱུྃ་གསལ་བ་ལས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཚུར་དུ་བརྗོད་པར་བསམ། བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལས། །འགྲོ་བའི་ཚུལ་དུ་སྔོན་བྱུང་སྟེ། །དེ་ཚེ་སེམས་ཅན་ཐམས་ཅད་ལ། །ཤིན་ཏུ་ཁྲོས་ཤིང་གདུག་པར་འགྱུར། །ཤིན་ཏུ་ཁྲོས་དག་གདུག་པ་ལས། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །སངས་རྒྱས་ཐུགས་རྗེས་ཁྲོས་པས་ནི། །ཐམས་ཅད་འཇིགས་པའི་མཆོག་ཡིན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དམ་ཚིག་ལས་དང་རྣམ་སྦྱངས་ཕྱིར། །དུར་ཁྲོད་གར་གྱི་ཕྱག་རྒྱར་གསལ། །བྷྲཱུྃ་གིས་གཞལ་ཡས་ཁང་བསྒོམ། ཧཱུྃ་གིས་ཁྲག་འཐུང་རྣམས། ཧས་ནང་གི་ལྷ་མོ། ཧེས་ཕྱིའི་ལྷ་མོ། ཕཊ་ཀྱིས་སྒོ་མ་བཞི་བསྒོམ་ཞིང་ཁྲོས་པར་བསྒུལ། བྷྱོས་དབང་ཕྱུག་མ་རྣམས་བསྐྱེད། བྷྲཱུྃ་ཧཱུྃ་ཧ་ཧེ་ཕཊ་བྷྱོཿ ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀཿམ་ཧཱ་བཛྲ། ཨ་གཙྪ་ཡ། ཨ་གཙྪ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷནྡྷ་ཡ། བྷནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། བསྐྱེད་པ་དང་འདྲ་བ་གཅིག་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་ནས་བྱོན་མ་རག་པར་བསྒོམ། བཛྲ་ཌཀྐི་ནི་ནཾ། ཧྲཱིཿད་ཡ་ནན། ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། ཡེ་ཤེས་ཅན་གྱི་སྤྱོད་ཡུལ་ཏིང་ངེ་འཛིན་གྱི་དལ་དེ་གཞལ་ཡས་ཁང་གི་ཤར་དུ་བསམ་མོ། །བ། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །སེམས་ཅན་དོན་སླད་དམ་ཚིག་དགོངས། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ༀ་ཨེ་ཧྱ་སྤྱན་དྲངས་པ་མཛེས་པའི་མུ་ཏྲ། ཧི་བྷ་ག་ཝན། ཛཿཧཱུྃ་བྃ་ཏིང་ངེ་འཛིན་དལ་དེ་གཞལ་ཡས་ཁང་གི་ཤར་ཕྱོགས་སུ་བཞུགས་པར་བསམ། ཧོ། རུ་ལུ་རུ་ལུ། ཛཿཧཱུྃ་བྃ་ཧོཿ ཏྲི་ཤྱ་ཧོཿ ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུྃ་བྃ་ཧོ། ཤྲཱི་ཧེ་རུ་ཀ་ཨེ་ཧྱ་ཧི་ཧྲི་ཤྱ་ཧོ། ས་མ་ཡ་སྟྭཾ། ཨེ་ཧྱ་ཧི། ཨཱ་རལླི་ཧོ། ཧྲིཾ་ཧྲིཾ་ཧྲིཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཧེ་རུ་ཀཿ ཆོས་སྐུ་ཞི་བའི་ངང་ལས་ཀྱང་། །གཟུགས་སྐུ་འཇིགས་ཚུལ་བསྟན་དུ་གསོལ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །ཚོགས་རྗེ་ཚོགས་བདག་དཔལ་དང་ལྡན། །ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ། །ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །སྤྲུལ་པ་མང་པོའི་ཚོགས་དང་གཤེགས། །ༀ་ཤྲཱི་ཧེ་རུ་ཀཿམ་ཧཱ་བཛྲ་སརྦ་དུཥྚན་ས་མ་ཡ་མུ་ཏྲ་པྲ་བེ་ཤ་ཡ། ཤྲཱི་ཧེ་རུ་ཀ་ཧཱུྃ། ཛཿཧཱུྃ་བྃ་ཧོ། ཤྲཱི་ཧེ་རུ་ཀཿ མ་ཧཱ་བཛྲ། སརྦ་དུཥྚཾ། ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུྃ་ཕཊ྄། བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །དོན་གྱི་དབང་དུ་དགོངས་ནས་ཀྱང་། །འཁོར་བཅས་རབ་འབར་གཤེགས་སུ་གསོལ། །ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ་མུ་ཏྲ་པྲ་བཉྫ་མུ་ཏྲ་ཧཱུྃ་ཕཊ྄། ཀཱ་ཡ་ཝཀྐ་ཙིཏྟ་ཏིཥྛ་བཛྲ། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་དེ། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །མི་གཉིས་དོན་ཕྱིར་མཆོག་གི་དངོས་གྲུབ་རྣམས། །བདག་ལ་སྩལ་ཞིང་བརྟན་པར་བཞུགས་སུ་གསོལ། །ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ། ས་མ་ཡ་སྟྭཾ། དམ་ཚིག་བརྟེན་པའི་ཕྱག་རྒྱ། ཡེ་ཤེས་དམ་ཚིག་བརྟེན་པར་བྱ་བ་ནི་དབང་དུ་བླང་ཀར་བཅད་པར་བཅུག །ཨ་བ་སྟྭཾ། བྷ་ག་ཧཱུྃ་ཕཊ྄། ཆེ་མཆོག་མཉམ་སྦྱོར་རོལ་པའི་དཀྱིལ་འཁོར་འདིར། །གདུག་པ་འདུལ་མཛད་ཁྲོ་བོའི་སྐུར་སྟོན་པ། །གསང་སྔགས་རྨད་བྱུང་དྲག་པོའི་ཕྲིན་ལས་རྣམས། །ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ༀ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་སྟྭཾ། ༀ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཧོ། ༀ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཕཊ྄། དམ་ཚིག་པ་ལ་གཤེགས་པ་ཡི། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །དམ་ཚིག་ཚུལ་བཞིན་མ་གཤེགས་སམ། །གྲུབ་པ་མཆོག་དག་མ་སྩལ་ན། །སྐུ་གསུང་ཐུགས་དང་འགལ་བར་འོང་། །ཛཿཧཱུྃ་བྃ་ལས་ཀྱི་མཁའ་འགྲོ་མས་གདུག་པ་བསྒྲལ་བ་མཆེ་བའི་ཕྱག་རྒྱ། ཧོ། ཤྲཱི་ཧེ་རུ་ཀཿ མ་ཧཱ་བཛྲ། སརྦ་དུཥྚཾ། ས་མ་ཡ་མུ་ཏྲ། མ་ར་སི་ན་པྲ་བཉྫ་ཙཀྲ། བཀྵ་ཡ། བཀྵ་ཡ། བི་ཏངྶ་མ་ཡ། བི་ཏངྶ་མ་ཡ། ཧེ་བྷ་ག་ཝན་བྷུདྡྷ་ཀྵེ་ཏྲ་པྲ་ཏི་སྟྭཾ་བྷ་ག་ཧཱུྃ་ཕཊ྄། སྐུ་གསུང་ཐུགས་དང་མཉམ་སྦྱོར་བས། །ཕོ་བྲང་དཀྱིལ་འཁོར་རང་ལས་སྤྲུལ། །ང་ནི་བདུད་ཀྱི་བདུད་བདག་སྟེ། །མཁའ་འགྲོའི་ཚོགས་བཅས་སྡུད་པའོ། །ༀ་ཤྲཱི་བཛྲ་ཤར་ན་དཀར་མོ་རྒྱས་འདེབས་མ་གཡོན་ཚངས་པའི་མགོ་གཡས་མདའ་ལྔ་བ་རྣམས་པའི་ཕྱག་རྒྱའོ། །མུད་ག་ར་མུ་ཁ་ཤྭ་ར་ཡ་ཡ་ན་མཿ ༀ་ལྷོ་ན་རྨོངས་བྱེད་མ་སེར་མོས་གཡོན་བྷནྡྷ་སྦྲང་ཆར་གྱིས་བཀང་བ་གཡས་གྲི་ཁུག་བསྣམས་པའི་ཕྱག་རྒྱའོ། །ཤྲཱི་བཛྲ་རཱ་ག་མ་ཤྭ་ར་ཡ་ཡ་ན་མཿ ༀ་ཤྲཱི་བཛྲ་ཁ་ཊྭཱཾ་ཀ་པྲ་ཛྭ་ལ་ཡ་ནུབ་ན་ཟ་བ་མོ་དམར་མོས་གཡས་ཁ་ཊྭཱཾ་གཡོན་གྲི་གུག་བསྣམས་པའི་ཕྱག་རྒྱའོ། །ཡ་ན་མཿ ༀ་ཤྲཱི་བཛྲ་གྷཎྜེ་པྲ་ཛྭ་ལ་ཡ་ཡ་ན་མཿ བྱང་ནས་ཚེ་འཕེལ་མ་ལྗང་ཀུ་གཡས་ན་བྷནྡྷ་བདུད་རྩི་ལྔས་བཀང་བའི་ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཅད་པ་ལ། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྐུ་ལྟེ་ཡན་ཆད་བྱུང་བ། གཡོན་དྲིལ་བུ་བསྣམས་པའི་ཕྱག་རྒྱ་བྱའོ། །ཨ་ཏི་པུ་ཧོ། པྲ་ཏི་པུ་ཧོ། སརྦ་ཏ་ཐཱ་ག་ཏ་བྷནྡྷ་ནཾ་ཀཱ་རོ་ཡ་མི། མ་ཧཱ་གྷོ་རུ་ཨ་དྷི་པ་ཏི། ཨ་ཏི་པུ་ཧོ། པྲ་ཏི་པུ་ཧོ། བདག་མེད་དོན་དམ་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེ་དགྲ་ཟིན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀཿལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཤེས་རབ་རྣམ་གྲོལ་ཐུགས་རྗེའི་ངང་འཇོམས་མ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །དབུས་ཀྱི་ཁྲག་འཐུང་ཕྱག་རྒྱ་ནི། །སྐུ་ནི་སྨུག་ནག་ཆེན་པོ་ལ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བསྒྲད། །གཡས་དཀར་གཡོན་དམར་དབུས་སྨུག་ཞལ། །རྡོ་རྗེ་ཁོར་ཡུག་རལ་གྲི་གཡས། །བྷནྡྷ་དགྲ་སྟྭ་གཤོལ་ཤིང་གཡོན། །དེའི་ཡུམ་ཆེན་འཇིགས་བྱེད་མ། །སངས་རྒྱས་ཁྲོས་པའི་རྒྱལ་མོ་ཆེ། །ཉི་མ་འབུམ་གྱི་གཟི་ལྡན་ཞིང་། །ཀེཾ་རུས་འབུམ་གྱིས་སྐུ་ལ་བརྒྱན། །ནུ་འབུར་སྟོད་སྨད་དགྱི་ཞིང་འགྱིང་། །གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པས་དུང་དམར་རཀྟ་འཐུང་། །ཟླ་གམ་ལྗགས་ཀྱི་མཆོད་པ་ཡིས། །དབུས་ཀྱི་ཁྲག་འཐུང་འཛུམ་པར་མཛད། །སེ་གོལ་སྒྲ་ཡི་མཆོད་པ་ཡི། །སངས་རྒྱས་ཐམས་ཅད་སྡུད་པར་མཛད། །ཕྱག་རྒྱ་གར་གྱི་མཆོད་པར་རོལ། །ༀ་བྷུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུྃ། བྷུདྡྷ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ྄། ཨ་ལ་ལ་ཧོ། ༈ ཤར་ཕྱོགས་ཁྲག་འཐུང་ཕྱག་རྒྱ་ནི། །སྐུ་ནི་སྔོ་ནག་ཆེན་པོ་ལ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བསྒྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྡོ་རྗེ་འཁོར་ཡུག་རལ་གྲི་གཡས། །བྷན་དྷ་དགྲ་སྟྭ་གཤོལ་ཤིང་གཡོན། །དེ་ཡི་ཡུམ་ཆེན་འཇིགས་བྱེད་མ། །རྡོ་རྗེ་ཁྲོས་པའི་རྒྱལ་མོ་སྟེ། །ཉི་མ་འབུམ་གྱི་གཟི་ལྡན་མ། །ཀེཾ་རུས་འབུམ་གྱིས་སྐུ་ལ་བརྒྱན། །ནུ་འབུར་སྟོད་སྨད་དགྱི་ཞིང་འགྱིང་། །གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པས་དུང་ཁྲག་ཞལ་དུ་སྟོབས། །ཟླ་གམ་ལྗགས་ཀྱི་མཆོད་པ་ཡིས། །རྡོ་རྗེ་ཁྲག་འཐུང་འཛུམ་པར་མཛད། །སེ་གོལ་སྒྲ་ཡི་མཆོད་པ་ཡི། །སངས་རྒྱས་ཐམས་ཅད་སྡུད་པར་མཛད། །ཕྱག་རྒྱ་གར་གྱི་མཆོད་པར་རོལ། །ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ། བཛྲ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ྄། ཨ་ལ་ལ་ཧོ། ༈ ལྷོ་ཕྱོགས་ཁྲག་འཐུང་ཕྱག་རྒྱ་ནི། །སྐུ་ནི་སེར་ནག་ཆེན་པོ་ལ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བསྒྲད། །གཡས་དཀར་གཡོན་སྔོ་དབུས་སེར་ཞལ། །རལ་གྲི་རྡོ་རྗེ་འཁོར་ཡུག་གཡས། །བྷནྡྷ་དགྲ་སྟྭ་གཤོལ་ཤིང་གཡོན། །དེ་ཡི་ཡུམ་ཆེན་འཇིགས་བྱེད་མ། །རིན་ཆེན་ཁྲོས་པའི་རྒྱལ་མོ་སྟེ། །ཉི་མ་འབུམ་གྱི་གཟི་ལྡན་མ། །ཀེང་རུས་འབུམ་གྱིས་སྐུ་ལ་བརྒྱན། །ནུ་འབུར་སྟོད་སྨད་དགྱི་ཞིང་འགྱིང་། །གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པས་དུང་ཁྲག་ཞལ་དུ་སྟོབས། །ཟླ་གམ་ལྗགས་ཀྱི་མཆོད་པ་ཡིས། །རིན་ཆེན་ཁྲག་འཐུང་འཛུམ་པར་མཛད། །སེ་གོལ་སྒྲ་ཡི་མཆོད་པ་ཡི། །སངས་རྒྱས་ཐམས་ཅད་དབྱིངས་སུ་སྡུད། །ཕྱག་རྒྱ་གར་གྱི་མཆོད་པར་རོལ། །ༀ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུྃ། རཏྣ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ྄། ཨ་ལ་ལ་ཧོ། ༈ ནུབ་ཕྱོགས་ཁྲག་འཐུང་ཕྱག་རྒྱ་ནི། །སྐུ་ནི་དམར་ནག་ཆེན་པོ་ལ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བསྒྲད། །གཡས་དཀར་གཡོན་སྔོ་དབུས་དམར་ཞལ། །དགྲ་སྟྭ་རྡོ་རྗེ་འཁོར་ཡུག་གཡས། །བྷནྡྷ་རལ་གྲི་གཤོལ་ཤིང་གཡོན། །དེའི་ཡུམ་ཆེན་འཇིགས་བྱེད་མ། །པདྨ་ཁྲོས་པའི་རྒྱལ་མོ་སྟེ། །ཉི་མ་འབུམ་གྱི་གཟི་ལྡན་མ། །ཀེང་རུས་འབུམ་གྱིས་སྐུ་ལ་བརྒྱན། །ནུ་འབུར་སྟོད་སྨད་དགྱི་ཞིང་འགྱིང་། །གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པས་དུང་ཁྲག་ཞལ་དུ་སྟོབས། །ཟླ་གམ་ལྗགས་ཀྱི་མཆོད་པ་ཡིས། །པདྨ་ཁྲག་འཐུང་འཛུམ་པར་མཛད། །སེ་གོལ་སྒྲ་ཡི་མཆོད་པ་ཡི། །སངས་རྒྱས་ཐམས་ཅད་དབྱིངས་སུ་སྡུད། །ཕྱག་རྒྱ་གར་གྱི་མཆོད་པར་རོལ། །ༀ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུྃ། པདྨ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ྄། ཨ་ལ་ལ་ཧོ། ༈ བྱང་ཕྱོགས་ཁྲག་འཐུང་ཕྱག་རྒྱ་ནི། །སྐུ་ནི་ལྗང་ནག་ཆེན་པོ་ལ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བསྒྲད། །གཡས་དཀར་གཡོན་དམར་དབུས་ལྗང་ཞལ། །གཤོལ་ཤིང་རྡོ་རྗེ་འཁོར་ལོ་གཡས། །བྷནྡྷ་རལ་གྲི་དགྲ་སྟྭ་གཡོན། །དེའི་ཡུམ་ཆེན་འཇིགས་བྱེད་མ། །ལས་མཆོག་ཁྲོས་པའི་རྒྱལ་མོ་སྟེ། །ཉི་མ་འབུམ་གྱི་གཟི་ལྡན་མ། །ཀེང་རུས་འབུམ་གྱིས་སྐུ་ལ་བརྒྱན། །ནུ་འབུར་སྟོད་སྨད་དགྱེ་ཞིང་འགྱིང་། །གཡས་པས་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པས་དུང་ཁྲག་ཞལ་དུ་གསོལ། །ཟླ་གམ་ལྗགས་ཀྱིས་མཆོད་པ་ཡི། །ལས་ཀྱི་ཁྲག་འཐུང་འཛུམ་པར་མཛད། །སེ་གོལ་སྒྲ་ཡི་མཆོད་པ་ཡི། །སངས་རྒྱས་ཐམས་ཅད་དབྱིངས་སུ་སྡུད། །ཕྱག་རྒྱ་གར་གྱི་མཆོད་པར་རོལ། །ༀ་ཀརྨ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཀརྨ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ྄། ཨ་ལ་ལ་ཧོ། གནས་དང་ཡུལ་གྱི་ཕྱག་རྒྱ་ནི། །ཀ་རཱི་བྷན་དམར་བྱིས་དབྱུག་སྔོ། །ཕྱག་རྒྱ་གར་གྱི་མཆོད་པར་རོལ། །ༀ་བཛྲ་ཀ་རི་ཧ། ཅ་རཱི་མདའ་གཞུ་འགེང་མ་སེར། །བཛྲ་ཙ་རཱི་ཧ། པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །བཛྲ་པྲ་མོ་ཧ། བེ་ཏཱ་བྱིས་ཟ་རྡོར་འཕྱར་ནག །བཛྲ་བེཏྟ་ལི་ཧ། པུསྐ་དམར་སེར་བྱིས་རྒྱུ་འདྲེན། །བཛྲ་པུཀྐ་སཱེ་ཧ། ཀསྨ་དུང་དམར་དཀྲུག་འཐུང་ལྗང་། །བཛྲ་གྷསྨ་རཱི་ཧ། སྨེ་ཤ་མཐིང་ནག་བྱིས་སྙིང་ཟ། །བཛྲ་སྨ་ཤ་ནཱི་ཧ། ཙནྡྷ་མཐིང་སྐྱ་མགོ་ལུས་འཕྲལ། །བཛྲ་ཙནྜ་ལི་ཧ། སིངྷ་ཁ་རོ་བསྣོལ་སེར་སིང་། །ཕྱག་རྒྱ་གར་གྱི་མཆོད་པར་རོལ། །བཛྲ་སིངྷ་མུ་ཁཱ་ཧེ། བྷ་གྷྲི་གནས་བལྟ་བསྣོལ་དམར་སྟག །བཛྲ་བྱཱ་གྷྲི་མུ་ཁཱ་ཧེ། སྲི་ལ་ནག་མོ་བྱིས་ལྡག་ཝ། །བཛྲ་སིངྷ་ལ་མུ་ཁཱ་ཧེ། ཤྭ་ན་འདྲལ་ལྷ་མཐིང་ནག་སྤྱང་། །བཛྲ་ཤྭ་ན་མུ་ཁཱ་ཧེ། ཀྲྀ་ཏ་མགྲིན་དམར་རྒྱུ་འདྲེན་རྒོད། །བཛྲ་གྲིཌྷ་མུ་ཁཱ་ཧེ། ཀངྐ་ཞིང་ཕྲག་བསྣོལ་མགོ་རེང་། །བཛྲ་ཀངྐ་མུ་ཁཱ་ཧེ། ཁ་ཁཱ་བྱ་རོ་བྷན་གྲི་ནག །བཛྲ་ཀཱ་ཀ་མུ་ཁཱ་ཧེ། ཧུ་ལུ་རྡོར་དབྱུག་སྣ་ཚོགས་འུག །བཛྲ་ཨུ་ལཱུ་ཀ་མུ་ཁཱ་ཧེ། རྟ་གདོང་མཐིང་ག་ལྕགས་ཀྱུ་འཛིན། །ཕྱག་རྒྱ་གར་གྱི་མཆོད་པར་རོལ། །ༀ་བཛྲ་ཨརྱ་ཏེ་ཛ་ཏེ་ང་ཛ། །ཕག་གདོང་སེར་མོ་མཆེ་ཞགས་འཛིན། །ༀ་བཛྲ་ཨ་མུ་ཀ་ཧཱུྃ། ཉི་ཟླ་ལྕགས་སྒྲོག་མེ་འབར་མ། །ༀ་བཛྲ་ལོ་ཀ་བྃ། ཐལ་བྱེད་དྲིལ་བུ་སྣ་ཚོགས་མདོག །ༀ་བཛྲ་བྷ་སྨི་བ་ལ་བ་ཏུ་ཧོཿ བྷྱོ། ཤར་གྱི་མ་དྲུག་དབང་ཕྱུག་མ། །སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཕྱག་རྒྱ་གར་གྱི་མཆོད་པར་རོལ། །མ་ནུ་རཀྴ་སི་བྷྱོ། ཚངས་པ་དམར་སེར་པདྨ་འཛིན། །པྲཧྨ་ཎཱི་བྷྱོ། ལྷ་ཆེན་དཀར་ལྗང་ཏྲི་ཤུལ། རོའུ་ཏྲི་མ་བྷྱོ། གཏོག་འདོད་སྔོན་མོ་འཁོར་ལོ་འཆང་། །བྷ་ན་བྷེ་བྷྱོ། གཞོན་ནུ་དམར་མོས་མདུང་ཐུང་འཕེན། །ཀུ་མཱ་རཱི་བྷོ། བརྒྱ་བྱིན་དཀར་མོས་ཨིནྡྲ་གདེང་། །ཨིནྡྲ་ཡ་ན་བྷྱོ། བྷྱོ། ལྷོའི་མ་དྲུག་དབང་ཕྱུག་མ། །རྡོ་རྗེ་དམར་མོས་ཙནྡྲ་འཐུང་། །ཕྱག་རྒྱ་གར་གྱི་མཆོད་པར་རོལ། །བཛྲ་སིངྷ་ཀ་ལ་བྷྱོ། བདུད་རྩི་དམར་མོས་པདྨ་འཛིན། །ཨ་མྲྀ་ཏཾ་བྷྱོ། ཟླ་བ་དཀར་མོ་པུཎྜ་རི། །སོའུ་ནི་བྷྱོ། བེ་ཅོན་ལྗང་ནག་ཐོད་དབྱུག་འཕྱར། །ཏ་ན་ཧི་བྷྱོ། སྲིན་མོ་དམར་སེར་དུང་ཁྲག་འཐུང་། །རཀྴ་སཱི་བྷྱོ། ཟ་བ་ལྗང་ནག་བ་སུ་འདྲེན། །བགྴ་སཱི་བྷྱོ། བྷྱོ། ནུབ་ཀྱི་མ་དྲུག་དབང་ཕྱུག་མ། །དགའ་བ་དམར་མོས་ག་དར་འཆང་། །ཕྱག་རྒྱ་གར་གྱི་མཆོད་པར་རོལ། །ར་ཏྲི་མ་བྷྱོ། སྟོབས་ཆེན་དཀར་མོས་གཤོལ་མདའ་འཛིན། །རེ་ཏྲི་རེ་མ་ཏི་བྷྱོ། རྡོ་རྗེ་སེར་མོ་སྤུ་གྲིས་གཅོད། །ཨེ་ཀ་ཙ་ར་མ་བྷྱོ། འདོད་པ་དམར་མོ་མདའ་གཞུ་འགེང་། །མ་ནུ་ཧ་ར་མ་བྷྱོ། ནོར་སྲུང་དཀར་མོ་བུམ་པ་འཛིན། །སི་ཏི་ཀཾ་བྷྱོ། རླུང་ལྷ་སྔོ་སྐྱ་བ་དན་འཛིན། །བྷཱ་ཡ་བྷཱེ་བྷྱོ། ཨ་ལ་ལ་ཧོ། བྷྱོ། བྱང་གི་མ་དྲུག་དབང་ཕྱུག་མ། །གསོད་བྱེད་ནག་མོ་རལ་གྲི་སོ། །ཕྱག་རྒྱ་གར་གྱི་མཆོད་པར་རོལ། །མ་ཧཱ་མ་རཱ་ཎཱ་བྷྱོ། ཨ་ལ་ལ་ཧོ། ཀུན་ལ་འགྲེས་སོ། །མེ་མོ་དམར་མོས་གསལ་ཤིང་འཛིན། །ཨགྣེ་ཡེ་བྷྱོ། ཕག་མོ་ནག་མོས་མཆེ་ཞགས་འཛིན། །བྷ་རཱ་ཧཱི་བྷྱོ། རྒན་བྱེད་ནག་མོ་ཞིང་ཆུང་ཟ། །ཙ་མུན་ཏྲི་བྷྱོཿ སྣ་ཆེན་དཀར་ལྗང་ཐོད་ཁྲག་འཛིན། །བྷཱུ་ཏ་ན་བྷྱོ། ཆུ་ལྷ་སྔོན་པོས་སྦྲུལ་ཞགས་འཛིན། །བཱ་ཎི་བཛྲ་བྷྱོ། སྒོ་བཞི་མ་ཆེན་དབང་ཕྱུག་མ། །རྡོ་རྗེ་མཐིང་ནག་ལྕགས་ཀྱུ་འཛིན། །བཛྲ་མ་ཧཱ་ལི་ལ་བྷྱོ། རྡོ་རྗེ་དམར་སེར་ར་མགོ་ཞགས། །ཙ་ཀ་ལ་བཛྲ་བྷྱོ། རྡོ་རྗེ་བུམ་རྣ་ལྕགས་སྒྲོག་འཛིན། །བཛྲ་བུམ་པ་ཀ་ར་ཎ་བྷྱོ། གསུས་འཛིན་ལྗང་ནག་དྲིལ་འཁྲོལ་འགྱེད། །བཛྲ་ལམྦོ་དྷ་ར་ཎ་བྷྱོ། གནས་ཡུལ་མ་མོ་ཉི་ཤུ་དང་། དབང་མོ་ཉེར་བརྒྱད་ལ། མ་བཀྲལ་ཚིག་བཞི་རེ་སྤྲད། དབང་ཕྱུག་མལ་ཚིགས་དྲུག་རེ་དང་། སྔགས་དྲུག་སྦྱར་བ་ཡང་ཡོད། ཀུན་བཟང་གི་མཆོད་པ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱི། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀྱི། །སྤྱོད་པ་རྒྱ་མཚོ་རྨད་བྱུང་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མུ་ཁེ་བྷྱ། སརྦ་ཏ་ཁཾ་ཨུཏྒ་ཏེ། སརྦ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཛཿཧཱུྃ་བྃ་ཧོ། ཤྲཱི་ཧེ་རུ་ཀ །ཨི་དཾ། དྷུ་པེ། པུཥྤེ། དི་བཾ། གྷནྡྷཾ། བྷ་ལིངྟ། པྲ་ཏིཙྪ་ཧོ། ཤྲཱི་བྷ་ག་ཝན་ཁ་ཁ་ཁཱ་ཧི་ཁཱ་ཧི། ཛཿཧཱུྃ་བྃ་ཧོ། མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། པྲ་ཝེ་ཤ་ཡ། པྲ་ཝེ་ཤ་ཡ། པྲ་ཏིཙྪ་ཧོ། ཤྲཱི་བྃ་ཁཱ་ཧི་ཁཱ་ཧི། ཧེ་རུ་ཀའི་གནས་བཅུ་དང་། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཐོད་པ་སྐམ་རློན་མཁའ་ལྟར་གཙིགས། །ཞིང་ཆེན་གསར་རྙིང་སྟི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་བཞེས་ནས་བསྣམས་སུ་གསོལ། །ནང་གི་མཆོད་པ་ནི། ཛཿཧཱུྃ་བྃ་ཧོ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ། སརྦ་དུཥྚཾ། ས་མ་ཡ་མུ་ཏྲ། མ་ར་ཡ་ཀྲ་མ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧྲཱི་ད་ཡ་པི་པ་ཧཱུྃ་ཕཊ྄། ང་ནི་ཁྲག་འཐུང་ཆེན་པོ་སྟེ། །སྲིད་པའི་དྲ་བ་ཆགས་པ་རྣམས། །དམར་ཆེན་པོ་ཡི་ཨརྒྷཾ་ལ། །འཁོར་གྱི་མཁའ་འགྲོའི་ཚོགས་དང་རོལ། །ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བར་བྱེད། །གདུལ་དཀའ་འདུལ་བར་བྱ་བའི་ཕྱིར། །ཤ་རུས་ལ་སོགས་ཟ་བར་བྱེད། །ཛཿཧཱུྃ་བྃ་ཧོ། ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ། ས་མ་ཡ། མ་ཧཱ་མཾ་ས། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ། ཁ་ཁ་ཁ་ལེ་ལེ་ལེ་ཧཱུྃ་བྷྱོ་ཧཱུྃ་བྷྱོ་ཧཱུྃ་བྷྱོ། སྨན་མཆོད་ནི། ཧོ། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔའི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་དང་། །ཁྲོ་བོའི་རྒྱལ་པོ་མཐའ་ཡས་དང་། །མ་མོ་མཁའ་འགྲོའི་ཚོགས་ཆེན་དང་། །ལྷ་དང་ལྷ་མིན་གསང་བའི་བདག །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག །འདི་ནི་སྔོན་གྱི་དམ་ཚིག་གོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི། །བདག་ཅག་དད་པས་འབུལ་ལགས་ན། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏིཙྪ་ཧོ། དཔལ་ཆེན་བཛྲ་ཧེ་རུ་དང་། བཛྲ་ཀྲོ་ཏི་ཤྭ་རི་ལ། བླ་མེད་དམ་རྫས་བདུད་རྩིའི་མཆོད། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ༴ དཔལ་ཆེན་བྷུདྡྷ་ཧེ་རུ་དང་། བྷུདྡྷ་ཀྲོ་ཏི་ཤྭ་རི་ལ། བླ་མེད་དམ་རྫས་བདུད་རྩིའི་མཆོད། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ༀ་ན་མཿསརྦ༴ དཔལ་ཆེན་རཏྣ་ཧེ་རུ་དང་། །རཏྣ་ཀྲོ་ཏི་ཤྭ་རི་ལ། །བླ་མེད་དམ་རྫས་བདུད་རྩིའི་མཆོད། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ༀ་ན་མཿསརྦ༴ དཔལ་ཆེན་པདྨ་ཧེ་རུ་དང་། །པདྨ་ཀྲོ་ཏི་ཤྭ་རི་ལ ། །བླ་མེད་དམ་རྫས་བདུད་རྩིའི་མཆོད། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ༀ་ན་མཿསརྦ༴ དཔལ་ཆེན་བྷི་ཤ་ཧེ་རུ་དང་། །བྷྱི་ཤ་ཀྲོ་ཏི་ཤ་རི་ལ། །བླ་མེད་དམ་རྫས་བདུད་རྩིའི་མཆོད། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ༀ་ན་མཿསརྦ༴ དཔལ་ཆེན་མི་ཕམ་རྡོ་རྗེ་དང་། །མ་ཚོགས་དབང་ཕྱུག་འཁོར་གྱིས་བརྒྱན། །ཀོའུ་རི་ལ་སོགས་བཞི་རྣམས་དང་། །ཙནྡྷ་ལ་སོགས་བཞི་རྣམས་དང་། །སིང་ཧ་ལ་སོགས་བཞི་རྣམས་དང་། །ཀྲྀ་ཏ་ལ་སོགས་བཞི་རྣམས་དང་། །སྒོ་མ་ཆེན་མོ་བཞི་རྣམས་དང་། །མ་མོ་ཆེན་མོ་བདུན་རྣམས་དང་། །སྲིང་མོ་ཆེན་མོ་བཞི་རྣམས་དང་། །མཁའ་འགྲོ་འཁོར་ཚོགས་ཐམས་ཅད་ལ། །བླ་མེད་དམ་རྫས་བདུད་རྩིའི་མཆོད། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ༀ་སརྦ༴ ཤྲཱི་བན་ཁ་ཧི་ཁཱ་ཧི། སྦྱོར་མཆོད་ནི། རིན་ཆེན་པདྨའི་དཀྱིལ་འཇམས་འདི། །འཛུམ་པའི་མདངས་ཀྱིས་འབུལ་ལགས་ན། །དགྱེས་པས་རྡོ་རྗེ་གསོར་མཛད་ནས། །བྱང་ཆུབ་སེམས་སྤྲིན་དབབ་ཏུ་གསོལ། །རྡོ་རྗེ་གསོར་བའི་དགའ་མཆོག་འདི། །འཛུམས་ཤིང་འཁྱིལ་བའི་གནས་སུ་རོལ། །མི་དམིགས་བདེ་དང་འཕྲོ་འདུས་ནི། །རྡོ་རྗེ་འཛིན་མ་ལྡན་ལ་བྱུང་། །ཤེས་རབ་དབྱིངས་མ་ཡུམ་གྱི་མཁའ་དབྱིངས་སུ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་མཆོག་དཀོད་དེ། །ཐབས་དང་ཤེས་རབ་འབྲེལ་བའི་སྦྱོར་མཆོད་ཀྱིས། །རྒྱལ་བའི་དཀྱིལ་འཁོར་ཚོགས་ལ་མཆོད་པ་འབུལ། །ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ཨ་ནུ་ར་ག་ཡ་མི། པྲ་བེ་ཤ། བྷོ་དྷི་ཙིཏྟ་ཨ་ལ་ལ་ཧོ། སྒྲོལ་མཆོད་ནི། བྷ་ལ་བྷནྡྷ་བཅུད་ཡངས་པའི། །འཁོར་ཡུག་རྟོག་པའི་འཇིག་རྟེན་འདི། །བདུད་རྩིའི་རང་བཞིན་ཡིན་པའི་ཕྱིར། །འཇིག་བྱེད་བཀའ་བཟློག་དགྱེས་པར་མཛོད། །རྡོ་རྗེ་རྩེ་གསུམ་འབར་བའི་སྐུ་གསུང་ཐུགས། །སྲིད་གསུམ་རྩེ་འཇོམ་དྲི་ཤུ་ལ། །ཁམས་གསུམ་རབ་ཏུ་དཀྲུགས་ནས་ནི། །ཟ་བྱེད་ཆེན་པོའི་ཞལ་དུ་ནི། །འགྲོ་ཀུན་སྐད་ཅིག་ཡུད་ལ་སྟབ། །འགྲོ་དང་མི་འགྲོ་སྣོད་བཅུད་འདི། །ཟ་བྱེད་ཁྱེད་ལྔས་ཀུན་ཟ་ནས། །དངོས་པོར་གྱུར་པའི་བགེགས་འདི་ཀུན། །ངས་བཏབ་ཁྱེད་ཀྱིས་ཡུད་ལ་རོལ། །རཾ་ཡཾ་ཁཾ། རྔ་མཆོད་ནི། ཡེ་ཤེས་དབྱིངས་ཀྱི་རྔ་རྡུངས་པས། །འགོ་མིན་བླ་མེད་གནས་མཆོག་ནས། །འདས་པའི་སངས་རྒྱས་སྤྱན་དྲངས་ཏེ། །དཀྱིལ་འཁོར་མ་ཉམས་དམ་པ་འདིར། །བྱིན་གྱིས་བརླབ་ཅིང་གཤེགས་སུ་གསོལ། །ཏེ་ཀེཾ། ཏེ་ཀེཾ། ཏེ་ཀེཾ། བསྒྲུབ་པ་ལས་ཀྱི་རྔ་བརྡུངས་པས། །ཧེ་རུ་ཀའི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་སྤྱན་དྲངས་ཏེ། །དུར་ཁྲོད་ཆེན་པོའི་གནས་མཆོག་འདིར། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །བྱིན་གྱིས་བརླབ་ཕྱིར་གཤེགས་ནས་ཀྱང་། །རྨད་དུ་བྱུང་བར་བྱིན་གྱིས་རློབས། །གྷེ་ཏཾ། གྷེ་ཏཾ། གྷེ་ཏཾ། གསང་བ་ཡུམ་གྱི་རྔ་བརྡུངས་པས། །གསང་ཆེན་ཐུགས་ཀྱི་དཀྱིལ་འཁོར་འདིར། །མ་སྲིང་རྒྱ་མཚོ་འཁོར་བཅས་རྣམས། །ཅི་བདེར་རོལ་ཞིང་གཤེགས་སུ་གསོལ། །ཅི་བདིར་རོལ་ཞིང་གཤེགས་ནས་ཀྱང་། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཏི་ཀ་ཀེཾ། ཏི་ཀ་ཀེཾ། ཏི་ཀ་ཀེཾ། ཚར་གསུམ་པ་ཡི་རྔ་བརྡུངས་པས། །རྡོ་རྗེ་སྲིན་པོའི་རྔ་སྒྲ་ཡིས། །རུ་ཏྲ་ནག་པོའི་གླད་པ་འགེམ། །དྲི་ཤུ་ལ་ཡི་མདུང་རྩེ་ཡིས། །བི་ན་ཡ་གའི་ཙིཏྟ་འབྱིན། །མ་སྲིང་རྒྱ་མཚོའི་མཐུ་སྟོབས་ཀྱིས། །དགྲ་བགེགས་གདུག་པའི་ལྔ་ཕུང་འཇོམས། །ཀེཾ་ཀེཾ་ཀེཾ། པ་ཤ་བྷནྡྷ་ཧཱུྃ། པ་ཤ་བྷནྡྷ་ཧཱུྃ། པ་ཤ་བྷནྡྷ་ཧཱུྃ། དྲིལ་མཆོད་ནི། སྲིད་པ་ངོ་བོ་ཉིད་ཀྱིས་བདག །རང་བཞིན་དུ་ནི་དངོས་མེད་བྱོས། །རང་བཞིན་དག་པའི་སེམས་ཅན་རྣམས། །དག་པ་ཉིད་ནི་རྟོགས་པར་ཤོག །གྷནྡྷེ་ཧོ། གྷནྡྷེ་ཧོ། གྷནྡྷེ་ཧོ། གྷནྡྷེ་སྒྲ་ཡིས་གྲོལ་བར་མཛོད། །ཆོས་དབྱིངས་མཉམ་ཉིད་རིགས་པའི་དཀྱིལ་འཁོར་ནས། །མཁའ་ལ་དུས་ཀྱི་དྲིལ་བུའི་སྒྲ་སྒྲོགས་པས། །དྲིལ་བུའི་སྒྲ་མཐར་སྟོང་པའི་ཤེས་རབ་ཀྱིས། །རིགས་ལྔ་ཁྲག་འཐུང་ཚོགས་རྣམས་མཉེས་གྱུར་ཅིག །ཧ་ཧི། ཧ་ཧི། ཧོ་ཧེ་ཧི། སྣང་སྲིད་མཉམ་ཉིད་བརྡལ་བའི་དབྱིངས་ཉིད་ལས། །མཁའ་ལ་དུས་ཀྱིས་དྲིལ་བུའི་སྒྲ་སྒྲོགས་པས། །དྲིལ་བུའི་སྒྲ་མཐར་སྟོང་པའི་ཤེས་རབ་ཀྱིས། །དབྱིངས་ཕྱུག་ཡུམ་ལྔའི་ཐུགས་དམ་བསྐང་གྱུར་ཅིག །ཧོ་ཧེ་ཧི། རྣམ་དག་ཡོངས་སུ་བཀོང་བའི་དཀྱིལ་འཁོར་ནས། །མཁའ་ལ་དུས་ཀྱི་དྲིལ་བུའི་སྒྲ་སྒྲོགས་པས། །དྲིལ་བུའི་སྒྲ་མཐར་སྟོང་པ་ཤེས་རབ་ཀྱིས། །མཁའ་འགྲོ་ཕྲ་མེན་ཚོགས་རྣམས་མཉེས་གྱུར་ཅིག །ཧོ་ཧེ་ཧི། དུར་ཁྲོད་གནས་མཆོག་བཀོད་པའི་དཀྱིལ་འཁོར་ནས། །མཁའ་ལ་དུས་ཀྱི་དྲིལ་བུའི་སྒྲ་སྒྲོགས་པས། །དྲིལ་བུའི་སྒྲ་མཐར་སྟོང་པའི་ཤེས་རབ་ཀྱིས། །མ་སྲིང་རྒྱ་མཚོའི་ཚོགས་རྣམས་མཉེས་གྱུར་ཅིག །ཧོ་ཧེ་ཧི། རྣམ་བཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །མཁའ་ལ་དུས་ཀྱི་དྲིལ་བུའི་སྒྲ་སྒྲོགས་པས། །དྲིལ་བུའི་སྒྲ་མཐར་སྟོང་པའི་ཤེས་རབ་ཀྱིས། །སྒོ་མ་བཞིའི་ཚོགས་རྣམས་མཉེས་གྱུར་ཅིག །ཧོ་ཧེ་ཧི། གདལ་ཁྱབ་ཆོས་དབྱིངས་མཉམ་པའི་དཀྱིལ་འཁོར་ནས། །མི་མཉམ་མཉམ་པའི་སྐུ་མཆོག་འབྱུང་བ་ནི། །ལ་ལ་ཚངས་པ་སྟོངས་པས་ལྷག་པར་ཞི། །ལ་ལ་དུས་མཐའི་མེ་ལྟར་རབ་ཏུ་འབར། །ལ་ལ་ཁྱབ་འཇུག་སྟོང་བས་ལྷག་པར་གྲགས། །ལ་ལ་གཤིན་རྗེ་སྟོང་པས་ལྷག་པར་རྔམ། །ལ་ལ་དབང་ཕྱུག་སྟོང་པ་ལྷག་པར་འདུད། །འཇིག་རྟེན་ཁམས་ནི་སྟོང་དག་ནས། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །བདེ་བའི་ལོངས་སྤྱོད་རྒྱན་དུ་རོལ། །གར་དག་བྱེད་ཅིང་རབ་ཏུ་ཟོ། །སིལ་སིལ་མ་མ་སིང་སིང་། །ཧེ་ཧི། ཧེ་ཧི། ཧེ་ཧི། གླུ་མཆོད་ནི། རྣལ་འབྱོར་བདེ་མཆོག་སྒྱུ་མར་སྤྲུལ། །དམ་ཚིག་དག་ལ་འཇུག་ཏུ་གསོལ། །ཉོན་མོངས་དག་ལ་རྒྱལ་བར་མཛོད། །མ་ལུས་པ་དག་བསྣམས་སུ་གསོལ། །ཉོན་མོངས་ཐམས་ཅད་བསལ་བར་མཛོད། །རྣམ་པ་སྣ་ཚོགས་འདོད་ཆགས་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པ་འདུལ་མཁས་པས། དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་མཁའ་གྲོ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །ཏེ་ན་ཏེ་ཏེ་ཧཱུྃ། རྣམ་པ་སྣ་ཚོགས་རབ་ཏུ་དགའ་བའི་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པ་འདུལ་མཁས་པ། དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། ཧཱུྃ་ཧཱུྃ་ཧཱུྃ། རྣམ་པ་སྣ་ཚོགས་ཁྲོ་བོའི་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པ་འདུལ་མཁས་པ། དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། རྣམ་པ་སྣ་ཚོགས་སྲོག་གི་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པས། དེ་བཞིན་གཤེགས་པ་ཀུན་གྱི་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། ཧཱུྃ་ཤི་ཤ་བི་ཤ་ཧཱུྃ། བསྟོད་པ་བྱ་ནི། ཧཱུྃ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོ། ཧཱུྃ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །ཐུག་ཆོམ་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱང་ཆེ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོ། ཧཱུྃ། ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་དཀྱིལ་འཁོར་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ། ཧཱུྃ། ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོས་པའི་དཀྱིལ་འཁོར་ཆར་བཞིན་འབེབ། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོ། ཧཱུྃ། བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེའོ། །ཧཱུྃ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་བོ་སྡུད་པོ་ཆེ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོ། །དེ་ནས་ཡི་དམ་ཀུན་ལ་རྩ་སྔགས་མཐར་ཁཱ་ཧི་བརྗོད། མ་མོ། མགོན་པོ། རྣམ་སྲས། མགར་བ་རྣམས། སྤྱན་དྲངས། ཕྱག་འཚལ། མཆོད་བསྟོད་གཞུང་བསྲང་ནས། ཧོ། རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་པར་གྱུར་ཅིག །དམ་ཅན་རྒྱ་མཚོ་ཐུགས་དམ་སྐོངས་བར་གྱུར་ཅིག །མཆོད་པ་རྒྱ་མཚོ་གནས་སུ་སྟོབས་པར་གྱུར་ཅིག །སྲིད་པ་རྒྱ་མཚོ་དབྱིངས་སུ་སྒྲོལ་བར་གྱུར་ཅིག །དམ་ཚིག་ཆག་ཉམས་སྐོངས་བར་གྱུར་ཅིག །བདུད་དཔུང་རྒྱ་མཚོ་བཅོམ་པར་གྱུར་ཅིག །བགེགས་དཔུང་རྒྱ་མཚོ་ཞི་བར་གྱུར་ཅིག །འཁོར་བ་རྒྱ་མཚོ་སྟོངས་པར་གྱུར་ཅིག །སྡུག་བསྔལ་རྒྱ་མཚོ་ཞི་བར་གྱུར་ཅིག །བདག་ཉིད་ཆེན་པོ་ལྷུན་གྱི་གྲུབ་པར་གྱུར་ཅིག །བདག་ཅག་རྣལ་འབྱོར་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །ཅེས་སོགས་སྨོན་ལམ་བཏབ་བོ། །མ་ཚང་བ་ཁ་བསྐང་བ་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལི་ལཱི། ཨེ་ཨཻ། ཨོ་ཨ། ཨཾ་ཨ། ༀ་བཛྲ་སཏྭ་ས་མ་ཡ༴ ཡི་གེ་བརྒྱ་པ་ཚང་བར་བརྗོད། སྒྱུ་འཕྲུལ་བརྒྱུད་པའི་གསོལ་འདེབས་བྱེད། བསྙེན་པ་བྱའོ། །བཤགས་པ་བྱ་བ་ནི། ལག་པ་ཐལ་མོ་སྦྱར་བའམ། རྡ་དལ་ཐབས་ཁུ་བརྡུང་ལ་འདི་སྐད་དོ། །ༀ་བདག་ནི་རང་རིག་ཡེ་ཤེས་བློ་དང་མི་ལྡན་པའི། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །དཔལ་ཆེན་ཧེ་རུ་ཀའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་རྣམས་ལ་བཟོད་པར་གསོལ། །བདག་ནི་རང་རིག་ཡེ་ཤེས་བློ་དང་མི་ལྡན་པའི། །བག་མེད་ཚུལ་གྱི་དམ་ལས་འགལ་གྱུར་ཏེ། །མ་མོ་མཁའ་འགྲོའི་ཐུགས་དང་ཅི་འགལ་བ། །མ་སྲིང་རྒྱ་མཚོའི་སྐུ་ལ་བཟོད་པར་གསོལ། །བདག་ནི་རང་རིག་ཡེ་ཤེས་བློ་དང་མི་ལྡན་པའི། །བག་མེད་ཚུལ་གྱི་དམ་ལས་འགལ་གྱུར་ཏེ། །ཆོས་སྐྱོང་སྲུང་མའི་ཐུགས་དང་ཅི་འགལ་བ། །དམ་ཅན་རྒྱ་མཚོས་ཚོགས་ལ་གཟོད་པར་གསོལ། །གསང་སྔགས་རྨད་བྱུང་ཐེག་ཆེན་སྒོར་ཞུགས་རྣལ་འབྱོར་རྣམས། །ལྟ་བ་འཕང་དམ་ཆོས་ཉིད་དོན་མ་རྟོགས། །བསྒོམ་པ་ཡུན་ཐུང་ཡི་དམ་ལྷ་མ་འདྲེས། །སྤྱོད་པ་རླབ་ཆུང་ཡི་དམ་ལྷ་མ་མཉེས། །སྦྱིན་པ་སྟོབས་ཆུང་སེར་སྣའི་མདུད་མ་གྲོལ། །བསམ་གཏན་སྟོབས་ཆུང་འདོད་ཆགས་སེམས་མ་ནོན། །སྙིང་རྗེ་ཤུགས་ཆུང་ཞེ་སྡང་སྤྲོ་མ་ཞི། །ཤེས་རབ་བློ་ཆུང་གཏི་མུག་མུན་མ་སེལ། །མ་མཐོང་མཐོང་གི་ལྷ་འདྲེར་བསྐུར་བཏབ་བམ། །མ་ཉེས་པ་ལ་སྔགས་ཀྱི་ཟེར་ཐལ་ལམ། །མ་རྟོགས་པ་ལ་ཕུར་བུའི་དཔལ་ཐལ་ལམ། །སྨན་མེད་ཨརྒྷས་ཡི་དམ་ལྷ་མཆོད་དམ། །སྟ་ན་བྱིན་གྱིས་མ་རློབས་གནས་འཁྱམས་སམ། །གྷ་ན་བྱིན་གྱིས་མ་རློབས་རུ་ལ་ཁྱེར་རམ། དཀྱིལ་འཁོར་བྲི་ནོར་མར་མེ་འབར་བསད་དམ། །ཕྱི་ཡི་འདུལ་ཁྲིམས་མ་སྲུངས་ཁྲིམས་ཉམས་སམ། །ནང་གི་དམ་ཚིག་མ་བསྲུངས་དམ་ཉམས་སམ། །བསྲུངས་མཚམས་མ་མཆིས་སྡིག་དང་གྲལ་གཅིག་གི། །སློབ་དཔོན་བཀའ་དྲིན་ཅན་གྱི་བཀའ་བཅག་གམ། །གྲོགས་མཆེད་ཁྱད་པར་ཅན་གྱི་ཐུགས་དཀྲུགས་སམ། །དམག་ཆེན་དཔོན་བྱས་ལིང་ཆེན་ཁ་བསྒྱུར་རམ། །ཆུ་བསྒྱུང་མེ་བཀྱེས་སེམས་ཅན་སྲོག་བཅད་དམ། །དེ་ལ་སོགས་ཏེ་ཉེས་སྒྲིབ་ཅི་མཆིས་རྣམས། །འཕགས་པ་མངོན་སུམ་བཞུགས་པའི་སྤྱན་སྔར་འདིར། །གནོད་འགྱོད་ཡིད་ལ་དྲན་ཏེ་མཐོལ་ཞིང་བཤགས། །བདག་ཅག་སེམས་ཅན་ལགས་པས་མ་རིག་འཁྲུལ་པར་བགྱི། །སྒྱུ་མ་ལུགས་པས་ནོངས་པ་རྗེས་སུ་བཤགས། །ཐུགས་རྗེ་ཆེན་པོས་བཟོད་པ་དང་དུ་བཞེས། །ཡེ་ཤེས་ཆེན་པོས་ཚངས་པ་སྩལ་ཏུ་སྩོལ། །ཞེས་བཤགས་པ་བྱའོ། ༈ །སྤྱི་དོན་གསུམ་པ། བཟླས་པའི་རྗེས་སུ་ལྷག་མའི་ལས་རྒྱན། དོན་རྣམ་པ་གསུམ་སྟེ། སྤྱན་དྲངས་ཤིང་དམ་ལ་གཞུགས་པ་དང་། ཁ་ཆུས་གང་བཅིང་མཆོད་པའི་ཆོ་ག་དང་། ལས་བཅོལ་ཅིང་མཆོད་པའི་ཆོ་ག་དང་། ལས་བཅོལ་ཞིང་གཤེགས་སུ་གསོལ་བའོ། །དང་པོ་སྤྱན་དྲངས་པ་ནི། མཛེས་པའི་ཕྱག་རྒྱ་བཅའ་ལ། ༀ་ཨཱེ་ཨཱ་ར་ལི་ཧོ། ཛཿཧཱུྃ་བྃ་ཧོཿ བཛྲ་ཌཱཀྐ་ཌཱཀྐི་ནི་ཏྲི་ཤྱ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཕཻཾ་ཕཻཾ་ཕཻཾ། ཞེས་ཐལ་མོའི་སྒྲ་ལན་གསུམ་བྱའོ། །དེ་ནས་རྔ་ཆུང་བརྡུང་ཞིང་སྤྱུགས་གླུ་བླང་བ་འདི་སྐད་དོ། །ཧཱུྃ། དམ་ཚིག་བརྡའི་མཚོན་ནས་ཀྱང་། །མ་ཚོགས་དབང་ཕྱུག་སྤྱན་འདྲེན་གྱིས། །དམ་བཅའ་བཞིན་དུ་ད་ཚུར་བྱོན། །གསུར་ཆེན་བརྡའི་མཚོན་ནས་ཀྱང་། །མ་ཚོགས་དབང་ཕྱུག་སྤྱན་འདྲེན་གྱིས། །དམ་བཅས་བཞིན་དུ་ད་ཚུར་བྱོན། །སྦྱུགས་པ་བརྡའི་མཚོན་ནས་ཀྱང་། །མ་ཚོགས་དབང་ཕྱུག་སྤྱན་འདྲེན་གྱིས། །དམ་བཅས་བཞིན་དུ་ད་ཚུར་བྱོན། རྔ་ཆུང་བརྡའི་མཚོན་ནས་ཀྱང་། །མ་ཚོགས་དབང་ཕྱུག་སྤྱན་འདྲེན་གྱིས། །དམ་བཅས་བཞིན་དུ་ད་ཚུར་བྱོན། །དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་བཅའ་ལ། ཛཿཧཱུྃ་བྃ་ཧོ། ཊ་ཀི་རཱ་ཙ་ཧཱུྃ་ཛཿ ཊ་ཀི་རཱ་ཙ་ཛཿ ཨ་གཙྪ་ཡ། ཨ་གཙྪ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། ཨ་ཝེ་ཤ་ཡ། ཨ་ཝེ་ཤ་ཡ། ཏིསྟ་ཡ། ཏིསྟ་ཡ། བྷནྡྷ་ཡ། བྷནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། མོ་ཧ་ཡ། མོ་ཧ་ཡ། སརྦ་བཛྲ་ཌ་ཀི་ནི་ནཾ། ཧྲི་ད་ཡ་ནན། ཧཱུྃ་ཧཱུྃ་ཧཱུྃ ། ཕཊ྄་ཕཊ྄་ཕཊ྄། ཅེས་པས་རང་གི་གནས་ནས་བྱོན་ཏེ། དཀྱིལ་འཁོར་གྱི་རིམ་དུ་ཞིང་ཚལ་བའི་གདན་ལ་འཁོད་པར་བསམ་མོ། །རང་རང་གི་དམ་ཚིག་རྗེས་སུ་དྲན་ནས། སྲོག་གི་སྙིང་པོ་དཔལ་ཆེན་པོ་ལ་ཕུལ་བའི་ཚུལ་དུ་བཞུགས་པར་བསྒོམ་མོ། །དེ་ནས་བདག་གི་ཞལ་ནས། གཏོར་མ་ལ་བདུད་རྩིའི་ཞལ་ཆབ་ཀྱི་ཆར་ཕབ་ནས། མ་མོ་རྣམས་ཀྱི་ལྗགས་ལ་ཐིམ་པར་བསྒོམ་པ་ནི་ཁ་ཆུའི་མཆོད་པའོ། །གཏོར་མ་བདུད་རྩིའི་རྒྱ་མཚོར་ཆེན་པོར་དམིགས་ཏེ། མ་མོ་རྣམས་ཀྱིས་གསོལ་བར་བསྒོམ་ཡང་གཏོར་མ་དུག་གསུམ་གྱི་རྒྱ་མཚོའི་ཤ་ཁྲག་རུས་པར་གྱུར་ཏེ། མ་མོ་རྣམས་ཀྱིས་གསོལ་བར་བསྒོམ་ཞིང་། ༀ་སརྦ་བཛྲ་ཌཱཀྐ་ཌཱཀྐི་ནི་པྲ་ཏིཙྪ་ཨི་མཾ་བྷ་ལིངྟ་ཧཱུྃ་ཕཊ྄་ཁཱ་ཧི། ༀ་སརྦ་བྷུདྡྷ་ཌཀྐ་ཌཱཀྐི་པྲ་ཏིཙྪ་ཨི་མཾ་བྷ་ལིངྟ་ༀ་ཕཊ྄་ཁཱ་ཧི། ༀ་སརྦ་རཏྣ་ཌཀྐ་ཌཱཀྐི་ནི་པྲ་ཏིཙྪ་ཨི་མཾ་བྷ་ལིངྟ་ཏྲཾ་ཕཊ྄་ཁཱ་ཧི། ཧྲཱིཿསརྦ་པདྨ་ཌཀྐ་ཌཱཀྐི་ནི་པྲ་ཏིཙྪ་ཨི་མཾ་བྷ་ལིངྟ་ཧྲཱིཿཕཊ྄་ཁཱ་ཧི། ཧ་སརྦ་ཀརྨ་ཌཱཀྐ་ཌཱཀྐ་ནི་པྲ་ཏིཙྪ་ཨི་མཾ་བྷ་ལིངྟ་ཧཱ་ཕཊ྄་ཁཱ་ཧི། མ་ནུ་རཀྴ་སཱི་བྷྱོ་ཁཱ་ཧི། བྲ་ཧྨ་ཎཱི་བྷྱོ་ཁཱ་ཧི། རེའུ་ཏྲི་མ་བྷྱོ་ཁཱ་ཧི། བྷ་ན་བྷེ་བྷྱོ་ཁཱ་ཧི། ཀུ་མཱ་རཱི་བྷྱོ་ཁཱ་ཧི། ཨིནྡྲ་ཡ་ནི་བྷྱོ་ཁཱ་ཧི། བཛྲ་སིངྷ་ཀ་ལ་བྷྱོ་ཁཱ་ཧི། ཨ་མྲྀ་ཏཾ་བྷྱོ་ཁཱ་ཧི། སོའུ་ནི་བྷྱོ་ཁཱ་ཧི། ཏ་ན་ཧཾ་བྷྱོ་ཁཱ་ཧི། རཀྴ་སཱི་བྷྱོ་ཁཱ་ཧི། བཀྴ་སཱི་བྷྱོ་ཁཱ་ཧི། ར་ཏྲི་མ་བྷྱོ་ཁཱ་ཧི། རེ་ཏྲི་རེ་མ་ཏི་བྷྱོ་ཁཱ་ཧི། ཨེ་ཀ་ཚ་ར་མ་བྷྱོ་ཁཱ་ཧི། མ་ནུ་ཧ་ར་མ་བྷྱོ་ཁཱ་ཧི། སི་ཏི་ཀཾ་བྷྱོ་ཁཱ་ཧི། བྷཱ་ཡ་བྷཱེ་བྷྱོ་ཁཱ་ཧི། མ་ཧཱ་མཱ་ར་ཎཱ་བྷྱོ་ཁཱ་ཧི། ཨགྣེ་ཡེ་བྷྱོ་ཁཱ་ཧི། བ་རཱ་ཧཱི་བྷྱོ་ཁཱ་ཧི། ཙ་མུན་དྲི་བྷྱོ་ཁཱ་ཧི། པུ་ཏ་ན་བྷྱོ་ཁཱ་ཧི། པཱ་ཎི་བཛྲ་བྷྱོ་ཁཱ་ཧི། བཛྲ་མ་ཧཱ་ཀཱ་ལཱི་བྷྱོ་ཁཱ་ཧི། ཙ་ཀཱ་ལ་བཛྲ་བྷྱོ་ཁཱ་ཧི། བཛྲ་བུམ་པ་ཀ་ར་ཎ་བྷྱོ་ཁཱ་ཧི། བཛྲ་ལམྦོ་དྷ་ར་ཎ་བྷྱོ་ཁཱ་ཧི། སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། མ་ཧཱ་ཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། དགྲ་བགེགས་ཀྱི་མིང་བཞིའི་ཕུང་པོ་ཁ་ཁཱ་ཧི། རྣམ་ཤེས་ཚོགས་བརྒྱད་ལ་ཁཱ་ཧི། ལྷག་མའི་རྗེས་ཤུལ་ལ་ཁཱ་ཧི། ཞེས་མཆོད་ཅིང་བསྟབ་བོ། །དེ་ནས་མ་མོ་ཐམས་ཅད་ཀྱིས་བདག་ལ་བཀའ་ཉན་པའི་ཚུལ་གྱིས་ལས་བསྒྲུབ་པའི་ཉེར་ལོགས་སུ་གནས་པར་བསྒོམ་ལ། འདི་སྐད་དོ། །བྷྱོ། མི་སྲིན་མོ་དང་ཚངས་མ་དང་། །འཁྲུག་མོ་དང་ནི་འཇུག་སྲེད་མོ། །གཞོན་ནུ་མོ་དང་དབང་མོ་དང་། །རྡོ་རྗེ་དམར་མོ་བདུད་རྩི་མོ། །ཞི་བ་མོ་དང་བེ་ཅོན་མོ། །སྲིན་མོ་དང་ནི་ཟབ་མོ། །རྡོ་རྗེ་དགའ་མ་ཆེན་མོ་དང་། །ཤིན་ཏུ་ར་རོ་ཁྲག་འཐུང་མྱོས། །གཅིག་པུར་སྤྱོད་དང་ཡིད་འཕྲོག་མོ། །ཀླུ་མོ་དང་ནི་རླུང་མེ་དང་། །རྡོ་རྗེ་ཡང་ནི་གསོད་ཆེན་མོ། །མེ་མོ་ཕག་མོ་རྒ་ན་བྱེད་མོ། །སྣ་ཆེན་མོ་དང་ཆུ་ལྷ་མོ། །རྡོ་རྗེ་ནག་མོ་ཆེན་མོ་དང་། །རྡོ་རྗེ་ར་སྟེ་དམར་སེར་མོ། །རྡོ་རྗེ་སྔོ་ནག་བུམ་རྣ་མོ། །རྡོ་རྗེ་ནག་མོ་གསུས་འཛིན་ཏེ། །མ་མོ་ཆེན་མོ་ཁྱེད་རྣམས་ཀྱང་། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་བླང་དམ་བཅས་བཞིན། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཡེ་ཤེས་ཐོབ་པར་བྱ་བ་དང་། །བསྒྲུབ་པ་པོའི་གྲོགས་བྱ་ཞེས། །རྡོ་རྗེ་བྱིན་ནས་མིང་བཏགས་ཏེ། །དམ་བཅས་བཞིན་དུ་ཧེ་རུ་ཀའི། །བཀའི་མཆོད་པ་འདི་ལོང་ལ། །འདི་ཚེ་སོ་སོའི་གཟུགས་མཆོག་དང་། །མངོན་པར་སྟོན་ལ་གྲུབ་པར་ཕུལ། །ཁྱེད་རྣམས་མངོན་དུ་མ་གྱུར་རམ། །གྲུབ་པ་མཆོག་དག་ཆ་བཙལ་ན། །སོ་སོའི་ཐུགས་དང་འགལ་གྱུར་པས། །དེང་གི་གནས་མཆོག་དམ་པ་འདིར། །འདུས་ལ་ལས་རྣམས་ཀུན་བྱོས་ཤིག །ཐབས་ཆེན་ཟླ་གསང་ཐིག་ལེ་ལས། །གཡར་དམ་ཅན་ལ་བརྩེར་དགོངས་ཏེ། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་རྣམས། །མཛེས་པའི་སྐུ་ལ་གཞོན་སྒེག་ཚུལ་འཆང་ཞིང་། །མེ་ཏོག་ཆུན་འཕྱངས་ལེགས་པའི་སྐེད་ཆིངས་ཅན། །དབང་ཕྱུག་ཆེན་པོའི་ཆུང་མ་ལས་མཛད་ད་ཚུར་བྱོན། །ཐུགས་དམ་བཞིན་དུ་བཅོལ་པའི་ཕྲིན་ལས་མཛོད། །དབང་ཕྱུག་ཆེན་པོའི་ཆུང་མ་ཉི་ཤུ་བརྒྱད། །ཀུན་ཀྱང་འཁོར་མང་འབུམ་ཕྲག་ཡས། །འདིར་གཤེགས་བཀའི་གཏོར་མ་འདི་ལོང་ལ། །བདག་ཅག་རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བདུད་དཔུང་ཆོམ་ལ་བགེགས་དཔུང་ཤིག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ཁ་དགྲ་ལ་བསྒྱུར། །ཡིད་ལ་བརྣག་པའི་དགྲ་བགེགས་ལ། །རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། །ཞེས་ལས་ཀྱི་གཉེར་གཏད། ཡ་ཧི་གཙྪ། ཞེས་བརྗོད་པས། རང་རང་གི་གནས་སུ་གཤེགས་སུ་གསོལ། དེ་ནས་གཏོར་མ་གོམ་པ་བདུན་ཅུའི་སར་ཕྱིར་བསྣུར་ལ། གངས་རེའི་རྒྱུད་ལ་གནས་པའི་བརྟེན་མ་རྣམས། ལག་ཏུ་རྡོ་རྗེ་བྱིན་ནས་དེ་ནས་མིང་གི་དབང་བསྐུར་བ་ནི། བྷྱོ། བོད་ཁམས་སྐྱོངས་པའི་མ་མོའི་ཚོགས། །བརྟེན་མ་ཆེན་མོ་བཅུ་གཉིས་ཀྱང་། །སྔོན་གྱི་ཐུགས་དམ་དགོངས་མཛོད་ལ། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །ཧཱུྃ། དགོང་སྔོན་མཐོན་པོའི་ཡར་སྟེང་ནས། །ནམ་མཁའི་རྒྱལ་མོ་རྡོ་རྗེ་ཏིང་ལོ་སྨན། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །མ་བཙུན་ཁུག་ཆོས་རྡོ་རྗེ་དབྱར་མོ་བསིལ། །རྐོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །ལྷོའི་སྐྱི་མཐིང་རྡོ་རྗེ་ཡ་མ་སྐྱོང་། །བྱང་གི་སྨན་ཏིང་རྡོ་རྗེ་ཏིང་མི་བཙུན། །བཙན་ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་གཡུ་བུན་མ། །བརྡ་ལྷ་བཙུན་མོ་རྡོ་རྗེ་ཡེ་ཤེས་མཆོག །སྐྱི་མཐིང་གངས་ཀྱི་རྡོ་རྗེ་ལ་རོ་སྨན། །ཡར་འབྲོག་གསེར་ཐང་རྡོ་རྗེ་འབྲོག་སྲིང་མ། །ཁྲག་འཐུང་ཆེན་མོ་རྡོ་རྗེ་གཡུ་སྒྲོན་མ། །མི་གཡོ་བརྟེན་པའི་རྡོ་རྗེས་འཛིན་མ། །གངས་རིའི་རྒྱུད་ལ་གནས་པ་ཡི། །བརྟེན་མ་ཆེན་མོ་ཁྱེད་རྣམས་ཀྱང་། །བདུད་རྩི་སྨན་གྱིས་གཡབ་འདོར་ནས། །འདིར་གཤེགས་བཀའི་གཏོར་མ་འདི་ལོང་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བདག་ཅག་རྣལ་འབྱོར་འདིར་འདུས་ལ། །རིམས་ནད་ཡམས་ནད་བཅད་པ་དང་། ཅི་ལས་གྱུར་པའི་ནད་རྣམས་ཀུན། །ཡུད་ཙམ་གྱིས་ནི་མེད་པར་མཛོད། །ཡ་ཧི་གཙྪ། དགེའོ།། །།

ཁྲོ་བོའི་བསྙེན་དམིགས་བི་ཛ།

༈ ཁྲོ་བོའི་བསྙེན་པའི་སྐབས། རྩ་སྔགས་དང་། རང་སྔགས། ལས་སྔགས་ཀྱི་བསྙེན་པ་དང་གསུམ། རྩ་སྔགས་ལ་གཉིས། ཕྲ་མོའི་ཏིང་ངེ་འཛིན་གྱིས་ཡིད་སྒྲིབ་སྦྱངས་པ་ནི། སེམས་དཔའ་གསུམ་བརྩེགས་ཀྱི་ཧཱུྃ་མཐར། རུ་ལུ་འབྲུ་བརྒྱད་གཡས་བསྐོར་དུ་འཁོར་བ། ཧཱུྃ་གི་འོད་མཐིང་འཕྲོས། ༀ་ལ་ཕོག །ༀ་ལས་འཕྲོས་ཧཱུྃ་ལ་ཐིམ་པར་བསམ་པ་སོགས་འབྲུ་རེ་རེ་ནས་བསྒོམ། དུས་ཅིག་ཆར་ཧཱུྃ་ལས་འོད་ཟེར་བརྒྱད་སྲོས་འབྲུ་བརྒྱད་ལ་ཐིམ། འབྲུ་བརྒྱད་ལས་རེ་རེ་འཕྲོས་ཧཱུྃ་ལ་ཐིམ་པར་བསམ་སྟེ། གོམས་པར་བྱ། ངག་བཟླས་བྱ་ཚུལ་བཞི་ལས། དང་པོ་ཐབས་དང་ཤེས་རབ་སྟེང་སྒོ་དབྱེ་བའི་བཟླས་པ་ནི། ཡབ་ཡུམ་གྱི་མགྲིན་པར་པདྨ་འདབ་བརྒྱད་སྟེང་། ལྗགས་རྡོ་རྗེ་རྩེ་གསུམ་པར་བསམ་པ་ཧཱུྃ་ལ། འབྲུ་བརྒྱད་ཀྱིས་བསྐོར་བ། ཡབ་ཀྱི་ཐུགས་ཀར་རྡོ་རྗེའི་དབུས་དེ་ལྟར་བསམ་པའི། དབུས་ཀྱི་ཧཱུྃ་ལས་འོད་མཐིང་འཕྲོས་འབྲུ་བརྒྱད་ལ་གཡས་བསྐོར་གྱིས། རྡོ་རྗེའི་དབུས་རྭ་ནས། ཡེ་ཤེས་སེམས་དཔའ་གཙུག་གཏོར་ནས་ཐོན། ལྗགས་ཀྱི་འབྲུ་བརྒྱད་ལ་གཡས་སུ་བསྐོར་ཞལ་ནས་ཐོན། ཡུམ་གྱི་ཞལ་གྱི་ལྗགས་ཀྱི་རྡོ་རྗེའི་རྩེ་ནས། ལྟེ་བར་འབྲུ་བརྒྱད་ལ་གཡོན་དུ་བསྐོར། སྐུའི་དབྱིབས་བརྒྱུད། ཐུགས་ཀའི་བྷནྡྷའི་ནང་གི་ཧཱུྃ་ལ་འབྲུ་བརྒྱད་ཀྱིས་བསྐོར་བར། ཐུགས་རྒྱུད་བསྐུལ་བའི་ཚུལ་གྱིས་གཡོན་དུ་བསྐོར་ནས། ཚུར་ཡབ་ཀྱི་ཐུགས་ཀར་བྱུང་སྟེ་ཡང་སྔར་བཞིན་བསྐོར་རོ། །དེ་ལ་སྔགས་ཚར་བཞི་རེ་སྟེ། དེ་ཉིད་འབུམ་མམ་བྱེ་བ་བསྙེན། གཉིས་པ་བྱང་ཆུབ་སེམས་ཀྱིས་མཆོད་པ་འབུལ་བའི་བཟླས་པ་ནི། ཡབ་ཀྱི་གསང་བའི་རྡོ་རྗེར་ཧཱུྃ་ལ་འབྲུ་བརྒྱད་ཀྱི་བསྐོར་བར་བསམ། ཡབ་ཀྱི་ཐུགས་ཀ་ནས་འོད་ཟེར་མར་བརྒྱུད། གསང་བའི་འབྲུ་བརྒྱད་ལ་གཡས་སུ་འཁོར། རྡོ་རྗེའི་དབུས་རྭ་ནས་ཞུགས། ཡུམ་གྱི་པདྨའི་ཟེའུ་འབྲུར་བརྒྱད། ཐུགས་ཀར་གཡོན་དུ་འཁོར། ཡར་བརྒྱུད། ལྗགས་ཀྱི་འབྲུ་བརྒྱད་ལ་གཡོན་དུ་འཁོར། ཡབ་ཀྱི་ལྗགས་ལ་གཡས་སུ་འཁོར། མར་རྒྱུད་ཐུགས་ཀར་འཁོར་ཏེ་བར་མ་ཆད་པར་བསམ་སྟེ། འབུམ་མམ་བྱེ་བ་བཟླ། གསུམ་པ་དངོས་གྲུབ་ཡུམ་གྱི་མཁའ་ནས་བླང་བའི་བསྙེན་པ་ནི། ཡབ་ཀྱི་ཐུགས་ཀ་ནས་ཡར་བརྒྱུད། ལྗགས་ལ་གཡས་བསྐོར་གྱིས། ཡུམ་གྱི་ལྗགས་ལ་གཡོན་བསྐོར། མར་རྒྱུད། ཐུགས་ཀར་གཡོན་བསྐོར། མར་བརྒྱུད་པདྨའི་ཟེའུ་འབྲུ་ནས། དབུས་རྭར་བཞུགས་གཡས་བསྐོར་གྱིས། ཡར་རྒྱུད་ཐུགས་ཀར་བསྐོར་བ་བར་མ་ཆད་པར། འབུམ་མམ་བྱེ་བ་བཟླ། བཞི་པ་བཟླས་བརྗོད་བསྙེན་པའི་འཕྲོ་འདུས་ཡེ་ཤེས་ཀྱི་ལྷ་མཉེས་པ་སྒྲུབ་པ་ནི། ཡེ་ཤེས་པ་མདུན་མཁར་བཞུགས་པའི་ཞལ་ནས་ཕར་ཚུར་དུ་བརྒྱུད་དེ། བདག་གི་ཐུགས་ཀར་གཡས་སུ་འཁོར། མདུན་གྱི་ཐུགས་ཀར་གཡོན་དུ་བསྐོར་ཏེ། གཙོ་བོ་གོ་འཕོ་བའམ། འཁོར་བསྡུ་ཞི་བ་ལྟར་བྱའོ། །རང་སྔགས་ཀྱི་བསྙེན་པ་བྱ་བ་ནི། ཡབ་རྣམས་ལ་རུ་ལུའི་མཐར་རང་སྔགས་གཡས་བསྐོར། ཡུམ་རྣམས་ལ་རུ་ལུའི་མཐར་རང་སྔགས་གཡོན་བསྐོར་བསམ། ཡབ་སྔགས་བཟླས་ཚེ། ཞལ་ནས་ཡུམ་གྱི་ཐུགས་ཀར་གཡོན་བསྐོར་གྱིས་ཚུར་ཐུགས་ཀར་གཡས་བསྐོར་བྱ། ཡུམ་སྔགས་བཟླས་ཚེ། ཡབ་ཀྱི་ཐུགས་ཀར་གཡས་བསྐོར་གྱིས་ལྗགས་ནས་བརྒྱུད། ཡུམ་གྱི་ཐུགས་ཀར་གཡོན་བསྐོར་དུ་བསམ། མ་མོ་རྣམས་རང་རང་ཐུགས་ཀར་བསྐོར་བའི་འོད་ཟེར་གཙོ་བོའི་ཐུགས་ཀར་བསྟིམ་པར་བསམ་སྟེ། འབུམ་དང་བྱེ་བ་གཙོ་འཁོར་འགྲོས་ལྟར་བཟླའོ། །སྟོང་མཚམས་སུ་མཆོད་བསྟོད་རེ་བྱ་དགོས་སོ། །ཡིག་རྙིང་གི་དོན་བསྡུས་ཏེ་བི་ཛའི་མིང་གིས་སྤེལ་བ་དགེ། །།

སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་མུན་སེལ་ཟླ་བ། བི་ཛ།

སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་མུན་སེལ་ཟླ་བ་བཞུགས་སོ། །བླ་མ་ཧེ་རུ་ཀ་ལ་ན་མོ། རང་བཞིན་གཅིག་ལ་བསམ་གྱིས་མི་ཁྱབ་པའི། །གདུལ་བྱར་མཐུན་པའི་འདུལ་བྱེད་ཐབས་སྟོན་པ། །ཧེ་རུ་ཀ་ཡི་གོ་འཕང་མངོན་བྱེད་པ། །དཀྱིལ་འཁོར་ཆོ་ག་མུན་སེལ་ཟླ་བ་སྤྲོ། །ཧེ་རུ་ཀའི་དཀྱིལ་འཁོར་དུ་འཇུག་པའི་མོས་སློབ་པ་དག་འཇུག་པ་བདེ་བའི་ཕྱིར་སྟབས་མར་བྲི་སྟེ། སྦྱོར་བ། དངོས་གཞི་མཇུག་གི་བྱ་བ་གསུམ། དང་པོ་ལ། བསྙེན་པའི་ཆོ་ག །གཞི་བཟུང་བ། སའི་ཆོ་ག །སྟ་གོན་གྱི་ཆོ་ག་བཞི། དང་པོ་ནི། གྲངས་དུས་མཚན་མའི་བསྙེན་པ་གང་རུང་སྔོན་ནས་བཏང་ཟིན་གྱིས། འདིར་ཁྱད་པར་བསྙེན་པ་ཁ་གསོ་བ་ཅི་ནུས་བྱ། གཉིས་པ་ལས་ཀྱི་གཞི་བཟུང་བསྒྲུབས་པའི་དུས་ཀྱི་ཕུན་སུམ་ཚོགས་པ་ལྔ་བཤད་པ་ལྟར་ཏེ། གཙོ་བོར་དམ་སྡོམས་ལ་གནས་པ་ཉིད་དོ། །གསུམ་པ་སའི་ཆོ་ག་ལ། ཐོག་མར་སྔར་སྒྲུབས་ཀྱིས་བྱིན་ཅན་ནམ། གསར་དུ་བརྟག་པར་ས་ཡི་དངོས་གྲུབ་བླང་བའི་ཕྱིར། དཀྱིལ་འཁོར་བསྒོམ་པར་འདོད་དོན་གསོལ་ཏེ་ནམ་མཁར་བཏེག །ས་ཡི་བདག་པོ་བརྟན་མ་ལ་བསླང་ཕྱིར། མཎྜལ་ལ། དྲི་བཟང་དང་བ་བྱུང་བྱུགས་ཏེ་མེ་ཏོག་གི་ཚོམ་བུ་དགོད། མཆོད་གཏོར་དང་། གསེར་སྐྱེམས་བཤམས། མཆོད་ཡོན། བཞི་བསྣོལ་གྱིས་བསྐོར་ཏེ་བཀོད། ནང་མཆོད། རྡོར་དྲིལ་འདུ་བྱ་ལ། རྟོག་བྲལ་བློ་འདས་བརྗོད་མེད་ཀྱི་ངང་ནས། ཧཱུྃ་བིགྷྣནྟ་ཀྲྀཏ་ཕཊ྄། རང་ཉིད་སྐད་ཅིག་གིས་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་སེར་ཞལ་གཅིག་ཕྱག་གཉིས་པ་གཡས་སྣ་ཚོགས་རྡོ་རྗེ་འཕྱར་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཁྲོ་བོའི་ཆས་ཅན་ཡུམ་དང་བཅས་པའི་སྐུར་གྱུར། མཆོད་ཚོགས་རྣམས། རྃ་ཡྃ་ཁྃ་གིས་སྦྱངས། ༀ་ཨཱཿཧཱུྃ་གིས་འདོད་ཡོན་བདུད་རྩིའི་ཕུང་པོར་བྱིན་གྱིས་བརླབ་ལ། རང་གི་ཐུགས་ཀ་ནས་ལྃ་ཡིག་སེར་པོ་ཆད་པ་མཎྜལ་གྱི་དབུས་སུ་གནས་པ་ལས་སའི་ལྷ་མོ་གསེར་གྱི་མདོག་ཅན་ཞི་ཞིང་འཛུམ་པ་དར་དང་རིན་པོ་ཆེས་བརྒྱན་པ། གཡས་གསེར་གྱི་བུམ་པ་དང་། གཡོན་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། ཕག་གི་ཁྲི་ལ་བཞུགས་ཤིང་འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ་བར་བསམ། ཡེ་ཤེས་ལྔའི་དབང་བསྐུར་ནས། རྣམ་སྣང་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན། སྐུ་གསུང་ཐུགས་བྱིན་གྱིས་རླབས། བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་སྙན་བརྣན། མཆོད་ཡོན་སྒྲེང་བཞིན་དུ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ལྷ་མོ་བརྟན་མ་ཆེ། །མཆོད་ཡོན་བཞེས་ནས་འདི་ཉིད་དུ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ༀ་ཨེ་ཧྱ་ཧི་བ་སུ་དྷ་རཱི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཞེས་སྤྱན་དྲངས། ཛ་ཧཱུྃ་བྃ་ཧོཿས་གཉིས་མེད་དུ་བསྟིམ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། མིང་སྔགས་ལ། ཨི་དམ་བྷ་ལིཾ༴བཏགས་པས་གཏོར་མ་ཕུལ། ས་ཡི་ལྷ་མོ་བརྟན་མ་འོག་ཕྱོགས་སྐྱོང་། །སྐུ་གསེར་ཕྱག་ན་གསེར་གྱི་བུམ་པ་བསྣམས། །འཇའ་ཚོན་འོད་ལྡན་ཕག་ཆེན་ཁྲི་ལ་བཞུགས། །དེ་ལ་ཕྱག་འཚལ་བསྙེན་བསྐུར་མཆོད་པ་འབུལ། །ཞེས་བརྗོད། ༀ་པྲ་ཏི་བྷྱཿསྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པས་འདོད་དོན་སྩོལ་བའི་དགྱེས་མདངས་ཕྱུང་བར་བསམ། འཁོར་གྱིས་བདག་མཆོད་པ་ནི། སྔར་བཞིན་མཆོད་གཏོར་རྣམས་བརླབ་ལ། སྠ་ན་པ་ཏི་ཀྵེ་ཏྲ་པཱ་ལ་ས་པཱ་རི་ཝ་ར་ཨེ་ཧྱ་ཧི། ཞེས་པས་སྤྱན་དྲངས་ཏེ། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་ཕུལ་ལ། ཧཱུྃ། རི་རབ་ཆེན་པོའི་གནས་དང་གླིང་བཞི་དང་། རྒྱ་མཚོའི་འཇིང་གནས་གཙུག་ན་ནོར་བུ་འབར། །ཀུན་དགའི་བདག་པོ་དབང་བྱེད་ཆེན་པོ་དང་། །ཀུན་ཏུ་ས་ཡི་ལྷ་མོ་བརྟན་འབར་མ། །ས་བདག་མཐུ་ཆེན་འཁོར་གྱི་གནས་རྣམས་སུ། །མཆོད་སྦྱིན་གཏོར་མ་དམ་པ་འདི་བསྔོས་པས། །སོ་སོ་འཁོར་བཅས་རེ་བ་སྐོང་གྱུར་ནས། །བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། །ཅེས་གསེར་སྐྱེམས་འབུལ། ཡ་ཧི་གཙྪས་རང་གནས་གཤེགས་ལ་མཆོད་གཏོར་ཕྱིར་འབུལ། ལྷ་མོ་དཔང་དུ་གསོལ་བ་ནི། ཏྲི་ཤུ་ལའི་ཕྱག་རྒྱ་ས་ལ་ལན་གསུམ་གཏུགས་ཏེ། ཧཱུྃ། སྐྱོབས་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ཀྱིས་དཔང་མཛོད་ཅིག །ༀ་པྲ་ཏི་བྷྱཿསྭཱ་ཧཱ། འདེག་པའི་རྒྱས། བེ་ག་ཀྲ་མ་ཡཾ། ལྷ་མོ་ནམ་མཁའ་ལ་དཔང་དུ་བཞུགས་པར་བསམ། བཛྲ་ས་མ་ཛཿས་དབང་པོའི་ལྷ་ནམ་མཁར་གང་བ་སྤྱན་དྲངས། ཧཱུྃ་བཞི་བརྗོད། དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་བསྡུས་རང་ལ་ཐིམ་པས་ལུས་འོད་ཀྱི་གོང་བུར་གྱུར་པར་བསམ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཞེས་བརྗོད་པས། རང་ཉིད་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་དང་། གཡོན་དྲིལ་བུ་འཛིན་པ། མི་བཟད་པའི་ཁྲོ་བོ་འབར་བའི་སྡང་མིག་གིས་བགེགས་ལ་བལྟ་བ། རྐང་མཐིལ་དང་སྙིང་གར་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་མེ་རབ་ཏུ་འབར་བར་བསམ་ཞིང་། བདེན་སྟོབས་སྔོན་འགྲོས། ས་ཡི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ་སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་བས། གང་སུ་ཡང་རུང་བའི་འབྱུང་པོ་གདུག་པ་ཅན་གཡོག་དང་འཁོར་དུ་བཅས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་བརྗོད། ཚམས་རྔམས་དྲག་པོས། གུ་གུལ་བདུག །ཡུངས་ཐུན་བྲབ། ཁྲོ་བོའི་སྤྲིན་སྤྲོ་བས། སུམྦྷའི་སྔགས་བཟླ་བཞིན་རྡོ་རྗེ་གསོར། དྲིལ་བུ་དཀྲོལ། རྡོ་རྗེའི་འགྲོས་ཀྱིས་བསྐོར་ཏེ། ཧཱུྃ་རིང་པོར་བརྗོད་པས། ཁྲོ་བོ་རྣམས་སླར་འདུས་ནས་སྲུང་བའི་གུར་ཁང་སྣ་ཚོགས་རྡོ་རྗེ་མེ་རབ་ཏུ་འབར་བ་དང་བཅས་པས་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་བསམ་ལ་དབུས་སུ་བརྗིད་བག་གིས་འདུག །ཏྲི་ཤུ་ལ་རྒྱས། ཇི་ལྟར་ཆེ་མཆོག་ཧེ་རུ་ཀས། །རུ་ཏྲ་བདུད་ཀྱི་སྡེ་བཏུལ་ནས། །ཆོས་ཀྱི་རྒྱལ་སྲིད་དཔང་བཙུགས་པ། །དེ་བཞིན་དུ་ནི་བདག་གིས་ཀྱང་། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ས་ཡི་དངོས་གྲུབ་སྩལ་དུ་གསོལ། །ༀ་རཏྣ་པ་ཤཾ་སིདྡྷི་ཀུ་རུ་ས་མ་ཡ་སྟྭཾ། ཞེས་བརྗོད་པས་ལྷ་མོ་འཛུམ་པའི་མདངས་ཀྱིས་འོད་དུ་ཞུ་ནས་ས་གཞི་ལ་ཐིམ་པས། ས་གཞི་རིན་པོ་ཆེའི་རང་བཞིན་ཡེ་ཤེས་ལྔའི་ངོ་བོར་གྱུར་པར་བསམ་མོ། །ཇི་ལྟར་རིགས་པའི་ཚད་ཀྱི་སྟེགས་བུ་བརྩིགས་པའི་དབུས་སུ། ཟངས་སམ་དམར་པོའི་ཤིང་པས་ཕུར་བུ་རྩེ་མོ་ལ་གམ་གྱི་གཟུགས་བཅོས་པ་སྣོད་འབྲས་བུས་བཀང་བར་བཙུགས་ལ། ༀ་པདྨ་ཀཱི་ལི་ཀཱི་ལ་ཡ་ཕཊ་ཛཿབརྗོད་པས། རང་གི་སྙིང་ཁའི་ཧཱུྃ་ལས་པདྨ་ཧེ་རུ་ཀ་དམར་པོ་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཀྱིས་པདྨ་དང་ཞགས་པ། འོག་མ་གཉིས་ཀྱི་ཕུར་བུ་སྒྲིལ་བ། སྨད་ཕུར་བུ་ཟླ་གམ་རབ་ཏུ་འབར་བའི་རྩེ་མོ་ཅན་དུ་ཕྱུང་བ་བཀོད་པའི་ཕུར་བུ་དབྱེར་མེད་དུ་གྱུར། ཀཱ་ཡ་བཛྲ༴སོགས་ཀྱིས་སྐུ་གསུང་ཐུགས་བྱིན་བརླབས་ཏེ་གཟི་བྱིན་ལྡན་པ་བྱས་ཏེ། ཧཱུྃ། པདྨ་དབང་གི་ཁྲོ་མཆོག་ཆགས་པའི་སྐུ། །མ་ལུས་དབང་དུ་སྡུད་པའི་ལས་མཛད་པ། །འཛམ་གླིང་ཡེ་ཤེས་རིན་ཆེན་ས་འདི་དག །བདག་གི་བྱང་ཆུབ་གྲོགས་སུ་འགྱུར་བར་མཛོད། །ༀ་པདྨ་ཀཱི་ལི་ཀཱི་ལ་ཡ་ཝ་ཤཾ་མ་ན་ཡེ་ཧཱུྃ། ཝ་ཤཾ་ཀུ་རུ་སྭཱ་ཧཱ། བརྗོད་བཞིན་དཀྱིལ་འཁོར་གྱི་གཞི་ལ་བཏབ་པས། ཕུར་བུ་ལས་བྱུང་བའི་འོད་ཀྱིས་ས་གཞི་ཐམས་ཅད་ཁྱབ་ཅིང་བདག་གི་དབང་དུ་གྱུར་པར་བསམ་མོ། །རང་གི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུྃ་མཐིང་ག་རེ་རེས་མཚན་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པར་བསམ་ལ། ༀ་བཛྲ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ྄། ཅེས་བརྗོད་བཞིན་ས་ལ་ལན་གསུམ་བསྣུན་པས། རྡོ་རྗེ་དང་ཧཱུྃ་གི་འོད་ཀྱིས་སའི་ཉེས་སྐྱོན་ཐམས་ཅད་སྦྱངས་ནས་ཡེ་ཤེས་རང་སྣང་གི་གཞིར་གྱུར་པར་བསམ། སྔགས་དང་ཕྱག་རྒྱས་སྦྱངས་བའོ། །ས་དང་ས་འཛིན་པའི་འཁྲུལ་རྟོག་ཐམས་ཅད་སྟོང་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་སུ་རྣམ་པར་དག་པར་བསམ། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཏིང་འཛིན་དམིགས་མེད་ཀྱིས་སྦྱངས་བའོ། །ཧཱུྃ། རིང་པོར་བརྗོད་པས། རང་རིག་སྐད་ཅིག་གིས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་ཡིག་མཐིང་ནག་འབར་བས་མཚན་པར་གྱུར། དེ་ལས་ཨེ་ཡཾ་རཾ་སུཾ་ཀེཾ་རཾ་བྷྲཱུྃ་རྣམས་འོག་ཏུ་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས་འབྱུང་ལྔ་རིམ་བརྩེགས་ཀྱི་སྟེང་དུ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜལ། ཞེས་བརྗོད་པས་ཡེ་ཤེས་རིན་པོ་ཆེའི་རང་བཞིན་བྷཉྫ་འབར་བའི་དཀྱིལ་འཁོར་ཇི་ལྟར་འབྱུང་བར་འགྱུར་བ་བཞིན་དུ་བཀྲ་ལམ་གྱིས་གསལ་བར་བསམ་མོ། །བྱིན་གྱིས་བརླབ་པ་ནི། ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ། བཛྲ་ཀྲོ་ཏི་ཤྭ་རི་སྟྭཾ། ཞེས་བརྗོད་པས། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་ཁྲག་འཐུང་ཆེན་པོའི་སྐུར་གྱུར་པ་ནི། སོགས་ཀྱིས་བསྐྱེད་ནས། དབང་བསྐུར། བྱིན་བརླབས། མཁའ་གསང་བརླབ་ནས་མཉམ་སྦྱོར་གྱིས་སྲས་ཀྱི་ལྷ་སུམ་ཅུ་སྤྲོ་བ་དང་། དབང་མོ་བསྐྱེད་པ་རྣམས་སྒྲུབ་ཐབས་ལྟར། གཞན་སྲས་ཀྱི་ཆོ་གས་གསལ་བཏབ་ལ། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་དཀྱིལ་འཁོར་བ་དང་བཅས་པའི་དུས་གསུམ་གྱི་མགོན་པོ་སྲས་དང་བཅས་པ་ཐམས་ཅད་མཁའ་ཁྱབ་ཏུ་སད་པར་བསམ་ཞིང་། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་གིས་སྙན་བསྣན། ཨེ་ཧྱ་ཧིས་སྤྱན་དྲངས་ལ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་སོགས་ཕྱི་ནང་གསང་བའི་མཆོད་པ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་བྱའོ། །དེ་ནས་ཕྱོགས་བཞིའི་སློབ་མ་བཞི། རིགས་བཞིའི་ཀྲོ་ཏིར་བསྐྱེད། བསྐུར། བརླབས། དབབས། དྲང་། བསྟིམ། བརྟན་པར་བྱས་ལ། དེ་རྣམས་རང་རང་གིས་གཙོ་བོ་ལ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད་པ་སྔོན་དུ་འགྲོ་བས། ཤར་ནས། ཞི་བའི་ཡེ་ཤེས་རང་སྣང་བའི། །རྒྱན་རྣམས་ཀུན་གྱི་རབ་མཛེས་པ། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །དཀྱིལ་ཁོར་ཆེན་པོ་གསུང་དུ་གསོལ། །ལྷོ་ནས། ཡོན་ཏན་རིན་ཆེན་འབྱུང་བའི་གཙོ། །མ་ལུས་ཀུན་གྱི་རེ་སྐོང་བ། །སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ནུབ་ནས། རང་བཞིན་དག་པས་གོས་པ་མེད། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །སངས་རྒྱས་ཀུན་གྱི་གསུང་གི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །བྱང་ནས། བསམ་པ་ཐམས་ཅད་ཡོངས་རྫོགས་པས། །ཐམས་ཅད་སྒྲོལ་བའི་དེད་དཔོན་མཆོག །སངས་རྒྱས་ཀུན་གྱི་ཕྲིན་ལས་བདག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ཐམས་ཅད་ཀྱིས་ཐུན་མོང་དུ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །ཞེས་གསོལ་བ་གདབ། བཞི་མེད་ན། གཅིག་གིས་ཀྱང་ཕྱོགས་དེ་དག་ཏུ་སོང་ནས་བྱའོ། །དེའང་མེད་ན་སྒོམ་པས་རུང་ངོ་། །སློབ་དཔོན་གྱིས་རྡོར་རྡིལ་བཅས། མི་ཕྱེད་པའི་ང་རྒྱལ་དང་ལྡན་པས། ཧཱུྃ། ང་ནི་སངས་རྒྱས་ཀུན་གྱི་བདག །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །དབང་མཆོག་སྒྲུབ་པའི་ལས་བྱེད་ཀྱིས། །བགེགས་རྣམས་ཐམས་ཅད་གཞན་དུ་དེངས། །ཞེས་བརྗོད་པས། ཐུགས་ཀའི་ཧཱུྃ་ལས་ཁྲོ་བོའི་སྤྲིན་མི་བཟད་པར་སྤྲོ་ཞིང་། རྐང་མཐིལ་གཉིས་སུ་ཧཱུྃ་ལས་འབར་བའི་རྡོ་རྗེ་རེ་རེས་མཚན་པར་བསམ་ལ། རྡོ་རྗེ་གསོར་བ་དང་། དྲིལ་བུ་དཀྲོལ་བཞིན། ཧཱུྃ་བཞི་བའི་དྲག་སྔགས་སྒྲོགས་ཏེ་དབང་ལྡན་ནས་བརྩམས། རྡོ་རྗེའི་འགྲོས་ཀྱིས་གཡས་སུ་སྐོར། དཀྱིལ་འཁོར་གྱི་གཞི་ཅིས་ཀྱང་མི་ཤིགས་པ་རྡོ་རྗེའི་རང་བཞིན་དུ་བརྟན་པར་བསམ། སྲུང་བ་ནི། སྒྲུབ་ཐབས་ལས། མཚོན་ཆའི་ཆར་དེ་དག་ཚུར་འདུས་པ་ལས༴སོགས་ནས། གཡོན་དུ་འཁོར་བར་བསྒོམ། བར་བཏང་། སླར་ཡང་ཐུགས་ཀ་ནས་མ་བཅུ་སྤྲོས་སྲུང་འཁོར་ནང་ཕྱོགས་བཅུར་བབ་པ་ཉི་གདན་དུ་གྱུར། ཁྲོ་བོ་འདོད་པའི་རྒྱལ་པོ་སྤྲོས། ཕྱོགས་བཅུའི་བགེགས་རྣམས་བཀུགས་ཏེ་ཉི་གདན་རྣམས་ཀྱི་སྟེང་དུ་མྱོས་ཤིང་འགྱེལ་སྟབས་སུ་འཁོད་པར་གྱུར། སླར་ཡང་རང་གི་ཐུགས་ཀ་ནས་ཁྲོ་བོ་བཅུ་ཕྱུངས་ཏེ། མདུན་དུ་བཀོད་པའི་ཕུར་བུ་རྣམས་དང་གཉིས་སུ་མེད་པར་གྱུར་པ་ནི། སྟེང་། ༀ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ྄། ཤར། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུནྜ་ལི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄། ལྔ་པ་གཡས་བསྐོར་གྱི་གདབ་ཚུལ། རྐང་གཡོན་གཡས་བསྐོར་གྱིས། བྱང་ཤར། ༀ་བཛྲ་ཀྲོ་དྷ་ཏྲི་ལོ་ཀྱ་བྟི་ཛ་ཡ་ཧཱུྃ་བིནྡྷ་བིནྡྷ་ཧཱུྃ་ཕཊ྄། ནུབ་བྱང་དུ། ༀ་བཛྲ་ཀྲོ་དྷ་ཨ་པ་ར་ཙི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄། ལྷོ་ནུབ། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄། ཤར་ལྷོ། ༀ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ྄། འོག་ཕྱོགས་ལ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བྷ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄། ཞེས་བརྗོད་པས་ཁྲོ་བོ་བཅུར་གྱུར་ཏེ། སྟོད་ཁྲོ་བོའི་གཟུགས་ཅན། ཐམས་ཅད་ཀྱང་སྐུ་མདོག་མཐིང་ནག །ཞལ་གཅིག་ཕྱག་གཉིས་པ་ཐོ་བ་དང་ལྕགས་ཀྱུ་འཛིན་པ། སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར། ཁྲོ་བོ་བདུད་རྩི་འཁྱིལ་པ་ཐོ་བ་ཐོག་པ་སྤྲོས་ཏེ། ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚན་ཕཊ྄ཿ ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པ་པཾ་ཕཊ྄། ཧཱུྃ་ཧཱུྃ་ཧཱུྃཿ བཛྲ་ཀཱི་ལ་ཡ། བཛྲ་དྷ་རོ་ཨ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ྄། ལན་གསུམ་བརྗོད་པས་བཏབ་ལ། ཁྲོ་བོ་རྣམས་ཕྱོགས་བཅུའི་བགེགས་ལ་ཕུར་བུའི་ཚུལ་དུ་བཏབ་པས་ལུས་ཕུག་སྟེ་གཡོ་འགུལ་མེད་པར་བྱས། དེ་རྣམས་ལས་སྤྲུལ་པ་དང་ཡང་སྤྲུལ་མཚོན་ཆ་སྣ་ཚོགས་པའི་སྤྲིན་སྤྲོ་བས་ཅིས་ཀྱང་མི་ཤིགས་པར་བསམ་མོ། །ཕྱོགས་གཡས་བསྐོར། མཚམས་གཡོན་བསྐོར། སྟེང་གི་ཕུར་བུ་ཤར། འོག་གི་ཕུར་བུ་ནུབ་ཏུ་གདབ་བོ། །དོན་དམ་སྟོང་ཉིད་ནམ་མཁའ་ལྟ་བུ་དམིགས་སུ་མ་གྲུབ་ཅིང་བློ་བྲལ་ཡེ་ཤེས་སྐྱོངས་པས་དེ་ཁོ་ན་ཉིད་ཀྱིས་སྲུང་བའོ། །དེ་དག་ནི་ནུབ་དང་པོའི་བྱ་བའོ། །བཞི་པ་སྟ་གོན་ཆོ་ག་ལ། རྩ་བའི་དཀྱིལ་འཁོར་གྱི་བྱང་ཤར་དུ་ཁྲུ་དོད་པའི་མཎྜལ་དྲིས་བྱུགས་ལ། སྣ་ཚོགས་པདྨ་འདབ་བརྒྱད་རྡོ་རྭ་བཅས་བྲིས་པའི། དབུས་སུ་ལས་བུམ་ཆེས་ལྡན་རྒྱ་གྲམ་གྱི་མཚན་པ་ཅན། ཤར་དུ་ཡེ་ཤེས་དང་ལས་ཀྱི་ཐིག་སྐུད། ལྷོར་རྡོ་རྗེ། ནུབ་ཏུ་ཐོད་ཆུ་བདུད་རྩི་ལྔ་ལྡན། བྱང་དུ་དྲིལ་བུ། དབུས་དང་། མཚམས་ཀྱིས་པད་འདབ་བཞི་ལ་རྡུལ་ཚོན་ལྔ་མདོག་རིགས་སྡེབས་པར་དཔའ་བོ་འབྲུ་ལྔ་བྲིས་པ་བཀོད། མཐར་མཆོད་གཏོར་སྤྱི་ལྟར་བཤམས། བདག་གི་རྣལ་འབྱོར་བཟླས་པའི་བར་སྔོན་དུ་བཏང་སྟེ། ལས་བུམ། བསངས། སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཉི་མའི་གདན་ལ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ཧཱུྃ་བིགྷ་ནཱནྟ་ཀྲྀཏ་ཕཊ྄། ཅེས་བརྗོད་པས་ཁྲོ་བོ་མི་འཆི་ཐབས་སྦྱོར་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པའི་སྐུར་གྱུར་པར་བསམ་ལ། ལས་རིགས་བདག་པོར་གྱུར་པས་དབང་བསྐུར། སྐུ་གསུང་ཐུགས་བྱིན་གྱིས་རླབས། བཛྲ་ས་མ་ཛཿས་སྙན་གསན་དབབ། ཨེ་ཧྱ་ཧིས་སྤྱན་དྲངས། ཀཱ་ཡ་ཝཀྐ་ཙིཏྟ་བཛྲས་བརྟན་པར་བྱས། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད། རྡོ་རྗེ་རྩེ་གཅིག་རྒྱས་ལ་བུམ་པ་ལ་རེག་བཞིན། ཧཱུྃ་བིགྷྣཱནྟ་ཀྲིཏ་ཕཊ྄། ཅེས་བརྒྱ་རྩ་བརྒྱད་བཟླས་པའི་མཐར། ལྷ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་བར་བསམ་ཞིང་། བུམ་ཆུ་འཐོར་ཡབ་ཀྱིས་བླང་སྟེ། ༀ་སྭ་བྷཱ་ཝ་བི་ཤུདྡྷ་དྷརྨཱ་ཏཱ་བཛྲ་སིདྡྷི་ཧཱུྃ། བརྗོད་ཅིང་། བདག་གནས་ཡོ་བྱད་ཐམས་ཅད་ལ་གཏོར་བས་ཉེས་སྐྱོན་དག་པར་བསམ་མོ། །དེ་ནི་བསང་གཏོར་བྱ་བ་ཀུན་གྱི་དོན་ནོ། །ཐིག་གི་ལྷག་གནས་ནི། འོག་ཏུ་སྟོན་ལ། རྡོ་རྗེ་དྲིལ་བུའི་རབ་གནས་ནི། ཧཱུྃ་བིགྷྣཱནྟ་ཀྲྀཏ་ཕཊ྄། ཀྱིས་ལས་ཆུས་བསངས། སྦྱངས། སྟོང་པའི་ངང་ལས་རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ལ་དཔལ་ཆེན་པོ། ཡར་གྱི་རྭ་ལྔ་ལ་ཁྲག་འཐུང་རིགས་ལྔ། མར་གྱི་རྭ་ལྔ་ལ་རིགས་ཀྱི་ཡུམ་ལྔ། ཡས་མས་ཀྱི་པདྨ་བརྒྱད་ལ་གནས་མ་བརྒྱད་དང་། ཡུལ་མ་བརྒྱད། དྲིལ་བུའི་ལྟེ་བ་དང་པདྨའི་འདབ་མ་བརྒྱད་ཀྱི་ཕྱོགས་བཞིར་རིགས་ཀྱི་ཡུམ་ལྔ། མཚམས་བཞི་གསང་བའི་ཡུམ་བཞི། ཞལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། རྩེ་མོའི་རྡོ་རྗེ་ཁྲག་འཐུང་རིགས་ལྔ་རྣམས་ཀྱི་སྐུར་བསྐྱེད་པ། བསྐུར། བརླབས། དབབ། དྲངས། བསྟིམ། བརྟན། མཆོད་ནས། ཧཱུྃ་ཨཱ་ཞེས་པས་ལྷ་རྣམས་འོད་དུ་ཞུ། བཛྲ། གྷཎྜེ། ཞེས་བརྗོད་པས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་པ་བརྟན་པར་བྱས་ལ། ཧཱུྃ། རྡོ་རྗེ་དྲིལ་བུ་རིག་པ་འཛིན། །ཐབས་དང་ཤེས་རབ་གཉིས་མེད་པའི། །འཁོར་དང་མྱ་ངན་འདས་པ་ཡི། །ཆོས་ལ་དེ་བཞིན་དབང་སྒྱུར་ཤོག །ཅེས་བརྗོད་ཅིང་། རྡོ་རྗེ་གསོལ། དྲིལ་བུ་དཀྲོལ་བར་བྱའོ། །ཐོད་ཆུའི་རབ་གནས་ནི། བསངས། སྦྱངས། སྟོངས་པའི་ངང་ལས་དམ་རྫས་ཀྱི་སྟེང་དུ་ཧཱུྃ་ཧ་ཧི་ཕཊ྄་བྷྱོ་ལས་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་གསལ་བར་གྱུར་པ་ལ། བསྐུར། བརླབས། དབབ། དྲངས། བསྟིམ། བརྟན། མཆོད་ལ། རུ་ལུ་ཅུང་ཟད་བཟླས། ཧཱུྃ་ཞེས་བརྗོད་པས་འོད་དུ་ཞུ་བ་ཡེ་ཤེས་ཀྱི་བདུད་རྩིར་འཁྱིལ་བར་བསམ་མོ། །ཚོན་གྱི་རབ་གནས་ནི། སྐབས་འདིར་ཐིག་ཚོན་ཐུན་མོང་དུ་བྱ་སྟེ། བསངས། སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་ཐིག་སྐུད་དར་ཚོན་སྣ་ལྔ་སོ་སོའི་སྟེང་དུ་ཉི་ཟླ་ལ་གནས་པའི་ཧཱུྃ་ཟུང་ལྔ་དང་། དམ་ཚིག་ཐིག་སྐུད་ཀྱི་སྟེང་དུ་ཉི་ཟླ་ལ་གནས་པའི་ཧཱུྃ་ཟུང་གསུམ་གསལ་བར་གྱུར། སྥ་ར་ཎ་ཕཊ྄། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་སོ་སོའི་ཕྱག་མཚན་ས་བོན་གྱིས་མཚོན་པ་རྣམས་ཡོངས་སུ་གྱུར་པ་ལས། ཁྲག་འཐུང་རིགས་ལྔ་དང་རིགས་གསུམ་རང་རང་གི་ཡུམ་དང་བཅས་པའི་སྐུར་གྱུར་། བསྐུར། བརླབས། དབབ། དྲངས། བསྟིམ། བརྟན། མཆོད་དེ། ཧཱུྃ་ཞེས་བརྗོད་པས་ལྷ་རྣམས་འོད་དུ་ཞུ་ནས་ཐིག་ཚོན་སོ་སོ་ལ་ཐིམ་པར་བསམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། རྡོ་རྗེ་གསོར་བཞིན་དུ། ཧོ། མི་གནས་ཡེ་ཤེས་ཆེན་པོའི་བདག །ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས། །ཐམས་ཅད་གསན་ཅིང་དགོངས་སུ་གསོལ། །རྡོ་རྗེ་འཛིན་པ་བདག་གིས་ནི། །འཇིགས་བྱེད་ཆེན་པོ་ཧེ་རུ་ཀའི། །དཀྱིལ་འཁོར་བཞེངས་པར་འཚལ་ལགས་ན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་མཐུ་དང་བྱིན་རླབས་སྩོལ། །བདག་ལ་རྡོ་རྗེ་ཡེ་ཤེས་ཀྱི། །ཐིག་མཚོན་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། རང་གི་མིག་གཉིས་ཛ་ཡིག་ལས་སྐྱེས་པའི་ཉི་ཟླར་བསམ་ལ། ༀ་དིཔྟ་དྲྀཥྚ་གུ་ཧྱ་ཛྙཱ་ན་ཛ་ཛཿ ཞེས་རྫི་མ་བསྐྱོད་པ་འབར་བའི་ལྟ་སྟངས་ཀྱིས་བསྐུལ་བས་ནམ་མཁའི་དེ་བཞིན་གཤེགས་པ་རྣམས་སྦྱོར་བ་མཛད་པར་མོས་ཏེ། ཤུ་ནྱ་ཏ་སོགས་ཡེ་ཤེས་ལྔའི་སྔགས་རྣམས་བརྗོད་པས། དེ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་ཁ་དོག་ལྔར་བྱུང་། ཡེ་ཤེས་ཀྱི་ཐིག་སྐུད་དང་ཚོན་སོ་སོ་ལ་ཐིམ་པས་དེ་ཉིད་ཡེ་ཤེས་ལྔའི་ངོ་བོར་གྱུར་པར་བསམ་ཞིང་། འབྲུ་ལྔ་བརྗོད་བཞིན་པར་སློབ་མ་དང་བཅས། དང་པོ་སྲད་བུ་ལྔ་ཚན་རེ་རེ་ནས་སྒྲིལ། དེ་ནས་གཅིག་ཏུ་སྒྲིལ་ཏེ་བརྡོག་ནས་སྣོད་དུ་བཞག །དེ་བཞིན་དུ། ཀཱ་ཡ་བཛྲ་སོགས་སྐུ་གསུང་ཐུགས་ཀྱི་སྔགས་གསུམ་བརྗོད་པས། ནམ་མཁའི་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་གསུམ་ནས་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། དམ་ཚིག་ཐིག་སྐུད་སོ་སོ་ལ་ཐིམ་པས་དེ་ཉིད་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པར་བསམ་ཞིང་། འབྲུ་གསུམ་བརྗོད་བཞིན་དུ་སོ་སོར་སྒྲིལ། སླར་གཅིག་ཏུ་སྒྲིལ་སྣོན་དུ་བཞག །ཚོན་ལ། ༀ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བཟླས་པས་རིན་པོ་ཆེའི་རྡུལ་ཕྲ་རབ་ཀྱི་རྡུལ་ཚོན་འབར་བར་བསམ། བྲིས་པའི་ཡིག་འབྲུ་རྣམས་ཀྱང་མི་མངོན་པར་སྤུངས། རྣམ་རྒྱལ་བུམ་པ་ལྷག་གནས་ནི། རྣམ་རྒྱལ་རིགས་ལྔའམ་ལྷ་གྲངས། གསང་བུམ་ཁོ་ན་ལ་བསྡུ་སྟེ། ཕོ་མོའི་ཐོད་པ་མཚན་ལྡན་ཁ་སྦྱོར་བའི་ནང་དུ། ལན་ཚྭ། སྦྲང་རྩི། བུ་རམ། ཨ་འབྲས། མར་ཏེ་སྙིང་པོ་ལྔ ། ཧ་ས་དེ་བ། པྲེ་ཏ་ཧི། སྦ་ད། ཀཎྜ་ཀ་རི། ཨ་པ་ར་ཙི་སྟེ་སྨན་ལྔ། གསེར། དངུལ། མུ་ཏིག །བྱེ་རུ། མུ་མེན་ཏེ་རིན་པོ་ཆེ་ལྔ། ནས། འབྲས། གྲོ། ཏིལ། སྲན་མ་སྟེ་འབྲུ་ལྔ། གུར་གུམ། གླ་རྩི། ཛ་ཏི། ཙན་དཀར། དམར་ཏེ་དྲི་ལྔ། བདུད་རྩི་ལྔ་བསྣན་པས་སུམ་ཅུ་པོ་བཏབ། དར་མཐིང་དམར་གྱིས་བཅིངས་ཤིང་ལྕང་ལོས་བརྒྱན་པ། གཙོ་བོའི་གནས་སུ་བཀོད། མཐར་མཆོད་པས་བསྐོར། ལས་བུམ་སྒོའི་ནང་རོལ་གྱི་གཡས་སམ། མདུན་གང་བདེར་བཞག །བསངས། སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཡེ་ཤེས་རིན་པོ་ཆེའི་རང་བཞིན་བྷཉྫ་འབར་བའི་གཞལ་ཡས་ཁང་གདན་དང་བཅས་པ་གསལ་བར་བསམ་ལ། རང་རང་གི་གདན་ལ་ཧཱུྃ་ཟུངས་ལྔ་དང་། ཧ་བརྒྱད་དང་། ཧེ་བརྒྱད་དང་། ཕཊ྄་བཞི། བྷྱོ་ཉི་ཤུ་རྩ་བརྒྱད་རྣམས་གནས་པར་གྱུར། སྥ་ར་ཎ་ཕཊ། སྃ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས། སོ་སོའི་ས་བོན་གྱིས་མཚན་པ་རྣམས་སུ་གྱུར། སྥ་ར་ཎ་ཕཊ྄། སྃ་ཧ་ར་ཎ་ཧཱུྃ། སླར་ཡང་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། བསྐྱེད་སྔགས་རྣམས་བརྗོད་པས། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་བཛྲ་ཧེ་རུ་ཀ་ལ་སོགས་ཏེ་ལྔ་བཅུ་རྩ་བརྒྱད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པར་བསམ་ལ། བསྐུར། བརླབས། དབབ། དྲངས། བསྟིམ། བརྟན། མཆོད་པ་རྣམས་བྱས་ཏེ། གཟུངས་ཐག་བཟུང་ལ། བདག་གི་ཞལ་ནས་སྔགས་ཀྱི་ཕྲེང་བ་བྱུང་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩི་བབ་པས་བུམ་པ་གང་བར་བསམ་ཞིང་ལྷ་སོ་སོའི་རྩ་སྔགས་གཙོ་འཁོར་གྱི་འགྲོས་སྦྱར་བ་ཅི་ནུས་བཟླས་མཐར། ༀ་ཏསྟེ་ཏསྟེ་མ་ཧཱ་ཏསྟེ་སྭཱ་ཧཱ། ཞེས་ཐོད་ཆུ་བུམ་ནང་དུ་ཕུལ་བས། ལྷ་ཐམས་ཅད་ཆགས་པ་ཆེན་པོས་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་སྟེ། བདུག་སྤོས་ཀྱིས་བདུག་པར་བྱའོ། །དབང་བསྐུར། རབ་གནས། བདག་འཇུག །སྒྲུབས་ཆེན་ལ་དངོས་གྲུབ་ཀྱི་དབང་བླང་བ་རྣམས་ལ་འདི་ཉིད་དགོས་ཀྱིས། སྒྲུབ་མཆོད་ཙམ་ལ་མ་བྱས་ཀྱང་ཆོག་གོ། །སློབ་མ་ལྷག་གནས་ནི་གཞན་དུ་ཤེས་སོ། །དེ་ནས་ལྷ་ལྷག་གནས་ལ། བུམ་པ་བསལ་ལ་ལས་བུམ་གྱི་ཆུས་དཀྱིལ་འཁོར་གྱི་གཞི་ལ་བསང་གཏོར་བྱ་ལ། ༀ་ཨཱཿསརྦ་ཤྭ་དྷ་ནེ་ཧཱུྃ་ཕཊ྄། ཡེ་ཐིག་རྐྱངས་ཏེ། ༀ་བཛྲ་སཱུ་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུྃ་ཕཊ྄། ཐིག་བསྐོར་བཅས་ནམ་མཁར་བཏབ་པས། འདྲི་བར་འགྱུར་བའི་དཀྱིལ་འཁོར་ནམ་མཁའ་ལ་གསལ་བར་གྱུར་པར་བསམ། དམ་ཚིག་ཐིག་སྐུད་དྲི་ཞིམ་པོའི་ཐིག་ཆལ་ལས་ཕྱུངས་པ་ལུང་བཞིན་དུ་བཏབ་སྟེ། མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་སད་ཅིང་ཡེ་ཤེས་ཀྱི་ཐིག་དམ་ཚིག་གི་ཐིག་ལ་རོ་མཉམ་དུ་གྱུར་པར་བསམ་མོ། །ཐིག་སྐུད་ཀྱི་ཡེ་ཤེས་པ་ལ། མཆོད་བསྟོད་དང་། གཤེགས་གསོལ་བྱའོ། །ལྷ་གནས་མ་འཆོལ་བའི་སྟེང་། ཚོམ་བུའི་རྒྱུ་སྟ་གོན་གྱིས། དཀྱིལ་འཁོར་གྱི་གནས་སུ་རང་ཉིད་གཙོ་བོ་ཡབ་ཡུམ་མཉམ་པར་སྦྱོར་བའི་སེམས་སྤྲིན་ལས་བྷྲཱུྃ་འཕྲོས་ཏེ་གཞལ་ཡས་ཁང་གི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་བསམ་ལ། རང་རང་གི་རྩ་སྔགས་ལ། མ་ཎི་པདྨ་ཡེ་སྭཱ་ཧཱ། བཏགས་པའི། བྱང་སེམས་དཀར་དམར་ཙནྡན་དང་སྦྱར་བའི་ཐིག་ལེ་གཙོ་བོའི་གནས་སུ་གྲུ་བཞི། གཞན་རྣམས་ཟླུམ་པོ་བྱས་ལ། མེ་ཏོག་གི་ཚོམ་བུ་དགོད། དེའི་ནང་དུ་ལྷ་རང་རང་གི་གདན་རྣམས་གསལ་བ་ལ། བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་ཉི་ཟླའི་གདན་གཙོ་བོ་ཡབ་ཡུམ་གྱི་སྐུར་གྱུར་པ་ལ། དབང་བསྐུར། བྱིན་རླབས་བྱ། ཧཱུྃ་བཛྲ། ཨཾ་པདྨ། སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སྤྲིན་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨོར་སྤྲོས་པ་ལྔ་བཅུ་རྩ་བརྒྱད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་རྣམས་རང་རང་གི་གནས་ཇི་ལྟ་བར་བཞུགས་པར་བསམ་ལ། སྨུག་ནག་སྔོ་ནག༴ སོགས་ཀྱིས་གསལ་བཏབ། དབབ། དྲངས། བསྟིམ། བརྟན། མཆོད་བསྟོད་རྣམས་བྱས་ཏེ། སྤོས་དང་བཅས། རྡོར་དྲིལ་འཛིན་བཞིན། ༀ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ནས། །རྒྱལ་བ་གང་བཞུགས་འཁོར་དང་བཅས། །མགོན་པོ་དམ་ཅན་ཇི་སྙེད་པ། །ཐམས་ཅད་ཀུན་ནས་དགོངས་སུ་གསོལ། །སྲས་བཅས་ཐབས་ཅིག་གཤེགས་ནས་ཀྱང་། །ས་གཞི་ཡོངས་སུ་བཟུང་བར་མཛོད། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཞེས་གསོལ་བ་བཏབ་པས་ལྷ་ཐམས་ཅད་དགྱེས་པར་རོལ་པའི་གཟི་བྱིན་མཐའ་ཡས་པ་དེ་ཉིད་དུ་ཐིམ་པས་ཐམས་ཅད་དཀྱིལ་འཁོར་གྱི་རང་བཞིན་དུ་གསལ་བར་བསམ་པ་ནི་ནུབ་གཉིས་པའི་བྱ་བའོ། །ཚོན་སྣ་ལྔ་འབྱུང་རིགས་སྡེབས་པས་མཱུཾ་ཏཱཾ༴སོགས་བརྗོད། ཕུང་ཁུང་བཀང་ལ། འབྱུང་བ་རིམ་བརྩེགས་སུ་བསྒོམ། གཡས་པའི་མཐེབ་སྲིན་གྱིས་ཚོན་རྩི་ལྔ་ཅུང་ཟད་རེ་བླངས་པ་གཡོན་པའི་མཐིལ་དུ་བཞག །ༀ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བཟླས་ལ། གཡས་པའི་སོར་མོ་ལྔ་ལ་ཉི་མའི་སྟེང་དུ་ཡབ་ཀྱི་འབྲུ་ལྔ། གཡོན་པའི་སོར་མོ་ལྔ་ལ་ཟླ་བའི་སྟེང་དུ་ཡུམ་གྱི་འབྲུ་ལྔ་གསལ་བར་གྱུར་པའི། གཡས་པའི་སོར་མོ་ལྔ་ཚོམས་ཀྱིས་གཡོན་པའི་ཚོན་རྩི་ཁུང་བུའི་སྟེངས་བཀོད་ལ། དོན་ཡེ་ཤེས་རིན་པོ་ཆེའི་རང་བཞིན་རྟགས་ཀེང་རུས་ཆེན་པོའི་རི་རབ་ཏུ་གྱུར་པར་མོས་ཏེ། པཉྩ་རེ་ཁཱས་ཚོན་པྲ་བརྟགས་པ་སོགས་ཀྱང་གསུངས་སོ། །ཐིག་གི་འདེབས་ཚུལ་དང་། ཚོན་དགྱེ་ཚུལ་སོགས་ནི་མ་བྲིས་སོ། །ཚོན་ལྷག་ལ། མཆོད་བསྟོད། གཤེགས་གསོལ་བྱས་ཏེ་གཙང་སར་བཞག །རྒྱན་དགྲམ་པ་ནི། སྤོས་རོལ་གྱིས་དྲངས་པའི་གསང་བུམ་དབུས་སུ་ཁྲིའུ་ལ་བཞག་པའི་མཐར། རྒྱན་དང་ཡོ་བྱད་མཆོད་ཚོགས་རྣམས་བསོད་ནམས་མ་ཡིན་པའི་ལས་དང་མ་འབྲེལ་བར་མཐོང་རྒྱུད་ཕྱག་ལེན་མ་ཉམས་པར་དགྲམ་མོ། །གཉིས་པ་དངོས་གཞི་དཀྱིལ་འཁོར་སྒྲུབས་པ་ནི། སྒྲུབ་ཐབས་རྡོ་རྗེ་རྩེ་བརྒྱ་པ་ལས་བསྟན་པའི། སྔོན་དངོས་རྗེས་ཀྱི་རིམ་པ་མ་ནོར་ཞིང་། ཆད་ལྷག་མེད་པར། དད་བརྩོན་དྲག་པོས་འབད་པར་བྱའོ། །དངོས་གྲུབ་བླང་བ་ནི། ཁོ་བོའི་ཞི་དཀྱིལ་ལྟར་ལ་འདོན་པ་སྒྱུར་ཞིང་། གཏང་རག་གི་མཆོད་བསྟོད། བཟོད་གསོལ། རས་བྲིས་ལ་བརྟན་བཞུགས་དང་། རྡུལ་ཚོན་ལ། ཁྱེད་ཀྱི་སེམས་ཅན་དོན་ཀུན་སོགས་ཀྱི་མཐར། ཛྙཱ་ན་མཎྜལ་བཛྲ་མུཿས་གཤེགས་ཏེ། ཉེར་བསྡུ། གོ་བགོ། ལུས་བསྲུང་། བརྟན་པར་བྱས་ནས། རོལ་མོའི་སྒྲ་དང་བཅས་པས། ཨ་ཀཱ་རོའི་སྔགས་བཟླས་ཞིང་། རྡོ་རྗེ་དང་བཅས་པའི་ལག་གིས་ཐོག་མར་ལྷ་ཚོམས་བསྡུས་ཏེ་མགོར་བཀོད། ལྷག་མ་དབང་ལྡན་ཕྱོགས་ནས་གཙོ་བོའི་གནས་ཀྱི་བར་ཕྱགས་ལ། བུམ་པ་ལ་སོགས་སྣོད་བཟང་པོར་བླུགས། མཆོད་པ་དང་བསྐུར་བསྟི་ཆེན་པོས་ཆུ་ཀླུང་དུ་དོར། སླར་ཡང་སྣོད་ཆུས་བཀང་ནས་ནང་དུ་འོང་སྟེ་དཀྱིལ་འཁོར་ཁང་པ་རྣམས་ལ་བསངས་གཏོར་བྱའོ། །ཧཱུྃ་མཛད་སྔགས་ཟློ་བཞིན། ཀམ་རྒྱས་འོག་གི་ཕུར་བུ་ནས་བཟུངས་ཏེ་ཕྱུངས། སྤྱན་མའི་སྔགས་བཟླས་པའི་འོ་མས་ཕུར་རྩེ་བཀྲུ་ཞིང་། ཕུར་ཁུང་ལའང་གཏོར་བས། བགེགས་རྣམས་བདེ་སྟོང་གི་ངོ་བོར་སངས་རྒྱས་པར་བསམ་ནས། དགེ་བ་བསྔོ། སྨོན་ལམ་གདབ། བཀྲ་ཤིས་བརྗོད། དགའ་སྟོན་བྱའོ། །དེ་ལྟ་བུས་གྲུབ་འབྲས་རྒྱུད་གཞུང་ལས་བསྟན་ལྟར་ཤེས་པར་བྱ་བ་ཉིད་དོ། །ཧེ་རུ་ཀ་ཡི་དཀྱིལ་འཁོར་ཉིད། །སྒྲུབ་ཐབས་མུན་སེལ་ཟླ་བ་འདིས། །ཀཿམཚན་བླ་མའི་དགོངས་རྒྱན་དང་། །སྒྲུབ་བསྟན་དར་རྒྱས་ནུབ་མེད་ཤོག །དེ་མཐུས་གསང་བའི་བསྟན་པ་འདི། །ཕྱོགས་དུས་ཀུན་ཏུ་རྒྱས་པ་དང་། །ཡིད་ཅན་སྒྱུ་འཕྲུལ་དྲྭ་བ་ཆེའི། །དཀྱིལ་འཁོར་གཅིག་ཏུ་སངས་རྒྱས་ཤོག །ཅེས་པའང་། གཏེར་ཆེན་མཚུངས་བླ་ཀུན་བྲལ་བཀའ་དྲིན་ཅན་དེའི་ཆོག་སྒྲིགས་ལ་གཞི་བྱས་ཏེ་ཉུང་ངུར་བསྡུས་པ་འདི་ནི་བི་ཛའི་མིང་གིས་གྱིས་གནས་མཆོག་ཤིང་སྒོ་གངས་ཀྱི་རྭ་བའི་ཆ་ནུས་ཆེན་རི་ཁྲོད་དུ་གྲུབ་པར་བགྱིས་པ་དགེ། །།

ཕུར་པའི་བརྒྱུད་འདེབས། མགོན་པོ་རྒྱལ་མཚན།

༈ ༀ་སྭ་སྟི། ཆོས་ཉིད་གདལ་ཁྱབ་ཆེན་པོའི་ཕོ་བྲང་ནས། །དཔལ་ལྡན་ཀུན་བཟང་རྡོ་རྗེ་འཆང་ཆེན་དང་། །གསང་བའི་བདག་པོ་ཙ་བྱི་དྲི་མེད་བ་དང་། །པྲ་ཏི་ཧ་ལོ་ཨིནྡྲ་བྷུ་དྷི་དང་། །རོ་ལང་བདེ་བ་དྷ་ན་སཾ་ཏྲི་དང་། །པདྨ་འབྱུང་གནས་མཁའ་འགྲོ་མཚོ་རྒྱལ་དང་། །དཔལ་གྱི་མཆོད་གནས་སྟག་གི་རྡོ་རྗེ་དང་། །ཀླུའི་རྒྱལ་མཚན་བྱང་ཆུབ་ཤེས་རབ་དང་། །ཡེ་ཤེས་དབང་ཕྱུག་བྱང་ཆུབ་རྡོ་རྗེ་དང་། །བྱང་ཆུབ་ཚུལ་ཁྲིམས་ག་ལྗང་དབང་ཕྱུག་དང་། །གྱེ་རེ་གྲགས་པ་ཤོ་མང་ཅན་པའི་ཞབས། །རྡོ་རྗེ་རྒྱལ་མཚན་དམ་པ་བདེ་གཤེགས་དང་། །འགྲོ་མགོན་གཙང་པ་བྱམས་ཆོས་རྣམ་གཉིས་དང་། །སྤྱན་དང་ཞང་སྟོན་རྣམ་གཉིས་ཡེ་ཤེས་འབུམ། །བྱང་ཆུབ་དཔོན་པོ་བྱང་ཆུབ་རྡོ་རྗེ་དང་། །སང་ག་གུ་རུ་བཛྲ་ཤྲཱི་དང་ནི། །བྷུནྡྷ་བྷ་དྲ་བཀྲ་ཤིས་བླ་མ་དང་། །ཛྙཱ་ན་ཀེ་དུ་དྷརྨཱ་རཏྣ་དང་། །བཛྲ་ཀུ་མ་ར་ཡི་ལྷ་ཚོགས་དང་། །ཕྱི་ནང་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས། །བདག་ཅག་གུས་པའི་ཡིད་ཀྱིས་གསོལ་འདེབས་ན། །བར་ཆད་ཞི་ཞིང་བདུད་ལས་རྒྱལ་བ་དང་། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་བཀའ་ཉན་ཅིང་། །ཕྲིན་ལས་རྒྱ་མཚོ་མ་ལུས་འགྲུབ་པ་དང་། །དངོས་གྲུབ་རྒྱ་མཚོའི་ཚོགས་རྣམས་འབྱུང་བ་དང་། །རྡོ་རྗེའི་སྐུ་ཐོབ་དོན་གཉིས་ལྷུན་གྲུབ་ཤོག །ཕུར་བརྒྱུད་ཀྱི་གསོལ་འདེབས་བསྡུས་པ་འདི། མགོན་པོ་རྒྱལ་མཚན་གྱིས་བཀོད་པའོ།། །།

ཕུར་པའི་ལས་བྱང་།

ཤྲཱི བ ཛྲ ཀུ མཱ ར སྱ ཤཱི ཪྵ སྱ ད ཥ སྟི།
དཔལ་རྡོ་རྗེ་གཞོན་ནུའི་དབུའི་ཕྱོགས་ལགས་སོ། །
ཤེས་བྱ་མ་ལུས་ཡོངས་རྫོགས་ཤིང་། །འཇིག་རྟེན་མུན་པའི་ཚོགས་བཅོམ་པ། །སྒྲོན་མ་གསལ་བའི་ཞབས་ལ་འདུད། །དཔལ་གསུམ་ཉིད་ལྡན་དགྱེས་པ་རྣམ་གཉིས་ཀྱི། །ཆགས་གཉིས་མི་གཏོང་འགྲོ་བའི་དོན་མཛད་པ། །རྡོ་རྗེ་གཞོན་ནུའི་སྐུ་ལ་གཉིས་མེད་མོས། །སློབ་དཔོན་པདྨའི་རྒྱལ་པོ་རྩལ་ཆེན་རྫོགས་པའི་སྐྱེས་བུས། ཕུར་པའི་མན་ངག་གི་རྩ་བ་ངན་སྔགས་བཏོན་པ། ཚིག་ཉུང་ལ་དོན་ཆེ་བ། ཤིན་ཏུ་ཟབ་པའི་མན་ངག་འདི་ལ། སྤྱི་དོན་གསུམ་སྟེ། སྐུ་བསྙེན་པའི་དཀྱིལ་འཁོར་དང་། གསུང་བསྒྲུབ་པའི་དཀྱིལ་འཁོར་དང་། ཐུགས་ཕྲིན་ལས་ཀྱི་དཀྱིལ་འཁོར་རོ། །སྐུ་བསྙེན་པའི་དཀྱིལ་འཁོར་ལ། དོན་བཅུས་བསྟན་ཏེ། དང་པོ་བདེན་པ་བདར་ཞིང་མཚམས་བཅད་པ་དང་། བཤགས་པ་བྱ་བ་དང་། ཏིང་ངེ་འཛིན་རྣམ་གསུམ་སྒོམ་པ་དང་། རྟེན་བསྐྱེད་པ་དང་། བརྟེན་པ་ལྷའི་དཀྱིལ་འཁོར་བསྐྱེད་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུགས་པ་དང་། དབང་བསྐུར་བ་དང་། མཆོད་པ་འབུལ་བ་དང་། བསྟོད་པ་བྱ་བ་དང་། བསྙེན་པ་བྱ་བའོ། །དོན་དང་པོ་བདེན་པ་བདར་ཞིང་མཚམས་བཅད་པ་ནི། ཆོས་ཉིད་ཀྱི་བདེན་པའོ། །ལན་གསུམ་བརྗོད། གསང་སྔགས་ཀྱི་བྱིན་གྱིས་རླབས་སོ། །སངས་རྒྱས་ཀྱི་མཐུའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བྷིགྷན་བྃ་ཧཱུྃ་ཕཊ྄། ཅེས་བརྗོད་པས། སྐད་ཅིག་གི་ཏིང་ངེ་འཛིན་གྱིས། བདག་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་སྐུར་བསྐྱེད་དོ། །ཞལ་གསུམ་ཕྱག་དྲུག །སྐུ་མདོག་མཐིང་ནག་ཞབས་བཞི་བསྒྲད་པ། ཞལ་གཡས་དཀར། གཡོན་དམར་བ། དབུས་སྐུ་དང་མཐུན་པ། ཕྱག་དྲུག་ཀས་ཕུར་བུ་དྲིལ་ཏེ། དང་པོ་གཉིས་ཀྱིས་ཕུར་པ་དཀར་པོ་དྲིལ་བ། བར་མ་གཉིས་ཀྱིས་དམར་པོ་དྲིལ་བ། ཐ་མ་གཉིས་ཀྱིས་མཐིང་ནག་དྲིལ་བ། རྡོ་རྗེའི་གཤོག་པ་གདེངས་པ། དཔལ་གྱི་ཆས་བརྒྱད་དང་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པ། མཚམས་རྔམས་གཟི་བྱིན་དང་ལྡན་པ། སྐལ་པའི་མེ་དཔུང་གི་ནང་ན་བཞུགས་པ། སྐད་ཅིག་གིས་གསལ་བར་བསྐྱེད་དོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བསྡུས་ཏེ་བདག་ལ་ཐིམ་པར་བསྒོམ་མོ། །ཧཱུྃ་རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་བཅུས། །གླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལ་འདའ་མ་བྱེད། །ཁྲོ་བོ་བཅུའི་སྔགས་དང་དེའི་སྟེང་ལ། ཧཱུྃ་མ་མ་པ་ཤཾ་ཀུ་རུ་མ་སྟཾ་ཉ་ན་ཀ་ར་ཨི་དྷ་ན་དྷ་ཏི་མ་མ་ཀརྨ་ཤྲི་ཀྲཾ་ཀ་ར་ཡེ་ཧཱུྃ་ཕཊ྄། ཅེས་ཚར་གཅིག་བརྗོད་པ་ཙམ་གྱིས། ཐུགས་ཀ་ནས་ཁྲོ་བོ་མཐིང་ནག་གཅེར་བུ་ཕྱག་ན་ཕུར་བུ་བསྣམས་པ་མེ་དཔུང་གི་ནང་ན་བཞུགས་པ་བཅུ་བྱུང་ནས། ཁྲོ་བོ་བཅུར་འཕྲོས་པས། ཕྱོགས་བཅུའི་བགེགས་ཐམས་ཅད་ཆུང་བ་རྣམས་ཆེ་བ་ལ་བསྟིམ་སྟེ། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོངས་བཅུ་ལ་བསྟིམ་ནས། ཁྲོ་བོ་བཅུས་སོ་སོར་བཀུག་ནས། རང་གི་ཕྱོགས་བཞི་མཚམས་བཞི་དང་བརྒྱད། མདུན་རྒྱབ་གཉིས་དང་བཅུར་བཀུག་ནས། ཕྱག་གི་ཕུར་པ་བཏབ། འོག་རྡོ་རྗེའི་བྲག་རི་ལ་ཐལ་བྱུང་བར་བསྒོམ་མོ། །ཕུར་པའི་དབལ་རྩེ་ལ་མེ་འབར་བ་དང་ཕྱོགས་སྐྱོང་བཅུ་ཡང་མེར་ལམ་གྱིས་འབར་བ་དང་། དེ་ལྟར་ཁྲོ་བོ་བཅུའི་སྐུ་ལ་ལྷག་པའི་ཡེ་ཤེས་ཀྱི་མེ་འབར་བ་དང་།༡ ཕྱག་གི་ཕུར་པ་ལ་ལྷག་པ་ཏིང་ངེ་འཛིན་གྱི་མེ་འབར་བ་དང་།༢ ཕྱོགས་སྐྱོང་རྣམས་ཚིག་པ་ལ་རྣམ་རྟོག་ཡེ་ཤེས་སུ་འབར་བའི་མེ་དང་།༣ དེ་གསུམ་འདྲེས་པ་ལ་མེ་རི་འབར་བའི་གུར་དུ་བསྒོམ་མོ། །སྤྱི་དོན་གཉིས་པ་བཤགས་པ་བྱ་བ་ནི། ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ། རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གཞལ་ཡས་ཁང་དང་བཅས་པ་སྤྱན་དྲངས་ཏེ། བདག་གི་མདུན་དུ་བཞུགས་པར་བསམ་ལ། གཙོ་བོའི་དབུ་གཙུག་ཏུ་པདྨ་ཟླ་བའི་གདན་ལ་བླ་མ་བཞུགས་པར་བསྒོམ་ཞིང་། ཡེ་ཤེས་སྐུ་མཆོག་ཅེས་པའི་བཤགས་པ་བྱ། ཏིང་ངེ་འཛིན་ནི་རང་དང་མདུན་གྱི་དཀྱིལ་འཁོར་བླ་མ་དང་བཅས་པའི་བར་འོད་རྣམ་པ་ལྔས་འབྲེལ་བར་བསམ། ཚིགས་བཅད་ཐོན་ནས་ལྷ་དང་བླ་མས་སྡིག་པ་དག་གོ། །ཉེས་པ་ཚངས་ཞེས་པའི་གསུང་བྱུང་བར་བསྒོམ་ཞིང་འོད་དུ་ཞུ་སྟེ་རང་ཉིད་ལ་ཐིམ་པར་བསམ་པ་ནི། བྱིན་རླབས་བསྡུ་བའོ། །སྤྱི་དོན་གསུམ་པ་ཏིང་ངེ་འཛིན་རྣམ་གསུམ་རིམ་བཞིན་བསྒོམ་པ་ནི། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །ཅེས་པ་དང་། རྡོ་རྗེ་ནི་རྡོ་རྗེ་གཞོན་ནུའོ། །ཁྲོས་པ་ནི་རྃ་ཡྃ་ཁྃ་གསུམ་སྤྲོས། ཞེ་སྡང་ནི་གཟུང་ཡུལ་ཏེ། འདིར་མེ་ཆུ་རླུང་གསུམ་གྱིས་མི་གནས་པར་བྱས་པ་ལ་ནི་གཅོད་ཅེས་བྱའོ། །དེ་ཡང་དང་པོར། བདག་ཉིད་རྡོ་རྗེ་གཞོན་ནུའི་ཐུགས་ཀ་ནས། རྃ་དམར་པོ་སྤྲོས་ཏེ་མེ་བྱུང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པ་བསྲེགས། སླར་མེའི་ལྷག་མ་ཐུགས་ཀ་ན་ཚུར་བསྡུ། ཐུགས་ཀ་ནས་ཡྃ་སྤྲོས་ཏེ་རླུང་བྱུང་ནས། སླར་སྔར་བསྲེགས་པའི་ཐལ་བ་མ་ལུས་པ་འཐོར་བར་བྱས། སླར་རླུང་གི་ལྷག་མ་ཐུགས་ཀ་ནས་ཚུར་བསྡུ། །ཡང་ཐུགས་ཀ་ནས་ཁྃ་སྤྲོས་པས། ཆུ་བྱུང་བས་ལྷག་མ་མ་ལུས་པར་བཀྲུས་ཏེ། ཆུའི་ལྷག་མ་རྣམས་བདག་གི་ཐུགས་ཀར་ཚུར་བསྡུའོ། །དེ་ལྟར་གཅོད་པ་ལ་ནི་མཚོན་ཅེས་བྱ་སྟེ། དཔེར་ན་འཇིག་རྟེན་གྱི་མཚོན་རལ་གྲི་ལ་སོགས་པས་ནི་ཕྱོགས་རེ་རེ་བས་མི་ཆོད་པ་ལ། འདིར་མེ་ཆུ་རླུང་གསུམ་གྱིས་སྣོད་བཅུད་རང་ས་མེད་པར་བྱས་པ་ལ་ནི་མཚོན་ཆེན་ཞེས་བྱའོ། །སྔོན་པོ་ནི་ཅིར་ཡང་མི་འགྱུར་བ་ཡིན་པས་འདིར་བསྲེག་སྦྱངས་རྣམ་གསུམ་གྱིས་གཟུང་ཡུལ་དག་པར་བྱས་པས། བར་དེར་འཛིན་སེམས་ཀྱང་མ་གྲུབ་སྟེ། ཅི་ཡང་མི་དམིགས་པ་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ཡང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི། ཆོས་ཉིད་ཅི་ཡང་མི་དམིགས་པ་ལས། ཆོས་ཅན་ཅི་ཡང་མི་འགྱུར་བ་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ། །འབར་བ་ནི་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཏེ། སྟོང་ཉིད་ཀྱི་ངང་ལ་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ། སྙིང་རྗེའི་ཉམས་འབར་བའོ། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར་བ་ནི། རྒྱུའི་ཏིང་ངེ་འཛིན་ཏེ། ཆོས་ཉིད་ནམ་མཁའ་ལྟ་བུའི་ངང་ལས། རང་གི་རྣམ་པར་ཤེས་པའི་ངོ་བོ། ཧཱུྃ་མཐིང་ནག་གཅིག་ཐིག་པ་ལྟ་བུ་རང་ཤར་དུ་བྱུང་བའོ། །སྤྱི་དོན་བཞི་པ་བརྟེན་བསྐྱེད་པ་ནི། སྲོག་གི་གོ་རུ་ཤར་བ་དང་། ཞེས་པ་སྟེ། སྲོག་ནི་འབྱུང་བ་ལྔ་ཡིན་ཏེ། འདིར་ཡང་དེ་གནས་སུ་དག་པའི་རྟགས་སུ། འབྱུང་བ་རིམ་བརྩེགས་བསྒོམ་མོ། །དེ་ཡང་། ཧཱུྃ་ལས་ཨེ་ཆད་དེ། འོག་གི་ཕྱོགས་སུ་ཆོས་འབྱུང་གྲུ་གསུམ་པ་ཁ་དོག་མཐིང་ནག་རྒྱ་ཆེ་བ་གཅིག་བསྒོམ་མོ། །ཧཱུྃ་ལས་ཡྃ་ཆད་པ་ལས། རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་རྒྱ་ཁྱོན་ཆེ་བ་ཆོས་འབྱུང་གི་དཀྱིལ་དུ་བསྒོམ་མོ། །ཧཱུྃ་ལས་རྃ་ཆད་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པའོ། །ར་ཆད་པ་ལས་རཀྟ་ཁྲག་གི་རྒྱ་མཚོ་རྦ་རླབས་འཁྲུགས་པ་དབྱིབས་ཟླུམ་པའོ། །མྃ་ཆད་པ་ལ་མྃ་སའི་ས་གཞི་སྟེ། ཤ་ཆེན་གྱི་ཐང་མ་བདལ་བ་དབྱིབས་གྲུ་བཞི་པའོ། །ཀེཾ་ཆད་པ་ལས་ཀེཾ་རུས་ཀྱི་རི་རབ་ནག་པོ་ཁ་ཁྱེར་གྱེན་དུ་ཆེ་བ། བྱ་ཤ་ཟན་མང་པོ་ལྡིང་བ། གཅན་ཁྲག་འཐུང་མང་པོ་འཛེགས་པ། རཀྟ་ཁྲག་གི་ཞམ་ཆུ་འབབ་པ། དབྱིབས་གྲུ་བཞི་པའོ། །ཡང་ཧཱུྃ་ལས་ཧཱུྃ་ཆད་པ་ལས། རི་རབ་ཀྱི་ཁ་ལ་བབ་སྟེ། འོད་དུ་ཞུ་བ་ལས། རྡོ་རྗེ་རྒྱ་གྲམ་དུ་གྱུར་ཏེ། ཤར་གྱི་རྭ་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཐིང་ནག་ཧཱུྃ་གིས་མཚན་པའོ། །ཧཱུྃ་བཛྲ་མ་ཧཱ་རཀྴ་རཀྴ་ཧཱུྃ། ཞེས་བརྗོད་པས། འོད་དུ་ཞུ་བ་ལས། རྡོ་རྗེའི་གུར་ཁང་མཐིང་ནག་རྒྱ་ཁྱོན་ཆེ་བར་གྱུར་ཏོ། །ཡང་ཧཱུྃ་ལས་བྷྲཱུྃ་ཆད་དེ་འོད་དུ་ཞུ་བ་ལས། དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་གྱུར་ཏེ། གྲུ་བཞི་པ་སྒོ་བཞི་པ། ཕྱི་ཐོད་པ་སྐམ་པོ་ལས་བརྩིགས་པ། བར་ར་རི། ནང་ཐོད་རློན་ལས་བརྩིགས་པ། ཤར་འཁོར་ལོས་བརྒྱན་པ། ལྷོར་རིན་པོ་ཆེས་བརྒྱན་པ། ནུབ་པདྨས་བརྒྱན་པ། བྱང་རལ་གྲིས་བརྒྱན་པ། སྟེང་སྤྱི་བསྡུས་རྡོ་རྗེ་རྩེ་དགུ་པའི་བུམ་པར་འཁྱིལ་བ། སྟེང་ཐམས་ཅད་རྡོ་རྗེ་མཐིང་ནག་གི་བརྒྱན་པ། འོག་གཞི་ཨེ་ཁྲོམ་ཉི་ཤུ་རྩ་གཅིག་ལྷ་སྣམ་དང་བཅས་པའོ། །གཞལ་ཡས་ཁང་གི་རྒྱན་ཡང་སྨོན་ལམ་གྱི་ཤུགས་དང་མ་བྲལ་བའམ། གདུལ་བྱའི་བསྐུལ་བ་གསན་པའི་རྟགས་སུ་སྐལ་པའི་ལུང་ནག་འཚུབས་པ། ཡེ་ཤེས་ཀྱི་མེ་རི་ཕྱི་ནང་མེད་པར་འབར་བ། སྤྲུལ་པ་ཕྱོགས་བཅུར་འཕྲོས་པའི་རྟགས་སུ་རྡོ་རྗེ་རྩེ་ལྔའི་ཐོག་མངའ་འཕྲོ་བ། དངོས་པོ་ཐམས་ཅད་སེམས་སུ་རྟོགས་པའི་རྟགས་སུ། ཙིཏྟའི་ཕོལ་ཕྱིང་གིས་བརྒྱན་པ། དུག་གསུམ་གནས་སུ་དག་པའི་རྟགས་སུ། སྦྲུལ་ནག་གི་ཟ་ར་ཚག་གིས་བརྒྱན་པ། ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་རྟགས་སུ། ཞིང་གི་འཕན་གདུགས་ཡོད་པ། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་རྟགས་སུ། ཉི་ཟླའི་སྐར་ཁུང་ཡོད་པ། ཐུགས་རྗེས་ཆགས་པ་དང་མ་བྲལ་བའི་རྟགས་སུ། རཀྟའི་ཞམ་ཆུ་འབབ་པ། རྒྱལ་ཆེན་བཞི་ལ་སྒོའི་རུ་བཞི་བྱས་པ། གནམ་ལྕགས་ཀྱི་ཡ་ཐེམ་ཡོད་པ། མ་ཐེམ་ཁྲོ་ཆུ་ལ་བྱས་པ། ལྷ་ཆེན་བརྒྱད་ཀྱིས་ཀ་བ། ཀླུ་ཆེན་བརྒྱད་ཀྱིས་གདུང་མ། གཟའ་དང་རྒྱུ་སྐར་གྱིས་ཁ་བད་བྱས་པ། ཤར་སྒོ་དཀར་བ། ལྷོ་སྒོ་སེར་བ། ནུབ་སྒོ་དམར་བ། བྱང་སྒོ་ལྗང་བ། དེའི་ནང་གི་གདན་ཡང་། དབུས་སུ་རུ་ཏྲ་ཕོ་མོ་དང་། མ་ཧཱ་དེ་བ་ཕོ་མོ་བསྣོལ་བའི་ཞབས་ན་པདྨ་ཟླ་བ་ཉི་མ་བརྩེགས་པའོ། །ཕོའི་མགོ་གཡས་ཁ་སྦུབ། མོ་གན་རྐྱལ་མགོ་གཡོན། རྐང་པ་བསྣོལ་བའོ། །ཨེ་ཁྲམ་ཉི་ཤུ་ལ་ཁྲོ་བོ་བདུའི་གདན་ཉི་མ་བཅུའི་ཐོག་ཏུ་ཕྱོགས་སྐྱོངས་ཀྱི་རོ་ཕོ་མོ་བསྣོལ་བ་ནི། ཤར་བརྒྱ་བྱིན་ཕོ་མོ། དཀར། ཤར་ལྷོ་མེ་ལྷ་ཕོ་མོ། དམར་སེར། ལྷོར་གཤིན་རྗེ་ཕོ་མོ། སྔོན་པོ། ལྷོ་ནུབ་སྲིན་པོ་ཕོ་མོ། དམར་ནག །ནུབ་ཀླུ་ཕོ་མོ། དམར། ནུབ་བྱང་རླུང་ལྷ་ཕོ་མོ། སེར་པོ། བྱང་གནོད་སྦྱིན་ཕོ་མོ། ལྗང་སེར། བྱང་ཤར་དབང་ལྡན་ཕོ་མོ། སེར་པོ། མདུན་ཉི་ཟླ་ཕོ་མོ། དམར་སེར། རྒྱབ་ཏུ་ས་བདག་ཕོ་མོ། དུད་ཀ །བསྒོམ་མོ། །ཁྲ་ཐབས་ཀྱི་གནས་སུ། རོ་རྐྱང་པ་བཅུའོ། །དམ་ཅན་གྱི་གནས་སུ་རོ་མགོ་མེད་པ་བཅུ་གཉིས་བསྒོམ་མོ། །སྤྱི་དོན་ལྔ་པ་བརྟེན་པ་ལྷའི་དཀྱིལ་འཁོར་བསྐྱེད་པ་ལ་བཞི་སྟེ། བདག་རྩ་བའི་དཀྱིལ་འཁོར་དང་། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་དང་། ཕུར་པ་སྲས་ཀྱི་དཀྱིལ་འཁོར་དང་། དམ་ཅན་སྲུངས་མའི་དཀྱིལ་འཁོར་རོ། །དེ་ཡང་བདག་རྩ་བའི་དཀྱིལ་འཁོར་ནི། ནམ་མཁའི་ཧཱུྃ་དེ་དབུས་ཀྱི་གདན་ཐོག་ཏུ་བབ་པ་ལས། འོད་ཟེར་ཕྱོགས་བཅུར་འཕྲོས་པས། བསྐུལ་དོན་གཉིས་བྱས། འོད་དུ་ཞུ་བ་ལས། རྡོ་རྗེ་ནག་པོ་རྩེ་དགུ་པ་ལྟེ་བ་ཧཱུྃ་གིས་མཚན་པའོ། །དེ་ལས་འོད་ཟེར་འཕྲོས་བསྐུལ་དོན་གཉིས་བྱས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ། སེམས་ཅན་གྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། སླར་འདུས་པ་ལས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄། ཅེས་བརྗོད་པས། རྡོ་རྗེ་གཞོན་ནུའི་སྐུར་གྱུར་ཏེ། སྙིང་གི་གོ་རུ་བསྒོམ་པར་བྱ། །ཞེས་པ་ནི། རྡོ་རྗེ་ཧཱུྃ་དང་བཅས་པའོ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ཞེས་པ་ནི། འཇིག་རྟེན་པ་བཞིན་ཞེ་སྡང་གིས་བསད་ཅིང་། གཏི་མུག་གིས་མནན་པ་མ་ཡིན་ནོ། །འོད་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ནས། རྡོ་རྗེ་གཞོན་ནུའི་སྐུར་གྱུར་པ་ནི། ཕུང་པོ་རྡོ་རྗེ་གཏམ་བྱས་ནས། །ཞེས་པའོ། །དེ་དག་ཚུར་འདུས་ཏེ། རྡོ་རྗེ་གཞོན་ནུའི་སྐུར་གྱུར་པ་ནི། རྣམ་པར་ཤེས་པ་རྡོ་རྗེ་བསྒོམ། །ཞེས་པའོ། །དེ་ཡང་། དཔལ་རྡོ་རྗེ་གཞོན་ནུ། དབུ་གསུམ། ཕྱག་དྲུག །ཞབས་བཞི། རྡོ་རྗེའི་གཤོག་པ་གདེངས་པ། ཞལ་གཡས་དཀར་བ། གཡོན་དམར་བ། དབུས་མཐིང་ནག་སྐུ་དང་མཐུན་པ། ཕྱག་དྲུག་གི་གཡས་ཀྱི་དང་པོ་ན། ཡེ་ཤེས་ཀྱི་རྡོ་རྗེ་རྩེ་དགུ་པ་བསྣམས་པ། བར་མ་ན་རྩེ་ལྔ་པ། གཡོན་དང་པོ་ན་མེ་དཔུང་། བར་མ་ན་ཁ་ཊྭཱྃ་བསྣམས་པ། ཐ་མ་གཉིས་ན་རི་རབ་ལྟ་བུའི་ཕུར་པ་དྲིལ་བའོ། །དབུ་སྐྲ་ཁམས་ནག་གྱེན་དུ་བརྫེས་པ། དབུ་རེ་རེ་ལ་ཐོད་པ་སྐམ་པོ་ལྔ་ལྔས་བརྒྱན་པ། རིགས་ལྔའི་སངས་རྒྱས་དབུ་ལ་བཞུགས་པ། སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན། སྐུ་སྨད་ལ་སྟག་གི་ཤམ་ཐབས་བྱས་པ། ཞིང་ལྤགས་ཀྱིས་སྐེད་ཆིངས་བྱས་པ། ཐོད་རློན་ལྔ་བཅུ་རྩ་གཅིག་གི་ཕྲེང་བ་སེ་རལ་ཁར་ཐོགས་པ། སྦྲུལ་དཀར་པོས་དབུ་དང་སྐུ་ལ་བརྒྱན་པ། སེར་པོས་སྙན་ཆ་བྱས་པ། དམར་པོས་གདུའུ་བྱས་པ། ནག་པོས་རྐང་རྒྱན་བྱས་པ། ཞག་གིས་ཟོ་རིས་ཁུར་བ་ལ། རཀྟའི་ཐིག་ལེ་བྲང་དང་ཁ་ལ། ཐལ་བའི་ཚོམ་བུ་ཐལ་གོང་ལ་བརྒྱན་པའོ། །ཡན་ལག་ལ་ཀེང་རུས་ཀྱིས་བརྒྱན་པའོ། །དཔུང་པ་ལ་ཐོད་པ་ར་རི་དང་། ཁྲལ་ཁྲོལ་གྱི་བརྒྱན་པའོ། །ཞབས་གཡས་བརྐྱང་པས་ཐབས་ཆེན་པོས་འགྲོ་བའི་དོན་མཛད་པའོ། །གཡོན་བསྐུམ་པ་ནི་ཤེས་རབ་ཀྱི་དབྱིངས་རྟོགས་ཀྱང་། མྱ་ངན་ལས་འདས་པའི་མཐའ་ལས་མི་གནས་པའོ། །ཡང་ན་གཡས་བསྐུམ་པ་ནི། ཐབས་ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་ན་ཡང་། ཆོས་ཀྱི་དབྱིངས་ལས་མ་གཡོས་ཤིང་འཁོར་བའི་མཐའ་མ་གོས་པའི་རྟགས་སོ། །གཡོན་བརྐྱང་པ་ནི། ཐུགས་རྗེས་འགྲོ་བའི་དོན་མཛད་ན་ཡང་། ཆོས་ཀྱི་དབྱིངས་ལས་མ་གཡོས་པའི་རྟགས་སོ། །ཡུམ་བསྐྱེད་པ་ཡང་། ལུས་དང་གྲིབ་མའི་ཚུལ་དུ། ཡབ་གྲུབ་ན་ཡུམ་གྲུབ་སྟེ། ཞལ་གཅིག་ཕྱག་གཉིས། གཡས་ཁ་ཊྭཱཾ་ཁ། གཡོན་ཐོད་ཁྲག་རྒྱན་ཆ་ལུགས་རྣམས་ཡབ་དང་འདྲ་བ་ལ། གཟིག་གི་ཤམ་ཐབས་ཅན། གཤོག་པ་མེད་པའོ། །ཡབ་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་འདྲ་བ། དེའི་ཐུགས་ཀར་རྡོ་རྗེ་ཧཱུྃ་དང་བཅས་པའོ། །ཡུམ་གྱི་ཐུགས་ཀར་བྷནྡྷ། དེའི་ནང་དུ་ཟླ་བའི་སྟེང་དུ་ཧཱུྃ་ལས། ༀ་ཏིཔྟ་ཧ་ཙཀྲ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་གིས་གཡོན་དུ་འཁོར་བའོ། །གཉིས་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་ནི། ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་རླབས་ཏེ། ཡབ་ཀྱི་གསང་གནས་སུ་མ་ལས་ཉི་མའི་སྟེང་དུ། རྡོ་རྗེ་ནག་པོ་རྩེ་དགུ་པའི་ལྟེ་བ་ལ་ཧཱུྃ། ཕྱི་རྩེ་ལ་ཕཊ྄། ནང་རྩེ་ལ་ༀ། ཡུམ་གྱི་གསང་གནས་སུ། པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་ཨྃ་དམར་པོས་མཚན་པའོ། །དེ་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བསྡུས་ནས་རང་གི་ཞལ་དུ་ཞུགས། སྐུའི་དབྱིབ་ཏུ་བརྒྱུད་ཡབ་ཡུམ་གཉིས་མ་ཆགས་ཐབས་ཀྱི་རོལ་པ་མཛད་པས། ཡུམ་གྱི་མཁའ་ལ་ཕབ་སྟེ། ཧཱུྃ་སྒྲིལ་མ་བཅུར་གྱུར་ཏེ། ཕྱིར་འཕྲོས་པས། ཕྱོགས་སྐྱོངས་བཅུའི་གདན་སྟེང་དུ་བབ་པ་ལས། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ྄། ཅེས་བརྗོད་པས། མདུན་གྱི་ཨེ་ཁྲམ་གྱི་སྟེང་དུ་ཁྲོ་བོ་ཆེན་པོ་ཧཱུྃ་མཛད་དང་། ཡུམ་རྡོ་རྗེ་སྒྲ་འབྱིན་མ། དེའི་མཆན་གཡོན་ཕྱོགས་སུ་སྤྲུལ་པའི་ཕྲ་མེན་མ། ཕག་གི་མགོ་ཅན་དང་། སྨྲིག་བུའི་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ྄། ཤར་ཕྱོགས་སུ་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་སྙེམས་མ་སྤྲུལ་པ་སྟག་དང་བྱ་རྒོད་ཀྱི་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ྄། ཤར་ལྷོ་ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན་དང་། ཡུམ་རྡོ་རྗེ་སྡེར་མོ། སྤྲུལ་པ་གཡག་དང་བྱ་རོག་གི་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ྄། ལྷོར་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོ་དང་། ཡུམ་དུར་ཁྲོད་བདག་མོ། སྤྲུལ་པ་ཤ་བ་དང་འུག་པའི་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄། ལྷོ་ནུབ་ཏུ་ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོ་དང་། ཡུམ་རྡོ་རྗེ་གཏུམ་ཁུང་མ། སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་ཧ་ཡ་གྷྲྀ་ཝ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄། ནུབ་ཏུ་ཁྲོ་བོ་ཆེན་པོ་རྟ་མགྲིན་དང་། ཡུམ་རྡོ་རྗེ་གཏུམ་མོ། །སྤྲུལ་པ་བྱི་ལ་དང་པུ་ཤུད་ཀྱི་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་ཧ་ཨ་པ་ར་ཙིཏྟ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄། ནུབ་བྱང་དུ་ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ་དང་། ཡུམ་རྡོ་རྗེ་མདའ་སྙེམས་མ། སྤྲུལ་པ་སྤྱང་ཀི་དང་ཁྲའི་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུནྜ་ལི་ཧཱུྃ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄། བྱང་དུ་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པ་དང་། ཡུམ་རྡོ་རྗེ་རླུང་འབྱིན་མ། སྤྲུལ་པ་སེང་གེ་དང་ཕ་ཝང་གི་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧཱུྃ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ྄། བྱང་ཤར་དུ་ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་གསོད་བྱེད་མ། སྤྲུལ་པ་དོམ་དང་སྲེ་མོང་གི་མགོ་ཅན་ནོ། །ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄། ནུབ་ཏུ་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང་། ཡུམ་རྡོ་རྗེ་བསྐུལ་བྱེད་མ། སྤྲུལ་པ་ཐུགས་ཀར་ཧཱུྃ་ལས་སོ་སོའི་སྔགས་ཀྱིས་བསྐོར་བའོ། །ཁྲ་ཐབས་ཡབ་ནི་རང་རང་གི་གཙོ་བོ་ལ་གཟིགས། ཡུམ་ནི་འདྲ་སྟེ་ཡབ་ལ་གཟིགས། མཆན། དྲེད་དང་བྱི་བའི་མགོ་ཅན་ནོ། །ཁྲོ་བོ་བཅུ་ཡང་ཀུན་འདྲ་བ་ལ། ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་ནག །ཕྱག་ན་ཕུར་པ་དྲིལ་བ། ཞབས་གཉིས་བརྐྱང་བསྐུམས་ཀྱི་ཕྱོགས་སྐྱོངས་ལ་བརྫིས་པ། རྡོ་རྗེའི་གཤོག་པ་དང་རྒྱན་རྣམས་ནི་གཙོ་བོ་དང་མཐུན་པ། ཡུམ་ཐམས་ཅད་ནི་འཁོར་ལོ་རྒྱས་འདེབས་མ་དང་མཐུན་ནོ། །སྤྲུལ་པའི་ཁྲ་ཐབས་ནི་ཀུན་སྐུ་མདོག་མཐིང་ནག་མགོ་བརྙན་ཅན། ཕྱག་གཉིས་པའོ། །སྟག་མགོ་ཅན་ལ་སོགས་པའི་ཡབ་རྣམས་ཀྱིས་ཕྱག་གཡས་ན་རང་གི་མགོ་བརྙན་དང་མཐུན་པའི་སེམས་ཅན་རེ་རེ་ཁ་རུ་བསྣམས་པའོ། །གཡོན་པ་རྣམས་ཀྱིས་ཕུར་པ་དྲིལ་བ། བྱ་མགོ་ཅན་རྣམས་ཀྱིས་ཕྱག་གཉིས་ཀས་རང་གི་མགོ་བརྙན་དང་མཐུན་པའི་བྱ་རེ་རེ་བསྣམས་པའོ། །སྐུ་སྟོད་ལ་ཆུ་སྲིན་གྱི་སྟོད་གཡོག་བྱས་པའི། ཁ་གཉིས་ནས་ལག་པ་གཉིས་ཕྱིར་ཕྱུངས་པའོ། །ཞིང་ལྤགས་ཀྱི་རྐེད་ཆིངས་དང་། སྟག་ལྤགས་ཀྱི་ཤམ་ཐབས་དང་། དབུ་ལ་ཐོད་རློན་གསུམ་གསུམ་གྱིས་བརྒྱན་ཅིང་། ཡན་ལག་དང་སྐུ་ལ་སྤྲུལ་གྱིས་བརྒྱན་པའོ། །ཕུར་པ་སྲས་ཀྱི་དཀྱིལ་འཁོར་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བྷིགྣན་བྃ་ཧཱུྃ་ཕཊ྄། ཅེས་བརྗོད་པ་ཙམ་གྱིས། ཡང་གཙོ་བོ་ཡབ་ཡུམ་གྱི་གསང་གནས་ནས། ཧཱུྃ་ཉི་ཤུ་རྩ་གཅིག་སྤྲོས་ཏེ། གྲུ་གསུམ་གྱི་ཁ་ལ་ཕོག །ངོས་གསུམ་དུ་བདུན་བདུན་འོད་དུ་འོད་དུ་ཞུ་བ་ལས། སྲས་མཆོག་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་མཐིང་ནག་རྒྱན་མེད་པ། ཕྱག་ན་ཕུར་པ་དྲིལ་བ། དབུ་སྐྲ་གྱེན་དུ་བརྫེས་པ། མ་བཅིང་པ། ལྟེ་བ་མན་ཆད་གནམ་ལྕགས་ཀྱི་ཕུར་པ་དམར་ཟང་ངེ་བ་འདུག་པའོ། །དམ་ཅན་སྲུང་མའི་དཀྱིལ་འཁོར་ནི། ཤྭ་ན་མུ་ཀ་ཛ་ཛ། ཞེས་བརྗོད་པ་ཙམ་གྱིས། ཤར་སྟོད་ན་ལྕགས་ཀྱི་སྤྱང་མོ་མགོ་དགུ་པ། སྤྱན་ནས་མེ་འབར་བ། ཤངས་ནས་དུད་པ་འཐུལ་བ། ཁ་རླང་དང་ཁ་ཆུ་ལ་ཐོག་དང་སེར་བའི་གྲུ་ཆར་འབེབ་པ། བ་སྤུའི་བུ་ག་ནས་དེ་འདྲ་བའི་ཕོ་ཉ་འབུམ་ཕྲག་འཕྲོ་བ། བཀའ་ལས་འདའ་བ་རྣམས་བརླག་པར་མཛད་པ་གཅིག་བསྒོམ་མོ། །ཀུ་ཀུ་ར་མུ་ཀ་ཛ་ཛ། ལྷོ་སྟོད་དུ་ལྕགས་ཀྱི་ཁྱི་མོ་རྐང་གསུམ་མ། ལྕགས་ཀྱི་མོན་མོ་ནག་མོས་ཞོན་པ། གཡས་ན་ཕུར་པ་གཡོན་ན་ཐོད་ཁྲག་བསྣམས་པ། སྲི་ལ་མུ་ཀ་ཛ་ཛ། ནུབ་སྟོད་དུ་ཟངས་ཀྱི་འཕར་བ་ལྕེ་བརྒྱད་པ། སྤྱན་ནས་མེ་འབར་བ། ཤངས་ནས་རླུང་འཚུབ་པའོ། །ཁ་རླང་དང་ཁ་ཆུ་ལ་དེ་འདྲ་བའི་ཕོ་ཉ་འབུམ་ཕྲག་འཕྲོ་བར་བསྒོམ་མོ། །སྲི་ཝ་མུ་ཀ་ཛ་ཛ། བྱང་སྟོད་དུ་ཟངས་ཀྱི་ཝ་མོ་རྐང་གསུམ་མ། ཟངས་ཀྱི་མོན་མོ་ནག་མོས་ཞོན་པ། གཡས་ན་རྡོ་རྗེ། གཡོན་ན་ཞགས་པ་བསྣམས་པའོ། །བསེ་མོ་བཞི་ནི། ཀཾ་ཀ་ད་རི་ཛ་ཛ། ཀུ་མ་ད་རི་ཛ་ཛ། ཤུ་ལ་ད་རི་ཛ་ཛ། ཙ་མུན་ད་རི་ཛ་ཛ། ཞེས་བརྗོད་པ་ཙམ་གྱིས། བུད་མེད་དམར་པོ་བསེའི་ཁྲབ་གྱོན་པ། དར་ནག་གི་ཅོད་པན་འཕུར་བ། གསེར་གྱི་རྣ་ཆ་ཅན། དབུ་ལ་རྡོ་རྗེ་རྩེ་གསུམ་པ་རེ་རེ་ཡོད་པ། ཕྱག་གཡས་པ་བཞིན་ཕུར་པ་བཞི་བསྣམས་པ། གཡོན་པ་བཞི་ན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བཞི་བསྣམས་པ། ཤར་གྱིས་དེས་བདུད་རྟ་ནག་པོ་ཞོན་པ། ལྷོའི་དེས་གཟའ་རྟ་སེར་པོ། ནུབ་ཀྱི་དེས་བཙན་རྟ་དམར་པོ། བྱང་གི་དེས་ཀླུ་རྟ་ལྗང་ཀུ་ལ་ཞོན་པ་བཞི་བསྐྱེད་དོ། །རེ་མ་ཏི་བཞི་ནི། རེ་མ་ཛུ་ཛ་ཛ། རེ་མ་ཏི་ཛ་ཛ། རེ་མ་ཛ་ཛ་ཛ། རེ་མ་ཛི་ཛ་ཛ། ཞེས་བརྗོད་པ་ཙམ་གྱིས། བུད་མེད་ཁྲོ་མོ་ནག་མོ་ཞལ་གཅིག་ཕྱག་གཉིས། གཡས་བཞི་ན་རལ་གྲི་གཡོན་བཞིན་ཐོད་ཁྲག་ཐོགས་པ། དར་ནག་གི་གོས་སུ་གྱོན་པ། ཐོད་ཕྲེང་ས་ལ་བཤལ་བ། རལ་པ་ཏིང་རྫབས་སུ་ཡོད་པ། དྲེལ་ནག་པོ་ལ་ཞོན་པ་བཞི། ཤར་སྨད། ལྷོ་སྨད། ནུབ་སྨད། བྱང་སྨད་བཞིར་བསྐྱེད་དོ། །གཞལ་ཡས་ཁང་གི་ཕྱི་རོལ། རྡོ་རྗེ་རྭ་བའི་ནང་དུ། བདུད་བཞི གིང་བཞི། ཤན་པ་བཞི། བསེའི་སྐྱེས་བུ་གདུག་པ་ཅན་བཞི། བློན་པོ་བཞི། འབྱུང་པོ་སེར་པོ་སྣ་ཡོན་དང་ཉི་ཤུ་རྩ་གཅིག་གིས་འཁོར་བར་ཡོད་པར་བསྒོམ་མོ། །སྤྱི་དོན་དྲུག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུགས་པ་ནི། འཕྱོང་དྲུག་གི་སྒོ་ནས་སྤྱན་དྲང་སྟེ། ཧཱུྃ་ཡེ་ཤེས་ཕུར་བུ་བསྒྲུབ་པ་དང་། དབང་དང་དངོས་གྲུབ་བླང་བའི་ཕྱིར། །དམ་ཚིག་ཆེན་པོ་གཤེགས་སུ་གསོལ། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཧཱུྃ་ཡེ་ཤེས་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །སྤྲུལ་པ་ཆེན་པོ་གཤེགས་སུ་གསོལ། །ཁྲོ་རྒྱལ་ཡབ་ཡུམ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡའི་དངོས་གྲུབ་སྩོལ། །ཧཱུྃ་ཡེ་ཤེས་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཕྱག་བརྙན་ཆེན་པོ་གཤེགས་སུ་གསོལ། །ཁྲ་ཐབས་ཉི་ཤུ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཧཱུྃ་སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཤྭ་ན་མུ་ཁ་གཤེགས་སུ་གསོལ། །ཤྭ་ན་མཆེད་བཞི་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡའི་དངོས་གྲུབ་སྩོལ། །ཧཱུྃ་སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ས་བདག་ཆེན་མོ་གཤེགས་སུ་གསོལ། །བསེ་མོ་མཆེད་བཞི་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཧཱུྃ་སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །བདག་ཉིད་ཆེན་མོ་གཤེགས་སུ་གསོལ། །རེ་ཏི་མཆེད་བཞི་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡའི་དངོས་གྲུབ་སྩོལ། །ཧཱུྃ་སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །མཐུ་རྩལ་འབྱུང་བ་གཤེགས་སུ་གསོལ། །དྲེགས་པ་ཉི་ཤུ་རྩ་གཅིག་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡའི་དངོས་གྲུབ་སྩོལ། །ཅེས་འདིར་བསྐྱེད་པའི་དཀྱིལ་འཁོར་འདྲ་བ་གཅིག་བྱོན་ནས་ཐིམ་པར་བསམ་མོ། །བདུན་པ་དབང་བསྐུར་བ་ནི། རང་གི་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བསྡུས་ནས། ཀུན་ཀྱང་རྡོ་རྗེ་གཞོན་ནུ་འདྲ་བས་ནམ་མཁའ་གང་བར་བསམ་མོ། །དེ་ནས། ཧཱུྃ་རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །ཅེས་གསོལ་བ་བཏབ་པས། མདུན་གྱི་དེ་རྣམས་ཀྱིས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལ། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །ཅེས་བརྗོད་པར་བསམ་ལ། མདུན་གྱི་དེ་དག་གི་ཐུགས་ཀ་ནས་ༀ་དཀར་པོ་བྱུང་། བདག་གི་སྤྱི་བོར་ཐིམ་སྐུའི་དབང་ཐོབ་པར་བསམ། ད་ལྟ་ནས་ལུས་ཀྱི་གཡོ་འགུལ་ཅི་བྱས་ཀྱང་འགྲོ་བ་སྒྲོལ་བའི་ནུས་པ་དང་ལྡན་པར་བསམ་མོ། །སངས་རྒྱས་པའི་དུས་སུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུ་ཐོབ་པར་བསམ་མོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང་། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལ། །འབར་བའི་ཁྲོ་བོ་མི་བཟད་པ། །གསུང་གི་དབྱིག་ཏུ་བདག་བསྐྱེད་ཅིག །ཅེས་པས། ཨཱཿདམར་པོ་བདག་གི་མགྲིན་པར་ཐིམ། གསུང་གི་དབང་ཐོབ་པར་བསམ། ད་ལྟ་ནས་ངག་གི་བཟླས་བརྗོད་ཅི་བྱས་ཀྱང་། འགྲོ་བ་སྒྲོལ་བའི་ནུས་པ་དང་ལྡན་པར་བསམ། སངས་རྒྱས་པའི་དུས་སུ་གསུང་དབྱངས་ཡན་ལག་དྲུག་ཅུ་ལ་དབང་ཐོབ་པར་བསམ། སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལ། །འབར་བའི་ཁྲོ་བོ་མི་བཟད་པ། །ཐུགས་ཀྱི་དབྱིག་ཏུ་བདག་བསྐྱེད་ཅིག །ཅེས་པས། ཧཱུྃ་མཐིང་ནག་བདག་གི་ཐུགས་ཀར་ཐིམ། ཐུགས་ཀྱི་དབང་ཐོབ་པར་བསམ། ད་ལྟ་ནས་ཏིང་ངེ་འཛིན་ཇི་ལྟར་ན་ཡང་འགྲོ་བ་སྒྲོལ་བའི་ནུས་པ་དང་ལྡན་པར་བསམ་མོ། །སངས་རྒྱས་པའི་དུས་སུ་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་དུ་མ་ལ་དབང་ཐོབ་པར་བསམ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེ་གང་འདལ་བ། །སངས་རྒྱས་ཡོན་ཏན་རྫོགས་མཛད་ནས། །དབང་དང་བྱིན་རླབས་བདག་སྩོལ་ཅིག །ཅེས་བརྗོད་པས། སྭཱ་སེར་པོ་བྱུང་བས་བདག་གི་ལྟེ་བར་ཐིམ། ཡོན་ཏན་གྱི་དབང་ཐོབ་པར་བསམ། ད་ལྟ་ནས་ཚེ་རིང་ནད་མེད་བཀྲ་ཤིས་ལོངས་སྤྱོད་འཕེལ་བ་ལ་སོགས་པའོ། །སངས་རྒྱས་པའི་དུས་སུ་བདེ་བར་གཤེགས་པའི་ཡོན་ཏན་བརྒྱ་བཞི་བཅུ་ལ་མངའ་བརྙེས་པའོ། །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེ་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་བདག་སྩོལ་ཅིག །ཧཱ་ལྗང་ཀུ་བྱུང་བས་བདག་གི་གསང་གནས་སུ་ཐིམ། ཕྲིན་ལས་ཀྱི་དབང་ཐོབ་པར་བསམ། ད་ལྟ་ནས་ཕྲིན་ལས་རྣམ་བཞི་ལྷུན་གྱི་གྲུབ། སངས་རྒྱས་པའི་དུས་སུ་བདེ་བར་གཤེགས་པའི་ཐུགས་རྗེ་ཕྲིན་ལས་ཐམས་ཅད་ལ་མངའ་བརྙེས་པར་བསྒོམ་མོ། །དེ་ནས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བདག་ལ་བསྟིམ་མོ། །སྤྱི་དོན་བརྒྱད་པ་མཆོད་པ་ལ་གསུམ་སྟེ། རཀྟ་དམར་གྱི་མཆོད་པ་དང་། བྷ་ལིང་གཏོར་མའི་མཆོད་པ་དང་། བདུད་རྩི་སྨན་གྱི་མཆོད་པ་དང་གསུམ་ལས། དང་པོ་ནི། ཧཱུྃ་དམ་ཚིག་ཆེན་པོའི་དུས་ལ་བབ། །རཀྟ་དམར་གྱི་མཆོད་པ་བཞེས། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །རཀྟ་དམར་གྱི་མཆོད་པ་བཞེས། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །རཀྟ་དམར་གྱི་མཆོད་པ་བཞེས། །ཤྭ་ན་མུ་ཀའི་དུས་ལ་བབ། །རཀྟ་དམར་གྱི་མཆོད་པ་བཞེས། །ས་བདག་ཆེན་པོ་དུས་ལ་བབ། །རཀྟ་དམར་གྱི་མཆོད་པ་བཞེས། །བདག་ཉིད་ཆེན་པོའི་དུས་ལ་བབ། །རཀྟ་དམར་གྱི་མཆོད་པ་བཞེས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །རཀྟ་དམར་གྱི་མཆོད་པ་བཞེས། །མཐུ་རྩལ་ཕྱུངས་བའི་དུས་ལ་བབ། །རཀྟ་དམར་གྱི་མཆོད་པ་བཞེས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄། ཏིཔྟ་ཙཀྲ། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ྄། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ྄། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ༀ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ྄། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ༀ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ྄། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ༀ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ༀ་བཛྲ་ཀྲོ་དྷ་ཨ་པ་རཱ་ཙིཏྟ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ། བིནྡྷ་བིནྡྷ་ཧཱུྃ་ཕཊ྄། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ཤྭ་ན་མུ་ཀ་ཛ་ཛ། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ཀུ་ཀུ་ར་མུ་ཀ་ཛ་ཛ། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། སྲི་ལ་མུ་ཀ་ཛ་ཛ། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། སྲི་ཝ་མུ་ཀ་ཛ་ཛ། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ཀཾ་ཀ་ད་རི་ཛ་ཛ། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ཀུ་མ་ད་རི་ཛ་ཛ། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ཤུ་ལ་ད་རི་ཛ་ཛ། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ཙ་མུན་ད་རི་ཛ་ཛ། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། རེ་མ་ཛུ་ཛ་ཛ། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། རེ་མ་ཏི་ཛ་ཛ། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། རེ་མ་ཛི་ཛ་ཛ། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། རེ་མ་ཛ་ཛ་ཛ། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། གཉིས་པ་བྷ་ལིང་གཏོར་མའི་མཆོད་པ་ནི། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། །བྷ་ལིང་གཏོར་མའི་མཆོད་པ་བཞེས། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །བྷ་ལིང་གཏོར་མའི་མཆོད་པ་བཞེས། ཕྱག་བརྙན་ཆེན་པོའི་དུས་ལ་བབ། །བྷ་ལིང་གཏོར་མའི་མཆོད་པ་བཞེས། །ཤྭ་ན་མུ་ཀའི་དུས་ལ་བབ། །བྷ་ལིང་གཏོར་མའི་མཆོད་པ་བཞེས། །ས་བདག་ཆེན་མོའི་དུས་ལ་བབ། །བྷ་ལིང་གཏོར་མའི་མཆོད་པ་བཞེས། །བདག་ཉིད་ཆེན་མོའི་དུས་ལ་བབ། །བྷ་ལིང་གཏོར་མའི་མཆོད་པ་བཞེས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །བྷ་ལིང་གཏོར་མའི་མཆོད་པ་བཞེས། །མཐུ་རྩ་ཕྱུངས་པའི་དུས་ལ་བབ། །བྷ་ལིང་གཏོར་མའི་མཆོད་པ་བཞེས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄། མ་ཧཱ་བྷ་ལིངྟ་ལ་ཁ་རཾ་ཁཱ་ཧི། ཞེས་པའི་བར་མཆོད་དོ། །གསུམ་པ་བདུད་རྩི་སྨན་གྱི་མཆོད་པ་ནི། ཧོ་རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་དང་། །ཁྲོ་བོ་རྒྱལ་པོ་མཐའ་ཡས་དང་། །མ་མོ་མཁའ་འགྲོའི་ཚོགས་ཆེན་དང་། །ལྷ་དང་ལྷ་མིན་གསང་བ་ཡི། །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག །འདི་ནི་སྔོན་གྱི་དམ་ཚིག་གོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི། །བདག་ཅག་དད་པས་འབུལ་ལ་གསན། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །ཕུལ་པའི་དངོས་གྲུབ་བདག་ལ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། དམ་ཚིག་ཆེན་པོའི་དུས་ལ་བབ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པདྱཾ་པྲ་ཏི་ཛ་ཧོ། སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཡེ་ཤེས་སྤྲུལ་པའི་ཁྲོ་རྒྱལ་ཡབ་ཡུམ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པུཥྤེ་པྲ་ཏི་ཛ་ཧོ། ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཟ་བྱེད་སྤྲུལ་པའི་ཁྲ་ཐབས་ཉི་ཤུ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་དྷཱུ་པེ་པྲ་ཏི་ཛ་ཧོ། ཤྭ་ན་མུ་ཀའི་དུས་ལ་བབ། །ཤྭ་ན་ཆེན་མོ་མཆེད་བཞི་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ལོ་ཀེ་པྲ་ཏི་ཛ་ཧོ། ས་བདག་ཆེན་པོའི་དུས་ལ་བབ། །བསེ་མོ་ཆེན་མོ་མཆེད་བཞི་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་གནྡྷེ་པྲ་ཏི་ཛ་ཧོ། བདག་ཉིད་ཆེན་མོའི་དུས་ལ་བབ། །རེ་ཏི་ཆེན་མོ་མཆེད་བཞི་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ནཻ་ཝི་དྱཱ་པྲ་ཏི་ཛ་ཧོ། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩ་ཕྱུངས་པའི་དུས་ལ་བབ། །འཇིག་རྟེན་དྲེགས་པ་ཉི་ཤུ་རྩ་གཅིག་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤཱབྡ་པྲ་ཏི་ཛ་ཧོ། ཧོ། དགུ་པ་བསྟོད་པ་ནི། འཁོར་རྣམས་ཀྱི་གཙོ་བོ་ལ་བསྟོད་པར་བསམས། ཧཱུྃ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོ། །ཧཱུྃ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །ཐུགས་ཆེམ་རི་རབ་འབུམ་སྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོ། །ཧཱུྃ། ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ། །ཧཱུྃ། ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །འཕྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབ། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོ། །ཧཱུྃ། བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ། །ཧཱུྃ། རྡོ་རྗེ་བྲག་ཆེན་སྲ་བ་མོ། །རྡོ་རྗེ་ཆུ་བོ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོ། །ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་དབུས། །འོད་ཟེར་འདུ་འཕྲོའི་ཀློང་དཀྱིལ་ནས། །ཁྲོ་བོ་ཁྲོ་མོ་རྣམས་བཞུགས་པ། །སྐུ་ནི་ཅིར་ཡང་འཇིགས་པའི་གཟུགས། །དབུ་སྐྲ་ཁམས་ནག་རལ་པ་ཅན། །གྱེན་དུ་འཁྱིལ་ཅིང་སྲིད་རྩེར་འབར། །མི་མཉམ་ཁྲོ་གཉེར་སྡང་མིག་ནི། །ལོག་པར་ལྟ་བ་འདུལ་ལ་བརྩོན། །ཧཱུྃ། མཆེ་བ་ཟང་ཡག་གཙིགས་པ་ནི། །སྐྱེ་ཤི་རྩད་ནས་གཅོད་པའི་ཚུལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནི། །ཕྱག་མཚན་སྣ་ཚོགས་ཅིར་ཡང་སྟོད། །ཧཱུྃ། ཐུགས་རྗེའི་བྱིན་རླབས་སྤྲིན་ལྟར་འཁྲིགས། །བྱམས་པའི་འོད་ཟེར་གློག་ལྟར་འགྱུ། །རྔམས་པའི་སྒྲ་སྐད་འབྲུག་ལྟར་སྒྲོགས། །སྤྲུལ་པའི་ཐོག་ཐོག་སེར་ཆེན་འབེབ། །ཧཱུྃ། སྔོན་གྱི་ཐུགས་དམ་ཆེན་པོ་ནི། །གླན་ཀ་ཆེན་པོ་བདུད་ལས་རྒྱལ། །རྒྱལ་ཀ་ཆེན་པོ་བགེགས་ལ་མཛད། །དམ་ཚིག་ཅན་ལ་དངོས་གྲུབ་སྩོལ། །ཧཱུྃ། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བདག་ལ་བྱིན་གྱིས་རླབས་མཛད་ཅིང་། །བདག་གི་ལྷག་པའི་བསམ་པ་རྣམས། །འགྲུབ་པར་བྱིན་གྱིས་རླབས་ཏུ་གསོལ། །ཧཱུྃ། འཁྱིལ་ཞིང་རྒྱུན་ཡང་འཁྱིལ་བ་སྟེ། །སེམས་ཀྱི་ཆོས་ལ་སྐུ་མི་མངའ། །སྒྲ་ལས་འདས་པའི་སྦྱོར་བ་སྟེ། །བསམ་དང་བྲལ་བའི་ཡེ་ཤེས་ལགས། །ཧཱུྃ། སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། །མཉམ་ཉིད་ངང་གི་ཁྲོས་ལ་ཕྱག་འཚལ་ལོ། །ཁྲོ་བོ་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་འཕྲོས་ལ་ཕྱག་འཚལ་ལོ། །དེ་ནས་ཆོས་སྐྱོང་མ་མོ་དང་། མགོན་པོ་རྣམས་སྲས་འགར་བའི་གཞུང་བསྲང་ལ། དེ་ནས་སྨོན་ལམ་གདབ་པ་ནི། ཧཱུྃ། རྒྱལ་བ་རྒྱ་མཚོ་མཉེས་པར་གྱུར་ཅིག །མཆོད་པ་རྒྱ་མཚོས་མཉེས་པར་གྱུར་ཅིག །སྲིད་པ་རྒྱ་མཚོ་དབྱིངས་སུ་སྒྲོལ་བར་གྱུར་ཅིག །དམ་ཚིག་རྒྱ་མཚོ་བསྐང་བར་གྱུར་ཅིག །དམ་ཅན་རྒྱ་མཚོ་ཐུགས་དམ་བསྐང་བར་གྱུར་ཅིག །བདུད་དཔུང་རྒྱ་མཚོ་བཅོམ་པར་གྱུར་ཅིག །བགེགས་དཔུང་རྒྱ་མཚོ་ཞིག་པར་གྱུར་ཅིག །འཁོར་བ་རྒྱ་མཚོ་སྟོང་པར་གྱུར་ཅིག །སྡུག་བསྔལ་རྒྱ་མཚོ་ཞི་བར་གྱུར་ཅིག །བདག་ཉིད་ཆེན་པོ་ལྷུན་གྱི་གྲུབ་པར་གྱུར་ཅིག །བདག་ཅག་རྣལ་འབྱོར་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །ཅེས་སྨོན་ལམ་གདབ། དེ་ནས་མ་ཚང་ཁ་བསྐང་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨ། ཨཾ་ཨཿ ༀ་བཛྲ་སཏྭ་ས་མ་ཡཱ། ཞེས་ཚང་བར་བརྗོད། དེ་ནས་ཕུར་བརྒྱུད་ཀྱི་གསོལ་འདེབས་རྒྱས་བསྡུས་གང་རུང་བྱེད། བཅུ་པ་བསྙེན་པ་ནི། རང་གི་ཐུགས་ཀར་པད་ཟླ་ཉི་མའི་སྟེང་དུ། ཡེ་ཤེས་སེམས་དཔའ་རང་འདྲ་བ་གཅིག །དེ་ལྟར་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གི་མཐའ་བསྐྱོར་དུ་ཀཱི་ལ་ཡ་འབྲུ་དགུའི་གཡས་སུ་འཁོར་བར་དམིགས་ལ། བཟླས་པ་བརྒྱ་སྟོང་ཁྲི་འབུམ་ཅི་ནུས་སུ་བཟླའོ། །ཐུན་འཇོག་པའི་ཚེ། རྣམ་ལྔ ། ཀུན་བཟང་། སྒེག་མོ་བརྒྱད་མཆོད་ཀྱིས་མཆོད། ཐམས་ཅད་ངོ་བོ་ཞེས་སོགས་ཀྱིས་བསྟོད། བདེ་བར་གཤེགས་སོ་ཞེས་སོགས་ཀྱིས་དངོས་གྲུབ་བླངས། བསྙེན་པའི་རྗེས་ལ། ལྷག་མའི་ལས་བྱ་བ་ནི། དོན་རྣམ་པ་བཞི་སྟེ། སྤྱན་དྲངས་པ་དང་། སྲོག་གི་སྙིང་པོ་དྲང་ཞིང་བརྟན་པར་བཞུགས་སུ་གསོལ་བ་དང་། མཆོད་པ་དང་། ལས་བཅོལ་བའོ། །སྤྱན་དྲངས་བ་ནི། དཔལ་ཧེ་རུ་ཀའི་ཏིང་ངེ་འཛིན་དང་ལྡན་པ་ལ། མཛེས་པའི་ཕྱག་རྒྱ་བཅས་ལ། ༀ་ཨེ་ཨཱ་རལླི་ཧོ། ཛཿཧཱུྃ་བྃ་ཧོ། བཛྲ་ས་མ་ཡ་ཛཿ ཕཻཾ་ཕཻཾ་ཕཻཾ། ཞེས་དཀྱིལ་འཁོར་དུ་སྐད་ཅིག་གིས་དམ་ཅན་བཅུ་གཉིས་འཁོར་དྲེགས་པ་ཉི་ཤུ་གཅིག་དང་བཅས་པ་རྣམས། སོ་སོའི་འཁོར་དང་ཡང་འཁོར་དང་བཅས་ཏེ། མཁའ་ལ་སྤྲིན་དཔུང་བཞིན་དུ་བྱོན་པར་བསམ་ལ། སྲོག་གི་སྙིང་པོ་དྲངས་ཞིང་བརྟན་པར་བཞུགས་སུ་གསོལ་བ་ནི། ཌཱཀྐི་ར་ཛཿཧཱུྃ། ཌཱ་ཀཱི་རཱ་ཛ་ཛ། ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། པྲ་ཝེ་ཤ་ཡ། པྲ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ཏི་སྟ་ཡ། ཏི་སྟ་ཡ། བྷནྡྷ་ཡ། བྷནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། མོ་ཧ་ཡ། མོ་ཧ་ཡ། སརྦ་བཛྲ་ནན། ཌཱཀྐི་ནི་ཧྲི་ད་ཡ་ཧཱུྃ་ཕཊ྄། ཞེས་སྲོག་གི་སྙིང་པོ་ཕུལ་ཞིང་སྔར་ནས་དཀྱིལ་འཁོར་ལ་ཡོད་པ་རྣམས་ལ་སིབ་སིབ་ཐིམ་པར་བསྒོམ་མོ། །མཆོད་པ་ནི། བདག་གི་ལྕེ་ཐོག་ཏུ་ཧྲཱི་དམར་པོ་གཅིག་བསྒོམ་པ། དེའི་འོད་ཟེར་ལས་བདུད་རྩིའི་ཆར་བབ་པས། དམ་ཅན་རྣམས་ཀྱི་ལྕེ་ལ་ཐིམ་པར་བསྒོམ་མོ། །ཡང་གཏོར་མ་བདུད་རྩིར་ལམ་གྱིས་གསལ་བ་ཉིད་ལས། དམ་ཅན་རྣམས་ཀྱིས་གསོལ་བར་བསྒོམ་མོ། །ༀ་བཛྲ་དྷ་ཀ་དྷ་ཀི་ནི་པྲ་ཏི་ཛཿ ཨེ་མཾ་བྷ་ལིངྟ་ཧཱུྃ་ཕཊ྄་ཁཱ་ཧི། ༀ་སརྦ་བྷུདྡྷ་དྷ་ཀ་དྷ་ཀི་ནི་པྲ་ཏི་ཛཿ ཨེ་མཾ་བྷ་ལིངྟ་ༀ་ཕཊ྄་ཁཱ་ཧི། ༀ་སརྦ་རཏྣ་དྷ་ཀ་དྷ་ཀི་ནི་པྲ་ཏི་ཛཿ ཨི་མཾ་བྷ་ལིངྟ་ཏྲཱཾ་ཕཊ྄་ཁཱ་ཧི། ༀ་སརྦ་པདྨ་དྷ་ཀ་དྷ་ཀི་ནི་པྲ་ཏི་ཛཿ ཨེ་མཾ་བྷ་ལིངྟ་ཧྲཱིཿཕཊ྄་ཁཱ་ཧི། ༀ་སརྦ་ཀརྨ་དྷ་ཀ་དྷ་ཀི་ནི་པྲ་ཏི་ཛ། ཨེ་མཾ་བྷ་ལིངྟ་ཧ་ཕཊ྄་ཁཱ་ཧི། ཤྭ་ནྭ་མུ་ཀ་ཛ་ཛ་ཁཱ་ཧི། ཀུ་ཀུ་ར་མུ་ཀ་ཛ་ཛ་ཁཱ་ཧི། སྲི་ལ་མུ་ཀ་ཛ་ཛ་ཁཱ་ཧི། སྲི་ཝ་མུ་ཀ་ཛ་ཛ་ཁཱ་ཧི། ཀཾ་ཀ་ད་རི་ཛ་ཛ་ཁཱ་ཧི། ཀུ་མ་ད་རི་ཛ་ཛ་ཁཱ་ཧི། ཤུ་ལ་ད་རི་ཛ་ཛ་ཁཱ་ཧི། ཙ་མུནྡ་རི་ཛ་ཛ་ཁཱ་ཧི། རེ་མ་ཛུ་ཛ་ཛ་ཁཱ་ཧི། རེ་མ་ཏི་ཛ་ཛ་ཁཱ་ཧི། རེ་མ་ཛི་ཛ་ཛ་ཁཱ་ཧི། རེ་མ་ཛ་ཛ་ཛ་ཁཱ་ཧི། ཡང་གཏོར་མ་ཤ་ཁྲག་གི་རྒྱ་མཚོ་གསོལ་བ་ཡང་གསོལ་ནས། ལྷག་མ་མེད་པར་བསྒོམ་མོ། །ཆྒཻའི་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་ཀོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་ཀིང་ནི་རི་ཏི་ལ་ཁཱ་ཧི། དགྲ་བགེགས་ཀྱི་དབང་པོ་རྣམ་ལྔ་ལ་ཁཱ་ཧི། སྐྱེ་མཆེད་བཅུ་གཉིས་ལ་ཁཱ་ཧི། རྣམ་ཤེས་ཚོགས་བརྒྱད་ལ་ཁཱ་ཧི། ལྷག་མའི་རྗེས་ཤུལ་ལ་ཁཱ་ཧི། ཞེས་བརྗོད། དེ་ནས་དམ་བསྒྲག་པ་ནི། དམ་ཅན་རྣམས་ཅག་གེ་ཉན་པར་བསྒོམ་ལ་འདི་སྐད་དོ། །ཧཱུྃ། ཤར་གྱི་ཕྱོགས་ནས་བྱུང་བ་ནི། །རྡོ་རྗེ་རིགས་ཀྱི་ཕོ་ཉ་མོ། །ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །སྡིག་ཅན་སྡང་བའི་དགྲ་བོ་ལ། །རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ལྷོའི་ཕྱོགས་ནས་བྱུང་བ་ནི། །རིན་ཆེན་རིགས་ཀྱི་ཕོ་ཉ་མོ། །ལྕགས་ཀྱི་ཁྱི་མོ་རྐང་གསུམ་མ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །སྡིག་ཅན་སྡང་བའི་དགྲ་བོ་ལ། །རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ནུབ་ཀྱི་ཕྱོགས་ནས་བྱུང་བ་ནི། །པདྨ་རིགས་ཀྱི་ཕོ་ཉ་མོ། །ཟངས་ཀྱི་འཕར་བ་ལྕེ་བརྒྱད་ཀྱང་། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །སྡིག་ཅན་སྡང་བའི་དགྲ་བོ་ལ། །རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྱང་གི་ཕྱོགས་ནས་བྱུང་བ་ནི། །ལས་ཀྱི་རིགས་ཀྱི་ཕོ་ཉ་མོ། །ཟངས་ཀྱི་ཝ་མོ་རྐང་གསུམ་མ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །སྡིག་ཅན་སྡང་བའི་དགྲ་བོ་ལ། །རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། ཤར་གྱི་ཕྱོགས་ནས་བྱུང་བ་ནི། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །རྡོ་རྗེ་ཡོངས་སྡུད་མཐུ་མོ་ཆེ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །སྡིག་ཅན་སྡང་བའི་དགྲ་བོ་ལ། །རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། །ལྷོའི་ཕྱོགས་ནས་བྱུང་བ་ནི། །རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །རྡོ་རྗེ་འཇིགས་བྱེད་རལ་པ་ཅན། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །སྡིག་ཅན་སྡང་བའི་དགྲ་བོ་ལ། །རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། །ནུབ་ཀྱི་ཕྱོགས་ནས་བྱུང་བ་ནི། །པདྨ་རིགས་ཀྱི་མཁའ་འགྲོ་མ། །རྡོ་རྗེ་རབ་དགའི་ཁྲག་འཇིབ་མ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །སྡིག་ཅན་སྡང་བའི་དགྲ་བོ་ལ། །རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། །བྱང་གི་ཕྱོགས་ནས་བྱུང་བ་ནི། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །རྡོ་རྗེ་ལས་གྲུབ་ཚེ་ཕྲོགས་མ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །སྡིག་ཅན་སྡང་བའི་དགྲ་བོ་ལ། །རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། །ཧཱུྃ། ཤར་གྱི་ཕྱོགས་ནས་བྱུང་བ་ནི། །རྡོ་རྗེ་རིགས་ཀྱི་རྒྱལ་མོ་སྟེ། །དཔལ་ལྡན་མཐིང་ནག་རེ་མ་ཛུ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །སྡིག་ཅན་སྡང་བའི་དགྲ་བོ་ལ། །རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། །ལྷོའི་ཕྱོགས་ནས་བྱུང་བ་ནི། །རིན་ཆེན་རིགས་ཀྱི་རྒྱལ་མོ་སྟེ། །དཔལ་ལྡན་སེར་ནག་རེ་མ་ཏི། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །སྡིག་ཅན་སྡང་བའི་དགྲ་བོ་ལ། །རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། །ནུབ་ཀྱི་ཕྱོགས་ནས་བྱུང་བ་ནི། །པདྨ་རིགས་ཀྱི་རྒྱལ་མོ་སྟེ། །དཔལ་ལྡན་དམར་ནག་རེ་མ་ཛི། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །སྡིག་ཅན་སྡང་བའི་དགྲ་བོ་ལ། །རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། །བྱང་གི་ཕྱོགས་ནས་བྱུང་བ་ནི། །ལས་ཀྱི་རིགས་ཀྱི་རྒྱལ་མོ་སྟེ། །དཔལ་ལྡན་ལྗང་ནག་རེ་མ་ཛ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །སྡིག་ཅན་སྡང་བའི་དགྲ་བོ་ལ། །རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། །དཀྱིལ་འཁོར་དེའི་ཕྱི་རིམ་ནས། །ཁྱེད་ཀྱི་བཀའ་སྡོད་ཕོ་ཉའི་ཚོགས། །དྲེགས་པ་ཉི་ཤུ་རྩ་གཅིག་དང་། །གིང་ཕོ་གིང་མོ་བཅས་པ་རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །སྡིག་ཅན་སྡང་བའི་དགྲ་བོ་ལ། །རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །མཐུ་དབང་དངོས་གྲུབ་བདག་ལ་སྩོལ། །ཅེས་གཏོར་མ་བསྐྱལ། གཏོར་སྐྱེལ་སླར་ལོག་ནས་དཀྱིལ་འཁོར་བསྡུ་བ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་དཔལ་ཧེ་རུ་ཀར་བརླབ་ལ་གཞལ་ཡས་ཁང་ལ་བསྡུ། གཞལ་ཡས་ཁང་དམ་ཅན་ལ་བསྡུ། དམ་ཅན་ཁྲོ་བོ་ལ། ཁྲོ་བོ་ཁྲ་ཐབས་དང་བཅས་པ་གཙོ་བོ་ལ། སྲས་མཆོག་རྣམས་ཀྱང་ངོ་། །ཡུམ་ཡབ་ལ། ཡབ་ཡེ་ཤེས་སེམས་དཔའ་ལ། དེ་རྡོ་རྗེ་ལ། རྡོ་རྗེ་ཧཱུྃ་ལ། ཧཱུྃ་ཞབས་ཀྱུ་ལ། འ་ཧ་ཡ། ཧ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ཆོས་ཀྱི་དབྱིངས་སུ་བསྟིམ་མོ། །སྟོང་ཉིད་ལ་ཅི་ཙམ་གནས་ཀྱི་བར་དུ་དམིགས་སོ། །དེ་ནས་འབྲུ་དགུ་བརྗོད་པ་ཙམ་གྱིས། རྡོ་རྗེ་གཞོན་ནུར་བལ་གྱིས་གསལ་བ་ལ་སྤྱོད་ལམ་གྱི་བྱ་བ་བྱའོ། །བསྙེན་པའི་ཡི་གེ་མུན་སེལ་འཕྲེང་བ་ཞེས་བྱ་བ་རྫོགས་སོ། །གཏོར་མ་ཞལ་ཕྱིར་བསྒྱུར་ལ། མར་ཞལ་དངོས་གྲུབ་ཏུ་བླངས་ཤིང་། ཆང་ཕུད་རཀྟ་སོགས་སྦྲེང་ལ། གངས་རིའི་རྒྱུད་ལ་གནས་པའི་བརྟེན་མ་སྤྱན་དྲངས་པ་ནི། ཧཱུྃ། དཀྱིལ་འཁོར་དེའི་ཕྱི་རིམ་ནས། །གངས་རིའི་རྒྱུད་ལ་གནས་པ་ཡི། །བརྟན་མའི་ཚོགས་ཀྱི་བསྐོར་བ་ནི། །ལག་ཏུ་རྡོ་རྗེ་བྱིན་ནས་མིང་གི་དབང་བསྐུར་བ། །བོད་ཁམས་སྐྱོང་བ་མ་མོའི་ཚོགས། །བརྟན་མ་ཆེན་མོ་བཅུ་གཉིས་ཀྱང་། །སྔོན་གྱི་ཐུགས་དམ་དགོངས་མཛོད་ལ། །འདིར་གཤེགས་རྒྱན་གྱིས་གཏོར་མ་བཞེས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོཿ དགུང་སྔོན་མཐོན་པོའི་ཡར་སྟེང་ན། །ནམ་མཁའི་རྒྱལ་མོ་རྡོ་རྗེ་ཏིང་ལོ་སྨན། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུལ། །མ་བཙུན་ཁུག་ཆོས་རྡོ་རྗེ་དབྱར་མོ་བསིལ། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །ལྷོ་ཡི་སྐྱི་འཐིང་རྡོ་རྗེ་ཡ་མ་སྐྱོང་། །བྱང་གི་སྨན་ཏིང་རྡོ་རྗེ་ཏིང་ལོ་བཙུན། །བཙན་ལ་རོལ་བའི་རྡོ་རྗེ་སྨན་གཅིག་མ། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་གཡུ་བུན་མ། །དྷ་ལྷ་བཙན་མོ་རྡོ་རྗེ་ཡེ་ཤེས་མཆོག །སྐྱི་ཏིང་གངས་ཀྱི་རྡོ་རྗེ་ལ་རོ་སྨན། །ཡར་འབྲོག་གསེར་ཐང་རྡོ་རྗེ་འབྲོག་སྲིན་མོ། །ཁྲག་འཐུང་ཆེན་མོ་རྡོ་རྗེ་སྒྱུ་དྲིལ་མ། །མི་གཡོ་བརྟེན་པའི་རྡོ་རྗེ་ས་འཛིན་མ། །དེ་ལྟར་གངས་རིའི་རྒྱུད་ལ་གནས་པ་ཡི། །བརྟན་མ་ཆེན་མོ་བཅུ་གཉིས་རྣམས། །བདུད་རྩི་སྨན་གྱི་གཡབ་འདོར་ནས། །བཀའི་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བདག་ཅག་རྣལ་འབྱོར་འདིར་འདུས་དང་། །འཁོར་དུ་གཏོགས་པའི་ཡོན་བདག་གིས། །རྐྱེན་ལ་བབ་ན་རྐྱེན་བཟློག་ཅིག །ཤོད་ལ་བབ་ན་ཤོད་གཏོར་ཅིག །ཁྲམ་ལ་བབ་ན་ཁྲམ་བཟློག་ཅིག །རིམས་ནད་ཡམས་ནད་བཅས་པ་དང་། །ཅི་ལས་གྱུར་པའི་ནད་རྣམས་ཀུན། །ཡུད་ཙམ་གྱིས་ནི་མེད་པར་མཛོད། །མ་ཧཱ་མཾ་ས་ལ་ཁཱ་ཧི། རཀྟ་ལ་ཁ་ཧི། ཙིཏྟ་ལ༴ བ་སུ་ཏ༴ ཀོ་རོ་ཙ་ན༴ སརྦ་པཉྩ་ཨ་མྲྀ༴ རཀྟ་ལ༴ ཧཱུྃ། ང་ནི་ཁྲོ་རྒྱལ་གཤིན་རྗེ་གཤེད། །ང་ནི་རང་བྱུང་ཁྲོ་བོའི་སྐུ། །ང་ནི་ཆེ་མཆོག་ཧེ་རུ་ཀ །མི་མཐུན་རྐྱེན་དང་བར་ཆད་རྣམས། །བསྒྱུར་ཅིག་བཟློག་ཅིག་ཧེ་རུ་ཀ །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ཕོ་བདུད་དལ་ཁ་གཡས་སུ་བསྒྱུར། །མོ་བདུད་དལ་ཁ་གཡོན་དུ་བསྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར། །ཆུང་བདུད་དལ་ཁ་ཐད་དུ་བསྒྱུར། །སྒྱུར་ཅིག་བཟློག་ཅིག་ཧེ་རུ་ཀཿ ཁྱེད་ཀྱི་ཐུགས་དམ་དམ་དུས་ལ་བབ། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི། །བྱད་ཁ་ཕུར་པའི་དཔལ་ཁ་བཟློག །མཁའ་འགྲོ་མའི་ངན་སྔགས་བཟློག །མི་མཐུན་གཤིན་རྗེའི་ཁྲམ་ཁ་བཟློག །བདུད་བཙན་གཤིན་རྗེ་རྒྱལ་འགོང་བཟློག །ལོང་ཀ་སྲིན་པོའི་ངན་སྔགས་བཟློག །བྲམ་ཟེའི་ཀུ་དུག་དྲང་སྲོང་དམོད་པ་བཟློག །རྒྱ་གར་ཆོས་ཀྱི་སྔགས་བྱད་བཟློག །རྒྱ་ནག་གཙུག་ལག་ཙང་ཀུན་བཟློག །ཞང་ཞུང་ངན་སྔགས་ཇོ་བྱོལ་བཟློག །ཁྲོ་བོའི་ངན་སྔགས་རྦོད་གཏོང་བཟློག །གེ་སར་དམག་གི་དྲ་བཞི་བཟློག །སྟག་གཟིག་ནོར་གྱི་བླ་ཁེབ་བཟློག །སུམ་པའི་གླང་དམར་བོན་ཟོར་བཟློག །མུ་སྟེགས་ངན་སྔགས་བར་བུ་བཟློག །སྟེང་ཉི་ཟླ་གཟའ་སྐར་མཁའ་རྒྱུ་བཟློག །འོག་ས་བདག་ཀླུ་གཉན་གདུག་རྩུབ་བཟློག །ཀླུ་བདུད་ནག་པོའི་གཏད་ནན་བཟློག །ཨགྣེ་མེ་ཡི་སྦྱིན་བསྲེག་བཟློག །མི་དང་མི་མིན་ཐམས་ཅད་ཀྱི། །བསམ་སྦྱོར་གདུག་རྩུབ་ངན་པ་བཟློག །ཕྱི་ཡི་འབྱུང་བ་འཁྲུག་པའི་བདུད། །གློ་བུར་ཉི་ཁྲི་ཆིག་སྟོང་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག །ནང་གི་འབྱུང་བ་འཁྲུགས་པའི་ནད། །རླུང་མཁྲིས་བད་ཀན་འདུས་པ་དང་། བཞི་བརྒྱ་རྩ་བཞིའི་ནད་རྣམས་བཟློག །སྡང་བྱེད་དགྲ་བོའི་སྟེང་དུ་བཟློག །གནོད་བྱེད་བགེགས་ཀྱི་སྟེང་དུ་བཟློག །ཕུར་ཁ་བསྟན་པའི་སྟེང་དུ་བཟློག །ཐུན་ཟོར་འཕེན་པའི་སྟེང་དུ་བཟློག །གཏད་མནན་བྱེད་པའི་སྟེང་དུ་བཟློག །བསམ་སྦྱོར་ངན་པའི་སྟེང་དུ་བཟློག །བསྒྱུར་ཅིག་བཟློག་ཅིག་ཧེ་རུ་ཀ །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །མཐུ་དབང་དངོས་གྲུབ་བདག་ལ་སྩོལ། །ཧོ་དགོངས་སུ་གསོལ་ལོ། །བླ་མ་དཀོན་མཆོག་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་རྣམས་དགོངས་སུ་གསོལ་ལོ། །སྤྱིར་སངས་རྒྱས་ཀྱི་བསྟན་དགྲ། དཀོན་མཆོག་གི་སྤྱི་དགྲ། རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲ། བདག་ཅག་རྣལ་འབྱོར་པའི་དགོས་དགྲ། བཀའ་ལ་འཁུ་བ། དམ་ལ་ལོག་པ། ཕོད་བཙུག་པ། དོ་བསྔོ་བ། ཡ་བཟུང་བ། སྔ་དགྲ་ལག་གི་བྱས་པ། ཕྱི་དགྲ་ཡིད་ལ་བསམ་པ། ད་དགྲ་ཐད་དུ་བཙུག་པ། གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། བར་ཆད་ཀྱི་རྐྱེན། ཚེ་ལེན་གྱི་བདུད། བྱད་མ་གནོད་བྱེད་ལྷ་སྲུངས་དང་བཅས་པ་རྣམས། བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་དང་། དཔལ་ལྡན་ལྷ་མོ་ནག་མོ། དཔལ་ལྡན་མགོན་པོ་ནག་པོ། འཆི་བདག་གིས་རྒྱལ་པོ་གཤིན་རྗེ་མེ་རུ་རྩེ། ཆོ་འཕྲུལ་རྒྱལ་མོ་རེ་མ་ཏི། གཟའ་བདུད་ཆེན་པོ་ར་ཧུ་ལ། དམ་ཅན་འགར་བ་ནག་པོ། མཐུ་ཆེ་ལ་རྩལ་དྲག་པ་ཁྱེད་རྣམས་ཀྱི་ཞལ་དུ། དམར་གྱི་གཏོར་མ་འདི་དང་མཉམ་དུ་བཞེས་ཤིག །བཞེས་ཤིག །ཅེས་གཏོར་མ་ཁྱེར་རོ། །ལས་ཀྱིས། ལིང་ཐོབ། འཁོར་ཤིག །ཚང་དཀྲུག །ལས་པ་ལས་ལ་མ་ཞེ་ན། ལིང་པ་ལིང་ལ་མ་ཞེ་ན། ཤན་པའི་གྲིའུ་མ་བརྟུལ། ཕོ་ཉས་རྒྱུག་ལོག་མ་བྱེད། ནམ་མཁའ་སྟོང་པ་ལ་ཚད་མ་བཙུག །ས་གཞི་གྲོ་མོ་ལ་རྗེས་མ་བཞག །ཚེ་ཕྱི་མ་ལ་དུས་མ་བཏབ། ལོ་དང་ཟླ་བར་མ་བཞག་ལ། ཞག་དང་ཟ་མའི་ནང་དུ་སྒྲོལ་ཅིག །དེ་ནས་བཟློག་སྔགས་བཟླས་པའི་གཏིང་ལ། ཡེ་དྷརྨཱ་ཚར་གཅིག་བཟླས་པས། བསྲུང་འཁོར་གྱི་ཚུལ་དུ་ལྷ་ཚོགས་རྣམས་ཞལ་ནང་དུ་གྱུ་བར་བསྒོམ་ལ། གཏིང་བཤགས་བྱ་བ་ནི། ༀ། བདག་ནི་རང་རིག་ཡེ་ཤེས་བློ་དང་མ་ལྡན་པས། །བག་མེད་ཚུལ་གྱི་དམ་ལས་འགལ་གྱུར་ཏེ། །བཀའ་བརྒྱུད་བླ་མའི་ཐུགས་དང་ཅི་འགལ་བ། །རྡོ་རྗེ་སློབ་དཔོན་སྐུ་ལ་བཟོད་པར་གསོལ། །བདག་ནི་རང་རིག་ཡེ་ཤེས་བློ་དང་མ་ལྡན་པས། །བག་མེད་ཚུལ་གྱི་དམ་ལས་འགལ་གྱུར་ཏེ། །དཔལ་ཆེན་ཧེ་རུ་ཀའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་རྣམས་ལ་བཟོད་པར་གསོལ། །ཧཱུྃ། བདག་ནི་རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ། །བག་མེད་ཚུལ་གྱི་དམ་ལ་འགལ་གྱུར་ཏེ། །མ་མོ་མཁའ་འགྲོའི་ཐུགས་དང་ཅི་འགལ་བ། །མ་སྲིང་རྒྱ་མཚོའི་ཚོགས་ལ་བཟོད་པར་གསོལ། །བདག་ནི་རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །ཆོས་སྐྱོངས་སྲུང་མའི་ཐུགས་དང་ཅི་འགལ་བ། །དམ་ཅན་རྒྱ་མཚོའི་ཚོགས་ལ་བཟོད་པར་གསོལ། །གསང་སྔགས་རྨད་བྱུང་ཐེག་ཆེན་སྒོར་ཞུགས་རྣལ་འབྱོར་རྣམས། །ལྟ་བ་འཕང་དམས་ཆོས་ཉིད་དོན་མ་རྟོགས། །སྒོམ་པ་ཡུན་ཐུང་ཡི་དམ་ལྷ་མ་འདྲིས། །སྤྱོད་པ་བརླབ་ཆུང་ཡི་དམ་ལྷ་མ་མཉེས། །སྦྱིན་པ་སྟོབས་ཆུང་སེར་སྣའི་མདུད་མ་གྲོལ། །བསམ་གཏན་སྟོབས་ཆུང་འདོད་ཆགས་སེམས་མ་ནོན། །སྙིང་རྗེ་ཤུགས་ཆུང་ཞེ་སྡང་སྤྲོ་མ་ཞི། །ཤེས་རབ་བློ་ཆུང་གཏི་མུག་མུན་མ་སེལ། །མ་མཐོང་མཐོང་གྱི་ལྷ་འདྲེར་བསྐུར་བཏབ་སམ། །མ་ཉེས་པ་ལ་སྔགས་ཀྱི་ཟོར་ཐལ་ལམ། །མ་རྟོགས་པ་ལ་ཕུར་པའི་དབལ་ཐལ་ལམ། །སྨན་མེད་ཨརྒས་ཡི་དམ་ལྷ་མཆོད་དམ། །སྟ་ན་བྱིན་གྱིས་མ་རློབས་གནས་འཁྱམས་སམ། །གྷ་ན་བྱིན་གྱིས་མ་རློབས་རུལ་ཁྱེར་རམ། །དཀྱིལ་འཁོར་བྲི་ནོར་མར་མེ་འབར་བསད་དམ། །ཕྱིའི་འདུལ་ཁྲིམས་མ་སྲུངས་ཁྲིམས་ཉམས་སམ། །ནང་གི་དམ་ཚིག་མ་སྲུངས་དམ་ཉམས་སམ། །བསྲུང་མཚམས་མ་མཆིས་སྡིག་དང་གྲལ་གཅིག་གི། །སློབ་དཔོན་བཀའ་དྲིན་ཅན་གྱི་བཀའ་བཅག་སམ། །གྲོགས་མཆེད་ཁྱད་པར་ཅན་གྱི་ཐུགས་དཀྲུགས་སམ། །དམག་ཆེན་དཔོན་བྱས་ལིང་ཆེན་ཁ་བསྒྱུར་རམ། །ཆུ་བསྒྱུར་མེ་བཀྱེས་སེམས་ཅན་སྲོག་བཅད་དམ། །དེ་ལ་སོགས་ཏེ་ཉེས་སྒྲིབ་ཅི་མཆིས་པ། །འཕགས་པ་མངོན་སུམ་བཞུགས་པའི་སྤྱན་སྔ་རུ། །གནོང་འགྱོད་ཡིད་ལ་དྲན་ཏེ་མཐོལ་ཞིང་བཤགས། །བདག་ཅག་སེམས་ཅན་ལགས་པས་མ་རིག་འཁྲུལ་པ་བགྱི། །སྒྱུ་མ་ལགས་པས་ནོངས་པ་རྗེས་སུ་བཤགས། །ཐུགས་རྗེ་ཆེན་པོའི་བཟོད་པ་དང་དུ་བཞེས། །ཡེ་ཤེས་ཆེན་པོས་ཚངས་པ་སྩལ་དུ་གསོལ། །ཡི་གེ་བརྒྱ་པ་ཅི་རིགས་པ་འདོན། དེ་ནས་བཀྲ་ཤིས་བརྗོད་པ་ནི། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བཀྲ་ཤིས་པའི་དགོངས་པ་མཛད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དབྱངས་མཛད། ལྷ་དང་ལྷ་མོ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། ཆོས་སྐྱོང་རྣམས་ཀྱིས་བར་ཆད་ཀྱི་བགེགས་བསྐྲད་པར་བསམ་ལ། ཀུན་གྱི་མེ་ཏོག་དཀྱིལ་འཁོར་ལ་གཏོར་ནས། ༈ ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ཡི་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །བཀྲ་ཤིས༴ དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱི་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་ཞིང་། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །བཀྲ་ཤིས་དམ་པ་དེང་༴ རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང་། ལྷ་རྣམས་ཀུན་གྱི་བསྔགས་པ་བརྗོད་པ་དང་། །གསང་སྔགས་རིག་སྔགས་རྣམས་ཀྱི་མཐུ་སྟོབས་དང་། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གི། །བཀྲ་ཤིས༴ བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་དང་། །རྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་སྟེ། །བཀྲ་ཤིས༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་ཡི། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་སྟེ། །བཀྲ་ཤིས༴ ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་ཡི། །བཀྲ་ཤིས༴ སྦྱིན་པ་བཏང་ཞིང་ཚུལ་ཁྲིམས་བསྲུང་བ་དང་། །བཟོད་པ་བསྒོམ་ཞིང་བརྩོན་འགྲུས་བརྩམས་པ་དང་། །མཉམ་པར་འཇོག་ཅིང་ཤེས་རབ་བསྐྱེད་པ་ཡི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྐུ་ལྔ་ལྷུན་གྲུབ་རྒྱལ་བ་རྒྱ་མཚོ་དང་། །གསུང་ལྔ་ལྷུན་གྲུབ་དམ་ཆོས་རྒྱ་མཚོ་དང་། །ཐུགས་ལྔ་ལྷུན་གྲུབ་རྒྱལ་སྲས་སྨིན་པའི་ཚོགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་ཤིང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག །རྡོ་རྗེ་སློབ་དཔོན་སྐུ་ཚེ་རིང་བར་གྱུར་ཅིག །དཀྱིལ་འཁོར་གཉེན་པོ་ཞལ་གྲོ་བར་གྱུར་ཅིག །མཆེད་དང་ལྕམ་དྲལ་ཐམས་ཅད་ལ་བར་ཆད་མི་འབྱུང་བར་གྱུར་ཅིག །དེ་ནས་དཀྱིལ་འཁོར་བསྡུ། མི་དམིགས་པའི་ངང་ལ་རྒྱས་གདབ། ལུས་བསྲུང་། གོ་བསྒོ། དགེ་བ་བྱང་ཆུབ་ཏུ་བསྔོ། སརྦ་མངྒ་ལཾ།། །།

གཏང་རགས་མཆོད་བསྟོད། བི་ཛ།

༈ གཏང་རག་མཆོད་བསྟོད་བྱ་བ། མཆོད་པ་གསོས་ལ། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་མཆོད་སྣོད་དབྱིངས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་མཆོད་རྫས་ཡེ་ཤེས་ལྔའི་རྣམ་རོལ་འདོད་ཡོན་གྱི་རྣམ་པ་མ་ལུས་པ་སོ་སོའི་ལྷ་མོའི་ཚོགས་དང་བཅས་པ་ནམ་མཁའ་གང་བར་གྱུར། ༀ་བཛྲ་ཨརྒྷཾ་པྲ་ཏིཙྪ་ཨཱཿཧཱུྃ། ༀ་བཛྲ་དྷཱུ་པེ་ནས་ཤཔྟ་ཨཱཿཧཱུྃ། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ། ༀ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄། ༀ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ་ཏེ་ཛྭ་བ་ལིངྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཞེས་བརླབས། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས། ༀ་བཛྲ་པུཥྤེ་གྲིཧྣ་ཧཱུྃ། དྷཱུ་པེ༴ གནྡྷེ༴ ལ་སྱེ༴ ཧཱུྃ། མཱ་ལྱེ་ཏྲཾ། གིརྟི་ཧྲཱིཿ ནིརྟི་ཨཱཿ ༀ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རྃ་ཁཱ་ཧི། ༀ་མ་ཧཱ་རཀྟ༴ ༀ་མ་ཧཱ་བ་ལིངྟ༴ ཞེས་མཆོད་དེ། སངས་རྒྱས་གསང་བའི་རྒྱ་གཞུང་ལས་བྱུང་བའི། ཁྱོད་ནི་གླང་པོའི་རྣ་བ་ཅན། །ཁྱོད་ནི་སེང་གེའི་སྟང་སྟབས་ཅན། །ཁྱོད་ནི་ཕ་ལྟར་སྐྱོབས་པའོ། །ཁྱོད་ནི་མ་ལྟར་བྱམས་པའོ། །ཁྱོད་ནི་ས་ལྟར་འདེགས་པའོ། །ཁྱོད་ནི་ཆུ་ལྟར་སྡུད་པའོ། །ཁྱོད་ནི་གཟུགས་སྡུག་ཡིད་ཀྱིས་བརྒྱན། །ཁྱོད་ནི་རླུང་ལྟར་གཏོར་བའོ། །ཁྱོད་ནི་སྤྲིན་ལྟར་ལྡིང་བའོ། །ཁྱོད་ནི་ཆར་ལྟར་འབེབས་པའོ། །ཐམས་ཅད་ངོ་བོ་མཉམ་ཉིད་སྐུ། །བདེ་ཆེན་གར་དབང་སྐུ་གསུང་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོ་ཡི། །ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། སྨོན་ལམ་གསོལ་བ། ཧོ་རྒྱལ་བ་རྒྱ་མཚོ་མཉེས་པར་གྱུར་ཅིག །དམ་ཅན་རྒྱ་མཚོ་ཐུགས་དམ་བསྐང་བར་གྱུར་ཅིག །མཆོད་པ་རྒྱ་མཚོ་གནས་སུ་སྟོབས་པར་གྱུར་ཅིག །སྲིད་པ་རྒྱ་མཚོ་དབྱིངས་སུ་གྲོལ་བར་གྱུར་ཅིག །དམ་ཚིག་རྒྱ་མཚོ་སྐོང་བར་གྱུར་ཅིག །བདུད་དཔུང་རྒྱ་མཚོ་བཅོམ་པར་གྱུར་ཅིག །བགེགས་དཔུང་རྒྱ་མཚོ་ཞིག་པར་གྱུར་ཅིག །འཁོར་བ་རྒྱ་མཚོ་སྟོངས་པར་གྱུར་ཅིག །སྡུག་བསྔལ་རྒྱ་མཚོ་ཞི་བར་གྱུར་ཅིག །བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པར་གྱུར་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །དེ་དག་ནི་སངས་རྒྱས་གསང་བའི་རྒྱན་བཅུའི་རྒྱ་གཞུང་ལས་སོ། །ཡིག་བརྒྱ་ལན་གསུམ་གྱིས་ནོང་པ་བཤགས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་རྟེན་འདི་ཉིད་ལ་བརྟན་པར་བཞུགས་སུ་གསོལ། བཞུགས་ནས་ཀྱང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཟིན་ཉིན་རས་བྲིས་ལ་བརྟན་བཞུགས། རྡུལ་ཚོན་དང་ཚོམ་བུ་ལ། ཁྱེད་ཀྱི་སེམས་ཅན་ཚོགས་ཀྱིས་གཤེགས་གསོལ་བྱའོ། །བི་ཛས་བྲིས་པ་དགེ། །།

ཕུར་པའི་གཏོར་འགུགས།

༈ འགུགས་པ་ནི། གཏོར་མ་དང་དགྲ་བགེགས་དབྱེར་མེད་དུ་བསམ་པ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ བཀའ་གསང་སྔགས་དང་། རིགས་སྔགས། གཟུངས་སྔགས། ཕྱག་རྒྱ་ཏིང་ངེ་འཛིན༴ ཡི་དམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་སྟོབས་ཀྱི། བདག་ཅག་དཔོན་སློབ་དགོན་སྡེ་གྲྭ་ཚང་མི་ནོར་འཁོར་དང་བཅས་པ་རྣམས་ལ། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས། སྡང་བྱེད་ཀྱི་དགྲ། གནོད་བྱེད་ཀྱི་བགེགས། ཚེ་ལེན་གྱི་བདུད། བར་ཆད་ཀྱི་རྐྱེན། ཁ་ངན་དུ་སྨྲ་བ། ལག་པ་ཚིག་ཏུ་རྡོ་བ། བསམ་པ་ངན་པ་འཆང་བ། སྦྱོར་བ་རྩུབ་མོ་ཤོམ་པ། ཕོད་བཙུག་པ། དོ་བསྡོ་བ། ཡ་བཟུང་བ། ཟུར་ཟ་བ་རྣམས་ཀྱི། ཚེ་བླ་སྲོག་གསུམ། རྣམ་པར་ཤེས་པ། མཐོ་རི་རབ་ཀྱི་རྩེ། དམའ་རྒྱ་མཚོའི་གཏིང་། ཡངས་བར་སྣང་གི་ཁམས། ཉི་མའི་སྣམ་ཕྲག །ས་འོག །ས་སྟེང་། ས་བླ་གར་གནས་གར་ཡོད་ཀྱང་། རང་དབང་མེད་པར། ཕོ་ཉ་ལྕགས་ཀྱུ་ཅན་གྱི་སྙིང་ནས་བཟུང་། ཞགས་པ་ཅན་གྱི་མགུལ་ནས་ཆིངས། ལྕགས་སྒྲོག་ཅན་གྱི་ཡན་ལག་སྡོམ། དྲིལ་བུ་ཅན་གྱི་མྱོས་སུ་ཆུགས། ལས་ཀྱི་རླུང་ནག་ཆེན་པོའི་རྒྱབ་ནས་དེང་། འཇིགས་པའི་མུན་ནག་ཆེན་པོའི་མདུན་སུས་ལ། གཏོར་མ་འདི་ལ་ཁུག་ཅིག །ཛཿཧཱུྃ་བྃ་ཧོ། ཨ་སྤ་ར་ན་ཕཊ྄། ནྲི་ཏྲི་ཤ་ཏྲུཾ། ༀ་ཨཱཿཧཱུྃ་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨཱཿཧཱུྃ་བརྒྱུད་པའི་བླ་མ་ཡི་དམ་གྱི་ལྷ་ཚོགས་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། ཤ་རུས་ཁྲག་གསུམ་ལ་ཁཱ་ཧི། རྣམ་ཤེས་ཚོགས་བརྒྱད་ལ་ཁཱ་ཧི། ཞེས་ཕུད་ཀྱི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོངས་མཆོད། རྒྱས་པ་ལྟར་ན་དྲིལ་ཐུན་ལྟར་བྱའོ།། །།

ཀཿདམ་པའི་བཀའ་སྲོལ་ཕུར་པ་བཀའ་མ་ལྷ་ནག་གི་རྒྱུན་ཁྱེར། བི་ཛ།

ཀཿདམ་པ་རིན་པོ་ཆེའི་བཀའ་སྲོལ་ཕུར་པ་བཀའ་མ་ལྷ་ནག་གི་རྒྱུན་ཁྱེར་བཞུགས་སོ། །ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མ་ར་ཡ། འདིའི་རྒྱུན་ཁྱེར་ལ། སྐུ་བསྙེན་པ། གསུང་སྒྲུབ་པ། ཐུགས་ཕྲིན་ལས་ཀྱི་དལ་གསུམ་གྱི། དང་པོ་ལ་སྤྱི་དོན་གསུམ། སྔོན་འགྲོ། དངོས་གཞི། རྗེས་གསུམ་མོ། །དང་པོ་ལ་གཉིས་ལས་མཚམས་བཅད་པ་ནི། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་མཐུའོ། །རྩ་སྔགས་བརྗོད་པས། སྐད་ཅིག་གིས་རྡོ་རྗེ་གཞོན་ནུ་ཞལ་གཡས་དཀར་གཡོན་དམར་དབུས་དང་སྐུ་མདོག་མཐིང་ཀ །ཕྱག་དྲུག་གི་དང་པོ་ནས་རིམ་གྱིས་ཕུར་པ་དཀར་དམར་མཐིང་གསུམ་དྲིལ་བ། དཔལ་དང་དུར་ཁྲོད་ཀྱི་ཆས་རྫོགས་པར་གྱུར་པ་ལ་ཕྱོགས་བཅུའི་སངས་རྒྱས་རྣམས་འདུས་ཤིང་ཐིམ་པར་གྱུར། ཧཱུྃ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། སྟོབས་ཆེན་ཁྲོ་བོ་ཆེན་པོ་བཅུས། །གླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལ་འདའ་མ་བྱེད། །ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་བི་ཛ་ཡ་ནི་ལ་དནྜ་ཡ་མཱནྟ་ཀ་ཨཱརྱ་ཨ་ཙ་ལ་ཧྱ་གྲྀ་ཝ་ཨ་པ་ར་ཙིཏྟ་ཨ་མྲྀ་ཏ་ཀུནྜ་ལི་ཏྲཻ་ལོ་ཀྱ་བི་ཛ་ཡ་མ་ཧཱ་བ་ལ་གརྫ་ཧ་ན་ད་ཧ་པ་ཙ་བྷནྡྷ་ཧུ་ལུ་ཏིཥྛ་ཚིནྡྷ་བྷིནྡྷ་སྥོ་ཊ་ཡ་ཧཱུྃ་ཕཊཿ ཁྲོ་བོ་མཐིང་ནག་ཕུར་བུ་བསྣམས་པ་བཅུས། བགེགས་ཀུན་ཕྱོགས་སྐྱོངས་བཅུར་བསྟིམ་ཕུར་བུས་བཏབ། ཕུར་བུའི་དབ་ལས་མེ་འབར་ཕྱོགས་སྐྱོངས་འབར། ཡེ་ཤེས་ཏིང་འཛིན་རྣམ་རྟོག་མེ་འབར་སྲུངས། གཉིས་པ་བཤགས་པ་ནི། བཛྲ་ས་མ་ཛས་བཤགས་ཡུལ་སད་ནས། སྤྲོ་ན། ཡེ་ཤེས་སྐུ་མཆོག༴ དང་། བསྡུ་ན་འགྱོད་སྡོམས་བརྟན་པོས། ཡེ་ནས་གཉིས་མེད་དང་ཡིག་བརྒྱ་བཟླ། ཚོགས་ཞིང་རྣམས་ཀྱིས་ཚངས་པ་སྩལ་ནས་རང་ལ་ཐིམ་པར་བསམ། གཉིས་པ་དངོས་གཞི་ལ་གཉིས། དང་པོ་བསྐྱེད་པ་ནི། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡི། །རཾ་ཡཾ་ཁཾ་གི་མེ་རླུང་ཆུས། །སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས། །ཅི་ཡང་མི་དམིགས་སྟོང་པ་ཉིད། །དེའི་ངང་ལས་སྙིང་རྗེ་འབར། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །རང་རིག་ཟུང་འཇུག་ཧཱུྃ་དུ་གསལ། །ཨེ་སོགས་ལས་བྱུང་འབྱུང་ལྔའི་དལ། །སྲོག་གི་གོ་རུ་ཤར་བ་དང་། །བྷྲཱུྃ་ལས་ཁྲོ་བོའི་གཞལ་ཡས་ཁང་། །རྒྱན་དང་བཀོད་པ་རབ་རྫོགས་ནང་། །ཨེ་ཁྲམ་ཉེར་གཅིག་ཁྱབས་དང་བཅས། །དབུས་སུ་རུ་ཏྲ་ལྷ་ཆེན་པོ། །ཕོ་མོ་བཞི་བསྣོལ་པད་ཟླ་ཉི། །ཕྱོགས་བཅུར་ཨེ་སྟེང་ཉི་མ་ལ། །ཕྱོགས་སྐྱོངས་ཕོ་མོ་བྱི་ཆིང་མནན། །གཡས་གཡོན་བམ་རོ་རྐྱང་པ་དང་། །ཁྱམས་ལ་ཕྱོགས་རེར་གསུམ་གསུམ་གྱི། །རོ་ནི་མགོ་མེད་བཅུ་གཉིས་གདན། །རྒྱུ་ཡི་ཧཱུྃ་མཐིང་གདན་སྟེང་བབ། །རྡོ་རྗེ་ནག་པོ་རྩེ་དགུ་པ། །ལྟེ་བར་ཧཱུྃ་མཐིང་མཚན་པ་ལས། །སྤྲོ་བསྡུས་དོན་གཉིས་བྱས་ཤིང་འདུས། །སྙིང་གི་གོ་རུ་བསྒོམ་པར་བྱ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེ་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། །དཀར་དམར་མཐིང་བའི་ཞལ་གསུམ་ལ། །གཡས་གཉིས་རྩེ་དགུ་ལྕེ་ལྔ་དང་། །གཡོན་གཉིས་ཁ་ཊྭཱཾ་མེ་དཔུང་བསྣམས། །མཐའ་གཉིས་རི་རབ་ཕུར་པ་དྲིལ། །རིགས་ལྔའི་སངས་རྒྱས་དབུ་ལ་རྫོགས། །དུར་ཁྲོད་དཔལ་གྱི་ཆས་ཀུན་རྫོགས། །རྒྱབ་ཞབས་གཡས་བརྐྱང་གཡོན་བསྐུམ་སྟབས། །མདུན་ཞབས་གཡས་བསྐུམ་གཡོན་བརྐྱང་འགྱིངས། །རྒྱས་འདེབས་ཡབ་འདྲ་ཁ་ཊྭཱཾ་དང་། །ཐོད་ཁྲག་བསྣམས་ཏེ་གཉིས་མེད་སྦྱོར། །ཡབ་གསང་ཉི་སྟེང་རྡོ་རྗེ་ཧཱུྃ། རྩེ་དགུ་མཚན། ཕྱི་རྩེར་ཕཊ་ལ་ནང་རྩེར་ༀ། །ཡུམ་མཁའ་འདབ་བརྒྱད་དམར་པོ་ཨྃཿ དེ་དང་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་བཀུག །ཞལ་ནས་དབྱིབས་བརྒྱུད་མཁའ་རུ་བབ། །ཧཱུྃ་མཐིང་ཟུང་རེ་ཕྱོགས་བཅུར་བབ། །ཁྲོ་བོ་ཕུར་པ་དྲིལ་བ་ལ། །རྒྱས་འདེབས་འདྲ་བའི་ཡུམ་རེས་འཁྱུད། །གཡས་གཡོན་ཁྲ་ཕྱག་གཉིས་རེ་ཏེ། །མགོ་བརྙན་དང་མཚུངས་སེམས་ཅན་དང་། །གཡོན་པས་ཕུར་དྲིལ་ཆུ་སྲིན་ཟུངས། །སྟོད་གཡོག་ཁ་ནས་ཕྱག་དོན་པ། ཀུན་ཀྱང་མཐིང་ནག་ཁྲོ་བོའི་ཆས། །མེ་རི་འབར་བའི་ཀློང་དུ་བརྗིད། །སྲས་མཆོག་ལ་ནི་ཨེ་དཀྱིལ་གྱི། །ངོས་གསུམ་ཧཱུྃ་ཡིག་བདུན་རེ་སྤྲོས། །སྐུ་སྟོད་ཁྲོ་བོ་ཕུར་པ་དྲིལ། །སྐུ་སྨད་གནམ་ལྕགས་ཕུར་བུའི་དབལ། །སྐྲ་བརྫེས་རྒྱན་མེད་རྔམ་པ་གསལ། །ཕྱོགས་བཞིའི་སྟོད་དུ་ཤྭ་ན་བཞི། །སྨད་དུ་བདག་ཉིད་མ་བཞི་གསལ། །སྒོ་ཐད་བསྭེ་མོ་བཞི་གནས་ཤིང་། །རྡོ་རྭའི་ནང་དུ་འབྱུང་པོ་ནི། །ཉི་ཤུ་རྩ་གཅིག་གནས་པར་གྱུར། །གཉིས་པ་ཡེ་ཤེས་དྲང་བསྟིམ་ནི། ཧཱུྃ། ཡེ་ཤེས་ཕུར་བུ་བསྒྲུབ་པ་དང་། །སྲིད་པ་རྡོ་རྗེ་གྲུབ་པའི་ཕྱིར། །ལྷ་ཚོགས་འཁོར་བཅས་གཤེགས་ནས་ཀྱང་། །རྨད་བྱུང་རྟགས་མཚན་དངོས་གྲུབ་སྩོལ། །ཞེས་གསོལ་བ་བཏབ་པས་བསྐྱེད་པ་དང་འདར་བའི་ཡེ་ཤེས་ལ་བྱོན་ནས་དབང་བསྐུར་བ་ནི། ཧཱུཾ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པའི་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །ཅེས་གསོལ་བ་བཏབ་པས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལ། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་གསུང་ཐུགས་སུ་བདག་བསྐྱེད་ཅིག །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེ་གང་འདུལ་བ། །ཡོན་ཏན་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་བདག་སྩོལ་ཅིག །ཅེས་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའི་དབང་དང་བྱིན་རླབས་ཐམས་ཅད་ལ་མངའ་བརྙེས་ནས་ལྷ་ཚོགས་རྣམས་བདག་ཉིད་ལ་བསྟིམ་མོ། །དེ་ནས་མཆོད་པ་ནི། ཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་མང་པོས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་ནས་ཀྱང་། །བདག་ལ་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཛཿཧཱུཾ་བཾ་ཧོཿ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ་ཏིཔྟ་ཙཀྲ་ཨི་དཾ། པུཥྤེ། དྷུཔྤེ། དཱི་པཾ། གྷནྡྷེ། རུ་པ་ཤབྟ་གནྡྷེ་ར་ས་སྤཪྴེ་པཱུ་ཛ་ཧོ། པྲ་ཏཱིཙྪ་ཁ་ཧི། གྷྲྀ་ཧ་ན་ཁཱ་ཧི། བཛྲ་ཡཀྴ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། མ་ཧཱ་བྷ་ལིཾཏ་ལ་ཁཱ་ཧི། ཧཱུཾ། བསྐལ་པ་མེ་ལྟར་འབར་བའི་སོགས་ཀྱིས་བསྟོད། བསྙེན་པ་ནི། བདག་རྡོ་རྗེ་གཞོན་ནུའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་རང་འདྲ་བ། དེའི་ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་ནག་པོ་རྩེ་དགུ་པ་ཡར་བཞེངས་པ་དེའི་ལྟེ་བ་ཁང་སེང་སྟོང་པར་ཉི་མའི་སྟེང་དུ་ཧཱུཾ་མཐིང་ནག་གི་མཐར་བསྐོར་དུ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་པའི་འབྲུ་དགུ་པས་གཡས་སུ་འཁོར་བར་བསྒོམ་ལ། འབྲུ་དགུ་པ་ཅི་ནུས་བསྙེན། སྔགས་ཀྱི་སྒྲ་ལས་འོད་ཟེར་བྱུང་བས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་སླར་སེམས་ཅན་ཐམས་ཅད་རྡོ་རྗེ་གཞོན་ནུར་གྱུར་པར་བསམ། ཡང་འོད་ཟེར་ཁྲོ་བོ་འཆོལ་བའི་ཚོགས་ཀྱིས་ཆོས་ཀྱི་དབྱིངས་མཐའ་ཀླས་པའི་བྷུདྡྷའི་ཞིང་ཁམས་ལ་ཐུག་གི་བར་དུ་བཀང་ནས་བདུད་དང་མུ་སྟེགས་ཐམས་ཅད་ཚར་བཅད། མ་མོ་དང་མཁའ་འགྲོ་ཐམས་ཅད་དཔའ་བསྐྱེད། བྱང་ཆུབ་སེམས་དཔའ་རྣམས་ནི་ཐུགས་མཉམ་པ་ཉིད་ལས་བཞེངས། ཉན་ཐོས་རང་རྒྱལ་རྣམས་ནི་འགོག་པ་ལས་བསླང་། དགྲ་བགེགས་ཐམས་ཅད་ཚར་བཅད། ཁམས་གསུམ་གྱི་ལོག་རྟོག་ཟིལ་གྱིས་ནོན་པར་བསམ། ཁྲོ་བཅུ་དང་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བྷིགྷྣཱན་བྃ་ཧཱུྃ་ཕཊ་ཛཿཧཱུྃ་ཨཱཿ ཞེས་འབྲུ་བཅུ་བདུན་པ་ཡང་ཟླ། བསེ་མོ་བཞིའི་སྤྱི་བོར་སའི་དཀྱིལ་འཁོར་སེར་པོ་གྲུ་བཞིའི་སྟེང་དུ་ༀ་དཀར་པོ། ཤྭ་ན་བཞིས་མགྲིན་པར་རླུང་གི་དཀྱིལ་འཁོར་ལྗང་གུ་གཞུ་དབྱིབས་ཀྱི་སྟེང་དུ་ཨཱཿདམར་པོ། རེ་ཏི་བཞིས་སྙིང་ཀར་མེ་ཡི་དཀྱིལ་འཁོར་དམར་པོ་གྲུ་གསུམ་སྟེང་དུ་ཧཱུྃ་མཐིང་ནག་རྣམས་ཀྱི་མཐར་རང་སྔགས་ཀྱིས་བསྐོར་བར་བསམ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། བཛྲ་མ་ཐ་མ་ཐ། ཛྭ་ལ་ཛྭ་ལ། ཤྭ་ན་བཞི། སུ་རུ་སུ་རུ། མུ་རུ་མུ་རུ་ཧ་བསེ་མོ་བཞི། ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་མ་ཐ། མ་མ་པ་ཤཾ་ཀུ་རུ་ཧཱུྃ། རེ་ཏི་བཞི། མ་ཏཾ་ཛྙཱ་ན་ཀ་ར་ཨི་ནན། དྷ་ཏི་མ་མ་ཀརྨ། ཤྲཱྀ་ཏྲཱཾ་ཀ་ར་ཡེ། མ་ར་དྲེགས་པ་ཉི་ཤུ་རྩ་གཅིག །ས། ནི་པྲ་མ་ཏ་ཡེ་མཱ་ར་ཡེ་ཨ་བ་ཏ་ནི་ཡེ་ཛ་ཡེ་བི་ཛ་ཡེ་ཨ་པ་ར་ཙིཏྟ་ཡེ་ཧཱུྃ་ཧཱུྃ་ཕཊ྄། འོད་ཟེར་འཕྲོས་ཁམས་གསུམ་དྲེགས་ཚོགས་ཀུན་གྱི་སྲོག་སྙིང་དམ་ཅན་རྣམས་ལ་འདུས། དམ་ཅན་རྣམས་ཀྱི་སྲོག་ཡིག་འབྲུ་གསུམ་པོ་རང་གི་ཧཱུྃ་གི་ཞབས་ཀྱུའི་ནང་དུ་འདུས་པར་བསམ། ཐུན་བསྡུ་ཁར། ཕྱིའི་ལྷ་དང་འོད་ཟེར་ཐམས་ཅད་ཚུར་འདུས་རང་ལུས་ལ་ཞུགས་བྱེའུ་ཕྲུག་གི་གཤོག་པ་ལ་ཁྲ་ཆག་པའི་ཚུལ་དུ་བལྟམ་པར་བསམ་ལ། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཟླ། མཆོད་བསྟོད་བསྡུས་པ་བྱ། ཉེར་བསྡུ་སླར་ལྡང་དང་བསྔོ་སྨོན་ཤིས་བརྗོད་དང་བཅས་བྱའོ། །གསུམ་པ་ཐུགས་ཕྲིན་ལས་ཀྱི་དལ་ནི། རྒྱུད་ལྟར་ན་གོང་གི་ཏིང་འཛིན་བསྟན་པ་དང་། ལུང་ལྟར། དབྱིངས་མ་སྐྱེས་སྟོང་པ་ལ། ཡེ་ཤེས་མ་འགགས་པ་ལྷའི་རྣལ་འབྱོར་མ་བསྐྱེད་ཡེ་ནས་རྫོགས་པའི་ཚུལ། སྲས་དབྱེར་མེད་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་ཀྱི་སེམས་ཀྱི་ཆོ་འཕྲུལ་ཆེན་པོར་བཟླ་བའོ། །མན་ངག་ལྟར་ན། ལྷ་སྔགས་སོགས་ཆོས་ཐམས་ཅད་སོ་སོར་མ་འདྲེས་པར་སྣང་ཡང་། མཉམ་ཉིད་ཀྱི་ངང་དུ་རྫོགས་པར་རྟོགས་པ་གཟའ་གཏད་མེད་པའི་ལྟ་བ། དེའི་ངང་ལ་གནས་པ་ལ་བསྒོམ་བྱ་སྒོམ་བྱེད་མེད་པ་དམིགས་གཏད་མེད་པའི་སྒོམ་པ། སྤྱོད་ལམ་ཡང་དེའི་ངང་ལ་གནས་པ་བྱ་བ་རྩོལ་མེད་པའི་སྤྱོད་པ། དེ་ལས་ལེགས་སུ་སྤངས་ཐོབ་བྲལ་བ་སྤངས་ཐོབ་མེད་པའི་འབྲས་བུ་ཏེ་དེའི་ངང་དུ་བཟླ་བའོ། །ངན་སྔགས་ཉེ་བར་བསྙེན་པ་བྱར་འདོད་ན་ནི་གཞུང་ལས་གསལ་ལོ། །ཐུན་མཚམས་ཚོགས་ཀྱི་མཆོད་པ་ནི། ཚོགས་རྫས་སྣ་ཚོགས་སྤུངས་ལ། ༀ་ཀྲོ་དྷི་ཤྭ་རི་སརྦ་པྲ་ཕྱཾ་བི་ཤྭ་དྷ་ནི་སྭཱ་ཧཱ། སྟོང་པའི་ངང་ལས་ཚོགས་སྣོད་བྷཉྫ་འབར་བར་ཚོགས་རྫས་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་གྱི་རྣམ་པ་མ་ཚངས་པ་མེད་པ་སོ་སོའི་ལྷ་མོའི་རོལ་པ་བསམ་གྱིས་མི་ཁྱབ་པས་མཆོད་པའི་སྤྲིན་སྤྲོ་བར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཧཱུྃ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞུང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །མ་ཧཱ་གྷ་ན་ཙཀྲ་པུ་ཛ་ཧོ། །ཞེས་ཕུད་ཀྱིས་མཆོད་པར་བས་ཚིམ་པར་རོལ། ལྷག་མ་ལ་ཁ་ཕྲུ་བཏབ་ཨ་ཀ་རོ་སོགས། ༀ་ཏ་ཀི་ར་ཙ་ཛཿལྷག་མགྲོན་དགུག །ཧཱུྃ། དཀྱིལ་འཁོར་དེ་ཡི་ཕྱི་རིམ་ནས། །དམ་ཅན་མ་མོ་བཅུ་གཉིས་དང་། །དྲེགས་པ་ཉི་ཤུ་རྩ་གཅིག་སོགས། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །དམ་ཉམས་སྡང་བའི་དགྲ་བོ་ལ། །རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། །ཞེས་འབུལ། ཡ་ཧི་གཙྪས་རང་གནས་སུ་གཤེགས། བླ་མ་ལ་གུས་སྙིང་རྗེར་ལྡན། །རྡོ་རྗེ་གཞོན་ནུ་གྲུབ་ནས་ཀྱང་། །སྐྱེ་ཤི་མེད་པར་འགྱུར་བར་ཤོག །ཟབ་མོའི་དོན་ལ་སེམས་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་ཀཿདམ་པ་རིན་པོ་ཆེའི་དགོངས་པ་ལྟར་བཏུས་ཏེ་རྒྱུན་ཁྱེར་དུ་བཀོད་པའོ། །རྗེ་དེའི་བརྒྱུད་འཛིན་གྱི་མིང་ཙམ་འཛིན་པ་བི་ཛའི་མིང་གིས་བྲིས་པས་རྒྱལ་བསྟན་རྒྱས་པའི་རྒྱུར་གྱུར་ཅིག །མངྒ་ལྃ།། །།

ཚོགས་འདོད་ཡོན་ལམ་ཁྱེར།

ཚོགས་འདོད་ཡོན་ལམ་ཁྱེར་བཞུགས་སོ། །ༀ་སྭཱ་སྟི། ཚོགས་ཀྱི་གཙོ་བོ་ལ་ཕྱག་འཚལ་ལོ། །ཚོགས་ཀྱི་མཆོད་པ་ལག་ལེན་དུ་བྱ་བ་ལ་དོན་དྲུག་སྟེ། སྔོན་དུ་བྱ་བའི་རིམ་པ་དང་། གསོལ་བ་གདབ་པ་དང་། མཚམས་བཅད་ཅིང་དཀྱིལ་འཁོར་སྤྲུལ་པ་དང་། ཚོགས་བྱིན་གྱིས་བརླབས་ཤིང་གཟི་བྱིན་དབབ་པ་དང་། མཆོད་ཅིང་རོལ་བའི་ཆོ་ག་དང་། བཀྲ་ཤིས་བརྗོད་ཅིང་ལྷག་མའི་ལས་བྱ་བའོ། །དང་པོ་སྔོན་དུ་བྱ་བའི་རིམ་པ་ནི། དུས་ཁྱད་པར་ཅན་ལ་ཉི་མ་ཐལ་ཕྱིན་ཆད་བྱ་སྟེ། འབྱུང་པོ་ལ་གཏོར་མ་བཏང་། དེ་ནས་མཎྜལ་ཅི་རིགས་པ་བྱི་དོར་བྱས་ལ། ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀྲམ། ཡོན་ཆབ། བདུག་སྤོས། མེ་ཏོག །མར་མེ། དྲི་ཆབ། ཞལ་ཟས་རྣམས་བཀྲམ། གཞན་ཡང་ཚོགས་ཀྱི་ཞལ་ཟས་ནི། ཛ་གད་པཉྩ་སྦྱར་བ་ཡང་། དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་བཞག་གོ། །ཤའི་རིགས་ཐམས་ཅད་ལྷོ་ཕྱོགས་སུ་བཞག །ཤིང་ཐོག་དང་ཞོ་ཕྲུམ་ལ་སོགས་རྣམས་ནི་ཤར་དུ་བཞག །ཟླ་བ་རྫོགས་ནི་ཚོགས་བཤོས་ལ་ཟླ་གམ་བྱ་བ་བྱང་ཕྱོགས་སུ་བཞག་གོ། །དེ་དག་ཐམས་ཅད་ལ་དར་མཐིང་གི་ཞལ་ཁེབ་བྱ་ལ་མི་མངོན་པར་བྱའོ། །གཞན་ཡང་བྲིས་སྐུ་དང་རྟེན་རྣམས་བཀྲམ་མོ། །དམ་ཚིག་དང་ལྡན་པ་མ་རྟོགས་པའི་མི་མི་བསྙོན། དེ་ནས་ཡོན་བདག་ལ་སོགས་པ་ཐམས་ཅད་གང་ཞུ་བར་འདོད་པ་ཐམས་ཅད་ཀྱིས། སྡིག་པ་བཤགས་པའི་ཆོ་ག་བྱ། དེ་ནས་དོན་གཉིས་པ་གསོལ་བ་གདབ་པ་ནི། ཡོན་བདག་ལ་སོགས་པ་ཐམས་ཅད་ཀྱིས། སློབ་དཔོན་ལ་མཎྜལ་ཕུལ། སློབ་བུའི་ཕྱག་འཚལ་ཞིང་འདི་སྐད་དོ། །དམིགས་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་ཐུགས་ཀ་ནས། ཧཱུྃ་དཀར་སེར་དམར་ལྗང་བཞི་སྤྲོས་པ་ལས། ཤར་སྒོར་རྒྱས་འདེབས་མ་དཀར་མོ། ལྷོ་དམ་པ་མ་སེར་མོ། ནུབ་ཏུ་ཟབ་མོ་དམར་མོ། བྱང་དུ་ཚེ་འཕེལ་མ་ལྗང་ཀུ་བཞིས་ཐལ་མོ་སྦྱར་ནས་ཞུ་བར་བསྒོམ་མ། ཀྱེ་རྡོ་རྗེ་སློབ་དཔོན་དཔལ་དང་ལྡན། །སྲིད་པའི་སྡུག་བསྔལ་བཅད་པ་དང་། །བྱིས་པའི་ལམ་ལས་བརྒལ་བའི་ཕྱིར། །སྤྱོད་པའི་ཁྱད་པར་མཛད་དུ་གསོལ། །ཕྱོགས་བཅུ་དུས་བཞི་བསམ་ཡས་ཀྱིས། །བདེ་བར་གཤེགས་པ་ཐམས་ཅད་དང་། །སྲས་ཀྱི་ཚོགས་འདུས་ཇི་སྙེད་པ། །སྤྱོད་པའི་ཁྱད་པར་འདི་ལས་བྱུང་། །དེ་བས་བདེ་བ་ཆེན་པོ་ཡི། །ངོ་མཚར་ཡང་དག་བསྟན་དུ་གསོལ། །བྱང་ཆུབ་སྙིང་པོ་མཆོག་གི་བར། །བདེ་མཆོག་སྤྱོད་པ་ཡང་དག་བླང་། །ཞེས་གསོལ་བ་ལན་གསུམ་གདབ་པའོ། །དེ་ནས་བཞེས་པར་གནང་ལ། རྡོ་རྗེ་སློབ་དཔོན་ནས་བཟུང་སྟེ། ཐམས་ཅད་ཀྱི་དབུ་ལ་མེ་ཏོག་ཕྲེང་བ་གདགས་སོ། །སྤྱི་དོན་གསུམ་པ་མཚམས་བཅད་ཅིང་། དལ་སྤྲུལ་པ་ནི། རྡོ་རྗེ་སློབ་དཔོན་ནས་བརྩམ་སྟེ་རྣལ་འབྱོར་པ་ཐམས་ཅད་གཞུང་ལུགས་གང་མང་རུང་བའི་ངོས་ནས། མཚམས་བཅད། བཤགས་པ་བྱ། ཏིང་ངེ་འཛིན་རིམ་པ་བཞི་དང་། ཆོ་འཕྲུལ་བཞིས་དལ་གྱི་དཀྱིལ་འཁོར་སྤྲུལ། སྤྱན་འདྲེན་པ་ནས་མཆོད་ཅིང་བསྙེན་པའི་བར་དུ་སོ་སོའི་གཞུང་བཞིན་དུ་བགྱིའོ། །སྤྱི་དོན་བཞི་པ་ཚོགས་ཀྱིས་མཆོད་པ་བྱིན་གྱིས་བརླབས་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཕ་ཧཱུྃ་ཕཊ྄། ཞི་ཁྲོ་གང་ཡིན་རང་གི་སྙིང་པོ་བརྗོད་ལ་གསལ་གདབ། རང་གི་ཐུགས་ཀ་ནས་རྃ་ཡྃ་ཁྃ་གསུམ་སྤྲོས་པ་ལས། ཚོགས་ཀྱི་ཞལ་ཟས་བསྲེག་སྦྱངས་བཀྲུ་བར་བྱའོ། །ཁམས་གསུམ་གྱི་ཆོས་ཐམས་ཅད་ལ་ཡང་དེ་བཞིན་བསྒོམ་མོ། །དེ་ནས་ཞལ་ཟས་ནི། གཏོར་མའི་སྟེང་འདོད་ཡོན་གྱི་ལྷ་མོ། བར་བདུད་རྩིའི་རྒྱ་མཚོ། འོག་དུག་གསུམ་ཤ་ཁྲག་གི་རུས་པའི་མཆོད་པ་བྱིན་གྱིས་རླབས། ཛ་གད་ནི་གོང་སྨན་གྱི་བྱིན་གྱིས་རླབས་པ་བཞིན་ནོ། །དེ་ནས་ཚོགས་ཞིང་སྤྱན་དྲང་བ་ནི། ༀ་བཛྲ་ས་མན་ཛ་ཧཱུྃ་ཛ། ཞེས་སེ་གོལ་གདབ་ལ། མདུན་གྱིས་ནམ་མཁར་དབུས་སུ་ཕུར་པའི་ལྷ་ཚོགས། གཡས་སུ་ཞི་བའི་ལྷ་ཚོགས། གཡོན་དུ་ཁྲོ་བོའི་ལྷ་ཚོགས། གཙོ་བོའི་དབུ་ལ་སློབ་དཔོན་པདྨ་རིག་འཛིན་བརྒྱུད་པའི་བླ་མ་རྣམས་དང་། འོག་གི་ཆ་ལ་ཆོས་སྐྱོང་མ་མགོན་ལ་སོགས་པ་རྣམས་བསྒོམ་ལ། དེ་ནས་ཚོགས་གཟི་བྱིན་བསྐྱེད་པ་ནི། རྡོ་རྗེ་དྲིལ་བུ་བཟུང་ནས་དབྱངས་དང་བཅས་པས་འདི་སྐད་དོ། །ཧཱུྃ། འབྱུང་བ་ཆེན་པོ་ནམ་མཁའ་ནི། །འབྱུང་བ་ཆེན་པོ་ལྔ་པ་སྟེ། །ནམ་མཁའ་ལ་ནི་འདོད་པ་འབྱུང་། །འདོད་པའི་མཆོད་པས་འགྲུབ་པར་ཤོག །འདོད་པའི་མཆོད་པས་མཉེས་གྱུར་ཅིག །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ནས་ཀུན་བཟང་མཆོད་པ་ལ་བཞི། ཕྱི་ཀུན་བཟང་གི་མཆོད་པ། ནང་ཀུན་བཟང་གིས་མཆོད་པ། གསང་བ། དེ་ཁོ་ན་ཉིད་ཀུན་བཟང་གི་མཆོད་པའི་དམིགས་པ་ནི་གོང་བཞིན་དུ་བྱའོ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་པ། །སྤྱོད་པ་རྒྱ་མཚོ་རྨད་བྱུང་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བྷི་ཤྭ་མུ་ཁེ་བྷྱ། སརྦ་ཏད་ཁང་ཨུད་གྷ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། དེ་ནས་རྨད་བྱུང་གཏོར་མའི་མཆོད་པ་ནི། གཟུགས་ཀྱི་ལྷ་མོ་དཀར་མོ་ཕྱག་ན་མེ་ལོང་བསྣམས་པ་སྤྱན་ལ། སྒྲའི་ལྷ་མོ་སྔོན་མོ་ཕག་ན་པི་ཝཾ་འཛིན་པ་སྙན་ལ། དྲིའི་ལྷ་མོ་སེར་མོ་ཕྱག་ན་སྤོས་བསྣམས་པ་ཤངས་ལ། རོའི་ལྷ་མོ་དམར་པོ་ཕྱག་ན་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་བསྣམས་པས་ལྕེ་ལ། རོ་མཆོག་ལྷ་མོ་ལྗང་ཀུ་ཕྱག་ན་ན་བཟའི་གང་བ་རྡོ་རྗེས་མཚན་པ་བསྣམས་པས་སྐུ་ལ། ཆོས་ཀྱི་ལྷ་མོ་མཐིང་ཀ་ཕྱག་ན་ཆོས་འབྱུང་གྲུ་གསུམ་བསྣམས་པ་ཐུགས་ཀར་ཐིམ་པར་བསྒོམ་ལ། ཧཱུྃ་གཟུགས་ནི་ལག་གཉིས་མེ་ལོང་འཛིན། །གཟུགས་མཛེས་སྤྱོད་པས་ཕྱོགས་བཅུར་གཡོ། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །གཟུགས་ཀྱི་ལྷ་མོ་སྤྱན་ལ་ཐིམ། །ༀ་བཛྲ་རཱུ་པ་ཧཱུྃ། ཧཱུྃ་སྒྲ་ནི་ལག་གཉིས་པི་ཝྃ་བཏེགས། །བདེ་བའི་སྒྲ་སྙན་ཕྱོགས་བཅུར་སྒྲོགས། །དབྱངས་སྙན་ཡིད་འཕྲོག་གླུ་དབྱངས་ལེན། །སྒྲའི་ལྷ་མོ་སྙན་ལ་ཐིམ། །ༀ་བཛྲ་ཛི་ཀ་ར་ཧཱུྃ། །ཧཱུྃ་དྲི་ནི་ལག་གཉིས་སྤོས་བསྣམ་སྟེ། །སྤོས་ཀྱི་སྤྲིན་ལྡིང་བདུག་པ་འཕྲོ། །ཀུན་ཏུ་ཚིམ་བྱེད་དྲི་བསུང་ལྡན། །དྲིའི་ལྷ་མོ་ཤངས་ལ་ཐིམ། །ༀ་བཛྲ་དྷུ་པེ་ཧཱུྃ། །རོ་ནི་ལག་གཉིས་སྣོད་བསྣམ་སྟེ། །བཅུད་ལྡན་རོ་མཆོག་ལྔ་བརྒྱར་སྤྲོ། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །རོའི་ལྷ་མོ་ལྗགས་ལ་ཐིམ། །ༀ་བཛྲ་ནཻ་ཝཱི་ཏྱ་ཧཱུྃ། །རེག་ནི་རྡོ་རྗེ་ཡང་འཁྱུད་མ། །མཉེན་འཇམ་རེག་ན་བདེ་བ་ཡི། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །རེག་གི་ལྷ་མོ་སྐུ་ལ་འཁྲིལ། །ༀ་བཛྲ་གྷནྡྷེ་ཧཱུྃ། ཆོས་ནི་འདུས་བྱས་འདུས་མ་བྱས། །སྣང་སྟོང་རྡོ་རྗེ་ནམ་མཁའི་སྐུ། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །ཆོས་ཀྱི་ལྷ་མོ་ཐུགས་ཀར་ཐིམ། །ༀ་བཛྲ་དྷརྨཱ་དྷ་དྷུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གཏོར་མའི་བར་བདུད་རྩིའི་རྒྱ་མཚོར་གྱུར་པར་བསྒོམ་ལ། ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུར་གྱུར་ནས། ཆུ་ལ་ཉི་ཟེར་ཕོག་པ་བཞིན་དུ་གསོལ་བར་བསྒོམ། གཏོར་མའི་འོག་ཏུ་དུག་གསུམ་ཤ་ཁྲག་རུས་པའི་ཕུང་པོར་གྱུར་པ། ཁྱད་པར་ཁྲོ་བོའི་ལྷ་ཚོགས་རྣམས་མཉེས་པར་བསམ་ལ། རྡོ་རྗེ་ཞིང་ཆེན་དྲི་ནི་ངད་དཔུང་དཔུང་། །རཀྟ་རྒྱ་མཚོའི་ཚོགས་ནི་ཅི་ལི་ལི། །ཀེཾ་རུས་མང་པོའི་ཚོགས་ནི་ཁྲ་ལ་ལ། །མང་ས་གལ་ཆེན་ཚོགས་ནི་ཐང་མར་བདལ། །འདི་ལྟར་དུག་གསུམ་མཆོད་པ་བཤམས་ལགས་ཀྱིས། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀ །སངས་རྒྱས་ཞིང་ལ་ཉོན་མོངས་སྒྲོལ་མཛད་ཅིང་། །འགྲོ་བའི་དོན་ལ་ཡིད་བཞིན་སྐུར་སྟོན་པའི། །ཚོགས་རྗེ་རྔམ་པའི་མཆོད་པ་བཞེས་སུ་གསོལ། །ཕྱི་ནང་མཁའ་འགྲོའི་ཚོགས་ཆེན་མང་པོ་རྣམས། །ཀེང་རུས་ཚོགས་ལ་བསྟོད་པའི་ཚུལ་སྟོན་ཅིང་། །ལོག་འདྲེན་གདུག་པའི་བདུད་དཔུང་འཇོམས་མཛད་པའི། །རྒྱུག་པའི་སྟོབས་ཆེན་ཕོ་ཉ་མང་པོའི་ཚོགས། །དུག་གསུམ་རྒྱ་མཚོའི་མཆོད་པ་བཞེས་སུ་གསོལ། །སྤྱི་དོན་ལྔ་པ་མཆོད་ཅིང་རོལ་བ་ནི། གོང་གིས་ལྷ་མོ་བཞིས་ཞུ་བ་བྱེད་པར་བསྒོམ་ལ། ཕྱག་ཚང་བས་ཚོགས་རྫས་བཏེགས་ལ་འདི་སྐད་དོ། །ཀྱེ། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་རྣམ་རྟོག་བྱ་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་པ་ཉིད་དུ་རོལ། །གཉིས་པ་ཚོགས་ལ་རོལ་བའི་ཞུ་བ་ནི། ཚོགས་ཀྱི་གཙོ་བོ་རྡོ་རྗེ་འཛིན་པ་ལ་སོགས་ལྷ་ཚོགས་རྣམས་ཀྱིས། ཞལ་གྱིས་ཕྱོགས། ཐུགས་ཀྱིས་དགོངས། སྤྱན་གྱིས་གཟིགས། སྙན་གྱིས་གསན་པར་བསམ་ལ། ༀ་རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །བདག་གི་ཚོགས་ཀྱི་མཆོད་པ་འདི། །མཉེས་པའི་དོན་དུ་བསྟབས་ལགས་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །སློབ་དཔོན་གྱིས་ལན་གདབ་པ་ལ་གསུམ་གྱི་དང་པོ། ཚོགས་གཉིས་འདི་འདོད་ཡོན་ཡེ་ཤེས་དོན་ལ་མཉེས་པ་ནི། ཚོགས་གཉིས་དབྱེར་མེད་ཡེ་ཤེས་ཆེན་པོས། ཉོན་མོངས་རང་རྒྱུད་པ་བསྲེགས་པར་བསམ་ལ། ཡེ་ཤེས་ཆེན་པོ་ལས་བྱུང་བའི། །ཚོགས་ཆེན་འབར་བས་ཉོན་མོངས་བསྲེགས། །དེ་འདྲའི་བདེ་བ་ཐོབ་ནས་ཀྱང་། །ཀུན་གྱིས་ཨ་ཧོ་སུ་ཁ་བརྗོད། །ཨ་ལ་ལ་ཧོ། མ་ཧཱ་སུ་ཁ་ཧཱུྃ། གཉིས་པ་ཚོགས་ཀྱི་རང་བཞིན་སྐུ་གསུམ་དུ་བསྟན་པ་ནི། སྟོང་ཉིད་ཟབ་མོའི་དོན་ལ་འབྱོར་པའི་སངས་རྒྱས་བདེ་མཆོག་ཆོས་སྐུ། བདེ་མཛད་སྤྲུལ་སྐུ། བདེ་བར་མཛད་པ་ལོངས་སྐུ་སྟེ་སྐུ་གསུམ་དབྱེར་མེད་རྡོ་རྗེ་སེམས་དཔའ་ཉིད། སྟོང་ལ་འབྱོར་པའི་རྟགས་སུ་དམ་པ་འབྱུང་། །བདེ་མཆོག་བདེ་མཛད་བདེ་བར་མཛད་པ་སྟེ། །རིག་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའ་ཉིད། །དེ་ནི་བྱང་ཆུབ་སེམས་སུ་རིག་པས་རིག །གསུམ་པ་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པ་ནི། བྱ་བ་སྟོང་པའི་རང་བཞིན། ཆུབ་པ་སྣང་བའི་རང་བཞིན། སེམས་དབྱེར་མེད་པའི་རང་བཞིན་ཏེ། སྣང་སྟོང་གཉིས་མེད་ཀྱི་དོན་རྟོགས་ན་དངོས་གྲུབ་ཀྱི་མཆོག་གོ། །བྱང་ཆུབ་སེམས་ནི་དངོས་གྲུབ་མཆོག །དེར་རིག་ཡང་དག་ཉིད་ཅེས་བྱ། །འོད་དང་མངོན་ཤེས་མངའ་ལ་སོགས། །ལྡན་ཡང་གནོད་སྦྱིན་ཆོས་མི་ཤེས། །གསུམ་པ་ཡོ་བྱད་ལམ་དུ་ཁྱེར་ནས་འདོད་ཡོན་ཚོགས་སུ་བསྟབ་པ་ལ་གསུམ་སྟེ། དང་པོ་བགོ་བ་བཟའ་བའི་ཡོ་བྱད་ནི། སྟོང་ཉིད་ཟབ་མོའི་དོན་རྣལ་མ་ལ། རང་རིག་པའི་བློ་འབྱོར་པ་ནི་རྣལ་འབྱོར་རོ། །རྣལ་འབྱོར་རིག་འཛིན་དམ་ལྡན་པས། །ན་བཟའ་དང་ནི་ཞལ་ཟས་རྣམས། །བསྒྲུབ་པའི་རྫས་སུ་དབང་བསྒྱུར་ཏེ། །གསོལ་ན་དངོས་གྲུབ་མཆོག་ཐོབ་འགྱུར། །གཉིས་པ་གླུ་ཚིག་སྒྲའི་ཡོ་བྱད་ནི། མ་འགགས་མ་དམིགས་གྲགས་སྟོང་དབྱེར་མེད་ཀྱི་ངང་ནས་གླུ་དབྱངས་ཚིག་བཅད་བསྒྲགས་ན་དངོས་གྲུབ་ཀྱི་མཆོག་གོ། །རྣལ་འབྱོར་རིག་འཛིན་དམ་ལྡན་པས། །གླུ་དང་ཚིག་གི་སྒྲ་རྣམས་ནི། །གསུང་གི་ངོ་བོར་བྱིན་རླབས་ནས། །བསྒྲག་ན་དངོས་གྲུབ་མཆོག་ཐོབ་འགྱུར། །གསུམ་པ་བྲོ་གར་འདུ་འཕྲོའི་ཡོ་བྱད་ནི། ལྷ་རྟོག་དབྱེར་མེད་ཀྱི་ངང་ནས། འོད་ཟེར་འཕྲོས་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཕོག །ཡི་དམ་ལྷ་ཡབ་ཡུམ་གྱི་སྐུར་གྱུར། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕོག་ཐུགས་དམ་གྱི་རྒྱུད་བསྐུལ། ཚུར་འདུས་དངོས་གྲུབ་རྣམ་གསུམ་སྟེར་བར་བསྒོམ། རྣལ་འབྱོར་རིག་འཛིན་དམ་ལྡན་པས། །བྲོ་དང་གར་གྱི་མཆོད་བྱས་ཏེ། །འོད་ཀྱི་འདུ་འཕྲོར་བྱིན་རླབས་ནས། །དངོས་གྲུབ་མཆོག་ཀྱང་ཐོབ་པར་འགྱུར། །སྨན་མཆོད་ལ་གཉིས་ཏེ། ཞུ་བ་དང་། སྨན་མཆོད་དངོས་སོ། །སྔར་གྱི་གསང་བའི་ལྷ་མོ་བཞིས་ཞུ་བར་བསམ་ལ་འདི་སྐད་དོ། །ཧཱུྃ་མཛད་ཧཱུྃ་གི་ཐུགས་དམ་བསྐང་བ་ནི། །ལྕང་ལོ་བཅས་པའི་པདྨ་བྷནྡྷ་རུ། །ཚེ་འཛིན་མཆོག་གི་དམར་ཆེན་དམ་པས་བསྐང་། །པདྨ་ཟིལ་ཏིག་དྲི་དང་རཀྟ་ཁ། །རྡོ་རྗེ་ལས་ཀྱི་ཆུ་དང་པཉྩ་ཨ་མྲྀ་ཏ། །ཤ་ཆེན་མཁའ་ལྡིང་ཤེལ་སྒོང་གཟུགས་ཀྱི་ཚོགས་ལ་སོགས། །སྨན་ཆེན་ལྔ་དང་ཚེ་དང་བྱི་ལ་སེ། །སྦྱོར་དང་སྒྲོལ་བའི་བདུད་རྩི་མཆོག་ཉིད་ཀྱིས། །ཧཱུྃ་མཛད་ཧཱུྃ་གིས་ཐུགས་དམ་བསྐངས་བར་མཛོད། །ཅེས་པདྨའི་ཕྱག་རྒྱས་ལེན་པར་བྱའོ། །སྨན་མཆོད་ལ་གཉིས། ཆེ་ཡོན་བརྗོད་པ་དང་། མཆོད་པ་དངོས་སོ། །དང་པོ་ནི། བམ་བརྒྱད་ལས། དམ་རྫས་བདུད་རྩིའི་ཆུ་འདི་ནི། །ཡེ་ཤེས་ལྷ་ལ་ཕུལ་བའི་ཚེ། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མཉེས། །རིག་འཛིན་རྣམས་ལ་ཕུལ་བའི་ཚེ། །དངོས་གྲུབ་རྒྱ་མཚོ་ཐམས་ཅད་སྟེར། །དམ་ཅན་སྲུང་མ་མཆོད་པའི་ཚེ། །སྲུང་མ་རྣམས་ཀྱི་ཐུགས་དམ་བསྐངས། །རྣལ་འབྱོར་བདག་གིས་མྱོང་བའི་ཚེ། །དབང་དང་དངོས་གྲུབ་ཡོངས་སུ་རྫོགས། །བདུད་དང་བགེགས་ལ་ཕོག་པའི་ཚེ། །ལུས་སེམས་ཐལ་བའི་རྡུལ་དུ་བརླག །ཅེས་སོགས། ཧོ། རང་བྱུང་གདོད་ནས་དག་པ་ཡི། །སོགས། ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། སྨན་མཆོད་དངོས་ལ་བཞིའི་དང་པོ་རིག་འཛིན་ལ་འབུལ་བ་ནི། ལྷ་མོ་རྣམས་ཀྱང་ཉི་ཟླའི་སྐྱོག་ཞལ་ཐོགས་ནས་བདུད་རྩི་རིག་འཛིན་རྣམས་ལ་ཕུལ་བར་བསྒོམ་ལ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །བཀའ་བརྒྱུད་བླ་མ་རྗེ་བཙུན་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐ་ག་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། དུག་ལྔ་མ་སྤངས་དུག་གསུམ་རྣམ་དག་པའི། །དུས་གསུམ་བཞུགས་པའི་རྡོ་རྗེ་སློབ་དཔོན་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། བཀའ་བརྒྱུད་བླ་མ་ཨུ་རྒྱན་ཡབ་ཡུམ་རིག་འཛིན་ཡབ་ཡུམ་སྲས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུ་མཉེས་ཤིང་ཚིམས་པར་མཛད་དུ་གསོལ། བདག་ཅག་རྣམས་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། གཉིས་པ་ཡི་དམ་ལ་འབུལ་བ་ལ་གསུམ་གྱི་དང་པོ་ཞི་བ་ནི། ཧོ་རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱིས། །སྲིད་པའི་སྡུག་བསྔལ་ཞི་མཛད་པའི། །བདེ་ཆེན་ཀུན་བཟང་ཡབ་ཡུམ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། ཕུང་པོ་ལྔ་དང་འབྱུང་བ་ལྔ། །ཡེ་ཤེས་དབྱིངས་སུ་རྣམ་དག་པའི། །རིག་ལྔ་བདེ་གཤེགས་ཡབ་ཡུམ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། རྣམ་ཤེས་ཚོགས་དང་སྤྱོད་ཡུལ་རྣམས། །བྱང་ཆུབ་སེམས་སུ་རྣམ་དག་པའི། །སེམས་དཔའ་ལྕམ་དྲལ་ཚོགས་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱི། །འགྲོ་དྲུག་དབྱིངས་སུ་སྦྱོར་མཛད་པའི། །སྤྲུལ་པའི་ཐུབ་པ་དྲུག་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། ཕྱི་ནང་བདུད་ཚོགས་ཐམས་ཅད་འདུལ་མཛད་པའི། །གནས་ཡུལ་རོ་ལང་རྡོ་རྗེ་བཅིང་སྡོམ་འབེབ། །སྤྲུལ་པ་སྒོ་སྐྱོང་ཁྲོ་རྒྱལ་ཡབ་ཡུམ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། ཚེ་རབས་སྔོན་ནས་ལས་ཀྱི་འཕྲོ་མཐུད་པའི། །མཆེད་དང་ལྕམ་དྲལ་ཀརྨ་གིང་ལ་སོགས། །རྡོ་རྗེ་མཆེད་ལྕམ་མ་ལུས་ཐམས་ཅད་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། བཅོམ་ལྡན་འདས་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་མཉེས་ཤིང་ཚིམས་པར་མཛད་དུ་གསོལ། བདག་ཅག་རྣམས་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། །གཉིས་པ་ཁྲོ་བོའི་ལྷ་ཚོགས་ལ་འབུལ་བ་ནི། ཧཱུྃ་བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ཡབ་ལྔ་དང་། །ཀྲོ་ཏི་ཤྭ་རཱི་ལ་སོགས་ཡུམ་ལྔ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། མཐིང་ཀ་མཆོག་བསྣམ་རྡོ་རྗེ་གསང་བའི་ཡུམ། །ཀའུ་རཱི་ལ་སོགས་མ་མོ་བརྒྱད་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། ཟ་བྱེད་མ་ཆེ་གཤོག་རྡོ་རྗེ་ཕོ་ཉའི་ཚོགས། །སེངྷ་ལ་སོགས་ཕྲ་མེན་བརྒྱད་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། མ་མོ་ཆེན་མོ་བདུན་རྣམས་དང་། །སྲིང་མོ་ཆེན་མོ་བཞི་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། ཕྱི་ནང་བདུད་ཚོགས་ཐམས་ཅད་འཇོམས་མཛད་པའི། །རྡོ་རྗེ་སྲིང་འགྲོ་བྱམས་མ་འཇིག་རྟེན་རོ་ལོང་ཚོགས། །ཡེ་ཤེས་སྒོ་མ་ཆེན་པོ་བཞི་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། མ་ལྟར་བྱམས་ཤིང་སྲིང་ལྟར་བརྩེ། །གཟུང་ལྟར་གདུང་ཞིང་བྲན་ལྟར་མྱུར། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་མཉེས་ཤིང་ཚིམས་པར་མཛད་དུ་གསོལ། བདག་ཅག་རྣམས་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། །གསུམ་པ་ཕུར་པའི་ལྷ་ཚོགས་ལ་འབུལ་བ་ནི། ཧཱུྃ་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པའི། །དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པའི། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མར། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །བདུད་འདུལ་ཁྲོ་བོ་ཕ་བཅུ་མ་བཅུ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཁྲོ་རྒྱལ་ཡབ་ཡུམ་ཐུགས་ལས་སྤྲུལ་པ་ཡི། །ཟ་བྱེད་ཕ་བཅུ་མགྱོག་བྱེད་མ་བཅུ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། ཧཱུྃ་བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ། །སྐུའི་སྤྲུལ་པ་བསེ་མོ་བཞི། །ཉིས་བརྒྱ་ལྔ་བཅུའི་ཚོགས་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། གསུང་གི་སྤྲུལ་པ་ཤྭ་ན་བཞི། །སུམ་བརྒྱ་དྲུག་ཅུའི་ཚོགས་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། ཐུགས་ཀྱི་སྤྲུལ་པ་རེ་ཏི་བཞི། །མ་ཆེན་སྟོང་ཚོགས་འཁོར་བཅས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། ཧཱུྃ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །བཀའ་བཞིན་ཉན་ཅིང་གསུང་བཞིན་སྡོད། །དྲེགས་པ་ཉི་ཤུ་རྩ་གཅིག་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། ཕྲིན་ལས་ཀྱི་མངའ་བདག་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། གཞན་ཡང་ཡི་དམ་བཀའ་གསར་རྙིང་གཏེར་གསུམ། རྒྱུད་སྡེ་དྲུག་གིས་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་མཉེས་ཤིང་ཚིམས་པར་མཛད་དུ་གསོལ། བདག་ཅག་རྣམས་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། གསུམ་པ་ནི། མ་རྒྱུད་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། སྐུ་གསུང་ཐུགས་ཡོན་ཏན༴ བཞི་པ་ཆོས་སྐྱོང་ལ་འབུལ་བ་བཞིའི་དང་པོ་མ་མོ་མཆོད་པ་ནི། ཧཱུྃ་སངས་རྒྱས་བསྟན་པ་བསྲུང་མཛད་པའི། །མ་མོ་ཡོངས་ཀྱི་གཙོ་མོ་སྟེ། །འདུལ་བའི་མ་མོ་མཐུ་མོ་ཆེ། །དམ་ལ་མ་འདའ་དུས་ལ་རྒྱུག །མ་ཚོགས་སྟོང་གི་བདག་མོ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། གཞན་ཡང་གསང་མཚན་དཔལ་ལྡན་ནག་མོ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། བཀའ་ཡི་བློན་མོ་བ་ལམ་དྲིལ་སྣ་མ། །ཅི་བགྱིས་བཀའ་ཉན་ཁྲི་སྙན་སི་ལེ་མ། །ལས་ཀྱི་བསྡུས་པའི་སྐྱི་འཐིང་ཡ་མ་སྐྱོང་། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། དཀར་མོ་ཆེན་མོ་ཕོ་ཉ་འཛེས་མ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། སེར་མོ་ཆེན་པོ་མཁའ་ལ་བཞད་མ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། དམར་མོ་ཆེན་མོ་དབང་ཆེན་གཏུམ་མོ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། སྔོན་མོ་ཆེན་མོ་རལ་པ་འཛིན་མ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། ནག་མོ་ཆེན་མོ་རལ་པ་གཅིག་མ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། གཞན་ཡང་རྡོ་རྗེ་སྲིང་འགྲོའི་ཚོགས་ཀྱི་བསྐོར་བ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། གཞན་ཡང་མཁའ་འགྲོ་ཤུགས་འགྲོ་མ་སྲིང་རྒྱ་མཚོ་འཁོར་བཅས་ལ། རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། དཔལ་ལྡན་ལྷ་མོ་རང་བྱུང་གི་རྒྱལ་མོ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་རྐྱེན་ཕྱི་ནང་གི་བར་ཆད་ཞི་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་དུ་གསོལ། གཉིས་པ་མགོན་པོ་ལ་འབུལ་བ་ནི། ཧཱུྃ་སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི། །དཔལ་ལྡན་མགོན་པོ་ནག་པོ་དང་། །ཉེ་གནས་ཀྲོ་ཏི་ཤྭ་རཱི་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། དཔལ་ལྡན་མགོན་པོ་ནག་པོ་ཡི། །བཀའ་བཞིན་ཉན་ཅིང་གསུང་བཞིན་སྡོད། །དཔལ་ལྡན་མགོན་པོ་བདུན་ཅུ་རྩ་ལྔ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། དཔལ་ལྡན་མགོན་པོ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་རྐྱེན་ཕྱི་ནང་གི་བར་ཆད་ཞི་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་དུ་གསོལ། གསུམ་པ་རྣམ་སྲས་ནི། ཧཱུྃ་རིན་ཆེན་གཏེར་གྱི་གཞལ་ཡས་ནས། །རྒྱལ་ཆེན་རྣམ་སྲས་འཁོར་བཅས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་རྐྱེན་ཕྱི་ནང་གི་བར་ཆད་ཞི་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་དུ་གསོལ། འགར་བ་ནི། ཧཱུྃ་ཟངས་ལྕགས་འདྲེས་པའི་མཁར་ནང་ན། །དམ་ཅན་མགར་བ་འཁོར་བཅས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། དམ་ཅན་འགར་བ་ནག་པོ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། སངས་རྒྱས་ཀྱིས་བསྟན་པ་སྲུངས། །དཀོན་མཆོག་གི་དབུ་འཕང་བསྟོད། །བྱང་ཆུབ་བསྒྲུབ་པའི་གྲོགས་མཛོད་ཅིག །གཞན་ཡང་གཡའ་རི་གངས་རི་ལ་གནས་པའི། །བོད་ཁམས་སྐྱོང་ཞིང་འཛམ་གླིང་བརྟེན། །བོད་ཁམས་སྐྱོང་བའི་སྐྱོང་མ་དང་། །འཛམ་གླིང་བརྟེན་པའི་བརྟེན་མ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། དེ་ནས་ཚོགས་ཕུད་འབུལ་ལ་བཤགས་པ་ནི། ཧཱུྃ་ལྟ་བ་འཕང་རྨས་ཆོས་ཉིད་དོན་མ་རྟོགས། །བསྒོམ་པ་ཡུན་ཐུང་ཡི་དམ་ལྷ་མ་འདྲིས། །སྤྱོད་པ་བརླབས་ཆུང་ཡི་དམ་ལྷ་མ་མཉེས། །བརྩེ་གདུང་ཆུང་བས་སློབ་དཔོན་སྐུ་མ་མཉེས། །བཀྲམ་པའི་ལྷ་ཚོགས་རྣམས་ལ་བདུད་རྩིས་བཤགས། །ཧཱུྃ་ཁ་རཾ་ཁཱ་ཧི། དེ་ནས་དངོས་གྲུབ་ལེན་པ་ནི། ཚོགས་ཞིང་གིས་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལས་ༀ་ཨཱཿཧཱུྃ་གསུམ་འོད་ཟེར་དང་བཅས་པ་བྱུང་ནས། བདག་ཅག་རྣམས་ཀྱི་གནས་གསུམ་དུ་ཐིམ་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསྒོམ་ལ། ཧཱུྃ། རྡོ་རྗེ་དམ་ཚིག་ཅན་གྱི་རྣལ་འབྱོར་ཁྱེད། །རྡོ་རྗེ་ཅན་དུ་གཅིག་ངེས་པས། །མ་ཆགས་རྡོ་རྗེ་ལྕེར་བསྒོམ་ནས། །གསོལ་ན་དངོས་གྲུབ་མཆོག་ཐོབ་འགྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ༀ། ༀ་སརྦ་ཏ་ཐཱ་ག་ཏ་ཝཱཀྐ་སིདྡྷི་ཨཱཿ ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་སིདྡྷི་ཧཱུྃ། གནས་གསུམ་དུ་ཐིག་ལེ་རེ་བྱའོ། །དེ་ནས་ཕྱི་མཆོད་བྱས་ལ་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་རོལ། དྲུག་པ་ལྷག་མ་བྱ་ཞིང་བཀྲ་ཤིས་སྨོན་ལམ་ནི། ཟོས་ལྷག་ཕྱོགས་གཅིག་ཏུ་བསྡུས་ནས། སྨན་གྱི་བྲན་ལ། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་རླབས། མཛེས་པའི་ཕྱག་རྒྱ་བཅས་ལ། ༀ་ཨེ་ཨཱ་རལླི་ཛ་ཧཱུྃ་བྃ་ཧོ་བཛྲ་ས་མ་ཡཱ་ཕཻཾ་ཕཻཾ་ཕཻཾ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ༀ་ཏ་ཀི་ལ་སོགས་བརྗོད་ལ། ༀ་ཨཱཿཧཱུྃ། མཁའ་འགྲོ་མ་སུམ་ཅུ་རྩ་གཉིས། དབང་མོ་ཉི་ཤུ་རྩ་བརྒྱད། དམ་ཅན་བཅུ་གཉིས། དྲེགས་པ་ཉི་ཤུ་རྩ་གཅིག །ལོང་ཀ་བཅུ་དྲུག །འབར་མ་བརྒྱད། མ་བདུན་སྲིང་བཞི། གིང་ཕོ་མོ་བཅོ་བརྒྱད། ཕོ་ཉ་དྲུག་ཅུ་རྩ་བཞི་ལ་སོགས་པ། དཔལ་ཆེན་པོའི་སྤྱན་སྔར་ཁས་བླང་། དམ་བཅས་པའི་བསྟན་སྲུངས་ལྷག་མའི་མགྲོན་དུ་གྱུར་པ་རྣམས་ཀྱི་ཞལ་དུ་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི། སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་བཟློག །བྱང་ཆུབ་བསྒྲུབ་པའི་གྲོགས་མཛོད། ལྷག་མགྲོན་རྣམས་སོ་སོའི་གནས་སུ་གཤེགས་པར་བསྒོམ། བདག་ནི་རང་རིག་ཅེས་སོགས་གཏིང་བཤགས་བྱ། བཀྲ་ཤིས་བརྗོད། སྨོན་ལམ་གདབ། དཀྱིལ་འཁོར་བསྡུ། མི་དམིགས་པའི་རྒྱས་གདབ་བོ། །དགེའོ། །དགེའོ། །དགེའོ།། །།

སྔོན་འགྲོ་མེ་ཏོག་ཕྲེང་མཛེས་ཀྱི་འགྲེལ་པ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན།

སྔོན་འགྲོ་མེ་ཏོག་ཕྲེང་མཛེས་ཀྱི་འགྲེལ་པའི་དབུའོ། །སྭསྟི་སིདྡྷཾ། བླ་མ་ཡི་དམ་བཀའ་སྡོད་རྣམས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་ཡངས་པའི་དཀྱིལ། །ལོངས་སྐུ་ཉི་མའི་གདུལ་བྱ་ལ། །སྤྲུལ་སྐུ་ཚ་ཟེར་དཔག་མེད་འཕྲོས། །ཀུན་མཁྱེན་པད་མོའི་གཉེན་ལ་འདུད། །དེས་བསྟན་རྒྱུད་རྒྱལ་གསང་སྙིང་གི། །རྒྱུད་དོན་བསྒྲུབ་ཐབས་ལྟར་བཤད་པའི། །ཆོ་ག་སྦྱོར་དངོས་རྗེས་གསུམ་ལ། །སྔོན་འགྲོའི་གསལ་བྱེད་བྲི་བར་བྱ། །འདིར་རྒྱུད་སྡེ་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གསང་བའི་སྙིང་པོའི་དོན་བསྒྲུབ་ཐབས་དང་འབྲེལ་ཞིང་། བསྒྲུབ་ཐབས་མན་ངག་དང་འབྲེལ་ལ། མན་ངག་བླ་མ་དམ་པའི་ཕྱག་ལེན་དང་འབྲེལ་ཡང་། ཕྱག་ལེན་ཆོ་གའི་འགྲིག་དང་འབྲེལ་བའི་ལུགས་ལྟར་བཤད་ན། ལེའུ་བཅུ་བཞི་ཡན་ཆད་ནི་མ་བསྒྱུར་རྣལ་མའི་དཀྱིལ་འཁོར་ཞི་བ་ཡིན་ལ། བཅོ་ལྔ་མན་ཆད་བསྒྱུར་བ་ཁྲག་འཐུང་གི་དཀྱིལ་འཁོར་ཡིན། དེ་གཉིས་གང་ལྟར་ཡང་། མངོན་པར་རྟོགས་པའི་གོ་རིམ་བསྡེབས་མ་ཤེས་ན། བདུད་རྩི་རོ་སྙོམས་ལྟ་བུའི་བཤད་པར་འགྲོ་བའི་སྐྱོན་ཡོད་པས། གོ་རིམ་བསྡེབས་ན། ཆོ་ག་སྦྱོར་དངོས་རྗེས་གསུམ་གྱིས་བསྟན་དགོས་སྟེ། ཚབ་རྒང་པས། སྦྱོར་དངོས་རྗེས་གསུམ་མི་མཁས་པས། །སྐྱེས་བུ་རྣམས་ནི་ཅི་ལྟར་ཡང་། །ཅི་བསྒྲུབ་བྱ་བ་ངེས་མེད་ཡིན། །མཐར་ཕྱིན་བྱ་བ་ཤིན་ཏུ་དཀའ། །ཅེས་གསུང་པས་འདི་ནི་སྦྱོར་བ་སྔོན་འགྲོའི་ཆོས་སོ། །དེ་ལ་གཉིས་སྟེ། སྤྱིའི་སྔོན་འགྲོ་དང་། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ལ་བཞི། གནས་ཁང་གིས་བརྟག་པ་དང་། དཀྱིལ་འཁོར་རྩིགས་ཤིང་ཆག་ཆག་གདབ་པ་དང་། མཆོད་པ་བཤམ་པ་དང་། ནང་དུ་འདུག་ནས་ཚུལ་ཕྱག་དང་གྲལ་ཕྱག་བྱ་བ་སྟེ། གོང་མ་རྣམས་ནི་བསྒྲུབ་གཞུང་རྣམས་སུ་ཤེས་ལ། གསུམ་པ་པཱུ་ཙ་བཤམ་པ་ལ། མཆོད་པའི་རྟེན་བཤམ་པ། མཆོད་པའི་རྒྱན་བཤམ་པ། མཆོད་པའི་རྫས་བཤམ་པ་དང་གསུམ་མོ། །དང་པོ་ནི། རྩ་རྒྱུད་ལས། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། །ཅེས་པས། དང་པོ་སྐུ་རྟེན་ལ། ལམ་རིམ་ལས། རི་མོ་རྒྱུ་བཞིས་འབུར་བླུག་དང་། འཇིབ་པ་ལས་བྱས། ཅེས་པས། རིས་སུ་བྲིས་པ། ལུགས་སུ་བླུག་པ། འབུར་དུ་བཏོད་པ། འདིར་དང་པོ་བྱས་པ་སྟེ། དེ་ཡང་ཞི་བ་བཞི་བཅུ་རྩ་གཉིས་ཀྱིས་གཙོ་བོ་བྱས་པའི་ཞི་བའི་ལྷ་ཚོགས་གཡས་སུ་བཤམ། ལྔ་བཅུ་རྩ་བརྒྱད་ཀྱིས་གཙོ་བོ་བྱས་པའི་ཁྲོ་བོའི་ལྷ་ཚོགས་གཡོན་དུ་བཤམ། བླ་མའི་སྐུ་གཟུགས་ལ་སོགས་པ་རྣམས་དབུས་སུ་བཤམ། དེ་རྣམས་ཀུན་གཡས་ཀྱི་ནང་ཚན་ནོ། །གཉིས་པ་གསུང་རྟེན་གླེགས་བམ་གང་ཡོད་གཡོན་དུ་བཤམ། གསུམ་པ་ཐུགས་རྟེན་གདུང་རིང་བསྲེལ་ལ་སོགས་པ་རྣམས་དབུས་སུ་བཤམ། སྤྱིར་རྟེན་བཤམ་ལུགས་ལ། ཕ་རྒྱུད་ཐམས་ཅད་གཡས། མ་རྒྱུད་ཐམས་ཅད་གཡོན། གཉིས་མེད་ཀྱི་རྒྱུད་ཐམས་ཅད་དབུས་སུ་བཤམ། འགའ་ཞིག་གི་ཞི་ཁྲོ་ཐབས་ཤེས་ཀྱི་སྒོ་ནས་གཡས་གཡོན་དུ་བཤམ་པ་ཡིན་ཟེར་སྟེ། དེ་མ་ཡིན། གདུལ་བྱ་ལུགས་འབྱུང་ལྡོག་གི་དབང་གིས། མ་བསྒྱུར་རྣལ་མའི་དཀྱིལ་འཁོར་དང་། བསྒྱུར་བ་ཁྲག་འཐུང་གི་དཀྱིལ་འཁོར་ཡིན་པས། གཡས་གཡོན་དུ་བཤམ་སྟེ། རྒྱུད་ནས་ཀྱང་དེ་ལྟར་དུ་བཤད་དེ། དེ་དག་གིས་དགོས་ཆེད་ནི་རྣལ་འབྱོར་པ་ལ་བྱིན་རླབས་འཇུག་པའི་དགོས་པ་ཡོད། གཉིས་པ་མཆོད་པའི་རྒྱན་ལ་གསུམ་ལས། སྟེང་རྒྱན་ནི། བླ་རེ། རྒྱལ་མཚན། གདུགས་འཕན་ལ་སོགས་པ་རྣམས་སྟེང་དུ་ཕུབ། ལོགས་རྒྱན་ནི། ཡོལ་བ། དར་གྱི་ལྡ་ལྡི། འདོད་ཡོན་གྱི་ལྷ་མོ་ལ་སོགས་པ་ལོགས་སུ་བཤམ། ས་རྒྱན་ནི། ཕྱག་བདར་ལེགས་པོར་བྱས་ལ། དེའི་སྟེང་དུ་དཔྱང་ལ་སོགས་པ་བཏིང་བའི་སྟེང་དུ་མཉྫི་ལ་སོགས་པ་བཤམ། གཞན་ཡང་ཕྱག་མཚན་རྡོ་རྗེ་དྲིལ་བུ། རྔེའུ་ཆུང་ལ་སོགས་པ་རོལ་མོའི་བྱེ་བྲག་ཀྱང་བཤམ་སྟེ། བཤམ་ལུགས་མཆོད་སྤྲིན་ཆེན་པོའི་མདོ་ལས་བཤད། དེའི་དགོས་ཆེད་ནི། ལྷ་མཉེས་ཤིང་རྣལ་འབྱོར་པ་ཚོགས་རྫོགས་པའི་དགོས་པ་ཡོད་དོ། །གསུམ་པ་མཆོད་རྫས་བཤམ་པ་ལ། རྩ་བའམ་ནང་གིས་མཆོད་པ་དང་། ཡན་ལག་ཕྱིའི་མཆོད་པ་བཤམ་ལུགས་དང་གཉིས་ཏེ། དེ་ཡང་མཆོད་སྤྲིན་ཆེན་པོའི་མདོ་ལས། །དབང་དང་ལྡན་པའི་སྟེགས་བུ་རུ། །ལྔ་དང་གསུམ་གཉིས་པཱུ་ཙ་བཤམ། །གཏོར་མགོ་གཡས་ལ་མཆོད་མགོ་གཡོན། །རིང་བ་རྒྱབ་ལ་ཐུང་བ་མདུན། །འགུལ་སྣོལ་རྩེ་སྤྲད་ཡང་དོག་སྦྱར། །མཉྫི་ངོས་བཟུང་རང་ལ་བསྟན། །ཅེས་གསུང་པས་མཉྫི་ལ་རིང་བ་རྣམས་རྒྱབ་ནས་ཕར་ལ་བཤམ། ཐུང་བ་རྣམས་མདུན་ན་ཚུར་བཤམ་མོ། །དེ་ལ་དང་པོ་རྩ་བའི་ནང་མཆོད་སྨན་རག་གཏོར་གསུམ་བཤམ་ལུགས་ནི། སྨན་བྷནྡྷ་མཚན་ཉིད་ལྡན་པའི་ནང་དུ། ཆང་ཕུད་མ་ཉམས་པ་གཙོང་མ་ལ་པཉྩ་བཏབ་ལ་རང་གིས་གཡས་སུ་བཤམ་མོ། །རཀྟ་ནི། བྷནྡྷ་མཚན་ལྡན་ལྕང་ལོ་ཅན་གྱི་ནང་དུ། ཕྱིའི་རཀྟ་དཔའ་བོ་གྲིར་ཤི་བའི་ཁྲག །ནང་གི་རཀྟ་ནི། རུ་ཏྲའི་སྙིང་ཁྲག །གསང་བའི་རཀྟ་ནི་བུ་མོ་གཙང་མ་རྡོ་རྗེའི་མདའ་མ་ཕོག་པའི་རཀྟ་རྣམས་ལ་གཞི་བླང་བའི་ཁྲག་སྣ་ཚོགས་ཚད་ལ། ཨ་མྲྀ་ཏ་བཏབ་ལ་རང་གི་གཡོན་དུ་བཤམ། གཏོར་མ་ནི་ཆོས་བཅུ་ལས། མཆོག་གི་དངོས་གྲུབ་གྲུབ་བྱའི་ཕྱིར། །དང་པོ་ཟས་ཀྱི་ཕུད་ལ་བྱ། །ཅེས་པས། དང་པོ་གཏོར་མའི་རྒྱུ་ནི། དབྱར་ཡིན་ན་མེ་ཏོག །སྟོན་འབྲུ། དགུན་ཤ་ཁྲག །དཔྱིད་ཡིན་ན་ཟན་ལ་གཏོར་མ་བྱ་ཞེས་ཀྱང་གསུང་། ཕྱག་ལེན་ལ། ཕྱེ་གཙང་མ་ལ། བླ་མའི་གཏོར་མ་དང་། ཞི་བ་རྣམས་ཆང་གི་སྦྲུས་ལ། པད་གཏོར་པད་སྡོང་གི་ཚུལ་ལ་ཐེབ་སྐྱུ་པད་འདབ་ཀྱི་ཚུལ་དུ་བྱ། ཁྲོ་བོ་དང་ཆོས་སྐྱོངས་དྲག་བྱེད་རྣམས་ལ། ཕྱེ་གཙང་མ་ལ་ཤ་སྣ་སྙིང་སྣ་རྣམས་ཀྱི་ཕྱེ་མ་བསྲེས་ལ་ཆང་དང་རཀྟས་སྦྲུས་ཞིང་། དཔལ་གཏོར་སྙིང་གི་ཚུལ་དུ་བྱ། ཐེབ་སྐྱུ་རྣམས་དོན་སྙིང་འབྱིན་པའི་ཚུལ་ལམ། ཐོད་ཚལ་གྱི་ཚུལ་བྱས་ལ། མར་ཞལ་དང་ཤ་ཆེན་ལ་སོགས་པས་བརྒྱན་ཅིང་ཨ་མྲྀ་ཏ་བཏབ་བོ། །དེ་ཡང་། འཁོར་གྱི་ཉེས་སྐྱོན་དག་བྱའི་ཕྱིར། །སྣོད་དེ་ཤིན་ཏུ་གཙང་བར་བྱ། །ཅེས་པས། གཏོར་སྣོད་ཀ་པཱ་ལ་དུམ་བུ་གཅིག་པའམ། སྣོད་གཙང་མའི་ནང་དུ་བཤམ་ཞིང་བཀྲ་ཤིས་ཕུན་སུམ་ཚོགས་པའི་ཕྱིར། སྣོད་དེ་ཤིན་ཏུ་བཀང་བར་བྱ། །ཅེས་པས། སྣོད་དེ་ཡང་ཤིན་ཏུ་བཀང་ལ། །གཏོར་ལེན་བླང་དོར་མེད་པའི་ཕྱིར། །གཏོར་ཚུག་གཅིག་ཏུ་བརྟག་པར་བྱ། །ཅེས་པས། གཏོར་མ་མ་སྐྱོང་བ་ལ་དུས་དྲུག་གམ་བཞི་ལ་སོགས་པ་ལ་སྔ་ཕྱི་མེད་པར་དུས་ཅིང་མི་གཡོ་བའོ། །ཡང་ན་རྒྱུ་ལ་བཟང་ངན་མེད་པ་ལ་ཟེར། ཁ་ཅིག་གིས་དུས་རྒྱུན་དུ་གཏོར་ཚུག་ཆེ་ཆུང་མེད་པ་གཅིག་ཏུ་བརྟག་པར་བྱ། ཅེས་ཀྱང་ཟེར་རོ། །བསྙེན་བཀུར་དག་དང་ལྡན་པའི་ཕྱིར། །མཉྫི་ལ་སོགས་སྟེགས་ལ་བཞག །ཅེས་པས། གཏོར་མ་དེ་སྨིན་མཚམས་པས་མི་མཐོ། །ཐུགས་ཀ་བས་མི་དམའ་བའི་སྟེགས་ལ་བཞག་པ་ལ། གཏོར་མ་དབུས་སུ་བཤམ་མོ། །གཏོར་མ་བཤམ་ལུགས་ལ། འགའ་ཞིག་གིས་གཡས་གཡོན་ཐབས་ཤེས་ཀྱི་ཆ་ཡིན་ཟེར་ཡང་། ལམ་རིམ་ལས། མ་ཧཱ་བྷ་ལིང་ཨ་མྲྀ་ཏ། དམར་ཆེན་ཚོགས་ཀྱི་གཏོར་མ་དགྲམ། །འདི་ལ་སྨར་སྟོན་སེང་གེ་འོད་ཀྱིས་དཔལ་ཆེན་པོའི་གཡས་ཞལ་དཀར་པོ་ལ་སྨན། གཡོན་ཞལ་དམར་པོ་ལ་རཀྟ། དབུས་ཞལ་མཐིང་ཀ་ལ་གཏོར་མ་བསྟབས་པའི་བརྡ་ཡིན་པས་གཡས་གཡོན་དབུས་གསུམ་དེ་ལྟར་དུ་ཡིན་གསུངས་སོ། །གཉིས་པ་ཡན་ལག་གམ་ཕྱིའི་པཱུ་ཙ་བཤམ་པ་ནི། དང་པོ་ཨརྒྷཾ་ནི། དུང་ཆོས་སམ། ཟངས་ལ་སོགས་པ་སྣོད་གཙང་མའི་ནང་དུ། ལུང་པ་དགུ་འདུས་ཀྱི་ཆུའམ། ཆུ་བོ་ཆེན་པོའི་ཆུ་ལ། བ་དམར་སེར་གྱི་འོ་མ་བླུག །རིན་པོ་ཆེ་བདར་བ། གཡོན་དུ་བཤམ་པར་བྱའོ། །དེའི་འོག་ཏུ་སྤོས་ནི། སྤོས་སྦྱོར་དང་ལྡན་པའི་སྤོས་རྒྱའམ། སྤོས་དྲིལ་རྣམས་བཤམ་མོ། །ཁྲོ་བོ་ལ་ཤ་ཆེན་གྱི་བདུག་སྤོས་བཤམ་མོ། །དེའི་འོག་ཏུ་མེ་ཏོག་ནི། དབྱར་ཡིན་ན་ཆུ་དང་ཐང་ལ་སྐྱེས་པའི་མེ་ཏོག །དགུན་ཡིན་ན་འབྲུ་ལ་སྨན་གྱིས་ཁ་དོག་བསྒྱུར་བའོ། །འབྲུ་སིལ་མའི་མེ་ཏོག་བཤམ་མོ། ཁྲོ་བོ་ལ་དབང་པོ་ལྔའི་མེ་ཏོག་བཤམ་མོ། །དེའི་འོག་ཏུ་ཞུམ་མར་གྱི་མར་མེ་མཚན་ཉིད་དང་ལྡན་པ་བཤམ་མོ། །ཁྲོ་བོ་ལ་ཚིལ་ཆེན་གྱི་མར་མེ་བཤམ་མོ། །དེའི་འོག་ཏུ་དྲི་ཆབ་ནི། དུང་ཆོས་སམ་སྣོད་གཙང་མའི་ནང་དུ་ཆུ་གཙང་བླུག་ལ། དེ་ལ་ཙནྡན་དཀར་དམར། ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པའི་དྲི་བཟང་པོ་རྣམས་བཏབ་ལ་བཤམ་མོ། །ཁྲོ་བོ་ལ་དྲི་ཆུའི་དྲི་ཆབ་བཤམ་མོ། །ཞལ་ཟས་ནི། ཞི་བ་ལ་འབྲས་བུའི་ཞལ་ཟས། ཁྲོ་བོ་ལ་དྲི་ཆེན་གྱི་ཞལ་ཟས་བཤམ་མོ། །རོལ་མོ་ནི། ཞི་བ་ལ་རོལ་མོའི་བྱེ་བྲག །ཁྲོ་བོ་ལ་རྐང་གླིང་ཐོད་རྔ་ལ་སོགས་པ་རྣམས་བཤམ། དེ་ལྟར་མཆོད་པ་དེ་དག་བཤམ་ལུགས་ལ། སྨན་རག་གཏོར་གསུམ་བཤམ་ལུགས་ལམ་རིམ་ལས་བཤད། རྣམ་ལྔ་བཤམ་ལུགས་མཆོད་སྤྲིན་ཆེན་པོ་ལས་བཤད། དེ་ནི་གྲལ་ཐབས་སུ་བཤམ་པའི་དབང་དུའོ། །དཀྱིལ་འཁོར་ལ་བཀོད་པའི་ཚེ། དཀྱིལ་འཁོར་གྱི་གཙོ་བོ་རང་དབང་ཆེ་བའི་རང་དབང་དུ་མཆོད་མགོ་གཡོན་བསྟན་ནས་གཡས་སུ་བསྐོར་ལ། ཤར་དུ་ཡོན་ཆབ། ཤར་ལྷོར་བདུག་སྤོས། ལྷོ་ནུབ་ཏུ་མེ་ཏོག །ནུབ་བྱང་དུ་མར་མེ། བྱང་ཤར་དུ་དྲི་ཆབ། ནུབ་ཏུ་ཞལ་ཟས་རྣམས་བཤམ། གཏོར་མགོ་གཡས་སུ་བསྟན་ནས་གཡོན་སྐོར་དུ་བཤམ་ལ། ཤར་ལྷོར་ཞི་བ། བྱང་ཤར་དུ་ཁྲོ་བོ། ནུབ་བྱང་དུ་མ་མོ། ལྷོ་ནུབ་ཏུ་མགོན་པོ། ཤར་དུ་བླ་མ། ནུབ་ཏུ་དམ་ཅན་རྣམས་བཤམ་མོ། །སྨན་རཀ་དང་བསང་ཆུ་སྣོད་གཙང་མའི་ནང་དུ་ཆུ་གཙང་ལ་ག་བུར་ལ་སོགས་པའི་དྲི་བཟང་བཏབ་ལ་རང་གིས་མདུན་ནས་གཡས་གྲལ་བྱེད་པའི་བསང་ཆུ་སྨན་རཀ་རིམ་པར་བཤམ་མོ། །བཞི་པ་སྐབས་འདིར་རྒྱུད་གཞུང་དང་སྟོད་ཟུར་པ་ཚང་གི་ལུགས་ལ་ཚུལ་ཕྱག་དང་། གྲལ་ཕྱག་དང་། མཚམས་བཅད་པ་དང་། བཤགས་པ་བྱ་བ་དང་། དམ་བཅའ་བ་དང་། བྱིན་དབབ་པ་དང་། ཕྱི་ནང་གི་མཆོད་པ་བྱིན་གྱིས་བརླབས་པའོ། །དེ་ལ་ཚུལ་ཕྱག་ནི། རྣལ་འབྱོར་པ་རྣམས་ནང་དུ་འདུས་ལ། དཀྱིལ་འཁོར་གྱི་མཐའ་ནས་འཁོད་ལ། ལག་སོར་དཔའ་བོའི་འབྲུ་ལྔ་གསལ་བས། ༀ་བཛྲ་ས་མ་ཡ་ཧཱུྃ་ཛ། ཞེས་རྡོ་རྗེ་གོ་འབྱེད་ཀྱི་མུ་ཏྲ་དང་བཅས་པ་ལན་གསུམ་བརྗོད་པས། ལན་དང་པོས་སེ་གོལ་གཡས་སུ་གཏོགས་པས་ཞི་བའི་ལྷ་ཚོགས་སྤྱན་དྲངས་ནས་གཡས་ཀྱི་ནམ་མཁའ་ལ་བཞུགས། ལན་གཉིས་པས་སེ་གོལ་གཡོན་དུ་གཏོགས་པས་ཁྲོ་བོའི་ལྷ་ཚོགས་སྤྱན་དྲངས་ནས་གཡོན་གྱི་ནམ་མཁའ་ལ་བཞུགས། ལན་གསུམ་པ་སེ་གོལ་དབུས་སུ་གཏོགས་པས་བླ་མ་རིག་འཛིན་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྱན་དྲངས་ནས་དབུས་སུ་བཞུགས་པར་བསམ་ལ། རབ་རྒྱུན་བཤགས་བྱས་ལ་ཕྱག་འཚལ་ལམ། འབྲིང་ལན་བདུན། དེ་མ་གྲུབ་ན་ཕྱག་རྐྱང་པ་འཚལ་དེ། བླ་མ་ལ་གསུམ། ཡི་དམ་ལ་གསུམ། རིག་འཛིན་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ལ་གསུམ། ཡང་ན་བླ་མ་རིག་འཛིན་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསུམ། ཡི་དམ་ལ་གསུམ། བསྒྲུབ་ཁང་རྙིང་པ་ཡིན་ན་གནས་བདག་ལ་གསུམ་འཚལ། གྲལ་ཕྱག་ནི། དེ་ནས་རུ་གདན་ལ་བཞུགས་པ་དང་། རུ་ལ་ཕྱག་གསུམ་འཚལ། དེ་ནས་དབང་རྫོགས་པར་ཐོབ་གང་སྔ་བ་རྣམས་གྲལ་རིམ་དུ་བསྡད་པ། འོག་མ་འོག་མ་རྣམས་ཀྱི་ཕྱག་གསུམ་གསུམ་འཚལ་ལོ། །འོ་ན་ཚུལ་ཕྱག་དང་གྲལ་ཕྱག་གི་དོན་ནི། ལམ་རིམ་གྱིས་འཇུག་ཚུལ་དང་བསྟུན་ན། ཐོག་མར་སྐྱབས་འགྲོ་དང་ཕྱག་འཚལ་དགོས་པས། དེ་དང་ཚུལ་མཐུན་དུ་བྱེད་པས་ཚུལ་ཕྱག །དབང་ཐོབ་པའི་རིམ་པ་ལྟར་དུ་གྲལ་དུ་འཁོད་ཅིང་། གྲལ་རིམ་ལྟར་དུ་འཚལ་བའི་ཕྱིར་གྲལ་ཕྱག །དེ་ལ་དགོངས་འདུས་ལས། རྡོ་རྗེ་འདུས་པས་དབང་གྲལ་དུ། །ངེས་པའི་དོན་གྱི་གདུང་ཆེན་ཤར། །ཅེས་གསུངས་སོ། །འདིར་སློབ་དཔོན་དམ་པ་བདེ་བར་གཤེགས་པའི་ལུགས་ཀྱིས། རབ་རྒྱུན་བཤགས་ལྟར་ཉམས་སུ་བླང་ཚུལ་ལ། རྒྱུན་བཤགས་ཡན་ལག་བརྒྱད་པ། ཞི་ཁྲོའི་བཤམས་པ། མཎྜལ་དང་གསུམ་ལས། དང་པོ་རྒྱུན་བཤགས་རང་ལའང་སྔོན་དུ་བྱ་བ་དང་། དངོས་གཞི་གཉིས་ལས། དང་པོ་ནི། གཏོར་མའི་ཆོས་བཅུ་ལས། འཁོར་གྱིས་གནོད་པ་བསལ་བའི་ཕྱིར། །གཏོར་མ་བཞག་པར་མི་བྱའོ། །ཅེས་པས། གཏོར་མ་བཤམ་མ་ཐག་ཏུ་མ་བསྔོ་ན་ཡི་དྭགས་མཁའ་རྒྱུའི་དྲི་ཟ་རྣམས་ཀྱིས་བརླབས་ཅིང་། གཏོར་མའི་ཕུད་ཉམས་པས། དེ་མ་བསྔོ་ན་ཡེ་ཤེས་ཀྱི་ལྷ་ལ་ཐུགས་རྟོག་མི་མངའ་ཡང་། དེའི་འཁོར་དུ་གནས་པའི་དྲེགས་བྱེད་རྣམས་ཀྱི་གནོད་པ་འོང་བས། བཤམ་མ་ཐག་ཏུ་བསྔོ་དགོས་སྟེ། མ་ཁོམ་ནའང་གཏོར་ཆུ་བླུག་པ་ཁཱ་ཧི་བཏག་པ་ལ། །རྟེན་འབྲེལ་ཚོགས་པར་བྱ་བའི་ཕྱིར། །བསང་ཆབ་དག་དང་ལྡན་པར་བྱ། །ཅེས་པས། དང་པོ་ལས་སློབ་པས་གཏོར་མ་ལ་ཆུ་གཙང་གིས་བྲན་ལ། ཐམས་ཅད་ཀྱིས་ཆབ་སྦྱང་མཛད་པར་ཞུ་ཞུས་པ་དང་། ཐམས་ཅད་ཀྱིས་ༀ་སྭ་བྷཱ་ཝ་ཤུདྡྷེ་སརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ་྅ཧཾ། ཞེས་བརྗོད་དོ། །རྩ་སྡེ་བའི་ཕྱག་ལེན་ལ། གཏོར་མའི་ཐུགས་དམ་ཆུས་མི་བསླད། །ཅེས་གསུངས་པས། ཆང་གཉིས་བར་དུ་ཆུ་གཅིག་བླུག་པར་བཞེད་དོ། །བར་ཆད་ཞི་བར་བྱ་བའི་ཕྱིར། །སྔགས་ཀྱིས་ཡང་དག་བསྲུང་བར་བྱ། །ཅེས་པས། ལས་སློབ་པས་གཏོར་མ་ལ་ཆང་རྒོད་བྲན་ལ། གཏོར་མ་ལ་སྐྱེམས་ཐལ་བྱིན་རླབས་མཛད་པར་ཞུ་ཞུས་པ་དང་། ཐམས་ཅད་ཀྱིས། ༀ་ཨཱཿཧཱུྃ། བྱིན་རླབས་རྩ་བ་བཀའ་བརྒྱུད་བླ་མ་མཆོད། དངོས་གྲུབ་རྩ་བ་ཡི་དམ་ལྷ་ཚོགས། ཕྲིན་ལས་རྩ་བ་ཆོས་སྐྱོངས་སྲུང་མ། བསྙེན་བསྒྲུབ་རྩ་བ་མ་དང་མཁའ་འགྲོ། བསྟན་སྲུང་བཀའ་སྡོད་ལས་མཁན་ཕོ་ཉ་དང་བཅས་པ་རྣམས་མཆོད། མ་ཧཱ་བྷ་ལིངྟ་རཀྵ་རཀྵ་ཧཱུྃ། ཅེས་བརྗོད་པ་ནི། དངོས་སུ་འབུལ་བ་མ་ཡིན་ཡང་། བར་ཆད་བསྲུང་བའི་དོན་སྟེ། དཔེར་ན་རྒྱལ་པོ་ལ་ནོར་བསྔོ་ཚར་ན་འབང་གཞན་གྱིས་ལན་མི་སྤོབ་པ་དང་འདྲ་བར། དཀོན་མཆོག་ལ་འབུལ་རྒྱུ་ཡིན་བྱས་པས་མི་མ་ཡིན་གཞན་གྱིས་བརླབ་ཏུ་མེད་དོ། །གཞན་མཆོད་པ་འབུལ་བའི་ཡུལ་ངོས་མ་བཟུང་སྔོན་དུ་མཆོད་བྱས་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་ཡིས་ཐོབ་པར་བཞེད་དོ། །རྒྱུན་བཤགས་དངོས་ལ་དཔང་པོ་བསྐྱེད་པ་དང་། བཤགས་ཚུལ་ཡན་ལག་བརྒྱད་པ་གཉིས་ལས། དང་པོ་ནི། རྣལ་འབྱོར་པས་དུས་རྒྱུན་དུ་བཤགས་པ་བྱ་བ་ནི། རང་ཉིད་ལྷར་གསལ་བའི། ཅེས་པའི་དོན་ནི། ལམ་རིམ་ལས། ལྷ་དཔང་དགེ་སྤྱད་དོན་མེད་འགྱུར། །ཅེས་པས། སྔོན་འགྲོའི་ཐོག་མར་ཡི་དམ་གྱི་ལྷ་བསྒོམ་ན་ཡི་དམ་གྱི་ལྷ་མི་སྤང་ཞིང་དགེ་བ་གང་བྱེད་དོན་དུ་འགྱུར་བས། དེ་ནས་ལས་སློབ་པས་སྤོས་སྦྱང་བྱས་ཏེ། རང་ལ་རྟེན་དྲུང་། དེ་ནས་རྣལ་འབྱོར་པ་ཚོགས་པ་རྣམས་ཀྱི་མདུན་དུ་འདྲིས་ཞིང་མཐར་རྟེན་དྲུང་དུ་བཞག་ལ། ༀ་བཛྲ་སཏྭ་ཧཱུྃ། ཞེས་བརྗོད་པས། རང་ཉིད་པད་ཟླའི་སྟེང་དུ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་བསྣམས་པ། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུ་ལ་བརྟེན་པ། ཞི་བའི་རྒྱན་ཆས་བཅུ་གསུམ་དང་ལྡན་པ། སྐུ་སྣང་ལ་རང་བཞིན་མེད་པ་བསྒོམ་པའི་ཁོང་ལ། ཁོང་སྟོང་ལྟ་བུར་གནས་པའི་ནང་དུ་རྩ་རོ་དབུ་རྐྱང་གསུམ་ཡོད་པ། འདིར་སྲོག་དག་པའམ། ཀུན་འདར་མའམ། དབུ་མ་ཡང་ཟེར་བའི་རྩ། སྦོམ་ཕྲ་མདའ་སྙུག་ཙམ་དཀར་ལ་དྲང་པ། གསལ་ལ་སྟོང་པའི་རྩ་མཚན་ཉིད་བཞི་དང་ལྡན་པ་གཅིག་ལྟེ་འོག་སོར་བཞི་ནས། སྤྱི་བོའི་ཚང་བུག་གི་བར་དུ་ཀ་བ་བཙུག་པ་ལྟར་དུ་བསྒོམ་པའི་རྩ་དེའི་ནང་ཐུགས་ཀའི་ཐད་ཙམ་དུ་ཉི་མ་ཞབས་ཟླ་བ་སྟེང་དུ་གནས་པའི་གའུ་ཁ་སྦྱོར་དུ་གནས་པའི་ནང་དུ། སེམས་ཀྱི་རང་བཞིན་ཧཱུྃ་དཀར་པོ་གཅིག་བསམ་མོ། །ༀ་བཛྲ་ས་མ་ན་ཛ་ཧཱུྃ་ཛ། ཞེས་བརྗོད་པས་ཐུགས་ཀའི་ཧཱུྃ་དེ་ལས་འོད་ཟེར་ཁ་དོག་སྣ་ལྔ་བྱུང་། སྲོག་དག་པའི་ལམ་དུ་ཞུགས་ནས། སྤྱི་བོ་ཚངས་པའི་བུ་ག་ནས་ཐོན་ཏེ། འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཞིང་ཁམས་ཐམས་ཅད་ལ་ཕོག །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུ་ཞི་ཁྲོའི་རྣམ་པ་བཞེངས་ནས། མདུན་གྱི་ནམ་མཁར་སྤྱན་དྲངས་ཞིང་ཉི་ཟླ་པདྨའི་གདན་ལ་བཞུགས་པར་བསམ་ལ། དེ་ཡང་ཞི་བ་བསྒོམ་ན་ཞི་བ་དབུས་དམ་རྒྱན་གཡས། ཕུར་པ་གཡོན། དམ་རྒྱན་བསྒོམ་ན། དམ་རྒྱན་དབུས། ཞི་བ་གཡས། ཕུར་པ་གཡོན། ཕུར་པ་བསྒོམ་ན། ཕུར་པ་དབུས། ཞི་བ་གཡས། དམ་རྒྱན་གཡོན་དུ་བསྒོམ་ལ། གཙོ་བོ་གང་བསྒོམ་གྱི་དབུ་ལ་ཟླ་དཀྱིལ་གྱི་སྟེང་དུ་སངས་རྒྱས་ཆོས་དགེ་འདུན་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་སློབ་དཔོན་དེ་དང་། བརྒྱུད་པའི་བླ་མ་རྣམས་རྡོ་རྗེ་སེམས་དཔའི་ཚུལ་དུ་བཞུགས་པར་བསམ་ལ། ཇ་འདྲེན་གྱི་ཚུལ་དུ་མཆོད་པ་འབུལ་བ་ནི། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཨ་ཧཱུཾ། པུཥྤེ། དྷུ་པེ། ཨ་ལོ་ཀེ། གྷནྡྷེ། ནཻཝཱི་ཏེ། ཤཔྟ་པྲ་ཏཱིཙྪ་ཨཱཿཧཱུྃ། ཅེས་མཆོད། གཉིས་པ་བཤགས་ཚུལ་ལ་བརྒྱད་དེ། ཕྱག་འཚལ་བ་དང་། མཆོད་པ། བཤགས་པ། ཡི་རང་། ཆོས་འཁོར་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བ་བཞུགས་སུ་གསོལ་བ། བསྔོ་བ། དམ་བཅའ་སྨོན་ལམ་གྱི་ཡན་ལག་དང་བརྒྱད་དོ། །དེ་ཡང་ལམ་རིམ་ལས། མཆོད་རྟེན་ཉི་མའི་གཟུགས་ཆེན་བཞུགས། ཡན་ལག་བརྒྱད་པའི་ཚུལ་བཟུང་བ། །ཅེས་གསུངས་པས། རྣམ་མཁྱེན་ཐོབ་པའི་ཐབས་ལ། ཚོགས་བསགས་ཅིང་སྒྲིབ་པ་སྦྱང་དགོས་པ། མདོ་སྔགས་ཐམས་ཅད་མཐུན་ནོ། །དེའི་རྩ་བ་ཡན་ལག་བདུན་པའམ། བརྒྱད་པ་འདི་ཡིན་ཏེ། འདིའི་བསྡུས་དོན་བཤད་ན། སྤྱིར་འཁོར་འདས་བདེ་སྡུག་ཐམས་ཅད་བདུན་རྣམ་པར་དག་པ་དང་། མ་དག་པ་དང་། ཅུང་ཟད་དག་པ་དང་། གསུམ་གྱིས་ལག་རྗེས་ཡིན་ཏེ། བདུན་རྣམ་པར་མ་དག་པས། ཕྱག་དང་མཆོད་པའི་འོས་སུ་མི་འགྱུར་ཞིང་། བརྙས་པ་དང་ཁྱད་གསོད་ཀྱི་གནས་སུ་འགྱུར་བ་དང་། ལོངས་སྤྱོད་ཀྱིས་མཐུན་རྐྱེན་གྱིས་འབོང་བ་དང་། མི་དགེ་བ་ལ་སོགས་པའི་ལམ་དུ་འཇུག་ཅིང་། གནས་དེ་དང་དེ་ལ་སུས་ཀྱང་བཟློག་པ་མེད་པ་དང་། བྱ་བ་གང་ལ་ཡང་ཐམས་ཅད་ཡིད་མི་རང་ཞིང་། ཐམས་ཅད་སྐྱོ་བའི་གནས་སུ་འགྱུར་བ་དང་། ཐེག་པ་ཆེན་པོའི་ཆོས་དང་མི་འཕྲད་ཞིང་ལོག་པའི་ལམ་དུ་འཇུག་པ་དང་། ཡང་དགེ་བའི་བཤེས་གཉེན་དང་མྱུར་དུ་བྲལ་ཞིང་། རང་ཉིད་ཚེ་ཐུང་བ་དང་། དགེ་བའི་རྩ་བ་རྣམས་ཆུད་ཟོས་ཞིང་ཟད་པར་འགྱུར་བ་སྟེ། བདུན་རྣམ་པར་མ་དག་པས་ནི་སྐྱོན་དེ་རྣམས་བྱེད་ལ། ཅུང་ཟད་དག་པའི་ཡོན་ཏན་གྱིས་རང་ཉིད་ཕྱག་དང་མཆོད་པའི་གནས་སུ་འགྱུར་ཞིང་། བརྙས་པ་དང་ཁྱད་གསོད་ཀྱི་གནས་སུ་མི་འགྱུར་བ་དང་། ཕུན་སུམ་ཚོགས་པའི་ལོངས་སྤྱོད་ཀྱིས་རྒྱས་པ་དང་། མི་དགེ་བའི་ཆོས་ཀྱིས་མི་གོས་ཞིང་། དགེ་བ་རྒྱུན་མི་ཆད་པ་དང་། བྱ་བ་ཐམས་ཅད་ལ་ཡི་རང་ཞིང་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་དང་། ཐེག་པ་ཆེན་པོའི་ཆོས་དང་མཇལ་ཞིང་། ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པ་དང་། འཕགས་པ་དགེ་བའི་བཤེས་གཉེན་དང་མི་འབྲལ་ཞིང་ཚེ་ལ་དབང་ཐོབ་པ་དང་། དགེ་བའི་རྩ་བ་ཐམས་ཅད་དོན་གཉིས་ཕུན་སུམ་ཚོགས་པ་དམ་པ་གཉིས་སུ་སྨིན་པ་སྟེ། ས་དང་ལམ་གྱི་ཡོན་ཏན་ཐམས་ཅད་བསྐྱེད་ལ། བདུན་རྣམ་པར་དག་པ་ནི། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཐོབ་པ་སྟེ། དེ་སྐད་དུའང་། བྱམས་པའི་ཞལ་ནས། མ་དག་པ་དང་དག་པ་དང་། ཤིན་ཏུ་རྣམ་དག་གོ་རིམ་བཞིན། །ཅེས་སོ། །མདོ་རྒྱུད་ཐམས་ཅད་ནས། ཡན་ལག་བདུན་པ་ཁོ་ན་བསོད་ནམས་བསགས་པའི་མཆོག་ཏུ་གསུངས་ཤིང་། བསྒྲུབ་ཐབས་ཆུང་ངུ་རེ་རེའི་མགོ་ན་ཡང་། བདུན་རྣམ་དག་གི་བསོད་ནམས་བསགས་པར་བྱའོ། །ཅེས་གསུངས་པས། འདི་ཉིད་མཆོག་ཏུ་གྱུར་པ་ཡིན་ནོ། །ཐབས་ཀྱིས་དགེ་བའི་རྩ་བ་ཐམས་ཅད་བསགས་སྦྱང་གཉིས་སུ་འདུས་པ་ཡིན། མྱུར་དུ་སངས་རྒྱས་པ་ལ་འགལ་རྐྱེན་སྤང་ཞིང་། མཐུན་རྐྱེན་ཚང་བ་གཅིག་དགོས་ཏེ། འདི་ལ་ཚང་བ་སངས་རྒྱས་པ་ལ། ཚོགས་ཆེན་པོ་ཡོངས་སུ་རྫོགས་དགོས་པ་ལ། ཕྱག་དང་མཆོད་པའི་ཡན་ལག །མི་མཐུན་འགལ་རྐྱེན་སྤང་ལ། སྡིག་པ་བཤགས་པ། དགེ་བའི་རྩ་བ་ནམ་མཁའ་དང་མཉམ་པའི་དཔུང་བསྐྱེད་པ་ལ། རྗེས་སུ་ཡི་རང་བ། ཐེག་པ་ཆེན་པོའི་ཆོས་དང་མི་འབྲལ་བར་དགོས་པ་ལ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། ཡང་དག་པའི་བཤེས་གཉེན་དང་མི་འབྲལ་བར་དགོས་པ་ལ། མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ་དང་། དགེ་བའི་རྩ་བ་ཆུད་མི་ཟ་ཞིང་སྙིང་པོ་ལེན་པས་བསྔོ་བ་བྱའོ། །བརྒྱད་པ་དམ་བཅའ་བའི་དགོས་ཆེད་ནི། སྔར་བླང་བའི་དམ་ཚིག་ཉམས་ན། འདི་ཉིད་ཀྱིས་སོར་ཆུད་པའི་དགོས་ཆེད་ཡོད་དོ། །དེས་ན་འགལ་རྐྱེན་སྤང་ཞིང་མཐུན་རྐྱེན་བསྒྲུབ་དགོས། དེའི་ལམ་ཐམས་ཅད་ཚང་བ་ཡིན་པས། འདི་ཉིད་མཆོག་ཏུ་གྱུར་པ་ཡིན་གསུངས། དེ་ལྟར་ཡན་ལག་བརྒྱད་ཀྱི་དང་པོ་ཕྱག་འཚལ་བ་ལ། བླ་མ་དང་དཀོན་མཆོག་གསུམ། ཡི་དམ་ལ་ཕྱག་འཚལ་བ་དང་གསུམ་ལས། དང་པོ་བླ་མ་ལ་ཕྱག་འཚལ་བ་ལ་ཡང་སྤྱིར་ཕྱག་འཚལ་བ་དང་། བླ་མའི་ཡོན་ཏན་དྲན་པར་བྱེད་པ་དང་། ཕྱག་འཚལ་བ་དངོས་དང་གསུམ་ལས། དང་པོ་ནི། རང་གི་ལུས་སྤྲུལ་སྐུའི་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བར་བསམ་ལ། འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་དང་དབྱེར་མེད་ཅིང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་འདོད་ཕུན་སུམ་ཚོགས་པ་ལྟ་བུ། ཡོན་ཏན་ཕུན་སུམ་ཚོགས་པའི་བླ་མས་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་ཆོས་འབྲེལ་ཡོད་ཚད་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་ཡོན་ཏན་དྲན་པར་བྱེད་པ་ནི། དགོངས་འདུས་ལས། ཐམས་ཅད་ཀྱི་བླར་གྱུར་པར་ན་བླ་ཡོན་ཏན་བསྐྱེད་པས་ན་མ། བཤེས་གཉེན་དང་མཁན་པོའི་མིང་གི་རྣམ་གྲངས་སོ། །སྤྱིར་གསང་སྔགས་པས་གཙོ་ཆེར་བླ་མ། ཉན་ཐོས་པས་གཙོ་ཆེར་མཁན་པོ། བྱང་ཆུབ་སེམས་དཔས་གཙོ་ཆེར་རྒྱལ་སྲས་སམ། བྱང་ཆུབ་སེམས་དཔའ། ཐེག་ཆེན་པས་གཙོ་ཆེར་རྗེ་བཙུན་རིན་པོ་ཆེ་བའམ། དྲིན་ཆེན་ཟེར་ལ། རིག་བྱེད་སྤྱིའི་མིང་ལ་སློབ་དཔོན་ཅེས་ཟེར་རོ། །དམ་པ་ནི་ལྟ་སྤྱོད་སྒོམ་གསུམ་དམ་པའི་མཛོད་གསུམ་མམ། སྙིང་རྗེ་དམ་ཚིག་གཉིས་དང་དམ་པའི་མཛོད་ལྔ་ལྡན་པའི་སློབ་དཔོན་ཁྱེད་ནི། བདག་དང་ཅག་ནི་གཞན་སྟེ་བདག་གཞན་རྣམས་ཀྱིས་རྒྱུད་ལ་འཁོར་བའི་ཉེས་སྐྱོན་སེལ་བར་མཛད་པས་ཕ་དང་འདྲ་བ་ལགས་སོ། །བདག་ཅག་རྣམས་ཀྱིས་རྒྱུད་ལ་མྱང་འདས་ཀྱི་མྱུ་གུ་བསྐྱེད་པར་མཛད་པས་མ་དང་འདྲ་བ་ལགས་སོ། །བདག་ཅག་རྣམས་ཀྱིས་རྒྱུད་ལ་ལྷག་མཐོང་གི་ཡེ་ཤེས་བསྐྱེད་ཅིང་སྲིད་ཞིའི་མཐའ་ལས་སྐྱོབ་པར་མཛད་པའི་སྐྱབས་མགོན་དང་འདྲ་བ་ལགས་སོ། །བདག་ཅག་རྣམས་ཀྱི་རྒྱུད་ལ་ཐར་པའི་ལམ་སྟོན་པར་མཛད་པའི་ལམ་སྟོན་པ་མཁན་དང་འདྲ་བ་ལགས་སོ། །བདག་ཅག་རྣམས་ངན་སོང་གི་འདམ་ནས་དྲངས་ཞིང་སངས་རྒྱས་ཀྱི་ས་ལ་འདྲེན་པར་མཛད་པས་སྣ་འདྲེན་པ་དང་འདྲ་བ་ལགས་སོ། །མ་རིག་པའི་མུན་ཁམས་སེལ་བར་མཛད་པའི་ཕྱིར་སྒྲོན་མེ་དང་འདྲ་བ་ལགས་སོ། །ཉོན་མོངས་པ་དུག་གསུམ་གྱི་ནད་སེལ་བར་མཛད་པས་སྨན་པ་དང་འདྲ་བ་ལགས་སོ། །འགྲོ་བ་རྣམས་འཁོར་བའི་ཆུ་བོ་ཆེན་པོ་བཞི་ལས་སྒྲོལ་བར་མཛད་པའི་ཕྱིར་གྲུབ་བོ་ཆེ་དང་འདྲ་བ་ལགས་སོ། །ཕྱག་འཚལ་བ་དངོས་ནི། བླ་མའི་ཞལ་ནས་ཐེག་སྒོ་སྣ་ཚོགས་སྟོན་པས་ཉི་མ་དང་འདྲ་བའི་ཞལ་ལ་ཕྱག་འཚལ་ལོ། །སྐུ་ལ་སྡོམ་གསུམ་གྱི་ཉེས་པའི་དྲི་མ་མེད་པས་ཟླ་བ་དང་འདྲ་བའི་སྐུ་ལ་ཕྱག་འཚལ་ལོ། །ཐེག་སྒོ་སྣ་ཚོགས་གསུང་པ་ལ་ལོག་བཤད་ཀྱི་དྲི་མ་མི་མངའ་བས་པདྨ་དང་འདྲ་བའི་གསུང་ལ་ཕྱག་འཚལ་ལོ། །མཐའ་བྲལ་གྱི་ཆོས་ཉིད་མངོན་དུ་གྱུར་པས་ནམ་མཁའ་དང་འདྲ་བའི་ཐུགས་ལ་ཕྱག་འཚལ་ལོ། །བླ་མའི་ཡོན་ཏན་གྱིས་གདུལ་བྱའི་རེ་བ་སྐོང་བར་མཛད་པ་དེ་ལ་ཕྱག་འཚལ་ལོ། །ཕྲིན་ལས་ཀྱི་འགྲོ་བ་ཀུན་མྱང་འདས་ཀྱི་ས་ལ་སྒྲོལ་བར་མཛད་པ་དེ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་ནི། བླ་མ་དེས་བསྐྱེད་པའི་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང་། དམ་པའི་ཆོས་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་མ་ལུས་པ་རྣམས་དང་། གསང་སྔགས་ཀྱི་དགེ་འདུན་རིག་འཛིན་དང་། མཚན་ཉིད་ཐིག་ཆེན་གྱི་དགེ་འདུན་བྱང་ཆུབ་སེམས་དཔའ་དང་། གནས་པ་ལམ་སྟེགས་ལ་ཉན་རང་འཕགས་པའི་དགེ་འདུན་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཡི་དམ་ལ་ཕྱག་འཚལ་བ་ནི། ཞི་ཁྲོ་གཉིས་ཏེ། དང་པོ་ཞི་བ་ལ་ཕྱག་འཚལ་བ་ནི། སངས་རྒྱས་གསང་བའི་རྒྱ་གཞུང་ཞི་བ་སྒྱུ་འཕྲུལ་དྲྭ་བ་ལས། མ་བཅོས་པས་དེ་བཞིན་ཉིད། དེར་སོན་པས་ན་གཤེགས་པ་སྟེ་དེ་ལྟར་སངས་རྒྱས་སྐུ་ལྔ་ཀུན་གྱི་བདག་པོ། ཡེ་ཤེས་བཞི་བཅུ་རྩ་གཉིས་སམ་ཡེ་ཤེས་ལྔ་ནི་རྒྱ་མཚོ་དང་འདྲ་བས་རབ་ཏུ་བབ་པའོ། །དེ་ཡང་ཐུགས་རང་བྱུང་གི་ཡེ་ཤེས་སུ་འདུས་སོ། །བཞི་བཅུ་རྩ་གཉིས་སམ་དཀྱིལ་འཁོར་འདུལ་བྱ་ཡིད་དང་མཐུན་པ་བཞིན་འབྱུང་བས་དཔེར་ན་གཏེར་མཛོད་བཞིན་ནོ། །དེས་ན་ཀུན་བཟང་འདི་ནི་ནོར་བུ་རིན་པོ་ཆེ་དང་འདྲ་བས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་མཛོད་འཛིན་ཅིང་། ཡུལ་དང་ཤེས་པ་གཉིས་སུ་མེད་པ་ནི་རྡོ་རྗེའི་ཡིད་ཏེ། རྟོགས་མ་རྟོགས་གི་དབང་གིས་འཁོར་འདས་ཐམས་ཅད་ཀྱི་བྱེད་པ་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཁྲོ་བོ་ལ་ཕྱག་འཚལ་བ་ནི། སངས་རྒྱས་གསང་བའི་ཁྲོ་བོ་སྣང་བ་དམ་པ་རྒྱན་ལས་འཁོར་འདས་ཐམས་ཅད་ཀྱི་ངོ་བོ་དབྱེར་མེད་པ་ནི་མཉམ་པ་ཉིད་སྟེ་ཆོས་སྐུའོ། །འཁོར་འདས་སྤང་བླང་མེད་པར་ལོངས་སྤྱོད་པས་ན་བདེ་བ། སྤྱོད་དུས་སྲིད་ཞི་གཉིས་ཀྱི་དྲི་མས་མ་གོས་པས་ན་ཆེན་པོ་སྟེ་ལོངས་སྐུ། རྐང་པའི་གཞི་མ་ངེས་པ་ལས། ལག་པས་གར་སྣ་ཚོགས་སུ་བསྒྱུར་བ་དང་འདྲ་བར། དགོངས་པ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གདུལ་བྱ་ལོག་རྟོག་ཅན་ལ་གང་ལ་གང་འདུལ་གྱི་སྒོ་ནས་དོན་མཛད་པ་ནི་སྤྲུལ་སྐུ་སྟེ། དེ་ལྟར་སྐུ་གསུམ་ལྷུན་གྱི་གྲུབ་པའི་དུས་སུ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་དབང་བསྒྱུར་བ་སྟེ། དེ་ཡང་རྟེན་བྱེད་པའི་ངོས་ནས་སྐུ་ལྔ། བརྡ་སྤྲོད་པའི་ངོས་ནས་གསུང་ལྔ། དགོངས་པ་ཟབ་མོའི་ངོས་ནས་ཐུགས་ལྔ། ལུང་སྒྲ་ཚད་ལ་ཉལ་བ་ཟུར་ལ་བསླང་བ་འཆད་པ་པོའི་གཉེར་བྱ་ཡིན་པས། དགོས་འདོད་འབྱུང་བའི་ངོས་ནས་ཡོན་ཏན་ལྔ། བྱ་བ་གྲུབ་པའི་ངོས་ནས་ཕྲིན་ལས་ལྔ། དེ་དག་ཟད་མི་ཤེས་པས་མི་ཟད་པ་ཆོས་སྐུའི་རྒྱན་ལ་གཟུགས་སྐུ་ཆེ། གཟུགས་སྐུའི་རྒྱན་ལ་ཆོས་སྐུ་ཆེ་བས་རྒྱན་གྱི། འཁོར་ལོ་ནི་སྐུ་རིགས་ཉེར་ལྔ་གཅིག་ཡོད་པས་ན་ཀུན་ཡོད་དེ། དཔེར་ན་འཁོར་ལོའི་རྩིབས་གཅིག་འཇུ་ན་ཀུན་འཁོར་བ་དང་། འདྲ་བར་སྐུ་ལྔ་ལྷུན་གྲུབ་ཀྱི་སངས་རྒྱས་དེ་ཉིད་གདུལ་བྱ་ལུགས་འབྱུང་ལྡོག་རྣམས་ལ་ཁྲོ་བོར་སྣང་སྟེ། ཧེ་ནི་དགྱེས་པ་སྟེ། དེ་ལ་གཉིས། རྟོགས་པས་བདག་དོན་ལ་དགྱེས་པ་ནི། ཆོས་དབྱིངས་མངོན་དུ་རྟོགས་ཅིང་། ཐུགས་རྗེས་གཞན་དོན་ལ་དགྱེས་པ་ནི། གཟུགས་སྐུ་རྣམ་པ་གཉིས་གདུལ་བྱ་ལ་སྣང་བའོ། །རུ་རཱ་ག་ན་ཆགས་པ་སྟེ། རྟོགས་པས་བདག་དོན་ལ་ཆགས་པ་ནི། དགོངས་པ་ཆོས་སྐུ་ལས་མ་གཡོས་ཤིང་། ཐུགས་རྗེས་གཞན་དོན་ལ་ཆགས་པ་ནི། གདུལ་བྱའི་དོན་བྱེད་པ་ལ་རྒྱུན་ཆད་མེད་པའོ། །དེ་ཡང་ཀ་རུ་བྱས་ན་ཐུགས་རྗེ། ཀརྨ་བྱས་ན་ཕྲིན་ལས། ཀར་བྱས་ན་བྱེད་པ་སྟེ། ཐུགས་རྗེ་ཕྲིན་ལས་ཀྱིས་འགྲོ་བའི་དོན་བྱེད་པའམ། ཡང་ན་ཧེ་རུ་ཀ་ནི་ཁྲག་འཐུང་ལ་འབྲུ་གནུར་བ་ཡང་སྣང་ངོ་། །དེ་ལྟར་ཧེ་རུ་ཀ་ཁྲག་འཐུང་ཆེན་པོའི་ཚོགས་ལ་ཕྱག་འཚལ་ལོ། །གཉིས་པ་མཆོད་པའི་ཡན་ལག་ལ། ཀུན་བཟང་མཆོད་པ་དང་། སྒེག་མོ་བརྒྱད་མཆོད་གཉིས་ལས། དང་པོ་ནི། སྒྱུ་འཕྲུལ་བཞི་བཅུ་པ་ལས་ཟུག་རྔུ་མི་མངའ་གཞི་གནས་ལུགས་བདེ་བ་ཆེན་པོའི་ངང་དེར་གཤེགས་སོ་ཚོགས། བདུད་བཞི་བཅོམ་ཞིང་ཆེ་བའི་ཡོན་ཏན་རྣམས་དང་ལྡན་པ། རྟག་ཆད་ཀྱི་མཐའ་ལས་འདས་པས། མཐའ་གཉིས་དང་བདུད་བཞི་ལས་རྒྱལ་བས་རྒྱལ་བ། མཐའ་ཡས་པས་རྒྱ་མཚོ་དང་འདྲ་བ། འདས་པ་ཡེ་ཤེས་ཀྱི་སྣང་བས་བསྡུས་པ་ཐམས་ཅད་དང་། ཁམས་གསུམ་མམ་སྲིད་པ་གསུམ་པོ་རྒྱ་མཚོ་དང་འདྲ་བས་མཐའ་ཡས་པ་རྣམས་ཀྱི་ལོག་རྟོག་འཁོར་བའི་སྣང་ངོར་ཤར་བ་ཐམས་ཅད་དང་། ལམ་པའི་སྤྱོད་པ་མཐའ་ཡས་རྒྱ་མཚོ་དང་འདྲ་བ་ཡོན་ཏན་རྨད་དུ་བྱུང་བ་སངས་རྒྱས་འགྲུབ་པའི་ཐབས་ཀུན་ཀྱང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་མཆོག་ཏུ་རོལ་ཅིང་མ་གྱུར་པ་མེད་དོ། །དེ་ཡང་འབུལ་བའི་སྔགས་ནི། ༀ་ཡེ་ཤེས་ལྔ་དང་ལྡན་པའི་སྔགས་ཀྱི་མགོ་འདྲེན། ན་མཿཕྱག་འཚལ། སརྦ་ཏ་ཐཱ་ག་ཏོ་བྷྱོ། དེ་བཞིན་གཤེགས་པ་ཐམས་ཅད་འདས་པའི་སངས་རྒྱས་དང་། བི་ཤྭ་མུ་ཁེ་བྷྱཿསྣ་ཚོགས་པོའི་གདུག་པ་ཅན་སྟེ། མ་འདས་པ་འཁོར་བའི་སེམས་ཅན་དང་། སརྦ་ཐམས་ཅད་ཐཱ་ཁཾ་ནམ་མཁའ་ཨུཏྒ་ཏེ་བྱས་པ་སྟེ། ལམ་ལ་གནས་པ། སྥ་ར་ཎ་འགྲོ་བའམ། ཁྱབ་པའི་སྒྲར་འཇུག་སྟེ། ཀུན་ཏུ་བཟང་པོའི་མཆོད་སྤྲིན། དེ་ཅི་ཙ་མ་ན་ཨི་མཾ་ག་ག་ན་ཁཾ་འདི་ནམ་མཁའི་ཁམས་གང་བ། སྭཱ་ཧཱ་ནི་གཞི་ཚུགས་པར་གྱུར་ཅིག །ཅེས་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཉིད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་མ་གྱུར་པ་མེད་པས། དེ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཞིའི་དོན་བསྒོམ་དགོས་ཏེ། དེ་ལ་ཕྱིའི་མཆོད་པ་ནི། རྒྱ་མཚོ་ཐམས་ཅད་ཡོན་ཆབ། རྩི་ཤིང་ནགས་ཚལ་ཐམས་ཅད་མེ་ཏོག །ལྷོ་སྤྲིན་ན་བུན་ཐམས་ཅད་བདུག་སྤོས། ཉི་ཟླ་སྐར་གསུམ་ནི་མར་མེ། ཆུ་བོ་ཐམས་ཅད་ནི་དྲི་ཆབ། རི་བོ་ཐམས་ཅད་ཞལ་ཟས། སྒྲ་གྲགས་ཐམས་ཅད་ནི་རོལ་མོར་བསྒོམ། ནང་གི་མཆོད་པ་ནི། དེ་རྣམས་གཟུགས་སྡུག །སྒྲ་སྙན། དྲི་ཞིམ། རོ་མངར། རེག་བྱ་འཇམ་པར་བསྒོམ། གསང་བའི་མཆོད་པ་ནི། སྣང་བ་ཐམས་ཅད་མཆོད་པའི་ཚོགས། སྒྲ་གྲགས་ཐམས་ཅད་རོལ་མོ་དང་མཆོད་པ་འབུལ་བའི་ཚིག་དྲན་རྟོག་ཐམས་ཅད་དེ་ལས་མི་འདའ་བར་བསྒོམ་པའི་ཁྱེར་སོ་གསུམ་མམ། ཡང་ན་སྣང་བ་སྐུ། གྲགས་པ་གསུང་། དྲན་རྟོག་ཐུགས་ཀྱི་ཁྱེར་སོ་གསུམ་དང་མ་བྲལ་བར་བྱའོ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། འཁོར་འདས་ལམ་པའི་སྤྱོད་པ་མ་ལུས་པ་ཀུན་བསལ་བཞག་རྡུལ་ཙམ་མེད་པ་ཐམས་ཅད་མ་སྐྱེས་པས་ཀུན་ཏུ་བཟང་མོའི་དང་དུ་རོ་གཅིག་པས། དེ་ཁོ་ན་ཉིད་དང་། དེ་མ་འགགས་པ་འཁོར་འདས་ཀྱི་རྣམ་པ་མཆོད་པའི་ཚོགས་སུ་ཅིར་ཡང་འཆར་བ་ནི། ཀུན་ཏུ་བཟང་པོའི་དེ་ཁོ་ན་ཉིད་དང་། དེ་གཉིས་ཀྱང་ངོ་བོ་ལ་དབྱེར་མེད་པ་ནི། གཉིས་སུ་མེད་པ་བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་དོ། །སྒེག་མོ་བརྒྱད་མཆོད་པ་ལ་གཉིས་ལས། དང་པོ་ཕྱི་སྒེག་བཞི་ནི། རང་གི་ཐུགས་ཀ་ནས་ཡི་གེ་གསུམ་འཕྲོས་ཏེ། ༀ་གྱི་འོད་ཟེར་གྱིས་བསྲེགས། ཨཱའི་སྦྱང་། ཧཱུྃ་གི་བྱིན་གྱིས་བརླབས་པའམ། ཡང་ན་ཡི་གེ་གསུམ་པོ་འདི། འབུལ་བྱའི་ཡུལ་སྐུ་གསུང་ཐུགས་ལྡན་མཚོན་པའོ། །སྔོན་དུ་འགྲོ་བ་ཕྱག་གི་མཆོད་པ་ནི། རབ་ཏུ་དགའ་བ་ནི་མཆོད་པའི་དངོས་པོ་གང་དང་གང་ཡིན་པ་སྟེ། དེའི་བདག་པོ་མཆོད་པ་འབུལ་བའི་ཡུལ་ལ་ཕྱག་འཚལ་ལོ། །ཅེས་ཕྱག་འཚལ་དོན་གཉིས་བསྒྲུབ་པ་མཆོད་པའི་དངོས་གྲུབ་ཞུ་བ་ནི། མཆོད་པ་ཆེན་པོ་མེ་ཏོག་འདི་ཕུལ་བས། དམ་ཚིག་ཆེན་པོ་ནང་ནས་དམ་པ་ནི་བྱམས་པ་ཆེན་པོ་ཡིན་པས་དེ་བདག་གིས་རྒྱུད་ལ་གྲུབ་པར་མཛོད་ཅེས་སྨོན་ལམ་བཏབ། འབུལ་བའི་སྔགས་ནི། ༀ་འབྲུ་མཐུན། བཛྲ་རྡོ་རྗེ་པུཥྤེ་མེ་ཏོག་གྲྀཧྣ་ཟུང་། གསང་སྔགས་བླ་མེད་ཀྱི་སྐབས་འདིར་གཉིས་མེད་དོན་གྱི་མཆོད་པ་ཡིན་པས། རྡོ་རྗེ་མེ་ཏོག་གི་མཆོད་པ་འདི་ཟུང་ལ་ཅེས་པའི་དོན་ནོ། །ཧཱུྃ་བསྐྱེད་པའི་ས་བོན་ཡིན་ནོ། །རང་གི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་སེར་པོ་འཕྲོས་པས་མེ་ཏོག་བཤམ་ཟིན་ཡོང་ན་དེ་ལ་ཕོག་མེད་ན་ཡིད་སྤྲུལ་ཡིན་པས་ཧཱུྃ་དེ་ཡོངས་སུ་གྱུར་པ་ལས། ལྷ་མོ་མེ་ཏོག་མ་སེར་མོ་མེ་ཏོག་བསྣམས་པ་དཔག་ཏུ་མེད་པ་རྣམས་ཀྱི་སྐུ་ལ་མེ་ཏོག་འཐོར་བར་བསམ། ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །མཆོད་པ་ཆེན་པོ་བདུག་སྤོས་འདི་ཕུལ་བས་དེ་བཞིན་གཤེགས་པའི་དམ་ཚིག་ནི་སྙིང་རྗེ་ཆེན་པོ་ཡིན་པས་དེ་བདག་གི་རྒྱུད་ལ་གྲུབ་པར་མཛོད། ༀ་བཛྲ་དྷུ་པེ་ནི་བདུག་སྤོས། གྲྀཧྣ་ཧཱུྃ་བདག་གི་ཐུགས་ཀ་ནས་ཧཱུྃ་སྔོན་པོ་འཕྲོས་པས་ལྷ་མོ་བདུག་སྤོས་མ་སྔོན་མོས་བདུག་སྤོས་བསྣམས་ནས་ཤངས་ལ་མཆོད། ༀ་ཨཱཿཧཱུྃ། རབ་ཏུ་བདག་བའི་བདག་ལ་ཕྱག་འཚལ་ལོ། །མཆོད་པ་ཆེན་པོ་མར་མེ་འདི་ཕུལ་བས། དགའ་བ་ཆེན་པོ་བདག་གི་རྒྱུད་ལ་གྲུབ་པར་མཛོད། ༀ་བཛྲ་ཨཱ་ལོ་ཀེ་མར་མེ། གྲྀཧྣ་ཧཱུྃ་ཧཱུྃ་དམར་མོ་ལས་མར་མེ་མ་དམར་མོས་མར་མེ་བསྣམས་ནས་སྤྱན་ལ་མཆོད། ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །མཆོད་པ་ཆེན་པོ་དྲི་ཆབ་འདི་ཕུལ་བས། བཏང་སྙོམས་ཆེན་པོ་བདག་གི་རྒྱུད་ལ་གྲུབ་པར་མཛོད། ༀ་བཛྲ་གྷནྡྷེ་ནི་དྲི་ཆབ་གྲྀཧྣ་ཧཱུྃ་ཧཱུྃ་ལྗང་ཀུ་ལས་དྲི་ཆབ་མ་ལྗང་ཀུ་དྲི་ཆབ་ཐོགས་ནས་ཕྱག་དང་ཞབས་ལ་འབུལ། ནང་སྒེག་བཞིའི་མཆོད་པ་ནི། ༀ་བཛྲ་ལཱ་སྱེ་སྒེག་མོ། ཧཱུྃ་བསྐྱེད་པའི་ས་བོན་སྟེ། བདག་གི་ཐུགས་ཁ་ནས་ཧཱུྃ་དཀར་མོ་ལས། ལྷ་མོ་སྒེག་མོ་དཀར་མོ་མེ་ལོང་བསྣམས་པ་བྱུང་ནས་གཟུགས་ཀྱི་མཆོད་པ་འབུལ། ༀ་བཛྲ་མཱ་ལྱེ་ཕྲེང་བ་ཏྲཱཾ་བསྐྱེད་པའི་ས་བོན་སྟེ། ཐུགས་ཀ་ནས་ཏྲཱཾ་སེར་པོ་ལས་ལྷ་མོ་ཕྲེང་བ་མ་སེར་མོ་ཕྱག་ན་རིན་པོ་ཆེའི་ཕྲེང་བ་བསྣམས་པ་བྱུང་ནས་དེ་བཞིན་གཤེགས་པའི་དབུ་ལ་ཐོད་དུ་བཅིང་། ༀ་བཛྲ་གཱིརྟི་གླུ་མ། ཧྲཱི་བསྐྱེད་པའི་ས་བོན་སྟེ། ཐུགས་ཀ་ནས་ཧྲཱི་དམར་པོ་ལས་ལྷ་མོ་གླུ་མ་དམར་མོ་ཕྱག་ན་པི་ཝྃ་བསྣམས་པ་བྱུང་ནས་སྒྲའི་མཆོད་པ་འབུལ། ༀ་བཛྲ་ནཱིརྟི་གར་མ། ཨ་བསྐྱེད་པའི་ས་བོན་སྟེ། ཐུགས་ཀ་ནས་ཨ་ལྗང་ཀུ་ལས་ལྷ་མོ་གར་མ་ལྗང་ཀུ་ཕྱག་ན་གར་གྱི་ཕོ་རུ་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་བསྣམས་ནས་རོའི་མཆོད་པ་འབུལ་ལོ། །གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི། སྦྱང་བྱ་སྡིག་པ་སྒོ་དྲུག་དེ། སྦྱང་བྱེད་གཉེན་པོ་སྟོབས་བཞི་ཡིས་བྱང་ཚུལ་སྦྱོར་དངོས་རྗེས་གསུམ་ཡིས། རང་བཞིན་དག་པ་སྔོན་དུ་བྱ། །ཅེས་པས། དང་པོ་སྡིག་པའི་སྒོ་དྲུག་ནི། རྒྱུའི་སྒོ་ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླང་བ། འདྲིམ་པའི་སྒོ། ལུས་ངག་ཡིད་གསུམ། ཡུལ་གྱི་སྒོ་མཁན་སློབ་ཕ་མ་མན་ཆད། སེམས་ཅན་ཕལ་བ་ཡན་ཆད། བྱས་པ་པོའི་སྒོ། རང་གི་བྱས་པ། གཞན་ལ་བྱེད་དུ་བཅུག་པ། གཞན་གྱི་བྱས་པ་ལ་རྗེས་སུ་ཡི་རང་དང་བཅས་པ། དུས་ཀྱི་སྒོ། ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་དུ་སྡིག་པ་གང་བྱས་པ། གྲངས་ཀྱི་སྒོ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད། ཁ་ན་མ་ཐོ་བ་གསུམ། མི་དགེ་བཅུ། དེ་རྣམས་བཤགས་དགོས། སྟོབས་བཞི་ལས། རྟེན་གྱི་སྟོབས་ནི། སྤྱིར་དཀོན་མཆོག་གི་རྟེན་དྲུང་དུ་བཤགས་དགོས་ཀྱང་། འདིར་བླ་མ་ཞི་ཁྲོའི་དཀྱིལ་འཁོར་དང་བཅས་པ་དཔང་པོར་བཞུགས་ལ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྦྱོར་བའི་དུས་སུ་བཤགས་སེམས་སྐྱེ་བ་དང་། དངོས་གཞིའི་དུས་སྡིག་པའི་དངོས་པོ་གང་བྱས་ཐམས་ཅད་དོ། །སུན་འབྱིན་པའི་སྟོབས་ནི། སྡིག་པ་སུན་ཕྱུང་བ་དང་། གང་ཟག་སུན་ཕྱུང་བ་གཉིས་ལས། དང་པོ་སྡིག་པ་སུན་ཕྱུང་བ་ནི། སྡིག་པ་བྱས་པ་དུག་ཁོང་དུ་སོང་བ་བཞིན་ཏུ་རེ་མ་ལེགས་བསམ་པའི་འགྱོད་པ། གང་ཟག་སུན་ཕྱུང་བ་ནི། སྡིག་པ་གང་བྱས་ངག་ཐོག་ཏུ་བརྗོད་ཅིང་བཤགས་ལ། སོར་ཆུད་པའི་སྟོབས་ནི། ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པ་མི་བྱེད་པའི་དམ་བཅའ་བའོ། །སྦྱོར་དངོས་རྗེས་གསུམ་ནི། སྦྱོར་བའི་དུས་སུ་སེམས་བསྐྱེད་ཅིང་། བཤགས་སེམས་བསྐྱེད་ལ། དངོས་གཞི་སྡིག་པ་བཤགས་པ་ལ། རང་གི་ཐལ་མོ་སྦྱར། ཙོག་པུར་བསྡད་ལ། རང་གཞན་གྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས། ད་ལྟ་ལ་ཐུག་གི་བར་དུ་སྡིག་པ་མི་དགེ་བ་ཅི་བྱས་པ་ལ་ཡི་རང་དང་བཅས་པ། སྡོམ་པ་གསུམ་གྱི་ཆག་ཉམས་འགལ་འཁྲུལ་དུ་གྱུར་པ། ཁྱད་པར་དུ་རྩ་བ་ཡན་ལག་གི་དམ་ཚིག་ཆག་ཉམས་ཐམས་ཅད་བཤགས་པར་བསམ་ལ། ན་མོ་ཞེས་ཕྱག་འཚལ་སྟེ། གང་ལ་འཚལ་ན་བཤགས་པའི་དཔང་པོ་ལ་འཚལ་ཞིང་། བཤགས་ཚུལ་དངོས་ནི། བདག་གི་དུས་ཚེ་རབ་ཐོག་མ་མེད་པ་ནས། ཐ་མ་ད་ལྟ་ཡན་ཆད་དུ་མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད། ཁ་ན་མཐོ་བ་གསུམ། མི་དགེ་བ་བཅུ་ལ་སོགས་པ་སྡིག་པ་གང་སྤྱད་པ་དང་། ཉན་ཐོས་ཀྱི་འདུལ་ཁྲིམས་བྱང་ཆུབ་སེམས་དཔའི་སྡོམ་པ་ཉམས་ནས་ཞིག་པ་དང་། ཕྱི་ནང་གི་དམ་ཚིག་ཉམས་པ་དང་། ཁྱད་པར་དུ་ཉོན་མོངས་པ་ཆེ་ཞིང་བག་མེད་སྤྱོད་པའི་དབང་དང་། ལེ་ལོའི་དབང་དུ་སོང་བས། གསང་སྔགས་བླ་མེད་རང་གཞུང་གི་དམ་ཚིག་རྩ་བ་ཡན་ལག་ལ་སོགས་པའི་བསྲུང་བྱ་རྣམས། སྔར་དབང་བསྐུར་བའི་སྐབས་སུ་དམ་བཅའ་ཞིང་འདིར་བསྲུང་མ་ཐུབ་ནས། ཞིག་སྟེ་རྩ་བ་ནས་ཉམས་པ་དང་། སྣ་རེ་ཞིག་ནས་རལ་ལ། སྣ་འགའ་རེ་ཞིག་ནས་ཉམས་པ། ཤེས་བཞིན་དུ་ཁྱད་དུ་བསད་ནས་ཡལ་བར་དོར་བས་དམ་ལས་ལོག་པ་སྟེ། དེ་ལྟར་བསྲུང་བྱ་གཞུང་དུ་མ་སྙིགས་པས་སྤྱོད་པ་སྙོམས་ལས་བྱས་པས། རེས་བསྲུང་བྱ་གཞུང་དང་འགལ་ཚབས་ཆེ། རེས་འགལ་ཚབས་ཆུང་བ་རྣམས་དང་། ཉམས་པ་ཅན་དང་འགྲོགས་པ་དང་། ཉམས་པ་ཚོར་བ་དང་། མ་ཚོར་བར་ཉམས་པ་དང་། ཉམས་སོ་འཚལ་ནི་ཉམས་ཚོད་ཙམ་རེད་བསམ་པ་དང་། གཞན་ཡང་རྩ་བ་ཡན་ལག་གི་དམ་ཚིག་གྲོགས་ངན་པའི་ཟླ་ལ་ཉམས་པ་དང་། རང་གི་ཞར་ལ་ཉམས་ཤོར་བ་དང་། དྲན་དང་ཤེས་བཞིན་དང་མི་ལྡན་དུས་ཀུན་ཏུ་ཉམས་པ་རྣམས་སེམས་གནོང་ཞིང་ངག་འགྱོད་པའི་སྒོ་ནས་བཤགས་པས། བདག་ལ་གང་གི་དམ་ཚིག་སྡོམ་པ་རྣམས་ཚངས་པ་སྩོལ་ཅིག །ཤིན་ཏུ་ངག་གི་འགྱོད་ཅིང་སེམས་ཀྱི་གདུང་བའི་སྒོ་ནས་བཤགས་པར་བགྱིའོ། །རྗེས་ནི་དེ་ལྟར་བཤགས་པ་ལ་ཡིད་རང་ཞིང་། ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པ་མི་བྱེད་པར་དམ་བཅའ་ལ། རྒྱལ་བ་རྣམས་ཀྱིས་ཀྱང་བདག་ལ་སྡིག་པ་དག་པའི་གནང་བ་བྱིན་པར་བསམ་མོ། །སྡིག་པ་ལ་དགེ་བ་མེད་ཀྱང་བཤགས་ན་དག་ནས་དགེ་བ་ཡོད་པས། ཅི་ཐུབ་བཤགས་པ་ལ་འབད་དགོས་སོ། །སྡིག་པ་དག་པ་སྔོན་དུ་འགྲོ་བའི་རྒྱུ་ནི། སློབ་དཔོན་པདྨས། བྱིན་རླབས་ཀུན་གྱིས་གེགས་གྱུར་པ། སྒྲིབ་པ་རྣམ་གཉིས་ཡིན་པའི་ཕྱིར། །དེ་དག་བྱང་བ་རབ་ཏུ་གཅེས། །ཅེས་སོ། །བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི། དགེ་བའི་ནང་ནས་རྗེས་སུ་ཡི་རང་མཆོག །ཅེས་པས། གཞན་གྱིས་དགེ་བ་གང་བྱེད་ལ་རྗེས་སུ་ཡི་རང་བསྒོམ་དགོས་ཏེ། གང་དང་གང་གི་དགེ་བ་ལ་རྗེས་སུ་ཡི་རང་བསྒོམ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ས་དང་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འགྲོ་དོན་བརླབ་པོ་ཆེ་མཛད་པ་དང་འཕགས་པ་ཉན་རང་རྣམས་ཀྱིས་ཞི་བདེ་སྙོམས་འཇུག་གི་ཏིང་ངེ་འཛིན་བསྒོམ་པ་དང་། སོ་སོའི་སྐྱེ་བོའི་དགེ་བའི་རྩ་བ་གང་བསགས་པ་མ་ལུས་ཐམས་ཅད་དང་། དེ་དག་གིས་དགེ་བ་གང་བསགས་པ་ཐམས་ཅད་ལ་དུས་རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཡན་ལག་ནི། སངས་རྒྱས་གསར་བུ་འགྲོ་དོན་མ་མཛད་པ་རྣམས་ལ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་རེ་རེ་ཕུལ་ནས་ཆོས་འཁོར་བསྐོར་བར་ཞུ་བ་ཕུལ་བས་བསམ་ལ། འབྲས་བུ་མངོན་དུ་གྱུར་པ་རིང་པོར་མ་ལོན་པའི་སངས་རྒྱས་གསར་བུ་རྣམས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་སོ་འཚལ་ཐམས་ཅད་ལ། འགྲོ་བ་སེམས་ཅན་རྣམས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སླད་དུ་བླ་ན་མེད་པ་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །དྲུག་པ་མྱ་ངན་མི་འདའ་བར་བཞུགས་སུ་གསོལ་བའི་ཡན་ལག་ནི། སངས་རྒྱས་འགྲོ་དོན་རྫོགས་ནས་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ་པདྨ་འདབ་མ་སྟོང་ལྡན་རེ་རེ་གདན་དུ་འབུལ་ནས་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་མཛད་པ་ཞུ་བ་ཕུལ་བར་བསམ་ལ། གདུལ་བྱའི་དོན་བྱ་བ་ཚར་བའི་ཐུབ་པ་སངས་རྒྱས་རྣམས་ཀྱིས། དགོངས་པ་ཆོས་ཀྱི་དབྱིངས་སུ་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ཇི་སྲིད་འཁོར་བ་སྟོང་པར་མ་གྱུར་གྱི་བར་དུ། བཞུགས་ནས་མྱ་ངན་མི་འདའ་བར་གསོལ་བ་འདེབས་སོ། །བདུན་པ་བསྔོ་བའི་ཡན་ལག་ནི། བདག་གཞན་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཆེད་དུ། རང་གཞན་གྱིས་དུས་གསུམ་བསགས་པའི་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་སར་བསྔོ་བར་བསམ་ལ། ན་མོ་ཕྱག་འཚལ། བདག་གི་ཚེ་རབས་དུས་ཐོག་མ་མེད་པ་ནས། ད་ལྟ་ཡན་ཆད་དུ་དགེ་བ་ཅི་སྤྱད་པ་དང་། ཁྱད་པར་དུ་དེང་འདིར། ཕྱག་འཚལ་མཆོད་པ་འབུལ་སྡིག་པ་བཤགས་དགེ་བ་ལ་རྗེས་སུ་ཡི་རང་བ་ཆོས་ཀྱི་འཁོར་ལོ་བསྐོར་ནས་བསྐུལ་བ་མྱ་ངན་མི་འདའ་བར་གསོལ་བ་བཏབ་པའི་དགེ་བ་ཅི་སྤྱན་པ་དང་། དེ་རྣམས་ཀྱི་མཐུ་ནུས་པ་ལ་བརྟེན་ནས་བདག་དང་གཞན་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་དོན་དུ་བླ་ན་མེད་པ་བྱང་ཆུབ་ཆེན་པོའི་སར་བསྔོ་བར་བགྱིའོ། །བརྒྱད་པ་དམ་བཅའ་སྨོན་ལམ་གྱི་ཡན་ལག་ལ་གཉིས་ལས། དང་པོ་དམ་བཅའ་བ་ནི། ཡང་དག་འགྲེལ་ཆེན་ལས། རྡོ་རྗེ་རྩེ་གཅིག་ཕྱག་རྒྱའི། །དམ་བཅའི་སྡོམ་པ་གཞུང་བཞིན་སྙེག །ཅེས་པས། རྡོ་རྗེ་རྩེ་གཅིག་ཕྱག་རྒྱ་བཅའ་ལ། སྔར་དབང་ཞུ་བའི་དུས་སུ་དམ་བཅས་པ་ལ་ཞིག་རལ་བྱུང་བ་རྣམས། འདིར་དཔང་པོའི་སྤྱན་སྔར་དམ་ཚིག་སླར་བླང་སྟེ། རྩ་བ་ཡན་ལག་གི་དམ་ཚིག་རྣམས་རང་གི་སྲོག་ལ་བབ་ཀྱང་བསྲུང་བསམ་ལ། གསང་སྙིང་ལས། བླ་མེད་བྱང་ཆུབ་སེམས་ཀྱི་དམ་ཚིག་བསྐྱེད་རྫོགས་མི་སྤང་པ་དང་། བླ་མ་རྡོ་རྗེ་སློབ་དཔོན་དྲུག་བཀུར་བ་དང་། སྔགས་གསུམ་བཟླ་བ་དང་། ཕྱག་རྒྱ་བཞི་བསྒོམ་པ་རྒྱུན་མི་བཅད་པ་གསུང་གི་དམ་ཚིག་གོ། །ཡང་དག་པའི་ལམ་དུ་ཞུགས་པའི་མཆེད་ལ་བྱམས་པ་བསྐྱེད་པ་དང་། གསང་བ་བཅུ་པོ་ནི་གཞན་དོན་དུ་འགྱུར་བའི་ཕྱིར། གཞན་ལ་སྨྲ་བར་མི་བྱ་བ་ནི་ཐུགས་ཀྱི་དམ་ཚིག་སྟེ། དེ་ལྔ་ནི་རྩ་བའི་དམ་ཚིག །གཏི་མུག་འདོད་ཆགས་དང་ཞེ་སྡང་ཆེ། ང་རྒྱལ་ཕྲག་དོག་སྟེ་ཡང་དག་པའི་དུག་ལྔ་སྔགས་ཀྱི་ལྟ་སྤྱོད་དང་ཆོས་མཐུན་དུ་ཡོད་པ་དང་། ལོག་པའི་དུག་ལྔ་ལྟ་བའི་རྩིས་ཟིན་ན་ཡེ་ཤེས་ལྔ་ཡིན་པས་མི་སྤང་ངོ་། །དཀར་རྩིས་བྱང་སེམས། དམར་རྩི་རཀྟ། དྲི་ཆེན་དྲི་ཆུ་ཤ་ཆེན། འདི་ལྔ་ལ་གྲུབ་པ་བཞིའི་རྒྱན་པའི་ཕྱིར། ཡང་དག་པའི་སྣོད་བཅུད་འདི་དག་ལོངས་སྤྱོད་པར་བྱས་ཏེ་མི་དོར་རོ། །དེ་བཅུ་ནི་ཡན་ལག་གི་དམ་ཚིག་གོ། །སྨོན་ལམ་ནི་བདེ་བར་གཤེགས་པ་རྒྱལ་བ་ཞི་ཁྲོ་ཁྱེད་ཅི་འདྲ་བའི་ཞིང་ཁམས་གདུལ་བྱ་ཚད་མེད་མངའ་བ་དེ་འདྲ་ཁོ་ནར་བདག་ཀྱང་འགྲུབ་པར་གྱུར་ཅིག །སྨོན་ལམ་དེ་འགྲུབ་པའི་རྒྱུ་ལ་ལམ་གྱིས་ཆོས་སྤྱོད་པ་རྨད་བྱུང་བསམ་ཡས་པ་ཀུན་འགྲོ་བ་སེམས་ཅན་ལ་ཕན་པའི་དོན་དུ་བདག་གི་སྤྱད་དོ། །མདོར་ན་བྱང་ཆུབ་སེམས་དཔའ་སྤྱོད་མཆོག་དམ་པ་དང་། སྔགས་ཀྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི་ཉིད། བདག་གི་སྲོག་གི་ཕྱིར་ཡང་མི་གཏོང་ན། དེ་བས་རྡོ་རྗེ་རྒྱལ་པོ་ཁྱོད་ཀྱི་བྱིན་གྱིས་རློབས་ཤིག །དུས་ངན་ཐ་མའི་འཇིག་རྟེན་འདིར། སངས་རྒྱས་ཀྱི་སེམས་ཅན་གྱི་དོན་མཛད་པར་དཀའ་བ་རྣམས་ཀྱང་བདག་གིས་མཛད་བྱང་ཆུབ་སེམས་དཔའི་མགོ་དང་རྐང་ལག་བྱིན་ནས་སྤྱད་དཀའ་བ་རྣམས་ཀྱང་བདག་གིས་སྤྱད། དེ་བས་གསང་སྔགས་རྡོ་རྗེ་ཐེག་པ་རྣལ་འབྱོར་ཆེན་པོ་ཞི་ཁྲོའི་དཀྱིལ་འཁོར་བསྒོམ་པའི་སྐབས་འདིར་བདག་ཅག་གི་བསམ་པའི་འབྲས་བུ་ཐམས་ཅད་འགྲུབ་པར་གྱུར་ཅིག །ཧཱུྃ་ཞེས་བརྗོད་པས། རང་གི་ཐུགས་ཀའི་འོད་ཟེར་གྱིས་དཔང་པོའི་ལྷ་རྣམས་འོད་དུ་ཞུ་ནས། བདག་གི་སྤྱི་བོ་ནས་མར་ཐིམ། ལུས་ངག་ཡིད་གསུམ་གྱིས་སྡིག་སྒྲིབ་ཐམས་ཅད་མར་འོག་སྒོ་དང་། སོར་མོ་བཅུ་ནས་མར་བུད་ནས། རང་གི་ལུས་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བསམ། ༀ་བཛྲ་སཏྭ་ཅེས་སོགས་བརྗོད། རྒྱུན་བཤགས་ཡན་ལག་བརྒྱད་པ་རྫོགས་སོ། །གཉིས་པ་ཞི་ཁྲོའི་བཤགས་པ་ལ། དགོངས་སུ་གསོལ་བ། ཕྱག་འཚལ་བ། ཕན་ཡོན། སྙིང་པོ་བཟླས་པའི༴ བཤགས་པའི་ཡན་ལག་དང་ལྔ་ལས། དང་པོ་དགོངས་སུ་གསོལ་བའི་ཡན་ལག་ནི། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་ཚོགས་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། ནི་ངམ་ཞིང་ངོ་མཚར་བའི་ཚིག་སྟེ། གང་ལ་ངོ་མཚར་ན་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཀུན་གྱི་བདག་ཉིད་ཆེན་པོ་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་། རྒྱལ་བ་ཞི་བ་བཞི་བཅུ་རྩ་གཉིས། ཁྲོ་བོ་ཆེ་མཆོག་དཔལ་དགུ་ཡོངས་རྫོགས་དགོངས་མཛོད། གནས་འདིར་གཤེགས་ལ་ཉི་ཟླ་པདྨའི་གདན་ལ་བཞུགས། ཅེས་པའི་དོན་ནི། རང་གི་མདུན་དུ་པདྨའི་སྡོང་པོ་ལ་སྨིན་མཚམས་ཀྱི་ཐད་དུ་པད་འདབ་བརྒྱད་དུ་གྱེས་པའི་འདབ་མ་བརྒྱད་ལྟེ་བ་དང་དགུ་ལ་ཉི་ཟླ་ཕྲུག་པའི་གདན་དགུ་བསྒོམ། དེའི་དབུས་སུ་ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་བྱོན་ནས་བཞུགས་པར་བསམ། ཤར་དུ་ཡང་དག་ཐུགས། ལྷོར་འཇམ་དཔལ་སྐུ། ནུབ་ཏུ་པདྨ་གསུང་། བྱང་དུ་ཕུར་པ་ཕྲིན་ལས། ཤར་ལྷོར་མ་མོ་རྦོད་གཏོང་། ལྷོ་ནུབ་ཏུ་བླ་མ་རིག་འཛིན། ནུབ་བྱང་དུ་འཇིག་རྟེན་མཆོད་བསྟོད། བྱང་ཤར་དུ་དམོད་པ་དྲག་སྔགས། ཆེ་མཆོག་གི་དབུ་ཐོག་ཏུ་ཞི་བ་བཞི་བཅུ་རྩ་གཉིས། ཞི་བ་གཙོ་བོའི་དབུ་ཐོག་ཏུ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་ཆ་བྱད་ཅན་ལ་བརྒྱུད་པའི་བླ་མས་བསྐོར་བ་དང་བཅས་པ་བྱོན་ནས་བཞུགས་པར་བསམས་པའི་མདུན་དུ། སྡོམ་པ་གསུམ་གྱིས་ཉམས་ཆག་ན་རག་ངན་སོང་དུ་སྐྱེ་བའི་རྒྱུ་སྦྱང་བའི་ཕྱིར་ཕྱག་དང་། ཕྱི་ནང་གསང་བའི་མཆོད་པ་བཞེས་སུ་གསོལ། ཅེས་མཆོད་པ་དཔག་ཏུ་མེད་པས་མཆོད་པར་དམིགས་སོ། །གཉིས་པ་ཕྱག་འཚལ་བའི་ཡན་ལག་ནི། རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་མགོ་བོས་ཞབས་ལ་བཏུད་པས་ཕྱག་འཚལ་བར་བསམ་ལ། སྙན་པ་རྒྱུད་གདམས་ངག་གི་གནད་མ་ཆུག་པ། བྱིན་རླབས་ཉམས་རྟོགས་ཀྱི་དྲོད་མ་ཡལ་བ། བླ་མ་བརྒྱུད་པའི་ཟམ་མ་ཆད་པ། དབང་བཞིའི་ཆུ་རྒྱུན་མ་ནུབ་པ་སོགས་ཡོན་ཏན་ཕུན་གསུམ་ཚོགས་པ་མངའ་བ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །འཁོར་འདས་ཕྱོགས་གཅིག་ཏུ་དམིགས་སུ་མེད་ཅིང་སྤྲོས་པའི་མཐའ་བརྒྱད་དམ་བཞི་དང་བྲལ་བའི་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །སྣང་སྟོང་དབྱེར་མེད་བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །འགྲོ་བ་སེམས་ཅན་གྱི་མགོན་སྐྱབས་དང་དཔུང་གཉེན་གང་འདུལ་ཐབས་ཀྱི་སྒོ་ནས་ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་དུས་དགོངས་པ་གནས་ལུགས་མི་འགྱུར་བ་སྐྱེ་འཇིག་དང་བྲལ་བ་ལ་མ་གཡོས་པས་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །ཡང་དག་པའི་དོན་སྐུ་གསུམ་ལྷུན་གྲུབ་རང་རིག་པའི་མངོན་གསུམ་དུ་སྣང་བ་མངོན་པར་བྱང་ཆུབ་པའི་སྐུ་ལ་ཕྱག་འཚལ་ལོ། །ཉོན་མོངས་རྣམ་རྟོག་ཞི་བར་མཛད་པའི་ཞི་བའི་ལྷ་ལ་ཕྱག་འཚལ་ལོ། །བདུད་རུ་ཏྲ་ལ་སོགས་ལོག་པར་ལྟ་བ་རྣམས་ཚར་གཅོད་པར་མཛད་པའི་ཁྲོ་བོའི་སྐུ་ལ་ཕྱག་འཚལ་ལོ། །ཐབས་མཁས་པའི་སྒོ་ནས་སྐྱེ་འགྲོ་རྣམས་ཀྱི་ཚེ་སྲོག་གི་བདག་པོ་ནི་གཤིན་རྗེ་ཡིན། དེའི་གཤེད་དུ་གྱུར་པས་སེམས་ཅན་གྱི་དཔལ་མགོན་དུ་གྱུར་པ་སྐུ་ལ་འགྱུར་བ་མི་མངའ་བས་ཚེ་བདག་འཇམ་དཔལ་སྐུ་ལ་ཕྱག་འཚལ་ལོ། །ཉེས་པའི་སྐྱོན་དང་བྲལ་ཞིང་གསུང་འགག་པ་མེད་པས་ཐེག་སྒོ་སྣ་ཚོགས་ཀྱི་སྒྲ་སྒྲོགས་ཀྱང་ཉེས་སྐྱོན་གྱིས་མ་གོས་པས་པདྨའི་གསུང་ལ་ཕྱག་འཚལ་ལོ། །ཐུགས་འཁྲུལ་པ་མེད་པ་ཡང་དག་པའི་ཆོས་ཉིད་ཀྱིས་དོན་དང་ལྡན་པས་བཛྲའི་ཐུགས་ལ་ཕྱག་འཚལ་ལོ། །ཡོན་ཏན་གྱི་ཉོན་མོངས་པ་དུག་ལྔའི་ནད་སེལ་བར་བྱེད་པས་བདུད་རྩི་སྨན་ལ་ཕྱག་འཚལ་ལོ། །ཕྲིན་ལས་ཀྱི་དྲེགས་པ་ཅན་ཐམས་ཅད་འཇོམས་པར་མཛད་པ་ཕུར་པའི་ལྷ་ལ་ཕྱག་འཚལ་ལོ། །འབྱུང་བའི་མངའ་བདག་མ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ས་དང་ལམ་ཡོངས་སུ་རྫོགས་པར་མཛད་པའི་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་བསྟན་པ་བསྲུང་བར་མཛད་པའི་དམ་ཅན་སྡེ་དཔོན་སུམ་ཅུ་པོ་རྣམས་ལ་ཕྱག་འཚལ་ལོ། །སྡང་བྱེད་ཀྱི་དགྲ་གནོད་བྱེད་ཀྱི་བགེགས་བར་དུ་གཅོད་པའི་བདུད་རྣམས་འདུལ་བར་མཛད་པའི་སྔགས་བདག་དྲེགས་པའི་སྡེ་དཔོན་བཅོ་བརྒྱད་པོ་རྣམས་ལ་ཕྱག་འཚལ་ལོ། །གསུམ་པ་ཕན་ཡོན་གྱི་ཡན་ལག་ནི། སེམས་ཅན་གང་གི་རྒྱལ་བ་ཞི་ཁྲོའི། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་མཚན་ཐོས་ཕྱག་མཚལ་ན། དམ་ཚིག་ཆག་ཉམས་མ་ལུས་པ་ཀུན་བྱང་ནས་དག་ན། མཚམས་མེད་ལྔའི་ལས་བྱས་པ་དག་པ་ལ་སྨོས་ཅི་དགོས་སྟེ་དག་པར་འགྱུར་ལ། ཞི་ཁྲོའི་དཀྱིལ་འཁོར་གྱི་མཚན་ཐོས་ན་ན་རཀ་ངན་སོང་གསུམ་གྱི་གནས་ན་འདུག་པ་རྣམས་ཀྱང་དོང་ནས་སྤྲུག་སྟེ། འོ་ན་ངན་སོང་དུ་ཐར་བར་མཐོ་རིས་སུ་སྐྱེའམ་ཞེ་ན། རིག་འཛིན་ཐོབ་ནས་རྒྱལ་བའི་ཞིང་དུ་གྲགས་ཏེ་སངས་རྒྱས་སོ། །བཞི་པ་སྙིང་པོ་བཟླས་པའི་ཡན་ལག་ནི། རྡོ་རྗེ་སེམས་དཔའི་གསང་སྔགས་ཡི་གེ་བརྒྱ་པ་དངོས་འདི་བཟླས་ན། ལས་ངན་པའི་སྒྲིབ་པ་དང་། དམ་ཚིག་ཆག་ཉམས་ཀྱི་སྒྲིབ་པ་ཐམས་ཅད་དག་པར་བྱེད་པ་དང་། འཁོར་བ་དོང་ནས་སྤྲུག་པར་བྱེད་པའི་ཡང་སྙིང་འདི་བཟླའོ། །དེ་ཡང་རང་གི་སྤྱི་བོར་པད་ཟླ་ཉི་མ་གསུམ་བརྩེགས་ཀྱི་སྟེང་དུ། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་གཡོན་དྲིལ་བུ་ཐུགས་ཀར་བསྣོལ་བ། ཞབས་ཕྱེད་དཀྱིལ། ཞབས་གཡས་ཀྱི་མཐེ་བོང་སྤྱི་གཙུག་དུ་རེག་པ། རལ་པ་ཐོར་ཚུག་གྱེན་དུ་བཅིང་པ་ལྷག་མ་ཐུར་དུ་གྲོལ་བ་རིན་པོ་ཆེའི་སྲོག་ཞུ་གསོལ་བ། སྤྱི་བོར་ཟླ་བའི་སྟེང་དུ་ༀ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་དཀར་པོ་རྡུལ་ཆུའི་མདོག་ལྟ་བུ་དཀར་རྩེ་རེ་དེ་ལ་ཡི་གེ་བརྒྱ་པ་ཁ་དོག་དཀར་པོས་གཡས་སུ་འཁོར་བ། ཡིག་འབྲུ་གསུམ་ལ་འོད་བྱུང་ནས་བདག་གི་ལུས་ངག་ཡིད་གསུམ་ལ་ཕོག་པས་ཆག་ཉམས་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། གཞན་ཡང་འོག་གི་ཡི་གེ་བརྒྱ་པ་བཟླ་བའི་དུས་སུ། རྡོ་རྗེ་སེམས་དཔའི་ཐུགས་ཀའི་ཡི་གེ་བརྒྱ་པ་ལས་བདུད་རྩི་བྱུང་། རྐང་པ་གཡས་པའི་མཐེ་བོང་ནས་བདག་གི་ཚང་བུག་དུ་མར་ཐིམ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་རྐང་མཐིལ་དང་སེན་བྲགས་རྣམས་ནས་མར་འོད་ནག་པོའི་ཚུལ་དུ་བུད་པར་བསམ། རང་གི་ལུས་ཀྱང་ཤེལ་ཕྱིས་པ་ལྟར་དཀར་སང་གྱིས་སོང་བར་བསམ། དཔང་པོ་རྣམས་ཀྱི་ཐུགས་ཀ་ནས་བདུད་རྩིའི་ཆུ་རྒྱུན་བྱུང་ནས་སྡིག་སྒྲིབ་དག་པར་བསམ། བཟླས་པ་དངོས་ནི། ༀ་ཨཱཿཧཱུྃ་སྭཱ་ཧཱ་ལྔ་བྱུང་ནས་རང་གི་གནས་ལྔར་ཐིམ་པར་བསམ་ལ། ༀ་སྔར་བཞིན་ནོ། །བཛྲ་སཏྭ་ས་མ་ཡ་ནི་རྡོ་རྗེ་སེམས་དཔའི་དམ་ཚིག །མ་ནུ་པ་ལ་ཡ་ནི་རྗེས་སུ་སྐྱོངས་ཤིག །བཛྲ་ས་ཏྭ་ཏི་ནོ་པ་ཏིཥྛ་ནི་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཉེ་བར་ཞུགས་ཤིག །དྲྀ་ཌྷོ་མེ་བྷ་ཝ་ནི་བདག་ལ་བརྟེན་པར་གྱུར་ཅིག་པའོ། །སུ་པོཥྱོ་མི་བྷ་ཝ་ནི་བདག་ལ་རྒྱས་པར་གྱུར་ཅིག །སུ་ཏོ་ཥྱོ་མེ་བྷ་ཝ་ནི་བདག་ལ་ཤིན་དུ་དགྱེས་པར་གྱུར་ཅིག །ཨ་ནུ་རཀྟོ་མེ་བྷ་ཝ་ནི་བདག་ལ་རྗེས་སུ་ཆགས་པར་གྱུར་ཅིག །སརྦ་སིདྡྷི་མྨེ་པྲ་ཡཙྪ་ནི་དངོས་གྲུབ་ཐམས་ཅད་བདག་ལ་རབ་ཏུ་སྩོལ། སརྦ་ཀརྨ་སུ་ཙ་མེ་ནི་བདག་ལ་ལས་ཐམས་ཅད་རྩོལ་པར་མཛོད་ཅིག །ཙིཏྟཾ་ཤྲེ་ཡཿཀུ་རུ་ནི་སེམས་ཀྱི་དཔལ་དུ་མཛོད་ཅིག །ཧཱུྃ་ནི་བཞུགས་པའི་ས་བོན་ཡིན། ཧ་ཧ་ཧ་ཧ་ནི་ཡེ་ཤེས། ཧོ་ནི་མཉེས་ཤིང་དབང་དུ་གྱུར་ཅིག །བྷ་ག་ཝཱན་ནི་བཅོམ་ལྡན་འདས། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། བཛྲ་མཱ་མེ་མུཉྩ་ནི་རྡོ་རྗེས་བདག་རབ་ཏུ་གྲོལ་བར་མཛོད་ཅིག །བཛྲཱི་བྷ་ཝ་ནི་རྡོ་རྗེ་ཅན་དུ་གྱུར་ཅིག །མ་ཧཱ་ས་མ་ཡ་སཏྭ་ཨཱཿདམ་ཚིག་ཆེན་པོའི་སེམས་དཔའ་ཞེས་པའོ། །ལྔ་པ་བཤགས་པའི་ཡན་ལག་ལ། ཀུན་རྫོབ་བཤགས་པ་དང་། དོན་དམ་བཤགས་པ་གཉིས་ལས། དང་པོ་ཀུན་རྫོབ་བཤགས་པ་ནི། དཔང་པོའི་མདུན་དུ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ངག་བཤགས་ཚིག །ཡིད་འགྱོད་སེམས་དང་བཅས་པས་བཤགས་པ་ནི། ཧོ་ནི་དགྱེས་པ་སྟེ། བཤགས་སེམས་སྐྱེས་ནས་བཤགས་པ་ལ་དགའ་བ་སྟེ། བདེ་གཤེགས་རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་རིག་འཛིན་བརྒྱུད་པའི་བླ་མ་དང་བཅས་པ་རྣམས་ཀྱི། ཞལ་གྱིས་ཕྱོགས། སྤྱན་གྱིས་གཟིགས། ཐུགས་ཀྱིས་དགོངས། སྙན་གྱིས་གསན་དུ་གསོལ་བྱ་བ་སྟེ། བདག་གིས་རྒྱལ་བའི་བཀའ་ནས་ཅི་ལྟར་འབྱུང་བ་བཞིན་མ་སྤྱོད་པ་དང་། བླ་མའི་ཞལ་ནས་ལུང་ཅི་ལྟར་འབོག་པ་བཞིན་དུ་མ་སྤྱད་པའི་ཐོག་ནས་སློབ་དཔོན་སྨད་པ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི་མཆེད་དང་ལྕམ་དྲལ་མིང་སྲིང་ལ། ལྟ་ལོག་ནི་ལོག་ལྟ་བྱེད་པ་དང་། ངན་སེམས་འཆང་། ཚིག་ངག་ཏུ་སྨྲ་བ་དང་། བརྡེག་པ་དང་། གཙོགས་པ་ནི་མགོ་དང་རྐང་ལག་བཅག་པ་ལ་སོགས། གནོད་པ་དངོས་སུ་སྤྱད་པ་ནི་སྐུའི་དམ་ཚིག་ཉམས་པ་དང་། ཡི་དམ་གྱི་ལྷའི་སྐུ་ཕྱག་རྒྱ་དང་། དེའི་དཀྱིལ་འཁོར་བསྒོམ་པ་རང་གི་ཉམས་སུ་མ་གསལ་བ་དང་། སྔགས་ཀྱི་ཛཔ྄་བཟླས་མ་དག་ནས་ལྷག་ཆད་དང་། ཚིག་ཟུར་ཆགས་པ། སྒྲ་ཉམས་པ་སྟེ་གསུང་གི་དམ་ཚིག་ཉམས་པ་དང་། གསང་བར་འོས་པ་དང་། གསང་བ་གཉེར་གཏད་པ་རྣམས་སྨྲས་པ་དང་། གཞན་ཡང་སྤྱིར་གསང་བ་བཞི། བར་གསང་བཞི་དང་། གང་གི་གསང་བར་འོས་པ་དང་། གཉེར་གཏན་གཉིས་དང་གསང་བ་བཅུ་པོ་གཞན་ལ་སྒྲགས་ཅིང་བླ་མ་བསླུ་བ་སྟེ་ཐུགས་ཀྱི་དམ་ཚིག་གོ། །དེ་ལྟར་སྐུ་གསུང་ཐུགས་རྩ་བ་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས་སོ། །སྦྱོར་སྒྲོལ་མ་བྱིན་ལེན་པ་དང་ངག་བརླིང་པོ་རྫུན་དུ་སྨྲ་བ་སྟེ། སྤྱད་པར་བྱ་བའི་དམ་ཚིག་ལྔ། ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ། མི་སྤང་ལྔ་དང་དང་བླང་ལྔ་སྟེ། ཁྱད་པར་ཡན་ལག་གི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས་སོ། །གཞན་ཡང་བསྙེན་པ་དང་ཉེ་བའི་བསྙེན་པ་དང་། བསྒྲུབ་པ་དང་བསྒྲུབ་པ་ཆེན་པོའི་ཏིང་ངེ་འཛིན་གྱི་དམ་ཚིག་གཡེལ་ཞིང་། ཉ་དང་གནམ་སྟོང་ལ་སོགས་དུས་བཟང་དྲུག་གི་དུས་སུ་མཆོད་པ་མ་བྱས་ནས་ཆགས་པ་དང་། ཚེ་ཕྱི་མའི་ཆོས་ཕྱོགས་ལེ་ལོ་ཆེན་པོ་དང་། འཇིག་རྟེན་འདི་ཆེད་དུ་གཉེར་ནས་ནོར་རྫས་ལ་བསོགས་འཇོག་བྱས་པ་དང་། ཚོགས་ཀྱི་སྦྱང་ཀུ་བྱས་པ་ནི་རྗེ་བཙུན་མའི་ཚོགས་མཆོད་ཀྱི་ནང་ནས་སྔར་ཚོགས་གྲལ་དུ་མ་འདུག་ཤིང་དཀྱིལ་ཆོག་མ་བསྒོམ་པར་ཚོགས་སྤྲུམ་འོང་བ་ལ་ཟེར་རོ། །གཞན་ཡང་ཕུད་ལ་བཞག་ཅིང་ལྷག་མ་ལ་འཕྲི་བར་བྱས་ནས་ཕུད་ཉམས་ཤིང་ཁ་ཚར་ཤོར་བ་ནི་སྦག་པ་སྟེ། དེ་ལྟར་ཚོར་བ་དང་མ་ཚོར་བའི་རྐྱེན་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་གསུམ་བག་མེད་པས་དམ་ཚིག་ཉམས་པ་ཐམས་ཅད་བཤགས་སོ། །དོན་དམ་པའི་བཤགས་པ་ནི། ཡིད་ཀྱི་དམ་ཚིག་ཉམས་པ་ལྟ་བས་བཤགས་དགོས་སྟེ། དེ་ཡང་འཁོར་འདས་ཀུན་གྱི་གཞི་བྱང་ཆུབ་ཀྱི་སེམས་སྣང་སྟོང་དབྱེར་མེད་དུ་གནས་པས། དེ་བས་སྣང་བ་ཀུན་རྫོབ་ཀྱིས་ཕྱོགས་སུ་མ་ཆད་པ་ཡིན་པ་མེད་སྟེ་སྟོང་དུས་སྣང་བའི་རྩིས་ཀྱིས་ཟིན་པའི་ལྟ་བ་རྟོགས་ཅིང་། སྟོང་པ་དོན་དམ་གྱི་ཕྱོགས་སུ་རྒྱ་མ་ཆད་པ་མིན་ཏེ་སྟོང་པ་ཉིད་སྣ་ཚོགས་སུ་ཤར་བ་མིན་པ་མེད་པའི་དགོངས་པ་ཉམས་སུ་ལོན་ནས་སྒོམ་པས་ཡིན་པའི་ལྟ་བ་དང་། མིན་པ་མེད་པའི་སྒོམ་པ་གཉིས་ཡ་མ་བྲལ་བར་ཁྱེར་བའི་སྤྱོད་པ་རྟོགས་པས། འབྲས་བུ་ཐོབ་དུ་རེ་བ་མི་ཐོབ་དུ་དོགས་པ་མེད་པའི་གཞི་དོན་བྱང་ཆུབ་སེམས་དེ་མངོན་དུ་གྱུར་ནས་འབྲས་བུ་སྟེ། དེ་ལྟར་དུ་རྟོགས་པས་རྩ་བ་དང་ཡན་ལག་ཐམས་ཅད་ཀྱིས་དམ་ཚིག་ཆག་ཉམས་དང་པོར་མ་བྱུང་བར་དུ་མ་སྐྱེས་པས། བཤགས་བྱའི་ཡུལ་དང་བཤགས་བྱེད་ཀྱི་མཁན་པོ་གཉིས་སུ་མེད་པ་གྲོལ་བའོ། །ཅེས་བཀའ་སྩལ་ཏོ། །ཆགས་ཉམས་བཤགས་པའི་མདོ། ན་རག་དོང་སྤྲུག་དཔལ་གསང་བ་འདུས་པའི་རྒྱུད་དུ། ཀུན་བཟང་ཆེ་མཆོག་གིས་གསུངས་པ་རྫོགས་སོ། །གསུམ་པ་མཎྜ་ལ་འབུལ་བ་ལ་གཉིས་ཏེ། བརྟགས་པ་དང་། འབུལ་བའོ། །དང་པོ་ནི་མཚན་དང་། འོད་ལ་བརྟགས་པའོ། །དང་པོ་ལ། རང་ས་དང་། འཁོར་ས། ནོར་ས་གསུམ་མོ། །འོད་ལ། སྐྱོན་དང་། ཡོན་ཏན་ལ་སོགས་པ་སྟེ། དེ་རྣམས་ཞིབ་པར་ཞལ་ལས་ཤེས་པར་བྱའོ། །གཉིས་པ་འབུལ་བ་ལ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་ཞིང་གི་མཎྜལ་དང་གསུམ་ཡོད་པ་ལས། ཆོས་སྐུ་ཞིང་གི་མཎྜལ་ནི་ལོགས་སུ་ཤེས་ལ། འདིར་མཎྜལ་རིམ་གསུམ་ནི། ལོངས་སྐུ། སྤྲུལ་སྐུ། གསོལ་འདེབས་དང་གསུམ་ལས། དང་པོ་ལོངས་སྐུ་ཞིང་གི་མཎྜལ་ལ་ཡང་། བསྒྲུབ་པ་ཞིང་གི་མཎྜལ་དང་། མཆོད་པ་ཞིང་གི་མཎྜལ་གཉིས་ཁས། དང་པོ་ནི། རང་ཡི་དམ་དུ་གསལ་བའི་སྨིན་མཚམས་ནས་ཡི་གེ་བྷྲཱུྃ་གཅིག་སྤྲོས་པ་འོད་དུ་ཞུ་བ་ལས། རིན་པོ་ཆེའི་ས་གཞི། མནན་ན་ནེམ་པ། བཏེགས་ན་འཕར་བ། མིག་མང་རིས་སུ་བྲིས་ལ། རྒྱ་མདོ་ཐམས་ཅད་རིན་པོ་ཆེའི་ཚོམ་བུས་སྤྲས་པ། མིག་གི་བལྟར་མི་བཟོད་པའི་འོད་དང་ལྡན་པའི་དབུས་སུ། རིན་པོ་ཆེའི་ཁྲི་སེང་གེ་བརྒྱད་ཀྱིས་ཉེ་བར་བཏེགས་པ། རིན་པོ་ཆེའི་མཛོད་མིག་བདུན་བདུན་དང་ལྡན་པ། གདུང་མ་ཟུང་སྒྲིལ་དུ་འཁོར་བ། རིན་པོ་ཆེའི་དྲྭ་བས་ཁྲི་ཁེབ་བྱས་པ། དེའི་སྟེང་དུ་པད་ཟླ་ཉི་མ་གསུམ་བརྩེགས་ཀྱི་སྟེང་དུ་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། དེའི་ཤར་ཕྱོགས་སུ་གླང་པོ་ཆེ་བརྒྱད་ཀྱིས་བཏེགས་པའི་གདན་དྲུག་བརྩེགས་ཀྱི་སྟེང་དུ། ཡི་དམ་ལྷ་ཚོགས་རྣམས་ལ་ཆོས་སྐྱོང་བའི་སྲུང་མས་བསྐོར་བ། གཡས་སུ་རྟ་མཆོག་བརྒྱད་ཀྱི་བཏེགས་པའི་གདན་དྲུག་བརྩེགས་ཀྱི་སྟེང་དུ། སངས་རྒྱས་དཀོན་མཆོག་སྐུ་གསུམ་གྱི་བསྡུས་པ་རྣམས་བསམ། རྒྱབ་ཏུ་རྨ་བྱ་བརྒྱད་ཀྱིས་བཏེགས་པའི་གདན་དྲུག་བརྩེགས་ཀྱི་སྟེང་དུ། ཆོས་དཀོན་མཆོག་རྒྱུ་འབྲས་ལམ་གསུམ་གྱི་བསྡུས་པ་རྣམས་གསེར་གྱི་ཤོག་གུ་ལ་བཻཌཱུརྱའི་ཞུན་མས་རང་ནན་དུ་ཕྲིས་པའི་གླེགས་བམ་རང་སྒྲ་གྲགས་པ་རྣམས་བསམ། གཡོན་དུ་ཤང་ཤང་བརྒྱད་ཀྱིས་བཏེགས་པའི་གདན་དྲུག་བརྩེགས་ཀྱི་སྟེང་དུ། དགེ་འདུན་དཀོན་མཆོག་རིག་པ་འཛིན་པ་རྣམས་དང་། ཐར་ལམ་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ཟག་པ་མེད་པ་རྣམས་དང་། འཕགས་པ་དགྲ་བཅོམ་པ་རྣམས་དང་། གཞན་ཡང་ས་དང་ལམ་ལ་གནས་པ་རྣམས་བསམ། མཆོད་པ་ཞིང་གི་མཎྜལ་ནི། དེ་དག་གི་མངའ་རིས་དང་སྤྱན་ལམ་དུ། འདོད་པའི་ཡོན་ཏན་ཐམས་ཅད་ནམ་མཁའ་ལ་སྤྲིན་བཞིན་དུ་འབྱུང་བ། བར་སྣང་ལ་ཆར་བཞིན་དུ་འབབ་པ། ས་གཞི་ལ་རྩི་ཤིང་བཞིན་དུ་སྐྱེས་པ། འདོད་དགུ་ཐམས་ཅད་འབྱུང་བའི་ས་གཞི། ཆོས་ཀྱི་དབྱིངས་ཀྱི་ཁྱབ་ཚད་དང་མཉམ་པ། བླ་མ་དང་དཀོན་མཆོག་ལ་འབུལ་བར་བསམ་ལ། མཉེས་པར་བྱེད་པས་མཆོད་པ། སྣང་གྲགས་མཆོད་པའི་རྫས་སུ་མི་འདའ་བས་ཕྱག་རྒྱ་མཆོད་པ་གཞན་པས་ཁྱད་པར་དུ་གྱུར་པ་ཆེན་པོ་འདི་ནི། སེམས་ཀྱི་ཆོ་འཕྲུལ་ཡིད་བཞིན་གྱིས་ནོར་བུ་ལྟ་བུ་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱི་མཆོད་པར་བྱའོ། །དེ་ཡང་བདག་གི་ཐུགས་ཀ་ནས་བྷྲཱུྃ་ཕྱོགས་བཅུར་འཕྲོས་པས། ས་གཞི་ཐམས་ཅད་ལ་ཕོག་པས་སངས་རྒྱས་ཀྱིས་ཞིང་ཁམས་རྣམ་པར་དག་པ། མཉེན་ཞིང་འཇམ་ལ་རེག་ན་ཤིན་ཏུ་བདེ་བ་དང་ལྡན་པའི་འོག་གཞི་སྣ་ཚོགས་པའི་རིན་པོ་ཆེའི་ས་གཞི་མནན་ན་ནེམས་པ། བཏེགས་ན་འཕར་བ། མཛེས་པར་བྱེད་པའི་རིང་མིགས་མང་རིས་སུ་བྲིས་ཞིང་སྣ་ཚོགས་རིན་པོ་ཆེ་དུ་མས་སྤྲས་པ་དང་། ཏྲཱྃ་འཕྲོས་པས་རི་ཐམས་ཅད་ལ་ཕོག་པས་ཡོན་ཏན་ཀུན་འབྱུང་བའི་ནོར་བུ་རིན་ཆེན་གྱི་ཕུང་པོ་འོད་འབར་བར་བསམ། ཨཿསྤྲོས་པས་ཆུ་ཐམས་ཅད་ལ་ཕོག་པས་དབྱིབས་ལེགས་པའི་རྫིང་བུ་བང་རིམ་གསུམ་སྒོ་དང་ལྡན་པའི་ནང་དུ་རོ་བྲོ་བའི་མཆོག་ཏུ་གྱུར་པ་བསིལ་ཟིང་། དྭངས་བའི་ཆུ་ཡན་ལག་བརྒྱད་ལྡན་དུ་བསམ། བྷྲཱུྃ་སྤྲོས་པས་ཁང་ཁྱིམ་སྒྲ་གུར་ཐམས་ཅད་ལ་ཕོག་པས་རིན་ཆེན་གྱིས་ཁང་པ་སྣ་ཚོགས་པར་བསམ་པ་དང་། ཏྲཱྃ་འཕྲོས་པས་ནགས་ཚལ་ཐམས་ཅད་ལ་ཕོག་པས་ཕྱི་སྣོད་ཀྱི་འཇིག་རྟེན་རིན་ཆེན་པོ་ཆེའི་རྒྱན་དང་། རྩི་ཤིང་ནགས་ཚལ་ཐམས་ཅད་དཔག་བསམ་གྱིས་ལྗོན་ཤིང་རྒྱས་པའི་ཚལ་དུ་བསམ། ཧྲཱིཿའཕྲོས་པས་སྒྲ་གྲགས་ཐམས་ཅད་ལ་ཕོག་པས་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟོད་པའི་གླུ་དབྱངས་དང་སེམས་ཅན་རྣམས་ལ་ཆོས་སྟོན་པའི་ཚིགས་སུ་བཅད་པའི་སྒྲར་བསམ། མཱྃ་སྤྲོས་པས་སྤྲིན་དང་ན་བུན་ཐམས་ཅད་ལ་ཕོག་པས་ལྷབ་ལྷུབ་སྣ་ཚོགས་དང་། བླ་བྲེ་རྒྱལ་མཚན་ལྷའི་ན་བཟའ་དང་གདུགས་སུ་བསམ། ཏྲཱྃ་འཕྲོས་ནས་སྐྱེ་འགྲོ་རྣམས་ཀྱིས་རྒྱན་ཐམས་ཅད་ལ་ཕོག་པས། རིན་པོ་ཆེའི་དོ་ཤལ་དང་དཔུང་རྒྱན་དང་སེ་མོ་དོ་རུ་བསམ། ༀ་བྃ་ཨ་སྤྲོས་པས་ལོངས་སྤྱོད་ཐམས་ཅད་ལ་ཕོག་པས། བདུད་རྩིའི་རང་བཞིན་བཟའ་བ་དང་བཏུང་བ་དང་རོ་བྲོ་བའི་མཆོག་སྣ་ཚོགས་པ་རྣམས་དང་། ཏྲིཿསྤྲོས་པས་སྐྱེ་འགྲོ་ཐམས་ཅད་ལ་ཕོག་པས་འགྲོ་བ་ཐམས་ཅད་ཀྱང་རང་ལ་མཛེས་པར་བརྒྱན་པའི། མཆོད་རྫས་འདོད་ཡོན་སྣ་ཚོགས་ཐོགས་པའི་ལྷ་དང་ལྷ་མོ་རེ་རེ་ཡང་གྲངས་རྡུལ་སྙེད་རྣམས་ཀྱིས། རྐང་པས་བྲོ་དང་ལག་པས་གར་ལ་སོགས་པ་དང་། ཁ་ནས་སྐྱེ་བ་མེད་པའི་གླུ་བླང་ཞིང་བདེ་བར་གཤེགས་པ་རྣམས་ལ་ཚིགས་སུ་བཅད་པའི་བསྟོད་པ་བསམ་ཡས་ཀྱིས། མང་ཉུང་གི་ཚད་ཕྱོགས་བཅུ་ནམ་མཁའ་ཡི་ཁམས་ཁེངས་པར་བཀང་ནས་སྔར་སྤྱན་དྲང་བའི་དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། དེ་ནི་གསང་སྔགས་བླ་མེད་ལུགས་ཀྱི་སྐྱེ་མེད་ཀྱི་ངང་ནས་འགག་མེད་ཀྱི་རྩལ་སྦྱང་། གཉིས་མེད་དུ་རང་གྲོལ་ནས་ཚེ་གཅིག་སངས་རྒྱས་ཐོབ་པའི་ཐབས་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པའོ། །སྤྲུལ་སྐུ་དག་པ་ཞིག་གི་མཎྜལ་ནི་ཐུགས་ཀ་ནས་ཏྲཱྃ་གཅིག་སྤྲོས་པ་འོད་དུ་ཞུ་བ་ལས། མཐའི་རྒྱ་མཚོ་ཆེན་པོའི་དབུས་སུ་གླིང་བཞི་གླིང་ཕྲན་བརྒྱད་ནི། ཤར་ལུས་འཕགས་པོ། ལུས་དང་ལུས་འཕགས། ལྷོར་འཛམ་བུ་གླིང་། རྔ་ཡབ་དང་རྔ་ཡབ་གཞན། ནུབ་བ་ལང་སྤྱོད། གཡོ་ལྡན་དང་ལམ་མཆོག་འགྲོ། བྱང་སྒྲ་མི་སྙན། སྒྲ་མི་སྙན། སྒྲ་མི་སྙན་གྱིས་ཟླ། དེའི་དཀྱིལ་དུ་རི་བོ་མཆོག་རབ། ཤར་ཤེལ། ལྷོ་བཻཌཱུརྱ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པ། འཁོར་གསེར་གྱི་རི་བདུན། རོལ་པའི་མཚོ་བདུན་གྱིས་བསྐོར་བ། རི་རབ་ཀྱིས་ཁར་རྒྱལ་སྲིད་རིན་ཆེན་བདུན་དང་། གཏེར་ཆེན་པོའི་བུམ་པ་དང་ལྡན་ཞིང་དཔག་བསམ་གྱིས་ཤིང་དང་ཁྲུས་ཀྱི་རྫིང་བུའི་མཛེས་པ། གླིང་བཞི་ཡང་ལས་བཞིའི་དབྱིབས་སུ་ཡོད་པ་ཡང་། ཤར་ཟླ་གམ། ལྷོ་སོག་ཁ། ནུབ་ཟླུམ་པོ། བྱང་གྲུ་བཞི། ལྷོ་སྤྲིན་དང་འཇའ་འོད། སྣང་གསལ་གྱི་ཉི་ཟླ་གཟའ་སྐར། མཐའི་ལྕགས་རི་མུ་ཁྱུད་དང་བཅས་པར་བྱིན་གྱིས་བརླབ་པའི་ཁྱད་པར་ལས་སྟེང་སུམ་ཅུ་རྩ་གསུམ་ལྷའི་རྟེན་ལོངས་སྤྱོད་དང་། ཁོང་སེང་ལྷ་མ་ཡིན་གྱི་རྟེན་ལོངས་སྤྱོད། འོག་ཀླུའི་རྟེན་ལོངས་སྤྱོད། ཕྱི་རོལ་རྒྱ་ཆེན་རིགས་བཞིའི་རྟེན་ལོངས་སྤྱོད། གླིང་བཞི་མིའི་རྟེན་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་རྣམས། ལྷག་པའི་ཏིང་ངེ་འཛིན་གྱི་སྒོ་ནས་བླ་མ་དང་དཀོན་མཆོག་གསུམ་ལ་འབུལ་གྱིས་མཆོད་པར་བཞེས་སུ་གསོལ། ཕུལ་བའི་ཡོན་ཏན་ནི། འདི་ལྟར་དུ་སྣང་བ་རྒྱུ་ལམ་གྱིས་ཆོས་རྣམས་ཐམས་ཅད་འབྲས་བུའི་ངོ་བོར་ཡོངས་སུ་རྫོགས་དགོས་པའི་ཕྱིར་སངས་རྒྱས་རྣམས་ལ་མཎྜལ་འདི་ཕུལ་བས་བསོད་ནམས་ཀྱིས་འབྲས་བུ་འཕགས་པའི་ནོར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དབྱིངས་ཡེ་ཤེས་གཉིས་དང་བདུན་ལྷུན་གྱིས་གྲུབ་ནས་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་རྣམས་ལ་དབང་བསྒྱུར་ཤོག །གསོལ་བ་གདབ་པ་ནི། ན་མོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཡོན་ཏན་དང་ཕྲིན་ལས་དང་ཞིང་ཁམས་ཟག་པ་མེད་པ་ཟད་མི་ཤེས་པ་རྒྱན་གྱི་འཁོར་ལོ་ཉེར་ལྔའི་བདེན་པ་དང་། རྒྱལ་བ་རྒྱ་མཚོ་རིགས་ལྔ་ཡབ་ལྔ་གསང་བ་རྒྱ་མཚོ་ཡུམ་ལྔ་སྨིན་པ་རྒྱ་མཚོ་སེམས་དཔའ་དང་སེམས་མ། གཞན་ཡང་བརྒྱུད་པའི་བླ་མ་རིན་པོ་ཆེན་རྣམས་ཀྱིས་བྱིན་རླབས་ཀྱིས། བདག་མིང་ཆྒཻ་འདི་ཞེས་བགྱི་བས་སེམས་ཅན་ཐམས་ཅད་ཀྱིས་དོན་དུ། རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་གྱི་རྒྱུད་དོན་རང་བྱུང་གི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་དོན་གྱིས་མཉམ་བཞག་ལ་གང་བ་དང་། རྗེས་ཐོབ་ལ་ཤིན་ཏུ་གང་བ་དང་། དེ་བཞིན་དུ་རྫོགས་པ་ཆེན་པོའི་དོན་གྱིས་མཉམ་བཞག་ལ་རྒྱས་པ་དང་། རྗེས་ཐོབ་ལ་ཤིན་ཏུ་རྒྱས་པ་དང་། དེ་བཞིན་དུ་རྫོགས་པ་ཆེན་པོའི་དོན་གྱིས་བདག་གི་རྒྱུད། མཉམ་བཞག་ལ་སྨིན་པ་དང་རྗེས་ཐོབ་ལ་ཤིན་ཏུ་སྨིན་པ་དང་། རྫོགས་པ་ཆེན་པོའི་དོན་གྱིས་བདག་ཉོན་མོངས་པའི་འཆིང་བ་མཐའ་དག །མཉམ་བཞག་ལ་གྲོལ་བ་དང་། རྗེས་ཐོབ་ལ་ཤིན་ཏུ་གྲོལ་བ་རྒྱ་ཆེན་པོ་སངས་རྒྱས་པར་མཛད་དུ་གསོལ། ཞེས་པའམ། ཡང་ན་གོང་གི་དེ་དག་རྫོགས་ཆེན་གྱི་ས་ལམ་རིམ་གྱི་པའི་བགྲོང་ཚུལ་ལྟར་དགའ་རབ་རྡོ་རྗེའི་ཉམས་རིམ་བཞི་པ་དང་བསྟུན་ན། དང་པོ་གནས་པའི་ཏིང་ངེ་འཛིན་གྱིས་གང་བ་དང་། ཤིན་ཏུ་གང་བ་གཉིས་ཀྱི་མི་གཡོ་བ་ལ་སོགས་དེས་འདྲེས་ཤིང་དེ་དག་གི་དོན་ཞལ་ལས་ཤེས་སོ། །ༀ་བཛྲ་སཏྭ། ཅེས་སོགས་ཡིག་བརྒྱ་བརྗོད་པས་དཔང་པོའི་ལྷ་རྣམས་རང་ལ་བསྟིམ་མོ། །བདག་གིས་དགེ་བའི་ལས་ནི་མཎྜལ་ཕུལ་བ་འདི་བགྱིས་པས། འཇིག་རྟེན་འདིར་དུས་རིང་པོར་མི་ཐོག་སངས་རྒྱས་ནས། སྤྲུལ་པ་དེ་ཀུན་གྱི་འགྲོ་བ་རྣམས་ལ་ཕན་ཕྱིར་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་སྡུག་བསྔལ་མང་སྟེ་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་གྱིས་གདུང་བ་ལས་གྲོལ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པའོ། །ལོངས་སྐུའི་མཎྜལ་ནི་གསང་སྙིང་གི་ལེའུ་དགུ་པ་ནས་བཤད་ཅིང་། སྤྲུལ་སྐུའི་མཎྜ་ལ་ནི་སྒྱུ་འཕྲུལ་བཞི་བཅུ་པ་ལས་བཤད་དོ། །མཎྜ་ལ་རིམ་གསུམ་རྫོགས་སོ།། །།སྤྱི་དོན་གཉིས་པ་སྔོན་འགྲོ་དངོས་ལ། མཚམས་བཅད་པ་དང་། བཤགས་པ་བྱ་བ་དང་། དམ་བཅའ་བ་དང་། བྱིན་དབབ་པ་དང་། མཆོད་པ་བྱིན་གྱིས་བརླབས་པ་རྣམས་རིམ་པར་སྣང་ཡང་། འདིར་ཕྱག་ལེན་ལ་མཚམས་བཅད་བྱ་བ་དང་། མཆོད་པ་བྱིན་བརླབ། བཤགས་པ་བྱ་བ་དང་གསུམ་ལས། དང་པོ་མཚམས་བཅད་པ་ལ། སྔོན་དུ་སྐྱབས་འགྲོ་བྱ་བ་དང་། མཚམས་བཅད་དངོས་དང་གཉིས་ལས། དང་པོ་ནི། སྐྱབས་ཡུལ་དཀོན་མཆོག་དྲུག་པོ་མདུན་གྱི་ནམ་མཁར་གསལ་བཏབ་ལ། སྐྱབས་སུ་འགྲོ་བ་ལ། འཇིག་སྐྱོབས། ལེགས་སྨོན། ངེས་འབྱུང་གསུམ་ལས། འདིར་བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་ལ་ངེས་པར་འབྱུང་ནས་ཐར་པ་བླ་ན་མེད་པའི་སངས་རྒྱས་ཐོབ་པའི་དོན་དུ་སྐྱབས་འགྲོ་བྱེད་བསམ་པ་དང་བཅས་ཤིང་། བླ་མ་ལ་འདྲེན་པ། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་བགྲོད་པའི་གྲོགས། ཡི་དམ་གྱི་རྒྱུད་སྨིན་མཁའ་འགྲོ་ཆོས་སྐྱོང་གིས་དངོས་གྲུབ་སྩོལ་ཞིང་བར་ཆད་བསལ་བའི་ཚུལ་དུ་སྐྱབས་འགྲོ་བྱའོ། །དེ་ལྟར་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་པ་བཞི་དང་བཅས་པ་ཚར་ནས། དཀར་གཏོར་ཡོད་ན་སྐབས་འདིར་བསྔོའོ། །དེ་ཡང་ལམ་རིམ་ལས། འཕགས་རྒྱལ་མཆོད་ཅིང་ཕྱི་རོལ་པ། །བཅུ་བཞི་མཉེས་དང་གཉིས་པོ་ཡང་། །སྦྱིན་པས་ཚིམ་བྱས་བསྒོ་བར་བྱ། །ཅེས་དང་། འདི་ཉིད་ལས། ཉན་པ་ལ་ནི་མི་དབང་བ། །ཀུན་ཀྱང་རེ་བ་བསྐང་ལགས་ཀྱིས། །ཅེས་གསུངས་པས། སྟོད་ཟུར་བ་ཚང་གིས་ལུགས་ལ། སྲིད་ཞུའི་མགྲོན་དང་། ཆ་གསུམ་དཔལ་སྡོམ་མ་ཞེས་བྱ་བ་གཅིག་གིས་བསྔོ་བར་བཤད། འདིར་དམ་པ་ཡབ་སྲས་ཀྱི་ལུགས་ལ་དབང་དང་བསྒྲུབ་པའི་དུས་སུ། སྲུངས་མ་བཅོ་ལྔ་ལ་རྒྱས་པར་བསྔོ་ལ། འདིར་རེ་ཞིག་སྔགས་དྲུག་ཕྱག་དྲུག་གིས་བསྔོ་བ་ནི། བསྐང་བ་ཚོགས་མཆོད་ཀྱིས་དུས་ཀྱིས་དབང་བཙན་ནོ། །མཚམས་གཅོད་དངོས་ལ། ལྟ་བ་དོན་གྱིས་མཚམས་དང་། མཚན་མ་རྟགས་ཀྱི་མཚམས་གཉིས་ལས། དང་པོ་ནི། ཐབས་ཞགས་ལས། ཡེ་ཤེས་འཁོར་ལོ་སྐད་ཅིག་མས། །རྣམ་རྟོག་ལོག་འདྲེན་བགེགས་རྣམས་བསྐྲད། །ཅེས་པ་ལྟར་གོ་བར་བྱའོ། །གཉིས་པ་མཚན་མ་རྟགས་ཀྱི་མཚམས་ལ། གཟི་ལྟར་འབར་བའི་རྒྱུད་ལྟར། ཁྲོ་བཅུའི་རོལ་མཚམས་དང་། ཧཱུྃ་མཛད་ཀྱི་རྒྱུད་ལྟར། བསྲུང་བ་འཁོར་ལོའི་མཚམས་དང་། སློབ་དཔོན་པདྨ་དང་རྒྱལ་བ་ཡང་དགོན་པ་གཉིས་ཀྱིས་གསུངས་པ་དང་། རྒྱས་པ་དང་ཐབས་ཞགས་ལྟར། ཞི་བ་མཚོན་ཆའི་མཚམས་རྣམས་ཡོད་པ་ལས། གོང་མ་གཉིས་ནི་ལོགས་སུ་ཤེས་ལ། གསུམ་པ་ནི། འདི་ལྟར་དུ་གསུང་སྟེ། སྤྱིར་རྩོད་ལྡན་སྙིགས་མའི་དུས་འདིར། མི་རྣམས་དགེ་བའི་ལས་མི་སྤྱོད་ཅིང་འདོད་པ་ཉུང་བས། དཀར་ཕྱོགས་ཆོས་སྐྱོང་བའི་སྲུངས་མ་རྣམས་མཐུ་ཆུང་ཞིང་ནུས་པ་ཉམས་པ་ཡིན་པས། མི་དགེ་བའི་ལས་ལ་བརྩོན་ཞིང་ལོག་ལྟ་ཤས་ཆེ་བས། ནག་པོའི་ཕྱོགས་ཀྱི་བདུད་རིགས་རྣམས་ཁ་རྒྱལ་ཞིང་ནུས་པ་ཆེ་བས། ཆོས་སྙིང་ནས་བསྒྲུབ་པའི་རྣལ་འབྱོར་པ་རྣམས་ལ་བར་ཆད་ཤིན་ཏུ་རྒོད་པ་ཡིན། ཁྱད་པར་དུ་རྒྱལ་པོ་བེ་ཀར་གྱིས་སྐྱེ་བོ་ཕལ་པ་རྣམས་དང་། ཆོས་ལ་ཞུགས་པ་རྣམས་ཀྱི་ཤེས་རྒྱུད་བྱིན་གྱིས་བརླབས་ནས། ཤེས་པ་རིང་དུ་མི་གནས་ཤིང་། ལོག་པའི་ལམ་ལ་སྦྱོར་བར་བཤད་ཡོད་པས། བསྒྲུབ་པ་པོ་རྣམས་ལ་བསྲུང་བའི་འཁོར་ལོ་བསྒོམ་པ་འདི་ཁོ་ན་གལ་ཆེ་བར་གསུངས། དེ་ལ་འཁོར་གྱི་རིམ་པ་དྲུག་ཡོད་པ་ལས། ཐོག་མར་བྱང་ཆུབ་སེམས་ཀྱི་བསྲུང་བ་ནི། བདག་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། ཐར་བ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི། གནོད་བྱེད་གདུག་པ་ཅན་རྣམས་ཀྱི་གཙོར་བྱས་པའི་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །མྱུར་དུ་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ་བའི་ཆེད་དུ། རང་ལམ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྤྱིར་སངས་མ་རྒྱས་ཀྱི་བར་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། དགོས་ནམ་མ་ཤིའི་བར་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། ཡང་དགོས་དུས་ད་ལྟ་ནས་བཟུང་སྟེ་སང་ཉི་མ་དེ་ཙམ་བར་དུ་ལུས་ངག་ཡིད་གསུམ་དགེ་བར་བཀོལ་སྙམ་དུ་དར་གཅིག་བསྒོམ། དེ་བསྲུང་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན། གནོད་བྱེད་ཁོ་རང་གི་དོན་དུ་བྱང་ཆུབ་བསྒྲུབ་པ་ལ། ཁོ་རང་གི་བར་ཆད་བྱེད་མི་སྲིད་པ་སྟེ། སྐྱེལ་མ་དགྲ་ལ་བཅོལ་བས། འཇིགས་མེད་ལམ་དུ་སྐྱེལ་བ་དང་འདྲའོ། །དེ་ལྟར་མི་དང་མི་མ་ཡིན་པའི་འཇིགས་པ་བརྒྱད་དང་བཅུ་དྲུག་ལ་སོགས་པ་མ་ལུས་བསྲུང་བར་བྱེད་པ་བྱང་ཆུབ་སེམས་ཀྱི་བསྲུང་བ་འདི་ཡིན་ནོ། །དེ་ནས་ཡུལ་རིས་རྒྱལ་ཁམས་བསྲུང་བ་ནི། གཏུམ་པོ་གསུམ་བརྩེགས་གི་བསྲུང་བ་འདི་བསྒོམ་སྟེ། གར་སྡོད་པའི་ས་ཕྱོགས་དེ་དག་ཐམས་ཅད། རྗེ་བཙུན་ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་སྐུ་ཤིན་ཏུ་ཆེ་བ་གཅིག་བསྒོམ་མཐོང་བ་ཙམ་གྱིས་འགྲོ་བ་ཐམས་ཅད་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་ཞིང་རྒྱུད་བྱམས་པའི་ཏིང་ངེ་འཛིན་དང་ལྡན་པར་བྱེད་པའི་ཕྲིན་ལས་ཅན་དེ་ལྟ་བུ་གཅིག་བསྒོམ། དེའི་ཐུགས་ཀར་རྗེ་བཙུན་ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་ངོ་བོར་གྱུར་པ། མཐོང་ཐོས་དྲན་པ་ཙམ་གྱིས་ཕྱི་ནང་གི་བགེགས་ཐམས་ཅད་ཞི་ཞིང་བར་ཆད་ཐམས་ཅད་བསྲུང་བར་བྱེད་པའི་ཕྲིན་ལས་ཅན་གཅིག་བསྒོམ། དེའི་ཐུགས་ཀར་རང་ཡི་དམ་གྱི་ལྷ་གང་ཡིན་པ་དེ་གསལ་བར་བསྒོམ། དེ་ནས་ཡུལ་ཕྱོགས་དང་ཉེ་འཁོར་བསྲུང་བ་ལ་སོགས་པའི་གོ་ཆ་ལྔའི་བསྲུང་བ་འདི་བསྒོམ་སྟེ། རང་ཉིད་སྐད་ཅིག་གིས་ཡི་དམ་ལྷར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། སྤྱི་བོར་འོད་དུ་ཞུ་བ་ལས་ཐིམ་པ་ནས་སྲོག་དག་པའི་རྩའི་ནང་རྡོ་རྗེ་ལུ་གུ་རྒྱུད་དུ་གྱུར་ནས། སྤྱི་བོ་ཚངས་པའི་བུ་ག་ནས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ་པར་བསྒོམ་སྟེ། གོ་ཆ་དང་པོའོ། །ཡང་ཐུགས་ཀའི་ས་བོན་ལས། ཡི་དམ་གང་ཡིན་པ་དེའི་ཕྱག་མཚན་གང་ཡིན་པ་ལས་འོད་ཟེར་འཕྲོས་པས། བར་དུ་གཅོད་པ་ཐམས་ཅད་རིང་དུ་བསྐྲད། ཚུར་འདུས་པ་ལས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཡི་དམ་གྱི་ཕྱག་མཚན་རྩེ་མོ་ཕྱིར་བསྟན་ནས། ཡུ་བ་ནང་དུ་བསྟན་པའི་གུར་དུ་གྱུར་པར་བསམ་སྟེ་གོ་ཆ་གཉིས་པའོ། །ཡང་ཐུགས་ཀའི་ས་བོན་ལས་རྡོ་རྗེའི་འོད་ཟེར་གོང་བཞིན་འཕྲོས་ཚུར་འདུས་པ་ལས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་དུ་གྱུར་པར་བསམ་སྟེ་གོ་ཆ་གསུམ་པའོ། །ཡང་ཐུགས་ཀའི་ས་བོན་ལས་མདའི་འོད་ཟེར་འཕྲོས་ཏེ། ཚུར་འདུས་པ་ལས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་མདའ་མདིལ་ཕྱིར་བསྟན་པའི་གུར་དུ་གྱུར་པར་བསམ་སྟེ། གོ་ཆ་བཞི་པའོ། །ཡང་ཐུགས་ཀའི་ས་བོན་ལས་མེའི་འོད་ཟེར་འཕྲོས་ཏེ། བར་དུ་གཅོད་པ་ཐམས་ཅད་རིང་དུ་བསྐྲད་ཚུར་འདུས་པ་ལས། སྟེང་འོག་ཕྱོགས་མཚམས་མེ་རི་འབར་བའི་གུར་དུ་གྱུར་པར་བསམ་སྟེ། དེ་ལྟར་གོ་ཆ་ལྔའི་བསྲུང་བ་དེ་ལ། ཕྱི་བདུད་ནག་པོའི་ཕྱོགས་རྣམས་ནི། གང་ལ་ཉེ་བར་མི་ནུས་པ། ནང་བདུད་དཀར་པོའི་ཕྱོགས་རྣམས་ཀྱི་ཉམས་ཚད་ཅིང་ཚུགས་ན་བར་ཆད་བརྩམ་པ་རྣམས། གོ་ཆ་གསུམ་གྱི་མི་ཐུབ་ཅིང་། དེ་ཡང་མེ་ལྷ་མེས་མི་ཐུབ། དབང་ལྡན་གྱིས་མདའ་མི་ཐུབ། བརྒྱ་བྱིན་གྱི་རྡོ་རྗེའི་མི་ཐུབ་ལ། ཡི་དམ་གྱི་ཕྱག་མཚན་ལ་ཐམས་ཅད་འདའ་བར་མི་ནུས་ཞིང་སྲོག་རྩ་རྡོ་རྗེའི་ལུ་གུ་རྒྱུད་དུ་གྱུར་པས། བར་དུ་གཅོད་པའི་སྐབས་མེད་པར་གྱུར། དེ་ནས་བསྲུང་བའི་མན་ངག་ཡི་གེ་གསུམ་གྱི་བསྲུང་བ་འདི་བསྒོམ་པར་བྱའོ། །རང་གིས་ལུས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་བདག་ཉིད་ༀ་དཀར་པོ་གཅིག་ཏུ་གྱུར་པར་བསམ། དེ་ཇེ་ཆེར་གྱུར་པའི་ནང་དུ། རང་གིས་ངག་སངས་རྒྱས་ཐམས་ཅད་ཀྱིས་གསུང་གིས་བདག་ཉིད་ཨཱཿདམར་པོ་གཅིག་ཏུ་གྱུར་པར་བསམ། དེ་ཇེ་ཆེར་གྱུར་པའི་ནང་དུ། རང་གིས་སེམས་སངས་རྒྱས་ཐམས་ཅད་ཀྱིས་ཐུགས་ཀྱི་བདག་ཉིད་ཡི་གེ་ཧཱུྃ་མཐིང་ཁ་གཅིག་ཏུ་གྱུར་པར་བསམ་ལ། དེ་ནས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱིས་ཡི་གེ་གསུམ་གྱི་རང་བཞིན་གྱུར་པ་དེ་ལ། བར་དུ་གཅོད་པ་གང་གིས་གནོད་མི་ནུས་སྟེ། བསྲུང་འཁོར་བཀའ་རྒྱ་མ་ཤིན་ཏུ་ཟབ་བོ། །དེ་ནས་རང་བྱུང་ལྷུན་གྲུབ་ཀྱི་བསྲུང་འཁོར་ལུས་བསྲུང་འཁོར་དུ་དྲན་པས་གསལ་གདབ་སྟེ། རྐང་མཐིལ་རྡོ་རྗེའི་ས་གཞི། རྩེ་མོ་རྡོ་རྗེའི་རྭ་བ། པགས་པ་རྡོ་རྗེའི་གུར། སྐྲ་དང་བ་སྤུ་མདའི་རྭ་བ། སོ་དང་སེན་མོ་མེ་རི་དང་མེ་དཔུང་རབ་དུ་འབར་སྟེ། དེ་རྣམས་དེ་ལྟར་ཡིན་ནོ་སྙམ་དུ་ཤེས་ཤིང་དྲན་པར་བྱའོ། །བློས་བསྒོམ་པར་བྱའོ། །ངག་ཏུ་བརྗོད་པ་མ་ཡིན་ནོ། །འདི་དྲན་པ་ཙམ་གྱིས་བར་ཆད་ཐམས་ཅད་རང་འགག་ལ་འགྲོ་བས་བསྲུང་བའི་མཆོག་ཏུ་གྱུར་པའོ། །དེ་ནས་དོན་དམ་བྱང་ཆུབ་ཀྱིས་སེམས། རྣམ་པར་མི་རྟོག་པའི་བསྲུང་བ་བསྒོམ་སྟེ། བར་དུ་གཅོད་པའི་ཡུལ་གཅོད་མཁན་གྱི་བགེགས། བར་ཆད་རང་གི་ངོ་བོ་གསུམ་རང་སེམས་ཕྱག་རྒྱ་ཆེན་པོར་ཤེས་ཤིང་། དེ་ཉིད་ཀྱི་ངང་ལ་རྣམ་རྟོག་སྤྲོ་བསྡུ་མེད་པར་གསལ་སྟོང་ནམ་མཁའི་དཀྱིལ་ལྟར་ཡིད་བྱེད་བློ་དང་བྲལ་བར་བཞག་གོ། །འདི་ནི་ལྟ་བའི་མཚམས་དང་འདྲའོ། །དེ་ནི་བསྲུང་བ་རྣམས་ཀྱིས་ནང་ནས་མཆོག་སྟེ། དུས་གསུམ་སངས་རྒྱས་དགྲར་ལང་ཡང་གཡོ་བའམ་བསྐྱོད་པར་མི་ནུས་པ་ཡིན་ནོ། །རྡོ་རྗེ་ཐེག་པའི་རྒྱུད་བསྒྲུབ་ཐབས་རྣམས་སུ་བསྲུང་བའི་འཁོར་ལོ་མང་དུ་གསུང་ཀྱང་། དྲུག་པོ་འདི་ལས་ཟབ་པ་མེད་པ་ཡིན་པས། བསྒྲུབ་པ་ལ་འཇུག་པའི་ནུབ་མོ་དང་། སྐབས་རྣམས་སུ་ཐམས་ཅད་རྒྱས་ཤིང་ཚང་པར་བསྒོམ་ལ། དུས་ཐམས་ཅད་དུ་ཡང་སྲོད་ཀྱི་ཐུན་མགོར་བྱང་ཆུབ་སེམས་ཀྱི་བསྲུང་བ་དང་། མཚན་མའི་བསྲུང་བ་གསུམ་པོ་གང་རུང་གཅིག་དང་། ལུས་བསྲུང་འཁོར་དུ་དྲན་པས་གསལ་གདབ་པ་དང་། རྣམ་པར་མི་རྟོག་པའི་བསྲུང་བ་རྣམས་དུས་རྒྱུན་དུ་བསྒོམ་པར་བྱའོ། །ཤིང་དང་བརྒྱག་སྒྲུབ་པ་ལ་སོགས་ལམ་གྱིས་འགྲོ་འདུག་བྱེད་པའི་དུས་སུ་ཡང་། རྗེ་བཙུན་ཐུགས་རྗེ་ཆེན་པོ་ཤིན་ཏུ་ཆེ་ཞིང་ཆེ་བ་གཅིག་གི་ནང་ནས་འགྲོ་ཞིང་། བྱ་བ་ཐམས་ཅད་ཅི་བདེར་བྱེད་པར་བསྒོམ་པས་བར་ཆད་གང་གིས་ཀྱང་མི་ཚུགས་པ་ཡིན་ནོ། །ཅེས་གསུངས་སོ། །བཞི་པ་ཐབས་ཞག་ལྟར་ལ་ལྔ་སྟེ། སྐྱབས་འགྲོ་བྱེད་ཅིང་མཚམས་ལྷ་བསྒོམ་པ་དང་། བྱིན་བསྡུ་བ། ཚར་གཅོད་པ། རྗེས་སུ་བཟུང་བ། བསྲུང་འཁོར་ཕུག་པ་དང་ལྔའོ། །དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི་སྔོན་སོང་ནས། མཚམས་ལྷ་བསྒོམ་པ་ནི། སེམས་ཅན་ཐམས་ཅད་ཀྱི་བར་ཆད་བསལ་ནས། སངས་རྒྱས་ཐོབ་པའི་ཆེད་དུ། བདག་གི་སྲུང་འཁོར་ཕུབ་ཅིང་མཚམས་བཅད་པར་བྱའོ་སྙམ་དུ་བསམ་ལ། སྐད་ཅིག་སྟོང་པའི་ངང་ལས་སམ། དཔའ་བོ་གོ་རྗེ་བའི་ཚུལ་དུ་རང་ཉིད་རྡོ་རྗེ་སེམས་དཔའ་ཐུགས་ཆོས་ཉིད་མི་འགྱུར་བའི་རྟགས་སུ་སྐུ་མདོག་སྔོ་ནག །ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྣམས་པ། སྟོང་ཉིད་ཐུགས་སུ་ཆུད་པའི་རྟགས་སུ་གཡོན་དངུལ་དཀར་གྱིས་དྲིལ་བུ་དཀུར་བརྟེན་པ། བགེགས་རྣམས་ཚར་གཅོད་པའི་ཕྱིར་ཞི་མ་ཁྲོའི་རྣམ་པ། ཞལ་འཛུམ་ཡང་མཆེ་བ་ཡུད་ཙམ་མངོན་པ། སྤྱན་གསུམ་ཞི་བ་ཡིན་ཀྱང་ཡིད་ཙམ་སྡང་མིག་ཏུ་གཟིགས་པ། མཛད་པ་ཡོངས་སུ་རྫོགས་པའི་རྟགས་སུ་ཞབས་སྐྱིལ་ཀྲུང་དུ་བཞུགས་པ། ཉོན་མོངས་པའི་གདུང་བ་སེལ་བའི་རྟགས་སུ་ཟླ་བ་ལ་རྒྱབ་ཡོལ་བྱས་པ། ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་སྐུ་ལ་འོད་ཕུང་ཁ་དོག་ལྔ་ལྡན་གི་ནང་ན་བཞུགས་ཀྱང་ཀྱི་རྩེ་མོ་ལ་མེ་རི་འཕྲོ་བ་ཐམས་ཅད་མཉམ་པ་ཉིད་དང་ལྡན་པའི་རྟགས་སུ། སྙན་གོང་གཡས་གཡོན་ན་ཨུཏྤལ་འདབ་མ་སྟོང་ལྡན་རེ་རེས་བརྒྱན་ཅིང་། རྒྱན་ཆས་བཅུ་གསུམ་དང་ལྡན་པ། ཉི་མའི་གདན་ལ་ཡུམ་དབྱིངས་ཕྱུག་མ་དང་སྙོམས་པར་འཇུག་པ་ཡུམ་གྱིས་གཡས་ཡབ་ལ་འཁྱུད་ཅིང་གཡོན་དངུལ་དཀར་གྱི་དྲིལ་བུ་ཡབ་ཀྱི་སྙན་རྩར་དཀྲོལ་བ་སྐུ་མདོག་ཡབ་དང་འདྲ་ཞིང་། ཡུམ་པདྨའི་སྐྱིལ་ཀྲུང་། ཡབ་དེའི་ཐུགས་ཀར་ཟླ་བའི་གདན་ལ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཕྱག་མཚན་འཛིན་འཛིན་འདྲ་བ་ལ་མི་འཛིན་པ། དེའི་ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་དཀར་ཟེར་ཡང་སྔོན་པོ་རྩེ་ལྔ་ཡི་ལྟེ་བར་ཧཱུྃ་སྔོན་པོ་ལ་ཧཱུྃ་བཛྲ་དྷྲྀཀ྄་གིས་གཡས་སུ་འཁོར་བ་ཡུམ་གྱི་ཐུགས་ཀར་དྲིལ་བུ་ཡི་བུམ་པའི་ནང་དུ་མཱུྃ་མཐིང་ནག་ལས། མཱུྃ་དྷཱ་ཏཱི་ཤྭ་རཱི། གཡོན་དུ་འཁོར་བ། ཡབ་ཡུམ་གཉིས་ཀའི་སྤྱི་བོའི་འཁོར་ལོ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ། དབང་དང་རབ་གནས་ཀྱི་དུས་སུ་ལྷ་དགུ་ཉིད་བཅུ་བསྒོམ་དགོས་གསུངས། གཉིས་པ་བྱིན་བསྡུ་བ་ནི། སྐུ་གསུང་ཐུགས་ལ་སྔགས་འདི་བརྗོད་ཅེས་གསུངས་པས། ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་ཕོག །ཕྱོགས་བཅུའི་སངས་རྒྱས་དེ་ཐམས་ཅད་ཆོས་སྐུ་ལ་གཟུགས་ཀྱི་སྐུར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཀྱི་རྣམ་པར་བཞེངས་ནས་མདུན་གྱི་ནམ་མཁའ་བཞུགས་པར་བསམ། ༀ་འབྲུ་མཐུན། ཛྭ་ལ་འབར་བ། བཛྲ་རྡོ་རྗེ། ཧཱུྃ་བསྡུད་ཅིག །ཅེས་བརྗོད་དུས་མདུན་གྱིས་ལྷ་ཚོགས་རྣམས་ཀྱི་སྤྱི་བོ་ནས་ༀ་དཀར་པོ་བྱུང་། བདག་གི་སྤྱི་བོར་ཐིམ་པས། སྐུའི་གཟི་བརྗིད་འབར་བ་རྡོ་རྗེ་ལྟ་བུའི་མི་འགྱུར་བའི་ངང་དུ་སྡུད་པར་བསམ། མན་ཏྲ་ཡིད་སྐྱོབ། སུམྦྷ་ནི་མཛེས་པ། ཧཱུྃ་སྡུད་ཅིག །ཅེས་བརྗོད་དུས་མདུན་གྱི་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་འོད་ཟེར་དམར་པོ་བདག་གི་མགྲིན་པར་ཐིམ་པས། ཡིད་སྐྱོབ་ཅིང་ཐམས་ཅད་ཀྱིས་ཡིད་ལ་མཛེས་ཤིང་ཚིམ་པར་བྱེད་པའི་གསུང་དབྱངས་ཡན་ལག་དྲུག་ཅུ་ལ་མངའ་བརྙེས་པའི་ནུས་པ་དང་ལྡན་པའི་ངང་དུ་སྡུད་པར་བསམ། བཛྲ་རྡོ་རྗེ། ཛྭ་ལ་འབར་བ། ཧཱུྃ་སྡུད་ཅིག །ཅེས་བརྗོད་དུས། མདུན་གྱིས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་མཐིང་ནག་བྱུང་ནས་བདག་གི་ཐུགས་ཀར་ཐིམ་པས། ཐུགས་རྡོ་རྗེ་ལྟ་བུ་སྐྱེ་འཇིག་དང་བྲལ་བ་ཡེ་ཤེས་ལྔའི་ངང་དུ་སྡུད་པར་བསམ། གསུམ་པ་མཚམས་བཅད་པ་ནི། མཚོན་ཆའི་སྦྱོར་བ་ཡིན། ཧཱུྃ་བྷྲཱུྃ། ཅེས་བརྗོད་དུས་སུ། བདག་གི་ཐུགས་ཀ་ནས་ཀྱང་རྡོ་རྗེའི་ཆར་བྱུང་། མདུན་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་རྡོ་རྗེའི་ཆར་བྱུང་ནས། དེ་གཉིས་འཐབ་པའི་བར་བགེགས་རྣམས་སེམས་བརྒྱལ་ཞིང་ལུས་དུམ་བུར་བཅད་པར་བསམ། དེ་བཞིན་དུ་ༀ་བྷྲཱུྃ་སྤྱི་བོ་ནས་འཁོར་ལོའི་ཆར། ཏྲཱྃ་བྷྲཱུྃ་ལྟེ་བ་ནས་རལ་གྲིའི་ཆར། ཧྲཱིཿབྷྲཱུྃ་མགྲིན་པ་ནས་ཐོ་བའི་ཆར། ཧ་བྷྲཱུྃ་གསང་གནས་ནས་རྒྱ་གྲམ་གྱི་ཆར། སྐུའི་བ་སྤུའི་བུ་ག་ཚུན་ཆད་ཐམས་ཅད་ནས་བྲག་རིའི་ཆར་བྱུང་ནས། བགེགས་ཐམས་ཅད་ཀྱི་སེམས་བརྒྱལ་ཞིང་། ལུས་དུམ་བུར་བཅད་པར་བསམ་ལ། བཟླས་པ་ཅི་ནུས་བྱ། དེ་ནས་མཚོན་ཆའི་ཆར་དེ་དག་ནམ་མཁར་འཁྲིགས་པར་བསམ་ལ། བཞི་པ་རྗེས་སུ་བཟུང་བ་ནི། ཐུགས་རྗེས་རྣམ་ཤེས་སླར་བསླང་བའི་སྔགས་འདི་བརྗོད་དོ། །ༀ་བཛྲ་སཏྭ། རྡོ་རྗེ་སེམས་དཔའ། རཱ་ཙཱ་རྒྱལ་པོ། ཛ་བསླང་པ་སྟེ། སྔོན་བྱུང་དུ་རྡོ་རྗེ་སེམས་དཔས་མཚོན་ཆ་ལྔའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཛྭ་ལ་བཛྲ་ལན་གཅིག་བརྗོད་པས། ཕྱག་ན་རྡོ་རྗེ་ཡང་བརྒྱལ་ནས་སླར་བསླང་བ་ཡིན་ལ། རྗེས་འཇུག་གི་བགེགས་རྣམས་ཀྱི་སེམས་བརྒྱལ་བ་དེ་སླར་བསླང་བར་བསམ་ལ། ཕྱག་ན་རྡོ་རྗེས་རང་གི་བཀའ་འཁོར་ལ་བཀའ་བསྒོས་པས་ཚིག་འདི་བགེགས་རིགས་རྣམས་ལ་བསྒྲགས་ཏེ། རྣལ་འབྱོར་ཆེན་པོ་གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་བསྒོམ་པའི་སྐབས་འདིར། ཀུན་ཀྱང་གསང་བ་བླ་ན་མེད་པའི་དམ་ཅན་བཀའ་བསྲུང་སོ་སོ་ནས། འདུ་བ་ལ་ནི་མ་ཡིན་པས་མ་གཏོགས་ཤིང་། གསང་སྔགས་ཉན་པ་ལ་ནི་མི་དབང་བའི་ལོག་འདྲེན་བགེགས་ཚོགས་ཀུན་ཀྱང་རང་རང་གི་རེ་བསྐང་ལགས་ཀྱིས་ད་ལྟ་ཉིད་དུ་སོ་སོར་དེངས་ཤིག །ཧཱུྃ་ཅི་སྟེ་མི་འགྲོ་ནས་བདག་གི། བཀའ་ལས་འདས་པར་གྱུར་ན། རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་སེམས་དཔའ་ཁྲོས་ནས་ནི། རྡོ་རྗེ་ལ་སོགས་མཚོན་ཆ་ཆེན་པོ་འབར་བ་དྲུག་པོ་ཡི། བགེགས་ཁྱོད་རྣམས་ཐལ་བ་བཞིན་དུ་བརླག་པར་བྱེད་པས་དེ་བས་རང་རང་གནས་སུ་དེངས་ཤིག །རང་གི་མིག་གཡས་པ་མ་ལས་ཉི་མ། གཡོན་པ་ཨ་ལས་ཟླ་བ། དབུ་མ་ཡེ་ཤེས་ཀྱི་མེ་དཔུང་དུ་བསམ་ལ། ཧཱུྃ་ཧཱུྃ་ཧཱུྃ་མིག་གཡས་པས་གཡས་སྐོར་དུ་བལྟས་པས། ཉི་མ་ལས་མེ་བྱུང་བས་གར་མཐོང་བའི་བགེགས་དང་ལོག་འདྲེན་གྱི་ཚོགས་ཐམས་ཅད་བསྲེག །ཧཱུཾ་ཧཱུཾ་ཧཱུཾ་གཡོན་པས་གཡོན་སྐོར་དུ་བལྟས་པས་ཟླ་བ་ལ་ཆུ་བྱུང་བས་ཐལ་བ་ཡང་མ་ལུས་པར་བཀྲུས་པ། ཧཱུཾ་ཧཱུཾ་ཧཱུཾ་དབུས་མས་ཐད་དཀར་བལྟས་པས། དེ་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གནས་པའམ། བྱམས་སྙིང་རྗེའི་སྒོ་ནས་བགེགས་རྣམས་རྡོ་རྗེ་སེམས་དཔའ་ཆུང་ངུ་རེ་རེ་རེད་ནས་འཇིག་རྟེན་གཞན་གྱི་སངས་རྒྱས་ཀྱི་ཞིང་ཁམས་སུ་སྐྱེ་བར་བསམ། ལྔ་པ་སྲུང་འཁོར་ཕུབ་པ་ནི། བསྲུང་བྱ་བསྒོམ་པ་ཞལ་ལས་ཤེས་པ། བསྲུང་འཁོར་ཕུབ་པ་ནི། ཧཱུྃ་ང་ཡི་དཀྱིལ་འཁོར་བསྒོམ་པ་འདི་ཉིད་བརྟེན་པར་བྱ་བའི་ཕྱིར། ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བའི། མཚོན་ཆ་རྣམས་པ་སྣ་ཚོགས་ཀྱིས། དཀྱིལ་འཁོར་འདི་ཉིད་ཀྱི་རྒྱབ་རྡོ་རྗེ་རྭ་བའི་ནང་དུ་མཚོན་ཆ་དྲུག་གིས་རིམ་པ་ལྟར་ཚུལ་བཞིན་དུ་བསྲུང་བ་ནི། དང་པོ་རྡོ་རྗེ་ནམ་མཁའ་ལ་གནས་པ་རྣམས་མར་ལ་རིམ་པ་ལྟར་ཕབ་ལ། རྡོ་རྗེའི་གུར་བསྒོམ་པ་ནི། ཧཱུྃ་སྟེང་ཡང་རྡོ་རྗེའི་བླ་རེ་ལ། འཕུར་ཐབས་ལྟར་གནས་པ་ལ། རྡོ་རྗེ་ཕྲ་བ་དང་ཡང་ཕྲས་གཏམས་ཞིང་། ཕྱིར་བསྟན་པའི་རྩེ་ལ། རྡོ་རྗེའི་ཐོག་ཐོག་སེར་ཆེན་འབེབས། འོག་ཀྱང་རྡོ་རྗེའི་ས་གཞི་ལ་འཕུར་ཐབས་ལ་རྡོ་རྗེ་ཕྲ་བ་དང་ཡང་ཕྲས་གཏམ་ཞིང་། ཕྱིར་བསྟན་པའི་རྩེ་ལ། རྡོ་རྗེའི་ཚྭ་ཚྭ་སྐར་ལྟར་རབ་ཏུ་འཁྲུག་པ། ཕྱོགས་མཚམས་ཀུན་ཀྱང་རྡོ་རྗེ་འབར་བས་ཛ་རྩིག་གིས་ཚུལ་གྱིས་གཏམས་པ་ལ་རྡོ་རྗེ་ཕྲ་བ་དང་ཡང་ཕྲས་གཏམས་ནས། རླུང་ཡང་འགྱུ་བའི་སྐབས་མེད་ན། བགེགས་ཀྱི་ཚོགས་ལྟ་ག་ལ་སྲིད་སྟེ་མི་སྲིད་དོ། །ༀ་འབྲུ་མཐུན། བཛྲ་རྡོ་རྗེ་ཛྭ་ལ་འབར་བ་ལ་སྐ་ཉི་མ་ཀྲོ་ཏ་ཁྲོ་བོ། ཧཱུྃ་སྡུད། ཕཊ་སྒྲོལ་ཅིག་པ་སྟེ། ཁྲོ་བོའམ་རྡོ་རྗེ་མཐིང་ནག་ཉི་མ་ལྟར་འོད་འབར་བའི་གུར་དུ་གྱུར་ཏེ། ཕྱིར་ལྟར་ན་རྡོ་རྗེ། ནང་ལྟར་ན་རྡོ་རྗེ་སེམས་དཔའ། གསང་བ་ལྟར་ན་བཛྲ་ཧེ་རུ་ཀཿ དེ་ཁོ་ན་ཉིད་ལྟར་ན་ཆོས་དབྱིངས་ཡེ་ཤེས། ཡང་ན། སྟེང་ཡང་རྡོ་རྗེའི་བླ་རེ་ལ་རྡོ་རྗེའི་ཐོག་ཐོག་སེར་ཆེན་འབེབས། འོག་ཀྱང་རྡོ་རྗེའི་ས་གཞིར་གྱུར། དེ་ལ་རྡོ་རྗེའི་ཚྭ་ཚྭ་སྐར་ལྟར་འཁྲུག་ནས་ཕྱོགས་མཚམས་ཀུན་ཀྱང་རྡོ་རྗེ་འབར་བས་གཏམས་པར་གྱུར། དེ་ལྟར་བཞེད་པ་ཡང་སྣང་། འདི་མན་ཆད་ཕྱག་མཚན་གཞན་ལ་ངེས་འདྲེས། དེའི་དོན་ལ་སྦྱར་ན་སྟེང་ཡང་རྡོ་རྗེའི་བླ་བྲེ་ནི། ཀུན་ཁྱབ་ཆེན་པོའི་ཡེ་ཤེས། འོག་རྡོ་རྗེའི་ས་གཞི་ནི། དབང་འབྱམས་ཆེན་པོའི་ཡེ་ཤེས། རྡོ་རྗེའི་ཐོག་ཐོག་སེར་ཆེན་འབེབས་ནི། མཐའ་གཉིས་འཇོམས་པའི་ཡེ་ཤེས། རྡོ་རྗེའི་ཚྭ་ཚྭ་སྐར་ལྟར་འཁྲུག་པ་ནི། ཀུན་དུ་འཕྲོ་བའི་ཡེ་ཤེས་སོ། །ཕྱོགས་མཚམས་ཀུན་ཀྱང་རྡོ་རྗེ་འབར་བས་གཏམས་པ་ནི། འགྱུར་བ་མེད་པའི་ཡེ་ཤེས། རྣམ་རྟོག་གི་རླུང་ཡང་འགྱུ་བ་མེད་ན། རྣམ་རྟོག་རང་བགེགས་ཡིན་པའི་ཚོགས་ལྟ་ག་ལ་སྲིད་སྟེ་མི་སྲིད་དོ། །ཅེས་གསུངས་པས། ཕྱག་མཚན་གཞན་ལ་ཡང་རང་རང་གིས་ཡེ་ཤེས་གཙོ་བོ་ཡིན་ཅིང་དེས་འདྲེས་སོ། །དེ་ནས་འཁོར་ལོ་མར་ལ་བབ་པ་གུར་ཁང་བསྒོམ་པ་ནི། ཧཱུྃ་སྟེང་ཡང་འཁོར་ལོའི་ཅེས་སོགས་བརྗོད་ལ། ༀ་ཙཀྲ་འཁོར་ལོ་ཛྭ་ལ་ལ་སྐ་ཀྲོ་ཏ་ཧཱུྃ་ཕཊ྄། ཅེས་བརྗོད་པས། རྡོ་རྗེའི་གུར་ཁང་གི་རྒྱབ་ཏུ་འཁོར་ལོ་དཀར་པོ་འོད་འབར་བ་རྩི བས་བརྒྱད་པ་བརྩིགས་པའི་གུར་དུ་གྱུར་ཏེ། ཕྱི་ན་འཁོར་ལོ། ནང་ལྟར་ན་རྣམ་པར་སྣང་མཛད། གསང་བ་ལྟར་ན་བྷུདྡྷ་ཧེ་རུ་ཀཿ དེ་ཁོ་ན་ཉིད་ལྟར་ན་མེ་ལོང་ཡེ་ཤེས། དེ་ནས་རལ་གྲི་མར་ལ་བབ་པ་གུར་བསྒོམ་པ་ནི། ཧཱུྃ་སྟེང་ཡང་རལ་གྲི་ཅེས་སོགས་བརྗོད་ལ། ༀ་པྲཛྙཱ་ཤེས་རབ་སྟེ་རལ་གྲི་ཛྭ་ལ་ལ་སྐ་ཀྲོ་ཏ་ཧཱུྃ་ཕཊ྄། ཅེས་བརྗོད་པས། འཁོར་ལོའི་རྒྱབ་ཏུ་རལ་གྲི་སེར་པོ་འོད་འཕྲོ་བ་བརྩིགས་པའི་གུར་དུ་གྱུར་ཏེ། ཕྱི་ལྟར་ན་རལ་གྲི། ནང་ལྟར་ན་རིན་ཆེན་འབྱུང་ལྡན། གསང་བ་ལྟར་ན་རཏྣ་ཧེ་རུ་ཀཿ དེ་ཁོ་ན་ཉིད་ལྟར་ན་མཉམ་ཉིད་ཡེ་ཤེས། དེ་ནས་ཐོབ་མར་བབ་པ་གུར་བསྒོམ་པ་ནི། ཧཱུྃ་སྟེང་ཡང་ཐོབ་པའི་ཅེས་སོགས་བརྗོད་པས། ༀ་མུ་སྟི་ཐོ་བ་ཛྭ་ལ་ལ་སྐ་ཀྲོ་ཏ་ཧཱུྃ་ཕཊ྄། ཅེས་སོགས་བརྗོད་པས། རལ་གྲིའི་རྒྱབ་ཏུ་ཐོ་ཡུ་སེར་པོ་ཐོ་མགོ་དམར་པོའི་གུར་དུ་གྱུར་ཏེ། ཕྱི་ལྟར་ན་ཐོ་བ། ནང་ལྟར་ན་སྣང་བ་མཐའ་ཡས། གསང་བ་ལྟར་ན་པདྨ་ཧེ་རུ་ཀཿ དེ་ཁོ་ན་ཉིད་ལྟར་ན་སོ་སོར་རྟོགས་པའི་ཡེ་ཤེས། དེ་ནས་རྒྱ་གྲམ་མར་བབ་པ་གུར་ཁང་བསྒོམ་པ་ནི། ཧཱུྃ་སྟེང་ཡང་རྒྱ་གྲམ་ཅེས་སོགས་བརྗོད་ལ། ༀ་ཀརྨ་ཕྲིན་ལས་རྒྱ་གྲམ་ཛྭ་ལ་ལ་སྐ་ཀྲོ་ཏ་ཧཱུྃ་ཕཊ྄། ཅེས་བརྗོད་པས། ཐོ་བའི་རྒྱབ་ཏུ་རྒྱ་གྲམ་ལྗང་ཀུའི་གུར་དུ་གྱུར་ཏེ། ཕྱི་ལྟར་ན་རྒྱ་གྲམ། ནང་ལྟར་ན་དོན་ཡོད་གྲུབ་པ། གསང་བ་ལྟར་ན་ཀརྨ་ཧེ་རུ་ཀཿ དེ་ཁོ་ན་ཉིད་ལྟར་ན་བྱ་གྲུབ་ཡེ་ཤེས། དེ་ནས་བྲག་རི་མར་བབ་པ་གུར་ཁང་བསྒོམ་པ་ནི། ཧཱུྃ་སྟེང་ཡང་བྲག་རིའི་ཅེས་སོགས་བརྗོད་ལ། ༀ་བཛྲ་རྡོ་རྗེ་པ་ཏ་ལ་བྲག་རི་པཉྩ་ལྔ་རིམ་ཧཱུྃ་ཕཊ྄། ཅེས་བརྗོད་པས། གུར་ལྔ་རིམ་གྱིས་རྒྱབ་ཏུ་རྡོ་རྗེའི་བྲག་རི་མཐིང་ནག་གིས་གུར་དུ་གྱུར་ཏེ། ཕྱི་ལྟར་ན་བྲག་རི། ནང་ལྟར་ན་ཀུན་ཏུ་བཟང་པོ་གསང་བ་ལྟར་ན་ཆེ་མཆོག་ཧེ་རུ་ཀཿ དེ་ཁོ་ན་ཉིད་ལྟར་ན་རང་བྱུང་ཡེ་ཤེས་སོ། །དེ་ནས་ཛྭ་ལ་བཛྭ་ཚར་གཅིག་བརྗོད་པས། གུར་དྲུག་ཀ་ལྟེ་བ་ནང་དུ་ཚུད་པའི་རྒྱ་གྲམ་ཆེན་པོ། རྭ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཐིང་ནག་གཅིག་བསྒོམ། ཡང་ཚར་གཅིག་བརྗོད་པས། མེ་རི་རྡོ་རྗེ་རྩེ་ལྔའི་རྣམ་པ་གཡས་འཁོར་དུ་འབར་བས། རྒྱ་གྲམ་རྭ་བར་གྱིས་བགེགས་དེ་རྣམས་བསྲེགས་པར་བསམ། ཡང་ཚར་གཅིག་བརྗོད་པས། རླུང་ནག་འཚུབ་མ་གཡས་གཡོན་དུ་འཁོར་བས་རོ་བསྲེགས་པའི་ཐལ་བ་ཡང་གཏོར་བ་བསམ། ཞི་བའི་གཏོར་བསྔོའི་སྐབས་སུ་འཆད་དེས་ཆོག་ལ། ཁྲོ་བོ་ལྟར་ན། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །དེ་བཞིན་ཉིད་ཀྱིས་དབྱིངས་ལས་ནི། །ཁྲོ་མོ་དབང་ཕྱུག་མངོན་བྱུང་སྟེ། །ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜལ་ཕཊ྄་ཕཊ྄་ཕཊ྄། ཧ་ལ་ཧ་ལ་ཧ་ལ་ཧཱུྃ་ཅེས་བརྗོད་པས། རྡོ་རྗེ་སེམས་དཔའ་འདི་ཉིད་ངོ་བོ་མི་འགྱུར་ཡང་རྣམ་པ་འགྱུར་བས་དཔའ་བོ་གོ་རྗེ་བའི་ཚུལ་དུ། བཅོམ་ལྡན་འདས་དཔལ་ཆེན་པོ་དབུ་དགུ་བརྒྱ་ཕྲག་སྟོང་བརྒྱད་བརྒྱ། ཞབས་བརྒྱད་བརྒྱ། ཕྱག་ན་སྟོང་ཁམས་ཀྱི་མཚོན་ཆ་སྣ་ཚོགས་འཛིན་པ། ཐུགས་ཀ་ནས་ཁྲོ་མོ་དབང་ཕྱུག་མ་ཕྱུང་ནས་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་སྤྲིན་ལས། ཁྲོ་བོ་སྐུ་ཚད་སྟོང་གསུམ་ཙམ་ལས་གྲངས་སྟོང་ཁམས་ཀྱི་རྡུལ་ཕྲ་མོ་སྙེད་སྤྲོས་པས། བགེགས་རྣམས་མི་གནས་པར་བྱས་ནས། ཚུར་འདུས་པས་གུར་དྲུག་གི་ནང་ཁྲོ་བོ་འཆོལ་བའི་གུར་དུ་གྱུར་པར་བསམ། ཕུར་པ་ལྟར་ན་རང་གཞུང་བཞིན་ནོ། །ཡང་ན་མཚམས་བཅད་ཀྱི་སྐབས་སུ་དམ་པས་འདི་ལྟར་དུ་གསུངས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། བསྲུང་བ་ལ་གསུམ་སྟེ། ལྟ་བ་ཆོས་ཉིད་ཀྱི་བསྲུང་བ་དང་། ཏིང་ངེ་འཛིན་དང་། རྟེན་འབྲེལ་འཁོར་ལོའོ། །དང་པོ་ལྟ་བ་གདེངས་དང་ལྡན་པའོ། །གཉིས་པ་ལྷག་པ་ཏིང་ངེ་འཛིན་མཚོན་ཆའི་གུར་དང་ལྡན་པའོ། །གསུམ་པ་ནི་བསྲུང་བའི་འཁོར་ལོ་དཔེའུ་ཆུང་ལྟར་བྲིས་ལ། མཎྜལ་ཕྱི་དོར་བྱས་པའི་སྟེང་དུ། མེ་ཏོག་ཚོམ་བུ་ལྔའམ་དགུ་བཀྲམ་པ་ནི་རིགས་ལྔ་ཡབ་ཡུམ་དུ་མོས། དེའི་སྟེང་དུ་ཙཀྲ་མེ་རི་ཡར་བསྟན་དེ་སྟེང་ན་རྡོ་རྗེས་མནན། མཆོད་གཏོར་གཞུང་བཞིན་བཤམས། རང་ཉིད་ཞི་བའམ་ཁྲོ་བོའི་དཀྱིལ་འཁོར་གཞུང་ལྟར་བྱས་ཀྱང་རུང་། ཡི་དམ་རང་གཞུང་གི་བསྟོད་པའི་བར་བྱས་ལ། འཁོར་ལོ་བྱིན་གྱིས་བརླབས་པ་ནི། རང་གི་ཐུགས་ཀ་ནས་མདུན་དུ་བྷྲཱུྃ་སྤྲོས་པས་འོད་དུ་ཞུ། མཚོན་ཆ་ལྔའི་གུར་གཞུང་ལྟར་བསྐྱེད་འཁོར་ལོ་དང་གུར་དེའི་ནང་དུ་འཁོར་ལོ་རྩིབས་བཞིའི་སྟེང་དུ་རིགས་ལྔ་ཡབ་ཡུམ་བཅུའམ། ཡབ་རྐྱང་གང་རུང་སྟེ། སྒྱུ་འཕྲུལ་ལམ་ཐབས་ཞགས་ལྟར་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གསལ་བར་བསྒོམ་ཐུགས་ཀར་རང་རང་གི་ཕྱག་མཚན་ལ་རང་རང་གི་ས་བོན་གནས་པ་ལས་འོད་འཕྲོས་ཏེ། བསྒྲུབ་བྱ་ལ་ཕོག་པས། ཚེའི་ངོ་བོ་ཨ་དཀར་པོར་བྱས་ཏེ། སོ་སོའི་ས་བོན་ལ་བསྟིམ། ཡེ་ཤེས་པ་བཞུགས། མཆོད་པ་ལྔ་འབུལ། བསྟོད་པ་བྱ། བསྙེན་པ་བརྒྱ་རྩ་ཡན་ཆད་ཅི་རིགས་པ་བྱ། འདོད་གསོལ་གདབ་དེ་ནས་འཁོར་ལོ་བླང་བའི་དུས་སུ། འཁོར་ལོ་ལ་འཁོར་ལོ་ཆད་དེ་བསྒྲུབ་བྱའི་གྲངས་སུ་འཕེལ་བར་བསམ། བསྲུང་བའི་ཚིགས་བཅད་གང་རུང་བརྗོད། དེ་ནས་ལེགས་པར་དྲིལ་ལ། མགུལ་ལམ་ལུས་ལ་བཏག་གོ། །བསྲུང་བའི་ཚིག་བཅད་ནི། ཧཱུྃ་ཅིས་ཀྱང་མི་ཚུགས་མི་ཤིག་པའི། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་ཡུལ་རྣམས་བཅོམ་ནས་ནི། །ཆོས་ཉིད་འབའ་བའི་གོ་བཀོན་ནོ། །ཧཱུྃ་ཅིས་ཀྱང་མི་ཚུགས་མི་ཤིག་པའི། །འཁོར་ལོའི་གོ་ཆ་བླ་ན་མེད། །གཏི་མུག་ཡུལ་རྣམས་བཅོམ་ནས་ནི། །འཁོར་ལོ་འབར་བའི་གོ་བཀོན་ནོ། །ཧཱུྃ་ཅིས་ཀྱང་མི་ཚུགས་མི་ཤིག་པའི། །རིན་ཆེན་གོ་ཆ་བླ་ན་མེད། །ང་རྒྱལ་ཡུལ་རྣམས་བཅོམ་ནས་ནི། །རིན་ཆེན་འབར་བའི་གོ་བཀོན་ནོ། །ཧཱུྃ་ཅིས་ཀྱང་མི་ཚུགས་མི་ཤིག་པའི། །པདྨའི་གོ་ཆ་བླ་ན་མེད། །འདོད་ཆགས་ཡུལ་རྣམས་བཅོམ་ནས་ནི། །པདྨ་འབར་བའི་གོ་བཀོན་ནོ། །ཧཱུྃ་ཅིས་ཀྱང་མི་ཚུགས་མི་ཤིག་པའི། །རྒྱ་གྲམ་གོ་ཆ་བླ་ན་མེད། །ཕྲག་དོག་ཡུལ་རྣམས་བཅོམ་ནས་ནི། །རྒྱ་གྲམ་འབར་བའི་གོ་བཀོན་ནོ། །ཅེས་གསུངས་སོ། །དེ་འདི་ཡན་ཆད་ཀྱི་མཚམས་བཅད་པ་དེ་རྫོགས་སོ།། ༈ །།གཉིས་པ་མཆོད་པ་བྱིན་གྱིས་བརླབས་པ་ལ། བསང་ཆུ། མཆོད་པ་བྱིན་རླབས་དངོས་དང་གཉིས་ཡོད་པ་ལས། རང་གི་ཐུགས་ཀ་ནས་རྃ་ཡྃ་ཁྃ་གསུམ་སྤྲོས་པས་མཆོད་པ་རྣམས་ཀྱི་དངོས་པོ་མ་དག་པ་ཐམས་ཅད་རྃ་ལས་ཡེ་ཤེས་ཀྱི་མེ་འབར་སྟེ་བསྲེག །ཡྃ་ལས་ཡེ་ཤེས་ཀྱི་རླུང་བྱུང་བས་བསྲེགས་པའི་ཐལ་བ་གཏོར། ཁྃ་ལས་ཡེ་ཤེས་ཀྱི་ཆུ་བྱུང་བས་གཏོར་བའི་ལྷག་མ་ཡང་མ་ལུས་པར་བཀྲུ་བར་བསམ་ལ། དེ་ལྟར་བསྲེགས་གཏོར་བཀྲུ་གསུམ་ཚར་ནས་རྃ་ཡྃ་ཁྃ་ཐུགས་ཀར་བསྡུ། མཆོད་པའི་དངོས་པོ་རང་བསྲེགས་པ་ནི་མ་ཡིན་ནོ། །དེ་ནས་དང་པོ་བསང་ཆུ་བྱིན་གྱིས་བརླབས་པ་ནི། བཤམ་པའི་བསང་ཆུ་དེ་ཉིད་མི་དམིགས་པའི་ངང་ལས་ཐུགས་ཀ་ནས་བྷྲཱུྃ་སྤྲོས་པ་འོད་ཏུ་ཞུ་བ་ལས་སྣོད་བྷན་དྷར་བསམ། དེའི་ནང་དུ་ཨཱཿའོད་དུ་ཞུ་བ་ལས་ཟླ་བ་དེའི་སྟེང་དུ་ཡིག་འབྲུ་མུཾ་མཐིང་ནག་བསམ་པ་འོད་དུ་ཞུ་བ་ལས་ཡུམ་ཀྲོ་ཏི་ཤྭ་རི་སྟེ་ཁྲོ་མོ་དབང་ཕྱུག་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་ཞབས་གཉིས་བརྐྱང་བསྐུམ། གཡས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་འཛིན་པའི་ཁུ་ཚུར་བཟློག་པའི་རྩེ་མོ་ཚང་ཕུག་ཏུ་གཏད་པ། གཡོན་ཁྲོ་བོའི་དྲིལ་བུ་དཀུར་བརྟེན་པའི་ཚུར་དུ་བསྣམས་པ། གླང་ཆེན་གྱིས་སྟོད་གཡོགས། ཞིང་གི་རྐེད་ཆིངས། སྟག་གི་ཤམ་ཐབས་སྟེ་མནབས་པའི་རྒྱན་གསུམ། ཐོད་རློན་ལྔ་བཅུ་རྩ་གཅིག་གི་ཕྲེང་བ་སེ་རལ་ཁར་ཐོགས་པ། སྐམ་པོ་ལྔའི་དབུ་རྒྱན་པ། ར་རིའི་དཔུང་རྒྱན་སྟེ་ཐོད་པ་ཚར་གསུམ་གཅིག །ཡན་ལ་གི་ཚིག་མདོ་རྣམས་སུ་ཀེང་རུས་ལས་བཟོས་པའི་ཕྲེང་བ་ཞིང་རྒྱུས་ཀྱི་ལུང་བྱས་པ་སྟེ། འདོགས་པའི་རྒྱན་གཉིས། ཞག་གི་ཟོ་རིས། རཀྟའི་ཐིག་ལེ། ཐལ་ཆེན་ཚོམ་བུ་སྟེ་བྱུག་པའི་རྒྱན་གསུམ། དེ་ལྟར་དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པ་དེའི་ཐུགས་ཀར་ཟླ་བའི་སྟེང་དུ་བྷནྡྷ་དེའི་ནང་དུ་མུཾ་གྱིས་མཚན་པར་བསྒོམ། དེའི་མཐའ་སྐོར་དུ་ༀ་བཛྲ་དྷ་དུ་ཀྲོ་ཏི་ཤྭ་རི་དེ་ཝི་ཤོ་དྷ་ནི་སྟ་ན་ཛྙཱ་ན་ཧཱུྃ་ཧཱུྃ་ཧཱུྃ་ཅེས་པས་འཁོར་བར་བསམ་ལ། ངག་ཏུ་ཉེར་གཅིག་བརྗོད་དོ། །སྔགས་ཀྱི་དོན་ནི། ༀ་ཡེ་ཤེས་ལྔ་ལྡན་སྔགས་ཀྱིས་མགོ་འདྲེན། བཛྲ་རྡོ་རྗེ། དྷ་དུ་དབྱིངས། ཀྲོ་ཏི་ཁྲོ་མོ། ཤྭ་རི་དབང་ཕྱུག །དེ་ཝི་རྣམ་པར། ཤོ་དྷ་ནི་སྦྱོངས། སྟ་ན་སྒྲོལ། ཛྙཱ་ན་ཡེ་ཤེས། ཧཱུྃ་ཧཱུྃ་ཧཱུྃ་གྱི་སྐུ་གསུང་ཐུགས་ཀྱི་ངང་དུ་སྡུད་ཅིག་པ་སྟེ། རྡོ་རྗེ་དབྱིངས་ཀྱིས་ཁྲོ་མོ་དབང་ཕྱུག་མས། འབྱུང་བཞི་བཟང་ངན་དུ་འཛིན་པ་འདི། ཡེ་ནས་རྣམ་པར་དག་པར་སྤྱོད་པ་ཡེ་ཤེས་ལྔའི་ངང་དུ་སྒྲོལ་ཅིག །རྒྱལ་བའི་སྐུ་གསུང་ཐུགས་སུ་སྡུད་ཅིག་པ་སྟེ། སྔགས་བཟླ་དུས་དམིགས་པ་ནི། དབྱིངས་ཕྱུག་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་འབྱུང་བ་བཞི་ལ་ཕོག །འབྱུང་བ་བཞི་ལྷ་མོ་བཞིར་གྱུར་ཏེ། ས་སངས་རྒྱས་སྤྱན་མ། ཆུ་མཱ་མ་ཀཱི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མར་གྱུར་ནས། དབྱིངས་ཕྱུག་མའི་ཐུགས་ཀར་ཐིམ་པར་བསྒོམ་ལ། དམིགས་པ་རྒྱུན་མི་ཆད་པར་བྱ་ཞིང་། མཐར་དབྱིངས་ཕྱུག་མ་འོད་དུ་ཞུ་ནས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གྱུར་ཅིང་འཛིན་པ་དང་བྲལ་བའི་ཆུར་དམིགས་ལ། རྡོ་རྗེས་ཆུ་དང་པོ་གནས་ཁང་ལ་གཏོར་བས་གནས་ཁང་དེ་ཉིད་ཞི་ཁྲོ་གང་སྒོམ་གྱི་གཞལ་ཡས་ཁང་དུ་གྱུར་ཏེ་བྱིན་གྱིས་རླབས། ཆུ་གཉིས་པ་བདག་དང་མཆེད་གྲོགས་ལ་གཏོར་བས་བདག་ཞི་ཁྲོ་གང་ཡིན་གྱི་གཙོ་བོར་གསལ། གཞན་འཁོར་དུ་བྱིན་གྱིས་བརླབས། ལན་གསུམ་པ་མཆོད་རྫས་རྣམས་ལ་གཏོར་བས་མཆོད་རྫས་ཀྱི་དངོས་པོ་སྟོང་པར་སྦྱང་ངོ་། ༈ །མཆོད་པ་བྱིན་རླབས་དངོས་ནི། ར་རག་རྩ་བ་ལས། པཱུ་ཙ་ལྔ་དང་གསུམ་བཤམ་བརླབ། །ཅེས་པས། རྩ་བ་ནང་གི་པཱུ་ཙ་བརླབ་པ་དང་། ཡན་ལག་སྤྱིའི་པཱུ་ཙ་བརླབ་ཐབས་གཉིས་སྣང་བ་ལས། འདིར་དང་པོ་ལ་ཡན་ལག་གམ་སྤྱིའི་མཆོད་པ་རྣམ་ལྔ་བྱིན་གྱིས་རླབས་པ་ནི། བི་མ་ལའི་བྱིན་རླབས་ཕྲེང་བ་ལྟར་ན། མཆོད་རྫས་མི་དམིགས་པ་ལས། རང་གི་ཐུགས་ཀ་ནས་ཧཱུྃ་དཀར་སེར་དམར་ལྗང་མཐིང་ཀ་རྣམས་སྤྲོས་པས་མཆོད་པ་རྣམས་ལ་ཕོག་པ། ༀ་འབྲུ་མཐུན། བཛྲ་ཨརྒྷཾ་རྡོ་རྗེ་མཆོད་ཡོན་ཨཱཿཧཱུྃ་མ་སྐྱེས་པའི་ངང་ནས་སྭཱ་ཧཱ་ནི་གཞི་ཚུག་པར་གྱུར་ཅིག་པ་སྟེ། ཧཱུྃ་དཀར་མོ་ལས་ལྷ་མོ་མཆོད་ཡོན་མ་དཀར་མོ་ཕྱག་ན་མཆོད་ཡོན་ཐོགས་པ་དཔག་ཏུ་མེད་པར་བྱིན་གྱིས་རླབས། ༀ་བཛྲ་དྷུ་པེ་བདུག་སྤོས་ཨ་ཧཱུཾ་སྭཱ་ཧཱ་ཧཱུྃ་སྔོན་མོ་ལས་བདུག་སྤོས་མ་སྔོན་མོ་ཕྱག་ན་བདུག་སྤོས་ཐོགས་པ། ༀ་བཛྲ་པུཥྤེ་མེ་ཏོག་མ་ཧཱུྃ་སེར་མོ་ལས་མེ་ཏོག་མ་སེར་མོ་ཕྱག་ན་མེ་ཏོག་ཐོགས་པ། ༀ་བཛྲ་ཨ་ལོ་ཀེ་མར་མེ་ཧཱུྃ་དམར་པོ་ལས་མར་མེ་མ་དཀར་མོ་ཕྱག་ན་མར་མེ་བསྣམས་པ། ༀ་བཛྲ་གྷནྡྷེ་དྲི་ཆབ། ཧཱུྃ་ལྗང་ཀུ་ལས་དྲི་ཆབ་མ་ལྗང་གུ་ཕྱག་ན་དྲིའི་དུང་ཆོས་ཐོགས་པ། ༀ་བཛྲ་ནི་ཝདྱ་ཞལ་ཟས། ཧཱུྃ་མཐིང་ཀ་ལས་ཞལ་ཟས་མ་མཐིང་ཀ་ཕྱག་ན་ཞལ་ཟས་ཐོགས་པ། ༀ་བཛྲ་ཤཔྟ་རོལ་མོ། ཧཱུྃ་ཁྲ་མོ་ལས་རོལ་མོ་མ་ཁྲ་མོ་ཕྱག་ན་རོལ་མོ་ཐོགས་པ། དཔག་ཏུ་མེད་པ་བྱིན་གྱིས་རླབས་སོ། །འབུལ་དུས་ཡོན་ཆབ་མས་ཞལ་དང་། ཞབས་བསིལ་ཞབས། བདུག་སྤོས་ཤངས། མེ་ཏོག་སྐུ་ལ་མཐོར། མར་མི་སྤྱན། དྲི་ཆབ་སྐུ་ལུས་ལ་བྱུག །ཞལ་ཟས་ཞལ་དུ། རོལ་མོ་སྙན་ལ་འབུལ། ཡང་ན་མཆོད་སྤྲིན་རྒྱ་མཚོ་ལྟར་བྱིན་རླབས་བྱེད་ལུགས་འདི་ལྟར་སྣང་། མཆོད་ཡོན་གྱིས་སྣོད་ཨཱཿལས་ཟླ་བའི་ནང་དུ། བཅུད་ༀ་དཀར་པོ་གཅིག་ཏུ་གྱུར་ཏེ། དེ་ལས་འོད་ཟེར་འཕྲོས་སེམས་ཅན་ལ་ཕོག་ཆུ་འཛིན་གྱིས་རྟོག་པ་སྦྱངས། སངས་རྒྱས་ལ་ཕོག་པས་མཉེས་པའི་མཆོད་པ་འབུལ། སླར་ཚུར་འདུས། ཆུ་རུ་སྣང་བའི་ཡོན་ཏན་དང་། འོག་མིན་གྱིས་ཆུ་མཱ་མ་ཀཱིའི་བྱིན་རླབས་བསྡུས། གཞི་བོ་ལ་ཐིམ་འོད་དུ་ཞུ་བ་ལས། ༀ་བཛྲ་ཨརྒྷཾ་བརྗོད་པས། ཕྱི་ལྟར་ཆུ་ཡན་ལག་བརྒྱད་ལྡན། ནང་ལྟར་བདུད་རྩིའི་རྒྱ་མཚོར་བསམ། བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་བཞིའི་སྣོད་ཉི་ཟླའི་ག་བུར་བསམ། བཅུད་བདུག་སྤོས་ལ་དུ་སེར་པོ། མེ་ཏོག་ལ་པུ་སྔོན་པོ། མར་མེ་མ་ཨ་དམར་པོ། དྲི་ཆབ་ལ་ག་ལྗང་གུ་བསམ། དང་པོ་དུ་ལ་འོད་ཟེར་འཕྲོས་སེམས་ཅན་ལ་ཕོག །དྲི་འཛིན་གྱིས་རྟོག་པ་སྦྱངས། སངས་རྒྱས་ལ་མཉེས་པའི་མཆོད་པ་འབུལ། སླར་ཚུར་འདུས། སེམས་ཅན་གྱི་དྲིར་སྣང་བའི་ཡོན་ཏན་དང་། ཡེ་ཤེས་ཀྱི་བདུག་སྤོས་ཀྱི་བྱིན་རླབས་བསྡུས། གཞི་བོ་ལ་ཐིམ་འོད་དུ་ཞུ་བ་ལས། ༀ་བཛྲ་དྷུ་པེ་བརྗོད་པས་ལྷ་མོ་དྷུ་པེ་མ་སེར་མོས་སྤོས་བསྣམས་པ། ཕུ་ལ་འོད་འཕྲོས་སེམས་ཅན་ལ་ཕོག །མེ་ཏོག་དུ་འཛིན་པའི་རྟོག་པ་སྦྱངས། སངས་རྒྱས་ལ་མཉེས་པའི་མཆོད་པ་འབུལ། སླར་ཚུར་འདུས། འཇིག་རྟེན་གྱི་ཆུ་དང་ཐང་ལ་སྐྱེས་པའི་མེ་ཏོག་པདྨ་དཀར་པོ་ཨུ་དུམ་འབར་བ། མ་འཛུ་ཤ་ཀ་ལ་སོགས་པའི་ཡོན་ཏན་དང་། ཡེ་ཤེས་ཀྱི་མེ་ཏོག་ཀྱི་བྱིན་རླབས་བསྡུས། གཞི་བོ་ལ་ཐིམ་འོད་དུ་ཞུ་བ་ལས། ༀ་བཛྲ་པུཥྤེ་བརྗོད་པས། པུཥྤེ་མ་སྔོན་མོ་མེ་ཏོག་ཐོགས་པ། ཨ་ལས་འོད་ཟེར་སེམས་ཅན་ལ་ཕོག །འོད་གསལ་དུ་འཛིན་པའི་རྟོག་པ་སྦྱངས། སངས་རྒྱས་ལ་མཉེས་པའི་མཆོད་པ་འབུལ། འཇིག་རྟེན་གྱི་ཉི་མ་དང་ཟླ་བ་ལ་སོགས་པར་སྣང་བའི་ཡོན་ཏན་དང་། ཡེ་ཤེས་ཀྱི་མར་མེའི་བྱིན་རླབས་བསྡུས། གཞི་བོ་ལ་ཐིམ་འོད་དུ་ཞུ་བ་ལས། ༀ་བཛྲ་ཨ་ལོ་ཀེ་བརྗོད་པས། མར་མེ་མ་དམར་མོ་མར་མེའི་རྐོང་བུ་བསྣམས་པ། ག་ལ་འོད་འཕྲོས་སེམས་ཅན་གྱི་དོན་བྱས། འཕགས་པ་མཆོད་སླར་ཚུར་འདུས། འཇིག་རྟེན་གྱི་ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པར་སྣང་བའི་ཡོན་ཏན་དང་། ཡེ་ཤེས་ཀྱི་དྲི་ཆབ་ཀྱི་ཡོན་ཏན་བསྡུས། གཞི་པོ་ལ་ཐིམ་འོད་དུ་ཞུ་བ་ལས། ༀ་བཛྲ་གྷནྡྷེ་བརྗོད་པས། ལྷ་མོ་གྷནྡྷེ་མ་ལྗང་ཀུ་དྲི་ཆབ་ཐོགས་པར་བསྒོམ། ཞལ་ཟས་ནི་གཏོར་མ་དང་། རོལ་མོ་ནི་དངོས་སུ་འབུལ་བས་བྱིན་རླབས་མི་བྱེད་པ་ཡང་སྣང་ངོ་། །རྩ་བའམ་ནང་ཁྱད་པར་ཅན་གྱིས་དམ་རྫས་བྱིན་གྱིས་རླབས་པ་ལ། སྨན་དང་། རཀྟ་དང་། གཏོར་མ་གསུམ། དེ་ཡང་དང་པོ་སྨན་གྱི་བྱིན་རླབས་ལས། ཀ་པཱ་ལ་བརྟག་པ་དང་། བྱིན་རླབས་དངོས་གཉིས། དང་པོ་ལ་ལྔ་སྟེ། དབྱིབས་དང་། ཁ་དོག་དང་། བུག་པ་དང་། ནད་རྩ་དང་། དུམ་བུ་ལ་བརྟག་པའོ། །དེ་དག་ནི་རྒྱས་པར་གཞན་དུ་ཤེས་སོ། །གཉིས་པ་ལ་ལྔ་སྟེ། སྣོད་བརླབ་པ་དང་། བཅུད་བརླབ་པ། སྨན་ཕུད་སྤྲོ་བ། སྨན་མཚམས་བཅད་པ། སྨན་གྱིས་བསྲུང་མ་བསྒོ་བ་དང་ལྔའོ། །དང་པོ་ནི། རང་གི་ཐུགས་ཀ་ནས་བྷྲཱུྃ་སེར་པོ་གཅིག་སྤྲོས་པས་སྨན་སྣོད་ལ་ཕོག །དེ་ལས་བྷྲཱུྃ་ཕྲ་མོ་གྲངས་མེད་པ་ཕྱོགས་བཅུའི་འཇིག་རྟེན་གྱིས་ཁམས་སུ་སྤྲོས་གནས་ཁང་དང་སྤྲ་གུར་དུང་འཛིན་པའི་རྟོགས་པ་སྦྱངས། འོག་མིན་གྱིས་གནས་ན་ཡར་འཕྲོས་པས་ཡེ་ཤེས་ཀྱི་གཞལ་ཡས་ཁང་ལ་མཉེས་པའི་མཆོད་པ་འབུལ། སླར་འདུས་འོག་མིན་གྱི་གཞལ་ཡས་ཁང་གི་བྱིན་རླབས་དང་། སེམས་ཅན་གྱིས་གནས་ཁང་དང་སྦྲ་གུར་དུ་སྣང་བའི་ཡོན་ཏན་བསྡུས་ཏེ་གཞི་བོའི་བྷྲཱུྃ་ལ་ཐིམ་འོད་དུ་ཞུ་བ་ལས། བྷན་དྷ་ཀ་པ་ལཱ་ཡངས་ཤིང་རྒྱ་ཆེ་བ། ཕྱི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ། ནང་བྷན་དྷའི་གཞལ་ཡས་ཁང་། མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟ་བུ། ཐིག་བཞི་བཏབ་པས་རིལ་ཆ་དགུ་དང་ལྡན་པར་བསམ། གཉིས་པ་ནི། དེའི་དབུས་སུ་ཉི་མའི་དཀྱིལ་འཁོར། ཤར་དུ་ཟླ་བ། ལྷོར་རིན་པོ་ཆེ་ཟུར་བརྒྱད་སྔོན་པོ། ནུབ་ཏུ་པདྨ་འདབ་བརྒྱད་དམར་པོ། བྱང་དུ་ཨེ་གྲུ་གསུམ་ལྗང་ཀུ། དབུས་སུ་ཉི་མའི་སྟེང་དུ་བྱང་སེམས་དཀར་པོའི་སྟེང་ལ་ཧཱུྃ་དང་མཱཾ། ཤར་དུ་དྲི་ཆེན་སེར་པོའི་སྟེང་ལ་ༀ་དང་ལཱྃ། ལྷོར་ཤ་ཆེན་སྔོན་པོའི་སྟེང་ལ་སྭཱ་དང་མཱྃ། ནུབ་ཏུ་པདྨ་རཀྟ་དམར་པོའི་སྟེང་ལ་ཨཱཾ་དང་པཱྃ། བྱང་དུ་དྲི་ཆུ་ལྗང་ཀུ་ལ་ཧཱ་ཧཱཾ་གཉིས་ཏེ་ཡབ་ཀྱི་ཡིག་འབྲུ་ཐམས་ཅད་འགག་མེད་མཚོན་པའི་རྟགས་སུ་ལོག་པོ་ཡིན་ལ། ཡུམ་གྱི་ཡིག་འབྲུ་ཐམས་ཅད་ཤེས་རབ་མི་འགྱུར་བ་མཚོན་པའི་རྟགས་སུ་དྲང་ལོ་ཡིན་ཞིང་ཐབས་ཤེས་གཉིས་མེད་མཚོན་པའི་རྟགས་སུ་ཡབ་ཡུམ་གྱིས་ཡིག་འབྲུ་རྣམས་ཁ་སྦྱོར་ཡིན་ལ། ཁ་དོག་ནི་བདུད་རྩི་ལྔའི་རང་བཞིན་ཡིན་པས་དེ་དང་མཚུངས་སོ། །ཡི་གེ་དེ་རྣམས་ལས་ཡིག་འབྲུ་ཕྲ་མོའི་འོད་ཟེར་གྲངས་མེད་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་འཕྲོས་པས་སེམས་ཅན་གྱི་ངག་ཏུ་འཛིན་པའི་རྟོག་པ་སྦྱངས། འོག་མིན་གྱི་གནས་སུ་ཡར་འཕྲོས་པས། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་གསུང་ལ་མཉེས་པའི་མཆོད་པ་འབུལ། སླར་ཚུར་བདུས། དུས་གསུམ་གྱི་བདེ་གཤེགས་པའི་རྣམས་ཀྱི་གསུང་གི་བྱིན་རླབས་དང་། སེམས་ཅན་གྱིས་ངག་ཏུ་སྣང་བའི་ཡོན་ཏན་ཐམས་ཅད་བསྡུས་ཏེ། གཞི་པོ་ལ་ཐིམ། དབུས་སུ་ཧཱུྃ་མཱུཾ་འོད་དུ་ཞུ་བའི་འོད་ཕུང་ལས་རྡོ་རྗེ་དྲིལ་བུ་གཉིས་སུ་གྱུར། ཤར་གྱིས་ༀ་ལཱྃ་ལས་འཁོར་ལོ་དང་དྲིལ་བུ། ལྷོར་སྭཱ་མཱཾ་ལས་རིན་པོ་ཆེ་དང་དྲིལ་བུ། ནུབ་ཏུ་ཨཾ་པཱཾ་ལས་པདྨ་དང་དྲིལ་བུ། བྱང་དུ་ཧ་ཏཱཾ་ལས་རྒྱ་གྲམ་དང་དྲིལ་བུ་གཉིས་སུ་གྱུར། དེ་ལས་ཕྱག་མཚན་གྲངས་མེད་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་འཕྲོས་པས། སེམས་ཅན་གྱི་ཡིད་དུ་འཛིན་པའི་རྟོག་པ་སྦྱངས། འོག་མིན་གྱི་གནས་སུ་ཡར་འཕྲོས་པས། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ལ་མཉེས་པའི་མཆོད་པ་འབུལ། སླར་འདུས་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཡེ་ཤེས་ལྔའི་བྱིན་རླབས་དང་། སེམས་ཅན་གྱི་ཡིད་དུ་སྣང་བའི་ཡོན་ཏན་ཐམས་ཅད་བསྡུས་ཏེ། གཞི་བོ་ལ་ཐིམ་པས་འོད་དུ་ཞུ་བ་ལས། རིགས་ལྔ་ཡབ་ཡུམ་གྱི་སྐུ་ཚོན་གང་བར་གྱུར། དེ་ལ་སྐུ་ཕྲ་མོ་གྲངས་མེད་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་འཕྲོས་པས། སེམས་ཅན་གྱིས་ལུས་སུ་འཛིན་པའི་རྟོག་པ་སྦྱངས། འོག་མིན་གྱི་གནས་སུ་ཡར་འཕྲོས་པས། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་ལ་མཉེས་པའི་མཆོད་པ་འབུལ། སླར་ཚུལ་འདུས། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་སྐུའི་བྱིན་རླབས་དང་། སེམས་ཅན་གྱི་ལུས་སུ་སྣང་བའི་ཡོན་ཏན་སྟེ། དེ་ལྟར་འཁོར་འདས་ཐམས་ཅད་ཀྱིས་བཅུད་བསྡུས་ནས་སླར་ཐིམ་པས། རིགས་ལྔ་ཡབ་ཡུམ་གྱི་སྐུ་ཡོངས་རྫོགས་བཅུར་གྱུར་པ་སྟེ། དབུས་སུ་རྡོ་རྗེ་སེམས་དཔའ་དང་། ནམ་མཁའ་དབྱིངས་ཕྱུག་མ་ཡབ་ཡུམ་སྐུ་མདོག་དཀར་པོ་ཡབ་ཀྱི་ཕྱག་གཡས་ན་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ། གཡོན་ཆོས་ཉིད་ཐུགས་སུ་ཆུད་པའི་རྟགས་སུ། དངུལ་དཀར་གྱི་དྲིལ་བུ་བསྣོལ་ནས་འཛིན་པ། ཡུམ་གྱི་གཡས་ཡབ་ལ་འཁྱུད་ཅིང་། གཡོན་དྲིལ་བུ་ཡབ་ཀྱི་སྙན་རྩར་འཁྲོལ་བ། ཤར་དུ་རྣམ་པར་སྣང་མཛད་དང་སངས་རྒྱས་སྤྱན་མ་ཡབ་ཡུམ་སྐུ་མདོག་སེར་པོ། ཡབ་ཀྱི་གཡས་ན་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་སུ་འཁོར་ལོ། །གཡོན་དྲིལ་བུ། ལྷོར་རིན་ཆེན་འབྱུང་ལྡན་དང་མཱ་མ་ཀཱི་ཡབ་ཡུམ་སྐུ་མདོག་སྔོན་པོ། ཡབ་ཀྱིས་གཡས་ན་དགོས་འདོད་ལྷུན་གྱི་གྲུབ་པའི་རྟགས་སུ་རིན་པོ་ཆེ། གཡོན་དྲིལ་བུ། ནུབ་ཏུ་སྣང་མཐའ་དང་གོས་དཀར་མོ་ཡབ་ཡུམ་སྐུ་མདོག་དམར་པོ། ཡབ་ཀྱི་གཡས་ན་ཉེས་པའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་པདྨ། གཡོན་དྲིལ་བུ། བྱང་དུ་དོན་ཡོད་གྲུབ་པ་དང་དམ་ཚིག་སྒྲོལ་མ་ཡབ་ཡུམ་སྐུ་མདོག་ལྗང་གུ། ཡབ་ཀྱི་གཡས་ན་ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་མཛད་པའི་རྟགས་སུ་རྒྱ་གྲམ། གཡོན་དྲིལ་བུ། ཡུམ་གྱིས་གཡས་ཡབ་ལ་འཁྱུད་ཅིང་། གཡོན་དྲིལ་བུ་ཡབ་ཀྱི་སྙན་རྩར་འཁྲོལ་བ། ཡབ་ཡུམ་རྣམས་ཀྱི་མཛད་པ་ཡོངས་སུ་རྫོགས་པའི་རྟགས་སུ། ཞབས་གཉིས་རྫོགས་པའི་སྐྱིལ་ཀྲུང་། ཉོན་མོངས་པའི་གདུང་བ་སེལ་བའི་རྟགས་སུ། རྒྱབ་བརྟེན་ཟླ་བ་ལ་བྱས་པ། ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་འོད་འཇའ་ཚོན་སྣ་ལྔའི་ཁོར་ཡུག་ཏུ་འཁོར་བ། སྙན་གོང་གཡས་གཡོན་ན་ཤེས་བྱ་ཐམས་ཅད་མཁྱེན་པ་དང་ལྡན་པའི་རྟགས་སུ་ཨུཏྤལ་འདབ་མ་སྟོང་དང་ལྡན་པས་བརྒྱན་པ། ཞི་བའི་ཚུལ་དགུ་དང་ལྡན་ཞིང་། དར་གྱི་རྒྱན་བརྒྱད། རིན་པོ་ཆེའི་རྒྱན་ལྔ་སྟེ། རྒྱན་ཆས་བཅུ་གསུམ་གྱིས་མཛེས་པར་བརྒྱན་པ། སྐུ་སྣང་ལ་རང་བཞིན་མེད་པ། ཡལ་རྟོག་པ་མེད་པ། དཔེར་ན་ཆུ་ནང་གི་ཟླ་བ་ལྟ་བུའམ། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་བསྒོམ་མོ། །རང་གི་ལག་པ་གཡོན་པའི་མཐེ་བོང་ལ་མ་དམར་པོ། སྲིན་ལག་ལ་ཨ་དཀར་པོ། དེ་གཉིས་ཀྱི་དབུས་སུ་ཧྲཱིཿདམར་པོ་གཅིག་བསམ། མཐེ་བོང་གིས་མ་ཡོངས་སུ་གྱུར་པ་ལས་ཉི་མའི་གདན། སྲིན་ལག་གི་ཨ་ཡོངས་སུ་གྱུར་པ་ལས་ཟླ་བའི་གདན་གཉིས་ཀྱི་བར་དུ། ཧྲཱིཿཡོངས་སུ་གྱུར་པ་ལས་རྟ་མགྲིན་ཡབ་ཡུམ་དམར་པོ་ཡབ་ཀྱི་གཡས་ལྕགས་ཀྱུ། གཡོན་སྡིགས་འཛུབ། ཞབས་གཉིས་འདོར་ཐབས་ཀྱིས་བསྒྲད་པ། སྤྱན་གསུམ་དང་ལྡན་པ། སྨིན་མ་ཐུར་དུ་གློག་འགྱུ་བ་བཞིན་དུ་འཁྱུག་པ། དབུ་སྐྲ་དམར་སེར་རལ་པ་གྱེན་ལ་བརྫེས་པ། རལ་པའི་གསེབ་ནས་ཡར་ལ། རྟ་མགོ་ལྗང་ཀུ་རྔོག་མ་ལེབ་རྒན། ཕུན་ཕུན་སེར་པོ། དཔྲལ་བ་ཞུར་པོ། རྟ་སྐད་ཕྱོགས་བཅུར་སྒྲོགས་པ། ཞིང་ཆེན་གྱིས་གཡང་གཞི། གླང་ཆེན་གྱིས་ཀོ་རློན། སྟག་གི་ཤམ་ཐབས་སྐུ་ལ་གསོལ་བ། གཞན་ཡང་སྦྲུལ་དང་ཐོད་པའི་རྒྱན་བསམ་གྱིས་མི་ཁྱབ་པས་བརྒྱན་པ། ཡུམ་རྡོ་རྗེ་ཕག་མོ་གཡས་གྲི་གུག །གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྲིལ་བ་ཅན་དུ་བསྒོམ་གསུངས། གཞུང་ནས། མདུན་ན་མི་ཕམ་མ་དཀར་མོ་གཡས་ལྕགས་ཀྱུ། གཡས་སུ་ཁྲོ་གཉེར་མ་སེར་མོ་ཞགས་པ། རྒྱབ་ཏུ་རོ་ལོང་མ་དམར་པོ་ལྕགས་གྲོག །གཡོན་དུ་རལ་གཅིག་མ་ནག་མོ་དྲིལ་བུ་ཅན་བཞི་དང་འཁྲིལ་སྦྱོར་དུ་བསྒོམ་པ་ཡང་སྣང་། དེ་ནས་རང་ཡི་དམ་དང་རྟ་མགྲིན་རིགས་ལྔ་ཡབ་ཡུམ་ཀུན་གྱིས་མཁའ་གསང་བྱིན་གྱིས་རླབས་པ་ལ། ཡབ་ཀྱི་གསང་བའི་རྡོ་རྗེ་ནི། མ་ལས་ཉི་མའི་དཀྱིལ་འཁོར་འོད་ཡོངས་སུ་རྫོགས་པའི་སྟེང་དུ། ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ། རྡོ་རྗེའི་དབུ་བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་འོད་ཡོངས་སུ་རྫོགས་པའི་སྟེང་དུ། བདུད་རྩི་བྱང་ཆུབ་སེམས་ཀྱིས་རང་བཞིན་ༀ་དཀར་པོ་གཅིག་བསམ། རྡོ་རྗེའི་རྭ་དབུ་མའི་ནང་དུ་ཆགས་པ་ཆོས་ཉིད་དུ་སྒྲོགས་པའི་རྟགས་སམ། ཡུམ་གྱི་མཁའ་ལ་བདེ་བ་མཐར་ཕྱིན་བའི་རྟགས་སུ། ཕཊ་ནག་པོ་མགོ་ཕྱིར་བསྟན་པ་གཅིག་བསྒོམ། ཡུམ་གྱི་མཁའ་པདྨ་འདབ་མ་བརྒྱད་པའི་དབུས་ཨེ་གྲུ་གསུམ་ཆོས་ཀྱི་འབྱུང་གནས། རྩ་ཁ་ཁ་མུ་ཁ་འདུས་པའི་རྩེ་མོ་ལ། བདུད་རྩི་རཀྟའི་རང་བཞིན། ཡི་གེ་ༀ་དམར་པོ་རྒྱ་མཚལ་ཅོག་ལ་མ་ལྟ་བུ་གཅིག་བསམ་ས་མ་ཡ་ཧོ། ཡུམ་གྱི་ཡབ་ལ་སྦྱོར་པ་མཛོད་ཅིག་པར་བསྐུལ་བས། ས་མ་ཡ་སྟྭཾ། ཡབ་ཀྱིས་སྦྱོར་བ་བྱེད་པ་ཞལ་གྱིས་བཞེས། ཨ་ནུ་རཱ་ག་ཡ་མི་ཡུམ་གྱིས་ཡབ་ལ་སྦྱོར་བ་མྱུར་དུ་མཛོད་ཅིག་པར་བསྐུལ་བས། ཨ་ནུ་ར་ག་ཡ་ཧཱུྃ་ཡབ་ཀྱིས་ཡུམ་ལ་སྦྱོར་བ་མྱུར་དུ་བྱ་བ་ཞལ་གྱི་བཞེས་ནས། ཛ་ལྕགས་ཀྱུ་མས་དཔུང་པ་ནས་འཁྱུད། ཧཱུྃ་ཞགས་པ་མས་ལུས་ལ་འཁྲིལ། བྃ་ལྕགས་སྒྲོགས་མས་མཁའ་དང་མཁའ་ཞལ་དང་ཞལ་དུ་སྤྲད་པར་བྱའོ། །ཧོ་དྲིལ་བུ་མས་བདེ་བ་དུས་གཅིག་ཉམས་སུ་མྱོང་སྟེ། བདག་ཡབ་ཡུམ་རོལ་པ་མཛད་པ་མཛད་པའི་བྱང་ཆུབ་ཀྱིས་སེམས་ཡུམ་གྱི་མཁའ་ལ་ཕབ་པས། དེའི་འོད་ཟེར་གསང་བའི་སྦྱོར་མཚམས་ནས་འཕྲོས་རྟ་མགྲིན་ཡབ་ཡུམ་ལ་ཕོག །རྟ་མགྲིན་ཡབ་ཡུམ་རོལ་པ་མཛད་པའི་བྱང་ཆུབ་སེམས་ཀྱིས་འོད་ཟེར་རིགས་ལྔ་ཡབ་ཡུམ་བཅུ་ལ་ཕོག །རིགས་ལྔ་ཡབ་ཡུམ་བཅུ་རོལ་པ་མཛད་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། དེ་དག་རོལ་པ་མཛད་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་ཐུགས་ཆོས་ཉིད་ཀྱི་བདུད་རྩི་ཁ་དོག་ལྔ་ལྡན་ཚུར་འདུས་རིགས་ལྔ་ཡབ་ཡུམ་བཅུ་ལ་གཅིག་ཆར་དུ་ཐིམ་པར་བསམ་པའམ། ཡང་ན་སྔགས་བཟླས་པ་དང་རིམ་གྱིས་སྤྲད་པ། བདག་ཡབ་ཡུམ་རོལ་པ་མཛད་པའི་འོད་ཟེར་རྟ་མགྲིན་ཡབ་ཡུམ་ལ་ཕོག །རྟ་མགྲིན་ཡབ་ཡུམ་སྦྱོར་བའི་འོད་ཟེར། རྡོར་སེམས་ལ་ཕོག །དེ་ཡབ་ཡུམ་སྦྱོར་བའི་འོད་ཟེར་རྣམ་སྣང་ལ་ཕོག །དེ་ཡབ་ཡུམ་སྦྱོར་བའི་འོད་ཟེར་རིན་འབྱུང་ལ་ཕོག །དེ་ཡབ་ཡུམ་སྦྱོར་བའི་འོད་ཟེར་སྣང་མཐའ་ལ་ཕོག །དེ་ཡབ་ཡུམ་སྦྱོར་བའི་འོད་ཟེར་དོན་གྲུབ་ལ་ཕོག །དེ་ཡབ་ཡུམ་སྦྱོར་བའི་འོད་ཟེར་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ལ་ཕོག །ཐུགས་དམ་གྱི་རྒྱུད་བསྐུལ། དེ་དག་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་མར་ལ་བབ་སྟེ། དཔེར་ན་ཁ་བ་བབ་པ་ལྟར་རིགས་ལྔ་ལ་ཐིམ་པར་བསམ། སྔགས་ནི། ཧཱུྃ་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས་བཛྲ་དྷྲྀཀ྄་ནི་རྡོ་རྗེ་འཛིན་པའི་བསྐྱེད་སྔགས། མཱུྃ་རྒྱུ་མ་ནོ་རྩ་བའི་སྔགས། དྷ་ཏཱི་ཤྭ་རི་གཏི་མུག་དགའ་མ་སྟེ་དབྱིངས་ཕྱུག་མའི་བསྐྱེད་སྔགས། ༀ་རྒྱུ་ཛིན་ཛིཀ྄་ནི་རྒྱལ་བ་རྣམ་སྣང་འཛིན་པའི༴ ལྃ་རྒྱུ། དཻ་ཥ་ར་ཏི་ཞེ་སྡང་དགའ་མ་སྟེ་སངས་རྒྱས་སྤྱན་མའི། སྭཱ་རྒྱུ། རཏྣ་དྷྲྀཀ྄་ནི་རིན་འབྱུང་རིན་པོ་ཆེ་འཛིན་པའི༴ མཱྃ་རྒྱུ། མོ་ཧ་ར་ཏི་ང་རྒྱལ་དགའ་མ་སྟེ་མཱ་མ་ཀཱིའི། ཨཱཾ་རྒྱུ། ཨ་རོ་ལྀཀ྄་ཆོས་སྣང་མཐའ་པདྨ་འཛིན་མའི། པྱཾ་རྒྱུ། རཱ་ག་ར་ཏི་འདོད་ཆགས་དགའ་མ་སྟེ་གོས་དཀར་མོའི། ཧཱ་རྒྱུ། པྲཛྙཱ་དྷྲྀཀ྄་དོན་གྲུབ་ཤེས་རབ་རལ་གྲི་འཛིན་པའི། ཏཱཾ་རྒྱུ། བཛྲ་ར་ཏི་ཕྲག་དོག་དགའ་མ་སྟེ་དམ་ཚིག་སྒྲོལ་མའི། ༀ་གྱིས་བསྲེག །ཨཱཿས་སྦྱངས། ཧཱུྃ་གིས་བྱིན་གྱིས་བརླབས། སརྦ་ཐམས་ཅད་པཉྩ་ལྔ་ཨ་མྲྀ་ཏ་བདུད་རྩི། ཧཱུྃ་ཆ་ལྔ་ཡོད་པའི་ཡེ་ཤེས། ཧྲཱིཿརྟ་མགྲིན་གྱི་ས་བོན། ཐཱ་བདུད་རྩི་བཞུ་བ་སྟེ། དེ་ཡང་བམ་བརྒྱད་ལས། ལག་པ་གཡོན་པ་དཔུང་བརྐྱང་ལ། །མཐེ་བོང་སྲིན་ལག་དཀྱིལ་དུ་འགུག །ཚོན་གང་རྡོ་རྗེ་ཆང་བཅུག་སྟེ། །ཏིང་འཛིན་མེ་དང་འདྲ་བ་ཡི། །བཟླས་བརྗོད་རླུང་དང་འདྲ་བ་ལས། །གླལ་དང་སྦྲིད་པས་བར་མི་བཅད། །དགུགས་པ་འདི་དག་ཛཔ྄་ཏུ་བསྒྲང་། །ཅེས་པས། ལག་པ་གཡོན་པ་བདུད་རྩིའི་སྟེང་དུ་བརྐྱང་། མཐེ་བོང་སྲིན་ལག་རྩེ་སྤྲད། རྡོ་རྗེ་ཆང་པར་བཅུག །དེ་ནས། དེ་ལ་ཕྲེང་བ་བཀོན་ནས། རིགས་ལྔ་ཡབ་ཡུམ་གྱི་བདུད་རྩིའི་སྙིང་པོ་འབྲུ་དགུ་སྒྲིལ་མ། བརྒྱའམ་ཉེར་གཅིག་གམ་བདུན་འདོན་ལ། དེ་ནས་འོད་ཟེར་འོད་དུ་ཞུ་བའི་དུས་སུ་རྡོ་རྗེའི་རྩེ་མོ་སྨན་གྱི་དབུས་དང་ཕྱོགས་བཞིར་རེག་ལ། རིགས་ལྔ་ཡབ་ཡུམ་རོལ་པ་མཛད་པས་རིགས་ལྔ་ཡབ་ཡུམ་ཐམས་ཅད་རྟ་མགྲིན་མ་གཏོགས་པ་ཡུམ་ཡང་འོད་དུ་ཞུ་ནས་བདུད་རྩི་དཀར་ལ་དམར་བའི་མདངས་ཆགས་པ་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟ་བུས་བྷན་དྷ་ཕྱུར་གྱིས་གང་བར་བསྒོམ་ལ། རྡོ་རྗེས་ལན་གསུམ་དཀྲུགས་ཤིང་། སྐུ་གསུང་ཐུགས་ཀྱིས་རྒྱུད་བསྐུལ་བར་བསམ་ལ། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲི་ཋ། ཅེས་བརྗོད་དོ། །གསུམ་པ་ནི། དེ་ནས་རྡོ་རྗེས་སྨན་ཆུ་ཁྱོར་བར་བླུག་ལ། མཐེབ་སྲིན་ཉི་ཟླའི་སྐྱོག་ཏུ་བསམ་ལ་གཏོར་ཞིང་། ༀ་ཨཱཿཧཱུྃ་བྱིན་རླབས་རྩ་བ་བཀའ་བརྒྱུད་བླ་མ། དངོས་གྲུབ་རྩ་བ་ཡི་དམ་ལྷ་ཚོགས། ཕྲིན་ལས་རྩ་བ་ཆོས་སྐྱོང་སྲུངས་མ། བསྙེན་སྒྲུབ་རྩ་བ་མ་དང་མཁའ་འགྲོ་བསྟན་སྲུང་བཀའ་སྡོད་ཕོ་ཉ་ལས་མཁན་དང་བཅས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ཅེས་བརྗོད་ལ་ཁ་ཞག་གིས་ཞད་ཙམ་གཅིག་མཆོད། འོག་མ་དངོས་སུ་འབུལ་བའི་སྐབས་སུ་མཐེབ་སྲིན་ཉི་ཟླའི་སྐྱོག་ཏུ་བསམ་ལ་གཏོར་བའམ། ལྷ་མོ་ཉི་ཟླའི་སྐྱོག་བཟུང་བ་རྣམས་ཀྱི་བཅུས་ནས་མཆོད་པར་བསམ་གསུངས། བཞི་པ་ནི། རྡོ་རྗེའི་ལག་པ་གཡོན་པའི་སྲིན་ལག་གསེར་གྱི་རྡོ་རྗེ་རྩེ་ལྔ་པར་བསམ་ལ། ཁྱོར་བ་གང་གིས་བདུད་རྩི་ཕྱོགས་བཅུར་གཏོར་བས། རྣལ་འབྱོར་མ་མཆེད་གྲོགས་རྣམས་ལ་ཕོག་པས་སྡིག་སྒྲིབ་དག་པར་བསམ། མཆོད་རྫས་ལ་ཕོག་པས་ཕུད་ཉམས་པ་དང་། སྨེ་བ་དང་མི་གཙང་བ་དང་། དམ་ཉམས་ཀྱི་ལག་ནས་བྱུང་བ་ལ་སོགས་པ་ཉེས་པ་ཐམས་ཅད་དག་པར་བསམ། གནས་ཁང་ལ་ཕོག་པས་དེའི་ཉེས་སྐྱོན་དག་པར་བསམ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་ཕོག་པས་ལུས་སྲོག་སྒྱུ་མ་རྡུལ་དུ་བརླག་པར་བསམ་ལ། གང་ཞིག་བཀའ་རྐུ་བ་དང་། གསུང་གཅོག་པ་དང་། ལྟ་བ་དང་། ཉན་པ་ལ་མི་དབང་བའི་སྣོད་མ་ཡིན་པའི་བགེགས་རིགས་སྟོང་ཕྲག་བརྒྱ་ཅུ་པོ་དེ་དག་ལ་དའི་ཡེ་ཤེས་ཀྱིས་བདུད་རྩིའི་ཆུ་རྒྱུན་འདི་ཕོག་པ་ཙམ་གྱིས་ལུས་སྲོག་སྒྱུ་མ་རྡུལ་དུ་བརླག་ནས་མེད་པར་བྱོས་ཤིག །གང་ཞིག་དམ་ཚིག་དང་ལྡན་པ་རྣམས་ཀྱི་ཐུགས་དམ་བསྐང་བར་མཛོད་ཅིག །རིགས་ཅན་རྣམས་ཀྱི་དམ་ཚིག་ནི། རིགས་མེད་རྣམས་ལ་དབང་མི་འགྱུར། །རིགས་ཅན་རང་གི་དམ་ཚིག་ལས། །སངས་རྒྱས་ཀུན་ཀྱང་འདའ་བ་མིན། །ཅེས་རང་གི་སྔགས་གོང་མ་བརྗོད་ལ། ལྕེ་ལ་ལན་གསུམ་བླང་ངོ་། །ཀཱ་ཡ་བཛྲ་ༀ། ཝཱཀྐ་བཛྲ་ཨཱཿཙིཏྟ་བཛྲ་ཧཱུྃ། ཅེས་བརྗོད་ལ། མཐེབ་སྲིན་ཉི་ཟླའི་སྐྱོག་ཏུ་བསམ་ལ། ཁྱོར་བ་ནང་གི་བདུད་རྩིའི་ནང་དུ་ༀ་ཨཱཿཧཱུྃ་གསུམ་ཡོད་པ་དེ་བླང་ནས་བདག་གི་གནས་གསུམ་དུ་བཞུགས་པར་བསམ་ལ། གནས་གསུམ་དུ་ཐིག་ལེ་བྱ་བ་ནི་དངོས་གྲུབ་བླང་བའོ། །དེ་ནས་ཁྱོར་བ་ནང་གིས་བདུད་རྩི་ལྷག་མ་དེ་རང་གི་བཏུང་ལ། སྤྱི་བོར་བླ་མ་བཞུགས་པར་བསམ། མགྲིན་པར་མཁའ་འགྲོ། སྙིང་ཁར་ཡི་དམ། ལྟེ་བར་ཆོས་སྐྱོང་། རྩ་གནས་ཐམས་ཅད་དཔའ་བོ་དཔའ་མོའི་རང་བཞིན་དུ་བསམ་ལ། དེ་རྣམས་ཀྱི་གསོལ་ནས་མཉེས་པར་བསམ་པ་ནི། བདུད་རྩི་གསང་གནན་གྱི་མཆོད་པ་ཞེས་བྱའོ། །ལྔ་པ་སྲུང་མ་བསྒོ་བ་ནི། སྨན་སྣོད་ཀ་པཱ་ལ་བཅུད་དང་བདུད་རྩིའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། དཔེར་ན་མཚོ་ལ་འཁྱག་རམ་ཆགས་པའི་ཚུལ་དུ་ཡོད་པའི་སྟེང་དུ་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོ་རྡོ་རྗེ་བྱེད་པ་རྩེ་ལྔ་པའི་ལྟེ་བ་ལ་ༀ་ཁ་དོག་ལྔ་ལྡན་གཅིག་བསམ། རང་གི་མཐེབ་སྲིན་གྱིས་རྟ་མགྲིན་ཚོན་གང་བ་དེ་རྡོ་རྗེའི་རྩེ་མོ་ལ་བཞུགས་ནས། བདག་ལ་དངོས་གྲུབ་སྟེར་བ་དང་། བདུད་རྩིའི་བསྲུང་མ་བྱེད་པར་བསམ་མོ། །འདི་ནི་བི་མ་མི་ཏྲའི་བྱིན་རླབས་ཕྲེང་པའི་ནང་ནས། སློབ་དཔོན་དམ་པ་བདེ་བར་གཤེགས་པས་བསྡུས་པའི་ལུགས་སོ། །རྒྱས་པར་བདུད་རྩི་ཕྱི་ནང་གསང་གསུམ་གྱིས་བྱིན་རླབས་ལོགས་སུ་ཤེས་སོ། །རཀྟ་བྱིན་གྱིས་བརླབ་པ་ནི། རང་གི་ཐུགས་ཀ་ནས་བྷྲཱུྃ་གཅིག་སྤྲོས་པས་རཀྟའི་སྣོད་ལ་ཕོག་པ་འོད་དུ་ཞུ་བས་བྷན་དྷ་རློན་པ་ལྕང་ལོ་ཅན་གྱིས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་གཅིག་བསམ། དེའི་ནང་དུ་ཐ་མལ་པའི་རཀྟ་ཕྱི་ནང་གསང་གསུམ་གྱིས་གང་བར་བསམ། དེ་ནས་རང་གི་ཐུགས་ཀ་ནས་རྃ་སྤྲོས་མེད་དཔུང་གྱུར་ཏེ། ཐ་མལ་པའི་རཀྟ་རྣམས་བསྲེགས་ཅིང་མེད་པར་བསམ། དེ་ནས་རང་གི་ཐུགས་ཀ་ནས་བཅུད་ཀྱི་དངོས་པོར་དམར་པོ་གཅིག་སྤྲོས་པ་བྷན་དྷའི་ནང་དུ་བབ་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཇིག་རྟེན་གྱི་ཁམས་སུ་སྤྲོས་པས་སེམས་ཅན་གྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱང་། འོག་མིན་དུ་འཕྲོས་པས་སངས་རྒྱས་ལ་མཉེས་པའི་མཆོད་པ་འབུལ། འོག་མིན་གྱིས་རཀྟའི་བྱིན་རླབས་དང་། འཇིག་རྟེན་གྱི་ཁམས་ན་སའི་རཀྟ། རྡོའི་རཀྟ། རྩི་ཐོག་གི་རཀྟ། ཤིང་གི་རཀྟ། སྲོག་ཆགས་ལས་བྱུང་བའི་རཀྟ་ལ་སོགས་པའི་བཅུད་ཐམས་ཅད་བསྡུས་ཏེ་ར་ལ་ཐིམ། ར་འོད་དུ་ཞུ་བ་ལས་བྷནྡྷའི་ནང་དུ་རཀྟའི་རྒྱ་མཚོར་གྱུར་སྟེ་ཁྲག་ལྦུ་རི་རབ་ཙམ་ཆགས་པ་ལས། ལྦུ་བའི་ནང་ནས་རཀྟའི་ལྷ་མོ་དམར་མོ་བྷནྡྷ་རཀྟས་བཀང་བ་ཐོགས་པ་དཔག་ཏུ་མེད་པ་ཡོད་པ། ཤར་གྱི་རྦ་བརླབ་ནུབ་ཏུ་འཕྱོ་བ། ནུབ་ཀྱི་རྦ་བརླབ་ཤར་དུ་འཕྱོ་བ། ལྷོའི་རྦ་བརླབ་བྱང་དུ་འཕྱོ་བ། བྱང་གི་རྦ་བརླབ་ལྷོར་འཕྱོ་བ། རྦ་བརླབ་དུ་འཁྲུག་པ། ཁྲག་སྤུ་རི་རབ་ཙམ་ཆགས་པ་ལས། ཞིང་གི་སྙས་འཕྱོ་བ། ཞིང་ཆུང་གི་ཁ་བད་དུ་ཆགས་པ། ཚིལ་ཆེན་གྱིས་འབྲུམ་དང་དར་ཆགས་པ་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་རྩེ་མོ་ལ་མཚོན་ཆ་ལྔའི་འཁོར་ལོ་འཁོར་བར་བསྒོམ། ༀ་ནི་སྔགས་ཀྱི་མགོ་འདྲེན་མ་ཧཱ་ཆེན་པོ། རཀྟ་ཁྲག །ཛྭ་ལ་འབར་བ། མཎྜལ་དཀྱིལ་འཁོར། ཧཱུྃ་ཧཱུྃ་ཧཱུྃ་ཐུགས་རྗེའི་སྐུ་གསུང་ཐུགས་ཀྱི་ངང་དུ་སྡུད་ཅིག །ཕཊ྄་སྒྲོལ་ཅིག་པ་སྟེ། སྲིད་གསུམ་ཁྲག་གི་རྒྱ་མཚོ་ཆེན་པོ་འདི་འབར་བ་ཆེན་པོའི་དཀྱིལ་འཁོར་གྱིས་ཚོགས་ཀྱིས་གསོལ་བས་སྐུ་གསུང་ཐུགས་ཀྱི་ངང་དུ་སྡུད་ཅིག །སྒྲོལ་ཅིག་ཅེས་པ་སྟེ། ཏིང་ངེ་འཛིན་མ་གསལ་བར་དུ་བརྗོད་ཅིང་། མཐར་དེ་བཞིན་གཤེགས་པ་རྣམས་ལ་གཏོར་བས་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ཤིང་ཚིམ་པར་བསམ། ཆོས་སྐྱོང་རྣམས་ལ་གཏོར་བས་ཐུགས་དམ་བསྐང་བར་བསམ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་ཕོག་པས་རྡུལ་དུ་བརླག་པར་བསམ། རང་གི་ལན་གསུམ་བླངས། སྙིང་ཁར་རཀྟའི་ཐིག་ལེ་ཟླ་གམ་གཅིག་བྱ། འོག་མཆོད་པའི་དུས་སུ་རཀྟའི་ལྷ་མོ་ཐོད་ཞལ་ཐོགས་པ་རྣམས་ཀྱིས་མཆོད་པར་བསམ། རཀྟ་བྱིན་བརླབ་འདི་ཡང་བྷི་མ་ལའི་ལུགས་སོ། །རྒྱས་པ་ཕྱི་ནང་གསང་གསུམ་ལྟར་བྱིན་གྱིས་བརླབ་པའི་ལུགས་ལོགས་སུ་ཤེས་སོ། །གཏོར་མ་བྱིན་གྱིས་བརླབ་པ་ལ་གཉིས་སྟེ། དང་པོ་གཏོར་མ་གཏོང་མ་གཏོང་གིས་སྐྱོན་ཡོན་ནི། སློབ་དཔོན་པདྨའི་ལ་ཞལ་ནས། གཏོང་དང་མི་གཏོང་ཡོན་ཏན་སྐྱོན། །ལྔ་ཚན་གཉིས་དང་བཅུ་ཚན་གཉིས། །དང་པོ་ཡོན་ཏན་ལྔ་ཚན་ནི། །ཚེ་འདིར་མཁའ་འགྲོས་བྱིན་རླབས་དང་། །དངོས་གྲུབ་ཐོབ་དང་ཉམས་སྐོང་དང་། །མ་ཉམས་པ་དག་མི་ཉམས་དང་། །ཕྱི་མར་བྱང་ཆུབ་རྒྱུར་འགྱུར་ལྔ། །གཉིས་པ་མ་གཏོང་བའི་སྐྱོན་ལྔ་ནི། །ཚེ་འདིར་མཁའ་འགྲོས་ཆད་གཅོད་ཅིང་། །ཚོགས་མི་རྫོགས་དང་དགྲ་བགེགས་ཀྱིས། །བར་ཆད་བྱེད་དང་བསམ་མི་འགྲུབ། །བཟླས་བརྗོད་ཆུད་ཟོས་འདི་ཕྱི་མར། །དངོས་གྲུབ་གང་ཡང་མི་འགྲུབ་ལྔ། །གསུམ་པ་སྐྱོན་གྱིས་བཅུ་ཚན་ནི། །ལྷ་དང་འབྲེལ་ཐག་ཆད་པ་དང་། །མཁའ་འགྲོའི་དངོས་གྲུབ་མི་ཐོབ་དང་། །སྡེ་བརྒྱད་ལ་ནི་བཀའ་མི་བཙན། །བར་ཆད་བགེགས་རྣམས་མི་ཞི་ངང་། །མི་དང་མི་མིན་ནད་ཀྱིས་ཚུགས། །རིགས་དྲུག་རྒྱུད་སྦྱང་མི་ནུས་དང་། །གཞན་དོན་མཐར་མི་ཕྱིན་པ་དང་། །བདག་དོན་ལྷུན་གྱི་མི་འགྲུབ་དང་། །ཅི་དང་ཅི་བྱེད་ཐམས་ཅད་ཀྱིས། །ལམ་གྱི་བར་ཆད་མི་སེལ་དང་། །མཐར་ཐུག་བྱང་ཆུབ་མི་ཐོབ་བཅུ། །བཞི་པ་ཡོན་ཏན་བཅུ་ཚན་ནི། །གྲུབ་ཐག་ཉེ་དང་དེས་བྱིན་རླབས། །མ་དང་མཁའ་འགྲོས་དངོས་གྲུབ་སྟེར། །སྡེ་བརྒྱད་ལ་ནི་བཀའ་བཙན་སོགས། །སྐྱོན་བཅུ་བཟློག་པ་ཡོན་ཏན་ཉིད། །སྤྱིར་ནི་གཏོར་མའི་དགོས་ཆེད་ནི། །གཏོར་མ་ལས་རབ་ཀུན་གྱི་མཆོག །ལས་རྣམས་ཀུན་གྱིས་སྣ་ལ་འགྲོ། །ཆོས་རྣམས་ཀུན་གྱིས་གཞི་ཡང་ཡིན། །བསྙེན་སྒྲུབ་ཀུན་གྱི་རྟེན་ཡང་ཡིན། །ཅེས་གསུངས། ཡང་གཏོར་མ་བཅག་ན། བཀའ་ཆད་གནས་སུ་གྱུར་པས་ན། །དབང་མེད་རིགས་དང་འགྲོན་ལམ་མམ། །དེ་མིན་གཏོར་མར་འབད་པར་བྱ། །ཅེས་དང་། གཏོར་ཚོགས་རྒྱ་མཚོའི་རྒྱུད་ལས། གཏོར་ཆུ་བླུག་ནས་ལག་རེག་ན། །ཕྱིན་ཆད་བྱིན་བརླབ་སྤྱོད་དུ་མེད། །ས་དེར་གནས་པའི་འདྲེ་གང་གི། །དེས་ནི་གཏོར་མ་དེ་ཐོབ་སྐད། །ཅེས་གསུངས། དེས་སྐྱོན་དང་ཡོན་ཏན་བསྟན་པ་སོང་ན། གཉིས་པ་བྱིན་རླབས་དངོས་ནི། རང་གི་ཐུགས་ཀ་ནས་བྷྲཱུྃ་ཁ་དོག་སྣ་ཚོགས་པ་གཅིག་སྤྲོས་པ་གཏོར་མ་ལ་ཕོག་འོད་དུ་ཞུ་བ་ལས་བྷན་དྷའི་གཞལ་ཡས་ཁང་ཕྱི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ལ་ཕྱོགས་དང་ཁ་དོག །འདྲེས་པར་འདོད་པར་གཉིས་ལ། འདིར་ཕྱག་ལེན་ལ་ཕྱོགས་མདོག་ནང་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟ་བུ། ཐིག་བཞི་བཏབ་པས་རིལ་ཆ་དག་དང་ལྡན་པར་བསམ། དེ་ལ་མཐུ་ཆོད་དུ་འདོད་པ་དང་། ཐིག་སྒལ་དུ་འདོད་པ་གཉིས་ལས། འདིར་ཕྱག་ལེན་ལ་བྱང་སེམས་དཀར་པོའི་ཐིག་སྒལ་དུ་འདོད། དེའི་དབུས་སུ་བྱང་སེམས་དཀར་པོ་ཁ་བ་སྤུངས་པ་ལྟ་བུའི་ཐོག་ལ་ཧཱུྃ་དཀར་པོ་རྡུལ་ཆུས་བྲིས་པ་ལྟ་བུ། དེའི་རྩར་མི་རོ་ལ་མཱུྃ། ཤར་དུ་དྲི་ཆེན་སེར་པོ་བ་བླ་སྤུངས་པ་ལྟ་བུའི་ཐོག་ལ་ༀ་སེར་པོ་གསེར་ཆུས་བྲིས་པ་ལྟ་བུ། ལྷོར་ཤ་ཆེན་སྔོན་པོའི་ཐོག་ལ་སྭཱ་སྔོན་པོ་ལ་བཻཌཱུརྱ་ཞུན་མས་བྲིས་པ་ལྟ་བུ། ནུབ་ཏུ་པདྨ་རཀྟ་དམར་པོའི་ཐོག་ལ་ཨཱོཾ་དམར་པོ་བྱུ་རུ་ཞུན་མས་བྲིས་པ་ལྟ་བུ། བྱང་དུ་དྲི་ཆུ་ལྗང་ཀུའི་ཐོག་ལ་ཧཱཾ་ལྗང་ཀུ་ཨིནྡྲ་ནཱི་ལའི་ཞུན་མས་བྲིས་པ་ལྟ་བུ་གཅིག་བསྒོམ། ཤར་ལྷོར་གླང་པོ་ཆེའི་རོ་ལ་ལྃ། ལྷོ་ནུབ་ཏུ་རྟ་རོ་ལ་མྃ། ནུབ་བྱང་དུ་རྨ་བྱའི་རོ་ལ་པྱཱྃ། བྱང་ཤར་དུ་ཁྱི་རོ་ལ་ཏཱྃ། རོ་དེ་རྣམས་གླང་སྒུམ་དུ་གནས་པའི་སོག་བར་དུ། ཡིག་འབྲུ་བསྒོམ་པ་དང་། ལྕེ་ཐོག་ཏུ་བསྒོམ་པ་དང་། སྤྱི་བོར་བསྒོམ་པའི་ལུགས་མི་འདྲ་བའི་འདོད་པ་སྣང་ཡང་། ཕྱག་ལེན་ལ། མི་རོའི་ལྕེ་ཐོག །སེམས་ཅན་བཞི་པོའི་སྤྱི་བོར་ཡི་གེ་རྣམས་བསྒོམ་གསུངས། སེམས་ཅན་གྱིས་ཁ་དོག་ཡང་གླང་ཆེན་ཐལ་དཀར་ཡིན། རྟ་ཟག་ཞུར་ཟེར་ཡང་ཤེས་བྱེད་མ་མཐོང་། པདྨའི་དམ་ཚིག་ཉེར་བརྒྱད་ཀྱིས་འགྲེལ་བར། རྟ་སྔོན་པོ་ཡིན། ཅེས་གསུངས། རྨ་བྱ་ལྗང་ཀུ་ཡིན། ཁྱི་དཀར་སྣ་མར་དགོས་ཟེར་བ་སྣང་། མ་སུརྻ་མཎྜ་ལ་ཧཱུྃ། ཅེས་རང་གི་ཐུགས་ཀ་ནས་ཉི་མའི་དཀྱིལ་འཁོར་ཧཱུྃ་གིས་མཚན་པ་སྤྲོ་བ་ཤ་ལྔ་བདུད་རྩི་ལྔ་ལ་ཕོག །དངོས་པོ་མ་དག་པ་བསྲེག་ནས་བཅུད་ཡིག་འབྲུ་བཅུ་ལ་ཐིམ་པར་བསམ། པཱྃ་པདྨ་མཎྜལ་ཨཱཿཅེས་པས། པདྨ་ཨ་ཡིས་མཚན་པ་སྤྲོས་པས་ཡིག་འབྲུ་བཅུ་ལ་ཕོག །དེ་དག་ཐམས་ཅད་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ། ཨ་ཙནྟྲ་མཎྜལ་ༀ་ཅེས་ཟླ་བའི་དཀྱིལ་འཁོར་ༀ་གྱིས་མཚན་པ་སྤྲོས་པས་བདུད་རྩིའི་སྟེང་དུ་ཁ་ཆོད་ཀྱིས་ཚུལ་དུ་གནས་པ་ལས། ༀ་ལས་འདོད་པའི་ཡོན་ཏན་ཁམས་དྲུག་གི་ལྷ་མོ་དཔག་ཏུ་མེད་པ་འཕྲོ་ཞིང་དེ་བཞིན་གཤེགས་པ་རྣམས་ལ་མཆོད་དོ། །ༀ་ནི་སྔགས་ཀྱི་མགོ་འདྲེན་བྷ་ལིངྟ་བྷ་ལིངྟ་གཏོར་མ་གཏོར་མ་ཏེ་ཛྭ་གཟི་བརྗིད་བྷ་ལིངྟ་གཏོར་མ་བྷ་ལ་ཤ་བྷ་ཏེ་ཆང་གུཧྱ་གསང་བ་ས་མ་ཡ་དམ་ཚིག་སྭཱ་ཧཱ་གཞི་ཚུགས་པར་གྱུར་ཅིག་པ་སྟེ། ཕྱིའི་གཏོར་མ། ནང་གི་གཏོར་མ། ཁྱད་པར་དུ་གཟི་བརྗིད་ལྡན་པ་གསང་བའི་གཏོར་མ་ཤ་ཆང་གིས་བརྒྱན་པ་ལ་མི་འདའ་བས་དམ་ཚིག་གི་གཞི་ཚུགས་པར་གྱུར་ཅིག་ཅེས་པའི་དོན་ཡིན་པས། བརྒྱ་རྩ་བརྒྱད་དམ། ཉེར་གཅིག་གམ་བདུན་བརྗོད་ལ། ཕྱིའི་གཏོར་མ་སྟེང་འདོད་ཡོན་གྱི་ལྷ་མོ། ནང་གིས་གཏོར་མ་བར་བདུད་རྩིའི་རྒྱ་མཚོ། གསང་བའི་གཏོར་མ་འོག་དུག་གསུམ་ཤ་ཁྲག་རུས་གསུམ་གསལ་གདབ་པའམ། ཡང་ན་ཚར་བདུན་བརྗོད་དེ། དང་པོ་གཟུགས་ཀྱི་ལྷ་མོ་དཀར་མོའི་ཕྱག་ན་མེ་ལོང་བསྣམས་པ་གསལ་གདབ། གཉིས་པས་སྒྲའི་ལྷ་མོ་སྔོན་མོས་ཕྱག་ན་པི་ཝཾ་བསྣམས་པ་དང་། གསུམ་པས་དྲིའི་ལྷ་མོ་སེར་མོ་ཕྱག་ན་སྤོས་ཕོར་བསྣམས་པ། བཞི་པས་རོའི་ལྷ་མོ་དམར་མོས་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་བསྣམས་པ། ལྔ་པས་རེག་བྱའི་ལྷ་མོ་ལྗང་ཀུས་ན་བཟའི་གོང་བ་རྡོ་རྗེས་མཚན་པ་བསྣམས་པ། དྲུག་པས་ཆོས་ཀྱི་ལྷ་མོ་མཐིང་ཀས་ཨེ་གྲུ་གསུམ་བསྣམས་པ། བདུན་པས་ལྷ་མོ་རེའི་གྲངས་ཡང་ནམ་མཁའི་ཁམས་ཁེངས་པར་བསམ། ཁ་ཚོད་ཟླ་བའི་ཐོག་ཏུ་རྡོ་རྗེ་ཕྱེད་པས་མཚན་པ། རྩེ་མོ་ལ་རྟ་མགྲིན་ཚོན་གང་བ་སྨུག་པོ་གཡས་མཆོད་དབྱུག་གམ་མཆོག་དབྱུག་གཡོན་སྡིགས་འཛུབ་མཛད་པ་གཅིག་གི་གཏོར་མ་བསྲུང་བར་བསམ། འོག་དངོས་གཞི་གཏོར་མ་འབུལ་བའི་དུས་སུ་ལྷ་མོ་དེ་རྣམས་ཀྱི། བདེ་བར་གཤེགས་པ་རྣམས་ཀྱི་སྤྱན་དང་། སྙན་དང་། ཤངས་དང་། ཞལ་དང་། སྐུ་དང་། ཐུགས་ཀར་ཐིམ་པར་བསམ། དེ་དག་ནི་ནང་གི་ཕྱིའི་མཆོད་པའོ། །གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར་པ་དེ་དག་ལ། བཀའ་བརྒྱུད་བླ་མ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུ་ཆུ་ལ་ཉི་ཟེར་ཕོག་པའི་ཚུལ་དུ་གསོལ། ཡི་དམ་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུར་གྱུར་ནས་གསོལ། ཆོས་སྐྱོང་རྣམས་ཀྱི་ལྗགས་གྲི་གུག་གི་ཚུལ་དུ་གསོལ་བ་ནི། ཕྱི་ཡི་ནང་གི་མཆོད་པའོ། །ཡང་དེ་ཉིད་ཤ་ཁྲག་རུས་པའི་ཚོགས་སུ་གྱུར་ནས། ཁྱད་པར་དུ་ཁྲོ་བོ་དང་ཆོས་སྐྱོང་རྣམས་ཀྱི་བརྗིད་པའི་ཚུལ་དུ་གསོལ་བར་བསམ་པ་ནི། དུག་གསུམ་གནས་སུ་དག་པའི་མཆོད་པ་ཞེས་ཀྱང་བྱ། ནང་གི་གསང་བའི་མཆོད་པ་ཞེས་ཀྱང་བྱ། ཁམས་གསུམ་ཡོངས་སྒྲོལ་གྱི་མཆོད་པ་ཞེས་ཀྱང་བྱ། དཀྱིལ་འཁོར་གོང་འོག་སྔགས་ཕྱི་ནང་ཅི་ལྟར་ན་ཡང་། གཏོར་མ་གཅིག་ལ་བརྟེན་པས་ཆོག །བྱིན་རླབས་ཀྱང་ལན་གཅིག་བྱས་ལ་ནམ་མཆོད་པའི་དུས་སུ། ༀ་ཨཱཿཧཱུྃ་གིས་བསལ་ལ། གསལ་བར་བྱས་ལ་མཆོད་དོ། །རྒྱུན་གཏོར་བསྐྱང་དུས་ཡི་གེ་འབྲུ་གསུམ་ཚར་བསྡུའོ། །གཏོར་མ་བྱིན་བརླབ་འདི་ཡང་བྷི་མ་ལའི་ལུགས་སོ། །དེ་ནས་བཤགས་པ་བྱ་བ་ནི། ཡེ་ཤེས་སྐུ་མཆོག་བརྗོད་མེད་ཀྱི་བཤགས་པ་འདིར་བྱ་སྟེ། དེ་ཡང་སྤྱིར་ཆོས་ཐམས་ཅད་ལ་བཤགས་པའི་སྒོའི་ཡུལ་རྣམ་པར་བཤད་པ་མེད་ན་ཡང་། མདོར་བསྡུ་ན་བཞི་སྟེ། རྒྱུད་ཐམས་ཅད་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་འཆད། ལུང་ཐམས་ཅད་མདོ་བཅད་བདུན་གྱིས་འཆད། བསྟན་བཅོས་ཐམས་ཅད་རྩིས་མགོ་ཡན་ལག་ལྔ་ཡིས་འཆད། མན་ངག་ཐམས་ཅད་དགོངས་དོན་ལྔ་ཡིས་འཆད་པ་ལས། དེ་ལ་ཡེ་ཤེས་སྐུ་མཆོག་འདི་མན་ངག་ཡིན་པའི་ཕྱིར། དགོངས་དོན་ལྔའི་འཆད་དགོས་སྟེ། སློབ་དཔོན་ལོ་རྒྱུས་ཀྱི་དོན་དང་། རྩ་བ་མཚན་གྱི་དོན་དང་། ཡོ་ག་ཕྱོགས་ཀྱི་དོན་དང་། གང་ཟག་དགོས་ཆེད་ཀྱིས་དོན་དང་། ས་གཅོད་ཚིག་གིས་དོན་ནོ། །དེ་ལ་སློབ་དཔོན་ལོ་རྒྱུས་ཀྱི་དོན་ནི། སྔོན་བྱུང་དང་། རྗེས་འཇུག་གཉིས་ཏེ། དེ་ལ་སྔོན་ནི། བྲམ་ཟེ་མེའི་ཐོད་པ་ཅན་གྱིས། ཀུན་དུ་རིག་པའི་ལེའུ་བརྒྱད་པར། བསྐང་བ་ལས་ཀྱི་ལེའུ་དཔལ་ཆེན་པོའི་སྤྱན་སྔར་བཤགས་པ་བྱས་པ་ཡིན་ལས། རྗེས་འཇུག་ཏུ། དགེ་བའི་བཤེས་གཉེན་ཆེན་པོ་དཔལ་དབྱངས་ཀྱིས་བྱས་སྟེ། སློབ་དཔོན་དེ་ཡང་རྒྱ་གར་གྱིས་མཁན་པོ་ནི་མ་ཡིན། བོད་ཀྱི་དགེ་བའི་བཤེས་གཉེན་ལགས། གདུང་ནི་གཉན་མི་སྟེ་ངམ་རུ་ཕུག་པ་ཡིན། ཡུལ་ལྷ་ས་ངན་འཕགས་ན་བཞུགས་སོ། །སྐུ་ཆེ་བའི་ཡོན་ཏན་ནི། མཁྱེན་པའི་ཡོན་ཏན་ཁྱད་དུ་འཕགས་པ་ཡིན་ཏེ། སློབ་དཔོན་ཡོན་ཏན་དར་བས། དུས་དེ་ན། བོད་ཀྱི་མངའ་བདག་རྒྱལ་པོ་རལ་པ་ཅན་གྱིས་ཞལ་སྔ་ནས་ཀྱང་། ཆོས་སྐྱོང་བའི་ཕྲིན་ལས་གཙོར་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་སྤྱན་བཀྲ་བ་མང་དུ་བཞུགས་པ་དང་། བོད་ཀྱི་མཁས་པ་ཁྱད་པར་ཅན་མང་དུ་བཞུགས་ཏེ། སློབ་དཔོན་དང་མཁྱེན་པ་བསྡུར་བས། མཁྱེན་པའི་རྣམ་གྲངས་སློབ་དཔོན་བས་མང་པ་ཡང་མ་བྱུང་། སློབ་དཔོན་གྱི་ཕྱི་ནང་གི་ཆོས་བམ་པོ་བརྒྱ་ཙམ་འཆད་ཅིང་། ཟབ་ཅིང་གཏིང་འབྱིན་པར་མཛད། རྒྱ་བོད་ཀུན་གྱིས་ཐེ་ཚོམ་དང་གལ་འགག་སེལ་བར་མཛད། དེ་ཡང་དུས་རེ་ཞིག་ན་ལྤས་ཀྱི་རྒྱལ་པོ་ལྟོ་རེ། འབྲོམ་གྱིས་བསད་པའི་དུས་སུ། ཁོའི་བུ་ལྤས་ལོ་ཕོ་ལོ་ཆུང་གིས། ཕ་ཤ་བླངས་པས་འབྲོམ་གྲངས་མེད་པ་བསམ་ཡས་པས་བསད། ཆུ་ཁྲག་གིས་དམར་པོ་སོང་བ་ཙམ་བསད་ནས། ཚུར་ལ་ལོག་ཙམ་ན། རོ་ལ་ལ་མ་མ་ཐར་བ་གཅིག་བསང་སྐད། དེའི་ལས་ཀྱི་རྣམ་པར་སྨིན་པ་འཇིག་རྟེན་འདི་ན་སྨིན་པས་ཚ་བའི་ནད་ཀྱིས་གདུང་ཞིང་སྡུག་བསྔལ་སྟེ། གངས་གི་ཐོག་ན་ཉལ་ན་ཡང་གངས་ཞུས་པར་གྱུར་པ་དང་། ལོ་པོ་ལོ་ཆུང་གིས་མ་འབལ་ཟ་ངན་ལམ་མ་ཞེས་བྱ་བ་ཡོད་པ་དེ། སློབ་དཔོན་དཔལ་དབྱངས་ཀྱིི་ཡོན་བདག་མོ་ཡིན་པས། མ་དེས་སློབ་དཔོན་ལ་དམ་བསྐང་ཞུས་པ་ལ། སློབ་དཔོན་གྱིས་དོན་མ་གནང་ལ། ཞལ་གྱིས་གནང་བས། ཡོན་བདག་མོ་བཤགས་པ་མ་བྱས་ན་དམ་ཚིག་ཉམས། བཤགས་པ་ནི་བྱའོ། །ཡས་སྟག་ནི་ཤིན་ཏུ་དཀའ་འོ་གསུངས་པས། མོས་ཅི་འཆོལ་ཞུས་པ་ལ། ལུག་དཀར་མོ་བརྒྱ། ནག་མོ་བརྒྱ། ར་དཀར་མོ་བརྒྱ། ནག་མོ་བརྒྱ། བྱ་དཀར་མོ་བརྒྱ། ནག་མོ་བརྒྱ་ལ་སོགས་དགོས་པས་དཀའ་གསུངས་པས། ལྤས་ཀྱི་མ་ན་རེ། དེ་ཙམ་གནང་ན་རྙེད་ཞུས་ནས། བུའི་དྲུང་དུ་ཕྱིན་པས། བུས་སློབ་དཔོན་གྱིས་གནང་ངམ་གསུངས་པ་ལ། གནང་དང་གནང་སྟེ། ཡས་སྟག་མི་རྙེད་པ་མང་པོ་དགོས་པ་སྣང་བྱས་པས། བུས་ན་རེ་རྙེད་ནས་འོང་གི་གནང་བས་ཆོག་ཟེར་ནས། ཁོང་སློབ་དཔོན་ཁྱད་པར་ཅན་ཡིན་པས། ཡས་སྟག་ཞག་གསུམ་ནས་རྙེད་སྐད། དེ་ནས་སློབ་དཔོན་གྱིས་བཏགས་སམ་རྙེད་ནས། བསྐང་བ་མཛད་པས་ཁོ་རང་གི་ན་ཚ་དེ་ཉིད་དུ་སློབ་དཔོན་གྱི་བྱིན་རླབས་ཀྱི་ཞི་ནས། སློབ་དཔོན་ཉིད་ལ་དེའི་ཉམས་སྒྲིབ་བྱུང་ནས། ཞལ་དང་། ཤངས་དང་། སྤྱན་རྣམས་སུ་རྣག་ཁྲག་འཛག་པ་ལ། དེའི་དུས་སུ་སློབ་དཔོན་ལ་ལྟས་ངན་པ་ཉེ་ཚེ་བྱུང་ཡང་། སྙུང་ནད་དྲག་པོའི་ཁར་མ་བཏང་བས། རྒྱུད་སྡེ་མང་པོ་སྤྱན་དྲངས་ནས། དེའི་ཞལ་ནས་དམ་ཚིག་བཤགས་པ་བརྒྱ་རྩ་བརྒྱད་མཛད་པ་ལ། དེའི་ནང་ནས་མཆོག་ཏུ་གྱུར་པ་ཡེ་ཤེས་སྐུ་མཆོག་གི་བཤགས་པ་འདི་ཀུན་དུ་རིག་པའི་ལེའུ་བརྒྱད་པ་ལས་བྱུང་ནས་བཤགས་སོ། །དེ་ཡང་དང་པོ་ཤང་གི་ཁྲག་ཕྱག་གིས་འཛུབ་མོས་བཀག་ནས། ཡེ་ཤེས་སྐུ་མཆོག་གི་དབུ་གསུངས་པས་སེམས་ཀྱིས་རང་བཞིན་ནས་མར་སླེབ་ཙམ་ན། ཁྲག་དང་རྣག་ཆད་ནས། ཐུགས་རྗེའི་གདུང་འཚོབ་ན་མར་སླེབ་ཙམ་ན་སྐུ་སོར་ཆུད་དོ། །དེས་ན་སྔོན་བྱུང་། རྗེས་འཇུག་སློབ་དཔོན་དེ་གཉིས་ཀྱི་མཛད་དོ། །རྩ་བ་མཚན་གྱི་ནི། དོན་གྱིས་ངོ་བོ་དེ་ལ་བཏགས་པ་སྟེ། ཡེ་ཤེས་ནི་རིག་པའི་ཡེ་ཤེས་སོ། །སྐུ་མཆོག་གི་ཆོས་སྐུའོ། །དེ་ནི་དོན་དམ་པ་བརྗོད་དུ་མེད་པའི་བརྗོད་མེད་དོ། །ཡོ་ག་ཕྱོགས་ཀྱིས་དོན་ནི། རྣལ་འབྱོར་ནང་པར་གཏོགས་སོ། །གང་ཟག་དགོས་ཆེད་ཀྱི་དོན་ནི། རྣལ་འབྱོར་པས་ཉམས་ཆག་བསྐང་བའི་ཕྱིར་མཛད། བཤགས་ཅིང་བྱང་བར་མ་བྱས་ན། མངོན་པར་རྫོགས་པར་སངས་རྒྱས་པར་མི་འགྱུར་སྟེ། དེའི་དཔེ་ནི་སྣམ་བུ་སྣུམ་ཞེན་པ་ལ་ཚོས་མི་འགོས་པ་བཞིན་ནོ། །དེ་ལ་བཤགས་པ་བྱེད་པའི་དུས་སུ། དཔང་པོའི་བསྐྱེད་ལུགས་མང་དུ་སྣང་ཡང་། འདིར་ཆོས་རྗེ་རིན་པོ་ཆེའི་མན་ངག་པཾ་གསུམ་མ་ལྟར་ན། སྣང་སྲིད་ཞིང་ཁམས་རྣམ་པར་དག་པ་གཞལ་ཡས་ཁང་དུ་བསམ། དེའི་ནང་དུ་རང་ཉིད་ཡི་དམ་གྱིས་ལྷར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཐུགས་སྲོག་གི་ཡིག་འབྲུས་མཚན་པ། དེ་ལ་འོད་ཟེར་པཾ་གསུམ་མདུན་གྱིས་ནམ་མཁར་འཕྲོས་པ་ལས། པདྨ་གསུམ་བརྩེགས་ཏུ་བསམ། ལྕགས་ཀྱུའི་ཕྱག་རྒྱ་བཅའ་ལ། ༀ་བཛྲ་ས་མན་ཛ་ཧཱུྃ་ཛ། ཅེས་ལན་གསུམ་བརྗོད་ལ་སེ་གོལ་གཡས་སུ་གདབ་པས་ཞི་བའི་ལྷ་ཚོགས། གཡོན་དུ་གདབ་པས་ཁྲོ་བོའི་ལྷ་ཚོགས། དབུས་སུ་གདབ་པས་སངས་རྒྱས་བྱང་སེམས་རིག་འཛིན་བརྒྱུད་པ་མཁའ་འགྲོ་ཆོས་སྐྱོང་དཔའ་བོའི་ལྷ་ཚོགས་སྤྱན་དྲངས་ལ། སྟེང་ཕྱོགས་ཀྱི་པདྨའི་གདན་ལ་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། བར་གྱིས་པདྨའི་གདན་ལ་ལོངས་སྐུ་རྣམ་པར་སྣང་མཛད་ལ། ས་བཅུའི་བྱང་ཆུབ་སེམས་དཔས་བསྐོར་བ། འོག་གི་པདྨའི་གདན་ལ། སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ་ཉན་ཐོས་རང་རྒྱལ་ཚོགས་ཀྱིས་བསྐོར་བ། དེའི་མདུན་དུ་གཡས་སུ་ཞི་བ། གཡོན་དུ་ཁྲོ་བོ་ལ། ཕྱི་ནང་གི་ཆོས་སྐྱོང་གི་ཚོགས་ཀྱིས་བསྐོར་བ། གཡས་སུ་དེ་བཞིན་གཤེགས་པའི་སྐུའི་རྟེན་ལུགས་སུ་བླུག་པ། འབུར་དུ་བཏོད་པ། རིས་སུ་བྲིས་པ་ལ་སོགས་པ་ནམ་མཁའ་ཁྱབ་པར་བསྒོམ། རྒྱབ་ཕྱོགས་སུ་གསུང་གི་རྟེན་གསེར་གྱི་ཤོག་གུ་ལ་བཻཌཱུརྱ་ཞུན་མས་བྲིས་པའི་པོ་ཏི་གླེགས་བམ་ཨཱ་ལི་ཀཱ་ལིའི་ཆོས་སྒྲ་ཏི་རི་རི་སྒྲོགས་པར་བསམ། གཡོན་ཕྱོགས་སུ་ཐུགས་རྟེན་དང་། དགེ་འདུན་དཀོན་མཆོག །དུས་གསུམ་གྱི་ཕ་མ། མཁན་སློབ་རྣམས་བསྒོམ། དེ་རྣམས་ཀྱི་སྟེང་ཕྱོགས་ཀྱི་ནམ་མཁའ་ལ། རྩ་བའི་བླ་མ་ལ་བཀའ་རྒྱུད་ཀྱི་བླ་མའི་ཚོགས་ཀྱིས་བསྐོར་ནས་ནམ་མཁའ་ལ་སྤྲིན་ལྟར་གཏིབ་པར་བསྒོམ། དེ་རྣམས་ལ་ཇ་འདྲེན་གྱིས་ཚུལ་དུ་མཆོད་པ་ནི། ༀ་བཛྲ་ཨརྒྷཾ་པྲ་ཏིཙྪ་ཨ་ཧཱུྃ། དྷུ་པེ། པུཥྤེ། ཨ་ལོ་ཀེ། གྷནྡྷེ། ནེ་ཝཱི་ཏི། ཤཔྟ་ཨ་ཧཱུྃ་ཅེས་བརྗོད། ས་གཅོད་ཚིག་གིས་དོན་ལ་ལུགས་རྣམ་པ་གཉིས་ལས། དང་པོ་དཔལ་དབྱངས་ལྟར་ན་བཞི་སྟེ། དགོངས་སུ་གསོལ་བ་དང་། ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། སྡིག་པ་བཤགས་པ་དངོས་སོ། །བཤགས་པ་དངོས་ལའང་། དོན་དམ་བཤགས་པ་དང་། ཀུན་རྫོབ་བཤགས་པ་གཉིས་ལས། དོན་དམ་བཤགས་པ་ལའང་། རྒྱུད་མ་ཧཱའི་ལྟ་བ་གསལ་བ་དང་། ལུང་ཨ་ནུའི་ལྟ་བ་གསལ་བ་དང་། མན་ངག་ཨ་ཏིའི་ལྟ་བ་གསལ་བ་སྟེ། དེ་ལྟར་དུ་ས་བཅད་པའོ། །གཉིས་པ་ཟུར་བཟང་པོ་དཔལ་བ་ལྟར་ན། དབུ་ནས་ཞབས་སུ་བསྡུས་པའི་དོན་ལ་གསུམ་སྟེ། བཤགས་པའི་རྒྱུ་དང་། གཉེན་པོའི་སྟོབས་དང་། ཅི་ལྟར་བཤགས་པའི་ཐབས་སོ། །བཤགས་པའི་རྒྱུ་ནི། ཀུན་གཞི་ལ་ཚེ་ཐོག་མ་མེད་པ་ནས་བག་ཆགས་ཀྱི་སྒྲིབ་པ་བསོགས་པ་རྣམས་བཤགས་དགོས་ལ། གཉེན་པོའི་སྟོབས་ནི། ལུས་ཀྱི་སྒོ་ནས་ཙོག་པུར་འདུག །ལོང་བུ་སྤྲད། རྐང་རྟིང་གཤིབ། ཐལ་མོ་སྦྱར་སྲིན་ལག་རྩེ་སྤྲད། བ་སྤུ་གཡོ་ཞིང་མཆི་མ་འཁྲུག་པ་དང་། ངག་གི་སྒོ་ནས་ཚིག་བཅད་དབྱངས་དང་བཅས་པས་ཉམས་པ་ཡོད་ན་ཚིག་ཏུ་བཤགས། ཡིད་ཀྱི་སྒོ་ནས་སེམས་གདུང་བ་དང་བཅས་པས་སྔར་བྱས་པའི་ལས་ལ་འགྱོད་པ་བྱེད། ཕྱིན་ཆད་མི་བྱེད་བར་བསྡམ་པའི་བློ་དང་ལྡན་པའི་སྒོ་ནས་བཤགས་སོ། །ཅི་ལྟར་བཤགས་པའི་ཐབས་ལ། ལྟ་བའི་སྒོ་ནས་ཁྱུང་ནམ་མཁའ་ལ་འཕུར་བ་ལྟར་དུ་བཤགས་པ་དང་། སྤྱོད་པའི་སྒོ་ནས་གླང་ཆེན་ཆུར་འཇུགས་པ་ལྟར་དུ་བཤགས་པ་དང་། ཏིང་ངེ་འཛིན་གྱི་སྒོ་ནས་སྤང་ལ་མེ་འཆེད་པ་ལྟར་དུ་བཤགས་དགོས་པ་ལ། བརྗོད་མེད་ཀྱིས་བཤགས་པ་འདི་ལ་ལྟ་སྤྱོད་སྒོམ་གསུམ་གྱི་བཤགས་པ་ཚངས་པ་ཡིན་པས། དེ་ལ་ཟེར། ལུས་ཀྱི་སྒོ་ནས་བཤགས་པ་དང་། ངག་གི་སྒོ་ནས་བཤགས་པ་དང་། ཡིད་ཀྱི་སྒོ་ནས་བཤགས་པའོ། །དང་པོ་ལ་ལུས་ཀྱི་སྒོ་ནས་བཤགས་པ་ལ་གསུམ་སྟེ། དང་པོ་ཐུགས་རྗེ་ཡེ་ཤེས་ཀྱི་སྒོ་ནས་སྤྱན་དྲངས་ཞིང་བཞུགས་སུ་གསོལ་བ་ནི། ༀ་ཡེ་ཤེས་ལྔ་ལྡན་གླུའི་ལོག་འདྲེན། ཡེ་ཤེས་ཀྱིས་མཆོག་ནི་ཅི་ལྟར་མཁྱེན་པའི་ཡེ་ཤེས་ཡིན་ལ། སྐུའི་མཆོག་ནི་ཆོས་སྐུ་ཡིན་སྟེ། དེ་གཉིས་ནི་རང་བཞིན་མ་བཅོས་པའི་དཀྱིལ་འཁོར་སྟེ། དེ་ནི་དཔེར་ན་ཟླ་བ་ཉ་རྒྱས་པ་ལ་གྲྭ་ཟུར་མེད་པ་ལྟ་བུར་གཟུང་འཛིན་གྱིས་སྤྲོས་པ་མི་མངའ་ཡང་ཇི་སྙེད་མཁྱེན་པའི་ཡེ་ཤེས་སམ་གཟུགས་སྐུའི་རང་རྩལ་འགག་མེད་དུ་ཐུགས་རྗེ་ཉི་མ་ཤར་བཞིན་དུ་གདུལ་བྱ་ཡོངས་ལ་སྙོམས་པར་གང་ལ་གང་འདུལ་གྱི་སྒོ་ནས་དོན་མཛད་པའི་ཕྱིར། བཤགས་པའི་དཔང་པོ་རྣམས་འདིར་གཤེགས་ལ་བདག་ལ་ཞལ་གྱིས་ཕྱོགས། སྤྱན་གྱིས་གཟིགས། ཐུགས་རྗེས་དགོངས་ཤིང་བདག་གི་སྡིག་སྒྲིབ་དག་ནས་དོན་མ་རྫོགས་ཀྱི་བར་དུ་བཞུགས་སུ་གསོལ་ཅེས་བརྟན་ཅིང་མི་འགྱུར་བར་བཞུགས་པར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་བྱུང་པའི་རྩེ་མོ་གཉིས་སུ་གྱེས་པས་ཆ་གཅིག་ཡི་དམ་གྱི་ཐུགས་ཀར་ཐིམ། ཆ་གཅིག་རྩ་བའི་བླ་མའི་ཐུགས་ཀར་བསྟིམ་པའི་རྒྱུད་ལ་ཕར་ལ་བཤགས་ཚིག་མཆོད་པ་འབུལ། ཚུར་ལ་དངོས་གྲུབ་སྟེར་བར་བསམ། གཉིས་པ་སྐུ་གསུམ་ལ་ཕྱག་འཚལ་བ་ནི། ཧཱུྃ་ཆ་ལྔ་ཡེ་ཤེས་ལྔ་ལྡན་གླུའི་མགོ་འདྲེན། སྨྲ་བསམ་བརྗོད་དུ་མེད་ཅིང་ཤེས་རབ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཐབས་གང་གིས་ཀྱང་མི་གཡོ་ཞིང་ཆོས་ཐམས་ཅད་ཀྱི་འབྱུང་གཞིར་གྱུར་པར་དབྱིངས་ཆོས་སྐུ། དེ་ཉིད་འགག་མེད་དུ་འཁོར་འདས་གཉིས་ལ་བདེ་བ་ཆེན་པོར་ལོངས་སྤྱོད་ཀྱང་འཁོར་འདས་གཉིས་ཀྱི་དྲི་མས་མ་གོས་པས་ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔའི་གཙོ་བོར་སྣང་ཞིང་། གདུལ་བྱ་སྣ་ཚོགས་པའི་དོན་དུ་ཐུགས་རྗེ་ཆེ་ཞིང་ཐབས་མཁས་པ་རྒྱ་ཆེར་སྟོན་པས་རོལ་པ་སྣ་ཚོགས་པའི་སྐུ་ཞི་ཁྲོ་རྣམས་སུ་སྣང་ནས་དོན་སྣ་ཚོགས་མཛད་པ་ནི་སྤྲུལ་པའི་སྐུ་སྟེ་དེ་གསུམ་ལ་ཕྱག་འཚལ་ལོ། །ཅེས་བརྗོད་དོ། །དེ་ལའང་རབ་འབྲིང་ཐ་མ་གསུམ་སྟེ། རབ་ལྟ་བའི་ཕྱག །འཁོར་གསུམ་མི་དམིགས་པའི་ངང་ནས་འཚལ་བས་ཚོགས་གཉིས་རྫོགས་པ་དང་། བློ་འབྲིང་གི་ལུས་རྡུལ་སྙེད་དུ་སྤྲུལ་ནས་འཚལ་བས། ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ནས་འོད་ཟེར་བྱུང་བས་རང་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་བསམ་མོ། །ཐ་མས་ལུས་ངག་ཡིད་གསུམ་གྱིས་དངོས་སུ་འཚལ་ཞིང་མོས་གུས་གདུང་བ་བསྐྱེད་དོ། །གསུམ་པ་ཕྱི་ནང་གསང་བའི་མཆོད་པ་འཕུལ་བ་ནི། དངོས་སུ་འབྱོར་པ་རྫས་བཤམས་པའི་མཆོད་པ་དང་། ཏིང་ངེ་འཛིན་གྱི་སྒོ་ནས་ཡིད་ཀྱི་མངོན་པར་སྤྲུལ་སྟེ། སྣང་སྲིད་ཐམས་ཅད་མཆོད་པའི་རྫས་སུ་མ་གྱུར་པ་མེད་ཅིང་ངན་པའི་མཆིད་མེད་པས་ཀུན་ཏུ་བཟང་པོའི་རྫས་ཉི་ཚེ་ལས་ཁྱད་པར་དུ་གྱུར་པས་བླ་ན་མེད་པའི་མཆོད་པ་ནམ་མཁའི་སྤྲིན་བཞིན་དུ་ཟད་མི་ཤེས་པའི་ཚོགས་ཀྱིས། ནམ་མཁའི་དབྱིངས་ཀྱིས་གར་ཁྱབ་པའི་ཏིང་ངེ་འཛིན་གྱིས་སྒོ་ནས་མཆོད་སྤྲིན་རྣམ་དག་རྒྱ་ཆེར་ཡོངས་སུ་བཀོད་དེ་བཀངས་ཏེ་འབུལ་ལོ། །དེ་ཡང་ཕྱིའི་མཆོད་པ། ནང་གི་མཆོད་པ། གསང་བའི་མཆོད་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དེ་རྣམས་ཀྱི་གཏིང་དཔག་དཀའ་བས་རྒྱ་མཚོ་ལྟ་བུའི་མཆོད་དོ། །དེ་དག་གི་རྒྱས་བཤད་ནི་གོང་དུ་རྒྱུན་བཤགས་ཀྱིི་སྐབས་སུ་བསྟན་ཟིན་ཏོ། །གསང་བའི་མཆོད་པ་དངོས་ནི། ཆོས་ཀྱི་དབྱིངས་ཀུན་ཏུ་བཟང་པོ་ཡུམ་གྱི་བྷ་ག་གསང་བ་པདྨའི་གཞལ་ཡས་ཁང་གི་ནང་ལ། རྒྱལ་བ་རིགས་ལྔ་ཡབ་ཡུམ་བཅུའི་དཀྱིལ་འཁོར་ནི་ལྷ་དང་ལྷ་མོ་མ་ལུས་པ་དང་རབ་འབྱམས་སྤྲུལ་པ་དང་བཅས་པ་ཀུན་ཡེ་ནས་དུས་གསུམ་འདུ་འབྲལ་མེད་པའི་དོན་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ཕྱིར། ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱིས་དཀྱིལ་འཁོར་གྱིས་ལྷ་ཚོགས་རྣམས་མཉེས་པར་གྱུར་ཅིག་ཅེས་པའམ། ཡང་ན། ཆོས་རྗེ་རིན་པོ་ཆེའི་བཞེད་ཀྱིས། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཀུན་བཟང་ཡབ་ཡུམ་གྱི་སྦྱོར་བ་མཛད་པས། བྱང་སེམས་ཆུ་རྒྱུན་གྱི་རང་གིས་སྤྱི་བོ་དང་། མགྲིན་པ་དང་། སྙིང་ཁ་དང་། ལྟེ་བ་རྣམས་སུ་བབ་པས། རིམ་པ་བཞིན་དུ་དགའ་བ་དང་། མཆོག་དགའ་དང་། དགའ་བྲལ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་རྣམས་ཉམས་སུ་མྱོང་བ་ནི། གསང་མཆོད་དམ། རྨད་བྱུང་གཏོར་མ་ཞེས་ཀྱང་ཟེར་རོ། །དེ་ལྟར་སྐྱེས་ན་གསང་བའི་མཆོད་པའོ། །ཡང་ན། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་རྣམས་ལ་ཕོག །དེ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཟག་མེད་ཀྱི་བདུད་རྩི་སྤྱན་དྲངས་ནས་སྤྱི་གཙུག་ཏུ་བབ་རྡོ་རྗེའི་ལམ་དུ་བྱུང་། ཡུམ་གྱི་བྷ་གར་བདེ་བར་གཤེགས་པ་རྣམས་བསམ་ནས་མཆོད། ཅེས་པ་དང་། ཡང་ན་ཕྱི་མཆོད་རྣམ་ལྔ། ནང་མཆོད་ལྷ་མོ་བཅུ་དྲུག་དང་། སྨན་རཀ་གཏོར་གསུམ། གསང་མཆོད་དུག་ལྔ་དུག་གསུམ་གྱིས་མཆོད་པར་འདོད་པ་ཡང་སྣང་། འབྲེལ་མི་འབྲེལ་བརྟག་པར་བྱའོ། །སེམས་ཀྱི་སྒོ་ནས་བཤགས་པ་ལ་གསུམ་སྟེ། སེམས་བསྐྱེད་པ་དང་། ལྟ་བ་གསལ་བ་དང་། དགོངས་སུ་གསོལ་བའོ། །དང་པོ་སེམས་བསྐྱེད་པ་ནི། ཆོས་ཐམས་ཅད་ཀྱི་རྩ་བ་རང་གིས་སེམས་སུ་འདུས་ལ། སེམས་ཀྱི་རང་བཞིན་ནི་ཆོས་དབྱིངས་སྟེ་ནམ་མཁའ་ཆེན་པོ་ལྟར་ཐམས་ཅད་ལ་ཁྱབ་ཅིང་ཆོས་དབྱིངས་བྱང་ཆུབ་ཀྱི་སེམས་སྟེ། དེ་ཉིད་སྣ་ཚོགས་སུ་ཤར་ཡང་ཤར་དུས་གཟུང་འཛིན་གྱིས་དྲི་མས་གོས་མ་མྱོང་བས་རྣམ་པར་དག་ཅིང་ཡེ་གདོད་མ་ནས་འོད་གསལ་བའི་རང་བཞིན་ཡིན་ཞིང་། དེ་ལྟ་བུའི་རྣལ་མ་ལ་རང་གིས་བློ་འབྱོར་པར་འདོད་ཅིང་། དེ་ལྟར་སྣང་སྟོང་མཉམ་པ་ཉིད་སྨྲ་བའི་ཚིག་དང་བསམ་པའི་བློ་ལས་འདས་པའི་ཆོས་དབྱིངས་མཉམ་ཉིད་བྱང་ཆུབ་སེམས་ལ་དུས་རྟག་ཏུ་འདུད་པ་ནི་སེམས་བསྐྱེད་པའོ། །གཉིས་པ་ལྟ་བ་གསལ་བ་ལ་གསུམ་སྟེ། དང་པོ་རྒྱུད་མ་ཧཱའི་ལྟ་བ་གསལ་བ་ནི། ཡེ་ཤེས་ཀུན་བཟང་རོལ་པ་འགག་མེད་དུ་ཤར་བའི་རྩལ་ཤེས་བྱའི་ཆོས་ཐམས་ཅད་མ་འདྲེས་པར་གསལ། གསལ་དུས་རང་སྣང་གཉིས་མེད་དུ་ཡོངས་སུ་རྫོགས་ཅིང་། དེའི་གང་དུ་གཞན་མེད་པས་ཆེན་པོ་དེ་ཉིད་ཡེ་ནས་འཁོར་འདས་ཀུན་ལ་བདལ་ཞིང་ཁྱབ་པའི་ཕྱིར། ཕྱི་ཡུམ་ནང་ཡབ་གསང་བ་ཡབ་ཡུམ་ཁ་སྦྱོར་དུ་བཀོད་པའི་དཀྱིལ་འཁོར་འདིར་སྣང་བ་རྣམས་ནི་ལོག་ན་ཡོད་པ་མ་ཡིན་ཏེ། སྣང་སྲིད་ཕྱི་ནང་གིས་ཆོས་རྣམས་ཡེ་ནས་རྣམ་པར་དག་པ་ལྷ་དང་ལྷ་མོའི་ཚོགས་སུ་སྣང་བ་ཡིན་ཏེ། འབྱུང་བ་ལྔ་ཡུམ་ལྔ་ཡིན་པ་དང་། འབྱུང་འགྱུར་ཕུང་པོ་ལྔ་ཡབ་ལྔ་སྟེ། དེ་ལྟར་ཡབ་ཡུམ་ལྷུན་གྲུབ་དུ་རྫོགས་ཤིང་རྣམ་པར་དག་པ་ནི་བསྐྱེད་པ་མ་ཧཱ་ཡོ་གའི་ལྟ་བའོ། །གཉིས་པ་ལུང་ཨཱ་ནུ་ཡོ་གའི་ལྟ་བ་གསལ་བ་ནི། དེ་ལྟར་རོལ་པ་འགག་མེད་དུ་ཤར་དུས་ཐབས་ཤེས་གཉིས་མེད་ཀྱིས་བྱང་སེམས་དེ་ཀུན་གྱིས་ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་པས་གསང་ཆེན་ཐིག་ལེ་སྐུ་ཉམས་སུ་གཏར་བས་རབ་དགྱེས་བདེ་སྟོང་འཛིན་པ་ལ་མི་འདའ་བས་གཟུང་ཆེན་ཡུམ་ལྔའི་བདག་ཉིད་མ་དབྱིངས་ཀུན་ཏུ་བཟང་མོའི་མཁའ་དབྱིངས་བྷ་ག་ཀློང་ཡངས་པདྨོ་རང་འཁྲུང་དུ་འཁྱིལ་བའི་གཞལ་ཡས་ཆོས་ཀྱི་དབྱིངས་ལས་མ་གཡོས་པ་ནི་རྫོགས་པ་ཨཱ་ནུའི་ལྟ་བའོ། །གསུམ་པ་མན་ངག་ཨ་ཏིའི་ལྟ་བ་གསལ་བ་ནི། དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས་མེད་མི་འགྱུར་བདལ་ཁྱབ་ཐིག་ལེ་ཆེན་པོའི་རང་བཞིན་གྱིས་འོད་གསལ་ཞིང་། ཡེ་ནས་དེ་ལྟར་གནས་པས། སངས་རྒྱས་སྒམ་པོས་མ་མཛད། སེམས་ཅན་སྒྲིབ་པོས་མ་བཅོས་གཟུང་འཛིན་གྱི་སྤྲོས་པ་མེད་ཅིང་། བྱང་བ་སྟོང་པ་ཆུབ་པ་སྣང་བ་སྙིང་པོ་དབྱེར་མེད་པ་ནི་ཆོས་སྐུ་གསང་བ་ཆེན་པོའི་སྐུའོ། །དེ་ཉིད་ཅིར་ཡང་འགག་མེད་དུ་སྣང་བ་ལ་ཟུག་རྔུ་མི་མངའ་བས་བདེ་བ་ཆེན་པོ། འགྱུར་བ་མེད་པས་གཡུང་དྲུང་ཆོས་ཀྱི་སྐུ་དང་། ལྷ་ཞི་ཁྲོའི་ཚོགས་སུ་སྣང་ཞིང་སྣང་དུས་ཆོས་སྐུ་ལས་མ་གཡོས་ཏེ། གཉིས་མེད་དུ་རྫོགས་པ་ཆེན་པོའི་ཨ་ཏིའི་ལྟ་བའོ། །གསུམ་པ་དགོངས་སུ་གསོལ་བ་ལ་གསུམ་ལས་ཞི་བའི་ལྷ་ཚོགས་ལ་དགོངས་སུ་གསོལ་བ་ནི། དེ་ལྟར་ཆོས་ཀྱི་དབྱིངས་ཀུན་ཏུ་བཟང་མོ་དང་། རིག་པའི་ཡེ་ཤེས་ཀུན་བཟང་ཡབ་ཡུམ་དུས་གསུམ་འདུ་འབྲལ་མེད་པ་གསང་པ་ཆེན་པོའི་དཀྱིལ་འཁོར་དུ། དཀྱིལ་འཁོར་ཐམས་ཅད་ཀྱིས་བདག་ཉིད་ཆེན་མོ་ཀུན་བཟང་ཡབ་ཡུམ། རྡོར་སེམས་ལ་སོགས་རིགས་ལྔ་ཡབ་ཡུམ་བཅུ་དང་། སེམས་དཔའ་བརྒྱད། སེམས་མ་བརྒྱད་སྟེ་བྱང་ཆུབ་སེམས་དཔའ་ལྕམ་དྲལ་ཡབ་ཡུམ་བཅུ་དྲུག་དང་། སྒོ་སྲུང་ཁྲོ་བོ་བཞི་དང་ཁྲོ་མོ་བཞིའི་འཁོར་དང་། ཚོགས་ནི་ཐུབ་དྲུག་དང་། ཞི་བའི་ལྷག་སྡུད་མཁའ་འགྲོ་མ་རྣམས་སོ། །ཁྲོ་བོ་ལྷ་ཚོགས་ལ་དགོངས་སུ་གསོལ་བ་ནི། རྡོ་རྗེ་ནི་ཡེ་ཤེས་ཀྱིས་ལྷ་མོའི་ཚོགས་ཀྱི་རྗེ་བོ། མ་མོ་དང་མཁའ་འགྲོ་མའི་ཚོགས་ཀྱི་བདག་པོ་དཔལ་ཆེན་བཛྲ་ཧེ་རུ་ཀ་ལ་སོགས་པའི་རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ་དང་། མཁའ་འགྲོ་ཀོའུ་རཱི་ལ་སོགས་གནས་མ་བརྒྱད་དང་། སིངྷ་ལ་སོགས་ཡུལ་གྱི་ཕྲ་མེན་མ་བརྒྱད་དང་། རྟ་གདོང་ལ་སོགས་ཕྱག་རྒྱ་སྒོ་མ་བཞི་དང་། ཡེ་ཤེས་སྤྲུལ་པའི་ཚོགས་ཆེན་ཁྲོ་བོ་བཅུ། ཟ་བྱེད་གསོད་བྱེད་མང་པོ་དང་། ཤར་ནས་མ་ལྟར་བྱམས་ཤིང་། ལྷོ་ནས་སྲིང་ལྟར་གདུང་བ་ལ་སོགས་པའི་སྒྲས་ནུབ་ནས་གཟུང་ལྟར་བརྩེ་བ། བྱང་ནས་བྲན་ལྟར་མྱུར་བ་སྟེ་དབང་ཕྱུག་ཉེར་བརྒྱད་དང་། མཁའ་འགྲོ་རིག་འཛིན་ལྷ་ཚོགས་ལ་དགོངས་སུ་གསོལ་བ་ནི། གཞན་ཡང་ལེགས་ཉེས་ཀྱིས་ལྟང་འཛིན་ཅིང་དམ་ཚིག་གི་རྗེས་གཅོད་པ། དམ་ཉམས་ཀྱི་གཤེད་མ། ཕྱིའི་ལས་ལ་གྲུབ་པ་མོ་ལྷག་མ་ལ་དབང་བ་རྣམས་དང་། ནང་གི་མཁའ་འགྲོ་ཚོགས་གཏོར་ལ་དབང་བ་རྣམས་དང་། གསང་བའི་རྣལ་འབྱོར་མ་ལྟ་སྒོམ་ལ་དབང་བ་རྣམས་དང་། ཚོགས་ནི་རིག་འཛིན་གྱིས་སློབ་དཔོན་གྱིས་ཚོགས་དང་བཅས་པ་བཤགས་པའི་དཔང་པོར་གྱུར་པ་རྡོ་རྗེ་ནི་ཡེ་ཤེས་ཀྱི་ལྷ་ཚོགས། དམ་ཅན་མ་ཚོགས་མཁའ་འགྲོའི་རིག་འཛིན་རྣམས་དགོངས་སུ་གསོལ་ཅེས་བརྗོད་པས། ལྷ་ཚོགས་རྣམས་ཀྱི་བདག་ལ་ཐུགས་ཀྱི་དགོངས། ཞལ་གྱིས་ཕྱོགས། སྤྱན་གྱིས་གཟིགས་པར་བསམ། ངག་གི་སྒོ་ནས་བཤགས་པ་ལ་དྲུག་སྟེ། རྣལ་འབྱོར་པས་དམ་ཚིག་ཅི་ལྟར་མནོས་པ་ནི། རྒྱལ་བའི་གདུང་འཚོབ་ཅིང་བསྟན་པ་རྗེས་སུ་འཛིན་པའི་གསང་མཚན་སྟེ། རྡོ་རྗེ་ཆྒཻ་མོ་བདག་གིས་འགྲོ་བའི་དོན་བྱ་བའི་ཕྱིར་སྨོན་འཇུག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། བླ་ན་མེད་པའི་འབྲས་བུ་བྱང་ཆུབ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་ལ་ལམ་བགྲོད་པའི་ཕྱིར། རྒྱལ་བའི་བསྟན་པ་རྒྱ་མཚོ་དང་འདྲ་བའི་ནང་ནས་སོ་སོར་ཐར་པའི་འདུལ་ཁྲིམས། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། རྒྱལ་བའི་སྐུ་གསུང་ཐུགས་དང་བདག་གི་ལུས་ངག་ཡིད་གསུམ་མཉམ་པར་སྦྱོར་བར་བྱེད་པ་ནི་སྡོམ་པའི་མཆོག་སྟེ་གསང་སྔགས་རྡོ་རྗེ་ཐེག་པའི་བསྲུང་བྱ་འདའ་བར་དཀའ་བའི་དམ་ཚིག་ཚེ་གཏན་གྱི་གཉེར་བྱ་ལ་ཐེག་པ་འོག་མ་དང་ཐུན་མོང་སྤྱིའི་བསྲུང་བྱ་རྣམས་དང་། ཁྱད་པར་གསང་སྔགས་བླ་མེད་ཀྱི་བསྲུང་བྱ་རྩ་བ་དང་ཡན་ལག་རྣམས་དང་། ལྷག་པའི་དམ་ཚིག་ལ་མདོ་བཞི་བརྗོད་བྱའི་དོན་སམ། མཉམ་པའི་དམ་ཚིག་རྣམས་ལས། སྔ་ཕྱིས་དབང་ཞུ་བའི་དུས་སུ་མནོས་ཤིང་དམ་ཚིག་འབོག་པ་རྣམས་ཀྱི་དོན་ཉམས་སུ་བླང་གཉེར་དུ་མ་བགྱིས་ནས་དམའ་འོ་ནི་ཉམས་སོ་འཚལ་བ་སྟེ། ཞོར་ལ་ཉམས་ཤོར་བ་མ་གཏོགས་པ། གཏན་ནས་བསྲུང་བྱ་རྣམས་ལ་རིང་དུ་མི་གཏོང་ཞིང་དོན་དང་འགལ་བའི་འདའ་བར་མི་བགྱིད་ཅིང་བསྲུང་བྱའི་བསྲུང་མཚམས་ཀྱིས་དོན་མི་ཤེས་ནས། དེ་ལ་འགལ་ཞིང་མི་བསྲུང་བའི་སེམས་ཀྱིས་ལྡོག་སེམས་མ་མཆིས་ཀྱང་། ལེ་ལོ་དང་སྙོམ་ལས་ཀྱིས་དབང་དུ་བཏང་བ་ནི། མི་བསྲུང་བ་བསམ་པ་མིན་ཀྱང་། གདོད་བྱ་ད་རུང་ལོང་ཡོད་སྙམ་དུ་སེམས་པ་ལེ་ལོ་ཡི་དབང་དུ་སོང་བས། ལྟ་སྒོམ་ཀློང་དུ་མ་གྱུར་པས་རྩལ་ཤུགས་ཆུང་བ་དང་། ཡང་ན་ལྟ་སྒོམ་ཀློང་དུ་མ་གྱུར་པས་སྤྱོད་པའི་རྩལ་ཤུགས་ཆུང་བ་དང་། ཚུལ་བཞིན་དུ་མ་བསྒྲུབ་པའི་སྐྱོན་ནི། དྲན་པ་དང་ཤེས་བཞིན་གྱི་བྱ་ར་བ་དང་མི་ལྡན་པའི་སྤྱོད་པ་བག་མེད་པའི་དབང་དུ་གྱུར་སྟེ། བསྐྱེད་རྫོགས་ཀྱི་སྒོམ་ལ་མི་བརྩོན་ཞིང་། བསྙེན་སྒྲུབ་རྣམ་བཞི་ཡལ་བར་འདོར་བ་ལ་སོགས་ཉེས་པའི་ཚོགས་ཚོར་བ་དང་མ་ཚོར་བ་དང་མ་རིག་པའི་དབང་གི་ནི། སྟོན་པ་རྒྱལ་བས་གསུང་བའི་དཀའ་དང་། དམ་ཚིག་ལས་འགལ་བར་གྱུར་ཏེ། བདག་གི་ཆགས་ཉམས་བྱས་པ་རྣམས་དང་། གཞན་གྱི་ཉམས་གྲིབ་རང་ལ་གནོད་པ་ནི། རྣལ་འབྱོར་པ་གང་ཞིག་དམ་ཚིག་ཉམས་པ་ཅན་དང་། སྐད་ཅིག་ཙམ་ཡང་འཕྲད་པ་དང་། གཏམ་སྨྲ་བར་མི་བྱ་ཞིང་། རྒྱལ་བའི་བཀའ་ལས་བྱུང་བ་དེ་ལྟར་མ་ལྕོག་སྟེ། གསང་སྔགས་ཀྱི་སྒོ་འཚལ་བས། ཉམས་པ་ཅན་ཡིན་མིན་དབྱེ་གསལ་དཀའ་བ་དང་། མངོན་ཤེས་ཆུང་བས་སྐྱོན་ཅན་རྣམས་མ་རྟོགས་པ་སྟེ། དམ་ཚིག་ཉམས་པ་ཅན་དང་། ཚོགས་ལྷན་ལ་འདྲེས་པ་དང་། ཉམས་པ་ཅན་གྱི་བསྐང་བ་བྱེད་པ་དང་། ཉམས་པ་ཅན་དང་སྣོད་མེད་པ་རྣམས་ལ་ཆོས་བཤད་པ་དང་། དམ་ཚིག་ཉམས་པ་ཅན་ལས་མི་འཛེམ་པས་ཉམས་པའི་སྐྱོན་ལ་སོགས་པ་དང་། གཞན་ཡང་དམ་ཚིག་ཉམས་པ་ཅན་དང་འགྲོགས་ཤིང་བསྡད་ན། དམ་ཚིག་ཉམས་པ་ཅན་དེ་དག་གིས་ཉམས་སྒྲིབ་གྱིས་སྐྱོན་གྱིས་བདག་ལ་གོས་པར་གྱུར་ཏོ་ཚལ་རྣམས་ཀྱི། ཉམས་སྒྲིག་བཤགས་ཅིང་ཐུགས་རྗེའི་བཟུང་བར་ཞུ་བ་ནི། ཉམས་སྒྲིབ་དེས་བདག་གིས་ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་པར་གྱུར་པ་རྣམས། རང་རབ་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་སྡིག་པ་གང་བྱས་ངག་ཏུ་མཐོལ་ཞིང་བཤགས་ན་དཔང་པོ་ཁྱེད་རྣམས་ཀྱི་བྱམས་པའི་ཐུགས་རྗེས་བདག་ལ་ཐུགས་རྗེ་དགོངས་ནས་ཀྱང་། བཤགས་བྱའི་ཡུལ་དང་བཤགས་བྱེད་ཀྱི་མཁན་པོ་གཉིས་སུ་མེད་པའི་ཆོས་ཉིད་མི་འགྱུར་བའི་དབྱིངས་ལ་བདག་བཀོད་དེ། དཔང་པོ་ཁྱེད་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཆོས་དབྱིངས་མི་དམིགས་བཏང་སྙོམས་ཆེན་པོའི་ངང་དུ་བཞུགས་ནས་ཀྱང་། བདག་ལ་བཤགས་བྱ་བཤགས་བྱེད་གཉིས་མེད་དོན་གྱིས་དམ་ཚིག་ཆག་ཉམས་ཐམས་ཅད་ཚངས་པར་རྩལ་དུ་གསོལ། དྲུག་པ་ཀུན་རྫོབ་ཀྱི་འགལ་འཁྲུལ་དོན་དམ་དུ་བཤགས་པ་ནི། དོན་དམ་པར་བཤགས་པ་བྱ་བའི་ཡུལ་དང་བཤགས་པ་བྱེད་པའི་མཁན་པོ་གཉིས་སུ་མེད་པའི་གཟུང་འཛིན་གྱིས་སྤྲོས་པ་ལས་འདས་པ་ལ། ཉམས་ཆག་གི་རྣམ་རྟོག་གང་ཡང་རང་རྒྱུད་དུ་དམིགས་པར་མི་འགྱུར་ཏེ་སྟོང་ལ། ཀུན་རྫོབ་ཏུ་དངོས་པོའི་ཆོས་ཀུན་སྣང་རང་རྒྱུད་དུ་མ་གྲུབ་པས་སྒྱུ་མ་ཙམ་གྱིས་ངོ་བོ་ལ་སྣང་བའི་དབང་གིས་ན། སྡིག་པ་ཅི་བགྱིས་ཐམས་ཅད་རང་གནོད་ནས་རང་སྣང་གཉིས་མེད་ཀྱི་ངང་དུ་བཟོད་པར་གསོལ་བ་ནི། ཡེ་ཤེས་ཀྱི་ལྷ་རྣམས་ལ་བཤགས་པའོ། །དེ་ལྟར་ཡེ་ཤེས་ཀྱི་ལྷ་ལ་རྟོག་པ་མི་མངའ་ཡང་། དེའི་འཁོར་ན་གནས་པའི་ཡེ་ཤེས་དང་འཇིག་རྟེན་ལས་གྲུབ་པ་རྣམས་ལ་ཆག་ཉམས་གང་བྱས་པ་ངག་ཏུ་མཐོལ་ལོ་བཤགས་སོ་དམ་ཅན་བཀའ་གཉན་གྱི་ཚོགས། སེམས་གནོད་ངོ་འགྱོད་དོ་དམ་ཅན་བཀའ་གཉན་གྱི་ཚོགས་ཉམས་ཆག་སྡིག་སྒྲིབ་སྦྱང་ང་བོས་ལ་ལོ་དམ་ཅན་བཀའ་གཉན་གྱི་ཚོགས་ཉེས་བྱས་ཀྱི་ནོངས་པ་བདག་ལ་མཆིས་ན་མི་འཆབ་སྟེ་མི་གསང་ནས་བཤགས་པས་བཟོད་པར་གསོལ། བཟོད་པར་ཞལ་གྱིས་བཞེས་ནས་བདག་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚངས་པར་སྩལ་དུ་གསོལ། ཅེས་བརྗོད་པས་མདུན་གྱི་དཔང་པོའི་ལྷ་རྣམས་ཀྱི། ཞལ་འཛུམ་པའི་མདང་ཕྱུང་ནས། སྡིག་པ་ཆག་ཉམས་དག་པའི་གནང་བ་བྱིན་པར་བསམ་ལ། བྱིན་བསྡུ་བ་ནི། ཧཱུྃ་ཧཱུྃ་འཕགས་མཆོག་ཐུགས་རྗེ་ཅན་གྱིས་དུས་ལ་བབ། །ཁྱད་པར་སྟོན་པའི་དུས་ལ་བབ། །བྱིན་ཆེན་དབབ་པའི་དུས་ལ་བབ། །དབང་ཆེན་བསྐུར་བའི་དུས་ལ་བབ། །ཅེས་བརྗོད་པས་དཔང་པོའི་ལྷ་གཞན་རྣམས་ཡི་དམ་ལ་བསྡུ། ༀ་མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་བརྗོད་པས་ཡི་དམ་ལྷ་ཚོགས་སྤྱི་བོར་བྱོན་ནས་མར་རང་ལ་བསྟིམ། རྩ་གནས་བཞིའི་རྩ་རྣམས་གང་ནས་བགེགས་དང་ལོག་འདྲེན་ཐམས་ཅད་ཀྱིས་མི་ཚུགས་པའམ། ཡང་ན་དབང་བཞིའི་དོན་རྟོགས་པས་ཕྱག་རྒྱ་ཆེན་པོའི་ངང་དུ་འབད་མེད་ལྷུན་གྲུབ་ཏུ་གནས་པར་བྱའོ། །ལྷག་ཆད་ཁ་བསྐོང་ལ་ཡི་གེ་བརྒྱ་པ་བརྗོད་དོ། །དེ་ནས་དངོས་གཞི་ཡི་དམ་ཞི་ཁྲོ་གང་ཡིན་ལ་འཇུག་པར་བྱའོ། །འདིའི་མཚན་ནི། རྒྱུན་བཤགས་གི་ས་ཊིཀྐ་ཚོགས་གཉིས་ཕུན་ཚོགས། ཞི་ཁྲོ་བཤགས་ཆུང་གི་ཊིཀྐ་སྒྲིབ་གཉིས་དག་བྱེད། མཎྜལ་རིམ་གསུམ་བྱ་ཊིཀྐ་བཀོད་པའི་འོད་ཟེར། ཛྭ་ལ་བཛྲའི་ཊིཀྐ་བསྲུང་བ་རྡོ་རྗེའི་ཕུབ་ཆེན། བསང་ཆུ་བྱིན་རླབས་ཊིཀྐ་དག་བྱེད་ཁྲུས་ཀྱི་རྫིང་བུ། སྨན་བྱིན་རླབས་ཊིཀྐ་དུག་ལྔ་ནད་སེལ་སྨན་མཆོག་རྒྱལ་པོ། རཀྟ་བྱིན་རླབས་ཊིཀྐ་འདོད་ཆགས་དག་བྱེད་ཁྲག་གི་རྒྱ་མཚོ། གཏོར་མ་བྱིན་རླབས་ཊིཀྐ་གཏི་མུག་དག་བྱེད་བདུད་རྩིའི་མཚོ་ཆེན། ཡེ་ཤེས་སྐུ་མཆོག་ཊིཀྐ་ཆག་ཉམས་སྐོང་བའི་རྒྱལ་པོ། དེ་རྣམས་ཕྱོགས་གཅིག་ཏུ་དྲིལ་བས། སྤྱིར་གང་ལའང་སྦྱར་དུ་བཏུབ་ཀྱང་། བྱེ་བྲག་ཏུ་ཞི་ཁྲོ་གཉིས་ལ་སོགས་སྒྱུ་འཕྲུལ་གྱི་དཀྱིལ་ཆོག་ཐ་དག་གིས་སྔོན་འགྲོའི་འགྲེལ་པ་དགོས་འདོད་འབྱུང་བས་རིན་ཆེན་མཛེས་པའི་རྒྱན་དུ་གྱུར་པ་ཕྲེང་མཛེས་ཞེས་བྱ་བ་འདི་ཀཿཐོག་ཡང་དགོན་དུ་གསང་སྔགས་རྡོ་རྗེ་འཛིན་པ་ཡེ་ཤེས་རྒྱལ་མཚན་གྱིས་སྦྱར་བ་རེ་ཞིག་རྫོགས་སོ། །ཕུར་པ་ལ་སོགས་པ་རྣམས་ནི་རང་རང་གི་གཞུང་དུ་ཤེས་པར་བྱའོ། །རྨད་བྱུང་ལེགས་བཤད་གསུང་གི་བདུད་རྩི་ཀུན། །བསྟུས་པའི་བརྒྱད་ལྡན་མེ་ཏོག་བཀྲམ་བཅས་མཚོར། །བུང་བ་ངང་བའི་ཚོགས་བཅས་རྩེ་བྱས་ནས། །ཁ་དོག་ཚིག་ལ་མ་ཞེན་དོན་རྟོགས་མཛོད། །འདི་བརྩམ་དགེ་དང་དགེ་བ་གཞན་དག་རྣམས། །རྣམ་པ་གཅིག་བསྡུས་བསྡུས་པའི་འགྲོ་བ་ཀུན། །ཀུན་ཀྱང་མཚན་འཛིན་འཛིན་པ་ལས་གྲོལ་ཞིང་། །ཞིང་རྣམས་ཀུན་ཁྱབ་ཁྱབ་པའི་སངས་རྒྱས་ཤོག །བཀྲ་ཤིས་པར་གྱུར་ཅིག། །།

སྒྱུ་འཕྲུལ་ཞི་བའི་སྒོམ་ཁོག་ལམ་རིམ་གསལ་བའི་སྒྲོན་མེ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན།

སྒྱུ་འཕྲུལ་ཞི་བའི་བསྒོམ་ཁོག་ལམ་རིམ་གསལ་བའི་སྒྲོན་མེའི་དབུ་ཕྱོགས་སོ། །ༀ་སྭ་སྟི། གུ་རུ་དྷེ་ཝ་དྷཱ་ཀི་ལ་ན་མོ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །སྒྱུ་འཕྲུལ་ཞི་བའི་དཀྱིལ་འཁོར་བསྐྱེད་པའི་རིམ་པ་འདི་ལག་ཏུ་བླངས་པའི་ལུགས་ལ། སྤྱི་དོན་གྱི་ཁོག་ཕུབ་པ་དང་། གཞུང་དོན་ཉམས་སུ་ལེན་པ་གཉིས་སོ། །དང་པོ་ནི། ཆོས་དང་ཆུ་གཉིས་ཕུག་ནས་བཤད་པར་བྱ་བ་ཡིན་པས། ཆོས་རྒྱུད་དྲི་མ་མེད་པ་འདིའི་ལུགས་ལ། དང་པོ་སངས་རྒྱས་ཀྱིས་གསུངས། སྡུད་པ་པོས་སྡུད། རྒྱ་གར་མཁས་གྲུབ་རྣམས་ཀྱིས་བཀྲལ། ལོ་པཎ་སྐྱེས་མཆོག་རྣམས་ཀྱིས་བསྒྱུར། རྗེ་བཙུན་གོང་མ་རྣམས་ཀྱི་གསུང་ཚིག་དྲི་མ་མེད་པས་བརྒྱན་ནོ། །དང་པོ་ནི། ཐུགས་སྒྱུ་འཕྲུལ་དྲྭ་བ་ལ་ལེའུ་སྟོང་ཕྲག་བརྒྱ་པ་ཡོད་པ་ཟ་ཧོར་གྱི་ཡུལ་ན་བཞུགས། བོད་དུ་འགྱུར་བ་ལ། སྒྱུ་འཕྲུལ་སྡེ་བརྒྱད་བཤད་རྒྱུད་སྡེ་བཞི། ཁྱད་པར་དུ་རྩ་རྒྱུད་གསང་བའི་སྙིང་པོ་ལེའུ་ཉི་ཤུ་རྩ་གཉིས་པ་འདི་ཞི་ཁྲོ་གཉིས་ཀྱི་རྒྱུད་ཡིན་ཏེ། ལེའུ་བཅུ་བཞི་པ་ཡན་ཆད་མ་བསྒྱུར་རྣལ་མའི་དཀྱིལ་འཁོར། བཅོ་ལྔ་པ་མན་ཆད་བསྒྱུར་བ་ཁྲག་འཐུང་གིས་དཀྱིལ་འཁོར་སྟོན་པ་ཡིན་ནོ། །སྡུད་པ་པོའི་སྡུད་ལུགས་ནི། གསང་བདག་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་རྣམ་འཕྲུལ་ཡིན་ནོ། །རྒྱ་གར་མཁས་གྲུབ་རྣམས་ཀྱིས་བཀྲལ་ལུགས་ནི། འདི་ལ་པཎ་ཆེན་དུ་མའི་ཐུགས་དམ་བྱས་ཀྱང་། ཁྱད་པར་དུ་སྒྱུ་འཕྲུལ་ལ་མཁས་པ་སངས་རྒྱས་གསང་བས། ཞི་བ་ལ་སྒྱུ་འཕྲུལ་དྲྭ་བ། ཁྲོ་བོ་ལ་སྣང་བ་དམ་པ་རྒྱན་ཞེས་པའི་གཞུང་བྱས་ནས་ཡོད། ལོ་པཎ་སྐྱེས་མཆོག་རྣམས་ཀྱིས་བསྒྱུར་ལུགས་ནི། སྔ་འགྱུར་དང་། ཕྱི་འགྱུར་གཉིས་ཡོད་པ་ལས། འདིར་རེ་ཞིག་པཎྚི་ཏ་བྷི་མ་ལ་མི་ཏྲའི་ཞལ་ནས། ལོ་ཚ་བ་རིན་ཆེན་མཆོག་གིས་བསྒྱུར་བར་འདོད་མོད་ཀྱང་། དམ་པ་བདེ་བར་གཤེགས་པས་ནི། པདྨའི་བཞེད་པ་འཐད་པ་འདྲ། རྗེ་བཙུན་གོང་མིའི་གསུང་གིས་བརྒྱན་ལུགས་ལ། སྟོད་ཀྱི་གྲུབ་ཆེན་སོ་ཟུར་གནུབ་གསུམ་གྱི་ཕྱག་ལེན་ལོགས་སུ་ཤེས་ལ། འདི་ནི་དམ་པ་བདེ་བར་གཤེགས་པས་མཛད་པའི་ཆོག་བསྒྲིགས་ཡིན་ནོ། །འདི་ལ་སྦྱོར་བ་དང་། དངོས་གཞི། རྗེས་གསུམ་མོ། །སྦྱོར་བ་སྔོན་འགྲོའི་ཆོས་ནི། སློབ་དཔོན་སངས་རྒྱས་གསང་བ། །ཕྱོགས་བཅིང་བརྒྱད་ཀྱི་རིམ་རྫོགས་ནས། །ལས་ཀྱི་ལྷའི་རྣལ་འབྱོར་གྱིས། །མཆོད་རྫས་བྱིན་གྱིས་བརླབས་པར་བྱ། །བདུད་རྩི་ཆུས་བསང་བགེགས་བསྐྲད་འདུག །ཅེས་གསུངས་པས། བླ་མ་བཤེས་གཉེན་ནས་བཟུང་སྟེ། ཡེ་ཤེས་སྐུ་མཆོག་གི་བར་ཚང་བར་བྱའོ། །ཁྱད་པར་དུ་འདི་ཉིད་ཀྱིས་སྔོན་འགྲོ་ནི། ཀུན་རྫོབ་དང་དོན་དམ་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་གཉིས་ལས། དང་པོ་ཀུན་རྫོབ་སེམས་བསྐྱེད་ནི། བདག་དང་མཐའ་ཡས་པའི་སེམས་ཅན་རྣམས། ཡེ་གདོད་མ་ནས་སངས་རྒྱས་ཡིན་མོད་ཀྱང་། མ་རྟོགས་པའི་དབང་གིས་འཁོར་བ་ལ་འཁྱམས་པ་རྣམས། བྱང་ཆུབ་མཆོག་སངས་རྒྱས་ཐོབ་པའི་ཆེད་དུ་ཞི་བ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བསྒོམ་པར་སེམས་བསྐྱེད་དོ། །དོན་དམ་སེམས་བསྐྱེད་ནི། ཨེ་མའོ་ཞེས་པས། སྣང་བ་བཞིས་བསྡུས་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་ངམ་ཞིང་ངོ་མཚར་ཞེས་པས། ཐམས་ཅད་སྐྱེས་པ་ལ་དམ་རྨད་ཀྱིས་ཆོས་ཞེས་པ། སྐྱེས་པ་ཉིད་ན་སྐྱེ་བ་མེད་པ་ལ་མཚར་བའོ། །དེ་དག་ཚོགས་གཉིས་ཡང་དག་རྫོགས་པའི་སངས་རྒྱས་སྐུ་ལྔ་པོ་ཀུན་གྱིས་ཐུགས་ཀྱི་བརྣག་བྱ་ཡིན་པས་ན་གསང་ངོ་། །དོན་དམ་པ་བྱང་ཆུབ་ཀྱི་སེམས་ལ་སྣང་བ་བཞིས་སྐྱེ་བ་མེད་པ་ལས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་ཐམས་ཅད་སྐྱེ་བའོ། །དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་ལ་སྐྱེས་པའི་དུས་ཉིད་ནའང་དོན་དམ་པའི་བདེན་པ་ལ་སྐྱེ་བ་མེད་པའི་ཕྱིར་བདེན་གཉིས་དབྱེར་མེད་དུ་ལ་བཟླ་བའོ། །དེ་ནི་སེམས་ལྔ་ལས་གཡོ་ལྡང་བྱང་ཆུབ་ཀྱི་སེམས། སྐུ་ལྔ་ལས་ཆོས་སྐུ། ཡེ་ཤེས་ལྔ་ལས་སྟོང་པ་ཉིད་ཀྱིས་ཡེ་ཤེས་སོ། །དེའི་འགྲེས་ཀྱི་འོག་མ་བཞི་པོ་ལ་ཡང་ཤེས་པར་བྱ་སྟེ། ཨེ་མ༴ རྫོགས་པའི༴ ཆོས་ཉིད་འགག་པ་མེད་པ་ལས་ཀུན་རྫོབ་ཏུ་ཐམས་ཅད་འགག་པར་ལྟར་སྣང་། ཀུན་རྫོབ་ཏུ་འགག་པའི་དུས་དེ་ཉིད་ནའང་ཆོས་ཉིད་ལ་འགག་པ་མེད་པའི་ཕྱིར་བདེན་གཉིས་དབྱེར་མེད་དུ་ལ་བཟླ་བའོ། །དེ་ནི་འཇིག་འཇུག་བྱང་ཆུབ་ཀྱིས་སེམས་སོ། །མངོན་པར་བྱང་ཆུབ་པའི་སྐུ། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཨེ་མ༴ རྫོགས་པའི༴ ཆོས་ཉིད་ལ་གནས་པར་བྱ་བ་དང་གནས་པར་བྱེད་མེད་པ་ལ། ཀུན་རྫོབ་ཏུ་ཐམས་ཅད་གནས་པ་ལྟར་སྣང་། ཀུན་རྫོབ་ཏུ་གནས་པའི་དུས་དེ་ཉིད་ནའང་ཆོས་ཉིད་ལ་གནས་པ་མེད་པའི་ཕྱིར་དབྱེར་མེད་དུ་ལ་བཟླ་བའོ། །གནས་པ་བྱང་ཆུབ་ཀྱི་སེམས། ལོངས་སྤྱོད་རྫོགས་པའི་སྐུ། མཉམ་ཉིད་ཡེ་ཤེས་སོ། །ཨེ་མ༴ རྫོགས་པའི༴ ཆོས་ཉིད་ལ་དམིགས་པར་བྱ་བའི་ཡུལ་མེད་པ་ལས་ཀུན་རྫོབ་ཏུ་ཐམས་ཅད་ལ་དམིགས་པ་ལྟར་སྣང་། ཀུན་རྫོབ་ཏུ་དམིགས་པའི་དུས་དེ་ཉིད་ནའང་ཆོས་ཉིད་ལ་དམིགས་པ་མེད་པའི་ཕྱིར་དབྱེར་མེད་དུ་ལ་བཟླ་བའོ། །དེ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས། རྡོ་རྗེའི་སྐུ། སོ་སོར་རྟོགས་པའི་ཡེ་ཤེས་སོ། །ཨེ་མ༴ རྫོགས་པའི༴ ཆོས་ཉིད་ལ་ཕྱིར་འགྲོ་བ་དང་ནང་དུ་འོང་བ་མེད་པ་ཡིན་པ་ལས་ཀུན་རྫོབ་ཏུ་ཐམས་ཅད་འགྲོ་བ་དང་འོང་བ་ལྟར་སྣང་། ཀུན་རྫོབ་ཏུ་འགྲོ་བ་དང་འོང་བའི་དུས་དེ་ཉིད་ནའང་ཆོས་ཉིད་ལ་འགྲོ་འོང་མེད་པའི་ཕྱིར་བདེན་གཉིས་དབྱེར་མེད་དུ་ལ་བཟླ་བའོ། །དེ་ནི་མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས། སྤྲུལ་པའི་སྐུ། བྱ་བ་གྲུབ་པའི་ཡེ་ཤེས་སོ། །གོང་གི་སེམས་བསྐྱེད་དེ་ནི་ལྟ་བའི་ངོ་བོ་ཡིན་ཏེ། གསང་སྔགས་མ་ཧཱ་ཡོ་གའི་ལུགས་ཀྱི་མ་སྐྱེས་མི་འགགས་དབྱེར་མེད་སྤྲོས་དང་བྲལ་བ་དོན་དམ་པ་ལྷག་པའི་ཆོས་སྐུ་ཆེན་པོ་ཡིན་པས། སྐྱེ་བ་མེད་པ་ནི་དོན་དམ་བདེན་པ། འགག་པ་མེད་པ་ནི་ཀུན་རྫོབ་བདེན་པ། གནས་པ་མེད་པ་ནི་དབྱེར་མེད་བདེན་པ། དམིགས་པ་མེད་པ་དང་། འགྲོ་འོང་མེད་པ་གཉིས་ནི་སྤྲོས་དང་བྲལ་བའི་བདེན་པ་ཡིན་པར་ཤེས་པར་བྱའོ། །ལྟ་བ་དེ་ཉིད་ཉམས་སུ་ལེན་པར་བྱེད་པ་ལ། བློ་རབ་འབྲིང་ཐ་མ་གསུམ་ཡོད་དེ། བློ་རབ་ཀྱིས་བསྐྱེད་རྫོགས་རོ་མཉམ་ཟུང་འཇུག་ཉམས་སུ་ལེན་པ་ཡིན་ཏེ། སློབ་དཔོན་སངས་རྒྱས་གསང་བས། སྒོམ་པ་རྣམ་བཞི་ཟུང་ལྡན་པར། །གདོད་མ་ཉིད་ནས་གོམས་པར་བྱེད། །ཅེས་པ་དང་། བརྟག་གཉིས་ལས། རིམ་གཉིས་མཉམ་པར་བཞག་ནས་ནི། རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཅེས་སོ། །རྒྱ་གར་གྱི་ན་རོ་པཎ་ཆེན་ཡང་འདིའི་རྗེས་སུ་འབྲང་བ་ཡིན་ནོ། །བློ་འབྲིང་གིས་དོན་དམ་ལམ་དུ་ཁྱེར་ནས་ཀུན་རྫོབ་གཏན་ལ་ཕབ་པ་ཡིན་ཏེ། མདོ་དགོངས་པ་འདུས་པ་ལས། དོན་དམ་ཀུན་གྱི་རྒྱུ་ཡིན་ཕྱིར། །ལྷག་པའི་དོན་དེ་དང་པོར་བསྒོམ། །ཞེས་པ་དང་། སངས་རྒྱས་གསང་བས། གལ་ཏེ་རྣལ་འབྱོར་འདི་མེད་ན། །རྒྱ་མཚོ་འཇིང་གི་ཕ་ཝང་ལྟར། །བསྐལ་པར་ལམ་ལ་བཙལ་བྱས་ཀྱང་། །དོན་མེད་སྙིང་པོ་སྐེམ་པ་ཡིན། །ཞེས་གསུངས་སོ། །བློ་ཐ་མས་ནི། བསྐྱེད་རིམ་ཀུན་རྫོབ་ལ་བརྟེན་ནས་དོན་དམ་གཏན་ལ་ཕབ་པ་ཡིན་ཏེ། དམིགས་པ་དག་ལ་བརྟེན་ནས་སུ། །མི་དམིགས་པ་དག་རབ་ཏུ་སྐྱེ། །ཅེས་པ་དང་། གསང་བ་འདུས་པ་ལས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །རིམ་གཉིས་མཉམ་པར་བཞག་པའོ། །ཞེས་གསུངས་སོ། །ད་རེས་འདིར་ནི། དོན་དམ་སྐྱེ་མེད་ཀྱི་གནས་ལུགས་གདངས་འགག་པ་མེད་པར་ལྷའི་དཀྱིལ་འཁོར་དུ་ཤར་ལུགས་བཤད་པའོ། །སྤྱི་དོན་གཉིས་པ་དངོས་གཞི་ལ། ཏིང་ངེ་འཛིན་གསུམ་གྱི་ཁོག་ཕུབ་པ་དང་། ཆོ་འཕྲུལ་བཞིའི་གཞུང་བསྲང་བ་གཉིས་སོ། །དང་པོ་ལ་གསུམ་ལས། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། འདི་ལྟར་དངོས་པོར་སྣང་བ་རྣམས་ནི་སྣང་དུས་ཉིད་ན་དངོས་པོ་མེད་པར་རང་སྣང་བས་ན་ཡུལ་དུ་རྟོག་པའི་ངག་གིས་སྨྲ་བ་དང་བློས་བསམ་པའི་ཡུལ་ལས་འདས་པའི་ཆོས་ཉིད་མ་བཅོས་པས་ན་དེ་བཞིན་ཉིད། འདའ་ཉམས་མེད་པས་ན་ཏིང་ངེ་འཛིན་ཞེས་བྱའོ། །གཉིས་པ་ཀུན་ཏིང་ནི། ཁམས་གསུམ་གྱི་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར་སྙིང་རྗེ་བསྒོམ་སྟེ། དཔེར་ན་ནམ་མཁའ་ལ་ནི་ནམ་མཁའ་བཞག་པ་བཞིན་དུ་ཆོས་ཉིད་དེ་བཞིན་ཉིད་ལས་མ་གཡོས་པར་འགག་མེད་དུ་སྙིང་རྗེ་ཀུན་སྣང་གིས་ཏིང་ངེ་འཛིན་བསྒོམ་པས་ཀུན་དུ་སྣང་བའི་ཏིང་ངེ་འཛིན་ཞེས་བྱའོ། །གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། འོག་གཞི་འབྱུང་བ་རིམ་བརྩེགས། རྟེན་གཞལ་ཡས་ཁང་ལྷ་དང་བཅས་པ་བསྐྱེད་པའི་རྒྱུ་ཡིན་པས་ན་རྒྱུའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ཡང་སྐྱེ་མེད་མཚོན་པའི་ཡི་གེ་ཨ་ནི་ཡི་གེ་ཐམས་ཅད་ཀྱི་ཕྱི་མོའམ་མཆོག་ཡིན་པས། དེ་ནི་བསྐྱེད་རིམ་པས་སྙིང་ཀའི་ཐད་དུ་བསྒོམ་པར་བྱ་སྟེ། དེ་ཡང་བྱང་ཆུབ་ཀྱི་སེམས་དྲི་མ་མེད་པ་མཚོན་པའི་རྟགས་སུ། ཨ་དཀར་པོ་སྟེ་རབ་ཏུ་གསལ་ཞིང་བརྟན་པར་གྱུར་ནས་ཨ་དཀར་པོ་དེ་ལས། ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ་སྟེ། ཨ་སྥ་ར་ར་ན་ཕཊ། ཨ་དཀར་པོ་དེ་ལ་བརྟེན་ནས་དེ་ལ་ཨ་དཀར་པོ་གཅིག་སྤྲོས། དེ་ལ་བརྟེན་ནས་གཉིས་སྤྲོས། དེ་ལ་བརྟེན་ནས་བཞི་སྤྲོས་ཏེ། དེ་བཞིན་དུ་ཇེ་མང་ཇེ་མང་ཇེ་རིང་ཇེ་རིང་དུ་སྤྲོ་བ་ནི། དང་པོ་དབུགས་ཀྱིས་སླེབ་ཚད་ཙམ། དེ་ནས་དྲིས་ཚོར་ཚད་ཙམ། དེ་ནས་མིག་གིས་མཐོང་ཚད་ཙམ། དེ་ནས་ནམ་མཁའི་ཁྱབ་པར་སྤྲོས་ཏེ། གཅིག་རྗེས་སུ་གཅིག་གཞུགས་ནས་སེམས་ཀྱིས་ཁྱབ་ཚད་ཨ་དཀར་པོ་ཡུངས་འབྲུ་ཙམ་གྱིས་གང་ནས། སཾ་ཧ་ར་ན་ཧཱུྃ། སླར་འོད་ཟེར་ཚུར་བསྡུས་ཀྱང་གཞི་པོའི་ཨ་མ་འཕེལ། ཕྱིར་ལ་མང་པོ་སྤྲོས་ཀྱང་གཞི་པོའི་ཨ་མ་འགྲིབ། དེ་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན་པར་ཤེས་པར་བྱའོ། །གོང་གི་ཨ་དེ་ཡང་། གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་དགོས་ཏེ། གང་ཞེ་ན། སང་ངེ་བ། ས་ལེ་བ། ལྷག་གེ་བ། ལྷང་ངེ་བའོ། །མི་གཡོ་བ། མི་འགྱུར་བ། མངོན་པར་མི་འགྱུར་བ། ཅིར་ཡང་བསྒྱུར་དུ་བཏུབ་པ་སྟེ་བརྒྱད་དེ། གཉིས་པ་ཆོ་འཕྲུལ་བཞིའི་གཞུང་བསྲང་བ་ལ་གཉིས་ལ། དང་པོ་རྟེན་བསྐྱེད་པ་ནི། བྲིས་བསྒོམ་འཆད་གསུམ་གྱི་དབང་དུ་བཤད་དགོས་ཏེ། བྲིས་པ་ས་ནས་ས་རུ་སྟེ། །བསྒོམ་པ་ས་ནས་གནམ་དུ་གཞལ། །འཆད་པ་དོན་རྟགས་སྦྱར་ཏེ་བཤད། །ཅེས་པས། དང་པོ་བྲི་བ་ནི། འགྱིང་ཕུར་གྱིས་ཤུལ་དུ་ཚོན་ལྔ་རིམ་པ་ལྟར་བླུག་ནས་བཀང་བ་ནི། འབྱུང་བ་རིམ་བརྩེགས་བྲི་བའི་དབང་དུའོ། །བསྒོམ་པ་ནི། ཨ་ལས་ཨེ་ཡྃ་བྃ་ལྃ་སུྃ་རྃ་རྣམས་སྤྲོས་པ་ལས། ཨེ་ལས་ཆོས་འབྱུང་གྲུ་གསུམ་མཐིང་ནག་རྒྱ་ཁྱོན་ནམ་མཁའ་དང་མཉམ་པ། དེས་སྟེང་དུ་ཡྃ་ལས་རླུང་ཞེས་གཞུང་བཞིན་ནོ། །དེའང་འཆད་པ་དོན་རྟགས་སྦྱར་ཏེ་བཤད་ན། ཕྱི་ལྟར་འབྱུང་བ་ལྔ། ནང་ལྟར་ཡུམ་ལྔ། གསང་བ་ལྟར་ཡེ་ཤེས་ལྔ་དང་སྦྱར་བར་བྱའོ། །ཡང་ན་ཕྱི་ལྟར་འབྱུང་བ་ལྔ། ནང་ལྟར་ཡེ་ཤེས་ལྔ། གསང་བ་ལྟར་ཡུམ་ལྔའི་མཁའ་ཀློང་ལྔར་འདོད་པར་སྣང་བ་འཐད་པར་མཐོང་ངོ་། །འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་བསྒོམ་ཚར་ནས། རྡོ་རྗེའི་གུར་ཁང་ཁ་བསྐང་བ་ནི། ཨ་ལས་ཧཱུྃ་མཐིང་ནག་གཅིག་སྤྲོས་ཏེ་འོད་དུ་ཞུ་བ་ལས། རྡོ་རྗེ་རྒྱ་གྲམ་ཤར་གྱི་རྭ་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཐིང་ནག་ཧཱུྃ་གིས་མཚན་པར་གྱུར། དེ་འོད་དུ་ཞུ་བ་ལས་རྡོ་རྗེའི་གུར་ཁང་དུ་གྱུར་ཏེ། འོག་གཞི་རྡོ་རྗེའི་བྲག་རིས་གཏམ་པ། ཕྱི་ནང་ཐམས་ཅད་མེ་རི་འབར་བར་བསྒོམ། དེ་ཡང་། རྡོ་རྗེའི་རྭ་བས་བདུད་དཔུང་འཇོམས། མེ་རི་འབར་བས་ཉོན་མོངས་བསྲེག་པའི་རྟགས་སོ། །ཨ་ལས་བྷྲཱུྃ་སྤྲོས་པ་ལས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཞེས་གཞུང་བཞིན་ནོ། །བྷྲཱུྃ་ཅིར་ཡང་འགྱུར་བའི་ས་བོན་ཡིན་ཏེ། སྐབས་འདིར་གཞལ་ཡས་ཁང་བསྐྱེད་པའི་ས་བོན་དུ་འགྱུར་ལ། བི་ཤྭ་ནི་སྣ་ཚོགས། བི་ཤུདྡྷེ་ནི་རྣམ་པར་དག་པ་སྟེ། འབྱུང་བ་ལྔར་འཛིན་གྱི་རྟོག་པ་དག་ནས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་བསྐྱེད་པའི་སྔགས་སོ། །གོང་གི་བྷི་ཤུདྡྷེ་རྣམ་པར་དག་པ་ནི། བརྩིགས་པ་ལྔ་རིམ་རང་ཁ་མ་ཡིན་ཞིང་། ཡེ་ཤེས་ལྔའི་ངོ་བོ་ལ་དགོངས་པ་ཡིན་ནོ། །གདུལ་བྱའི་དགོས་འདོད་སྐོང་བའི་རྟགས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མེད་པའི་རྟགས་སུ་རྒྱ་ཁྱོན་ཚད་བཟུང་དུ་མེད་པ། འཁོར་བ་མ་སྤངས་འབྲས་བུ་ལྷུན་གྱིས་གྲུབ་ཅིང་ཡོན་ཏན་རྒྱས་པའི་རྟགས་སུ། དབྱིབས་གྲུ་བཞི། ཡེ་ཤེས་ལྔ་རྫོགས་པའི་རྟགས་སུ་བརྩིགས་པ་ནང་ནས་རིམ་པ་བཞིན་སྔོན་པོ། དཀར་པོ། སེར་པོ། དམར་པོ། ལྗང་ཀུ་ལས་བྱས་པ། དེ་ཡང་མེ་ལོང་ཡེ་ཤེས་འགག་མེད་དུ་ཤར་ཞིང་འགྲོ་བའི་རྒྱུད་ལ་འཆོས་འཁོར་བསྐོར་བའི་རྟགས་སུ། ཤར་ལོགས་འཁོར་ལོ་དཀར་པོས་བརྒྱན་པ། མཉམ་ཉིད་ཡེ་ཤེས་ཡོན་ཏན་རྫོགས་ཤིང་གདུལ་བྱའི་རེ་བ་སྐོང་བའི་རྟགས་སུ། ལྷོར་སེར་པོ་རིན་པོ་ཆེ། སོར་རྟོགས་ཡེ་ཤེས་ཆོས་སྤྱི་དང་རང་གིས་མཚན་ཉིད་མཁྱེན་ཅིང་། མཐའི་སྐྱོན་གྱིས་མ་གོས་པའི་རྟགས་སུ། ནུབ་དམར་པོ་པདྨ། བྱ་གྲུབ་ཡེ་ཤེས་ཕྲིན་ལས་སྣ་ཚོགས་ཀྱིས་བདག་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་རྟགས་སུ། བྱང་ལྗང་ཀུ་རལ་གྲི། ཆོས་དབྱིངས་ཡེ་ཤེས་ཀྱིས་ཕར་ལ་ཐམས་ཅད་འཇོམས་ཤིང་ཚུར་ལ་གང་གིས་མི་ཚུགས་པའི་ངོ་བོ་ལ་འགྱུར་བ་མེད་པའི་རྟགས་སུ། སྟེང་མཐིང་ནག་གིས་རྡོ་རྗེ་ཕོ་གྱོ་མོ་གྱོ་ཆོས་ཉིད་མི་འགྱུར་བ་ཡོན་ཏན་གཞན་ལ་དཔག་པའི་རྟགས་སུ། བརྩིགས་པའི་སྟེང་དུ་གསེར་ལས་གྲུབ་པའི་ཕ་གུ་གཉིས་སྣ་གཅིག་འགེབ། བདེན་པ་གཉིས་དབྱེར་མེད་པའི་རྟགས་སུ། ཕ་གུ་ལ་ཆུན་འཕྱང་རིན་པོ་ཆེའི་ཕྲེང་བ་རྒྱུས་པའི་དྲྭ་བ་ཡོད་པ། ཆུན་འཕྱང་ནི་མཛེས་གདུང་ལ་ཡོད་པར་བཞེད་དོ། །ཐབས་མ་འདྲེས་ལ་ཡོངས་སུ་རྫོགས་པའི་རྟགས་སུ། ཕ་གུའི་ནང་བརྩིགས་པའི་ཁ་ཆོད་རྣམས་ཐོག་ན་ཀ་ཐུང་ཉེར་བརྒྱད་ཀྱི་བར་དཔུང་ལྷས་ཀྱིས་སྦྲེལ་བའི་སྟེང་ན་མཛེས་གདུང་ལ་རིན་པོ་ཆེའི་ཤར་བུས་བརྒྱན་པ་དང་། ཡང་ན་ཤར་བུ་ནི་ཕྱི་རྩེའི་སྣར་ཡོད་པར་ཡང་བཞེད་དོ། །མདའ་ཡབ་ཤེལ་གྱི་མཆོད་རྟེན་གྱི་བར་ཐམས་ཅད་ལ་གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་སྒྲེང་བ། ཡང་ན་མདའ་ཡབ་རིན་པོ་ཆེའི་ཐོང་པོར་འདོད་ཡང་ཟེར། ཐུགས་རྗེ་དང་སྤྲུལ་པའི་འཕྲོ་འདུ་རྒྱུན་མ་ཆད་པའི་རྟགས་སུ། མཛེས་གདུང་གིས་ཐོག་ན་ཕྱམ་རྩ་ཉེར་བརྒྱད་ཡོད་པའི་སྣར་སེང་མགོ་ཡོད་པའི་ཁ་ནས་མུ་ཏིག་གི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ་ལ་དྲིལ་བུ་རྔ་ཡབ་དང་ཟུར་གྱི་དྲིལ་བུ་ཆེན་པོ་ལ་རྔ་ཡབ་ཆེན་པོའི་བསིལ་ཡབ་འཕྱོ་བ། བསྙེན་གནས་བརྒྱད་རྫོགས་པའི་རྟགས་སུ་ཀ་གདན་དང་། འཕགས་ལམ་བརྒྱད་རྫོགས་པའི་རྟགས་སུ་ཀ་བ་དང་། རྣམ་ཐར་བརྒྱད་རྫོགས་པའི་རྟགས་སུ། ཀ་རྒྱན་དང་ཀ་གཞུ་རྣམས་རིན་པོ་ཆེ་འབར་བ་ལས་བྱས་པ་ཕྱོགས་མདོག །མི་འཇིགས་པ་བཞི་དང་ལྡན་པའི་རྟགས་སུ། ཀ་བའི་ཐོག་ན་གདུང་བཞི་མིག་མང་རིས་སུ་བྲིས་པ། སྟོང་ཉིད་བཅོ་བརྒྱད་ཕར་ཕྱིན་བཅུ་རྫོགས་པའི་རྟགས་སུ། ཕྱམ་རྩ་རིན་པོ་ཆེའི་གདུང་ཕྲན་ཉེར་བརྒྱད་ཕྱོགས་བཞིར་བཞི་བཞི། ཟུར་དུ་གསུམ་གསུམ། སྟོབས་བཅུ་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པའི་རྟགས་སུ། ཕྱམ་རྩེ་གདུང་ཐུང་ཉེར་བརྒྱད་ཀྱིས་མཐུད་པ། འདོད་ཡོན་ལྔ་མ་སྤངས་རྣམ་དག་རྒྱན་དུ་རྫོགས་པའི་རྟགས་སུ། འདོད་ཡོན་གྱི་ལྷ་མོ་དཔག་མེད་ཕྱོགས་བཅུར་འཁྲིགས་པ། བསྒོམ་དབང་དུ་ཁ་ཁྱེར་ལ་བསྒོམ། སྔར་གྱི་བཤད་སྲོལ་ཁ་ཅིག་ལ། གོང་གི་ཕ་གུའི་སྟེང་དུ་མཆོད་སྣམ་དམར་པོ་གྱང་གཞུང་བསྐྱང་བ་ལྟ་བུ་ཡོད་པར་འདོད་པ་སྣང་ཡང་། ཚུལ་དེ་ནི་བྲི་བསྒོམ་འཆད་གསུམ་གང་དང་ཡང་མི་མཐུན་སྟེ། བྲི་བའི་དབང་དུ་ཐིག་དང་མི་མཐུན་སྟེ་མཆོད་སྣམ་གྱི་ཕྱི་ན་ཕ་གུ་ཡོད་དགོས་པའི་ཕྱིར་དང་། བསྒོམ་པའི་དབང་དུ་མི་མཐུན་པ་ནི། དམར་ཆ་སྟེང་དུ་སོང་བས་འཆི་བ་རྙེད་པ་དང་། འཆད་པའི་དབང་དུ་མི་མཐུན་པ་ནི། ལས་རླུང་གིས་ཡེ་ཤེས་ཀྱིས་རླུང་མནན་པས་ནམ་ཡང་ལམ་དུ་མི་འགྱུར་བའི་སྐྱོན་རྣམས་ཡོད་ཅིང་། གང་དང་ཡང་མི་མཐུན་པས་སྤང་བར་བྱའོ། །ཆོས་རྗེ་ཟུར་པ་ཚང་གིས་བཞེད་པ་ལ། མཆོད་སྣམ་གྱི་ཕྱི་ན་ཕ་གུ་ཡོད་པར་འདོད་དེ། པཉྩ་རཱ་གའི་ཕྱི། འདོད་ཡོན་དམར་པོའི་སྟེང་། ཕ་གུ་སེར་པོའི་ནང་། སྟེང་གི་བྱ་འདབ་ཀྱི་འོག །ཀ་ཐུང་བཅུ་དྲུག་གི་ཕྲག །དྲྭ་བ་དྲྭ་ཕྱེད་ཀྱི་གསེབ་ན་མཆོད་པའི་ལྷ་མོ་རྣམས་ཀྱི་མཆོད་པ་འབུལ་བར་བསྒོམ་ཏེ། དེ་ཡང་གཟུགས་ཀྱི་ལྷ་མོ་དཀར་མོས་མེ་ལོང་བསྣམས་པ་དང་། སྒྲའི་ལྷ་མོ་སྔོན་མོས་ཕྱག་ན་པི་ཝང་བསྣམས་པ། དྲིའི་ལྷ་མོ་ལྗང་ཀུས་ཕྱག་ན་དྲིའི་དུང་ཆོས་ཐོགས་པ། རོའི་ལྷ་མོ་དམར་མོས་ཕྱག་ན་མཁར་གཞུང་གཡོས་ཀྱིས་བཀང་བ་ཐོགས་པ། རེག་བྱའི་ལྷ་མོའི་ཕྱག་ན་ན་བཟའ་པཎ་ཙ་ལི་ཀ་ཐོགས་པ་འཁྲིགས་པའོ། །ཐེག་པ་ལྔ་རྫོགས་པའི་རྟགས་སུ། བྱ་སྐྱིབ་ལྔ་དང་ལྡན་པ། ཆོས་ཉིད་འགྱུར་བ་མེད་པ་མཚོན་པའི་རྟགས་སུ། བྱ་སྐྱིབ་ཀྱིས་དབུས་གཙོ་བོའི་ཐོག་ཏུ་དར་མཐིང་ནག་གིས་བླ་རེ། ཐབས་དང་ཤེས་རབ་མཚོན་པའི་རྟགས་སུ། བྱ་སྐྱིབ་ཀྱི་འཁོར་ལོ་རྩིབས་བཞི་དོད་པའི་རྩེ་མོ་ནས་ཉི་ཟླ་འཁྲུག་པའི་སྐར་ཁུང་ལྡིང་བ། ཡེ་ཤེས་ཕྲ་མེན་དུ་མ་མཚོན་པའི་རྟགས་སུ། ཐོག་གི་བང་རིམ་གྱི་མཚམས་རྣམས་སུ་སྐར་ཚོགས་གསལ་བ། བྱུར་བུའི་ཕྱིའི་དབྱིབས་ནི། སངས་རྒྱས་གསང་བས་ཕྱི་དབྱིབས་མཆོད་རྟེན་མཁར་ཐབས་དང་། རྒྱལ་ཁབ་རི་བོ་གུར་དུ་འདོད། །ཅེས་དབྱིབས་ལ་ལྔ་ཡོད་པའི་མཆོད་རྟེན། དེ་ལ་བརྒྱད་ཡོད་པའི་ནང་ནས་བྱང་ཆུབ་ཆེན་པོའི་མཆོད་རྟེན་ལྟར་དུ་བཤད་ན། དྲན་པ་ཉེར་བཞག་བཞི། ཡང་དག་སྤང་བཞི། རྫུ་འཕྲུལ་རྐང་བཞི། དབང་པོ་ལྔ་མཚོན་པའི་རྟགས་སུ། བྱ་འདབ་བང་རིམ་བཞི། བུམ་རྟེན་སྟོབས་ལྔ། བུམ་པ་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན། བྲེ་འཕགས་ལམ་བརྒྱད། སྲོག་ཤིང་སྐུ་གསུང་ཐུགས། འཁོར་ལོ་སྟོབས་བཅུ་རྣམ་ཐར་གསུམ་དང་བཅུ་གསུམ། གདུགས་ཐུགས་རྗེ་ཆེན་པོས་གདུལ་བྱ་ཉོན་མོངས་པའི་ཚ་གདུང་ལས་སྐྱོབས། འཕན་མཆོད་པའི་ལྷ་མོ། དེ་ལ་དྲིལ་བུ་འཕྱང་བ་སྟོང་ཉིད་ཀྱི་སྒྲ། གདུགས་ཀྱི་ཐོག་གིས་ཉི་ཟླ་ནི་ཐབས་ཤེས་རབ། ནང་ན་གཙོ་བོ་གང་བྱེད་ཀྱི་ཐུགས་ཕྱག་མཚན་གྱིས་མཚན་པ་ལ། རྡོ་རྗེའི་ཏོག་ནི་མི་ནུབ་བསྟན་པའི་རྒྱལ་མཚན་ནོ། །དེ་ཏིང་༴ ཀུན་ཏིང་༴ ཕྱག་རྒྱ་གཅིག་སྤྲོས་ཀྱི་རྣམ་ཐར་སྒོ་བཞི་ནས་འཇུག་པའི་རྟགས་སུ། གཞལ་ཡས་ཁང་གིས་ཕྱོགས་བཞིར་སྒོ་བཞི་ནི་རྒྱ་སྒོ་ལྟ་བུ་མ་ཡིན་སྒོ་ཁྱུད་ཅན་ནོ། །མ་རིག་པའི་མུན་པ་ལ་ཡེ་ཤེས་ཀྱིས་མཐོང་ཁོང་གསལ་བའི་རྟགས་སུ། སྒོ་ཁོང་སྒོ་སྲུང་གི་ཁང་པ་མུན་ནག་གི་གྲིབ་སོ་འཁྲིགས་པ་ལ་བཅུ་གཅིག་དོ་རྗེའི་འགྲིང་རྭའི་གསལ་བར་བྱེད་པ། འཁོར་བ་ལ་རྣམ་པར་ཐར་པའི་ཐེག་པ་བརྒྱད་བསྒྲོད་པའི་རྟགས་སུ། སྒོ་ཐེམ་རྟ་བབ་ཕྱི་བཞི་ནང་བཞི། རང་སའི་འབྲས་བུ་བརྒྱད་ཐོབ་པའི་རྟགས་སུ། རྒྱན་རྟ་བབ་བརྒྱད་ནི། རྟ་རྐང་ཆུ་སྐྱེས་རིན་ཆེན་སྒྲོམ། །མ་སྐྱེས་ཐབས་ཀྱིས་ཟ་ར་ཚགས། །རྣམ་འཕྱང་ཆུན་འཕྱང་ཤར་བུ་དང་། །སྣ་ཚོགས་ཁྱུང་མགོ་རིམ་པར་འཁྲིགས། །ཅེས་སོ། །དྲན་པ་ཉེར་བཞག་བཞི། ཡང་དག་སྤང་བཞི། རྫུ་འཕྲུལ་རྐང་བཞི་རིམ་པ་ལྟར་མཚོན་པའི་རྟགས་སུ། སྒོ་ཁང་ཕྱི་ཟུར་བཞི་པོ་ནས་རྟ་བབ་ཀྱིས་ཀ་གདན་དང་། བུམ་པ་ལས་བྱུང་བའི་ཀ་བ་ཀ་ཞུ་རྣམས་རིན་པོ་ཆེ་ལས་གྲུབ་པ་ཕྱོགས་མདོག །སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་དང་བདེན་བཞིའི་བསམ་གཏན་མཚོན་པའི་རྟགས་སུ། རྟ་བབ་ཀྱི་གདུང་རིང་གཉིས་ལ་གདུང་ཐུང་གཉིས་ཀྱི་སྣ་ལ་ཆུ་སྲིན་གྱི་ཞལ་གཉིས་ཡོད་པས་བཟུངས་ཏེ། ཏ་ར་ནི་རྟ་བབ། ན་ཡིས་ནི་ཆུ་སྲིན་སྟེ་བཟུངས་པའི་དོན་ཡང་དེ་བཞིན་ནོ། །གཞན་ཡང་སྒོ་རྒྱན་ལ། དབང་གི་རྟགས་བཅུ་དང་། སྒོ་ཁང་ནང་གི་རྒྱན་དགུ་དང་། བཀྲ་ཤིས་རྫས་བརྒྱད་དང་། རིན་ཆེན་སྣ་བདུན། བརྡ་དྲུག་གིས་བཤད་པ་ཡོད་པ་ལས། གཞན་རྣམས་ལོགས་སུ་ཤེས་ལ། འདིར་བརྡ་དྲུག་དང་རྒྱན་དགུ་བཤད་ན། རྟ་བབ་སྟེང་གི་ཆོས་འཁོར་ནི་གཙོ་བོའི་བརྡའོ། །རི་དྭགས་འཁོར་གྱི་བརྡ། འོག་གི་དབུས་ཀྱི་གཙོ་བོ་ཆེན་པོ་ནི་རྒྱབ་ནས་ལྟ་དུས་སྒོ་ནང་དུ་སྣང་བའི་ཚུལ་ནི་ངེས་དོན་གྱི་བརྡ། འཁོར་ལོའི་ཐོག་གིས་གདུགས་མདུན་རྒྱབ་གཡས་གཡོན་དུ་དར་དཔྱང་བཞི་འཕྱང་བ་ལ། གཉིས་ལ་གྷནྡྷེ་གཉིས་ཕྱང་བ་ནི་དྲང་དོན་གྱི་བརྡ། དར་ལྕེ་གཉིས་ལ་རྡོ་རྗེ་དྲིལ་བུ་གཉིས་བཏགས་པ་ནི་ཐབས་ཤེས་རབ་ཀྱིས་བརྡའོ། །སྒོ་ཁང་གི་རྒྱན་དགུ་ནི། སྨད་ན་ཉོན་མོངས་ཟིལ་གྱིས་གནོན་པ་ལ། གཏི་མུག་ནོན་ཅིང་སྟོབས་བཅུ་མཚོན་པ་ལ་གླང་ཆེན། ཞེ་སྡང་ནོན་ཅིང་མི་འཇིགས་པ་བཞི་མཚོན་པའི་སེངྒེ། འདོད་ཆགས་ནོན་ཅིང་ཚད་མེད་བཞི་མཚོན་པའི་ངང་པ། བར་ན་ལས་རྣམས་སོ་སོར་འབྱེད་པ་ལ། རི་དྭགས་སྙིང་རྗེ་དང་ལྡན་པས་སྡིག་ལས་མི་བྱེད་པས་གཡོ་བ་དང་། ཁྱིའུ་ཆུང་བཟོད་པ་དང་ལྡན་པའི་དགེ་སྡིག་གིས་བྱ་ར་བྱེད་པས་ལེགས་ཉེས་སྲང་ལ་གཏེགས་ཤིང་ཁྲམ་ལ་བཏབ་པའོ། །སྟེང་ན་སྡུག་བསྔལ་མ་སྤངས་དང་དུ་ལེན་པ་ལ། ཉོན་མོངས་ཡེ་ཤེས་སུ་ཤར་བའི་ཕྱིར་ཀླུ། དེ་ཉིད་ཐུགས་རྗེས་འཛིན་ཤེས་ལ་གཏོར་མི་ཤེས་པའི་ཕྱིར་ཆུ་སྲིན། ལྟ་བ་ཆོས་ཉིད་དུ་ཤར་བའི་བྱིན་རླབས་ཀྱིས་དེས་ཁྱུང་གིས་ཀླུ་རྒྱལ་ལས་བློང་བ་བཞིན་ནོ། །ཕྱིའི་རྒྱན་ནི། ཡེ་ནས་མཉམ་པ་ཉིད་ལ་མི་འདའ་བས་ཉོན་མོངས་གཏན་ནས་མི་སྐྱེ་བ་མཚོན་པའི་རྟགས་སུ། ཏ་ལའི་ལྗོན་ཤིང་མགོ་བོ་བཅད་ཟིན་བརྒྱད་དམ་བཅུ་དྲུག །མན་ངག་ལྟར་ན་མཁའ་འགྲོ་སུམ་ཅུ་སོ་གཉིས་ཀྱིས་གདན་ཡིན་པས་སོ་གཉིས་སུ་འདོད་གསུངས། གདུལ་བྱའི་རེ་བ་ཡིད་ལ་བསམ་པ་བཞིན་དུ་སྐོང་བར་མཚོན་པའི་རྟགས་སུ། དཔག་བསམ་ཤིང་ལ་རིན་པོ་ཆེའི་ཙོང་ཙོང་གིས་སྤྲས་ལ་དྲིལ་བུ་གཡེར་ཁའི་བརྒྱན་པ་ཏ་ལའི་གྲངས་དང་མཉམ་པ། དེ་དག་གིས་བར་དུ་རིན་པོ་ཆེའི་ཕ་ཝང་དང་། ཁྲུས་ཀྱི་རྫིང་བུ་ཡང་ཏ་ལ་དང་དཔག་བསམ་ཤིང་གིས་གྲངས་ལྟར་ཡོད་དོ། །འཁོར་བའི་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་མཚོན་པའི་རྟགས་སུ། ཏ་ལའི་རྒྱབ་ཏུ། གསེར་གྱི་ས་གཞིའི་སྟེང་། ནེའུ་སིང་སྔོན་པོའི་ཐང་། དེའི་ནང་ན་མེ་ཏོག་ལྟུམ་ཟེང་དཀར་པོའི་ཚལ་གྱི་སྟེང་དུ། དད་པ་ཅན་གཏམ་ཉན་པའི་འཁོར། འཇིག་རྟེན་གྱི་ལྷ་ཆེན་པོ་ལ་སོགས་དཔལ་མགོན་རྣམས་ཀྱི་གདན་ནོ། །རང་རིག་པའི་ཡེ་ཤེས་འབའ་ཞིག་ཏུ་སྣང་བའི་རྟགས་སུ། ནང་དང་ཕྱི་རོལ་ལྟ་བུ་མ་ཡིན་ཏེ། ཀུན་ཏུ་ཡང་ནང་དུ་གྱུར་པའོ། །འོག་གཞི་ནི། ཆོས་དབྱིངས་ཡེ་ཤེས་སྤྲོས་དང་བྲལ་བའི་རྟགས་སུ་ལྟེ་བ་ཟླུམ་པོ། དེ་ཉིད་ཡེ་ཤེས་བཞིར་སྣང་བའི་རྟགས་སུ་རྩིབས་བཞི། ཡེ་ཤེས་བཞིར་སྣང་དུས་ཆོས་དབྱིངས་ཡེ་ཤེས་ལས་མ་གཡོས་པའི་རྟགས་སུ། རྡོ་རྗེ་མུ་ཁྱུད་ཀྱིས་བསྐོར་བ། དེ་ཉིད་ཞི་བ་ཕྱོགས་གཅིག་པར་ལྷུང་བ་མ་ཡིན་ཏེ། ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་སུ་གྲུ་བཞི། ཡེ་ཤེས་རེ་རེ་ལ་ཡང་ཡེ་ཤེས་བཞི་བཞི་ཤར་བའི་རྟགས་སུ་གློ་འབུར་མཁར་ཐབས་བཞིས་བརྒྱན་པ། བདེན་གཉིས་ཡ་མ་བྲལ་བའི་རྟགས་སུ་ལྷ་སྣམ་ཀུན་ཏུ་འཁོར་བ། ཐེག་པ་གཞན་ལས་འདིར་བླ་ན་མེད་པའི་ཐེག་པས་འཕགས་ཤིང་དེར་བགྲོད་པའི་རྟགས་སུ། ལྷ་སྣམ་ནས་ལྟེ་བའི་བར་ལ་རྡོ་རྗེའི་འགྲིང་བུ་རེ་རེའམ། ཁྲུ་རེ་རེའི་མཐོ་དམན་དུ་ཡོད་པའོ། །གདན་ལྔ་ནི། འོག་གཞི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་དང་། སྨོན་ལམ་གུས་པའི་གདན་དང་། ཡོན་ཏན་གྱི་ཆེ་བས་ཉེས་ཚོགས་བཅོམས་པའི་གདན་དང་། སའི་ཁྱད་པར་བགྲོད་པའི་གདན་དང་། ཐུགས་རིག་པ་རང་སྣང་གིས་གདན་ནོ། །དང་པོ་ནི། ཆོས་འཁོར་རྒྱུན་ཆད་མེད་པ་བསྐོར་བའི་རྟགས་སུ། འོག་གཞི་འཁོར་ལོ་རྩིབས་བཞི་དང་། གཉིས་པ་སྨོན་ལམ་གུས་པའི་གདན་ནི། ས་མཐའི་བྱང་སེམས་སྨོན་ལམ་གྱི་དབང་གིས་སེངྒེ་ལ་སོགས་པར་སྤྲུལ་ནས་ལུས་གདན་དུ་ཕུལ་ནས་ཉོན་སྒྲིབ་སྦྱངས། རྣ་བས་ཆོས་ཉན་ནས་ཤེས་སྒྲིབ་སྦྱངས་བར་འདོད། གསུམ་པ་ཡོན་ཏན་གྱི་ཉེས་ཚོགས་བཅོམ་པའི་གདན་ནི། ཤེས་རབ་རང་བཞིན་མེད་པའི་རྟགས་སུ་ཉི་མ། ཐབས་འགག་པ་མེད་པའི་རྟགས་སུ་ཟླ་བ། ཐུགས་ལ་ཉེས་པའི་སྐྱོན་དང་བྲལ་བའི་རྟགས་སུ་པདྨ། གདུལ་བྱའི་རེ་བ་དགོས་འདོད་ལྷུན་གྱི་གྲུབ་པའི་རྟགས་སུ་རིན་པོ་ཆེའི་ཁྲི་རྐང་། དེ་ཡང་དཀོར་བདུན་ངོ་བོ་ཉིད་ལྷུན་གྱི་གྲུབ་པའི་རྟགས་སུ་ཁྲི་རྐང་རེ་རེ་ལ་མཛོད་མིག་བདུན་བདུན་ཡོད་པ། ལྔ་པ་ཐུགས་རིག་པ་རང་སྣང་བའི་གདན་ནི། སངས་རྒྱས་ཀྱིས་དགོངས་པར་འབྲས་བུའི་ཆོས་རྣམས་ལྷུན་གྲུབ་ཏུ་རྫོགས་པའི་རྟགས་སུ་སེམས་ཅན་ལྔའི་གདན་དུ་སྣང་སྟེ། མི་འཇིགས་པ་བཞིའི་རྟགས་སེངྒེ། སྟོབས་བཅུའི་རྟགས་གླང་པོ། རྫུ་འཕྲུལ་གྱི་རྐང་པ་བཞིའི་རྟགས་རྟ། དབང་བཅུའི་རྟགས་རྨ་བྱ། ཕྲིན་ལས་བཞིའི་རྟགས་ཤང་ཤང་། དེ་རྣམས་རེ་རེ་ལའང་བརྒྱད་བརྒྱད་རེ་ཁཱ་ཕྱོགས་བཞིར་བལྟ་བ། ཁྱི་ཚུགས་སུ་སྡོད་ནས་རོ་སྟོད་ཀྱི་ཁྲི་བཏེགས་པའི་ཚུལ་དུ་འདོད། གདན་གྱི་རིམ་པ་ནི། སྐྱེས་བུ་ལྔ་ལ་ལྔ་བརྩེགས་པ་སྟེ། སེམས་དཔའ་ལ་ནི་སུམ་བརྩེགས་སོ། །ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། ཀུན་བཟང་ཡབ་ཡུམ་བཞི་བརྩེགས་སོ། །ཅེས་གསུངས་ཀྱང་། སྤྱན་འགྲེལ་ལས། སྒོ་བ་ལ་ཉི་པད་གཉིས་བརྩེགས། ཀུན་བཟང་ཡབ་ཡུམ་དཀྱིལ་འཁོར་ལ་དགོད་པའི་ཚེ་གསུམ་བརྩེགས་དང་། ཆོས་འཆད་པའི་ཚེ་ལྔ་བརྩེགས་སུ་བཤད་དོ། །གདན་གྱི་སྟེང་དུ་ཟླ་བ་འོང་བའི་རྒྱུ་མཚན་ནི། གསང་སྙིང་འགྲེལ་བ་མང་དུ་སྣང་ཡང་། འདིར་འགྲེལ་པ་མངོན་རྟོགས་ལས། ཞི་བའི་ལྷ་ཀུན་ལ་ཟླ་བ་སྟེང་དུ་འོང་ལ། ཁྲོ་བོའི་ལྷ་ཀུན་ལ་ཉི་མ་སྟེང་དུ་འོང་ཞེས་བཤད་དོ། །མུ་ཏིག་གིས་དྲྭ་བའི་ཁྲི་ཁེབས་ནི་དམ་པའི་ཞལ་གཟིགས་ཡིན་གསུངས། རྟེན་བསྐྱེད་པའི་སྐབས་འདིར་འོག་གཞི་འབྱུང་བ་ལྔ་ཡང་ཡེ་ཤེས་ལྔ། ནང་གི་གདན་འཁོར་ལོ་ཡང་ཡེ་ཤེས་ལྔ། བརྩིགས་པ་ཡང་ཡེ་ཤེས་ལྔ། བརྩིགས་པའི་རྒྱབ་ན་ཡོད་པའི་ཕྱག་མཚན་ལྔ་ཡང་ཡེ་ཤེས་ལྔར་བཤད་པས་བལྡབ་བམ་ཞེ་ན། མི་བལྡབ་སྟེ། དཀྱིལ་འཁོར་ལ་གཞི་ལམ་འབྲས་བུ་ཚང་བ་དང་། ལྷ་ལ་གདན་གསུམ་འཛོམ་དགོས་གསུངས་ཏེ། དེ་ལ་འོག་གཞི་འབྱུང་བ་ལྔའི་ཡེ་ཤེས་ལྔ་ནི། གཞིའི་ཡེ་ཤེས་ལྔ་ཡིན་ལ། གདན་འཁོར་ལོས་ཡེ་ཤེས་ལྔ་མཚོན་པ་ནི་ལམ་ཡིན་ལ། བརྩིགས་པ་དང་དེ་ལ་དོད་པའི་ཕྱག་མཚན་ནི་འབྲས་བུའི་ཡེ་ཤེས་ཡིན་ཏེ། དེ་ལ་བརྩིགས་པའི་ཡེ་ཤེས་ནི། བདག་དོན་རྟགས་པའི་ཡེ་ཤེས་ལྔ་ཡིན་ལ། ཕྱག་མཚན་གྱི་ཡེ་ཤེས་ནི་གཞན་དོན་དུ་སྣང་ཚུལ་གྱི་ཡེ་ཤེས་ལྔ་མཚོན་ནོ། །ལྷ་གདན་གསུམ་འཛོམ་པ་ནི། དབུས་ན་སངས་རྒྱས་རིགས་ལྔའི་གདན། བར་ན་སེམས་དཔའ་སེམས་མའི་གདན། སྒོ་ན་ཁྲོ་བོ་ཁྲོ་མོའི་གདན་ནོ། །ད་ནི་བརྟེན་པ་ལྷ་བསྐྱེད་པའི་ཆོ་འཕྲུལ་ནི། ཨ་དཀར་པོ་ལས་ཀྵ་སྔོན་པོ་བྱུང་། ཨ་དང་ཀྵའི་ཁྱད་པར་ལས། དུར་མོ་དང་རྡོ་གཉིས་འཕྲད་པ་བཞིན་དུ། ཡི་གེ་བཞི་བཅུ་གཉིས་སུ་བྱུང་སྟེ། སོ་སོའི་གདན་ཐོག་ཏུ་བབ་པ་ལས། ཡབ་རྣམས་ཀྱིས་ཡི་གེ་ནི། ཐབས་འགག་མེད་མཚོན་པའི་རྟགས་སུ་ཡི་གེ་ལོག་པོ་ཡིན་ལ། ཡུམ་རྣམས་ཀྱི་ཡི་གེ་ནི་དབྱིངས་འགྱུར་བ་མེད་པ་མཚོན་པའི་རྟགས་སུ་དྲང་ཡིག་ཡིན་ནོ། །གསུང་ཡིག་འབྲུ་བསྒོམ་ཚར་ནས་ཁ་བསྐང་བ་ནི། འོད་འཕྲོས་བདེར་གཤེགས་གསུང་ལ་མཆོད། སེམས་ཅན་ངག་གི་སྒྲིབ་པ་ནི་ཐུན་མོང་དུ་བཞི། ཁྱད་པར་དུ་བརྟགས་པ་མངོན་པར་ཞེན་པའི་སྒྲིབ་པ་སྦྱངས། སླར་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཕྱག་མཚན་བཞི་བཅུ་གཉིས་སུ་གྱུར། དེ་ནས་ཐུགས་ཕྱག་མཚན་གཞུང་བཞིན་དུ་བསྒོམ་ལ། ཚར་བ་དང་། འོད་འཕྲོས་བདེར་གཤེགས་ཐུགས་ལ་མཆོད། སེམས་ཅན་ཡིད་ཀྱིས་ཐུན་མོང་དུ་གསུམ། ཁྱད་པར་དུ་གང་ཟག་གི་བདག་ཏུ་འཛིན་པའི་སྒྲིག་པ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཕྲ་མོ་བཞི་བཅུ་གཉིས་སུ་གྱུར། དེ་ལ་སྐུ་ཕྲ་མོ་ཚོན་གང་བ་བཞི་བཅུ་གཉིས་སུ་གྱུར། འོད་འཕྲོས་བདེ་གཤེགས་སྐུ་ལ་མཆོད། སེམས་ཅན་ལུས་ཀྱི་ཐུན་མོང་དུ་གསུམ། ཁྱད་པར་དུ་ཆོས་ལ་བདག་ཏུ་འཛིན་པའི་སྒྲིབ་པ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཡོངས་རྫོགས་བཞི་བཅུ་གཉིས་སུ་གྱུར། ཧཱུྃ་རྒྱུ་མ་ནོར་བརྩེ་བའི་སྔགས། བཛྲ་དྷྲིཀ྄་ནི་རྡོ་རྗེ་སེམས་དཔའ་མཐིང་ཀ་རྡོ་རྗེ་འཛིན་པ་བསྐྱེད་པ་རྐྱེན་གྱི་སྔགས། རྩ་སྔགས་དང་བསྐྱེད་སྔགས་གཉིས་སྦྲེལ་བ་ནི་བཟླས་པ་ལས་སྔགས་སོ། །བཞི་བཅུ་རྩ་གཉིས་ཀྱི་སྔགས་ལྷག་མ་ཀུན་ལ་དེ་ལྟར་དུ་ཤེས་སོ། །ཡོངས་རྫོགས་ཞེ་གཉིས་ལ་དོན་རྟགས་སྦྱར་ནས་བཤད་ན། དེ་ཡང་གཞན་རྣམས་རྟོགས་པ་དང་སྦྱར། ཡིད་ཆོས་ཐུབ་པ་དྲུག་དག་པ་དང་སྦྱར་གསུངས་པས། དབུས་སུ་རྡོ་རྗེ་སེམས་དཔའ་ཆོས་དབྱིངས་ཡེ་ཤེས་ལས་བྱུང་བའི་ཚུལ་ནི། རྣམ་ཤེས་ཕུང་པོ་འདི་གཞི་གདོད་མ་ནས་བཅོས་སླད་དང་བྲལ་བ་ཆོས་དབྱིངས་སྣང་སྟོང་གི་མཐའ་གང་དུའང་མི་བསྐྱོད་པས་མི་བསྐྱོད་པ་ཐུགས་ཆོས་དབྱིངས་ལ་འགྱུར་བ་མེད་པའི་ཕྱིར་སྐུ་མདོག་མཐིང་ག །དགོངས་པ་སྐྱེ་འཇིག་དང་བྲལ་བའི་རྟགས་སུ་ཕྱག་མཚན་རྡོ་རྗེ། ཤར་གྱི་རྩིབས་སྟེང་དུ་མེ་ལོང་ཡེ་ཤེས་ལས་བྱུང་བའི་ཚུལ་ནི། གཟུགས་ཀྱི་ཕུང་པོ་བཅོས་སླད་དང་བྲལ་བ་དེ་ཉིད་རང་གསལ་བ་ལ་ཅིར་ཡང་སྣང་བའི་རྣམ་པར་སྣང་མཛད་སྐུ་དྲི་མ་དང་བྲལ་བའི་ཕྱིར་དཀར་པོ། སྐུའི་སྒོ་ནས་སེམས་ཅན་གྱི་དོན་མཛད་ནས་ཆོས་འཆད་དགོས་པའི་རྟགས་སུ་ཕྱག་ན་འཁོར་ལོ། ལྷོ་རིན་འབྱུང་མཉམ་ཉིད་ཡེ་ཤེས་ལས་བྱུང་བའི་ཚུལ་ནི། ཚོར་ཕུང་འདི་གནས་སུ་དག་ནས་ཚོར་བ་ཡུལ་དུ་གསལ་བ་དང་སྟོང་པ་དབྱེར་མེད་པ་ལས་སངས་རྒྱས་ཀྱི་ཡོན་ཏན་ཀུན་འབྱུང་བས་རིན་ཆེན་འབྱུང་ལྡན། ཡོན་ཏན་ལ་དགོས་འདོད་འབྱུང་བའི་ཕྱིར་སེར་པོ། ཡོན་ཏན་གྱི་སྒོ་ནས་གདུལ་བྱའི་རེ་བ་སྐོངས་པའི་རྟགས་སུ་ཕྱག་ན་རིན་པོ་ཆེ། ནུབ་ཏུ་སྣང་བ་མཐའ་ཡས་སོ་སོར་རྟོགས་པའི་ཡེ་ཤེས་ལས་བྱུང་བའི་ཚུལ་ནི། འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་ནས། འདུ་ཤེས་ཀྱིས་ཤེས་བྱའི་ཡུལ་སོ་སོར་མ་འདྲེས་པར་གསལ་བ་སྟེ། ཞིང་ཁམས་མཐར་ཐུག་པ་མེད་པར་གསལ་བས་སྣང་བ་མཐའ་ཡས་གསུང་སོ་སོར་རྟོགས་པའི་མཐའ་གཉིས་དབང་དུ་བསྡུ་བའི་ཕྱིར་དམར་པོ། གསུང་གིས་སྒོ་ནས་སེམས་ཅན་གྱི་དོན་བྱས་ཀྱང་ཉེས་སྐྱོན་གྱི་མ་གོས་པའི་རྟགས་སུ་ཕྱག་ན་པདྨ། བྱང་དུ་དོན་ཡོད་གྲུབ་པའི་ཡེ་ཤེས་ལས་བྱུང་བའི་ཚུལ་ནི། འདུ་བྱེད་ཀྱི་ཕུང་པོ་ལ་སྣ་ཚོགས་སུ་སྣང་དུས་ཆོས་ཉིད་རང་ལས་མ་གཡོས་པ་བཞིན་དུ། འཁོར་བ་མ་སྟོངས་གིས་བར་དུ་གཞན་དོན་གྱི་ཕྲིན་ལས་རྒྱུན་མི་འཆད་ཅིང་ལམ་བར་མ་དོར་ཆུད་མི་ཟ་བར་འབྲས་བུ་ལ་སྦྱོར་བས་ན་དོན་ཡོད་གྲུབ་པ། ཕྲིན་ལས་ལྷུན་གྱི་གྲུབ་པའི་ཕྱིར་ལྗང་ཀུ། བདག་གཞན་གྱི་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བའི་རྟགས་སུ། ཕྱག་ན་རལ་གྲི། རིགས་ལྔའི་ཕྱག་གཡོན་གྱི་དབྱིངས་མཚོན་པའི་རྟགས་སུ་དྲིལ་བུ་བསྣམས་ཅིང་། གཡས་ཀྱི་ཕྱག་མཚན་དང་བསྣོལ་ནས་ཡུམ་ལ་འཁྱུད་པ་ནི། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རྟགས་སོ། །དེ་ཡང་དབུ་གསུམ་ལྟར་ན་སྐུ་གསུང་ཐུགས། ཕྱག་དྲུག་ཡེ་ཤེས་དྲུག །ཐུན་མོང་ཁྱད་པར་གྱི་མཚན་བཟང་དང་དཔེ་བྱད་རྣམས་ཀྱི་བརྒྱན་པ། ཡུམ་ནི་བསྐྱེད་པ་དང་། སྤྱོད་པ་དང་སྲས་ཀྱི་འབྱུང་ཁུངས་དུ་གྱུར་པ་སྟེ། དེ་ལ་ཡུམ་ལྔ་ནི་སྲས་ཀྱི་འབྱུང་ཁུངས་དུ་གྱུར་པ་དང་། རིགས་ལྔ་བསྐྱེད་པ་སྟེ། ནམ་མཁའ་ནི་སྟོང་པ་སྟེ། སྟོང་པས་རྣམ་ཤེས་བསྐྱེད་ཅིང་། ཆོས་ཐམས་ཅད་ཀྱིས་འབྱུང་གཞིར་གྱུར་པས་ན་ནམ་མཁའ་དབྱིབས་ཕྱུག་མ། ས་ཡིས་གཟུགས་སྣང་བསྐྱེད་ཅིང་། རང་ལ་བཟང་ངན་གྱི་རྟོག་པ་དང་བྲལ་ཞིང་སྣང་དུས་སྟོང་བས་ན་ཡུམ་སངས་རྒྱས་སྤྱན་མ་དང་གཉིས་སུ་མེད་པར་འཁྲིལ་བ། ཆུས་ཚོར་བ་བསྐྱེད་ཅིང་། ཚོར་བས་ཆོས་ཐམས་ཅད་བསྐྱེད་པས་ན་ཡུམ་མཱ་མ་ཀཱི་དང་གཉིས་སུ་མེད་པར་འཁྲིལ་བ། མེས་གསལ་བའི་འདུ་ཤེས་བསྐྱེད་ཅིང་། རྟོགས་ན་གཟུང་འཛིན་གྱི་ལྷག་པ་ལས་སྐྱོབས་པ་དང་། སྲིད་པའི་ལྗན་ལྗིན་སྐེམ་པར་བྱེད་པས་ན་ཡུམ་གོས་དཀར་མོ་དང་གཉིས་སུ་མེད་པར་འཁྲིལ་བ། རླུང་གིས་འདུ་བྱེད་ཀྱིས་ལས་བསྐྱེད་ཅིང་། ཕྲིན་ལས་ཀྱིས་སེམས་ཅན་སངས་རྒྱས་ཀྱི་སར་སྒྲོལ་བ་ལ་མི་འདའ་བས་ཡུམ་དམ་ཚིག་སྒྲོལ་མ་དང་གཉིས་སུ་མེད་པར་འཁྲིལ་བ། ཡུམ་དེ་རྣམས་ཀྱི་གཡས་ཡབ་ལ་འཁྱུད་པ་ནི། དབྱིངས་ཡེ་ཤེས་དང་དབྱེར་མེད་པའི་རྟགས། གཡོན་ན་རང་རྟགས་ཀྱིས་ཕྱག་མཚན་དྲིལ་བུ་བསྣམས་པ་ནི། སྟོང་པ་དབྱིངས་ཀྱིས་ཆ་འཛིན་པའི་དོན་རྟགས་སོ། །ཡབ་ཡུམ་བཅུ་པོ་དེ་དག་གིས་བཞུགས་ཚུལ་ནི། ཐབས་ཡབ་བམ། ཞབས་གཡས་པ་དང་། ཤེས་རབ་ཡུམ་མམ། ཞབས་གཡོན་པ། ཡབ་ཡུམ་གྱི་རྡོ་རྗེ་དང་པདྨ་གཉིས་རྩེ་མོ་སྤྲད་པའི་བདེ་བ་ལ་རྒྱུ་འབྲས་ཀྱི་རིས་མཉམ་པར་རྫོགས་པའི་རྟགས་སུ། འབྲས་བུའི་མིང་རྒྱུ་ལ་བཏགས་པ་སྟེ། མཉམ་པའི་སྐྱིལ་ཀྲུང་ངོ་། །ཡབ་ཡུམ་མཉམ་པར་བཞག་པ་ལ་བདག་གཞན་གྱི་དོན་མཛད་པ་ཐམས་ཅད་རྫོགས་པའི་ཕྱིར། རྫོགས་པའི་སྐྱིལ་ཀྲུང་ངོ་། །ཞབས་མཐིལ་གཉིས་བརླའི་སྟེང་དུ་བཏོན་ནས་རྡོ་རྗེའི་ལྟེ་བའི་ཚུལ་དུ་གནས་ཤིང་སོར་མོ་བཅུ་རྡོ་རྗེ་རྭའི་ཚུལ་དུ་བྱས་པ་ནི། རྡོ་རྗེའི་སྐྱིལ་ཀྲུང་ངོ་། །བདེ་བ་ཆེན་པོའི་སྤྱོད་པས་འདུལ་བའི་ཕྱིར་བྱ་བ་མ་ཡིན་པ་བརྟུལ་ནས་བྱ་བ་ལ་ཞུགས་པ་ནི། བརྟུལ་ཞུགས་སོ། །ཡང་ན་ཡབ་རྡོ་རྗེའི་སྐྱིལ་ཀྲུང་། ཡུམ་པདྨའི་སྐྱིལ་ཀྲུང་སྟེ། ཞབས་གཉིས་ཡབ་ལ་འཁྱུད་ཅིང་ཞབས་མཐིལ་སྦྱར་བའོ། །ཡབ་ཡུམ་བཅུ་པོ་ནི་ལོངས་སྐུའོ། །འཁོར་ལོའི་རྩིབས་མཆན་བཞི་ལ། ཤར་ལྷོ་ནས་རིམ་པ་བཞིན་དུ་ནང་གི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་དོན་རྟགས་ལས། ཡབ་བཞི་ནི། རྣམ་ཤེས་བཞིའི་ཐུགས་རྗེས་ཆ་ཡིན་ཏེ། མིག་གིས་རྣམ་ཤེས་ཀྱིས་གཟུགས་མཐོང་བར་བྱེད་པའི་གཟུགས་ཀྱི་སྙིང་པོ་སྟེ། སའི་སྙིང་པོ་ཡིན་ལ། དེ་ཡང་སའི་སྙིང་པོ་ནི་མྱུ་གུ་ཡིན་ཏེ། གཟུགས་སྣང་སྟོང་དུ་ཆོད་ནས། སྐུ་གསུམ་གྱི་མྱུ་གུ་བསྐྱེད་པའི་རྟགས་སུ་ཕྱག་ན་མྱུ་གུ་རྩེ་གསུམ། རྣམ་སྣང་གིས་ཐུགས་ལ་སྐྱེས་པའི་ཕྱིར་སྐུ་མདོག་དཀར་པོ། རྣ་བའི་རྣམ་ཤེས་ཆོས་ཐམས་ཅད་ཐོས་པས་མཐར་ཐུག་གི་འབྲས་བུ་དོན་གཉིས་ལྷུན་གྲུབ་སྐྱེད་པའི་ཕྱིར་ཕྱག་ན་རྡོ་རྗེ། སྒྲ་གྲགས་སྟོང་དུ་ཐོས་པས་རྡོ་རྗེའི་སྐུ་ཐོབ་པའི་རྟགས་སུ་ཕྱག་ན་རྡོ་རྗེ་བསྣམས། དོན་གྲུབ་ཀྱི་ཐུགས་ལས་སྐྱེས་པའི་ཕྱིར་སྐུ་མདོག་ལྗང་ཀུ། སྣའི་རྣམ་ཤེས་ཀྱིས་དྲི་ཚོར་བ་ཙམ་ཡིན་པས་ན་ནམ་མཁའི་སྙིང་པོ། དེ་ཡང་ནམ་མཁའི་སྙིངས་པོ་ནི་སྟོང་ཉིད་ཡིན་ཏེ། དྲི་ཚོར་སྟོང་དུ་ཚོད་པའི་སྟོང་ཉིད་ཟབ་མོ་རྟོགས་པའི་སངས་རྒྱས་ཀྱི་ཡོན་ཏན་འབྱུང་ཞིང་མཐའ་གཉིས་གཅོད་པའི་རྟགས་སུ་ཕྱག་ན་རལ་གྲི། རིན་འབྱུང་གི་ཐུགས་ལས་སྐྱེས་པ་ཡིན་པས་སེར་པོ། ལྕེའི་རྣམ་ཤེས་ནི་གསུང་གི་སྙིང་པོ་ཡིན་པས་སྤྱན་རས་གཟིགས། ཁམས་གསུམ་གྱི་སེམས་ཅན་གྱི་མ་རིག་པས་སྤྱན་རས་ནས་མདངས་བ་རྣམས་ལ་ཐུགས་རྗེས་དུས་རྟག་པར་གཟིགས་པའམ། ཡང་ན་དགོངས་པ་ཆོས་དབྱིངས་དུ་མ་གཡོས་ནས་མཐའ་ཅན་དུ་མ་གཟིགས་སྤྱན་རས་ལ་ཡུལ་བྲལ་གྱི་ཡེ་ཤེས་ཀྱིས་ངང་དུ་ཐམས་ཅད་གཟིགས་ཤིང་། རོ་མྱོང་སྟོང་དུ་ཆོད་པ་ལ་ཉེས་པའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་ཕྱག་ན་པདྨ། སྣང་མཐའི་ཐུགས་ལས་སྐྱེས་པ་ཡིན་པའི་ཕྱིར་སྐུ་མདོག་དམར་པོ། ཡུམ་བཞི་ནི། ཡུམ་སྟེ་སྐུའི་ཆའོ། །མིག་གིས་ཡུལ་གཟུགས་སུ་སྣང་བ་ནི། ལྷ་མོ་སྒེག་མོ་སྟེ། གཟུགས་དབྱིབས་ཁ་དོག་གཉིས་ཀྱི་མིག་གིས་རྣམ་ཤེས་བསྐྱེད་ཅིང་། གཟུགས་སྣང་དུས་སྟོང་པའི་རྟགས་སུ་སྒེག་ཅིང་མེ་ལོང་འཛིན་པ། རྣམ་སྣང་གི་སྐུ་ལས་བྱུང་བའི་ཕྱིར་དཀར་མོ། རྣ་བའི་ཡུལ་སྒྲ་ནི་གཞི་མ་ངེས་པ་ལས་སྣ་ཚོགས་འབྱུང་བའི་རྟགས་སུ་གར་མ་སྟེ། སྒྲ་ཟིན་མ་ཟིན་གཉིས་ཀྱི་རྣ་བའི་རྣམ་ཤེས་བསྐྱེད་ཅིང་། སངས་རྒྱས་ཀྱི་ཕྲིན་ལས་ནི་ཕྱོགས་གཅིག་ཏུ་མ་ངེས་ལ་སྣ་ཚོགས་སུ་འབྱུང་བའི་རྟགས་སུ། རྐང་པོའི་གཞི་མ་ངེས་པ་ལ་ལག་པའི་གར་སྣ་ཚོགས་སུ་བསྒྱུར་ཞིང་གནས་པའོ། །དོན་གྲུབ་ཀྱི་སྐུ་ལས་བྱུང་བའི་ཕྱིར་སྐུ་མདོག་ལྗང་ཀུ། སྣའི་ཡུལ་དྲི་ལ་རྒྱུན་ཆད་མེད་པའི་ཕྲེང་བ་མ། དྲི་ལ་བཟང་ངན་གཉིས་ཀྱི་སྣའི་རྣམ་ཤེས་བསྐྱེད་ཅིང་། སངས་རྒྱས་ཀྱི་ཡོན་ཏན་ལ་རྒྱུན་ཆད་མེད་པའི་རྟགས་སུ་ཕྱག་ན་ཕྲེང་བ། རིན་འབྱུང་གི་སྐུ་ལས་བྱུང་བའི་ཕྱིར་སེར་མོ། ལྕེའི་ཡུལ་རོའི་ནུས་པའི་ངག་གིས་སྒྲ་བསྐྱེད་པས་གླུ་མ། རོ་དྲུག་གིས་ལྕེའི་རྣམ་ཤེས་བསྐྱེད་ཅིང་། གསུང་གིས་ཆོས་སྒོ་དུ་མ་འཆད་པའི་རྟགས་སུ་པི་ཝང་། སྣང་མཐའི་སྐུ་ལས་བྱུང་བའི་ཕྱིར་དམར་མོ། རྣམ་ཤེས་བཞིས་ཡུལ་བཞི་ལ་སྤྱད་པས་ཀྱང་ཡུམ་ཡིན་ནོ། །གྲུ་ཆད་བཞི་ལ་ཤར་ལྷོ་ནས་རིམ་པ་བཞིན་དུ་ཕྱིའི་སེམས་དཔའ་ཡབ་ཡུམ་གྱི་དོན་རྟགས་ནི། དབང་པོ་བཞིའི་རྣམ་ཤེས་ཀྱིས་ཡུལ་དུ་བརྡ་སྤྲད་པའི་ཆ་ནས་གསུང་ཡིན་ཏེ། མིག་གིས་དབང་པོ་ལ་བཟང་ངན་གྱི་རྟོག་པ་མེད་པའི་ཕྱིར་བྱམས་པ་སྟེ། སྐུའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་མི་གནོད་ཅིང་ཕན་གདགས་པས་ཉོན་མོངས་པའི་ཚ་གདུང་ལས་སྐྱོབ་པར་བྱེད་པའི་རྟགས་སུ་ཕྱག་ན་ཀླུ་ཤིང་དང་གྷནྡྷེ། ཕྱིའི་སེམས་དཔའ་ཡབ་ཡུམ་ནི་རིགས་འདྲེས་པའི་ཕྱིར། བྱམས་པ་ཡབ་ཡུམ་དཀར་སེར། རྣ་བའི་དབང་པོ་ལ་རྣམ་ཤེས་སྐྱེ་ཞིང་ཆོས་ཐོས་པས། དེས་འབྲས་བུ་སངས་རྒྱས་པས་སྒྲིབ་སེལ་སྟེ། སྒྲིབ་པ་གསུམ་པོ་རྣམ་པར་སེལ་བའི་ཡོན་ཏན་དང་ལྡན་པའི་རྟགས་སུ་ཕྱག་ན་པོ་ཏི། ཡབ་ཡུམ་གཉིས་དམར་སེར། སྣའི་དབང་པོ་ལ་རྣམ་ཤེས་སྐྱེ་བ་དེས་དྲིའི་ཚོར་བ་བསྐྱེད། དེས་ཆོས་ཐམས་ཅད་བསྐྱེད་ཅིང་མ་འདྲེས་ཡོངས་རྫོགས་སུ་ཤར་བའི་ཕྱིར་ཀུན་ཏུ་བཟང་པོ། ཆོས་ཐམས་ཅད་འབྲས་བུའི་ངོ་བོར་རྫོགས་པའི་རྟགས་སུ་ཕྱག་ན་སྙེ་མ། ཡབ་ཡུམ་གཉིས་དམར་ལྗང་། ལྕེའི་དབང་པོས་ཆོས་ཀྱི་སྒྲ་བསྐྱེད་ཅིང་། དེ་ཉམས་སུ་བླངས་པས་སྤངས་རྟོགས་སམ། འབྲས་བུ་དབྱིངས་དང་ཡེ་ཤེས་མངོན་དུ་བྱེད་པའི་ཕྱིར་འཇམ་དཔལ་བདག་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཕྱོགས་ཐམས་ཅད་དུ་རྒྱས་པའི་རྟགས་སུ་ཕྱག་ན་ཨུཏྤལ། དུས་བཞི་ལ་དབང་པོ་བཞིས་སྤྱད་པས་ཡུམ་སྟེ། ཁར་སང་དེ་རིང་ལ་སོགས་དུས་བཞི་ལ་སྤྱད་པའོ། །དེ་ལ་དུས་འདས་པ་དཔྱིད་ཀྱིས་དུས་སུ་རླུང་སོབ་མ་ཁུ་རླངས་སྣ་ཚོགས་ལང་བའི་ཕྱིར་བདུག་པ་མ། ལུས་ཅན་བདེ་བར་གཤེགས་པའི་སྐུ་རུ་གྱུར་པའི་བྱང་ཆུབ་ཀྱི་དྲིས་ཚིམས་པའི་རྟགས་སུ་ཕྱག་ན་བདུག་པ། ད་ལྟར་དབྱར་གྱི་དུས་སུ་རྩི་ཤིང་མེ་ཏོག་ཀུན་རྒྱས་པའི་ཕྱིར་མེ་ཏོག་མ་སྟེ། མཚན་དང་དཔེ་བྱད་ཀྱིས་ཡོན་ཏན་རྫོགས་པའི་རྟགས་སུ་ཕྱག་ན་མེ་ཏོག་གི་གཞོང་པ། མ་འོངས་པ་སྟོན་གྱིས་དུས་སུ་སྣོད་བཅུད་ཐམས་ཅད་བཀྲག་ཞུགས་ནས་གསལ་བའི་ཕྱིར་མར་མེ་མ་སྟེ། སེམས་ཅན་མ་རིག་པའི་མདངས་བསལ་བའི་དུས་སུ། ཡེ་ཤེས་ཀྱི་སྒྲོན་མར་སྣང་བའི་རྟགས་སུ་མར་མེ་བསྣམས་པ། ཕྱིས་འབྱུང་བ་དགུན་གྱི་དུས་ནི་གྲང་བས་དྲི་ཆབ་མ་སྟེ། ཟག་བཅས་ཀྱི་ཕུང་པོ་ལྔ་ལ་ཟག་མེད་ཀྱི་ཕུང་པོ་ལྔའི་དྲིས་ཁྱབ་པའི་རྟགས་སུ་དྲི་ཆབ་བསྣམས་པ། ཁྱབ་བདུག་ནི། རྣམ་ཤེས་རྣམ་གྲོལ་ཡེ་ཤེས། གཟུགས་རྣམ་གྲོལ། ཚོར་བ་ཚུལ་ཁྲིམས། འདུ་ཤེས་ཏིང་ངེ་འཛིན། འདུ་བྱེད་ཤེས་རབ་ཀྱི་ཕུང་པོའོ། །སེམས་དཔའ་དེ་རྣམས་ཀྱི་དབུ་ལ་རལ་པ་དང་། མཚན་བཟང་དཔེ་བྱད་དང་ལྡན་པ། ཞབས་ཐམས་ཅད་ཕྱེད་ཀྲུང་གིས་བཞུགས་པ། ཡབ་ཡུམ་ཞལ་སྦྱོར་དུ་གནས་པ། སེམས་དཔའ་དེ་རྣམས་ཀྱིས་ལམ་མཐར་མ་ཕྱིན་གྱིས་བར་དུ་བདག་གཞན་གྱི་དོན་བསྒྲུབ་དགོས་པའི་ཚུལ་གཡོན་བསྐུམ། གཡས་གདན་ལ་ཕབ་པ་དང་། ཡབ་རྣམས་ཀྱི་གཡོན་དྲིལ་བུ་དང་བཅས་པས་ཡུམ་ལ་འཁྱུད་པ། ཐུགས་རྗེས་སེམས་ཅན་ཐམས་ཅད་ལ་བུ་གཅིག་ལ་མས་བྱམས་པ་བཞིན་དུ་སེམས་ཏེ། ཡབ་ཡུམ་དེ་རྣམས་ནི་མངོན་བྱང་གི་སྐུའོ། །ལྷ་སྣམ་གྱི་ཤར་དུ་ཡིད་འགྱུ་བ་རང་གྲོལ་ནས་ཡིད་འཛིན་དག་པས་རྟོག་ཚོགས་རྒྱལ་བའི་དཀྱིལ་འཁོར་དུ་ཤར་བས་སྤྱོད་ཡུལ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་སྣང་བས་རྒྱུད་ཐམས་ཅད་ཀྱི་བྱེད་པ་པོ་ཀུན་དུ་བཟང་པོ། བདག་དོན་དུ་ཆོས་ཉིད་མཉམ་པ་ཉིད་སྐྱེ་འཇིག་དང་བྲལ་བའི་རྟགས་སུ་ཕྱག་མཉམ་བཞག་གིས་སྟེང་ན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བ། ཆོས་སྐུ་ལ་འགྱུར་བ་མེད་པའི་རྟགས་སུ་སྐུ་མདོག་སྔོན་པོ། མཁྱེན་པས་ཤེས་བྱའི་དངོས་པོ་ཐམས་ཅད་ཆོས་དབྱིངས་སུ་གཟིགས་པའི་རྟགས་སུ་ཞལ་ནུབ་ཏུ་གཟིགས་པ། ནུབ་ཏུ་ཆོས་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་སྣང་བཞིན་ངོ་བོ་མ་གྲུབ་པར་གནས་སུ་དག་པའི་རྟགས་སུ་ཡུམ་ཀུན་ཏུ་བཟང་མོ། ཤེས་བྱའི་བག་ཆགས་བྱང་བའི་རྟགས་སུ་སྐུ་མདོག་དཀར་མོ། ཆོས་དབྱིངས་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པའི་རྟགས་སུ་ཕྱག་ན་ཆོས་འབྱུང་། ཡབ་ཡུམ་དེ་གཉིས་ནི་ཆོས་ཀྱི་སྐུ་ཡིན་ཏེ། བཞུགས་ཚུལ་དང་། གྱན་ཆ་རྣམས་ནི་རིགས་ལྔ་དང་འདྲའོ། །ཐུབ་དྲུག་བསྐྱེད་ལུགས་ནི། བཤད་རྒྱུད་བླ་མ་ལྟར་ན། ཀུན་དགེ་སློང་གིས་ཆ་བྱད་ཅན། ཤར་ལྷོར་ང་རྒྱལ་མ་སྤངས་གནས་སུ་དག་པའི་རྟགས་སུ། ལྷའི་ཐུབ་པ་སྐུ་མདོག་དཀར་པོ་ཕྱག་ན་པི་ཝང་འཛིན་པ། ལྷོར་འདོད་ཆགས་མ་སྤངས། མིའི་ཐུབ་པ་སྐུ་མདོག་སེར་པོ་ཕྱག་ན་བསྲེག་ཤང་དང་པར་བུ་བསྣམས་པ། ལྷོ་ནུབ་ཏུ་ཕྲག་དོག་མ་སྤངས། ལྷ་མ་ཡིན་གྱི་ཐུབ་པ་སྐུ་མདོག་ལྗང་ནག་ཕྱག་གཡས་རལ་གྲི། གཡོན་ཁྲབ་བསྣམས་པ། ནུབ་བྱང་དུ་གཏི་མུག་མ་སྤངས། བྱོལ་སོང་གིས་ཐུབ་པ་གསེར་གྱི་མདོག་ཅན་སྤྱི་བོས་ཆོས་ཀྱི་གླེགས་བམ་ཁུར་བ། བྱང་དུ་སེར་སྣ་མ་སྤངས། ཡི་དྭགས་གི་ཐུབ་པ་སྐུ་མདོག་ལྗང་སེར། ཕྱག་ན་རིན་པོ་ཆེའི་ཟ་མ་ཏོག་བསྣམས་ནས། ཡི་དྭགས་ཐམས་ཅད་ལ་མཆོད་སྦྱིན་གཏོང་བ། བྱང་ཤར་དུ་ཞེ་སྡང་མ་སྤངས། དམྱལ་བའི་ཐུབ་པ་སྐུ་མདོག་ནག་པོ། ཕྱག་གཡས་ན་མེ་བསྣམས་ནས་གྲང་བའི་སྡུག་བསྔལ་སེལ་བར་བྱེད་པ། གཡོན་ན་ཆུ་བསྣམས་ནས་ཚ་བའི་སྡུག་བསྔལ་སེལ་བར་བྱེད་པ། ཡང་ན་འོད་རིམ་ལས། ཤར་ལྷོ་ལྷ་ལ་ལྷོ་ཕྱོགས་མི། །ལྷོ་ནུབ་ནུབ་བྱང་ཡི་དྭགས་བྱོལ། །བྱང་དང་བྱང་ཤར་ལྷ་མིན་དམྱལ། །ཞེས་འདོད་པའང་སྣང་ལ། གང་ལྟར་ཡང་འཐད་གསུངས། ཐུབ་པ་དེ་རྣམས་ནི་སྤྲུལ་པའི་སྐུ་ཡིན་ཏེ། འགྲོ་བའི་དོན་ལ་ཐུགས་བསྙིལ་བ་མི་མངའ་བར་དོན་མཛད་པའི་རྟགས་སུ། གདན་པདྨའི་སྟེང་ན་བཞེངས་པའོ། །སྒོ་བཞིར་ཁྲོ་བོ་ཡབ་ཡུམ་བསྐྱེད་པ་ནི། དེ་ལ་ལུས་ཀྱི་ཆོས་བཞི་འཇོམ་པའི་དུས་སུ། རྟོག་པ་གཞན་རྣམས་འཇིག་པས་ཁྲོ་བོ་དང་སྦྱར་བ་ཡིན་སྟེ། གསང་བའི་རྣམ་ཤེས་ཀྱི་བདེ་བ་མྱོང་ཙ་ན་ཐ་མལ་གྱི་རྣམ་ཤེས་འཇིག་པས་ཤར་སྒོ་ཐུགས་གཤིན་རྗེ་གཤེད། ཐུགས་བདེ་འཛིན་གྱི་དྲི་མ་དང་བྲལ་བའི་རྟགས་སུ་ཐོད་སྐམ། གསང་བའི་ཡུམ་པདྨ་ནི་བདེ་བ་འབྱུང་བའི་རྟེན་བྱེད་པས་ལྷོ་སྒོར་སྟོབས་པོ་ཆེ་སྐུ་སྐྱེ་འཇིག་དང་བྲལ་བས་རྡོ་རྗེ། གསང་བའི་དབང་པོའི་བདེ་བ་བརྡ་སྤྲད་པས་ནུབ་སྒོར་གསུང་རྟ་མགྲིན་གསུང་གིས་ཉོན་མོངས་པ་བདེ་བ་རང་ཡེ་ཤེས་སུ་ཤར་བའི་ཕྱིར་པདྨ་སྟེ་མི་མགོ་རློན་པའི་དབྱུག་པ་སྦྲུལ་གྱིས་དཀྲིས་པ་ཅན་ནོ། །གསུམ་འདུས་ཀྱི་རེག་པ་ཡུམ་གྱི་མཁའ་ལ་བྱང་སེམས་འཁྱིལ་པ་བྱང་སྒོར་བདུད་རྩི་འཁྱིལ་པ། ཕྲིན་ལས་བདུད་རྩི་འཁྲིལ་པས་རང་གཞན་གྱི་དོན་བསྒྲུབ་པའི་རྟགས་སུ་རྒྱ་གྲམ། འདི་རྣམས་ཁྲོ་བོའི་ཕྱག་མཚན་ཡིན་པས་དབྱུག་པར་བཙུགས་ཏེ་ཕྱར་བའོ། །ཕྱིན་ཅི་ལོག་བཞིར་བཟུང་བས་འཁོར་བའི་ལུས་ཀྱི་རྟོག་པ་བཞི་བསྐྱེད་ཅིང་། ལྟ་ངན་བཞི་དག་པའི་ཁྲོ་མོ་སྟེ། གསང་བའི་རྟོག་པ་འདུལ་བའི་དུས་སུ་རྟོག་ཚོགས་གཞན་རྣམས་འཛིན་པའི་ཕྱིར། རྟོག་པ་རྟག་པ་མ་ཡིན་པ་ནི་མི་རྟག་པ་དང་། ཆག་པ་མ་ཡིན་པ་ནི་སྡུག་བསྔལ་བ་དང་། བདག་ཏུ་ལྟ་བ་མ་ཡིན་པ་ནི་བདག་མེད་པ་དང་། མཚན་མར་ལྟ་བ་མ་ཡིན་པ་ནི་སྟོང་པ་སྟེ། བདེན་བཞི་ཆོས་ཉིད་མངོན་དུ་གྱུར་པའི་དུས་ན་རྟག་པར་ལྟ་བ་མི་ཕམ་མ་སྟེ། རྟག་ལྟ་རང་ཆོས་ཉིད་འགྱུར་མེད་རྟག་པ་ཆེན་པོར་རྟོགས་པས་ཁམས་གསུམ་དུ་མི་འཁོར་བས་མི་ཕམ་ཅིང་། ཐམས་ཅད་ཆོས་དབྱིངས་སུ་བཀུག་པའི་རྟགས་སུ་ལྕགས་ཀྱུ། ཆད་པར་ལྟ་བ་ཁྲོ་གཉེར་མ་ནི། ཆད་ལྟ་དང་རང་ཆོས་ཉིད་མཐའ་བྲལ་ཟུང་འཛིན་གྱི་དྲི་མ་གཏན་ནས་ཆད་པར་རྟོགས་ན་ཁྲོ་གཉེར་མ་སྟེ། ཡེ་ཤེས་འཕེལ་བ་ཆེར་བསྐྱང་བའི་རྟགས་སུ་ཞགས་པ། བདག་ཏུ་ལྟ་བ་རལ་གཅིག་མ་ནི། བདག་འཛིན་རང་བྱུང་གི་ཡེ་ཤེས་རང་སྣང་ཉག་གཅིག་ཏུ་རྟོག་པས་རལ་གཅིག་མ་སྟེ། མཐའ་གཉིས་དབང་དུ་བསྡུ་བའི་རྟགས་སུ་ལྕགས་སྒྲོགས། མཚན་མར་ལྟ་བ་རོ་ལོང་མ་ནི། ཡུལ་མཚན་མར་ལྟ་བ་རང་སྐུ་དང་ཡེ་ཤེས་སུ་རྟོགས་པས་རོ་ལང་མ་སྟེ། མཚན་འཛིན་ཐམས་ཅད་ཆོས་ཀྱི་དབྱིངས་སུ་འཇོམ་པའི་རྟགས་སུ་དྲིལ་བུ་བསྣམས་པ། ཁྲོ་བོ་དེ་དག་ནི་རྡོ་རྗེ་སྐུ་སྟེ། དུས་གསུམ་དུ་གཟིགས་ཕྱིར་སྤྱན་གསུམ། སྐྱེ་བཞི་རྩད་ནས་གཅོད་པའི་ཕྱིར་མཆེ་བ་བཞི་བརྩིགས་པ། སྲིད་གསུམ་ཆོས་དབྱིངས་སུ་སྒྲོལ་བའི་ཕྱིར་གཡོན་ན་ཐོད་ཁྲག་ཡུམ་ལ་འཁྱུད་པ། དཔལ་ཆས་བཅུ་དྲུག་ནི་དུར་ཁྲོད་ཆས་བརྒྱད་དང་། དཔལ་ཆས་བརྒྱད་དོ། །དང་པོ་ནི། བགོ་བའི་གོས་གསུམ། གདག་པའི་རྒྱན་གཉིས། བྱུག་པའི་རྒྱན་གསུམ་མོ། །དང་པོ་ནི། ཐབས་མཁས་ཕྲིན་ལས་ཀྱི་གོས་ཞིང་གི་རྐེད་ཆིངས། ཁྱབ་པ་ཐུགས་རྗེའི་གོས་གླང་ཆེན་གྱི་རྐོ་རློན་སྟོད་གཡོག །ཕྱི་ནང་གསང་བ་སྡུད་པའི་གོས་སྟག་ཤམ་མོ། །གདག་པའི་རྒྱན་གཉིས་ནི། སྦྲུལ་རྒྱན་དང་། ཐོད་པའི་རྒྱན་ནོ། །བྱུག་པའི་རྒྱན་གསུམ་ནི། རཀྟ། ཞག༴ ཐལ་ཆེན་གསུམ་མོ། །དེ་དག་ནི་རྒྱལ་བྱེད་དཔའ་རྟགས་གིས་རྒྱན་སྟེ་རུ་ཏྲ་ལ་ཕྲོག་པའོ། །དཔལ་ཆས་ནི། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། །ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། །གདུག་པ་ཅན་བསྲེགས་ཡེ་ཤེས་མེའི་ཆས། །སྐྱེ་ཤི་རྩད་གཅོད་མཆེ་བ་ཟླ་ཚེས་ཆས། །ཁྱབ་མཛད་རེ་སྐོངས་རྡོ་རྗེ་གཤོགས་པའི་ཆས། །མངའ་ཐང་ཡོངས་རྫོགས་རྡོ་རྗེ་ལྷག་པའི་ཆས། །སངས་རྒྱས་སར་བགྲོད་དབང་གིས་བསེ་ཁྲབ་ཆས། །གནོད་གདུག་བཟློག་བྱེད་རྒྱ་གྲམ་ལྕགས་ཀྱིས་ཆས། །ཅེས་དེ་དག་ནི་ཐུགས་རིག་པ་རང་སྣང་གི་ཆས་སོ། །ཁམས་ལུགས་ཀྱིས་དཔལ་ཆས་བཅུ་དྲུག་ནི་ལོགས་སུ་ཤེས་སོ། །ཞབས་བརྐྱང་བསྐུམ་དུ་སྒོ་བསྲུང་བའི་ཚུལ་དུ། སངས་རྒྱས་གསང་བས་ཟུར་བལྟས་སུ་འདོད་ལ། སྒྱུ་འཕྲུལ་ཐལ་བ་དང་། སྒེག་རྡོར་གྱིས་ཕྱིར་བལྟ་བར་བཞེད་དོ། །ལྷ་ཚོགས་དེ་དག་རྣམས་ལ་རང་བཞིན་གྱི་སྐུ་མདོག་བཞི་བཞི་དང་ལྡན་སྟེ། ཟླ་བ་ལྟར་གསལ། ཉི་མ་ལྟར་འཚེར་བ། ཀུ་མུ་ཏ་ལྟར་སྣུམ་ལ་འདྲིལ་བ། དུང་ལྟར་ཉེས་པའི་སྐྱོན་གྱིས་མ་གོས་པའོ། །བདེ་བར་གཤེགས་པ་རྣམས་བཞུགས་སོ། །ཞེས་པའི་སྐབས་ལ། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །ཅེས་ལྷ་ཐམས་ཅད་ཞི་བའི་ཚུལ་དགུ་དང་ལྡན་པ་སྟེ། ང་རྒྱལ་མ་སྤངས་གནས་སུ་དག་པའི་རྟགས་སུ་ཡན་ལག་གསེར་ཞུན་མ་ལྟར་མཉེན་པ། ཞེ་སྡང་མ་སྤངས་གནས་སུ༴ ཕྱག་སོར་སྦྲུལ་མཇུག་ལྟར་ལྕུག་པ། འདོད་ཆགས་མ་སྤངས༴ ཐབས་ཤེས་གཡུའི་ལྗོན་པ་ལྟར་ཕན་ཚུན་འཁྲིལ་བ། གཏི་མུག༴ སྐུ་སྐེད་ཐང་ཤིང་ལྟར་ལྡེམ་པ། ཕྲག་དོག༴ བྱིས་པ་ལོ་བརྒྱད་པ་ལྟར་གཞོན་ཚུལ་ཅན། ཐུགས་ལ་མ་རིག་པ་མེད་པའི་རྟགས་སུ་ཟླ་བ་ལྟར་གསལ་བ། ཆེ་བའི་ཡོན་ཏན་ལྷུན་གྱི་གྲུབ་པའི་རྟགས་སུ་ཉི་མ་ལྟར་འཚེར་བ། མཚན་དཔེ་ཡོངས་སུ་རྫོགས་པའི་རྟགས་སུ་རི་རྒྱལ་ལྟར་ལྷུན་སྡུག་པ། ཐམས་ཅད་ཟིལ་གྱི་ནོན་པའི་རྟགས་སུ་སེངྒེ་འབུམ་གཤིབ་པ་ལྟར་གཟི་བྱིན་དང་ལྡན་པ། བ་སྤུའི་བུ་ག་རེ་རེ་ནས་ཀྱང་གསལ་ལ་རྣོ་བའི་འོད་ཟེར་དཀར། དམར། སེར། སྔོ། བཙོང་ཁ། དངུལ་མདོག་དང་དྲུག །རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་འཕྲོ་བའི་ཚོགས་ཆེན་པོ། ཁྱད་པར་དུ་ཁྲོ་བོ་རྣམས་ཀྱིས་སྐུ་ལ་མེ་དཔུང་འབར་བའི་ཕྲེང་བ་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་འཁྲིགས་པའི་འོད་ཀྱིས་ཚུལ་ཅན་སྟེ་ཞེས་པའི། གཞལ་ཡས་ཁང་གིས་རྒྱབ་རྡོ་རྗེ་རྭ་བའི་ནང་དུ་ཞིང་ཚལ་བའི་གདན་ལ་མཁའ་འགྲོ་སོ་གཉིས་ཟུར་གྱིས་བཞི་ནི་ཕོ་ཡིན་གསུངས། དེ་རྒྱབ་ཏུ་དཔལ་མགོན་བདུན་ཅུ་བསྒོམ་གསུངས། གཉིས་པ་དབང་བསྐུར་བའི་ཆོ་འཕྲུལ་ནི། དེ་ཡང་གང་གིས་བསྐུར་ན། རིགས་ཀྱིས་དག་པོས། གང་ལ་ན། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེ་གཉིས་ལ། གང་བསྐུར་ན། ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་ཏེ། དགོས་ཆེད་གང་གིས་ཕྱིར་ན། སྭ་བྷཱ་ཝའི་སྒྲ་དྲི་མ་དག་པར་བྱེད་པའི་ཚུལ་ཅི་ལྟར། ཐེག་པ་འོག་མ་ལྟར་སྤང་གཉེན་གྱི་ཚུལ་དུ་མ་ཡིན་ཏེ། རང་བཞིན་རྟོགས་པའི་ཚུལ་གྱིས་སོ། །དེ་ཡང་རིམ་པ་ལྟར་གུང་མོ། འཇུབ་མོ། སྲིན་ལག །མཐེ་བོང་། མཐེའུ་ཆུང་རྣམས་སྦྱར་ནས། གྱེན་དུ་བརྐྱང་བའི་རྡོ་རྗེ། སྡོམ་པའི་ཕྱག་རྒྱ་སྤྱི་བོ་ལ་སོགས་པའི་གནས་ལྔར་གཏུག་གམ། ཡང་ན་ཕྱག་རྒྱ་མ་བཅས་ཀྱང་རུང་སྟེ། དབུ་རྒྱན་གྱི་སྔགས་རྣམས་རིམ་པར་བརྗོད་པའི་ཚེ། རིགས་ལྔ་ཡབ་ཡུམ་རྣམས་རིམ་པར་སྦྱོར་བ་མཛད་པས། རྗེས་ཆགས་ཀྱིས་མེས་ཞུ་བ་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་ཡེ་ཤེས་ལྔས་དབང་བསྐུར་བས། ཉོན་མོངས་པ་ལྔའི་དྲི་མ་རིམ་གྱི་དག་ནས། ཆུ་ལུད་པ་ལས་རིགས་ལྔས་དབུ་རིམ་པར་བརྒྱན་པར་བསྒོམ་ཞིང་། ཕུང་པོ་ལྔ་རྣམ་དག་རིགས་ལྔ་ཐོབ་པའི་ངོ་བོ་བདག་ཡིན་སྙམ་པའི་ང་རྒྱལ་བར་བྱའོ། །དེ་ཡང་མི་བསྐྱོད་ཡབ་ཡུམ། ཀུན་བཟང་ཡབ་ཡུམ། ཐུབ་དྲུག་གིས་དབུ་རྒྱན་གྱིས་གཙོ་བོ་མི་བསྐྱོད་པ། རྣམ་སྣང་ཡབ་ཡུམ། ས་སྙིང་ཡབ་ཡུམ། བྱམས་པ་ཡབ་ཡུམ། གཤིན་རྗེ་གཤེད་ཡབ་ཡུམ་ལ་རྣམ་སྣང་། རིན་འབྱུང་ཡབ་ཡུམ། ནམ་སྙིང་ཡབ་ཡུམ། སྒྲིབ་སེལ་ཡབ་ཡུམ། སྟོབས་པོ་ཆེ་ཡབ་ཡུམ་ལ་རིན་འབྱུང་། སྣང་མཐའ་ཡབ་ཡུམ། སྤྱན་རས་གཟིགས་ཡབ་ཡུམ། ཀུན་བཟང་ཡབ་ཡུམ། རྟ་མགྲིན་ཡབ་ཡུམ་ལ་སྣང་མཐའ། དོན་གྲུབ་ཡབ་ཡུམ། ཕྱག་རྡོར་ཡབ་ཡུམ། འཇམ་དཔལ་ཡབ་ཡུམ། བདུད་རྩི་འཁྱིལ་པ་ཡབ་ཡུམ་ལ་དོན་གྲུབ། ཡང་ན་ཀུན་ལ་མི་བསྐྱོད་པས་གཙོ་བོ་བྱེད་པར་འདོད་དོ། །གསུམ་པ་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ནི། སྤྱི་བོར་གླད་པ་དུང་ཁང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ༀ་དཀར་པོ་ལས་འོད་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས། སྐུའི་བྱིན་གྱིས་རླབས་དབང་ཐོབ། བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས། རློབ་པའི་རྟགས་སུ་སྤྱི་བོའི་ༀ་ཞུ་བའི་འོད་ཕུང་ལས་སྐུ་རྡོ་རྗེ་གཞུང་བཞིན་དུ་བསྐྱེད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུའི་རང་བཞིན་ངའམ་བདག་ཡིན་ནོ་སྙམ་པའི་ང་རྒྱལ་བྱའོ། །འོག་མ་བཞི་པོ་དེའི་འགྲེས་ཀྱིས་ཤེས་པར་བྱའོ། །ལྷ་དེ་དག་གིས་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་རང་དང་འདྲ་བའི་ཕྱག་མཚན་འཛིན་འཛིན་འདྲ་ལ་མི་འཛིན་པ། རྒྱན་ཆ་སྤང་བ། ཡེ་ཤེས་སེམས་དཔའི་དེའི་གདན་ཡང་། རིགས་ལྔ་ཡབ་ཡུམ་དང་། ཀུན་བཟང་ལ་ཉི་ལ་པདྨ་གསུམ་བརྩེགས། ཐུབ་པ་དང་བཟང་མོ་ལ་པདྨ། སྒོ་བ་ལ་ཉི་མའོ། །ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཐུགས་ཕྱག་མཚན་དེ་ལ་གསུང་ཡིག་འབྲུའི་མཚན་པ་ལ་ལུགས་གཉིས་ཏེ། བསྐྱེད་པའི་ས་བོན་ཨཱ་ལི་ཀཱ་ལི་དང་། སྔགས་ཀྱི་ཡི་གེ་དང་པོས་མཚན་པ་གཉིས་ལས། འདིར་ཕྱག་ལེན་ལ་ཐུབ་དྲུག་མ་གཏོགས་པ་ལ་སྔགས་ཀྱི་ཡི་གེ་དང་པོས་མཚན་ལ། ཐུབ་དྲུག་ལ་ཀྲེམ་ལ་སོགས་པའོ། །སྒོ་བ་ཡབ་ལ་ཧཱུྃ་བཞི། ཡུམ་ལ་ཛ་ཧཱུྃ་བྃ་ཧོ་བཞིའམ་ཕཊ་བཞིས་མཚན་པ། དེའི་མཐའ་བསྐོར་དུ་ཡབ་རྣམས་ལ་རང་སྔགས། ནང་ནས་ཀློག་པའི་ཚུལ་དུ་གཡས་བསྐོར། ཡུམ་ལ་གཡོན་བསྐོར། དེའང་རྡོ་རྗེའི་ལྟེ་བ། འཁོར་ལོ་སྦུབ་པའི་དཀྱིལ། རིན་ཆེན་ཟུར་བརྒྱད་ཀྱི་ནང་། པདྨའི་ལྟེ་བ། རལ་གྲིའི་སོ་ཡུའི་མཚམས། ཡུམ་ལྔའི་དྲིལ་བུ་ནང་དྲིལ་སྤོ་བ། མྱུ་གུ་རྩེ་གསུམ་གྱི་འདུས་མདོ། མེ་ལོང་སྦུབ་པའི་སྟེང་། ཕྲེང་བའི་མདོ་འཛིན་དང་། པི་ཝང་ཁོག་པའི་ནང་། ལག་པའི་དཀྱིལ། ཀླུ་ཤིང་གི་སྟེང་ན། གྷནྡྷེ་ཡུ་བའི་མཚམས། སྦོས་ཕོར་གྱི་དཀྱིལ། པོ་ཏིའི་ནང་། མེ་ཏོག་གཞོང་པའི་དཀྱིལ། སྙེ་མའི་རྩ་བ། མར་མེ་སྡོང་བུའི་དཀྱིལ། ཨུཏྤ་ལའི་ལྟེ་བ། དུང་ཆོས་ཀྱི་ནང་། ཐོད་སྐམ། རྡོ་རྗེ། ཐོད་རློན། རྒྱ་གྲམ་བཞིའི་ནང་། ལྕགས་ཀྱུའི་སོ་ཡུའི་མཚམས། ཞགས་པའི་མདུད་མདོ། ལྕགས་སྒྲོགས་ཀྱི་མདོ་མིག །པར་བུའི་ནང་ན། སྲེག་ཤང་ཡུ་བའི་བུད་མཚམས། མེ་ཡར་ལ་འབར་ཆུ་མར་ལ་འབབ་པའི་མཚམས་རྣམས་སུ་བསྒོམ་གསུངས། ཡང་ན་ཡབ་ཐམས་ཅད་ལ་ཉི་མ། ཡུམ་ཐམས་ཅད་ལ་ཟླ་བའི་སྟེང་དུ། རྡོ་རྗེའི་རིགས་ཐམས་ཅད་ལ་རྡོ་རྗེ་ཧཱུྃ། བྷུདྡྷ་ལ་འཁོར་ལོ་ༀ། རཏྣ་ལ་རིན་ཆེན་སྭཱ། པདྨ་ལ་པདྨ་ཨཾ། ལས་ཀྱི་རིགས་ཐམས་ཅད་ལ་རལ་གྲི་ཧས་མཚན་པ། སྒོ་བ་ཡབ་ཡུམ་ལ་རྡོ་རྗེ་ཧཱུྃ་གིས་མཚན་པ་འདོད་པ་ཡང་སྣང་། བྱིན་གྱིས་བརླབས་པའི་ཐུགས་ལྷ་དང་། ཡེ་ཤེས་སེམས་དཔའ་བསྒོམ་ཚུལ་ནི། དམ་པ་ཡབ་སྲས་ཀྱིས་ཡེ་ཤེས་སེམས་དཔའ་དབུས། བྱིན་རླབས་ཀྱི་ལྷ་ནི་ཐབས་ཀྱི་ཆ་ཡིན་པས་གཡས་སུ་བསྒོམ་གསུངས། དབུས་པས། ཡེ་ཤེས་སེམས་དཔའ་སྙིང་གི་ནང་། བྱིན་རླབས་ཀྱི་ལྷ་སྙིང་གི་རྒྱ་བ་བྲང་གི་ནང་དུ་བསྒོམ་གསུངས། བཞི་པ་ཡེ་ཤེས་པ་རྒྱལ་བའི་དལ་བསྟིམས་པའི་བྱིན་གྱི་བརླབས་པ་དང་། མཆོད་པའི་ཆོ་འཕྲུལ་ལ་སྤྱི་དོན་བཅུ་བཞི་སྟེ། དང་པོ་སྙན་གསན་དབབ་པ་ནི། དེ་ཡང་མ་རྟོགས་སེམས་ཅན་གྱི་ཁམས་ལ་ནི། ལོག་རྟོག་རང་སྣང་གི་དཀྱིལ་འཁོར་རྟོག་ཚོགས་ཞེ་གཉིས་སུ་སྣང་ལ། རྟོགས་པ་སངས་རྒྱས་ཀྱི་དགོངས་པ་ལ་ནི། ཡེ་ཤེས་རང་སྣང་གི་དལ་རྒྱལ་བ་ཞེ་གཉིས་སུ་སྣང་ལ། ལམ་པ་རྣལ་འབྱོར་པ་ལ་ནི། དེ་ཉིད་སེམས་ཉིད་རང་སྣང་གིས་དལ་ལྷག་པའི་ཏིང་ངེ་འཛིན་གྱི་དལ་དུ་སྣང་ཡང་། དེ་གསུམ་དུ་ཆོས་དབྱིངས་སུ་དབྱེར་མེད་ཡིན་པའི་ཕྱིར། དེ་བས་རྣལ་འབྱོར་པའི་ལོག་རྟོག་གི་སྣང་བ་དེ། ཡེ་ཤེས་ཀྱི་སྣང་བར་བྱ་བའི་ཕྱིར། ལྷག་པ་ཏིང་ངེ་འཛིན་གྱི་དལ་འདིར་རྫོགས་པ་དང་དུས་མཉམ་དུ་བསམ་ཡས་ལྷུན་གྲུབ་མཐའ་དབུས་མེད་པ་རྒྱལ་བའི་དཀྱིལ་འཁོར་དུ་ཤར་བ་དང་དབྱེར་མེད་དུ་བྱ་བའི་ཕྱིར། དེ་ཡང་གསང་སྔགས་ལུགས་ཀྱི་སྒོ་བཞི་དང་སྦྱར་བ་ནི། དོན་དམ་གསལ་བྱེད་བརྗོད་པ་ཚིག་གིས་སྒོ། མཚན་མ་བརྡ་རྟགས་ཕྱག་རྒྱ་གར་གྱིས་སྒོ། ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོའོ། །དང་པོ་བརྗོད་པ་ཚིག་གིས་ནི། ༀ་དམིགས་མེད་ཅེས་པ་དང་། ཕྱག་རྒྱ་ནི་རང་གིས་དཔུང་པར་སེ་གོལ་བསྣོལ་མ་གདབ་སྟེ། སྔགས་ནི། ༀ་བཛྲ་ས་མ་ན་ཛ་ཧཱུྃ་ཛ་ཅེས་བརྗོད་ལ། དམིགས་པ་ནི། བསམ་ཡས་ལྷུན་གྲུབ་ཀྱི་རྒྱལ་བ་རྣམས་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་ནས་ཞལ་གྱིས་ཕྱོགས། སྤྱན་གྱིས་གཟིགས། ཐུགས་ཀྱིས་དགོངས་ནས་བྱོན་མ་རག་པར་བསམ་ལ། ཇ་འདྲེན་གྱི་ཚུལ་དུ་ཡིད་ཀྱིས་མཆོད་པ་འབུལ། གཉིས་པ་སྤྱན་དྲངས་པ་ནི། ཧོ་ཡོད་མེད་ཅེས་བརྗོད་པས་བསམ་ཡས་ལྷུན་གྲུབ་ཀྱི་དལ་སྤྱན་དྲངས་ཏེ། ངོ་བོ་ལ་བྱོན་པ་དང་བཞུད་པ་མེད་ཀྱང་གདུལ་བྱའི་དོན་དུ་མར་མེ་གཅིག་ལ་གཅིག་ཆད་པ་ལྟ་བུར་བྱོན་ནས་མེ་རི་འདབ་འབྲེལ་གྱི་ཤར་སྒོ་དང་ཤར་སྒོ་སྤྲད་ནས་བཞུགས་པར་བསྒོམ། གསུམ་པ་བརྟེན་པར་བཞུགས་སུ་གསོལ་བ་ནི། བྱོན་ལེགས་ཚར་ནས། ༀ་བཛྲ་ས་མ་ཡ་ཛས་སྒོ་བཞི་ནས་ནང་དུ་སྤྱན་དྲངས། ས་མ་ཡ་ཧཱུྃ་གིས་ལྷ་སྣམ་ནས་གཡས་བསྐོར་དུ་བྱོན་ནས་དམ་ཚིག་པ་རེ་རེའི་གཡས་སུ་ཡེ་ཤེས་པ་རེ་རེ་བཞུགས་པར་བསམ། ས་མ་ཡ་སྟྭཾ་གྱིས་བསྟིམ། ས་མ་ཡ་ཧོས་ཡེ་ཤེས་དམ་ཚིག་དབྱེར་མེད་དུ་གྱུར་པར་བསྒོམ། བཞི་པ་སྔོན་དུ་འགྲོ་བ་ཕྱག་གིས་མཆོད་པ་ནི། ཚིགས་བཅད་བརྗོད་པ་དང་། ཕྱོགས་བཞིར་ལྷ་མོ་སྤྱན་མ་ལ་སོགས་པ་བཞི་གྲངས་དཔག་ཏུ་མེད་པ་སྤྲོས་པས། སྒོ་བཞི་ནས་དགྱེས་པའི་གླུ་བླང་ནས་གསང་བའི་ཕྱག་བྱེད་པའམ། ཡང་ན་ལྷ་རེ་རེ་ལའང་ལྷ་མོ་བཞི་བཞིས་བསྐོར་ནས་བསྟོད་པར་བསམ་ལ། ཁྲོ་བོ་ལྟར་ཕྱག་དངོས་སུ་མི་དགོས་གསུངས། ཚར་ནས་ལྷ་མོ་བཞི་རང་གིས་ཐུགས་ཀར་བསྡུའོ། །ལྔ་པ་ཀུན་བཟང་མཆོད་པ་ནི། ཚིགས་བཅད་བརྗོད་དུས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཞིའི་དོན་བསྒོམ་དགོས་ཏེ། དེ་ལ་ཕྱིའི་མཆོད་པ་ནི། རྒྱ་མཚོ་ཐམས་ཅད་ཡོན་ཆབ། རྩི་ཤིང་ནགས་ཚལ་ཐམས་ཅད་མེ་ཏོག་ལྷོ་སྤྲིན་ན་བུན་ཐམས་ཅད་བདུག་སྤོས། ཉི་ཟླ་སྐར་གསུམ་ནི་མར་མེ། ཆུ་བོ་ཐམས་ཅད་ནི་དྲི་ཆབ། རི་བོ་ཐམས་ཅད་ཞལ་ཟས། སྒྲ་གྲགས་པ་ཐམས་ཅད་ནི་རོལ་མོར་བསྒོམ་མོ། །ནང་གི་མཆོད་པ་ནི། དེ་རྣམས་མིག་གི་ཡུལ་དུ་གཟུགས་སྡུག །རྣ་བའི་སྒྲ་སྙན། སྣའི་དྲི་ཞིམ། ལྕེའི་རོ་མངར། ལུས་ཀྱི་རེག་བྱ་འཇམ་པར་བསྒོམ་མོ། །གསང་བའི་མཆོད་པ་ནི། སྣང་བ་ཐམས་ཅད་མཆོད་པའི་ཚོགས། སྒྲ་གྲགས་པ་ཐམས་ཅད་རོལ་མོ་དང་མཆོད་པ་དབུལ་བའི་ཚིག །དྲན་རྟོག་ཐམས་ཅད་དེ་ལས་མི་འདའ་བར་བསྒོམ་པའི་ཁྱེར་སོ་གསུམ་དང་མ་བྲལ་བའོ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། འཁོར་འདས་ལམ་པའི་སྤྱོད་པ་མ་ལུས་པ་རྣམས་བསལ་བཞག་རྡུལ་ཙམ་ཡང་མེད་པ་ཐམས་ཅད་མ་སྐྱེས་པ་ཀུན་ཏུ་བཟང་མོའི་ངང་དུ་རོ་གཅིག་པས་དེ་ཁོ་ན་ཉིད་དང་། དེ་མ་འགག་པ་འཁོར་འདས་ལམ་གྱིས་ཆོས་རྣམས་མཆོད་པའི་ཚོགས་སུ་ཅིར་ཡང་འཆར་བ་ནི་ཀུན་ཏུ་བཟང་པོ། དེ་གཉིས་ཀྱང་ངོ་བོ་ལ་དབྱེར་མེད་པ་ནི་གཉིས་སུ་མེད་པ་བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་དོ། །དྲུག་པ་ཕྱིའི་མཆོད་པ་ནི། མཉེས་པར་བྱེད་པས་མཆོད་པ། སྣང་གྲགས་ཐམས་ཅད་མཆོད་རྫས་ལས་མི་འདའ་བའི་ཕྱག་རྒྱ། མཆོད་པ་གཞན་ལས་ཁྱད་པར་དུ་གྱུར་པས་ཆེན་པོ་འདི་ནི་སེམས་ཀྱིས་ཆོ་འཕྲུལ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་མཆོད་སྤྲིན་བསམ་གྱི་མི་ཁྱབ་པའི་ཚོགས་ཀྱིས་མཆོད་པར་བྱ་སྟེ། དེ་ཡང་བདག་གིས་ཐུགས་ཀ་ནས་ཡི་གེ་བྷྲཱུྃ་ཕྱོགས་བཅུར་སྤྲོས་པས་ས་གཞི་ཐམས་ཅད་ལ་ཕོག་པས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་མཉེན་ལ་འཇམ་པ་རེག་ན་ཤིན་ཏུ་བདེ་བའི་ཁམས་དང་ལྡན་པ། འོག་གཞི་སྣ་ཚོགས་པའི་རིན་པོ་ཆེའི་ས་གཞི་མནན་ན་ནེམ་པ། བཏེག་ན་འཕར་བའི་རེའུ་མིག་མིག་མང་རིས་སུ་མཛེས་པར་བྲིས་ཤིང་ཕྲ་མིག་རིན་པོ་ཆེ་དུ་མས་སྤྲས་པ་དང་། ཏྲཱཾ་སྤྲོས་པས་རི་ཐམས་ཅད་ལ་ཕོག་པས་ཡོན་ཏན་ཀུན་འབྱུང་བ་ནོར་བུ་རིན་ཆེན་གྱིས་ཕུང་པོ་འོད་འབར་བར་བསམ། ཨ་སྤྲོས་པས་ཆུ་ཐམས་ཅད་ལ་ཕོག་པས་དབྱིབས་ལེགས་པའི་རྫིང་བུ་གསུམ་རིམ་དང་ལྡན་པའི་ནང་དུ་རོ་བྲོ་བའི་མཆོག་ཏུ་གྱུར་པའི་བསིལ་ཞིང་དྭངས་བའི་ཡན་ལག་བརྒྱད་དང་ལྡན་པར་བསམ། བྷྲཱུྃ་སྤྲོས་པས་ཁང་ཁྱིམ་སྦྲ་གུར་ཐམས་ཅད་ལ་ཕོག་པས་རིན་ཆེན་གྱིས་ཁང་པ་སྣ་ཚོགས་པར་བསམ་པ་དང་། ཏྲཱཾ་སྤྲོས་པས་ནགས་ཚལ་ཐམས་ཅད་ལ་ཕོག་པས་ཕྱི་སྣོད་ཀྱི་འཇིག་རྟེན་ནི་རིན་པོ་ཆེའི་རྒྱན་དང་། རྩི་ཤིང་ཐམས་ཅད་དཔག་བསམ་གྱི་ལྗོན་ཤིང་རྒྱས་པའི་ཚལ་དུ་བསམ། ཏྲཱཾ་སྤྲོས་པས་སྒྲ་སྐད་ཐམས་ཅད་ལ་ཕོག་པས་སངས་རྒྱས་བྱང་སེམས་རྣམས་ལ་བསྟོད་པའི་གླུ་དབྱངས་དང་། སེམས་ཅན་རྣམས་ལ་ཆོས་སྟོན་པའི་ཚིགས་སུ་བཅད་པའི་སྒྲར་བསམ། མཱཾ་སྤྲོས་པས་གོས་རྒྱན་དང་ན་བུན་ཐམས་ཅད་ལ་ཕོག་པས་ལྷབ་ལྷུབ་སྣ་ཚོགས་དང་བླ་རེ་རྒྱལ་མཚན་ལྷའི་ན་བཟའ་དང་གདུགས་དུ་བསམ། ཏྲཱཾ་སྤྲོས་པས་སེམས་ཅན་གྱི་རྒྱན་ཐམས་ཅད་ལ་ཕོག་པས་རིན་པོ་ཆེའི་དོ་ཤལ་དང་། དཔུང་རྒྱན་དང་སེ་མོ་དོ་རུ་བསམ། ༀ་བྃ་ཨ་སྤྲོས་པས་ལོངས་སྤྱོད་ཐམས་ཅད་ལ་ཕོག་པས། བདུད་རྩིའི་རང་བཞིན་བཟའ་བ་དང་བཏུང་བ་དང་། རོ་བྲོ་བའི་མཆོག་སྣ་ཚོགས་པ་རྣམས་དང་། ཧྲཱིཿསྤྲོས་པས་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ལ་ཕོག་པས་འགྲོ་བ་ཐམས་ཅད་ཀྱང་རང་ལ་མཛེས་པར་བརྒྱན་པའི་མཆོད་རྫས་འདོད་ཡོན་སྣ་ཚོགས་ཐོགས་པའི་ལྷ་དང་ལྷ་མོ་རེ་རེས་ཡང་གྲངས་རྡུལ་སྙེད་རྣམས་ཀྱིས་རྐང་པའི་བྲོ་དང་ལག་པའི་གར་ལ་སོགས་པའི་སྒྲ་ཁ་ནས་སྐྱེ་བ་མེད་པའི་གླུ་བླངས་ཞིང་བདེ་བར་གཤེགས་པ་རྣམས་ལ་ཚིགས་སུ་བཅད་པའི་བསྟོད་པ་བསམ་ཡས་ཀྱིས། མང་ཉུང་གིས་ཚད་ནི་ཕྱོགས་བཅུ་ནམ་མཁའི་ཁམས་གང་བར་བཀང་ནས། སྔར་སྤྱན་དྲངས་པའི་དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ་ལོ། །བདུན་པ་ཕྱག་རྒྱ་གར་ཚོགས་ཀྱི་མཆོད་པ་ལ་གཉིས་ཏེ། དང་པོ་རང་བཞིན་ལྟ་བའི་ཕྱག་རྒྱ་ནི། རྟོག་ཚོགས་ཐམས་ཅད་སྒྱུ་འཕྲུལ་དྲྭ་བ་ལྷ་ཡབ་ཡུམ་འབྲེལ་བར་གནས་པས་རང་བཞིན་ཕྱག་རྒྱ་དེ་ལྟར་མངོན་སུམ་དུ་རྫོགས་པའི་དུས་སུ། དབང་པོའི་ཡུལ་དུ་གང་གྱུར་པ་ཐམས་ཅད། ཐབས་དང་ཤེས་རབ་དབྱེར་མེད་དུ་ལྡན་པར་གྱུར་ཅིང་། འཁོར་འདས་མཉམ་པའི་ངང་ཉིད་དུ་རྟོགས་ཅིང་གསལ་ན་ལྟ་བའི་ཕྱག་རྒྱ། མངོན་དུ་བྱས་པ་འབྲས་བུའི་ཕྱག་རྒྱའོ། །དེ་གསུམ་དང་ལྡན་པ་ནི་ཐམས་ཅད་བྱང་ཆུབ་མཆོག་གི་རྒྱའོ། །གཉིས་པ་མ་འགག་པ་རྟགས་ཀྱིས་ཕྱག་རྒྱའོ། །དེ་ལ་གཉིས་ལས། དང་པོ་ཕྱག་རྒྱའི་ཁུངས་ངེས་ཚིག་དང་བཅས་པ་ནི། རྔམ་གློག་ལྟར་བསྐྱོད་ཆེན་ནི་ལུས་ཀྱིས་ཡན་ལག་ལྔ་སྟེ། ལག་པ་གཡས་ལ་རྡོ་རྗེ་རིགས་ཀྱི་ལྷ་བརྒྱད། མགོ་དེ་བཞིན་རིགས་ཀྱི་ལྷ་བརྒྱད། ལག་པ་གཡོན་རིན་ཆེན་རིགས་ཀྱི་ལྷ་བརྒྱད། རྐང་པ་གཡོན་པདྨ་རིགས་ཀྱི་ལྷ་བརྒྱད། རྐང་པ་གཡས་ལས་ཀྱི་རིགས་ལྷ་བརྒྱད་ཀྱིས་འཁོར་ལོའི་གཞལ་ཡས་སུ། ཐབས་ཡབ་དང་ཤེས་རབ་ཡུམ་ཐམས་ཅད་ཀུན་ཁ་དོག་གསལ་ཞིང་འོད་ཟེར་འཕྲོ་བར་བསྒོམ་ན། བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན་པས། འདི་ནི་སྤྱི་རྒྱ་ཆེན་པོ་ཡིན་ཏེ་ཞེས་སོ། །བླ་མེད་ཆེན་པོ་ཀུན་ཏུ་བཟང་པོས་འདི་སྐད་གསུངས། རང་བཞིན་གྱིས་ཕྱག་རྒྱ་རྟོགས་དཀའ་བས་ན། གསང་བ་དེ་ཉིད་གཞུང་གང་གིས་སྟོན་ན། དེ་ཁོ་ན་ཉིད་ངེས་པའི་དོན་མཚོན་པར་བྱེད་པ་གསང་བ་སྙིང་པོའི་གཞུང་གིས་སྟོན་པའི་ཕྱག་རྒྱ་འདི་ནི་འདའ་བར་དཀའ་བ་སྟེ་རྒྱལ་པོའི་བཀའ་རྟགས་དང་འདྲའོ། །གཉིས་པ་ལྷག་པ་ཏིང་ངེ་འཛིན་གྱིས་ཕྱག་རྒྱ་ལ་གཉིས་ལས། དང་པོ་ཕྱག་རྒྱའི་རྒྱུ་བསྟན་པ་ནི། ལག་པ་གཡས་པ་མི་བསྐྱོད་པའི་རིགས་ཀྱི་སོར་མོ་བྲེ་ཁ་ལྔ་ལ། མ་སུརྱ་མཎྜལ་ཅེས་པས་ཉི་མའི་དཀྱིལ་འཁོར་ལྔ་བཀོད་ལ། དེའི་སྟེང་དུ་ཡབ་ཀྱི་ས་བོན་ཡི་གེ་ལྔ་བཀོད་དེ། གུང་མོ་ལ་ཧཱུྃ། འཛུབ་མོ་ལ་ༀ། སྲིན་ལག་ལ་སྭཱ། མཐེ་བོང་ལ་ཨཱཾ། མཐེའུ་ཆུང་ལ་ཧཱ་རྣམས་སོ། །ལག་པ་གཡོན་པ་རིན་ཆེན་རིགས་ཀྱི་སོར་མོར་བྲེ་ཁ་ལྔ་ལ། ཨཱ་ཙནྡྲ་མཎྜ་ལ་ཅེས་པས། ཟླ་བའི་དཀྱིལ་འཁོར་ལྔ། དེའི་སྟེང་དུ་ཡུམ་གྱིས་ཡི་གེ་འབྲུ་ལྔ་བཀོད། གུང་མོ་ལ་མཱུྃ། འཛུབ་མོ་ལ་ལཱྃ། སྲིན་ལག་ལ་མཱྃ། མཐེ་བོང་ལ་པཱྃ། མཐེའུ་ཆུང་ལ་ཏཱཾ་རྣམས་སོ། །དེ་ལ་ལག་པ་གཡས་གཡོན་གྱི་སོར་མོ་ལྔ་གཉིས་ཟུང་དུ་སྤྲད་པ་ལས་ཐལ་མོ་སྦྱོར་བའི་ལྷ་སོ་སོའི་ཕྱག་རྒྱ་འབྱུང་བའི་རྒྱུའོ། །གཉིས་པ་ཕྱག་རྒྱ་དངོས་ལ་གཉིས་ལས། དང་པོ་རིགས་ལྔ་སྤྱིའི་ཕྱག་རྒྱ་ནི། ལག་པ་གཡས་པའི་འཛུབ་མོའི་ༀ་དང་། གཡོན་པའི་མཱུྃ་གཉིས་རྩེ་སྦྱར་སྟེ། རིགས་བཞིའི་ཡི་གེ་འབྲུ་བརྒྱད་པོ་ཡབ་ཡུམ་བྲང་མ་སྦྲད་པར་བསྣོལ་ཏེ། རྩེ་མོ་སྤྲད་པ་ནི། དུས་གསུམ་གྱི་རྒྱལ་བ་ཀུན་དང་མཉམ་པར་སྦྱོར་བའི་དབང་དང་དངོས་གྲུབ་བདེ་བ་ཆེན་པོ་རང་གི་རྒྱུད་ལ་སྦྱིན་པར་བྱེད་པའི་ཕྱག་རྒྱའོ། །དེ་ཡང་ཡེ་ཤེས་རྔམ་གློག་གིས་འཁོར་ལོའི་རྒྱུད་ལས། ༀ་དང་མཱུྃ་གཉིས་རྩེ་སྦྱར་ཏེ། །དེ་བཞིན་ཧཱུྃ་དང་ལཱྃ་གཉིས་སྦྱར། །ཨཱྃ་དང་པཱཾ་ཡང་དེ་བཞིན་ཏེ། །ལཱཾ་དང་ཏཱཾ་གཉིས་སྦྱར་བ་ལས། །རྒྱབ་སྦྱར་སྭཱ་དང་མྃ་སྦྱར་བ། །འདི་ནི་ཡབ་ཀྱི་སྤྱི་རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་བ་ལས། །ༀ་དང་མཱུྃ་སྦྱར་ཧཱུྃ་དང་ནི། །ལཱྃ་སྦྱར་སྭཱ་དང་པྱཱཾ་དུ་སྦྱར། །ཨཱཾ་དང་མཱཾ་སྦྱར་ཧཱ་ཏཱཾ་སྒྲེང་། །ཡུམ་གྱི་སྤྱི་རྒྱ་ཡིན་པར་བཤད་དོ། །ཅེས་སོ། །གཉིས་པ་ལྷ་སོ་སོའི་ཕྱག་རྒྱ་ནི། དེ་ལ་ཕྱག་རྒྱ་བཞི་ལ་དོན་བཅོ་ལྔ་ཡོད་ཀྱང་། འདིར་ལག་ཏུ་བླངས་པ་ལ་དོན་ཚངས་དགོས་ཏེ། དེ་ཡང་གཙོ་བསྡུ་དང་། འཁོར་བསྡུ་གང་འཐད་བྱ་ལ། བདག་རྡོ་རྗེ་སེམས་དཔའ་ལ་སོགས་རིགས་ལྔའི་ལྷ་རྣམས་ཀྱི་དབུའི་གཙུག་ཏོར་ནས་ཞབས་ཀྱིས་གདན་ཁྲི་མན་ཆད་གསལ་བ་ནི་སྐུ་ཕྱག་རྒྱ་ཆེན་པོ། དེ་ལྟར་གསལ་བའི་ལག་གཡས་ཀྱིས་ཉི་མ་ལ་གནས་པའི་ཡི་གེ་འབྲུ་བཞི་པོ་སྦས་ནས་གུང་མོ་འཛུབ་མོ་སྲིན་ལག །མཐེ་བོང་། མཐེའུ་ཆུང་རྣམས་རིམ་བཞིན་གྱེན་དུ་སྒྲེང་ནས་ཐུགས་ཀར་བཀན་ཐབས་སུ་བཅའ་བ་ནི། བཅའ་བ་དམ་ཚིག་གི་ཕྱག་རྒྱའོ། །དེའི་རྩེ་མོར་ཧཱུྃ་མཐིང་ཀ །ༀ་དཀར་པོ། སྭཱ་སེར་པོ། ཨཱྃ་དམར་པོ། ཧཱ་ལྗང་ཀུ་རྣམས་རིམ་པ་བསམ་པ་ནི། བསམ་པ་ཆོས་ཀྱི་ཕྱག་རྒྱའོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་ལ་སོགས་ཕྱག་མཚན་འོད་འབར་བ་བསམ་པ་ནི། བསམ་པ་དམ་ཚིག་གི་ཕྱག་རྒྱ། ལག་པ་གཡོན་པ་ཟླ་བའི་དཀྱིལ་འཁོར་ལྔ་བརྟུལ་ཞིང་ཡུམ་གྱི་ཡིག་འབྲུ་རྣམས་སྦས་ནས་དྲིལ་བུ་བསིལ་ཞིང་སྐུས་བརྗིད་གཡས་སུ་ཕབ་སྟེ། ཡུམ་ལ་འཁྲིལ་བའི་ཚུལ་གྱི་རླ་གཡོན་པ་ཆོས་ཀྱིས་རིགས་ལ་བརྟེན་ཅིང་། དབུ་གཡོན་དུ་གཡོ་ནས་གཡོན་ཟུར་སྨད་ནས་གཡོན་དུ་ཡུམ་གྱི་ཞལ་དུ་བལྟ་བའི་ཚུལ་གྱིས་ཕྱག་རྒྱ་དངོས་བཅའ་བ་ནི། བཅའ་བ་ལས་ཀྱི་ཕྱག་རྒྱ། དེ་ལྟར་ཡིད་ལ་བསམ་པ་ནི། བསམ་པ་ལས་ཀྱི་ཕྱག་རྒྱ་ཡིན་གསུངས། མན་ངག་ལྟར་ན་འདི་ནི་དམ་ཚིག་ཕྱག་རྒྱར་འདོད་དོ། །ཧཱུྃ་བཛྲ་དྷྲིཀ྄་ཅེས་སོགས་བརྗོད་པ། བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །མན་ངག་ལྟར་གྱི་ལས་རྒྱ་ནི། ཕྱག་རྒྱ་གནས་སྐབས་དྲུག་ལྡན་ལ། དངོས་གཞི་མ་གཏོགས་པ་ལྔ་བཅའ་བ་ལས་ཀྱི་ཕྱག་རྒྱ། དེའི་ཚེ་རྡོ་རྗེའི་སྟེ་བའི་ཧཱུྃ་ལས་འོད་འཕྲོས་པས་མཛད་པ་བཅུ་གཉིས་མཐར་ཕྱིན་ཏེ། དེ་ཡང་འགྲོ་བ་རིགས་དྲུག་བསྒྲལ་བའི་མཛད་པ་དྲུག་དང་། ཉན་ཐོས་དང་རང་རྒྱལ་འགོག་པའི་མཐའ་ལས་བསླང་བ་དང་། རིག་འཛིན་དང་བྱང་སེམས་དག་ཤེས་བྱའི་སྒྲིབ་པ་སྦྱངས་ཏེ་མཐར་ཐུག་སངས་རྒྱས་ཀྱི་སར་བཀོད་པ་དང་། དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུ་བ་དང་། མ་མོ་མཁའ་འགྲོ་དག་གི་ཐུགས་དམ་བསྐུལ་ཞིང་ཕྲིན་ལས་བཅོལ་བ་དང་། སངས་རྒྱས་རྣམས་ལ་འགྲོ་བའི་དོན་མཛད་པར་ཐུགས་དམ་བསྐུལ་བ་སྟེ། ཡང་ཚུར་བསྡུ་བར་བསམ་པ་ལས་ཀྱི་ཕྱག་རྒྱའོ། །དེའི་གཡོན་ཕྱོགས་སུ་ཡུམ་དབྱིངས་ཕྱུག་མ་ལ་སོགས་པ་ཡུམ་ལྔ་གསལ་བར་བསྒོམ་པ་ནི་སྐུ་ཕྱག་རྒྱ་ཆེན་པོ། ལག་པ་གཡོན་པ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་འབྲུ་བཞི་སྦས་ནས་གུང་མོ། འཛུབ་མོ། སྲིན་ལག །མཐེབ་ཆེན། མཐེའུ་ཆུང་རྣམས་རིམ་པར་སྒྲེང་བ། ཐུགས་ཀར་བཀན་ཐབས་སུ་བཅའ་བ་ནི། བཅའ་བ་དམ་ཚིག་གིས་ཕྱག་རྒྱ། དེའི་རྩེ་མོར་མཱུྃ་མཐིང་ཀ །ལཱྃ་དཀར་པོ། མཱྃ་སེར་པོ། པྱཱྃ་དམར་པོ། ཏཱྃ་ལྗང་གུ་རྣམས་རིམ་པར་བསམ་པ་ནི། བསམ་པ་ཆོས་ཀྱི་ཕྱག་རྒྱ། དེ་ཡོངས་སུ་གྱུར་པ་ལས་དྲིལ་བུ་བསིལ་བའི་སྒྲ་ཆེན་པོ་འོད་འབར་བསམ་པ་ནི། བསམ་པ་དམ་ཚིག་གི་ཕྱག་རྒྱ། གཡས་པའི་ཉི་མ་ལ་གནས་པའི་འབྲུ་ལྔ་སྦས་ནས་ལས་ཀྱི་རིགས་སུ་བརྟེན་པའམ། ཡབ་ཀྱི་མགུལ་དུ་འཁྲིལ་ཞིང་། ཡུམ་གྱི་དབུ་ཡབ་ཀྱི་མདུན་ནས་བཏུད་དེ་འཛུམ་པའི་མདངས་ཀྱིས་སྐུ་བརྗིད་གཡོན་དུ་ཕབ། དབུ་གཡས་སུ་ཡོ་སྟེ་སྤྱན་ཟུར་བསྟོད་ནས་ཡབ་ཀྱིས་ཞལ་དུ་བལྟ་བའི་ཚུལ་དུ། ཕྱག་རྒྱ་དངོས་སུ་བཅའ་བ་ནི། བཅའ་བ་ལས་ཀྱིས་ཕྱག་རྒྱ། དེ་ལྟར་ཡིད་ལ་བསམ་པ་ནི། བསམ་པ་ལས་ཀྱི་ཕྱག་རྒྱ། མཱུྃ་དྷ་ཏུ་ཤྭ་རཱི་སོགས་བརྗོད་པ་ནི། བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །དེ་ལ་ཕྱག་རྒྱ་གནས་སྐབས་དྲུག་ལྡན་ནི། མཉམ་པར་བཞག་པ། མཁའ་ལ་འཕྱོ་བ། ཐད་དུ་བསྐོར་བ། ཕྱག་རྒྱ་བཅའ་བ། འོད་ཟེར་འཕྲོ་བ། སླར་བསྡུ་བ་སྟེ། ཡབ་གཡོན་དུ་མཉམ་པར་བཞག་ནས་གཡས་སུ་འཐེན་ནས་མཁའ་ལ་འཕྱོ་ཞིང་། ཐད་དུ་གཡས་སུ་པད་བསྐོར་གཅིག །གཡོན་དུ་གཅིག །དབུས་སུ་གསུམ་མམ། ཡང་ན་གཡས་གཡོན་དབུས་གསུམ་ལ་གསུམ་གསུམ་སྟེ་དགུ་བྱས་པ་ལ་རང་རང་གིས་སྔགས་དང་ཕྱག་རྒྱའི་ངོ་བོ་བསྟན་ལ། དེ་ནས་ཕྱག་རྒྱ་བཀྲོལ་ཏེ། སོར་མོ་ཕར་བསྟན་ལ་དཔྲལ་བའི་ཐད་དུ་བཀྲོལ་བའི་ཚུལ་བྱས་ལ་ཏིང་ངེ་འཛིན་གྱིས་མཛད་པ་བཅུ་གཉིས་ཀྱི་འོད་ཟེར་སྤྲོ་བ་མཛད་ཅིང་། དེ་ནས་སོར་མོ་ནང་དུ་བསྟན་ཞིང་ལྡོག་པ་དང་། ས་མ་ཡ་སྟྭཾ་ཞེས་བརྗོད་པ་དང་། འོད་ཟེར་བསྡུ་བ་དང་དུས་མཉམ་དུ་སེ་གོལ་ཐུགས་ཀ་ནས་ཡབ་ལ་གཡོན་དང་། ཡུམ་ལ་གཡས་སུ་བཀྲོལ་བར་བྱའོ། །སེམས་དཔའ་ཕྱིན་ཆད་ལ་རྔམ་པ་གློག་འཁོར་གྱིས་ཚིག་བཅད་ལྟར་བརྗོད་པ་ཡིན་པས། ཕྱག་རྒྱ་རེ་རེ་ལ་དོན་དྲུག་དྲུག་དང་ལྡན་པ་སྟེ། རང་ལྷ་དེ་དང་དེར་བསྒྱུར་བ་ནི་ཕྱག་རྒྱ་ཆེན་པོ། འདི་མན་ཆད་ལ་སོར་མོའི་རྩེ་མོར་ཕྱག་མཚན་དང་ཡིག་འབྲུ་བསྒོམ་པ་མེད་དེ། ཕྱག་རྒྱའི་དབྱིབས་དང་མཚན་མའི་འཛིན་སྟངས་བྱས་པ། བཅའ་བ་དམ་ཚིག་གིས་ཕྱག་རྒྱ། ཕྱག་དུ་ཕྱག་མཚན་བསྣམས་པར་བསྒོམ་པ་བསམ་པ་དམ་ཚིག་གིས་ཕྱག་རྒྱ། ལྷ་སོ་སོའི་སྙིང་པོ་བརྗོད་པ་ཆོས་ཀྱི་ཕྱག་རྒྱ། གར་བསྐོར་ཞིང་ཕྱག་རྒྱ་བཅའ་བ་ནི། བཅའ་བ་ལས་ཀྱི་ཕྱག་རྒྱ། ཕྱག་མཚན་ལ་མི་སྤྲོ་སྟེ། རང་གི་ཐུགས་ཀ་ནས་འོད་ཟེར་སྤྲོས་པས་སྔར་ལྟར་མཛད་པ་བཅུ་གཉིས་མཛད་པ་ནི། བསམ་པ་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཞེས་པ་ཐམས་ཅད་གཡས། རིན་པོ་ཆེ་ཞེས་པ་གཡོན་གྱི་བརྡ་སྟེ། དེ་ལ་ལག་པ་གཡས་ཀྱི་སོར་མོ་གསུམ་བརྐྱང་ནས་མཐེའུ་ཆུང་བཀུམ་ནས་རིན་པོ་ཆེ་མྱུ་གུ་རྩེ་གསུམ་ལྟར་བྱས་ནས་ཐུགས་ཀར་བཞག་སྟེ། གཡོན་པས་དྲིལ་བུ་བསིལ་ལ་ཡུམ་ལ་འཁྱུད་ཚུལ་ནི་ས་སྙིང་ངོ་། །གཡས་གཡོན་གཉིས་ཁུ་ཚུར་བཅང་ནས་སྐུའི་སྟ་ཟུར་གཉིས་སུ་བཞག་པ་སྒེག་མོའོ། །འཛུམ་པའི་མདངས་ཀྱིས་གཡོན་དུ་སྨད་དེ་བལྟ་བ་ཡབ་ཀྱི་དང་། ཡུམ་གཡོན་དུ་བཏུད་དེ་བལྟ་བ་དང་། སྐུའི་བརྗིད་གཡོན་དུ་ཕབ་པ་དང་། གཡས་སུ་ཕབ་པ་ཐམས་ཅད་ཀུན་ལ་འགྲེས་པར་བྱའོ། །གཡས་མཐེའུ་ཆུང་མཐེ་བོང་གིས་མནན་ཏེ་སོར་མོ་གསུམ་གཤིབ་ཏེ་རལ་གྲི་ལྟར་ཕྱར་བའམ་ཐུགས་ཀར་བཟུང་བ་དང་། གཡས་གཡོན་གཉིས་ཀྱི་རྣ་ལྟག་ཏུ་རིན་པོ་ཆེའི་ཕྲེང་བ་ལྟར་བྱ་བ་ནི་ནམ་སྙིང་ཡབ་ཡུམ། གཡས་ཀྱི་སོར་མོ་ཅུང་ཞིག་མ་ཟིན་པར་བྱ་སྟེ་ལག་པའི་རྒྱབ་གཡས་སུ་ལྟ་བ་སྙིང་གར་བཞག་པ་དང་། གཡོན་མཐེབ་སྲིན་གྱི་ཁ་གྱེན་དུ་བསྟན་ཏེ་པི་ཝང་ལེན་པ་ལྟར་བྱས་ལ། གཡས་ཀྱི་མཐེབ་སྲིན་པི་ཝང་བརྡེག་པ་སྤྱན་རས་གཟིགས་ཡབ་ཡུམ་དང་། གཡས་ཀྱི་སོར་མོ་རྡོ་རྗེ་རྩེ་ལྔ་པ་ལྟར་བྱས་ལ། རིན་ཆེན་གར་ཐབས་བསྐོར་ནས་ཐུགས་ཀར་བཏུད་དེ། ལག་པ་གཉིས་གར་བྱས་པའི་རྟིང་ལ་གཡོན་དཔྲལ་བར་བཟུང་ལ། གཡས་ཡབ་ལ་འཁྲིལ་བ་ལྟར་བྱས་པ་ཕྱག་རྡོར་ཡབ་ཡུམ། གཡས་ཀྱིས་ལག་གུང་མོ་ཅུང་ཞིག་རིང་བར་བྱས་ཏེ་ཀླུ་ཤིང་ལྟར་ཐུགས་ཀར་དང་། གཡོན་པས་ཐུགས་ཀར་ཐལ་མོ་གྱེན་དུ་བསྟན་པ་བྱམས་པ་ཡབ་ཡུམ། གཡས་ཐུགས་ཀར་པོ་ཏི་བཟུང་བ་ལྟར་དང་། ལག་པ་གཉིས་སྣ་ལྟག་ཏུ་མེ་ཏོག་གཞོང་པ་འཛིན་པ་ལྟར་བྱ་བ་སྒྲིབ་སེལ་ཡབ་ཡུམ། ལག་པ་སོར་མོ་རྣམས་སྙེ་མའི་འབྲས་བུ་གཡོན་པའི་ཐལ་མོ་སྦྱར་ནས་གྱེན་དུ་བཀན་ཏེ། གུང་མོ་མར་མེ་ལྟར་བྱ་བ་ཀུན་བཟང་ཡབ་ཡུམ། གཡས་ཨུཏྤལ་སྟེ་སྔར་དང་འདྲ་བ་ལ་ལག་པའི་རྒྱབ་གཡས་སུ་བལྟ་བ་དང་། གཡོན་དུང་ཞལ་གྱི་ཕྱག་རྒྱ་དང་། གཡས་ཀྱི་མཐེབ་སྲིན་གྱིས་བྱུག་པའམ། འཐོར་བ་ལྟར་བྱ་བ་འཇམ་དཔལ་ཡབ་ཡུམ། ཁུ་ཚུར་བཅང་ལ་ཐོད་དབྱུག་རྒྱ། སོར་མོ་རྡོ་རྗེ་གདིང་བའི་དབྱུག་པ་རྒྱ། ཐོད་པ་ལྟར་སོར་མོ་ཟུང་འཇུག་གི་མ་བཟུང་བའི་གུང་འཛུབ་བསྒྲིལ་བ་པདྨའི་དབྱུག་པ་རྒྱ། སོར་མོ་རྣམས་བརྐྱང་པའམ། གུང་སྲིན་གཉིས་བསྐུམ་ལྷག་མ་བསྐྱང་པ་རྒྱ་གྲམ་དབྱུག་པ་རྒྱའོ། །ཁུ་ཚུར་སོར་མོ་བཅང་སྟེ་འཛུམ་གཉིས་བཀུག་པ་དང་། དེ་ཉིད་འཛུབ་གཉིས་རྩེ་སྤྲད་པ་དང་། འཛུབ་གཉིས་གཅིག་ལ་གཅིག་འཁྱུད་པ་དང་། དེ་ཉིད་བསྐུལ་བའི་གར་དང་ཐལ་མོའི་སྒྲའོ། །སྔར་ལྟ་པི་ཝང་ལེན་པ། གཡོན་པར་བུ་ཐུགས་ཀར། གཡས་སྲེག་ཤང་འཕྱར་ཐབས། སོར་མོ་རྣམས་བསྣོལ་སྟེ་ནང་རང་ལ་བསྟན་པའམ། ཡང་ན་གཡས་རལ་གྲི། གཡོན་ཁྲབ་འཛིན་ཚུལ། ལག་པ་གཉིས་སྤྱི་བོར་གླེགས་བམ་འཛིན། སྙེ་མཁའི་ཐད་དཀར་ཕྱེ། ལག་པ་གཉིས་མེ་ཆུ་ཐོགས་པ་ལྟ་སོ་སོར་ཐབ་མོ་གྱེན་ཐུར་དུ་བསྟན། མཉམ་བཞག་ཡབ། ཆོས་འབྱུང་ཡུམ། ཡང་ན་གཉིས་ཀ་རྡོ་རྗེའི་ཐལ་མོའོ། །དེ་ནས་རང་གཙོ་བོར་གསལ་བར་བྱའོ། །བརྒྱད་པ་སྦྱོར་བའི་མཆོད་པ་ནི། ས་མ་ཡ་ཧོ་ཡབ་ཀྱིས། ཨ་ནུ་རཱ་ག་ཡ་ཧཾ་ཡུམ་གྱིས་བརྗོད་པར་བསམ་ལ། རང་གི་སྨིན་མཚམས་སུ་སེམས་དཔའ་དཀར་པོ་དང་ཡུམ་དམར་པོ་གཉིས་འཁྲིལ་བར་བསྒོམ། ཕྱོགས་བཅུའི་སངས་རྒྱས་ཀྱི་བྱིན་རླབས་བསྡུ་ལ་བསྟིམས། དེ་གཉིས་སྦྱོར་བ་མཛད་པའི་འོད་ཟེར་ལས་དཀྱིལ་འཁོར་གྱི་ལྷ་ཡབ་ཀྱི་གྲངས། སེམས་མ་དམར་མོ་བྱུང་བས་ཡབ་རྣམས་ཀྱི་སྐུ་ལ་འཁྲིལ། ཡུམ་གྱི་གྲངས་ཀྱི་སེམས་དཔའ་དཀར་པོ་བྱུང་བས་ཡུམ་རྣམས་ལ་འཁྲིལ་བས་མཉེས་པ་ཕུལ་བར་བསྒོམ་ལ། དེ་ནས་དེ་རྣམས་རང་གི་སྨིན་མཚམས་སུ་བསྟིམ་མོ། །དགུ་པ་སྒྲོལ་བའི་མཆོད་པ་ནི། རང་གི་ཐུགས་ཀ་ནས་རྃ་སྤྲོས་པས་འགྲོ་བ་མ་ལུས་པ་སྣོད་བཅུད་དང་བཅས་པ་བསྲེག་ཏེ། ཡྃ་སྤྲོས་པས་ཐལ་བ་མ་ལུས་པར་གཏོར་ནས། ཁྃ་གི་ཆུས་བཀྲུས་ཏེ། རྣམ་པར་ཤེས་པ་ཧཱུྃ་གི་རྣམ་པ་དཀར་པོར་གྱུར་པ་རྣམས། བུང་བ་མང་པོ་ཕྱོགས་གཅིག་ལ་འདུས་པ་ལྟར་བྱུང་ནས། རང་གིས་ཞལ་དུ་ཞུགས་ཡུམ་གྱིས་མཁའ་ལ་ཕབ་སྟེ། ཧཱུྃ་ལས་རྡོ་རྗེ་སེམས་དཔའི་སྐུར་གྱུར་ནས། གཙུག་ཏུ་རྣམ་པར་རྒྱལ་བ་ཀུན་བཟང་གིས་མཚན་པ། ཉི་ཟླའི་བར་དུ་བཞག་ནས་རླུང་གི་དལ་གྱི་སྟེང་དུ་བཞག་སྟེ། སྥ་ར་ན་ཕཊ྄་ཀྱིས་འོག་མིན་ཆོས་ཀྱི་དབྱིངས་ཀྱིས་ཕོ་བྲང་དུ་རྣམ་སྣང་གི་མཛོད་སྦུར་བསྟིམ་པ་རྒྱས་པ། ཡུམ་གྱི་མཁའ་ཆོས་དབྱིངས་ཡུམ་གྱི་བྷ་གར་བསྟིམ་པ་འབྲིང་། རང་རྡོ་རྗེ་སེམས་དཔའི་ཐུགས་ཀར་བསྒོམ་པ་བསྡུས་པ་དང་གསུམ་ལས། འདིར་བསྡུས་པ་བྱས་ཀྱང་ཉན་ནོ། །བཅུ་པ་སྨན་མཆོད་ནི། སྨན་མཐེབ་སྲིན་ཉི་ཟླའི་སྐྱོག་ཏུ་བསམ་ནས་གཏོར་བས་ལྷ་ཐམས་ཅད་ཀྱི་ཞལ་དུ་སྐྱེ་མེད་ཆོས་ཀྱི་བདུད་རྩི་ཆར་བཞིན་དུ་བབ་ནས་ཐིམ་པར་བསམ་པའམ། ཡང་ན་ལྷ་མོ་ཉི་ཟླའི་སྐྱོག་ཐོགས་པ་དཔག་ཏུ་མེད་པ་རང་གི་ཐུགས་ཀ་ནས་སྤྲོས་པས་སྨན་དེ་བཅུས་ནས་མཆོད་པར་བསམ། བཅུ་གཅིག་པ་གཏོར་མའི་གོང་དུ་ཕྱི་མཆོད་རྣམ་ལྔ་སྔགས་སམ་ཡིད་ཀྱི་འབུལ། གཏོར་མའི་མཆོད་པ་དངོས་ནི། སྟེང་འདོད་ཡོན་གྱི་ལྷ་མོ། གཟུགས་ཀྱི་ལྷ་མོ་སྤྱན། སྒྲའི་ལྷ་མོ་སྙན། དྲིའི་ལྷ་མོ་ཤངས། རོའི་ལྷ་མོ་ལྗགས། རེག་བྱའི་ལྷ་མོ་སྐུ། ཆོས་ཀྱི་ལྷ་མོ་ཐུགས་ཀར་ཐིམས་པར་བསམ། བར་བདུད་རྩིའི་རྒྱ་མཚོ་ལྷ་ཚོགས་རྣམས་ཀྱི་སྔགས་བརྗོད་ཅིང་བྷ་ལིངྟ་ཁཱ་ཏི་བཏགས་པས། བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་ལྗགས་ཉི་ཟེར་ལྟ་བུ་དང་། ཡི་དམ་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ལྟ་བུ་དང་། ཆོས་སྐྱོང་རྣམས་ཀྱི་ལྗགས་གྲི་གུག་གི་ཚུལ་དུ་གསོལ་བར་བསམ་མོ། །འོག་དུག་གསུམ་ཤ་ཁྲག་རུས་པ་ནི། མཁའ་འགྲོ་ཆོས་སྐྱོང་ལ་མཆོད་དོ། །གཉིས་བཅུ་པ་མཆོད་པའི་ཡོན་ཏན་ནི་གཞུང་བཞིན་ནོ། །བཅུ་གསུམ་པ་བསྟོད་པ་ནི། ཡང་ལྷ་མོ་བཞི་སྤྲོས་ནས་བསྟོད་པར་བསམ་མོ། །དེ་ནས་ཆོས་སྐྱོངས་མཆོད་བསྟོད་གཞུང་བཞིན་དུ་བྱེད་ཚར་ནས། སྨོན་ལམ་ལས་བཅོལ་བྱས་ལ། སྐུ་གསུང་ཐུགས་ཀྱི་ལྷག་ཆད་ཁ་བསྐང་བ་ལ་རིམ་པ་ལྟར་ཀཱ་ལི་ཨཱ་ལི་ཡིག་བརྒྱ་རྣམས་འདོད་ལ། དེ་ནས་བཅུ་གཅིག་རྡོ་རྗེའི་འགྲིང་རའི་ནང་ན་བཞུགས་པའི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་བཏབ་ཟེར་ཀྱང་། ཡེ་ཤེས་རང་སྣང་ལ་གང་ཡང་མི་འགལ་ཀྱང་། གདུལ་བྱ་དང་བློ་མཚམས་དགོས་པའི་དབང་དུ་ན། རྡོ་རྗེ་མ་ཐོ་གང་བར་ཡིན་པས་དེར་བཞུག་པ་མི་མཚམས་པ་དང་། རྒྱུད་སྡེ་མཐའ་དག་གིས་འདོད་པ་དང་། འདིའི་རྒྱུན་བཤགས་ཀྱི་སྐབས་སུ་གཙོ་བོའི་དབུ་ཐོག་ན་བླ་མ་བསྒོམ་པར་བཤད་པས། རང་གི་སྤྱི་བོར་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མས་བསྐོར་བར་བསམ་ལ་གསོལ་བ་གདབ་བོ། །བཅུ་བཞི་པ་བསྙེན་པ་ནི། དེ་ནས་སྐབས་འདིར་གཙོ་ཆེར་ལྷའི་རྣམ་པ་གསལ་ཅི་ནུས་བྱ་སྟེ། དང་པོ་གཙོ་བོ་ནས་རིམ་གྱིས་རྫོགས་པའི་བར་བྱ་བ་ནི་བསྙེན་པའི་རབ་བོ། །བསྙེན་པ་དངོས་ལ་གཉིས་ལས། དང་པོ་ལྷ་རྟོགས་གི་བསྙེན་པ་ནི། རྟོག་ཚོགས་གང་དང་གང་ཡིན་པ་དེ། ལྷ་གང་ཡིན་པར་གྱུར་ནས་དབུའི་གཙུག་ཏོར་ནས་འོག་གི་གདན་ཁྲིའི་བར་གྱི་རྒྱན་ཆ་སྔགས་འཁོར་རྣམས་རིམ་པར་གསལ་བར་བྱེད་པ་ལ། གཙོ་བརྒྱུད་དང་། འཁོར་བརྒྱུད་གཉིས་ལས། དང་པོ་ལྟར་ན་གཙོ་བོ་རྡོར་སེམས་སུ་གསལ་ཐོབ་ནས། རང་དབུས་སུ་རྣམ་སྣང་དུ་བསྒོམ་ལ། རྡོ་སེམས་ནི་རྣམ་སྣང་གི་མལ་དུ་བསྒོམ་ལ། དེ་བཞིན་དུ་ཐུབ་དྲུག་ཡན་ཆད་ལ་ཤེས་པར་བྱའོ། །འཁོར་བརྒྱུད་ནི། རང་རྡོར་སེམས་ནས་ལྷ་ཞེ་གཉིས་པོ་རང་རང་གི་གདན་ཐོག་ཏུ་ཤེས་པ་གོ་འཕོ་ཞིང་བསྒོམ་སྟེ། གང་ལྟར་ན་རྣམ་ཤེས་ཕུང་པོ་གནས་སུ་གྱུར་ནས་རྡོར་སེམས་ཡབ་ཡུམ་དུ་བསྒོམ་ལ་ཚིགས་བཅད་འདི་བརྗོད་དོ། །རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མི་བསྐྱོད་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཐུགས་སུ་དབང་བསྒྱུར་བས། །དངོས་གྲུབ་ལམ་རྣམས་འགྲུབ་བྱེད་ཤོག །ཧཱུྃ་བཛྲ་དྷྲིཀ྄ །མཱུྃ་དྷཱ་ཏཱི་ཤྭ་རི། ཅེས་བཟླའོ། །དེ་ནས་རང་ཀུན་བཟང་ཡབ་ཡུམ་དུ་བསྒོམ་ལ། ཡིད་ནི་རང་རིག་མ་སྐྱེས་སེམས། །ཀུན་ཏུ་བཟང་པོའི་རང་བཞིན་ལས། །ཏིང་འཛིན་བྱེད་པོར་དབང་བསྒྱུར་ནས། །མ་ལུས་ཀུན་གྱིས་བྱེད་པོར་ཤོག །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ། ཆོས་ནི་དེ་བཞིན་མ་སྐྱེས་པ། །ཀུན་ཏུ་བཟང་པོའི་རང་བཞིན་ལ། །ཏིང་འཛིན་བྱ་བར་དབང་བསྒྱུར་ནས། །མ་ལུས་ཀུན་གྱི་བྱ་བར་ཤོག །ཨ་ཨ་ཨ་བཛྲཱི་བྷ་དྲ་སནྟ་ཨ། ཅེས་བཟླའོ། །དེ་ནས་རྣམ་སྣང་ཡབ་ཡུམ་དུ་བསྒོམ་ལ། །གཟུགས་ཕུང་ས་ཡི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །སྣང་མཛད་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སྐུ་རུ་དབང་བསྒྱུར་བས། །དངོས་གྲུབ་ལས་རྣམས་འགྲུབ་བྱེད་ཤོག །ༀ་ཛི་ན་ཛིཀ྄ །ལཱྃ་དཻ་ཥ་ར་ཏི་ཅེས་བཟླའོ། །ཚོར་བ་ཆུའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །འབྱུང་ལྡན་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཡོན་ཏན་དབང་བསྒྱུར་བས། །དངོས་གྲུབ་ལས་རྣམས་འགྲུབ་བྱེད་ཤོག །སྭཱ་རཏྣ་དྷྲཱིཀ྄ །མཱྃ་མོ་ཧ་ར་ཏི་ཅེས་བཟླའོ། །འདུ་ཤེས་མེའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མཐའ་ཡས་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །དངོས་གྲུབ་ལས་རྣམས་འགྲུབ་བྱེད་ཤོག །ཨཱྃ་ཨ་རོ་ལིཀ྄ །པྱཱྃ་རཱ་ག་ར་ཏི་ཅེས་བཟླའོ། །འདུ་བྱེད་རླུང་གི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །དོན་གྲུབ་ཡབ་ཡུམ་རང་བཞིན་ལ། །ཏིང་འཛིན་ཕྲིན་ལས་དབང་བསྒྱུར་བས། །དངོས་གྲུབ་ལས་རྣམས་འགྲུབ་བྱེད་ཤོག །ཧཱ་པྲཛྙཱ་དྷྲཱིཀ྄ །ཏཱཾ་བཛྲ་ར་ཏི་ཅེས་བཟླའོ། །མིག་གཟུགས་སེམས་ཕྱིར་མ་སྐྱེས་པ། །ས་སྙིང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཀྵིཾ་ཧི་རཱ་ཛ་ཡ། ཧཱུྃ་ལཱ་སྱཱེ་ས་མ་ཡ་སྟྭྃ། ཅེས་བཟླའོ། །སྣ་དྲི་སེམས་ཕྱིར་མ་སྐྱེས་པ། །ནམ་སྙིང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཏྲཱྃ་ཨ་གརྦྷ་ཡ། ཏྲཱཾ་མཱ་ལྱེ་ས་མ་ཡ་ཧོཿཅེས་བཟློའོ། །ལྕེ་རོ་སེམས་ཕྱིར་མ་སྐྱེས་པ། །སྤྱན་གཟིགས་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཧྲཱིཿཧ་ཧཱུྃ་པདྨ་པ་ད་མ། ཧྲཱིཿགཱིརྟི་རཱ་ག་ར་ཧྃ་ཅེས་བཟླའོ། །རྣ་སྒྲ་སེམས་ཕྱིར་མ་སྐྱེས་པ། །ཕྱག་རྡོར་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཛི་ཀུ་རུ་པཱ་ཎ་ཧྲཱིཿ ཨ་ནྲྀ་ཏི་རཱ་ག་ཡཱ་མི་ཅེས་བཟླའོ། །མིག་དབང་འདས་དུས་མ་སྐྱེས་པ། །བྱམས་པ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །མཻ་དྷ་ར་ཎི་སྭཱ་ཧཱ། ཛཿདྷུ་པེ་པྲ་བེ་ཤཱ་ཅེས་བཟླའོ། །རྣ་དབང་ད་ལྟར་མ་སྐྱེས་པ། །སྒྲིབ་སེལ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཐླྷིཾ་ནིསྶ་རཾ་བྷཱ་ཡ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨཱ་བེ་ཤཱ་ཅེས་བཟླའོ། །སྣ་དབང་མ་འོངས་མ་སྐྱེས་པ། །ཀུན་བཟང་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །ཧཱུྃ་སྭ་རཱ་ཛཱ་ཡ་སྭཱ་ཧཱ། བྃ་དཱི་བ་སུ་ཁི་ནཱི་ཅེས་བཟླའོ། །ལྕེ་དབང་མ་ངེས་མ་སྐྱེས་སེམས། །འཇམ་དཔལ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་སེམས་དཔར་དབང་བསྒྱུར་ནས། །སྤྱོད་ཡུལ་ཡོངས་སུ་དག་བྱེད་ཤོག །མཱུྃ་ཤྲཱི་ཨ་རཱཾ་ག་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟཾ་ཅེས་བཟླའོ། །རེག་གི་རྟོག་པ་མ་སྐྱེས་སེམས། །གཤིན་རྗེ་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུྃ་ཡ་མཱནྟ་ཀྲྀཏ་ཕཊ྄། ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ྄། ཅེས་བཟླའོ། །རེག་ཡུལ་ཆད་པ་མ་སྐྱེས་སེམས། །སྟོབས་ཆེན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུྃ་པྲ་ཛྙཱནྟ་ཀྲྀཏྟ་ཕཊ྄། ༀ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྷེ་ཤྭཱ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ྄། ཅེས་བཟླའོ། །རེག་དབང་བདག་འཛིན་མ་སྐྱེས་སེམས། །རྟ་མགྲིན་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུྃ་པདྨཱནྟ་ཀྲྀཏ་ཕཊ྄། ༀ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊ྄། ཅེས་བཟླའོ། །རེག་པ་མཚན་འཛིན་མ་སྐྱེས་སེམས། །བདུད་རྩི་ཡབ་ཡུམ་རང་བཞིན་ལས། །ཏིང་འཛིན་འཇོམས་པར་དབང་བསྒྱུར་ནས། །གདུལ་བྱ་མ་ལུས་མཐར་བྱེད་ཤོག །ཧཱུྃ་བྷིགྣཱནྟ་ཀྲྀཏ྄་ཕཊ྄། ༀ་མ་ཧཱ་ཀརྨ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལཱི་ནཱི་ཧཱུྃ་ཕཊ྄། ཅེས་བཟླའོ། །ང་རྒྱལ་སེམས་ཕྱིར་མ་སྐྱེས་པ། །བརྒྱ་བྱིན་དབང་པོའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །འགྲོ་བ་ལྷ་རྣམས་འདུལ་བར་ཤོག །ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ཅེས་བཟླའོ། །ཕྲག་དོག་སེམས་ཕྱིར་མ་སྐྱེས་པ། །ཐག་བཟང་རིགས་ཀྱི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །འགྲོ་བ་ལྷ་མིན་འདུལ་བར་ཤོག །ༀ་མུ་ནེ་སྲུཾ་སྭཱ་ཧཱ། ཅེས་བཟླའོ། །འདོད་ཆགས་སེམས་ཕྱིར་མ་སྐྱེས་པ། །ཤཱཀྱ་ཐུབ་པའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །འགྲོ་བ་མི་རྣམས་འདུལ་བར་ཤོག །ༀ་མུ་ནེ་ཧཱུྃ་ཏྲཱུྃ་སྭཱ་ཧཱ། ཅེས་བཟླའོ། །གཏི་མུག་སེམས་ཕྱིར་མ་སྐྱེས་པ། །སེངྒེ་དམ་བརྟན་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །འགྲོ་བ་བྱོལ་སོང་འདུལ་བར་ཤོག །ༀ་མུ་ནེ་བྲེཾ་སྭཱ་ཧཱ། ཅེས་ཟླའོ། །སེར་སྣ་སེམས་ཕྱིར་མ་སྐྱེས་པ། །ཁ་འབར་མའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །འགྲོ་བ་ཡི་དྭགས་འདུལ་བར་ཤོག །ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ཅེས་བཟླའོ། །ཞེ་སྡང་སེམས་ཕྱིར་མ་སྐྱེས་པ། །གཤིན་བུ་རྗེའི་རང་བཞིན་ལས། །ཏིང་འཛིན་ཐུབ་པར་དབང་བསྒྱུར་ནས། །འགྲོ་བ་དམྱལ་བ་འདུལ་བ་ཤོག །ༀ་མུ་ནེ་ཡེ་སྭཱ་ཧཱ། ཅེས་བཟླའོ། །གཉིས་པ་མཉམ་རྫོགས་གི་བསྙེན་པ་ལ་ཡང་། མཉམ་རྫོགས་དང་། མཉམ་རྫོགས་ཆེན་པོ་གཉིས་ལས། དང་པོ་མཉམ་རྫོགས་གི་ཚུལ་ནི། དཀྱིལ་འཁོར་མི་བསྡུ་བར་དང་པོ་རང་ཉིད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་བཟླས་པ་ནི། རང་གི་ཐུགས་ཀར་སྔགས་འཁོར་གཡས་སུ་འཁོར་ནས་སྔགས་ཀྱི་ཕྲེང་བ་རང་གི་ཤངས་ཁུང་གཡས་སུ་བྱུང་ནས་ཡུམ་གྱི་གཡོན་པ་བརྒྱུད་དེ་ཐུགས་ཀར་བསྒྲིལ་མ་གཡོན་དུ་འཁོར་ནས། ཡང་ཡུམ་གྱི་གཡས་ནས་རང་གི་གཡོན་དུ་ཞུགས་ཏེ་སྙིང་ཀར་ཐིམ། དེར་བསྒྲིལ་མ་གཡས་སུ་འཁོར་ཏེ། ཡང་སྔར་བཞིན་ནོ། །ཡབ་ཡུམ་གྱི་སྔགས་གཉིས་སྦྲེལ་ལ་བཟླའོ། །དེ་ནས་རིགས་ལྔ་ནས་རིམ་བཞིན་དུ་བསྙེན་པ་དེ་བཞིན་བྱ་ལ། ཐུབ་དྲུག་ནི་རང་རང་གི་ཐུགས་ཀར་བསྐོར་གསུང་། ཡང་ན་རང་གཙོ་བོ་ནི་དབུས་སུ་མི་འགྱུར་བར་བཞུགས་པ་ལ་སྔགས་བརྗོད་པས་སོ་སོའི་ཐུགས་ཀའི་སྔགས་ལ་འོད་ཟེར་ཤངས་ཁུང་དུ་བྱུང་ནས་རང་གི་ཐུགས་ཀར་བསྟིམ་མོ་གསུངས། ཚུལ་དེ་གང་ལའང་། དང་པོ་རྡོར་སེམས་ཡབ་ཡུམ། དེ་ནས་ཀུན་བཟང་ཡབ་ཡུམ། དེ་ནས་རིགས་བཞིའམ། ཡང་ན་དང་པོ་ལ་ཀུན་བཟང་ཡབ་ཡུམ། དེ་ནས་རིགས་ལྔ་ལ་བརྒྱ་རྩ་རེ་བཟླས་ནས། སེམས་དཔའ་ལ་དེའི་ཕྱེད། ཐུབ་པ་དང་སྒོ་བ་ལ་དེའི་ཕྱིར་ཉེར་གཅིག་རེ་བཟླའོ། །མཉམ་རྫོགས་ཆེན་པོ་ནི། ལྷ་ཡབ་རྣམས་བདག་ཡབ་ལ་བསྡུ། ཡུམ་རྣམས་ཡུམ་ལ་བསྡུ་ལ། ལྷ་སྤྱིའི་བསྙེན་པ་རང་ཉིད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས་བྱ་སྟེ། འཕྲོ་འདུ་གོང་དང་འདྲའོ། །སྔགས་ནི་རིགས་ལྔ། སེམས་དཔའ། ཁྲོ་བོ། ཀུན་བཟང་ཡབ་ཡུམ། ཐུབ་པ་དྲུག་རྣམས་སྦྲེལ་ལ་བཟླའོ། །ཡང་ན་རིམ་པར་བཟླའོ། །བསྙེན་པ་གང་ལྟར་བྱས་ཀྱང་བསྙེན་པ་ཟིན་པ་དང་། དངོས་གྲུབ་ཀྱི་རྟེན་ལ་ཡེ་ཤེས་པ་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་ཛཔ྄་ཁང་གཅིག་བསྒོམ་པའམ། ཡང་ན་ལྷ་རྟོག་གི་དུས་སུ་ཡེ་ཤེས་དམ་ཚིག་དབྱེ་ནས་དངོས་གྲུབ་ཀྱི་རྟེན་མདུན་དུ་ཡེ་ཤེས་པ་བསྒོམ་ལ། མཉམ་རྫོགས་དང་མཉམ་རྫོགས་ཆེན་པོ་གང་གི་སྐབས་སུ། བསྙེན་པ་ཟིན་པ་དང་སྔར་བདག་ལ་བསྟིམ་པའི་ཡེ་ཤེས་སེམས་དཔའ་དང་། བདག་དམ་ཚིག་གཉིས་དབྱེ་ལ་ཡེ་ཤེས་པ་མདུན་དུ་བསྒོམ་ལ། བདག་དང་མདུན་གྱི་བར་ལ་འོད་ཟེར་བསྐོར་བར་འདོད་དོ། །དེ་ནས་དམ་བླངས་པ་ནི། མདོར་ན་བསྙེན་པའི་དངོས་གྲུབ་བླངས་སྟེ། ཐུན་མཚམས་སུ་བབ་པ་དང་། མདུན་གྱི་ཡེ་ཤེས་པ་དེ་ཉིད་ལ། རྣམ་ལྔ༴ ཀུན་བཟང་༴ སྒེག་མོ་བརྒྱད། མཆོད་པ་བསྡུས་པ་ཙམ་གྱིས་མཆོད་ལ། དེ་བཞིན་གཤེགས་པ་ཀུན་གྱི་བདག །ཅེས་སོགས་ཀྱི་བསྟོད་ལ། དམ་བླང་པའི་ཚིགས་བཅད་ཀྱིས་གཞུང་ལྟར་ལན་གཅིག་བརྗོད་ལ། སྔགས་འདི་ལན་གསུམ་བརྗོད་ཅིང་། ཕྱག་རྒྱ་གནས་གསུམ་དུ་གཏུག་པས། དང་པོ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་རང་བཞིན་ཅན་གྱི་འཁོར་ལོ་དཀར་པོ་དྲིལ་བུ་ཅན་གྱི་སྤྱི་བོའི་སྐུ་རྡོ་རྗེ་ལ་ཐིམ་པར་བསམ། གསུང་ཐུགས་ལ་དེས་འགྲེས་སོ། །དེ་ནས་སེམས་དཔའ་དེ་ཉིད་ལ་བསྟིམ་མོ། །རྗེས་ཀྱི་ཆོ་ག་ལ་ལྷག་མ། དཀྱིལ་འཁོར་བསྡུ་བ། ཐུན་མཚམས་ཀྱི་རྣལ་འབྱོར་རྣམས་ཏེ། དང་པོ་ལྷག་མ་བྱེད་ལུགས་གཞུང་དུ་ཤེས་ལ། དམིགས་པས་ཁ་བསྐང་བ་ནི། བདག་གི་ཐུགས་ཀ་ནས་ཁྲོ་བོ་འདོད་པའི་རྒྱལ་མོ་དམར་པོ་གཡས་གཡོན་ཞགས་པ་ཅན་ཕྱུང་ལ། དེ་ལ་སྤྲུལ་པ་གྲངས་མེད་པ་སྤྲོས་པའོ། །སྲོག་གི་སྙིང་པོ་ཕུལ་བ་ནི། འོག་གི་ཧཱུྃ་མཛད་བཛྲ་ཌཱ་ཀ་ཌཱ་ཀཱི་ནི་ཞེས་པ་སོགས་བརྗོད་པས་ཕུལ་བར་དམིགས། རྒྱན་སྟག་ཤམ་དང་གཡང་ངོ་། །ལྷ་རྣམས་ཀྱི་ལྕེ་ལ་ཧྲཱིཿབསམ། རང་གི་ལྕེ་ལ་ཡང་ཧྲཱིཿདཀར་པོ་ལ་བདུད་རྩི་འཕྲོ་བའོ། །རིགས་ལྔའི་འཁོར་དུ་ཤར་དུ་བརྒྱད། དེ་ནས་འགྲེས་ཏེ་ཕྱོགས་བཞིར་བརྒྱད་བརྒྱད་དོ། །དེ་ལྟར་སུམ་ཅུ་རྩ་གཉིས་ནི་མོའི་ཆ་འཛིན་ལ། མཚམས་བཞི་ནི་ཕོའི་ཆ་འཛིན་ནོ། །དེ་ནས་ཕྲིན་ལས་བཅོལ་ལ། ཚར་བ་དང་བྷ་ལིང་ནང་གི་ཡི་གེ་གསུམ་རང་ལ་བསྡུའོ། ཌཱ་ཀི་རྣམས་ནི་རང་གི་བཅོལ་བའི་ལས་མྱུར་དུ་བསྒྲུབ་པར་བསམ་ལ་རང་རང་གི་གནས་སུ་གྱེས་སོ། །ཡང་ན་བསྡུའོ། །འདི་ཡན་ཆད་ནི་སྔོན་དཔལ་ཆེན་པོས་དམ་སྩོལ་བའི་འཁོར་ཡིན་ལ། བརྟན་མ་ནི། སློབ་དཔོན་པདྨས་དམ་རྩོལ་བ་ཡིན་ཏེ། དེ་ཉིད་དུ་བསྔོས་ན་བརྟན་མས་མི་ཐོབ་པས་གོམ་པ་བདུན་ཅུའམ། བདུན་ལ་སོགས་པ་ཕྱིར་བསྣུར་ལ། དེ་ཡང་ནམ་མཁའ་མཐོང་ས་ལ་མ་བཞག་ན། ནམ་མཁའི་རྒྱལ་མོ་རྡོ་རྗེ་ཏིང་ལོ་སྨན་གྱིས་མི་ཐོབ་པས། ནམ་མཁའ་མཐོང་སར་བཞག་ནས་སྨན་རག་བྲན་ལ། གཏོར་མ་ༀ་ཨཱཿཧཱུྃ་གིས་འདོད་དོན་དུ་དམིགས་ནས་བརྟན་མ་བསྐྱང་། ཚར་བ་དང་། གཏོར་མ་ཏྲཱྃ་ལས་རིན་པོ་ཆེའི་མཆོད་སྡོང་རྩེ་མོ་གསུམ་པ་རྩ་བ་ཏྲཱྃ་གིས་མཚན་པ་རྩེ་མོ་གསུམ་ལ་འབྲུ་གསུམ་གྱི་མཚན་པ་ལ། དང་པོ་བདེ་བར་གཤེགས་པ་རྣམས་ལ། གཉིས་པ་དམ་ཅན་སྲུང་མ། གསུམ་པས་འགྲོ་དྲུག་རྣམས་མཆོད་སྦྱིན་གྱིས་ཁྱབ་པར་བསམ་ལ་བསྐྱང་། བསྐྱང་དུས་སུ་ལྷ་ཚོགས་ཐམས་ཅད་ཀྱང་ཞལ་ཕྱིར་གཟིགས་པར་བསྒོམ་ལ། བཟློག་སྔགས་གང་ཤེས་འདོན། དེ་ནས་ཛྭ་ལ་བཛྲའི་སྔགས་བརྗོད་པ་ཙམ་གྱིས་རང་གི་གནས་ལྔ་ནས་མཚོན་ཆ་རྣམས་སྤྲོས་པས། གཞལ་ཡས་ཁང་གི་རྒྱབ། རྡོ་རྗེའི་རྭ་བའི་ནང་དུ་མཚོན་ཆའི་གུར་དྲུག་ལ་ཕོག །དེ་ལ་མཚོན་ཆའི་ཚོགས་འཕྲོས་པས་ལོག་པར་འདྲེན་པའི་བགེགས་རྣམས་བསྐྲད། དེ་ནས་ཡེ་དྷརྨཱ་བརྗོད་པ་ཙམ་གྱིས་ལྷ་ཚོགས་རྣམས་ཞལ་ནང་དུ་གཟིགས་པར་བསམ་ལ། མཚོན་ཆ་ཚུར་འདུས་ནས་གུར་དྲུག་ལ་ཐིམ་པས་སྲ་ཞིང་བརྟན་པར་གྱུར་པར་བསམ། དེ་ནས་རྟིང་བཤག་བྱ་བ་ནི། རང་གཙོ་བོ་གཉིས་པའི་ཚུལ་དུ་ཤར་སྒོར་གཤེགས་པར་བསམ་ལ་ལུས་ངག་ཡིད་གསུམ་གནང་འགྱོད་དང་བཅས་ཏེ། ན་མོ་བྷུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མོ་སངྒ་ཡ། ༀ། བདག་ནི་རང་རིག་ཡེ་ཤེས་བློ་དང་མ་ལྡན་པས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །བཀའ་བརྒྱུད་བླ་མའི་ཐུགས་དང་༴ ཐུགས་རྗེ༴ བདག་ནི༴ བག་མེད༴ རྡོ་རྗེ་སེམས་དཔའི་ཐུགས་དང་༴ ཐུགས་རྗེ༴ བདག་ནི༴ མ་མོ་མཁའ་འགྲོའི༴ ཐུགས་རྗེས༴ ཞེས་པ་མན་ཆད་གཞུང་བཞིན་ནོ། །དེ་ནས་ཡི་གེ་བརྒྱ་པ་འདོན། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཆོ་ག་ལྷག་ཆད་དུ་གྱུར་པའི་ཉེས་པ་དག་པའི་གནང་བ་བྱིན་པར་བསམ་ལ། རང་གཙོ་བོའི་ཐུགས་ཀར་ཡར་ལ་ཐིམ་པར་བསམ། དེ་ནས་ལྷ་ཚོགས་གཞལ་ཡས་དང་བཅས་པས་བརྗོད་པར་བསམ་ལ་བཀྲ་ཤིས་བརྗོད་དོ། །དེ་ནས་དཀྱིལ་འཁོར་བསྡུ་བ་དང་། སྤྱོད་ལམ་གྱི་ལྷ་བསྒོམ་པ་དང་། ལུས་བསྲུང་གོ་བགོ་ལུགས་ནི། སངས་རྒྱས་གསང་བས། ཞི་བའི་རྒྱ་གཞུང་ལས། རང་སྣང་དབྱེར་མེད་དཀྱིལ་འཁོར་དུ། །ཐུགས་ཀྱི་དཀྱིལ་འཁོར་ཉིད་ལ་བསྡུ། །ཧཱུྃ་ཧཱུྃ་ཞེས་ནི་རབ་བརྗོད་པས། །ཆོས་ཀྱིས་དབྱིངས་སུ་ཐིམ་པར་འགྱུར། །དེ་ནས་སྙིང་པོ་དྲན་ཙམ་གྱིས། །ཕྱག་རྒྱ་ཆེན་པོ་གསལ་གྱུར་ནས། །གོ་བགོ་མཚམས་བཅད་ལུས་བསྲུང་སྟེ། །དེ་ནས་རྣལ་འབྱོར་ཆེན་པོ་ཡི། །འགྲོ་ཉལ་འདུག་སྡོད་བཞི་པོར་ནི། །སྲོག་གི་ཕྱིར་ཡང་མི་གཏོང་ཞིང་། །སྤྱོད་ལམ་ཀུན་ཏུ་མ་ཉམས་པར། །བདག་ཉིད་ཆེན་པོ་བརྟེན་པར་བསྒོམ། །ཞེས་གསུངས་པས། ཐོག་མར་དཀྱིལ་འཁོར་བསྡུ་བ་ནི། རིམ་གཅིག་ཅར་གཉིས་ལས། གཅིག་ཆར་ལྟར་ན། ཧཱུྃ་ཧཱུྃ་ཞེས་བརྗོད་པས། བསམ་ཡས་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར་ལ་བསྡུ། དེ་ནས་རིམ་གྱིས་གཙོ་འཁོར་རྣམས་རིགས་བཞིར་བསྡུས་ཏེ། གཙོ་བོ་ལ་བསྟིམ། གཙོ་བོ་ཡང་ཡེ་ཤེས་སེམས་དཔའ་ནས། ཕྱག་མཚན་ནས། ཧཱུྃ་ནས། ཐིག་ལེ་ནས་ཆོས་ཀྱི་དབྱིངས་སུ་བསྟིམ་མོ། །གཞལ་ཡས་ཁང་བརྟེན་དང་བཅས་པ་ཡང་ལྷ་དང་དུས་མཉམ་དུ་ཉི་མ་ཐལ་བ་དང་། ཟེར་མི་སྣང་བ་བཞིན་དུ་བསྡུའོ། །ཡང་ན་རིམ་བསྡུས་བྱ་སྟེ། དེ་བཞིན་གཤེགས་པ་སྐུའི་རིགས་རྣམ་སྣང་ལ་བསྡུ། རིགས་གསུམ་པོ་དེས་འགྲེས་ཏེ། ཐུབ་དྲུག་དང་ཀུན་བཟང་ཡབ་ཡུམ་གཙོ་བོ་ལ། རིགས་བཞི་པོ་ཡང་གཙོ་བོ་ལ་བསྡུད་ནས་སྔར་དང་འདྲའོ། །འདིར་ལས་དང་པོ་པས་རིམ་སྡུད་བྱས་ན་འཐད་གསུང་། སྤྱོད་ལམ་གྱི་ལྷ་བསྒོམ་པ་ནི། ཧཱུྃ་བཛྲ་དྷྲིཀ྄་ཞེས་པས། ཧཱུྃ་ལས་རྡོ་རྗེ། དེ་ལས་རྡོ་རྗེ་སེམས་དཔའི་སྐུ་བསྲུང་འཁོར་ནས་བཤད་པ་ལྟར་རིམ་གྱིས་བསྒོམ་པའམ། ཡང་ན་གཅིག་ཆར་དུ་རྡོ་རྗེ་སེམས་དཔའི་སྐུར་བསྒོམ། རིགས་ལྔས་དབུ་བརྒྱན། སྐུ་གསུང་ཐུགས་བྱིན་གྱིས་བརླབས། སེམས་དཔའ་སུམ་བརྩེགས་དང་ལྡན་པར་བྱས་ནས། བཛྲ་རཀྵ་ཧཾ་ཞེས་པས་ལུས་རྡོ་རྗེའི་ཁྲབ་ཞུབ་ལྷུབ་དུ་གཡོག་པར་བྱས་ནས། རྐང་པའི་མཐེ་བོང་གཉིས་ནས་རྡོ་རྗེའི་རྒྱུན་ཐག་ཟུང་རེ་རེ་བྱུང་ནས། རྐང་ཚིག་གཉིས་ཀྱི་རྒྱབ་པུས་མོ་འོག །དཔྱི་མིག་གཉིས། དེ་ནས་མདུན་རྒྱབ་ཏུ་ཁྱེར་བ་ལས། ཐུགས་ཀ་དང་པོ་འདུལ་གཉིས། དེ་ནས་དཔུང་མགོ་གཡས་གཡོན། དེ་ནས་སྣ་ཡ་རེ་རེ་མར་ལ་འགྲོ་ནས་ལག་པའི་མཐེ་བོང་གཉིས་ནས་ཡར་ལ་ལག་ཚིག་གི་ནང་གྲུ་ཚུག་གི་རྒྱབ་གཉིས་ནས། དཔུང་མགོ་ནས་རྒྱུན་ཐག་གཉིས་བསྡམ་ནས། ལྟག་པ། དེ་ནས་དཔྲལ་བ་རྣམས་སུ་རྡོ་རྗེ་རྒྱ་གྲམ་གྱིས་མདུད་པ་རེ་རེ་བྱས་པར་བསྒོམ། རང་གི་འཛུབ་མོ་གཡས་ན་ཧཱུྃ་ནག་པོ། གཡོན་ན་ཨ་དམར་པོ་བསམ་མོ། །རྒྱུན་ཐག་གིས་སྣ་ཁྲིད་པ་ལྟར་བྱས་ནས། འཛུབ་མོ་གཡས་ལ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དུ་བསམ། སྐུ་མདོག་ནག་པོ་གཡས་རྡོ་རྗེ། གཡོན་ཕག་རྒོད་ཀྱི་མཆེ་བ་ཐོགས་པ་ཅན་འཛུབ་མོ་གཡོན་ལ་བདུད་རྩི་ཐལ་སྦྱོར་དམར་པོ་བསམ་པ་ལས་གཡས་རལ་གྲི་གཡོན་ཞགས་པ་ཅན་བསྐྱེད་ལ། འཛུབ་མོ་གཉིས་ཚིག་མདོ་བཅུ་དྲུག་ཏུ་གཏུག་པས་ཁྲོ་བོ་ཟུང་རེ་རེ་སྟེ་སུམ་ཅུ་རྩ་གཉིས་བྱུང་བར་བསྒོམ། རྒྱུན་ཐག་གི་རྩེ་མོ་སྨིན་མཚམས་སུ་ཡོད་པའི་སྣེ་མོ་ལ་དར་མཐིང་ཀའི་ཅོད་པཎ་ཡོད་པར་བསམ། འདི་ལུས་སྲུངས་གོ་བགོ་འབྲིང་པོའི་ལུགས་ཡིན་ནོ། །རྒྱས་བསྡུས་གཉིས་ལོགས་སུ་ཤེས་སོ། །དེ་ནས་འདིར་ཐུན་བསྐྱེད་ལུགས་དང་། ཞི་ཁྲོ་མཚམས་སྦྱོར་ཐབས་རྣམས་བཤད་དེ། དང་པོ་ནང་པར་ཐུན་མགོ་ལ་མཚམས་བཤགས་ནས་བཟུང་སྟེ་ལྷ་བསྒོམ་མཆོད་བསྟོད་ཚར་ནས་ཉིན་ཕྱེད་ལ་མ་ཕྱིན་གྱི་བར་དུ་བསྙེན་པ་བྱ། ཉིན་ཕྱེད་ལ་བབ་པ་དང་། དམ་བླངས། ལྷག་མ་བྱ། བརྟེན་མ་བསྐྱང་། དལ་བསྡུ། ཐུན་མཚམས་བྱའོ། །ཡང་བྷ་ལིང་བཤམས་ནས་དེ་བཞིན་ཉིད་ནས་བཟུང་སྟེ་ལྷ་བསྒོམ་མཆོད་བསྟོད་ཚར་ནས། ཉི་མ་དམར་ཐག་མ་ཆད་ཀྱི་བར་དུ་བཟླས་པ་བྱ། དམར་ཐག་ཆད་པ་དང་། དམ་བླང་བའི་སྟེང་ལ་ཏིང་ངེ་འཛིན་བསྣན་ཅེས་པས། མངོན་རྟོགས་གསལ་གདབ་བྱ་སྟེ། དེ་ནས་ཡེ་ཤེས་པ་བསྟིམ་པ་ལ་སོགས་མཆོད་བསྟོད་ཚར་བ་དང་ལྷག་མ་བྱ། གཏོར་མ་བསྐྱང་ངོ་། །དལ་བསྡུའོ། །དེ་ནུབ་སྲོད་ནས་ལམ་ནམ་གྱིས་བར་བྱེད་ཚུལ་དེ་རིང་ལྟར་བྱའོ། །དེ་ལྟར་ཉི་ཞག་འཕྲུག་གཅིག་ལ་སྔོན་འགྲོ་ཚར་གཉིས། ལྷ་བསྐྱེད་པ་ཐུན་བཞི། བཟླས་པ་ཐུན་བཞི། མཆོད་པ་ཐུན་དྲུག །དཀྱིལ་འཁོར་བསྡུ་བ་ལན་བཞིའོ། །ཡང་མཚམས་ཤིན་དུ་དམ་ནས་རྒྱུན་དུ་བསྒོམ་ན་ཉིན་ཕྱེད་ཀྱིས་ལྷག་མ་ཚར་ནས་དལ་མི་བསྡུ་བ་དང་ཡང་གཏོར་མ་བཤམས་པ་དང་། མངོན་རྟོགས་གསལ་གདབ་ནས་སྤྱན་འདྲེན་ལ་སོགས་གཞུང་བསྲང་ནས་བཟླས་པ་བྱ་སྟེ། ཉི་མ་ཐལ་ནས་དལ་བསྡུའོ། །དོ་ནུབ་ཡང་དེ་རིང་ལྟར་བྱའོ། །དེ་ནས་མཚམས་སྦྱོར་ལ་ཆེ་འབྲིང་ཆུང་གསུམ་སྟེ། ཆེན་པོ་ནི། ཞི་བའི་དལ་བསྐྱེད་མཆོད་བསྟོད་ཚར་ནས། དཀྱིལ་འཁོར་རིམ་གྱིས་བསྡུ་བའི་སྟོང་ཉིད་དེའི་ཐོག་ནས་ཁྲོ་བོའི་དེ་བཞིན་ཉིད་བསྒོམ་པ་སྤྲད་ནས། བསྐྱེད་རྫོགས། མངོན་རྫོགས། དབང་རྫོགས་གསུམ་གང་རུང་དུ་བསྒོམ་ཀྱང་། ལས་དང་པོ་བས་དབང་རྫོགས་བསྒོམ་ན་འཐད་གསུང་། མཚམས་སྦྱོར་འབྲིང་པོ་ནི། ཞི་བའི་བཟླས་པ་ཚར་ནས། ལྷ་རྣམས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་བསྡུ། ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐུལ་བའམ། སྔགས་ཚར་གཅིག་བརྗོད་པས་རྡོ་རྗེ་སེམས་དཔའ་ཡབ་ཡུམ། བཛྲ་ཧེ་རུ་ཀ་ཡབ་ཡུམ་དུ་བསྐྱེད་ལ་དཀྱིལ་འཁོར་མངོན་རྫོགས་ལྟར་བསྒོམ་པའོ། །མཚམས་སྦྱོར་ཆུང་བ་ནི། ཞི་བའི་དལ་མ་བསྡུས་པར་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐུལ་བའམ། ཡང་ན་ཁྲོ་བོ་སུམ་ཅུའི་སྔགས་བརྗོད་པས་རྟེན་གཞལ་ཡས་དང་བརྟེན་པ་ལྷ་གཅིག་དུས་གཅིག་དུ་བསྒྱུར་སྟེ། རིན་པོ་ཆེའི་གཞལ་ཡས་ནི། དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་བསྒྱུར། རིགས་ལྔ་ཡབ་ཡུམ་བཅུ། ཁྲག་འཐུང་ཡབ་ཡུམ་བཅུ། སེམས་དཔའ་བརྒྱད། ཀ་རཱི་བརྒྱད། སེམས་མ་བརྒྱད། སེངྷ་བརྒྱད། སྒོ་བ་ཡབ་ཡུམ་བརྒྱད། སྒོ་མ་བཞི། ཀུན་བཟང་ཡབ་ཡུམ་དང་ཐུབ་དྲུག་ནི། བཛྲ་ཁྲག་འཐུང་ལ་བསྡུ། དེ་ནས་ཡེ་ཤེས་པའི་དབང་དང་། བྱིན་གྱིས་བརླབས་པའི་ལྷ་ལྔ་དང་། ཐུགས་ཡེ་ཤེས་སེམས་དཔའ་གསུམ་བརྩེགས་རྣམས་བསྒོམ། དབང་ཕྱུག་མ་རྣམས་ཁྲོ་བོ་རང་གཞུང་བཞིན་དུ་བསྒོམ་ལ། དེ་ནས་སྙན་གསན་དབབ་པ་ནས་བཟུང་སྟེ། བཟླས་པ་ཡན་ཆད་ཚར་ནས། ཞི་བ་དང་ཁྲོ་བའི་ལྷག་མ་ནི། ཕྱིས་དུས་གཅིག་བྱེད་པས་ཆོག་གསུངས་སོ། །ཞི་བ་དང་ཕུར་བ་ལ་སོགས་ཁྲོ་བོ་གཞན་དང་མཚམས་སྦྱར་ན། མཚམས་སྦྱོར་ཆེན་པོ་ལྟར་དུ་བྱ་གསུངས། དཀྱིལ་འཁོར་ནུབ་རེ་ལྟར་དུ་བསྒོམ་རེས་བྱེད་ན་ཡི་དམ་ལྷ་ལ་སྤངས་བླང་མི་འགྱུར་བའི་ཐབས་ལ། རང་རང་གི་མཆོད་བསྟོད་ཚར་ནས། བསྙེན་པ་བྱེད་ཁ་ལ་སྔར་ནུབ་གང་བསྒོམ་གྱི་ལྷ་སྤྱན་དྲངས་ལ། ལྷ་ལ་ལྷ། ཐུགས་མཚན་ལ་ཐུགས་མཚན། གསུང་ཡིག་འབྲུ་ལ་གསུང་ཡིག་འབྲུ། སྔགས་འཁོར་ལ་སྔགས་འཁོར་བསྟིམ་ནས། དེ་ནས་དོ་ནུབ་ཀྱི་ལྷ་གང་ཡིན་གྱིས་བཟླས་པ་བྱའོ། །དེ་ལྟར་དུ་མཚམས་སྦྱར་ན། སྤངས་བླངས་སུ་མི་འགྱུར་བའི་ཐོག་ནས། ནུས་པ་ཤིན་དུ་ཆེ་བར་གསུངས་སོ། །སྒྱུ་འཕྲུལ་ཞི་བའི་བསྒོམ་ཁོག །ལས་རིམ་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི། གསང་སྔགས་རྡོ་རྗེ་འཛིན་པ་ཡེ་ཤེས་རྒྱལ་མཚན་གྱིས་བུ་འབོར་རི་ཁྲོད་དུ་སྦྱར་བ་རྫོགས་སོ།། །།

སྒྱུ་འཕྲུལ་ཁྲོ་བོའི་ལས་རིམ་གསལ་བར་བྱེད་པ་གསེར་གྱི་ཕྲེང་བ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན།

སྒྱུ་འཕྲུལ་ཁྲོ་བོའི་ལས་རིམ་གསལ་བར་བྱེད་པ་གསེར་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །དཔལ་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བསྒྱུར་བ་ཁྲག་འཐུང་གི་དཀྱིལ་འཁོར་འདི་ཉམས་སུ་ལེན་པར་བྱེད་པ་ལ། སྦྱོར་བ་དང་། དངོས་གཞི། རྗེས་གསུམ་མོ། །སྦྱོར་བ་སྔོན་འགྲོའི་ཆོས་ནི་ཞི་བ་དང་མཚུངས་ལ། དངོས་གཞི་ལ། དབང་རྫོགས་དང་། མངོན་རྫོགས་དང་། བསྐྱེད་རྫོགས་གསུམ་མོ། །དེ་ལ་དང་པོ་དབང་རྫོགས་ཉམས་སུ་ལེན་པ་ལ། སེམས་བསྐྱེད་དང་། དངོས་གཞི་ངོ་བོ་གཉིས། དང་པོ་སེམས་བསྐྱེད་ནི། བདག་དང་མཐའ་ཡས་པའི་སེམས་ཅན་རྣམས་ནི། ཡེ་གདོད་མ་ནས་སངས་རྒྱས་ཡིན་མོད་ཀྱང་མ་རྟོགས་པའི་དབང་གིས་འཁོར་བ་ལ་འཁྱམས་པ་རྣམས། བྱང་ཆུབ་མཆོག་སངས་རྒྱས་ཐོབ་པའི་ཆེད་དུ་ཁྲོ་བོ་སྣང་བ་དམ་པ་རྒྱན་གྱི་དཀྱིལ་འཁོར་བསྒོམ་པར་སེམས་བསྐྱེད་དོ། །གཉིས་པ་དངོས་གཞི་ལ་ཏིང་ངེ་འཛིན་རྣམ་པ་བཞི་སྟེ། དང་པོ་དེ་བཞིན་ཉིད་ཀྱིས་ཏིང་ངེ་འཛིན་ནི། ཨེ་མ་ཅེས་པ་སྐྱེ་བ་མེད་པ་ལ་ངམ། ངོ་མཚར་ཅེས་པ་ཐམས་ཅད་སྐྱེས་པ་ལ་ངམ། རྨད་ཀྱིས་ཆོས་ཅེས་པ་སྐྱེས་པ་ཉིད་ནས་སྐྱེ་བ་མེད་པ་ལ་ངམ་པའོ། །དེ་དག་ཚོགས་གཉིས་ཡང་དག་པར་རྫོགས་པའི་སས་རྒྱས་ཀུན་གྱི་ཐུགས་ཀྱི་གནག་བྱ་ཡིན་པས་ན་གསང་ངམ། ཆོས་ཉིད་སྐྱེ་བ་མེད་པ་ཡིན་པ་ལས་ཀུན་རྫོབ་ཏུ་ཐམས་ཅད་སྐྱེས་པ་ལྟར་སྣང་། སྐྱེས་པའི་དུས་དེ་ཉིད་ནའང་ཆོས་ཉིད་སྐྱེ་བ་མེད་པ་ལས་མ་གཡོས་པ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་གཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ། །གཉིས་པ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ནི། དེ་ལར་སྟོང་པ་དེ་བཞིན་ཉིད་དུ་རྣལ་འབྱོར་པའི་དགོངས་པ་ལ་རབ་ཏུ་གསལ་བ་ཡུལ་གྱི་མི་འཕྲོགས་པས། གདངས་འགག་མེད་ཀྱི་རྩལ་ལས་སྙིང་རྗེའི་ཡུལ་ནི་མ་རྟོགས་པའི་སེམས་ཅན་སྟེ། དེ་རྣམས་ལ་སྙིང་རྗེ་བསྒོམ་པར་བྱ་བ་ཡང་ཡུལ་སེམས་གཉིས་སུ་མི་སྣང་བར་ཤར་བ་ནི། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ནོ། །གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། དེ་ལྟར་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་རིག་པ་ཧཱུྃ་མཐིང་ནག་གདང་སོལ་བཅག་པའི་མདོག་འདྲ་བར་ངེས་པར་སྣང་བ་དེ་ལ་ནི་རྡོ་རྗེ་ནག་པོ་རྩེ་དགུ་པ་ཁྲོ་ཞལ་བཅུ་དྲུག་དང་ལྡན་པ་བསྐལ་པའི་མེ་འབར་བ། ཧེ་རུ་ཀའི་ཕྱག་མཚན་ཡིན་པས་ཆེ་ཞེས་བྱའོ། །ཡང་ན་ངེས་པ་ལ་བཞི་སྟེ། ཁ་དོག་ངེས་པ་མཐིང་ནག །ཡིག་འབྲུ་ངེས་པ་ཧཱུྃ། རིགས་སུ་ངེས་པ་ཐུགས། ཕྱག་མཚན་དུ་ངེས་པ་རྡོ་རྗེའོ། །རྡོ་རྗེ་དེ་ལས་དཔལ་ཆེན་ཀུན་བཟང་ཧེ་རུ་ཀ་སྐུ་མདོག་མཐིང་ནག །གྱིས་མ་ཐེམ། ཆུ་སྲིན་གྱིས་ཡ་ཐེམ། སྦྲུལ་ནག་གི་སྒོ་འདན། ཞིང་གཤགས་པའི་སྒོ་ལེབ་ལ་རྐང་གིས་སྒོ་སྲོག་བྱས་པ། རྣམ་ཐར་བརྒྱད་ཆོས་ཉིད་དུ་ཤར་བའི་རྟགས་སུ། ལྷ་ཆེན་བརྒྱད་ཀྱིས་ནང་གི་ཀ་བ་བྱས་པ་ནི། སྦལ་པ་སེར་པོ་བརྒྱད་ཀྱིས་སྟེང་དུ་ཞིང་སྨུག་པོ་བརྒྱད་ཁ་ཕྱིར་བལྟས་ལ་ཡང་ནས་ལགས་མགོ་ཐོག་ཏུ་བྱས་ནས་ཀ་བའི་དཔལ་ཁའི་ཚུལ་དུ་བྱས་པ། ཉོན་མོངས་མ་སྤང་ཡེ་ཤེས་སུ་ཤར་ནས་དེ་ཉིད་རྒྱན་དུ་སྣང་བའི་རྟགས་སུ། ཀླུ་ཆེན་བརྒྱད་ཀྱིས་སྟེང་གི་གདུང་མ་བྲེས་པ་ནི། སྟོད་མི་སྨད་སྦྲུལ་མཇུག་དཀྱིལ་དུ་མདུད་ནས་མིག་མང་རིས་སུ་བྲིས་པ་ལ་ཕྱག་རྒྱ་དབལ་ཁའི་བར་དུ་བཞག་པ། ལྷག་པའི་ཡེ་ཤེས་ཅིར་ཡང་འཆར་བའི་རྟགས་སུ། གཟའ་ཆེན་པོ་བརྒྱད་ཀྱིས་ཁ་བད་ལྡིང་བ་ནི། བརྩིགས་པའི་ཐོག་གི་ཕ་གུ་སེར་པོའི་ནང་། འདོད་སྣམ་དམར་པོའི་སྟེང་དུ་ཞིང་གིས་ཀ་ཐུང་ཉེར་བརྒྱད་ཀྱི་ས་བར། རུས་ཆེན་གྱིས་ཀྲ་རྩེ་སྦྲེལ་བའི་ཐོག་ཏུ་སྟོད་མི་སྨད་སྦྲུལ་དུ་ཡོད་པ་བརྒྱད་མགོ་ཟུང་བཞིར་བསྣོལ་ལ་མཇུག་མ་ལོགས་སུ་བསྣོལ། རྒྱུ་སྐར་ཉེར་བརྒྱད་ཀྱིས་ཕྱམ་རྩ། གནོད་སྦྱིན་ཉེར་བརྒྱད་ཀྱིས་ཕྱམ་རྩེ་བྱས་པ། ཞིང་ཆུང་གིས་དྲལ་དྲབ་བྱས་པ། མཾ་ས་དང་དྲི་ཆེན་གྱིས་ཐོག་འདག་བྱས་པ། གསང་སྔགས་ཀྱི་སྒྲས་མི་མཐུན་པ་ཐམས་ཅད་དཔའ་བཀོང་ཞིང་གཅིག་ཆར་རུ་གཅོད་པའི་རྟགས་སུ། རྟ་བབ་གཞན་ཞི་བ་དང་མཐུན་པ། འབྲུག་གིས་རི་དྭགས་ཀྱིས་སྐན་སྒྲ་སྒྲོགས་པ། སྤྲུལ་པའི་འཕྲོ་འདུ་རྒྱུན་མི་ཆད་པའི་རྟགས་སུ། གནམ་ལྕགས་ཀྱི་ཐོག་སེར་འབབ་པ། ཐུགས་རིག་པ་ཉིད་བདུད་བཞི་ལས་རྒྱལ་བའི་རྟགས་སུ། ཞིང་གི་རྒྱལ་མཚན་དང་། ཆོས་ཐམས་ཅད་སྐུ་གསུང་ཐུགས་སུ་སྟོན་པའི་རྟགས་སུ། བ་དན་རྩེ་གསུམ་པས་བརྒྱན་པ་ནི། མདའ་ཡབ་མིའི་གྲུ་ཚུག་དང་པུས་མོ་ཕན་ཆད་བསྒྲིག་པའི་སྦྲུལ་ནག་གིས་སབ་སྲོག །མིའི་རྒྱུ་མ་ཚིལ་ཆེན་གྱིས་གཡོས་པའི་བཙིགས་པའི་རྩ་བ་ཐོད་རློན་གྱིས་མནན་པ་ལ་ནི་ད་རུ་ཀད་ཀྱིས་མདའ་ཡབ་ཅེས་བྱ། དེའི་ནང་ན་དཔལ་ཆེན་པོའི་མདའ་ཡབ་ཅེས་བྱ་སྟེ། ཞིང་བཅུ་དྲུག་ཕྱོགས་བཞི་ལ་བཞི་བཞི་དེའི་བར་ན་ཞིང་གིས་བ་དན་རྩེ་གསུམ་པས་བརྒྱན་པ། སྔོན་གྱི་སྨོན་ལམ་གྱི་ཤུགས་དང་མ་བྲལ་བའི་རྟགས་སུ། བསྐལ་པའི་རླུང་ནག་འཚུབས་པ། ལྷག་པའི་ཡེ་ཤེས་ཀུན་ནས་ཀུན་ཏུ་འབར་བའི་རྟགས་སུ། ཡེ་ཤེས་ཀྱི་མེ་རི་འབར་བ། ཆོས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་སུ་འཆར་བའི་རྟགས་སུ། རྡོ་རྗེའི་ཐོག་མདའ་འཕྲོ་བ། ཐུགས་རྗེའི་ཆགས་པ་དང་མ་བྲལ་བའི་རྟགས་སུ། ཁྲག་གི་ཞམ་ཆུ་འབབ་པ། དངོས་པོ་ཐམས་ཅད་སེམས་སུ་གསལ་བའི་རྟགས་སུ། ཙིཏྟའི་ཕོལ་འཕྱོང་དང་། དུག་གསུམ་གནས་སུ་དག་པའི་རྟགས་སུ། སྦྲུལ་ནག་གི་ཟུ་ར་ཚག་གིས་བརྒྱན་པ་ནི། རྒྱུ་སྐར་རེ་རེའི་ཞལ་ནས་སྦྲུལ་གཉིས་གཉིས་བཟུང་བའི་རྔ་མ་གཉིས་ཀྱི་བར་ན་ཞིང་ལག་ཡོད་པའི་དྲྭ་ཕྱེད། གཡས་གཡོན་གྱི་སྦྲུལ་མགོ་གཉིས་དེས་ཙིཏྟ་རེ་རེ་བཟུང་བ་དང་རྒྱུ་མའི་དྲྭ་ཁུགས་སོ། །ཡང་ན་ཟ་ར་ཚག་ནི་ཀ་བ་བརྒྱད་ལ་སྦྲུལ་གྱིས་སག་དར་རིས་སུ་དཀྲིས་པའི་མགོ་རྣ་བ་ཕར་ཚུར་ལ་གདེང་བ། རྔ་མ་པུས་མོའི་མགོ་ལ་གདེང་བར་འདོད་དོ། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྟགས་སུ། ཉི་ཟླའི་སྐར་ཁུང་ལྡིང་བ། རང་བྱུང་ཡེ་ཤེས་ལ་ཕྱི་ནང་མ་གྲུབ་ཅིང་། ཐམས་ཅད་ཡེ་ཤེས་འབའ་ཞིག་ཏུ་སྣང་བའི་རྟགས་སུ། གཞལ་ཡས་ཁང་ལ་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པར་བསྒོམ་མོ། །དེའི་ནང་དུ་ལྟེ་བ་ཟླུམ་པོ་ཆོས་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་དེ་ཉིད་རྣམ་ཐར་གསུམ་དང་ལྡན་པའི་རྟགས་སུ། གྲུ་གསུམ་མཐིང་ནག་ཟླ་གམ་དམར་པོ་གསུམ་དང་ལྡན་པ། མེ་ལོང་ཡེ་ཤེས་ལ་སོགས་པ་ཡེ་ཤེས་བཞིར་ཤར་བའི་རྟགས་སུ། དེའི་ཕྱི་རོལ་འཁོར་ལོ་སྔོན་པོ་རྩིབས་བཞི་ལ་རང་བྱུང་ཡེ་ཤེས་ཀུན་ནས་ཀུན་ཏུ་འབར་བའི་རྟགས་སུ། མེ་རི་འབར་བ། ཆོས་ཉིད་འགྱུར་བ་མེད་པའི་རྟགས་སུ། རྩིབས་མཆན་ནག་མོ་རྡོ་རྗེའི་བྲག་གིས་གཏམས་པ། ཡེ་ཤེས་བཞིར་ཤར་བའི་དུས་སུ་ཆོས་དབྱིངས་ཡེ་ཤེས་སྤྲོས་པ་དང་བྲལ་བ་ལ་མ་གཡོས་པའི་རྟགས་སུ། །ཕྱི་རོལ་རྡོ་རྗེའི་མུ་ཁྱུད་ཀྱིས་བསྐོར་བ། ལྷག་པའི་ཡེ་ཤེས་ཀུན་ནས་ཀུན་ཏུ་རྒྱས་པའི་རྟགས་སུ། གྲུ་ཆད་བཞི་གདུལ་བྱའི་ངོ་བོ་ལ་ཡེ་ཤེས་བཞིར་ཤར་བའི་རྟགས་སུ། གློ་འབུར་བཞི་དང་ལྡན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་མཐར་ཕྱིན་པའི་རྟགས་སུ། གཞལ་ཡས་ཁང་གྲུ་བཞི་པ། རྣམ་ཐར་བཞིའམ། ཚད་མེད་བཞིའམ། བསྡུ་དངོས་བཞིས་གདུལ་བྱའི་དོན་མཛད་པའི་རྟགས་སུ། དེའི་ཕྱི་རོལ་ལྷ་སྣམ་ནང་མ་སྒོ་ཁྱུད་བཞི་དང་ལྡན་པ། རྣམ་པར་ཐར་པ་བརྒྱད་ལ་བརྟེན་ཏེ་འབྲས་བུ་ལ་སྦྱོར་བའི་རྟགས་སུ། རྟ་བབ་ཐེམ་སྐས་བརྒྱད་དང་ལྡན་པ། བདེན་གཉིས་དབྱེར་མེད་མི་ཕྱེད་པའི་རྟགས་སུ། ཕྲ་མེད་མ་དང་དབང་ཕྱུག་མའི་གདན་བར་ཁྱམ་ཕྱི་ནང་གིས་བརྒྱན་པའོ། །དེ་ནས་གདན་བཏིང་བ་ནི། དབུས་ཀྱི་གྲུ་གསུམ་ལ་རུ་ཏྲ་ཕོ་ནག །མོ་སྔོ་བ་དང་། ལྷ་ཆེན་པོ་སྔོ་སྐྱ་ཁ་སྦུབ། མོ་དམར་མོ་བྱི་ཆིངས་སུ་བསྣོལ་བའོ། །དེའི་སྟེང་དུ་སེངྒེ་བརྒྱད་ཀྱིས་རིན་པོ་ཆེའི་ཁྲི་རྐང་གི་བར་དུ་ཁ་ཕྱོགས་བཞིར་ལྟ་བ་ཕོའི་སོག་ཕྲག་མོའི་ནུ་མ་ནས་བཟུང་བ་བྱུང་ངོ་། །དེ་ནི་སེངྒེ་ཐམས་ཅད་མི་འཇིགས་པ་བཞིན་དུ་ཐུགས་མི་འཇིགས་པ་བཞིས་བདུད་བཞི་ཚར་གཅོད་པའི་རྟགས་སུ་བཛྲ་ཧེ་རུ་ཀའི་གདན་ནོ། །ཤར་ཕྱོགས་ཀྱི་འཁོར་ལོའི་རྩིབས་སྟེང་དུ་དྲི་ཟ་ཕོ་དཀར་པོ་མོ་དམར་སེར་དེའི་སྟེང་དུ་མ་ཧེ་དམར་སྐྱ་བརྒྱད་ཀྱི་ཁྲི་བྱུང་ངོ་། །དེ་ནི་མ་ཧེ་ཞོ་ཆེ་ནས་གྲོང་ཁྱེར་བརྒྱག་སོས་པ་བཞིན་དུ། སྐུ་སྟོབས་བཅུའི་སྒོ་ནས་བླངས་དོར་དང་བྲལ་བའི་ཐེག་པ་ཆེན་པོ་གཉིས་སུ་མེད་པར་སྐྱོང་པའི་རྟགས་སུ། བྷུདྡྷ་ཧེ་རུ་ཀའི་གདན་ནོ། །ལྷོ་ཕྱོགས་ཀྱིས་འཁོར་ལོའི་རྩིབས་སྟེང་དུ་གྲུལ་བུམ་ཕོ་སྔོ་ནག་མོ་སྔོན་པོའི་སྟེང་དུ་གཟིག་བརྒྱད་ཀྱི་ཁྲི་བྱུང་ངོ་། །གཟིག་ནི་རི་མོ་ཐིག་ལེར་བྱས་པ་ཉིད་ཀྱིས་མཛེས་པ་དང་འདྲ་བར། རིན་ཆེན་རིགས་མཉམ་པ་ཉིད་ཀྱི་ཡེ་ཤེས་མཐའ་གཉིས་ཀྱི་སྤྲོས་པ་དང་བྲལ་བས་འགྲོ་བའི་རེ་བ་སྐོངས་བའི་རྟགས་སུ། རཏྣ་ཧེ་རུ་ཀའི་གདན་ནོ། །ནུབ་ཕྱོགས་ཀྱི་འཁོར་ལོའི་རྩིབས་སྟེང་དུ་སྲིན་པོ་ཕོ་མོ་དམར་ནག་དེའི་སྟེང་དུ་སྟག་བརྒྱད་ཀྱི་ཁྲི་བྱུང་ངོ་། །སྟག་གི་རི་མོ་ཤད་དུ་གཅོད་པ་བཞིན་དུ། སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་ཆོས་སྤྱིའི་མཚན་ཉིད་སྟོང་ཞིང་བདག་མེད་པ་ལ་མ་ཆགས། རང་གི་མཚན་ཉིད་མི་རྟག་ཅིང་སྡུག་བསྔལ་བ་ལ་མ་ཞེན་པས། གདུལ་བྱ་རྣམས་ཚོམས་སུ་གཅོད་ནས་འདུལ་བའི་རྟགས་སུ། པདྨ་ཧེ་རུ་ཀའི་གདན་ནོ། །བྱང་ཕྱོགས་ཀྱི་འཁོར་ལོའི་རྩིབས་སྟེང་དུ་གནོད་སྦྱིན་ཕོ་མོ་ལྗང་སེར་དེའི་སྟེང་དུ་དོམ་བརྒྱད་ཀྱི་ཁྲི་བྱུང་ངོ་། །དེ་ནི་དོམ་གྱིས་དམིགས་ནས་གང་གི་ཐོགས་ཏུ་རྒྱུག་པ་ལ་བཤོལ་བ་མེད་པ་ལྟར། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་གདུལ་བྱ་འདུལ་བའི་དུས་ལ་བབ་པའི་ཚེ། འཁོར་བའི་ཆོས་གང་གིས་ཀྱང་མི་བཟློག་ཅིང་མི་འཛེམས་པའི་རྟགས་སུ། ཀརྨ་ཧེ་རུ་ཀའི་གདན་ནོ། །དགོས་འདོད་འབྱུང་བའི་རྟགས་སུ། དེ་དག་གི་བར་བར་དུ་རིན་པོ་ཆེའི་ཁྲིའི་སྟེང་དུ་མུ་ཏིག་གི་དྲྭ་བ་དང་། དེའི་སྟེང་དུ་སྐྱོན་གྱིས་མ་གོས་པའི་རྟགས་སུ་པདྨ་དང་། ཐབས་ཤེས་རབ་ཀྱི་རྟགས་སུ། ཟླ་བ་དང་ཉི་མའི་གདན་རེ་རེ་བསྒོམ་མོ། །རྩིབས་མཆན་བཞི་གྲུ་ཆད་བཞི་དང་བརྒྱད་ལ། ཞིང་བསྣོལ་མ་བརྒྱད་ཀྱི་སྟེང་དུ་ཉི་མའི་གདན་རེ་རེ་བསྒོམ་པ་ནི། གདུལ་བྱ་གདུལ་བྱེད་འབྲེལ་བའི་དཔང་དུ་སྟེང་འོག་མ་གཏོགས་པའི་ཕྱོགས་སྐྱོངས་ཕོ་མོ་བརྒྱད་བསྣོལ་བའོ། །ལྷ་སྣམ་ལ་ཞིང་རྐྱང་པ་བརྒྱད་ཀྱི་སྟེང་དུ་ཉི་མ་ནི། གདུལ་བྱ་དང་གདུལ་བྱེད་འབྲེལ་བའི་ངོས་ལྷ་སྲིན་སྡེ་བརྒྱད་ཀྱི་གཙོ་བོ་བརྒྱད་ཡིན་གསུངས། སྒོ་བཞིར་ཞིང་རྐྱང་པ་བཞིའི་སྟེང་དུ་ཉི་མ་ནི། བདུད་བཞི་ཚར་གཅོད་པའི་གདན་ནོ། །བར་ཁྱམ་ཕྱི་མ་ལ། ནང་ཞིང་ཚལ་པ་ཤར་དུ་དྲུག །ལྷོར་དྲུག །ནུབ་ཏུ་དྲུག །བྱང་དུ་དྲུག །སྒོ་བཞིར་བཞི་སྟེ། ཉི་ཤུ་རྩ་བརྒྱད་ཀྱི་སྟེང་དུ་ཉི་མའི་ཚལ་པ་རེ་རེ་བསྒོམ་པ་ནི། དབང་ཕྱུག་མ་རྣམས་སྦྱོར་ལམ་པས་མི་ནོན་པའི་ཕྱིར་རོ། །དེ་བས་ན་མཉམ་བཞག་དྲི་མ་ཅན་ཡིན། དེ་ཡང་འཁོར་བ་མཚོན་པ་ལ་ཞིང་། འདས་པའི་ཡེ་ཤེས་མཚོན་པ་ལ་ཉི་མ་སྟེ། དེ་བས་ན་མཉམ་བཞག་ལ་ངེས་ཤེས་ཡོད་པའི་འདས་མ་འདས་ཀྱིས་ས་མཚམས་ཡིན་པས་གཉིས་ཀ་ཚལ་བར་ཡོད་པའོ། །འདས་མ་འདས་ཀྱི་ས་མཚམས་ལ་བཤད་སྲོལ་མང་ཡང་། འདིར་འདི་ལྟར་དུ་བཤད་པ་དེ་འཐད་པར་སེམས་སོ། །གོང་གི་གཙོ་བོའི་གདན་གྱི་སེམས་ཅན་ལ་འདོད་གཞུང་མི་འདྲ་བ་ཁ་ཁ་ནས་མང་དུ་སྣང་ཡང་། འདིར་བཀོད་པ་ནི་སློབ་དཔོན་པདྨའི་བཞེད་པ་ཡིན་གསུངས། དེ་ནས་བདག་གི་སྲས་སུ་རྒྱལ་བ་བསྐྱེད་པའི་ཆོ་འཕྲུལ་རྟེན་པ་ལྷའི་འཁོར་ལོ་བསྒོམ་པ་ནི། རྣལ་འབྱོར་བདག་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཀྱི་རང་བཞིན་དང་བདག་གི་ལུས་ངག་ཡིད་གསུམ་དབྱེར་མེད་པས་ན་རྡོ་རྗེའི་བདག་པོ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ཁྲོ་བོ་ཐམས་ཅད་ཀྱི་རྒྱལ་པོ་འདི། གསར་དུ་བསྒོམ་པ་མ་ཡིན་ཡེ་གདོད་མ་ཉིད་ནས་སེམས་ཉིད་ཆོས་སྐུའི་ངོ་བོ་ལ་གཟུང་འཛིན་གྱི་དྲི་མས་གོས་པ་མི་སྙེད་པས། དང་ཁྲོ་ཡིན་པའི་ཕྱིར། དེའི་ཤུགས་ཀྱིས་ཁྲོ་བོ་ནི་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི་སྐུར་སྣང་བས། ཁྲོ་ཚུལ་དང་བཅས་པའི་ཁྲོ་བའི་ཆ་ལུགས་དུ་མ་དང་ལྡན་པའི་དགོངས་པ་དེ་བཞིན་ཉིད་ཀྱི་དབྱིངས་ལས་ནི། རྟགས་ཁྲོ་མོ་དབང་ཕྱུག་མངོན་ཕྱུང་ཏེ། ཅེས་པས། བདག་གི་ཐུགས་ཀ་ནས་ཡུམ་ཁྲོ་མོ་དབང་ཕྱུག་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས། གཡས་ཡབ་ལ་འཁྱུད་ཅིང་། གཡོན་པས་ཐོད་ཁྲག་བསྣམས་པ་ཕྱུང་ལ། ཡབ་ཡུམ་གཉིས་མ་ཆགས་ཐབས་ཀྱིས་རོལ་པ་མཛད་པ་ལས། ཧཱུྃ་ཧཱུྃ་ཧཱུྃ་སྐུ་གསུང་ཐུགས་གསུམ། བྷི་ཤྭ་ནི་སྣ་ཚོགས། བཛྲ་རྡོ་རྗེ་གཉིས་མེད། མ་ཧཱ་ནི་ཆེན་མོ། ཀོ་དྷ་ཁྲོ་བོ། ཛྭ་ལ་འབར་བ། མཎྜལ་དཀྱིལ་འཁོར། ཕཊ྄་ཕཊ྄་ཕཊ྄་གསུམ་སྒྲོལ་བ། ཧ་ལ་ཧ་ལ་ཧ་ལ་གསུམ་ཆོམ་ཤིག །ཧཱུྃ་སྡུད་ཅིག །སྐུ་གསུང་ཐུགས་སུ་སྣང་བ་ཕྱི་ནང་གི་ཆོས་སྣ་ཚོགས་གཉིས་མེད་ཡེ་ཤེས་སུ་དག་པ་དེ་ཉིད་གདུལ་བྱའི་ངོ་ལ་ཁྲོ་བོར་སྣང་བ། གདུལ་བྱ་གདུལ་བའི་ནུས་མཐུ་སྟོབས་དང་ལྡན་པས་བསྐལ་པའི་མེ་དཔུང་འབར་བ། དེ་དག་ཀྱང་གཅིག་ཙམ་གཉིས་ཙམ་མ་ཡིན། ཁྲག་འཐུང་སུམ་ཅུའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཀྱི་གར་ཁྱབ་པ་ཁྱབ་པའོ། །དེས་ཅི་མཛད་ན་སྐུ་གསུང་ཐུགས་ཀྱི་སྒོ་ནས་གདུལ་བྱ་རྣམས་སྒྲོལ་ཅིག་པའོ། །གདུལ་བྱ་གང་ཞེ་ན། ཁམས་གསུམ་གྱི་དུག་གསུམ་ཐམས་ཅད་ཆོམ་གཅིག་པའོ། །བཅོམ་ནས་ཅི་བྱེད་ན་དབྱིངས་སུ་སྡུད་ཅིག་པའོ། །ཅེས་བརྗོད་པས། བདག་ཉིད་དབུ་དགུ་བརྒྱ། ཕྱག་སྟོང་བརྒྱད་བརྒྱ། ཞབས་བརྒྱད་བརྒྱ། ཕྱག་ན་སྟོང་ཁམས་ཀྱི་རྡུལ་སྙེད་ཀྱི་མཚོན་ཆ་འཛིན་པར་གྱུར་རོ། །ཧཱུྃ་ཧཱུྃ་ཧཱུྃ་བྷི་ཤྭ། བྱང་ཆུབ་སེམས་ལས་ཀྱང་ཁྲོ་བོ་ཞལ་ཕྱག་ངེས་པ་མེད་པ་སྐུ་ཚད་སྟོང་གསུམ་ཙམ་ལས་གྲངས་སྟོང་ཁམས་ཀྱི་རྡུལ་ཕྲ་རབ་སྙེད་འཐོན་ཏེ། གནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཁྱབ་སྟེ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ། སྟོང་ཁམས་ཀྱི་དྲག་བྱེད་ཐམས་ཅད་ནི་བསྒྲལ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་སླར་ཕྱོགས་བཅུ་ནས་ཚུར་འདུས་པ་ལས། འབྲས་བུའི་ཁྲག་འཐུང་དུ་བཞེངས་པ་ནི། ཧཱུྃ་ཧཱུྃ་དབུས་ཀྱི་མེ་ལོང་ཡེ་ཤེས་ལས་བྱུང་བའི་ཁྲོ་ཚོགས་རྣམས་གཅིག་ཏུ་འདུས་པ་ལས་བདག་ཉིད་ལ་ཐེམ་པས། བདག་ཉིད་དབུས་སུ་བྷུདྡྷ་ཁྲག་འཐུང་སྐུ་མདོག་སྨུག་ནག་ནི། མེ་ལོང་ཡེ་ཤེས་དབང་དྲག་གི་ལས་ཀྱིས་གདུལ་བྱ་རྣམས་ཀྱི་དོན་མཛད་པའི་རྟགས། དབུ་གསུམ་ནི་རྣམ་ཐར་གསུམ་སྟེ། དབུས་ཞལ་སྨུག་པོ་སྐུ་སྟོང་པ་ཉིད། ཞལ་གཡས་དཀར་བ་ཐུགས་སྨོན་པ་མེད་པ། གཡོན་ཞལ་དམར་བ་གསུང་མཚན་མ་མེད་པ། གཡས་ཀྱི་དང་པོ་ན་འཁོར་ཡུག་ནི་ཡེ་ཤེས་རང་རྟགས་སྟེ། མེ་ལོང་ཡེ་ཤེས་ཀྱི་གདུལ་བྱའི་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །བར་མ་ན་རྡོ་རྗེ་ནི། འགགས་མེད་དུ་སྣང་དུས་ཆོས་དབྱིངས་ཡེ་ཤེས་ལས་མི་འགྱུར་བའི་རྟགས། ཐ་མ་ན་རལ་གྲི་ནི་མཉམ་ཉིད་ཡེ་ཤེས་ཀྱིས་སྣང་སྟོང་གི་མཐའ་གཉིས་གཅོད་པའོ། །གཡོན་དང་པོ་ན་བྷནྡྷ་ཁྲག་གིས་བཀང་བ་དབྱིངས་ཀྱི་ཕྱག་མཚན་སྟེ། བྷནྡྷ་དཀར་བ་ནི་ཆོས་དབྱིངས་ལ་ཉོན་མོངས་གིས་མ་གོས་པའི་རྟགས། ཟླུམ་པ་ནི་སྤྲོས་པ་དང་བྲལ་བའི་རྟགས། ནང་ཁྲག་གིས་གང་བ་ནི་མ་རྟོགས་པའི་ཁམས་གསུམ་གྱི་གཟུང་འཛིན་ནོ། །སོ་སོ་རང་རང་གི་ཕྱག་མཚན་དང་པོས་དཀྲུགས་པ་ནི། ཁམས་གསུམ་གྱི་གཟུང་འཛིན་རིག་པའི་ཡེ་ཤེས་ཀྱིས་སྦྱང་བའི་རྟགས་སོ། །ཞལ་དུ་གསོལ་བ་ནི། ཐེག་པ་འོག་མ་བཞིན་དུ་མི་སྤངས་ཡེ་ཤེས་ཀྱི་ངང་དུ་སྤྱོད་པའི་རྟགས་སྟེ་གཙོ་བོ་ལྔ་ཀ་ལ་སྦྱར་རོ། །བར་མ་ན་དགྲ་སྟྭ་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་མཐའ་གཉིས་གཅོད་པའི་རྟགས། ཐ་མ་ན་གཤོལ་ཤིང་ནི། གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པ་ཐ་རྒོད་དང་འདྲ་བ་ལ། བྱ་གྲུབ་ཡེ་ཤེས་གཤོལ་དང་འདྲ་བས་བཀློག་ཅིང་། དགེ་བའི་ལོ་ཐོག་བསྐྱེད་པར་བྱེད་པའི་རྟགས་སོ། །ཕྱག་མཚན་དེ་དག་ལ་མེ་འབར་བ། ཡུམ་བྷུདྡྷ་ཀྲོ་དྷི་ཤྭ་རི་མ་སྐུ་མདོག་སྨུག་ནག །ཞལ་གཅིག་ཕྱག་གཉིས་གཡས་ཡབ་ལ་འཁྱུད་ཅིང་། གཡོན་པས་བྷནྡྷ་བསྣམས་ཏེ་ཡབ་ལ་སྟོབས་པའོ། །ཧཱུྃ་ཧཱུྃ་ཤར་ཕྱོགས་ཀྱི་ཆོས་དབྱིངས་ཡེ་ཤེས་ལས་བྱུང་བའི་ཁྲོ་བོ་རྣམས་གཅིག་ཏུ་འདུས་པ་ལས། ཆོས་དབྱིངས་ཡེ་ཤེས་ཅིས་ཀྱང་མི་འགྱུར་བའི་རྟགས་སུ། བཛྲ་ཁྲག་འཐུང་སྐུ་མདོག་མཐིང་ནག །དབུ་གསུམ་ཕྱག་དྲུག །ཞལ་གཡས་དཀར། གཡོན་དམར་བ། ཕྱག་དྲུག་གི་གཡས་དང་པོ་ན་རྡོ་རྗེ། བར་མ་ན་འཁོར་ཡུག །ཐ་མ་ན་རལ་གྲི། གཡོན་གསུམ་མཐུན། ཡུམ་བཛྲ་ཀྲོ་ཏི་ཤྭ་རི་མ་དང་བཅས་པ། ཧཱུྃ་ཧཱུྃ་ལྷོ་ཕྱོགས་ཀྱི་མཉམ་ཉིད་ཡེ་ཤེས་ལས་བྱུང་བའི་ཁྲོ་བོ་རྣམས་གཅིག་ཏུ་འདུས་པ་ལས། མཉམ་ཉིད་ཡེ་ཤེས་ཡོན་ཏན་རྒྱས་པའི་རྟགས་སུ། རཏྣ་ཁྲག་འཐུང་སྐུ་མདོག་སེར་ནག་དབུ་གསུམ་ཕྱག་དྲུག །ཞལ་གཡས་སྔོ། གཡོན་དམར། ཕྱག་གཡས་དང་པོ་ན་རལ་གྲི། བར་ན་རྡོ་རྗེ། ཐ་མ་ན་འཁོར་ཡུག །གཡོན་གསུམ་མཐུན། ཡུམ་རཏྣ་ཀྲོ་ཏི་ཤྭ་རི་མ་དང་བཅས་པ། ཧཱུྃ་ཧཱུྃ་ནུབ་ཕྱོགས་ཀྱི་སོར་རྟོགས་ཡེ་ཤེས་ལས་བྱུང་བའི་ཁྲོ་བོ་རྣམས་གཅིག་ཏུ་འདུས་པ་ལས། སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་མཐའ་གཉིས་དབང་དུ་བསྡུ་བའི་རྟགས་སུ། པདྨ་ཁྲག་འཐུང་སྐུ་མདོག་དམར་ནག །ཞལ་གསུམ་ཕྱག་དྲུག་ཞལ་གཡས་དཀར། གཡོན་སྔོ། ཕྱག་གཡས་དང་པོ་ན་དགྲ་སྟྭ། བར་མ་ན་རྡོ་རྗེ། ཐ་མ་ན་འཁོར་ཡུག །གཡོན་དང་པོ་ན་བྷནྡྷ། བར་མ་ན་རལ་གྲི། ཐ་མ་ན་གཤོལ། ཡུམ་པདྨ་ཀྲོ་ཏི་ཤྭ་རི་མ་དང་བཅས་པ། ཧཱུྃ་ཧཱུྃ་བྱང་ཕྱོགས་ཀྱིས་བྱ་གྲུབ་ཡེ་ཤེས་ལས་བྱུང་བའི་ཁྲོ་བོ་རྣམས་གཅིག་ཏུ་འདུས་པ་ལས། བྱ་གྲུབ་ཡེ་ཤེས་ཀྱིས་གང་ལ་ཡང་ཐོགས་པ་མེད་པའི་རྟགས་སུ། ཀརྨ་ཁྲག་འཐུང་སྐུ་མདོག་ལྗང་ནག །ལྔ་ཀ་ལ་ནག་ཤས་ཡོད་པ་ནི། ཕྲིན་ལས་དྲག་པོའི་ལས་ལ་མངའ་མཛད་པའི་རྟགས་སོ། །དབུ་གསུམ་ཞལ་དྲུག །ཞལ་གཡས་དཀར་བ། གཡོན་དམར་བ། ཕྱག་གཡས་དང་པོ་ན་གཤོལ། བར་མ་ན་རྡོ་རྗེ། ཐ་མ་ན་འཁོར་ཡུག །གཡོན་དང་པོ་ན་བྷནྡྷ། བར་མ་ན་རལ་གྲི། ཐ་མ་ན་དགྲ་སྟྭ། ཡུམ་ཀརྨ་ཀྲོ་ཏི་ཤྭ་རི་མ་དང་བཅས་པ། ཡུམ་རྣམས་ནི་ཀུན་ཀྱང་སྐུ་མདོག་ཡབ་དང་མཐུན་པ། ཞལ་གཅིག་ཕྱག་གཉིས་གཡས་ཡབ་ལ་འཁྱུད་ཅིང་། གཡོན་བྷནྡྷ་དམར་ཆེན་གྱིས་བཀང་བ་ཡབ་ལ་སྟོབས་པ་ནི་དབྱིངས་དང་ཡེ་ཤེས་དབྱེ་མེད་པའི་རྟགས་སུ། སོ་སོའི་སྐུ་ལ་འཁྲིལ་བ། ཡབ་ཡུམ་ཀུན་ལ་ཆས་ཆེན་པོ་བཅུ་དྲུག་དང་ལྡན་པ་ནི། དཔལ་གྱི་ཆས་བརྒྱད་དང་། དུར་ཁྲོད་ཀྱི་ཆས་བརྒྱད་དོ། །དང་པོ་ལ་མནབ་པའི་རྒྱན་གསུམ། བྱུག་པའི་རྒྱན་གསུམ། ཐོགས་པའི་རྒྱན་གཉིས་སོ། །དང་པོ་སྐུ་སྟོང་གླང་ཆེན་ཀོ་རློན་ནི། ཐེག་པ་མཆོག་གི་རྒྱན་ཏེ། དཔལ་ཆེན་པོའི་ཐུགས་ཀྱི་དགོངས་པ་མཉམ་པ་ཉིད་ལ་འཁོར་འདས་ཀྱི་ཆོས་མ་ཤོང་བ་མེད་པས། དེའི་ངང་ལ་གདུལ་བྱ་རྣམས་སྐྱོང་བའི་རྒྱན་ནོ། །སྟག་གིས་ཤམ་ཐབས་ནི། དཔའ་གཏུམ་ཟ་བྱེད་ཀྱི་རྒྱན་ཏེ། སྟག་རིགས་ཀྱིས་དཔའ་བ་དང་། གཟན་ལ་བབ་པའི་དུས་སུ་གཏུམ་པ་དང་། ཟ་བའི་དུས་སུ་ཤ་རུས་མི་ཕྱེད་པར་ཟ་བ་བཞིན་དུ། དཔལ་ཆེན་པོའི་ཐུགས་མཉམ་པ་ཉིད་ཀྱི་རིག་པའི་ཡེ་ཤེས་ཀྱིས་གདུལ་བྱའི་ཉོན་མོངས་པ་རྣམས་སྐད་ཅིག་ལ་འཇོམ་པའི་མཚན་ཉིད་དང་ལྡན་པས་དཔའ་བ་དང་། གདུལ་བྱ་འདུལ་བའི་དུས་ལ་བབ་པའི་ཚེ། མི་མཐུན་པའི་ཕྱོགས་གང་གིས་ཀྱང་བཟློག་ཏུ་མེད་པའི་གཏུམ་པ་དང་། ཐེག་པ་འོག་མ་བཞིན་དུ་སྒྲིབ་པ་རྣམས་རིམ་གྱིས་བསལ་རྒྱུ་མེད་དེ། སྣང་མུན་གྱིས་དཔེའོ། །ལས་ཉོན་ཤེས་བྱའི་སྒྲིབ་པ་གསུམ་དུས་གཅིག་ཏུ་འཇོམ་པས་ཟ་བའོ། །སྟག་ལ་རི་མོ་མཚམས་སུ་བཅད་ནས་ཤད་དུ་ཡོད་པ་བཞིན་དུ། གདུལ་བྱ་འདུལ་བའི་དུས་སུ་ཉུང་ངུ་མ་ཡིན་པར་མང་པོར་མཚམས་སུ་བཅད་པའི་རྟགས་སུ་སྟག་ཤམ་མོ། །ཞིང་གིས་གཡང་གཞི་ནི། ཚུལ་ཁྲིམས་གོས་ཀྱི་རྒྱན་ཏེ། ཤི་ནས་རོ་ལ་བླང་དོར་མེད་པ་བཞིན་དུ། དཔལ་ཆེན་པོས་གདུལ་བྱ་འདུལ་བ་ལ་ནི་འདུལ་མི་འདུལ་གྱིས་བླངས་དོར་མེད་པ་དང་། མི་མ་ཤིའི་བར་ལ་ཚུལ་ཁྲིམས་བཅས་ཞིག་ཡོད། ཤི་བ་དང་ཚུལ་ཁྲིམས་དང་བྲལ་བ་བཞིན་དུ། དཔལ་གྱི་ཐུགས་མཉམ་པ་ཉིད་ཀྱི་ངང་ལ་སྐྱེ་འཇིག་མ་གྲུབ་ཚུལ་ཁྲིམས་མཉམ་པ་ཉིད་དུ་རྫོགས་པའི་རྟགས་སོ། །བྱུག་པའི་རྒྱན་གསུམ་ལས། དང་པོ་རཀྟའི་རྒྱན་ནི། ར་རཱ་ག་ན་ཆགས་པ་སྟེ། དགོངས་པ་ཆོས་ཀྱི་སྐུ་དང་མི་ཕྱེད། ཐུགས་རྗེ་ཆོས་ཐམས་ཅད་དང་མི་ཕྱེད་དེ། དེ་ཉིད་མཐའ་གཉིས་དང་བྲལ་བས་མ་ཆགས་པདྨ་སྤྱན་གྱིས་སའོ། །ཐལ་པ་ནི། མི་ཤི་རོ་བསྲེགས་ཐལ་བར་སོད་ནས་ལྡང་དུ་མེད་པ་བཞིན། ཐུགས་མཉམ་ཉིད་ཀྱི་ངང་ལ་འཁོར་འདས་ཀྱི་ཐ་སྙེད་རྡུལ་རྩམ་ཡང་མ་དམིགས་པས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའོ། །ཞག་ནི་རུས་པའི་དཀྱིལ་ན་ཡོད་པའི་བཅུད་མངོན་དུ་འབྱིན་པ་ལྟར། ཆོས་ཐམས་ཅད་ཀྱི་ཁོང་ན་གབ་པའི་དོན་དམ་པ་ཀུན་ཏུ་སྣང་བས་ཀུན་ཏུ་འོད་ཀྱི་སའོ། །ཐོགས་པའི་རྒྱན་གཉིས་ལས། དབྱིངས་ཡེ་ཤེས་ཀྱི་རྒྱན་ནི། སྙན་གོང་གཡས་ན་ཡེ་ཤེས་ཀྱི་རྒྱན་ཉི་མ། གཡོན་ན་དབྱིངས་ཀྱི་རྒྱན་ཟླ་བའོ། །སྐུ་གསུམ་ལྷུན་གྲུབ་ཐོད་པའི་རྒྱན་ནི། དབུ་ལ་སྐམ་པོ་ལྔ་ནི་ཆོས་སྐུ་ཡེ་ཤེས་ལྔ་དང་ལྡན་པའི་རྟགས། དཔུང་པ་ལ་ར་རི་དང་ཁྲལ་ཁྲོལ་སྤྲུལ་སྐུ་སྟེ། ལ་ལ་ན་རུས་པ་མངོན་པ་ནི། ཆོས་སྐུ་མངོན་དུ་བྱས་པའི་རྟགས། ལ་ལ་ན་ཤ་འབྱར་བ་ནི། ཐུགས་རྗེས་གདུལ་བྱ་དང་ཡུལ་གཅིག་པར་རོལ་བའི་རྟགས་སོ། །རློན་པ་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གི་ཕྲེང་བ་སེ་རལ་ཁར་ཐོགས་པ་ནི་ལོངས་སྐུའི་རྒྱན་སྟེ། དབང་པོ་རྣམ་ལྔ་དང་སྐྲ་དང་ཁྲག་འཛག་པ་ནི། ཉན་ཐོས་ལྟར་མ་སྤངས་པའི་འཁོར་བའི་འདོད་ཡོན་ལྔ་དང་མ་བྲལ་བའི་རྟགས་སོ། །དུར་ཁྲོད་ཀྱི་རྒྱན་བརྒྱད་ནི། དུར་ཁྲོད་བརྒྱད་ལ་ཀླུ་བརྒྱད་དབང་ཆེ། དེ་སྐུའི་རྒྱན་དུ་བྱས་པ་སྟེ། དོན་ནི་ཚོགས་བརྒྱད་རང་བྱུང་ཡེ་ཤེས་སུ་ལྷུན་གྱི་གྲུབ་པ་དང་། རྟགས་དུར་ཁྲོད་ཀྱིས་གདུལ་བྱ་ཕོ་མོ་རྣམས་ལྔར་བསྡུས་པ་སྟེ། ཀླུ་བརྒྱད་རིགས་བཞིར་འདུ་བས། དབུ་དང་སྐྲ་ལ་རྒྱལ་རིགས་དཀར་པོ། སྙན་ཆ་ལ་བྲམ་ཟེའི་རིགས་སེར་པོ། ཕྱག་ལ་རྗེ་རིགས་དམར་པོ། ཞབས་ལ་གདོལ་རིགས་ནག་པོའོ། །ཡབ་ཐབས་འགགས་མེད་མཚོན་པའི་རྡོ་རྗེའི་གཤོག་པ་ཡོད་ལ། ཡུམ་ཤེས་རབ་ཀྱིས་རང་བཞིན་ཡིན་པས་གཤོག་པ་མེད་དོ། །ཤམ་ཐབས་ཀྱང་ཤེས་རབ་ཀྱིས་རྒྱན་གཟིག་གིས་ཤམ་ཐབས་སྟེ། ཐིག་ལེ་སྤྲོས་བྲལ་མཚོན་ནོ། །གླང་ཆེན་རྐོ་བ་ཡང་ཐིག་པ་མཆོག་གིས་རྒྱན་ཡེ་ཤེས་ཀྱི་རྟགས་ཡིན་པས་འདིར་མི་མངའ་གསུངས། དུས་གསུམ་གྱི་བསྡུས་པའི་སེམས་ཅན་ཐམས་ཅད་དབྱིངས་སུ་སྒྲོལ་ཞིང་འདུལ་བའི་རྟགས་སུ། ཞལ་གསུམ་གདང་ཞིང་སྐྱེ་བཞིས་སེམས་ཅན་རྣམས་རྩད་ནས་གཅོད་པའི་རྟགས་སུ། མཆེ་བ་བཞི་བཞི་དང་ལྡན་པ། ཡབ་ཀྱིས་སྨིན་མཚམས་ན་ཁྲོ་གཉེར་བཅུ་ནི། སྟོབས་བཅུ་མཚོན་ནོ། །ཡུམ་ལ་གསུམ་སྟེ། རྣམ་ཐར་གསུམ་མཚོན་ནོ། །རང་བྱུང་ཡེ་ཤེས་ཀྱིས་ས་དགུ་ལ་གནས་པའི་སེམས་ཅན་ལ་དུས་གསུམ་དུ་གཟིགས་པའི་རྟགས་སུ། སྤྱན་དགུ་བསྒྲད་པ། འགྲོ་དྲུག་གིས་སེམས་ཅན་ཐམས་ཅད་ཀྱི་སྐད་དང་། གསོལ་བ་འདེབས་པ་ཐམས་ཅད་མི་གསན་པའི་དུས་མེད་པའི་རྟགས་སུ་སྙན་དྲུག །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི་མགོན་མཛད་པ་དང་། དབུགས་ལ་བརྟེན་ནས་ཏིང་ངེ་འཛིན་གྱིས་སྤྲུལ་པ་རྒྱུན་དུ་འཕྲོ་བའི་རྟགས་སུ། ཤར་གསུམ་དང་ལྡན་པ། ཡེ་ཤེས་དྲུག་གིས་འགྲོ་དྲུག་གིས་དོན་མཛད་པའི་རྟགས་སུ། ཕྱག་དྲུག་ཕྱག་མཚན་དང་བཅས་པ། སོ་སོའི་གདན་ལ་ཞབས་བཞི་བརྐྱང་བསྐུམ་གྱིས་ཚུལ་དུ་བཞུགས་པ་ནི། ཕྲིན་ལས་བཞིའི་སྒོ་ནས། གདུལ་བྱ་རྣམས་ཀྱི་དོན་ཆེད་དུ་བགྲོད་པ་མེད་པར་རང་སྣང་དུ་མཛད་པ་དང་། སྐྱེ་བ་བཞི་ལ་གནས་པའི་འགྲོ་བ་ཐམས་ཅད་ཀྱིས་འཁོར་བ་མ་སྟོང་གིས་བར་དུ་མི་བསྙེལ་བར་མཛད་པའི་རྟགས་སོ། །དེ་ཡང་བརྐྱང་བསྐུམ་ནི། ཐབས་ཐུགས་རྗེ་ཆེན་པོས་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་མཛད་པའི་རྟགས་སུ། གཡས་པ་གཅིག་བརྐྱང་མཛད་ཀྱང་འཁོར་བའི་སྐྱོན་གྱི་མ་གོས་པའི་རྟགས་སུ། གཅིག་བསྐུམ་པ། འགྲོ་དོན་མཛད་ཀྱང་ཆོས་ཀྱི་དབྱིངས་ལས་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ། གཡོན་པ་གཅིག་བརྐྱང་། ཆོས་སྐུ་མཉམ་པ་ཉིད་བསྙེན་ཀྱང་མཐའ་ལ་མི་གནས་པའི་རྟགས་སུ། ཡ་གཅིག་བསྐུམ་པའོ། །ནང་དུ་རང་བྱུང་གིས་ཡེ་ཤེས་འབར་བའི་རྟགས་སུ། སྐུ་ལ་བསྐལ་པའི་མེ་རི་འབར་བ། དབུ་གསུམ་རྣམ་ཐར་གསུམ། རལ་པ་ཁམས་པ་ཐབས། ནག་པོ་ཤེས་རབ། དེ་གཉིས་མཐའ་གཉིས་ལ་མི་གནས་པའི་རྟགས་སུ་གྱེན་དུ། ཆོས་སྐུ་སྤྲོས་པ་དང་བྲལ་བའི་རྟགས་སུ་ཟླུམ་པོར་འཁྱིལ་པ་ལས། ཐོད་པ་སྐམ་པོའི་ཕྲེང་བས་བཅིང་པ། འབར་བའི་གར་དགུ་དང་ལྡན་པ་སྟེ། དེ་ཡང་རྒྱན་དང་ཆ་ལུགས་ལྡན་པས་སྒེག་སྒེག་འདྲ། །བདུད་བཞི་གདན་དུ་བཏིང་བས་དཔའ་དཔའ་འདྲ། །སྐུ་ཆེ་ཡན་ལག་རགས་པས་འཇིགས་འཇིགས་འདྲ། །ཞལ་གཡས་དཀར་ལ་གདང་བས་རྒོད་རྒོད་འདྲ། །ཞལ་གཡོན་དམར་ལ་གདང་བས་གཤེ་གཤེ་འདྲ། །ཞལ་དབུས་མཐིང་ལ་རྔམ་པས་འཇིགས་འཇིགས་འདྲ། །རྒྱུ་དྲུག་ཐུགས་རྗེས་སྒྲོལ་བས་སྙིང་རྗེ་ཆེ་ཆེ་འདྲ། །དུག་གསུམ་ཞལ་དུ་རྔུབ་བས་རྔམ་རྔམ་འདྲ། །ཆོས་སྐུ་མཚན་མ་མེད་པས་ཞི་ཞི་འདྲ། །ཅེས་སོ། །གནས་ཀྱིས་ལྷ་མོ་བརྒྱད་བསྐྱེད་པ་ནི། ཡབ་ཡུམ་གཉིས་མེད་བདེ་བའི་ཡེ་ཤེས་ཀྱིས་དགྱེས་པའི། སྔར་ཁྲོ་བོ་འཆོལ་བའི་དུས་སུ་བྱང་སེམས་སྤྲིན་དང་འདྲ་བ་ལས། མ་མོའི་ཚོགས་རྣམས་འདིར་ཧ་ཞེས་བརྗོད་པས་མ་མོ་བརྒྱད་རང་རང་གིས་ཚོགས་རྣམས་གཅིག་ཏུ་འདུས་ནས་མ་མོ་ཆེན་མོ་བརྒྱད་བསྒོམ་པ་ནི་སློབ་དཔོན་བྷི་མའི་ལུགས། ཡང་ན་ཁྲོ་བོ་འཆོལ་པ་སྤྲོ་བའི་དུས་སུ་བྱང་སེམས་གཟུགས་སུ་མ་གྲུབ་པ་ནམ་མཁའ་ལ་སྤྲིན་དུ་གཏིབ་པ་ལས་ཧ་ཞེས་བརྗོད་པས། མ་མོ་བརྒྱད་དུ་གྱུར་པར་བསྒོམ་པ་ནི། ཅོག་རོ་སྒོམ་ཆུང་གིས་བཞེད། ཡང་ན་དགྱེས་པའི་བྱང་སེམས་དྭངས་ཆ་ལ་རིགས་བཞི་ཡབ་ཡུམ་དུ་གྱུར་ནས། འདིར་འབྲས་བུའི་ཁྲག་འཐུང་གིས་མཁའ་གསང་གི་བྱང་སེམས་ཀྱི་སྤྲིན་སྙིགས་མའི་ཚུལ་དུ་མ་མོ་ཆེན་མོ་བརྒྱད་སོ་སོའི་འཁོར་ཚོགས་དཔག་མེད་དུ་གྱུར་ཏེ། དཀྱིལ་འཁོར་དུ་བཀོད་པ་ནི་པདྨས་དེ་བཞིན་བཤད་དོ། །གང་ལྟར་ཡང་། ཤར་གྱི་རྩིབས་མཆན་ལ་ལྷ་མོ་དཀར་མོ་ནི་ཀ་རཱི་མ་ནི། ཞི་བའི་ལས་མཛད་པའི་དཀར་མོ་ཞེས་བྱའོ། །དཔལ་ཆེན་པོའི་ཐུགས་ལས་སྣང་བའི་མཛེས་ལྡན་མ། ཐུགས་ཆོས་ཉིད་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ་སྐུ་མདོག་སྔོན་མོ། ཉེར་ལེན་ལྔ་གནས་སུ་དག་པའི་རྟགས་སུ་གཡས་ན་ཞིང་དབྱུག །གཟུང་འཛིན་ཡེ་ཤེས་སུ་སྦྱར་བའི་རྟགས་སུ་གཡོན་ན་བྷནྡྷ་ཁ་མར་ཆེན་གྱིས་བཀང་བ་གསོལ་བ། བམ་བསྣོལ་མའི་གདན་ལ་བཞུགས་པའོ། །ལྷོར་རྐུན་མོ་ནི་ཙ་རཱི་མ་སྟེ། དཔལ་ཆེན་པོའི་ཡོན་ཏན་ལས། སྣང་བས་སྐུ་མདོག་སེར་མ། ཕྱག་གཉིས་མདའ་གཞུ་འགེང་སྟེ་གཙོ་བོའི་ཐུགས་ཀར་གཟིར་བ་ནི་ཞི་གནས་ཀྱི་གཞུ་ལ་ལྷག་མཐོང་གི་མདའ་སྦྱར་བས་བསྒྲུབ་བྱའི་ཚེ་དང་གཟི་མདངས་རྣམས་སྦུབས་སུ་བརྐུས་ནས། དཔལ་ཆེན་པོའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སུ་བསྐྱལ་བར་མཛད་པའི་རྐུན་མོ་ཞེས་བྱ་སྟེ། ཕྲིན་ལས་ནི་དབང་གིས་ལས་ལ་མངའ་མཛད་དོ། །ནུབ་ཏུ་རྨོངས་བྱེད་མ་ནི་པྲ་མོ་ཧ་སྟེ། དཔལ་ཆེན་པོའི་གསུངས་ལས་སྣང་ཞིང་མཐའ་གཉིས་དབང་དུ་སྡུད་པའི་རྟགས་སུ་སྐུ་མདོག་དམར་ནག །གཡས་ན་ཆུ་སྲིན་གྱི་རྒྱལ་མཚན་ཕྱར་བ་ནི་ཆུ་སྲིན་གྱིས་བཟུང་ཤེས་ལ་བཏང་མི་ཤེས་པ་དང་འདྲ་བར། དཔལ་ཆེན་པོའི་ཐུགས་རྗེས་འགྲོ་བ་བཟུང་ཤེས་ལ་བཏང་མི་ཤེས་པ་ཉིད་མཐའ་གཉིས་སུ་མ་ཉམས་པའི་རྟགས་སོ། །གཡོན་བྷནྡྷ་དམར་ཆེན་གྱིས་བཀང་བ་གསོལ་བ་ནི། ཀ་རཱི་དང་མཐུན་ནོ། །ཕྲིན་ལས་ནི་དྲག་པོའོ། །བྱང་ཕྱོགས་སུ་བརླག་བྱེད་མ་ནི་བིཏྟ་ལི་སྟེ། དཔལ་ཆེན་པོའི་ཕྲིན་ལས་ལ་སྣང་སྟེ། ལས་ཅི་མཛད་ཀྱང་དྲག་པོ་ལ་མངའ་མཛད་པས་སྐུ་མདོག་མཐིང་ནག །གཡས་རྡོ་རྗེ་རྩེ་དགུ་ནི། གདུལ་བྱ་རྣམས་ཆོས་ཉིད་ཀྱི་ངང་དུ་འཇམས་པར་མཛད་ལ། གཡོན་ཞིང་ཆུང་ངུའི་མགོ་ནས་གསོལ་བའོ་ནི། ཕུང་པོ་ལྔ་ཆོས་ཉིད་དུ་དག་པའི་རྟགས་སོ། །ཤར་ལྷོའི་གྲུ་ཆད་ལ་སྤོས་མོ་ནི་ཡོན་ཏན་ལས་སྣང་སྟེ། འདྲང་མ་ཅེས་པས། དབྱིངས་ཡེ་ཤེས་དབྱེར་མེད་ཀྱི་དོན་གྱིས་རྒྱས་པའི་རྟགས་སོ། །སྐུ་མདོག་དམར་སེར་ནི། རྒྱས་པའི་ལས་ཀྱི་ཐམས་ཅད་དབང་དུ་འདུས་པའི་རྟགས་སོ། །ཕྱག་གཡོན་པས་ཞིང་བཟུང་ནས་བསྣམས་པ་ནི། འཁོར་བའི་བརྡ། གཡས་ཀྱིས་དེའི་རྒྱུ་མ་ཞགས་པར་འདྲེན་པར་ནི། འཁོར་བའི་གནས་ནས་རྒྱུ་དྲུག་འདྲེན་སྟེ་ཐར་པའི་ལམ་ལ་འགོད་པའི་རྟགས་སོ། །ཕྲིན་ལས་ནི་རྒྱས་པའོ། །ལྷོ་ནུབ་ཏུ་གཏུམ་མོ་ནི་གྷསྨ་རཱི་སྟེ། དཔལ་ཆེན་པོའི་གསུང་ལས་སྣང་བས། སྐུ་མདོག་ལྗང་ནག་ནི་གསུང་གི་སྒོ་ནས་ཕྲིན་ལས་མ་མངའ་བརྙེས་པའོ། །གཡོན་ཐོད་ཁྲག་གཡས་རྡོ་རྗེ་དཀྲུགས་ཅིང་གསོལ་བ་ནི། དབྱིངས་ཡེ་ཤེས་ཀྱི་རྟགས་ཏེ། ཁམས་གསུམ་གདུག་པ་ཅན་ཐམས་ཅད་དཀྲུགས་ཅིང་དཔལ་ཆེན་པོའི་ཞལ་དུ་སྟོབས་པའི་བརྡའོ། །ནུབ་བྱང་དུ་སྨེ་ཤ་ཅན་ནི། དཔལ་ཆེན་པོའི་ཐུགས་ལས་སྣང་བས་སྐུ་མདོག་ནག་མོ། ཕྱག་གཉིས་ཀྱི་ཞིང་གི་ཁོག་པ་ནས་གློ་སྙིང་འདྲེན་ཅིང་ཟ་བའོ། །གཟུང་འཛིན་རྩད་ནས་བཅད་པའི་རྟགས་སོ། །ཕྲིན་ལས་ནི་བཞི་ཀ་ལ་དབང་ངོ་། །བྱང་ཤར་མཚམས་སུ་མ་ཚོགས་མ་ནི་ཙཎྜ་ལཱི་སྟེ། དཔལ་ཆེན་པོའི་ཕྲིན་ལས་ལས་སྣང་བས་སྐུ་མདོག་མཐིང་སྐྱ་ནི། ཐུགས་ཆོས་ཉིད་དུས་གསུམ་དུ་མི་འགྱུར་བའོ། །ཕྱག་གཉིས་ཀྱི་ཞིང་གི་མགོ་ལུས་ཕྲལ་བ་ནི། ཁམས་གསུམ་སེམས་ཅན་གྱི་གཟུང་འཛིན་དག་པར་བྱེད་པའི་རྟགས་སོ། །འདི་ནི་ཚེའི་མ་མོ་ཡིན་པས། ལས་ནི་རྒྱས་པ་ལ་མངའ་མཛད་དོ། །ལྷ་མོ་དེ་བརྒྱད་ནི། གདུལ་བྱ་དང་མཐུན་པར་ཞིང་གིས་རྐེད་ཆིངས་དང་། སྟག་གི་ཤམ་ཐབས་མངའ་བ། པྲོ་ཏ་ཨ་ཛ་ན་སྟེ་མིའི་རྒྱུ་མའི་ཕྲེང་བས་སྐུ་ལ་དཀྲིས་པ། ཞག་དང་ཐལ་ཆེན་དང་རཀྟའི་ཐིག་ལེས་སྐུ་ལ་ངེས་མེད་དུ་བརྒྱན་པ། དབུ་དང་སྐུ་ལ་ཐོད་པའི་ཕྲེང་བས་བརྒྱན་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། རལ་པ་སིལ་ཡན་དུ་ཡོད་པ། བསྐལ་པའི་མེ་དཔུང་འབར་བའི་དབུས་ན་ཞིང་བསྣོལ་མའི་གདན་ལ། དབྱིངས་ལས་བྱུང་བའི་ངོ་མཚར་དང་། དཔལ་ཆེན་ཐུགས་ལས་བྱུང་བའི་ངོ་མཚར་དང་། གདུལ་བྱ་འདུལ་བའི་ངོ་མཚར་གསུམ་དང་བཅས་ནས་བཞུགས་སོ། །ཡུལ་གྱི་ལྷ་མོ་བརྒྱད་བསྐྱེད་པ་ནི། བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཧེ་ཞེས་བརྗོད་པས། མགོ་བརྙན་མ་བརྒྱད་དུ་གྱུར་ཏེ། ཤར་ཕྱོགས་སུ་སིངྷ་མ་སྐུ་མདོག་སེར་མོ་ནི། ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་སོ། །སེངྒེའི་མགོ་ཅན་ནི། འཇོམས་བྱེད་རྩལ་འཕགས་ཅེས་བྱ་སྟེ། ཐུགས་རིག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་འཇོམས་ཤིང་རིག་པ་སྐད་ཅིག་མ་འབྲས་བུ་ལ་སྦྱོར་བ་ནི་དོན། རྟགས་ནི་གདུལ་བྱ་ཐམས་ཅད་མི་འདུལ་བ་མེད་པའོ། །ཁ་ན་རོ་ཟ་བ་ནི་འཁོར་བ་དང་དུ་ལེན་པ་ཉིད་ཆོས་ཉིད་དུ་རོལ་བའོ། །ཕྱག་གཉིས་རྩེ་གསུམ་གྱི་ཕྱག་རྒྱ་བསྣོལ་ནས་ནི་ཡུལ་སེམས་གཉིས་སྐུ་གསུང་ཐུགས་སུ་ཤར་བའོ། །ཞབས་གཉིས་བརྒྱད་ཀྱི་འདོར་ཐབས་ཀྱིས་ཞིང་བརྐྱང་བའི་གདན་ལ་བཞུགས་སོ། །ལྷོ་ཕྱོགས་སུ་བྱཱ་ཀྲྀ་མུ་ལ་སྐུ་མདོག་དམར་ནག་ནི་འགྲོ་དོན་རྒྱུན་དུ་མཛད་ཅིང་གདུལ་བྱའི་རྐྱེན་གྱིས་མི་གོས་པའོ། །སྟག་གི་མགོ་བོ་ཅན་ནི་དཔལ་ཆེན་པོའི་ཐུགས་ཉིད་རིགས་ཀྱིས་དཔའ་བ་དང་། ཐུགས་རྗེས་བརྟན་པ་དང་། ཕྲིན་ལས་ཀྱིས་ཟ་བ་གསུམ་གྱི་སྒོ་ནས་འགྲོ་དོན་མཛད་པའི་རྟགས་སོ། །མདུན་ན་ཞིང་ལ་འབྲུ་ཚུགས་སུ་བལྟ་བ་ནི། ཐུགས་རྗེས་འཁོར་བ་ལ་གཟིགས་པས་ལས་གཞན་དུ་མ་ཡེངས་པའི་རྟགས་སོ། །ཕྱག་གཉིས་རྩེ་གཅིག་གི་ཕྱག་རྒྱ་བསྣོལ་བ་ནི། གཡས་པ་ཐུགས་རྗེས་འགྲོ་བ་ལ་གཟིགས་པ་ལས་མི་འདའ། གཡོན་པ་ཡེ་ཤེས་ཀྱིས་མྱ་ངན་ལས་འདས་པ་ལ་གཟིགས་པ་ལ་མི་འདའ་བའི་དོན་ནོ། །ནུབ་ཕྱོགས་སུ་སྲི་ལ་མུ་ཁཱ་ནག་མོ་ནི། དཔལ་ཆེན་པོའི་གསུང་ལས་སྤྲུལ་པ་ཉིད་ཆོས་ཉིད་ལས་མི་འགྱུར་བའི་རྟགས་སོ། །ཝའི་མགོ་ཅན་ནི་དཔལ་ཆེན་པོའི་གསུང་གི་སྤྲུལ་པ་ཉིད་གདུལ་བྱའི་དོན་དུ་ཤར་བ་ནི། ཝ་བསུར་ལ་འབྲང་བ་ལྟར། གདུལ་བྱ་གར་ཡོད་ཐུགས་རྗེ་ཤར་བ་དང་། ཝ་མཛེམ་ལ་མཁས་པ་ལྟར། གདུལ་བྱའི་དོན་ལ་སྤྱོད་ན་ཡང་སྐྱོན་གྱིས་མི་གོས་པའོ། །ཕྱག་གཉིས་ཀྱི་ཞིང་གི་ལྤགས་པ་ཐོགས་ནས་ཆུ་སེར་ལྡག་པའོ་ནི་གདུལ་བྱའི་ཤེས་བྱའི་སྒྲིབ་པ་རྐང་དང་དཔྲི་ལ་གནས་པ་སྦྱང་བའི་རྟགས་སོ། །བྱང་ཕྱོགས་སུ་ཤྭ་ན་མུ་ཁཱ་སྐུ་མདོག་སྔོན་མོ་ནི། ཕྲིན་ལས་ཅི་མཛད་ཀྱང་དཔལ་ཆེན་པོའི་ཐུགས་ལས་མི་གཡོ་བའོ། །སྤྱང་ཀུའི་མགོ་ཅན་ནི། དཔལ་ཆེན་པོའི་ཐུགས་ཀྱི་ཕྲིན་ལས་ལས་གྲུབ་པ་སྟེ། འགྲོ་དོན་མཛད་པའི་ཚེ་གང་ལ་ཡང་བདམ་ངེས་མེད་ལ་དང་། སྤྱང་ཀུ་མི་གཉིད་པ་དང་འདྲ་བར། ཕྲིན་ལས་ཀྱིས་གཞན་དོན་མཛད་པ་ལ་གཤོལ་བ་མེད་པའོ། །ཕྱག་གཉིས་ཀྱི་ཞིང་བཟུང་ནས་ཁོག་པ་བཀྲལ་སྟེ་ནང་གི་གློ་སྙིང་ལ་བལྟ་བའོ་ནི་ཞིང་གིས་འཁོར་བ་སྟེ། འཁོར་བའི་གཟུང་འཛིན་གྱི་རྟེན་གློ་སྙིང་ཡིན་པ་ཆོས་ཉིད་དུ་གཟིགས་པའི་རྟགས་སོ། །ཤར་ལྷོར་ཀྲིཏ་མུ་ཁཱ་སྐུ་མདོག་དམར་ནག་བྱ་རྒོད་ཀྱི་མགོ་ཅན་ནི། དཔལ་ཆེན་པོའི་ཐུགས་ཉིད་བྱ་རྒོད་མགོ་ཅན་དུ་སྣང་སྟེ། དེ་ཡང་བྱ་རྒོད་ནི་ཚུལ་ཁྲིམས་ཆེན་མོ་ཞེས་བྱ་སྟེ་ནུབ་མོ་རྨི་ལམ་ནས་གོད་གར་ཡོད་ཤེས། ནང་པར་དེ་ཕྱོགས་སུ་འགྲོ། བྱ་གཞན་རྣམས་ཀྱང་དེའི་རྗེས་སུ་འབྲང་། གོང་ལ་བབ་ཙ་ན། བྱ་གཞན་གྱིས་བསང་པ་དང་ཟ་ནས། དེའི་ལྷག་རོལ་ཟ་བའི་ཚུལ་ཁྲིམས་ཆེན་མོ་ཞེས་བྱའོ། །དཔེ་དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་ལ་མི་གཡོ་བ་གཡོ་བར་བྱེད། ཡུལ་དང་འཕྲད་ནས་སྒོ་ལྔའི་ཤེས་པ་གཅོད། གཟོད་ཡིད་ཀྱི་ཤེས་པས་མྱོང་བའོ། །འདིར་དེ་གནས་སུ་དག་པའི་རྟགས་སུ་བྱ་རྒོད་ཀྱི་མགོར་སྣང་ངོ་། །ཕྱག་གཡས་གྲི་གུག་ནི་ཡེ་ཤེས། གཡོན་ཐོད་ཁྲག་བསྣམས་པོའོ་ནི་འཁོར་བ་ཡེ་ཤེས་ཀྱིས་འཁོར་བའི་གཟུང་འཛིན་རྩད་ནས་གཅོད་པའི་རྟགས་སོ། །ལྷོ་ནུབ་མཚམས་ན་ཀངྐ་མུ་ཁཱ་ནི་དཔལ་ཆེན་པོའི་ཐུགས་ཉིད་ལྷ་མོ་ཀངྒ་མར་སྣང་སྟེ། སྐུ་མདོག་སྣར་མོ་ནི་སྔོ་དམར་སྟེ་ཆོས་སྐུ་མི་འགྱུར་བའི་ཕྱིར་སྔོ། ཐུགས་རྗེས་གདུལ་བྱ་དབང་དུ་བསྡུ་བའི་རྟགས་སུ་དམར། མགོ་དུར་བྱ་ནི་དུར་བྱའི་སྐད་བཏོན་ནས་ཞབས་ཀྱི་རོ་སའི་སྟེང་དུ་ཐོན་པ་བཞིན། ཆོས་ཐམས་ཅད་ཀྱི་ཁོང་ན་གང་བའི་ཆོས་སྐུ་མངོན་དུ་རྟོགས་པའོ། །ཕྱག་གཉིས་ཀྱི་ཞིང་ཕྲག་པ་ལ་ཁུར་བའོ་ནི། ཐུགས་རྗེ་གདུལ་བྱ་སྐད་ཅིག་ཀྱང་མི་གཏོང་བའི་ཕྱིར་རོ། །ནུབ་བྱང་མཚམས་སུ་ཀཾ་ཀཱ་མུ་ཁཱ་བྱ་རོག་གི་མགོ་ཅན་ནི། བྱ་རོག་གི་ཚེ་གསུམ་དྲན་ཏེ། དཔལ་ཆེན་པོའི་ཐུགས་ཀྱི་དུས་གསུམ་མཉམ་ཉིད་དུ་མཁྱེན་པའི་རྟགས་སོ། །ཁ་དོག་ནག་མོ་ནི། ཆོས་སྐུ་འགྱུར་བ་མེད་པའི་རྟགས་སོ། །ཕྱག་གཡས་ན་གྲི་བསྣམས་པ་ནི་རིག་པའི་ཡེ་ཤེས། གཡོན་ན་བྷནྡྷ་རྒྱུ་མས་བཀང་བ་གསོལ་བ་ནི། འཁོར་བའི་ཆོས་ཉོན་མོངས་པ་ཁྲག་ཞག་དང་འདྲ་བ་མི་སྤང་ཅིང་ཡེ་ཤེས་ཀྱིས་དེའི་རྩད་ནས་གཅོད་པའོ། །ཁ་ན་རོ་ཐེགས་པའོ་ནི་གོང་དང་མཐུན་ནོ། །བྱང་ཤར་མཚམས་སུ་ཧུ་ཡ་མུ་ཁཱ་འུག་པའི་མགོ་ཅན་ནི། འུག་པས་མུན་པ་ལ་མིག་རྣོ་བ་དང་འདྲ་བར། དཔལ་ཆེན་པོའི་ཡེ་ཤེས་ཀྱིས་གདུལ་བྱ་ཕྲ་བའི་ཕྲ་བའང་མི་དམིགས་པ་མེད་པའོ། །སྐུ་མདོག་ལྗང་ཀུ་ནི། འགྲོ་དོན་དུ་ལས་སྣ་ཚོགས་ཤར་བའོ། །གཡས་ལྕགས་ཀྱུ་ནི། ཤེས་རབ་ཀྱིས་ཆོས་དབྱིངས་འཛིན་པའི་རྟགས་སོ། །གཡོན་བྷནྡྷ་གླད་ཁྲག་གིས་བཀང་བ་གསོལ་བ་ནི། འཁོར་བའི་ངོ་བོ་དེ་ཐུགས་རྗེས་འཁོར་བ་ཆོས་དབྱིངས་སུ་འཛིན་པའོ། །ཕྲ་མེན་མ་བརྒྱད་ཀྱི་རྒྱན་དང་ཆ་ལུགས་ནི། ནང་གི་གནས་ཀྱི་ལྷ་མོ་བརྒྱད་དང་འདྲ་བ་ལས། ཁྱད་པར་དུ་བྱ་བཞིའི་སྐུ་ལ་གཤོག་པ་སྐྱེས་པ། འཁོར་ཡང་ཕྲ་མེན་མ་དེ་འདྲ་བའི་ཚོགས་ཀྱིས་བསྐོར་བ། ཞིང་རྐྱང་གི་གདན་ལ་བཞུགས་པའོ། །ཡང་བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཕཊ་ཅེས་བརྗོད་པས། དཀྱིལ་འཁོར་གྱི་སྒོ་བཞིར་སྒོ་མ་བཞི་བསྐྱེད་པ་ནི། ཤར་སྒོར་རྟ་གདོང་ལྕགས་ཀྱུ་མ་ནི། རྟ་ནི་སྐད་རིང་། ཤུགས་ཆེ་བང་མགྱོགས། བར་མ་དོར་མི་བསྒྱུར་བ་དེ་བཞིན་དུ། དཔལ་ཆེན་པོས་འགྲོ་དོན་མཛད་པ་རྣམས་འཁོར་བ་མ་སྟོང་གི་བར་དུ་མཛད་པས་རྒྱུན་རིང་། དོན་མཛད་པའི་ཚེ་འཁོར་བ་དང་ཉོན་མོངས་པ་ལས་གདུལ་བྱ་རྣམས་བརྒལ་བས་ཤུགས་ཆེ། ཚེ་གཅིག་གིས་སངས་རྒྱས་ཀྱིས་སར་སྦྱོར་བས་བང་མགྱོགས། གདུལ་བྱ་རྣམས་འབྲས་བུ་མ་ཐོབ་ཀྱི་བར་དུ་བཏང་སྙོམས་མི་བཞག་པས་བར་མ་དོར་མི་བསྒྱུར་དེ་རྟ་གདོངས་སུ་སྣང་བའོ། །སྐུ་མདོག་སྔོན་པོ་ནི། གདུལ་བྱའི་དོན་དུ་ཅི་མཛད་ཀྱང་ཆོས་སྐུ་ལ་མི་གཡོ་བའོ། །ཕྱག་གཡས་ལྕགས་ཀྱུ་ནི། གདུལ་བྱའི་དོན་དུ་སངས་རྒྱས་རྣམས་སྤྱན་འདྲེན་པ་དང་། འཁོར་བ་ཐར་བར་འདྲེན་པའོ། །གཡོན་བྷནྡྷ་དམར་ཆེན་གྱིས་བཀང་བའི་ནང་ན་རྟ་མགོ་ལྗང་ཀུ་བྱུང་བའོ་ནི་གོང་དང་མཐུན་ནོ། །ལྷོ་སྒོར་ཕག་གདོང་ཞགས་པ་མ་ནི། ཕག་གདོང་རྡོ་རྗེ། ཕག་གིས་ས་གདོང་ཚུགས་སུ་བཀློག་པ་བཞིན་དུ། དཔལ་ཆེན་པོས་འགྲོ་དོན་མཛད་པའི་ཚེ། ཕྲིན་ལས་རྣམ་བཞིས་འགྲོ་དོན་གདོང་ཚུགས་སུ་མཛད་པའོ། །སྐུ་མདོག་སེར་ནག་ནི། སེར་པོ་ཡོན་ཏན་རྒྱས་པ། ནག་པོ་ནི། ལས་ཅི་མཛད་ཀྱང་ཕྲིན་ལས་དྲག་པོས་གཞི་ལེན་པའོ། །ཕྱག་གཉིས་ཀྱི་རྒྱུ་མའི་ཞགས་པ་བསྣམས་པའི་རྩེ་མོ་ན་ཕག་རྒོད་ཀྱི་མཆེ་བས་མཚན་པའོ་ནི། ཐུགས་རྗེ་འཁོར་བ་ལ་འདེབས། ཤེས་རབ་ཀྱིས་མྱ་ངན་ལས་འདས་པ་ལ་འདེབས་པས་འཁོར་འདས་དབྱེར་མེད་དུ་བཅིང་པ་དང་། དེ་ནས་བསྒྲུབ་པ་པོ་ལ་དམ་ཚིག་ཡེ་ཤེས་གཉིས་མེད་དུ་བཅིང་བའོ། །ནུབ་སྒོར་ཉི་ཟླ་ལྕགས་སྒྲོགས་མ་ནི། འཇིག་རྟེན་དྲེད་གདོང་མ་སྟེ། སྐུ་མདོག་དམར་མོ་ནི་མཐའ་གཉིས་དབང་དུ་སྡུད་ཅིང་སྐྱོན་གྱིས་མ་གོས་པའོ། །ཕྱག་གཉིས་ན་ལྕགས་སྒྲོགས་བསྣམས་ཏེ་མདོ་མིག་སྨིན་མཚམས་སུ་ཡོད་དེ། དེའི་ནང་དུ་འཇིག་རྟེན་སྤྱི་མཐུན་ལ་གྲུབ་པའི་ཉི་ཟླ་གའུའི་ནང་ན་རྣལ་འབྱོར་པའི་ཚེའི་ངོ་བོ་ཨ་དཀར་པོ་འཛིན་པ་ནི། རྣལ་འབྱོར་པའི་རྒྱུད་ལ་ཡེ་ཤེས་དམ་ཚིག་དབྱེར་མེད་དུ་བསྒོམ་པའོ། །བྱང་སྒོར་དྲིལ་བུ་མ་ནི་རོ་ལང་སྦྱང་གདོང་མ་སྟེ། དཔལ་ཆེན་པོའི་ཐུགས་ཀྱི་ཤི་ནས་ཐལ་བར་སོང་བའང་སླར་འཚོ་བར་བྱེད་པའི་རྟགས་སུ། དྲིལ་བུ་མར་བསྟན་སྟེ། སྐུ་མདོག་ལྗང་ནག་ནི་ལས་སྣ་ཚོགས་ལ་མངའ་མཛད་པའོ། །ཕྱག་གཡས་ན་དྲིལ་བུ་བསྣམས་པ་ནི། དྲིལ་བུ་སྒྲ་མཐར་སྟོང་པ་དང་འདྲ་བར། ཆོས་ཐམས་ཅད་ཆོས་སྐུ་སྟོང་པ་ཉིད་དུ་མཁྱེན་པའོ། །གཡོན་ན་བྷནྡྷ་བདུད་རྩི་ལྔས་བཀང་བའི་ནང་ན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྐུ་ལྟེ་བ་ཡན་ཆད་བྱུང་བའོ་ནི། ཚེའི་ངོ་བོ་ཐལ་བ་བ་སླར་འཚོ་ཅེས་པའོ། །ལྷ་མོ་འདི་བཞི་ནི་དཔལ་ཆས་ཆེན་པོ་བཅུ་དྲུག་དང་ལྡན་ཏེ་ཡུམ་ཀྲོ་ཤྭ་རི་མ་དང་འདྲ་བའོ། །ཀུན་ཀྱང་ཞིང་རྐྱང་པའི་གདན་ལ་བཞུགས་ཏེ། ངོ་མཚར་གསུམ་དང་བཅས་ནས་རྔམ་པའོ། །ཤར་སྒོ་ལ་སོགས་པ་བཞིར་ཞལ་ཕྱིར་བལྟས་ཏེ་གནས་སོ། །དེ་ནས་ཡང་ཡབ་ཡུམ་དགྱེས་པའི་བྱང་ཆུབ་སེམས་ཀྱི་སྤྲིན་ཁྲོ་བོ་འབྱུང་བའི་གཞི་ལས་ཕྱོགས་བཅུ་ནས་བྱང་སེམས་ཀྱི་རང་སྒྲ་ལས་ཕཊ྄་ཅེས་བསྒྲགས་པས། གཙོ་འཁོར་ཐམས་ཅད་ཀྱང་སྔར་ནས་ཁྲོ་བོའི་ཆ་བྱེད་དུ་ཡོད་ཀྱང་སླར་ཁྲོས་ཏེ་དཔེར་ན་དམག་ཆས་པ་ལ་རེམ་རེམ་བྱས་པ་དང་འདྲ་བར་ཤིན་ཏུ་ཡང་ཁྲོས་པར་གྱུར་ཏོ། །འདི་ཡན་ཆད་ཀྱིས་ཆོས་ཐམས་ཅད་ཀྱི་ཡེ་ནས་སངས་རྒྱས་སུ་གནས་པའི་རྟགས་སོ། །གཉིས་པ་ཡེ་ནས་ཡིན་ཡང་རྟོགས་དགོས་པས། རྒྱལ་བའི་སྲས་སུ་བདག་བསྐྱེད་པའི་སྒོ་ནས་དབང་བསྐུར་བའི་ཆོ་འཕྲུལ་ནི། གཞུང་ལས་ཀྱང་། རང་གི་ངང་ཚུལ་དེ་བཟུང་ནས། །བསྐུལ་ཚིག་འདི་ཡང་རབ་ཏུ་བརྗོད། །ཅེས་པས། ངོ་མཚར་རྨད་ཀྱིས་ལྷ་ཚོགས་སུམ་ཅུ་གསལ་བ་ཡིས། གཙོ་བོའི་སྐུ་ལ་གཉིས་སུ་གྱུར་ཏེ། ཅེས་པས་གཙོ་བོའི་ཐུགས་ཀ་ནས་བདག་ཉིད་རིག་པ་སྒྱུ་མའམ། སྲིན་པོའི་ཕྲུ་གུའི་ཆ་ལུགས་སུ་ཧེ་རུ་ཀ་ཆུང་ངུ་གཅིག་འཐོན་སྟེ། ལྷ་ཚོགས་རྣམས་ལ་བསྐོར་བ་ལེན་གསུམ་དུ་བྱས་ནས། ཤར་ཕྱོགས་ཀྱི་སྒོར་གཤེགས་ཏེ། བརྐྱང་ཕྱག་འཚལ་ནས། ༀ་ནི་ཡེ་ཤེས་ལྔ་སྔོན་དཔལ་ཆེན་པོའི་ཁྱོད་ཀྱི་ལམ་ལ་གནས་པའི་དུས་སུ་ཐུགས་དམ་ཆེན་པོ་ཞལ་གྱིས་བཞེས་པ་ནི། འཇིག་རྟེན་གྱི་ཁམས་འབྱམས་ཀླས་མ་ལུས་ཀུན་ན་གནས་པའི་སེམས་ཅན་རྣམས་མཆོག་ཉིད་སངས་རྒྱས་ཀྱི་སར་བསྒྲུབ་བར་སྦྱོར་བར་ཁས་བླངས་པས་ན། དེ་བསད་ལྟ་ཉིད་དུ་ཕྱག་རྒྱ་ཆེན་པོ་དཔལ་ཆེན་པོའི་སྐུ་གསུང་ཐུགས་སུ་བདག་ཉིད་སྦྱོར་ཅིག་ཅེས་བསྐུལ་ལ་གསོལ་བ་བཏབ་པས། ཡབ་ཡུམ་སྦྱོར་བའི་བྱང་སེམས་ཡེ་ཤེས་སུ་འཕྲོས་པའམ། ཡང་ན་རཾ་ཡཾ་ཁཾ་གསུམ་སྤྲོས་ཏེ་གཙོ་བོའི་ཐུགས་ཀ་ནས་འོད་བསྐལ་པའི་མེ་དཔུང་ལྟ་བུ་བྱུང་བས། རང་གི་ལུས་ངག་ཡིད་གསུམ་གྱི་བག་ཆགས་ཐམས་ཅད་བསྲེག །རླུང་བྱུང་ནས་གཏོར་ཆུ་བྱུང་ནས་བཀྲུས་ནས་སེམས་རྣམ་པར་དག་པ་གསེར་ཞུན་མ་ལྟ་བུར་གྱུར་པ་ནི་ཕྱིའི་དབང་ངོ་། །དེ་ལྟར་རང་གི་སེམས་རྣམ་པར་རྟོག་པའི་ལྷད་དང་བྲལ་བ་ལ་ཆུ་ལ་ཆུ་བུར་རྡོལ་བའི་ཚུལ་དུ། ཡི་གེ་ༀ་ཨཱཿཧཱུྃ་གསུམ་དུ་སྣང་ལ། ༀ་ཨ་ལ་ཐིམ། ཨ་ཧཱུྃ་ལ་ཐིམ་ཧཱུྃ་མཐིང་ནག་ཏུ་གྱུར་ཏེ། དེ་ཡན་ཆད་ཕྱི་དབང་དུ་འདོད་པ་ཡང་སྣང་། ཧཱུྃ་ཉིད་ཟླ་བའི་ཐོག་ཏུ་བཞག་ནས་རླུང་གིས་བཀྱག་ནས་ལྷ་རྣམས་ལ་གཡས་བསྐོར་བྱས་ནས་གཙོ་བོའི་ཐུགས་ཀར་ཐིམ་པ་ནི་ནང་གི་དབང་ངོ་། །ཡབ་ཡུམ་གཉིས་མ་ཆགས་ཐབས་ཀྱིས་རོལ་བ་མཛད་པའི་སྐུའི་དབྱིབས་སུ་བརྒྱུད། གསང་བ་རྡོ་རྗེའི་ལམ་ནས་བྱུང་། ཡུམ་གྱི་གསང་བའི་མཁའ་ལ་བབ་པ་ནི་གསང་བའི་དབང་ངོ་། །གཙོ་བོ་ཡབ་ཡུམ་བྱང་ཆུབ་སེམས་ཀྱི་འོད་ཕུང་དཀར་དམར་འདྲེས་པ་ལས། གཙོ་བོ་ཡབ་ཡུམ་ཡང་འོད་དུ་ཞུ་ནས་བྱང་ཆུབ་སེམས་ཀྱི་འོད་ཕུང་ལ་ཐིམ། རིགས་བཞི་ཁྲག་འཐུང་རྣམས་ཀྱང་ཧཱུྃ་ཞེས་བརྗོད་ཅིང་འོད་ཕུང་ལ་ཐིམ། ནང་གི་ལྷ་མོས་ཧ། ཕྱིའི་ལྷ་མོས་ཧེ། སྒོ་མ་བཞིས་ཕཊ྄་ཅེས་བརྗོད་ཅིང་ཐམས་ཅད་ཀྱང་དབུས་ཀྱི་གདན་ཐོག་ཏུ་འོད་དུ་ཞུ་བ་ནི། བདེ་བ་ཆེན་པོའི་དབང་ངོ་། །འོད་དེ་ཡང་མི་དམིགས་པ་སྟོང་པ་ཉིད་དུ་གནས་པ་ནི་ཡེ་ཤེས་རང་གནས་ཀྱི་དབང་ངོ་། །སྤྱི་དོན་གཉིས་པ་ཁྲོ་བོ་གསང་བའི་དཀྱིལ་འཁོར་ལམ་མཚོན་བྱེད་ལ་ལྔ་ལས། དང་པོ་གཙོ་བོ་བསྐྱེད་པའི་ཆོ་འཕྲུལ་ནི། རྟོགས་པའི་ཆོས་ཉིད་དེ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ། །དེ་མ་རྟོགས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ་སྙམ་པ་ནི། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནོ། །རྒྱུའི་ཏིང་ངེ་འཛིན་ནི། དྲན་པ་ཙམ་གྱིས་རིག་པ་འོད་ཕུང་ལས། དབུས་ཀྱི་གདན་ཐོག་ཏུ་ཧཱུྃ་མཐིང་ནག་བསྒྲིལ་མར་གནས་པ་ལས། ཧཱུྃ་དེ་ལས་ཧཱུྃ་མཐིང་ནག་གྲངས་མེད་པ་ཕྱོགས་བཅུར་འཕྲོས་པས། དྲག་དལ་ནི་ཁུ་འཕང་འདྲིལ་བ་ཙམ། སྒྲ་ནི་བུང་བ་ཙམ། སེམས་ཅན་གྱི་ངག་གི་སྒྲིབ་པ་སྦྱངས། བདེར་གཤེགས་གསུང་གི་རྒྱུད་བསྐུལ། སླར་ཚུར་འདུས་པ་ལས་གཞི་པོའི་ཧཱུྃ་ལ་ཐིམ་པས། འོད་དུ་ཞུ་བ་ལས་ཐུགས་ཀྱི་ཕྱག་རྒྱ་རྡོ་རྗེ་ནག་པོ་རྩེ་དགུ་པ་དང་བྷནྡྷར་གྱུར། དེ་ལ་ཕྱག་མཚན་གྲངས་མེད་པ་འཕྲོས་པས། དྲག་ངལ་ནི་སེར་བ་ཙམ། སྒྲ་ནི་སེངྒེའི་ངེ་རོ་ཙམ། སེམས་ཅན་གྱི་ཡིད་ཀྱི་སྒྲིབ་པ་སྦྱང་། བདེར་གཤེགས་ཐུགས་ཀྱི་རྒྱུད་བསྐུལ། སླར་ཚུར་འདུས་པ་ལས། གཞི་པོའི་རྡོ་རྗེ་དང་བྷནྡྷར་ཐིམ། འོད་དུ་ཞུ་བ་ལས་ཡབ་ཡུམ་གཉིས་ཀྱི་སྐུ་ཕྲ་མོ་ཚོན་གང་བར་གྱུར། དེ་ལས་སྐུ་གྲངས་མེད་པ་འཕྲོས་པ་ལས། དྲག་དལ་ནི་ཐོག་འབབ་པ་ལྟ་བུ། སྒྲ་ནི་འབྲུག་སྟོང་ལྡིར་བ་ཙམ། སེམས་ཅན་གྱི་ལུས་ཀྱི་སྒྲིབ་པ་སྦྱངས་ནས་ཧེ་རུ་ཀའི་སྐུར་གྱུར། བདེ་བར་གཤེགས་པའི་སྐུའི་རྒྱུད་བསྐུལ་ནས། ཧེ་རུ་ཀའི་སྐུར་བསྒྱུར་སྟེ། སྐུ་དེ་རྣམས་ཚུར་འདུས་པས་དབུས་ཀྱི་སྐུ་ལས་ཐིམ་པ་ལས། དཔལ་ཁྲག་འཐུང་ཆེན་པོའི་སྐུ་ཡོངས་རྫོགས་སུ་གྱུར་ཏེ། སྐུ་མདོག་མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་དང་ལྡན་པ། ཞལ་གཡས་དཀར་བ། གཡོན་དམར་བ། དབུས་སྐུ་དང་མཐུན་པ། དབུ་རལ་པ་ཁམས་ནག་སྲིད་པའི་རྩེ་མོར་གྱེན་དུ་འཁྱིལ་པ་ལ། རལ་པའི་རྩ་བར་སྦྲུལ་དང་ཐོད་པ་སྐམ་པོ་ལྔས་བཅིང་པ་ཕྱག་དྲུག་གི་གཡས་དང་པོ་ན་རྡོ་རྗེ་ནག་པོ་རྩེ་དགུ་པ་གཡོན་དང་པོ་ན་དུང་ཆེན་ཁྲག་གིས་བཀང་བ་དཀྲུག་ཅིང་གསོལ་བ། གཡས་བར་མ་ན་སྟོང་གི་འཇིག་རྟེན་འཁོར་ཡུག །ཐ་མ་ན་རལ་གྲི། གཡོན་བར་མ་ན་དགྲ་སྟྭ། ཐ་མ་ན་གཤོལ། སྐུ་ལ་དཔལ་ཆས་བཅུ་དྲུག་གིས་བརྒྱན་པ། ཞབས་བཞི་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པ། བསྐལ་པའི་མེ་རི་འབར་བའི་ཀློང་ན། འབར་བའི་གར་དགུ་དང་ལྡན་ཏེ། དགྱེས་ཤིང་ངོ་མཚར་གྱི་ཚུལ་དུ་བཞུགས་སོ། །ཡུམ་བཛྲ་ཀྲོ་ཏི་ཤྭ་རི་མ་ཞལ་གཅིག་ཕྱག་གཉིས། གཡས་པས་ཡབ་ལ་འཁྱུད་ཅིང་གཡོན་པས་དུང་ཆེན་ཁྲག་གི་བཀང་བ་ཡབ་ལ་སྟོབས་པ། ཆས་ཆེན་པོ་བཅུ་དྲུག་གིས་བརྒྱན་བ་ལ་ཟ་བྱེད་གཟིག་གི་ཤམ་ཐབས་ཅན། སྐུ་མདོག་མཐིང་ནག་འཇོལ་སྒེག་གི་ཚུལ་དུ་ཡབ་ལ་འཁྲིལ་ཏེ་བཞུགས་སོ། །ཡབ་ཀྱི་ཐུགས་ཀར་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་དང་ལྡན་པ་གུར་ཕུབ་པ་ལྟ་བུའི་ནང་དུ། ཡེ་ཤེས་སེམས་དཔའ་རང་འདྲ་བ་གཅིག་ཉི་མའི་དཀྱིལ་འཁོར་ལ་བཞུགས་པར་བསྒོམ་མོ། །དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་ནག་པོ་རྩེ་དགུ་པ། དེའི་ལྟེ་བར་ཉི་མ་ལ་ཧཱུྃ་མཐིང་ནག་གི་ཐ་མར་རུ་ལུ་འབྲུ་བརྒྱད་ཁ་དོག་མཐིང་ནག་གིས་གཡས་སུ་འཁོར་རོ། །ཡུམ་གྱི་ཐུགས་ཀར་བྷནྡྷ་དེའི་ནང་དུ་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་ལ་རུ་ལུས་གཡོན་ཕྱོགས་སུ་འཁོར་རོ། །གཉིས་པ་དབང་བསྐུར་བའི་ཆོ་འཕྲུལ་ནི། དོན་དབང་དང་། རྟགས་དབང་གཉིས་སྟེ། ཐུགས་ཀའི་རྡོ་རྗེ་བུམ་པའི་ཧཱུྃ་ལས་འོད་ཟེར་ཡིག་འབྲུའི་ཚུལ་དུ་ཆད། ཡེ་ཤེས་སེམས་དཔའི་སྲོག་དག་པའི་ལམ་ནས་ཚངས་བུག་ནས་ཐོན། དེ་ནས་བདག་ཧེ་རུ་ཀའི་ཐུགས་ཀ་ནས་ཐོན་སྟེ། འོག་མིན་ན་སངས་རྒྱས་ཐམས་ཅད་ལ་ཕོག་དབང་བསྐུར་ཅིག་པར་གསོལ་བ་གདབ། སངས་རྒྱས་ཐམས་ཅད་ཁྲག་འཐུང་རིགས་ལྔའི་རྣམ་པར་འདུས་ཏེ། མདུན་གྱི་ནམ་མཁའ་ནས་ཁྲུས་བྱེད་པའམ་ཡང་ན་སྦྱོར་བ་མཛད་དེ། བྱང་སེམས་དབུའི་གནས་ལྔར་ཐིམ་པ་ལས། ༀ་ཡེ་ཤེས་ལྔ་མཾ་ཧཱ་ཆེན་པོ་ཤུན་ཏཱ་སྟོང་པ་ཉིད་ཛྙ་ན་ཡེ་ཤེས་བཛྲ་ནི་དབྱེར་མེད་པའི་རྡོ་རྗེ་སྭ་བྷ་ཝ་རྣམ་པར་དག་ཨཱཏྨ་ཀོ྅་ཧཾ་ནི། ངའམ་བདག་ཡིན་ཅེས་སོ། །དོན་ནི་སྟོང་པ་ཆེན་པོའི་ཡེ་ཤེས་དབྱེར་མེད་པ་རྣམ་པར་དག་པ་བདག་ཡིན་ཅེས་ང་རྒྱལ་བར་བྱའོ། །རྟགས་སྤྱི་བོར་མི་བསྐྱོད་པ་སྐུ་མདོག་མཐིང་ཀ་བཛྲ་ཧེ་རུ་ཀའི་ཆ་ལུགས་སུ་བསྒོམ་མོ། །ༀ་མ་ཧཱ་ཨཱ་དཪྴ་ནི་མེ་ལོང་ལྟ་བུ། ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ་ཅེས་དོན་མེ་ལོང་ལྟ་བུའི་ཡེ་ཤེས་དབྱེར་མེད་པ་རྣམ་པར་དག་པ་བདག་ཡིན་ཅེས་ང་རྒྱལ་བར་བྱ་ལ། རྟགས་དཔྲལ་བའི་ཕྱོགས་སུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྷུདྡྷ་ཧེ་རུ་ཀའི་ཆ་བྱད་དུ་བསྒོམ་མོ། །ༀ་མ་ཧཱ་ས་མནྟ་ནི་མཉམ་པ་ཉིད། ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཅེས་དོན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཆེན་པོ་དབྱེར་མེད་པ་རྣམ་པར་དག་པ་བདག་ཡིན་ཅེས་ང་རྒྱལ་བར་བྱ། རྟགས་ནི་རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་རཏྣ་ཧེ་རུ་ཀའི་ཆ་བྱད་ཅན་དུ་བསྒོམ་མོ། །ༀ་མ་ཧཱ་པྲ་ཏྱ་བེ་ཀྵ་ན་སོ་སོར་རྟོགས་པ། ཛྙ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཅེས་དོན་སོ་སོར་རྟོགས་པའི་ཡེ་ཤེས་ཆེན་པོ་དབྱེར་མེད་པ་རྣམ་བར་དག་པ་བདག་ཡིན་ཅེས་ང་རྒྱལ་བར་བྱ། རྟགས་ལ་ལྟག་པའི་གནས་སུ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་པདྨ་ཧེ་རུ་ཀའི་ཆ་བྱད་དུ་བསྒོམ་མོ། །ༀ་མ་ཧཱ་ཀྲི་ཏྱ་ནུཥྛན་ནི་བྱ་བ་གྲུབ་པ། ཛྙཱ་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅་ཧཾ་ཅེས་དོན་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཆེན་པོ་དབྱེར་མེད་པ་རྣམ་པར་དག་པ་བདག་ཡིན་ཅེས་ང་རྒྱལ་བར་བྱ་ལ། རྟགས་ནི་རྣ་ལྟག་གཡོན་པའི་སྟེང་དུ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཀུ་ཀརྨ་ཧེ་རུ་ཀའི་ཆ་བྱད་དུ་བསྒོམ་མོ། །གསུམ་པ་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ནི། བདག་ཧེ་རུ་ཀའི་སྤྱི་བོ་ལ་ཟླ་བའི་སྟེང་དུ་ༀ། མགྲིན་པར་པདྨ་ཨཾ། ཐུགས་ཀར་ཉི་མ་ལ་ཧཱུྃ། ལྟེ་བར་རིན་པོ་ཆེན་ལ་སྭཱ། གསང་གནས་ཆོས་འབྱུང་ལ་ཧཱ། དེ་རྣམས་ཡོངས་སུ་གྱུར་པ་ལ་སྐུ་ཡོངས་རྫོགས་སུ་བསྐྱེད་པ་ནི། ༀ་ཡེ་ཤེས་ལྔ་སརྦ་ཐམས་ཅད། ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་མ་ཧཱ་ཆེན་པོ། ཀཱ་ཡ་སྐུ། བཛྲ་རྡོ་རྗེ། སྭ་བྷཱ་ཝ་རྣམ་པར་དག་པ། ཨཱཏྨ་ཀོ྅་ཧཾ་བདག་ཡིན་ཅེས་པ་སྟེ། བདག་གིས་སྤྱི་བོའི་ནང་དུ་སྐུ་རྡོ་རྗེ་བྷུདྡྷ་ཧེ་རུ་ཀ་སྐུ་མདོག་དཀར་པོ་གཡས་ན་འཁོར་ལོ་གཡོན་ན་དྲིལ་བུ་བསྣམས་པ། ཟླ་བའི་གདན་ལ་བཞུགས་པར་བསྒོམ་མོ། །དེའི་ཐུགས་ཀར་འཁོར་ལོ་ༀོ་གྱི་མཚན་པར་བསྒོམ་མོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀ྄་གསུང་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་ཅེས་བདག་གིས་ལྕེ་པདྨ་འདབ་བརྒྱད་ཀྱི་སྟེང་དུ་གསུང་རྡོ་རྗེ་པདྨ་ཧེ་རུ་ཀ་སྐུ་མདོག་དམར་པོ་གཡས་པདྨ་གཡོན་དྲིལ་བུ་བསྣམས་པ། དེའི་ཐུགས་ཀ་པདྨ་ཨཾ་གིས་མཚན་པར་བསྒོམ་མོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་ཐུགས་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཅེས་བདག་གི་ཐུགས་ཀར་ཉི་མའི་སྟེང་དུ་ཐུགས་རྡོ་རྗེ་བཛྲ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་གཡོན་དྲིལ་བུ་བསྣམས་པ། དེའི་ཐུགས་ཀར་རྡོ་རྗེ་ཧཱུྃ་གིས་མཚན་པར་བསྒོམ་མོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་ཆགས་པ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ་ཅེས། ལྟེ་བར་རིན་པོ་ཆེན་ཟུར་བརྒྱད་པའི་སྟེང་དུ། ཆགས་པའི་རྡོ་རྗེ་རཏྣ་ཧེ་རུ་ཀ་སྨུ་མདོག་སེར་པོ་གཡས་ན་རིན་པོ་ཆེ་ཟུར་བརྒྱད་པ། གཡོན་ན་དྲིལ་བུ་བསྣམས་པ། དེའི་ཐུགས་ཀར་རིན་པོ་ཆེ་ཟུར་བརྒྱད་པས་མཚན་པར་བསྒོམ་མོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པུ་ཙ་མཆོད་པ་བཛྲ་སྭ་བྷཱ་བཱ་ཨཱཏྨ་ཀོ྅་ཧཾ་ཅེས། གསང་གནས་སུ་ཆོས་འབྱུང་གྲུ་གསུམ་གྱི་སྟེང་དུ་མཆོད་པའི་རྡོ་རྗེ་ཀརྨ་ཧེ་རུ་ཀ་སྐུ་མདོག་ལྗང་ཀུ། གཡས་ན་རལ་གྲི། གཡོན་ན་དྲིལ་བུ་བསྣམས་པ། དེའི་ཐུགས་ཀར་རལ་གྲི་ཧཾ་གིས་མཚན་པར་བསྒོམ་མོ། །བཞི་པ་མཁའ་གསང་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་སྤྲོ་བའི་ཆོ་འཕྲུལ་ནི། ཡབ་ཀྱིས་གསང་བའི་གནས་སུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ། ལྟེ་བ་ལ་ཧཱུྃ། ཕྱི་མཚམས་སུ་ཕཊ྄། ནང་མཚམས་སུ་ༀ། ཡུམ་གྱི་གསང་བའི་གནས་སུ་པཾ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ༀ་གྱིས་མཚན་པ། དེ་གཉིས་ཀྱི་བར་དུ་མ་ལས་ཉི་མའི་དཀྱིལ་འཁོར་གྱིས་ཡེ་ཤེས་ཀྱི་དྲོད་བསྐྱེད་པར་བསྒོམ་མོ། །ཀྟེ་ཏ་པ་ལ་ཧྭཾ་ནི། ཡབ་ཀྱིས་བསྐུལ་བའི་གླུ་རིང་པོ། གྷ་ཏ་པ་ལ་ཧོ། ཡུམ་གྱིས་བསྐུལ་བའི་གླུ་ཐུང་ངུ་ནི། ཅེས་ཡབ་ཡུམ་གཅིག་ལ་གཅིག་གིས་སྦྱོར་བའི་བརྡས་བསྐུལ་བ་སྟེ། དེའང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རང་གི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། ས་མ་ཡ་ཧོ། ཡུམ་གྱིས་བརྗོད་དོ། །དམ་ཚིག་མཉེས་པར་བྱའོ། །ཅེས་སོ། ས་མ་ཡ་སྟྭཾ། ཡབ་ཀྱིས་བརྗོད་དེ་ཡབ་ཀྱིས་དུས་ལ་བབ་ཅེས་པའོ། །ཨ་ནུ་རཱ་ག་ཡ་ཧོ། ཡུམ་གྱིས་བརྗོད་དེ་ཆོས་ཀྱི་དབྱིངས་ནི་ཆགས་པར་བྱ་བའི་ཡུལ་ལོ་ཅེས་སོ། །ཨ་ནུ་རཱ་ག་ཡ་མི་ཡབ་ཀྱིས་བརྗོད་དེ་བདག་གིས་ཆགས་པར་བྱའོ། །ཅེས་བསྐུལ་ནས། གསང་བའི་རྡོ་རྗེ་ལམ་ནས་ཡུམ་གྱི་པདྨའི་མཁའ་ལ་བྷྲཱུྃ་དམར་པོ་གཅིག་འཕྲོས་པ་ལས་དཀྱིལ་འཁོར་དུ་གྱུར་ཏེ། བར་འཁྱམས་དང་སྒོ་གདན་ཁྲི་དང་བཅས་པ་བསྒོམ། དེ་ནས་ཡང་བྱང་ཆུབ་སེམས་ཀྱི་ཆ་གཉིས་པ་ལས་ཧཱུྃ་བཅུ། ཧ་བརྒྱད། ཧེ་བརྒྱད། ཕཊ་བཞི། དེ་རྣམས་འཕྲོས་པས་སོ་སོའི་གང་ན་ཐོག་ཏུ་བབ་པ་ལས། ཕྱག་མཚན་རྣམས་སུ་གྱུར། དེ་རྣམས་ལ་ཧཱུྃྃ་བཅུ་ལས་རིགས་ལྔ་ཡབ་ཡུམ་བཅུ། ཧ་ལས་ནང་གི་ལྷ་མོ་བརྒྱད། ཧེ་ལས་ཕྱིའི་ལྷ་མོ་བརྒྱད། ཕཊ་ཀྱི་སྒོ་མ་བཞི། དེ་རྣམས་ཀྱང་སྐུ་མདོག་དང་ཕྱག་མཚན་རྒྱན་དང་ཆ་ལུགས་གདན་ཁྲི་དང་བཞུགས་ཚུལ་རྣམས་ཁྲོ་བོ་རང་བཞིན་གྱིས་དཀྱིལ་འཁོར་ལྟར་བསྐྱེད་པ་ནི། བཛྲ་ཁྲག་འཐུང་སྐུ་མདོག་མཐིང་། །བྷུདྡྷ་ཁྲག་འཐུང་སྐུ་མདོག་སྨུག །རཏྣ་ཁྲག་འཐུང་སྐུ་མདོག་སེར། །པདྨ་ཁྲག་འཐུང་སྐུ་མདོག་དམར། །ཀརྨ་ཁྲག་འཐུང་སྐུ་མདོག་ལྗང་། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། །ཀོ་རློན་གོས་ནི་སྣ་ཚོགས་གྱོན། །སྤྲུལ་དང་ཐོད་རློན་ཉི་ཟླ་བཅས། །རྡོ་རྗེ་དུང་ཆེན་གང་བ་དང་། །སྟོང་གི་འཇིག་རྟེན་འཁོར་ཡུག་ཅན། །རལ་གྲི་དགྲ་སྟྭ་གཤོལ་ལ་སོགས། །རང་གི་ལག་ཆ་སྣ་ཚོགས་དང་། །བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །གནས་དང་ཡུལ་གྱི་ཕྱག་རྒྱ་ནི། །ཀ་རཱི་བྷན་དམར་ཞིང་དབྱུག་སྔོ། །ཙ་རཱི་མདའ་གཞུ་འགེང་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །བེཏྟ་བྱིས་ཟ་རྡོར་ཕྱར་ནག །པུཀྐ་དམར་སེར་བྱིས་རྒྱུ་འདྲེན། །གྷསྨ་ལྗང་དམར་དཀྲུག་འཐུང་དང་། །སྨེ་ཤ་མཐིང་ནག་བྱིས་སྙིང་ཟ། །ཙནྜ་སེར་སྐྱ་མགོ་ལུས་ཕྲལ། །སིངྷ་ཁ་རོ་བསྣོལ་སེར་སེང་། །བྱ་གྷྲཱི་གནས་ལྟ་བསྣོལ་མར་སྟག །སྲི་ལ་ནག་མོ་བྱིས་ལྡག་ཝ། །ཤྭ་ན་འདྲལ་ལྟ་མཐིང་ནག་སྤྱང་། །གྲིཌྷ་མགྲིན་དམར་རྒྱུ་འདྲེན་རྒོད། །ཀངྐ་ཞིང་ཕྲག་བསྣལ་འགོ་རིང་། །ཀཱ་ཀ་ཁ་རོ་བྷ་ན་གྲི་ནག །ཧུ་ལུ་རྡོར་དབྱུག་སྣ་ཚོགས་འུག །རྟ་གདོང་མཐིང་ཀ་ལྕགས་ཀྱུ་འཛིན། །ཕག་གདོང་སེར་མོ་མཆེ་ཞགས་སྡོམས། །ཉི་ཟླ་ལྕགས་སྒྲོགས་མེ་འབར་མ། །ཐལ་བྱེད་དྲིལ་བུ་སྣ་ཚོགས་མདོག །ལྔ་པ་གསང་བ་བྱང་ཆུབ་སེམས་ཀྱི་མཆོད་པ་ཕུལ་བའི་ཆོ་འཕྲུལ་ནི། ཡང་བྱང་ཆུབ་སེམས་ལས་ཁམས་དྲུག་ག་ལྷ་མོར་གྱུར་ཏེ། དཀྱིལ་འཁོར་གྱི་ལྷ་རྣམས་ལ་རྒྱས་པར་མཆོད་པ་ནི། ཧཱུྃ་གཟུགས་ནི་ལག་གཉིས་མེ་ལོང་འཛིན། །གཟུགས་མཛེས་སྤྱོད་པ་ཕྱོགས་བཅུར་གཡོ། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །གཟུགས་ཀྱི་ལྷ་མོ་སྤྱན་ལ་ཐིམ། །ༀ་བཛྲ་རཱུ་པ་ཧཱུྃ། སྒྲ་ནི༴ བདེ་བའི་སྒྲ་སྙན༴ དབྱངས་སྙན་ཡིད་འཕྲོག་གཟི་ལྡན་འབར། །སྒྲའི་ལྷ་མོ༴ ༀ་བཛྲ་ཛི་ཀ་ར་ཧཱུྃ། དྲི་ནི༴ སྤོས་ཀྱི༴ ཀུན་ཏུ༴ དྲིའི༴ ༀ་བཛྲ་དྷུ་པེ་ཧཱུྃ། རོ་ནི༴ བཅུད་ལྡན༴ ཤིན་ཏུ༴ རོའི་ལྷ༴ ༀ་བཛྲ་ནེ་ཝི་དྱཻ་ཧཱུྃ། རེག་ནི༴ མཉེན་འཇམ་རེག་ན་བདེ་བ་ཆེ། རེག་གིས༴ ༀ་བཛྲ་གྷནྡྷེ་ཧཱུྃ། ༀ་ཆོས་ནི༴ སྣང་སྟོང་༴ ཤིན་ཏུ༴ ཆོས་ཀྱི་ལྷ་མོ༴ ༀ་བཛྲ་དྷརྨ་དྷརྟུ་ཨ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བྷ་ལིངྟ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། ཅེས་སྨན་གཏོར་རཀྟས་ཀྱང་མཆོད་དོ། །སྤྱི་དོན་གསུམ་པ་རང་བཞིན་ལྷུན་གྱི་གྲུབ་པའི་དཀྱིལ་འཁོར་ལ་གཉིས། དང་པོ་དབྱིངས་ཀྱི་ཁྲག་འཐུང་སུམ་ཅུའི་དཀྱིལ་འཁོར་ཕྱི་རོལ་ཏུ་འདོན་པ་ནི། ༀ་ཡེ་ཤེས་ལྔ་ལྡན་རྩ་བའི་སྔགས། བཛྲ་རྡོ་རྗེ་མ་ཧཱ་ཆེན་པོ་ཤྲཱི་དཔལ་ཧེ་རུ་ཀ་ཁྲག་འཐུང་སྟེ་བསྐྱེད་པའི་སྔགས། མ་ཧཱ་ཆེན་པོ། ཙནྡྲ་གཏུམ་པོ། སརྦ་ཐམས་ཅད་དུཥྚན་སྡང་བཏ་ཀ་གཏོག་ཤིག་ཧ་ན་རྒྱོབ་ད་ཧ་ཆོམ་པ་ཙ་ཆོས་ཧཱུྃ་ཧཱུྃ་ཧཱུྃ་སྐུ་གསུང་ཐུགས། ཕཊ་སྒྲོལ་ཅིག་པའོ། །ཨཾ་འབྲུ་མཐུན་མ་ཧཱ་ཆེན་པོ་བཛྲ་རྡོ་རྗེ་དྷཱ་རཱ་གཟུངས་མ་ཧཱ་ཆེན་པོ་ཀྲོ་ཏི་ཁྲོ་མོ་ཤྭ་རི་དབང་ཕྱུག་མ་ཛྭ་ལ་ནི་འབར་བ་ཧཱུྃ་བསྡུས་ཤིག་ཕཊ་སྒྲོལ་ཅིག་ནི་ལས་སྔགས་ཏེ་བཛྲ་ཁྲག་འཐུང་ཡབ་ཡུམ་གྱིས་སྔགས་བརྗོད་པས། སྐུ་ཆུང་ངུ་ཅན་ལས་ཆེན་པོར་གྱུར་ཏེ་མཁའ་གསང་གི་ཕྱི་རོལ་ཏུ་ཐོན་ནས། འཇིག་རྟེན་གྱི་ཁམས་སུ་འཕྲོས་པས། སེམས་ཅན་ཞེ་སྡང་ལ་གནས་པ་རྣམས་ཚར་བཅད། རྗེས་སུ་བཟུང་། དོན་བྱས། ཀ་ཏྲི་ཤྱ་ཧོ་ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཛ་ཧཱུྃ་བྃ་ཧོ། ཚུར་ཡབ་དྲང་ཡབ་དང་ཡུམ་དྲང་ཡུམ་ལ་བསྟིམ་མོ། །རིགས་བཞི་པོ་དེས་འགྲེས། ༀ་སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ། མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷེ་ཤྭ་རི་སརྦ་དུཥྚཱན་སྡང་བ་ཐམས་ཅད་ཧཱུྃ་ཕཊ྄། ཅེས་བྷུདྡྷ་ཁྲག་འཐུང་ཡབ་ཡུམ་མཁའ་གསང་ནས་ཕྱི་རོལ་དུ་སྤྱན་དྲངས་ནས་སེམས་ཅན་གཏི་མུག་ཅན་གྱི་དོན་བྱས་ནས། ཤར་ཕྱོགས་ཀྱི་འཁོར་ལོའི་རྩིབས་སྟེང་དུ་བཞུགས་སོ། །ༀ་རཏྣ་རིན་པོ་ཆེ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙནྟ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄། ༀ་མ་ཧཱ་ཆེན་པོ་སཱུརྱ་ཉི་མ་རཏྣ་རིན་པོ་ཆེ་དྷར་གཟུངས་མ་མ་ཧཱ་ཆེན་པོ་ཀྲོ་དྷི་ཁྲོ་མོ་ཤྭ་རི་དབང་ཕྱུག་མ་བྷི་ད་མ་གདུང་ཧཱུྃ་ཕཊ྄། ཅེས་རཏྣ་ཧེ་རུ་ཀ་ཡབ་ཡུམ་མཁའ་གསང་ནས་སྤྱན་དྲངས་ནས། སེམས་ཅན་ང་རྒྱལ་ཅན་གྱི་དོན་བྱས་ནས་ལྷོ་ཕྱོགས་ཀྱི་འཁོར་ལོའི་རྩིབས་སྟེང་དུ་བཞུགས་སོ། །ༀ་པདྨ་ནི་པདྨ་ཁྲག་འཐུང་། ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄། ༀ་ཧྲཱིཿགསུང་གི་ས་བོན་ཤྲུ་ཏ་ས་མནྟ་པདྨའི་གསུང། པདྨ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཁཱ་ཧི་གསོལ་ཅིག །ཧཱུྃ་ཕཊ྄་ཅེས་པདྨ་ཧེ་རུ་ཀ་ཡབ་ཡུམ་མཁའ་གསང་ནས་ཕྱི་རོལ་དུ་སྤྱན་དྲངས་ནས་སེམས་ཅན་འདོད་ཆགས་ཅན་གྱི་དོན་བྱས་ནས། ནུབ་ཕྱོགས་ཀྱི་འཁོར་ལོའི་རྩིབས་སྟེང་དུ་བཞུགས་སོ། །ༀ་ཀརྨ་ལས། མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄། ༀ་སརྦ་ཐམས་ཅད། ཨ་མོ་གྷ་དོན་ཡོད་པ། ཀརྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི། བི་ཤྭ་སྣ་ཚོགས་པའི་ལས། ཧཱུྃ་ཕཊ྄། ཅེས་ཀརྨ་ཧེ་རུ་ཀའི་ཡབ་ཡུམ་མཁའ་གསང་ནས་ཕྱི་རོལ་དུ་སྤྱན་དྲངས་ནས། སེམས་ཅན་ཕྲག་དོག་ཅན་གྱི་དོན་བྱས་ནས་བྱང་ཕྱོགས་ཀྱི་འཁོར་ལོའི་རྩིབས་སྟེང་དུ་བཞུགས་སོ། །ༀ་ཡེ་ཤེས་ལྔ་བཛྲ་ནི་རྡོ་རྗེ་སྟེ། དབང་རྟགས་རྡོ་རྗེ་རྩེ་ལྔ་པས་དབུ་ཀུན་ལ་བརྒྱན་པའོ། །ཀ་རཱི་ཧ་ནི་དཀར་མོ། བཛྲ་ཙ་རཱི་ཧ་ནི་རྐུན་མོ། བཛྲ་པྲ་མོ་ཧ་ནི་རྨོངས་མོ། བཛྲ་བིཏྟ་ལཱི་ཧ་ནི་བརླག་བྱེད་མ་དང་བཞི་པོ་མཁའ་གསང་ནས་འཐོན་ཏེ། ཀ་ཏྲི་ཤྱ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུྃ་བྃ་ཧོ། ཅེས་རྩིབས་མཆན་བཞི་ལ་བཞུགས་སོ། །བཛྲ་པུཀྐ་སཱི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨེ་ཤ་ནཱི་ཧ། བཛྲ་ཙཎྜ་ལི་ཧ། ཅེས་སྦོས་མོ། གཏུམ་མོ། །སྨེ་ཤ་ཅན། མ་ཚོགས་མ་དང་བཞི་མཁའ་གསང་ནས་འཐོན་ཏེ། ཀ་ཏྲི་ལ་སོགས་པ་བརྗོད་པ ས་གྲུ་ཆད་བཞི་ལ་བཞུགས་སོ། །བཛྲ་སིངྷ་མུ་ཁ་ཧེ། བཛྲ་བྱཱ་གྷྲི་མུ་ཁཱ་ཧེ། བཛྲ་སྲིངྒྷ་ཡ་མུ་ཁཱ་ཧེ། བཛྲ་ཤྭ་ན་མུ་ཁ་ཧེ། ཅེས་དབང་རྟགས་རྡོ་རྗེ་ལྔ་པའི་དབུ་རྒྱན་པའི། ཁྲོ་མོའི་ལུས་ལ་ཕྲ་མེན་སེངྒེ། སྟག །ཝ། སྤྱང་ཀུའི་གདོང་པ་ཅན་རྣམས། མཁའ་གསང་ནས་སྤྱན་དྲངས་ཏེ། ཀ་ཏྲི་ཤྱ་ལ་སོགས་པ་བརྗོད་པས། ལྷ་སྣམ་གྱི་ཕྱོགས་བཞིར་བཞུགས་སོ། །བཛྲ་གྲཱི་ཌྷ་མུ་ཁཱ་ཧི། བཛྲ་ཀངྐ་མུ་ཀ་ཧེ། བཛྲ་ཀ་ཀ་མུ་ཁཱ་ཧེ། བཛྲ་ཨུ་ལཱུ་ཀ་མུ་ཁཱ་ཧེ། ཅེས་ཕྲ་མན་བྱ་རྒོད། དུར་བྱ་དང་། བྱ་རོག་དང་། འུག་པའི་གདོང་པ་ཅན་གཞི་མཁའ་གསང་ནས་འཐོན་སྟེ། ཀ་ཏྲི་ཤྱ་ལ་སོགས་པ་བརྗོད་པས། ལྷ་སྣམ་གྱི་མཚམས་བཞིར་བཞུགས་སོ། །ༀ་བཛྲ་ན་རྡོ་རྗེ། ཨཱརྱ་ན་འཕགས་པ། ཏེ་ཛ་ཏེ་ང་ཛ་ཞལ་ཆེན་ལྕགས་ཀྱུ། ༀ་བཛྲ་ཨ་མུ་ཁ་ཧཱུྃ་ནི་དོན་ཡོད་ཞགས་པ། ༀ་བཛྲ་ལོ་ཀ་བཾ་ནི། འཇིག་རྟེན་ལྕགས་སྒྲོགས། ༀ་བཛྲ་བྷསྨི་བྷ་ལ་བ་ཧུ་ཧོ་ནི། ཁམས་གསུམ་སླར་འཚོ་དྲིལ་བུ་མ་སྟེ། སྒོ་མ་བཞི་མཁའ་གསང་ནས་འཐོན་སྟེ། ཀ་ཏྲི་ཤྱ་ཧོ་ལ་སོགས་པ་བརྗོད་པས། སྒོ་བཞིར་ཞལ་ཕྱིར་གཟིགས་ནས་བཞུགས་སོ། །དེ་རྣམས་ཐུགས་ཡེ་ཤེས་སེམས་དཔའ་གསུམ་བརྩེགས། དབུ་རྒྱན་ལྔ། བྱིན་གྱིས་བརླབས་པའི་ལྷ་ལྔ་རྣམས་འདིར་སྔགས་ཙམ་གྱིས་བསྐྱེད་པའམ། ཡང་ན་ཚར་ནས་བསྐྱེད་དོ། །གཉིས་པ་རང་བཞིན་ལྷུན་གྱི་གྲུབ་པའི་དཀྱིལ་འཁོར་དབང་ཕྱུག་མ་རྣམས་བསྐྱེད་པ་ནི། བར་ཁྱམ་གྱི་ཞིང་ཚལ་བ་ཉི་ཤུ་རྩ་བརྒྱད་ཀྱི་སྟེང་དུ། གཙོ་བོའི་ཐུགས་ཀ་ནས་བྷྱོ་ཉི་ཤུ་རྩ་བརྒྱད་ལས། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཡང་། རང་རང་གི་སྔགས་ཀྱིས་ལྷག་ལྷག་བསྐྱེད་དེ། ཤར་གྱི་བྷྱོ་དྲུག་ལ། ཤར་གྱི་མ་དྲུག་བསྐྱེད་པ་ནི། མ་ནུ་རཀྴ་སི་བྷྱོཿ རྡོ་རྗེ་སྲིན་མོ་ཁ་དོག་སྨུག་ནག་གཡས་ན་བྷནྡྷ་རློན་པ་བསྣམས་པ་ནི། གཙོ་བོས་སྟེ། སྲིན་པོ་དྷ་ཤ་གྲིའི་ཆུང་མའོ། །གཉིས་པ་ནི། བྲ་ཧྨ་ཎི་བྷྱོ། ཚངས་མ་དམར་སེར་དབུ་བཞི་སྦྲུལ་གྱི་ཅོད་པཎ་ཅན། གཡས་པདྨ་བསྣམས་སྦ་བ་ནི། འདོད་ཁམས་གདུང་བ་ཡོངས་སུ་ཚངས་པས་ན་ཚངས་པ་སྟེ། དེའི་ཆུང་མའོ། །གསུམ་པ་ནི། རེའུ་ཏྲི་མ་བྷྱོཿ ལྷ་ཆེན་སྐུ་མདོག་དཀར་ལྗང་གཡས་ཏྲི་ཤུལ་བ་བསྣམས་པ་ནི། ལྷ་ཆེན་པོའི་ཆུང་མའོ། །བཞི་པ་ནི། བྷ་ན་བྷེ་བྷྱོཿ གཏོག་འདོད་མ་སྔོན་མོ་གཡས་འཁོར་ལོ་བསྣམས་པ་ནི། ལྷ་ཁྱབ་འཇུག་ཆེན་པོ་ལྷ་མ་ཡིན་གྱི་གནས་སུ་འཇུག་པ་ལ་སྲིད་པར་འདོད་པས་དེའི་ཆུང་མའོ། །ལྔ་པ་ནི། ཀུ་མཱ་རི་བྷྱོཿ གཞོན་ནུ་མ་སྐུ་མདོག་དམར་མོ་གཡས་ན་མདུང་བསྣམས་པ་ནི། ལྷ་མ་ཧཱ་དེ་ཝ་དང་ལྷ་མོ་ཨུ་མ་དེ་ཝི་གཉིས་ལ་བུ་སྨིན་མ་དྲུག་པ་སྐྱེས་པ་ལ་མིང་གཞོན་ནུ་ཅེས་བཏགས་པས། དེའི་ཆུང་མའོ། །དྲུག་པ་ནི། ཨིནྡྲ་ཡ་ནི་བྷྱོཿ བརྒྱ་བྱིན་མ་དཀར་མོ། གཡས་རྡོ་རྗེ་གདེང་པ་བསྣམས་པ་ནི། བརྒྱ་བྱིན་ཉེ་དབང་ལྷའི་ཚོགས་ལ་དབང་བྱེད་པས་ན་དེའི་ཆུང་མའོ། །དེ་དྲུག་ནི་མ་ལྟར་བྱམས་པའི་མ་དྲུག་ཅེས་བྱ་སྟེ། ཉེ་གནས་བཞི་ལས་མའི་ཚུལ་འཛིན། ཕྲིན་ལས་བཞི་ལས་ཞི་བ། ཚད་མེད་པ་བཞི་ལས་བྱམས་པའོ། །ལྷོའི་བྷྱོ་དྲུག་ལས། ལྷོའི་མ་དྲུག་བསྐྱེད་པ་ནི། དང་པོ། སིངྷ་ཀ་ལ་བྷྱོཿ རྡོ་རྗེ་དམར་མོ་སྐུ་མདོག་དམར་མོ། གཡས་ཐོད་ཁྲག་བསྣམས་པ་ནི། ལྷ་ཀྲི་ཤི་ཀ་དམར་པོ་དེའི་ཆུང་མའོ། །གཉིས་པ་ནི། ཨ་མྲྀ་ཏཾ་བྷྱོཿ བདུད་རྩི་མ་དམར་མོ་གཡས་པདྨ་བསྣམས་པ་ནི། ཉི་མའི་མིང་གིས་རྣམ་གྲངས་ལ་བདུད་རྩི་ཅེས་བཏགས་པ་དེའི་ཆུང་མའོ། །གསུམ་པ་ནི། སོའུ་ནི་བྷྱོཿ ཞི་བ་མོ་དཀར་མོ། གཡས་མེ་ཏོག་པུཎྜ་རི་ཀ་བསྣམས་པ་ནི། ཟླ་བའི་མིང་གིས་ནང་ཚན་ལ་ཞིབ་ཅེས་བཏགས་དེའི་ཆུད་མའོ། །བཞི་པ་ནི། ཧ་ན་ཧ་བྷྱོཿ བེ་ཅོན་མ་ལྗང་ནག་གཡས་ཐོད་དབྱུག་ཕྱར་བ་ནི། གཟའ་སྤེན་པའི་ཕྱག་ཆ་བེ་ཅོན་ཡིན་པའི་ཕྱག་མཚན་ལ་མིང་བཏགས་པའི། དེའི་ཆུང་མའོ། །ལྔ་པ་ནི། རཀྴ་སཱི་བྷྱོཿ སྲིན་མོ་དམར་མོ་གཡས་ཐོད་ཁྲག་འཐུང་བ་ནི། གཟའ་མིག་མར་གྱི་གཞན་འཇིག་པར་བྱེད་ནུས་པས། སྲིན་པོ་སྐྱ་རིང་ཕྱག་མེད་ཞེས་མིང་བཏགས་པས། དེའི་ཆུང་མའོ། །དྲུག་པ་ནི། བཀྴ་སཱི་བྷྱོཿ ཟ་བ་མོ་ལྗང་ནག་གཡས་རྒྱུ་ཞགས་བསྣམས་པ། དབང་ཕྱུག་ཆེན་པོ་མ་ཧཱ་ཀཱ་ལས་ལྷ་མིན་བསད་ནས་ཟ་བའི་ལྷ་ཟ་བྱེད་སྟེ། དེའི་ཆུང་མའོ། །དེ་དྲུག་ནི་སྙིང་ལྟར་བརྩེ་བའི་མ་དྲུག་ཅེས་བྱ་སྟེ། རྣལ་འབྱོར་པ་ལ་སྲིང་མོའི་ཚུལ་འཛིན་པའོ། །ཕྲིན་ལས་བཞི་ལས་རྒྱས་པ། ཚད་མེད་པ་སྙིང་རྗེའོ། །ནུབ་ཀྱི་བྷྱོ་དྲུག་ལས་མ་མོ་དྲུག་བསྐྱེད་པ་སྟེ། དང་པོར། རི་ཏྲི་མ་བྷྱོཿ དགའ་བ་མོ་དམར་མོ་ཕྱག་གཡས་ན་མདུང་བསྣམས་པ་ནི། རྣམ་ཐོས་ཀྱི་བུས་སྦྱིན་པ་བྱིན་པས། དེ་ལ་འགྲོ་བ་རྣམས་དགའ་བའི་ལྷ་དགའ་བྱེད་ཆེན་པོ་དེའི་ཆུང་མའོ། །གཉིས་པ་ནི། རེ་ཏྲི་རེ་མ་ཏི་བྷྱོཿ ཁྲག་གིས་མྱོས་མ་སྐུ་མདོག་དཀར་མོ། གཡས་ན་གཤོལ་བསྣམས་པ་ནི། སྲིན་པོ་སྟོབས་བཟང་ནི་དུས་རྟག་ཏུ་ཁྲག་ལ་ལོངས་སྤྱོད་པའི། དེའི་ཆུང་མའོ། །གསུམ་པ་ནི། ཨེ་ཀ་ཙ་ར་མ་བྷྱོཿ གཅིག་པུར་སྤྱོད་མ་སྐུ་མདོག་སེར་མོ་གཡས་ན་སྤུ་གྲི་བསྣམས་པ་ནི། ལྷ་དྲི་ཟ་ཟིང་གི་རི་ཏི་ཕའི་དྲིན་མེད་པར་མའི་དྲིན་གཅིག་པུས་འཚོ་བས་དེའི་ཆུང་མའོ། །བཞི་པ་ནི། མ་ཧཱ་ཧ་ར་མ་བྷྱོཿ འདོད་པ་མ་དམར་མོ་ཕྱག་གཡས་ན་མདའ་གཞུ་བསྣམས་པ་ནི། འདོད་ཁམས་ཀྱི་ལྷ་མ་ཧཱ་དེ་ཝ་གཟུགས་ཤིན་ཏུ་མཛེས་པས་འདོད་ལྷ་དེའི་ཆུང་མའོ། །ལྔ་པ་ནི། སི་ཏི་ཀཾ་བྷྱོཿ གྲུབ་པ་མ་དཀར་མོ་གཡས་ན་ནོར་གྱི་བུམ་པ་བསྣམས་པ་ནི། ནོར་ལྷ་ཨརྱ་ཛམ་བྷ་ལས་ནོར་དང་རྦོད་གཏོང་འགྲུབ་པར་བྱེད་པས། དེའི་ཆུང་མའོ། །དྲུག་པ་ནི། བྷཱ་ཡ་བྷྱ་བྷྱོཿ རླུང་ལྷ་མོ་སྐུ་མདོག་སྔོ་སྐྱ་གཡས་ན་བ་དན་ལྕེ་བརྒྱད་བསྣམས་པ་ནི། རླུང་གིས་རྒྱལ་པོ་བེ་ཇི་རམ་པ་རླུང་ལ་དབང་བྱེད་པས་རླུང་ལྷ་ཤ་བའི་མགོ་བོ་ཅན་དེའི་ཆུང་མའོ། །རྣལ་འབྱོར་མའི་རྣམས་ནི་དགའ་བ་མཛའ་ལྟར་ཡིད་འོང་གི་མ་དྲུག་ཅེས་བྱ་སྟེ། རྣལ་འབྱོར་བའི་ཉེ་གནས་བཞི་པ། མཛའ་མོ་གཟུངས་མའི་ཆ་འཛིན། ཕྲིན་ལས་བཞི་ལས་དབང་། ཚད་མེད་པ་དགའ་བའོ། །བྱང་གི་བྷྱོ་དྲུག་ལས་མ་མོ་དྲུག་བསྐྱེད་པ་ནི། དང་པོར། མ་ཧཱ་མཱ་ར་ཎ་བྷྱོཿ གསོད་མ་ཁ་དོག་ནག་མོ་གཡས་ན་རལ་གྲི་བསྣམས་པ་ནི། སྲིན་པོ་གསོད་བྱེད་ཆེན་པོ་སྟེ། ལྷ་གསོད་བྱེད་ཆེན་པོའི་ཆུང་མའོ། །གཉིས་པ་ནི། ཨགྣེ་ཡེ་བྷྱོཿ མེ་མོ་སྐུ་མདོག་དམར་མོ་གཡས་ན་མེ་སྒྲོན་བསྣམས་པ་ནི། འབྱུང་བ་མེ་ལ་བལྟ་ཞིང་མེ་ལ་དབང་བསྒྱུར་བས་མེ་ལྷའི་ཆུང་མའོ། །གསུམ་པ་ནི། བྷ་ར་ཧཱི་བྷྱོཿ ཕག་མོ་ཁ་དོག་ནག་མོ་གཡས་ན་ཕག་རྒོད་ཀྱི་མཆེ་བའི་ཞགས་པ་བསྣམས་པ་ནི། ས་བདག་ཕག་མགོ་ཅན་གྱི་ཆུང་མའོ། །བཞི་པ་ནི། ཙ་མུན་དྲི་བྷྱོཿ རྒན་བྱེད་མ་སྐུ་མདོག་ནག་མོ་གཡས་ན་ཞིང་ཆུང་ཟ་བ་ནི། ལྷ་མ་ཧཱ་དཱེ་ཝའི་བྱད་ལས་སྤྲུལ་པས་གཤིན་རྗེ་རྒན་བྱེད་ཀྱི་ཆུང་མའོ། །ལྔ་པ་ནི། བྷུ་ཏ་ན་བྷྱོཿ སྣ་ཆེན་མོ་སྐུ་མདོག་དཀར་ལྗང་གཡས་ན་ཐོད་པ་བསྣམས་པ་ནི། བགེགས་བྱི་ན་ཡ་ཀ་ཤིན་ཏུ་སྣ་ཆེ་བར་སྤྲུལ་པས་ཚོགས་བདག་གླང་སྣའི་ཆུང་མའོ། །དྲུག་པ་ནི། པཱ་ཎི་བཛྲ་བྷྱོཿ ཆུ་ལྷ་མོ་སྐུ་མདོག་སྔོན་མོ། གཡས་ན་སྦྲུལ་ཞགས་བསྣམས་པ་ནི། འབྱུང་བ་ཆུའི་ལྷས་ཕྱི་ནང་གི་ཆུ་ལ་དབང་བྱེད་པས། དེའི་ཆུང་མའོ། །དེ་དྲུག་ནི་བཏང་སྙོམས་བྲན་ལྟར་བཀའ་ཉན་གྱི་མ་མོ་དྲུག་ཅེས་བྱ་སྟེ། ཉེ་གནས་བཞི་ལ་བྲན་མོའི་ཆ་འཛིན། ཕྲིན་ལས་དྲག་པོ། ཚད་མེད་བཏང་སྙོམ་མོ། །དེ་ལྟར་ལྷ་རྣམས་ཕྱོགས་ཀྱི་སྒོ་གཡས་གཡོན་དུ་གསུམ་གསུམ་མོ། །ཤར་སྒོར། བཛྲ་མ་ཧཱ་ཀཱ་ལཱི་བྷྱོཿ རྡོ་རྗེ་ནག་མོ་སྐུ་མདོག་ནག་མོ་གཡས་ལྕགས་ཀྱུ་བསྣམས་པ་ནི། ལྷ་ནག་པོ་ཆེན་པོ་ཤིན་ཏུ་མདོག་ནག་པོ་ཡིན་ལ། དེའི་ཆུང་མ་ནག་མོ་ཁུ་བྱུག་མགོ་ཅན་ནོ། །ལྷོ་སྒོར། ཙ་ཀཱ་ལ་བཛྲ་བྷྱོཿ ཤན་པ་མོ་སྐུ་མདོག་དམར་སེར་ཕྱག་གཡས་ན་ཞགས་པ་བསྣམས་པ་ནི། ལྷར་གདོང་ཆེན་པོའི་ཆུང་མ་བདུད་ར་ཐོད་ཀྱི་བུ་མོ་ཡིན་པས་ར་མགོ་ཅན་ནོ། །ནུབ་སྒོར། བཛྲ་བུམ་པ་ཀ་ར་ཎ་བྷྱོཿ རྡོ་རྗེ་བུམ་རྣ་མོ་སྐུ་མདོག་དམར་ནག་གཡས་ན་ལྕགས་སྒྲོགས་བསྣམས་པ་ནི། སྲིན་པོ་བུམ་རྣ་མའི་ཆུང་མ་སེངྒེའི་མགོ་ཅན་ནོ། །བྱང་སྒོར། བཛྲ་ལམྦྷོ་དྷ་ར་ཎ་བྷྱོཿ གསུས་འཛིན་མ་ལྗང་ནག་གཡས་དྲིལ་བུ་བསྣམས་པ་ནི། ལྷ་གསུས་འཛིན་ཆེན་པོའི་ཆུང་མ་ཀཾ་ཀའི་མགོ་ཅན་ནོ། །མ་མོ་འདི་བཞིའི་མཚན་ཉིད་ནི། གོང་མའི་ཕྱོགས་སུ་བརྩིའོ། །འདི་རྣམས་ཀུན་གྱི་གཡོན་ན་བྷནྡྷ་དམར་ཆེན་གྱིས་བཀང་པའི་ནང་ན་རྡོ་རྗེ་རྩེ་གསུམ་པས་མཚན་པ་བསྣམས་པའམ། ཡང་ན་གཡས་ན་རྟགས་ཀྱིས་ཕྱག་མཚན་དང་། གཡོན་དབང་རྟགས་སུ་རྡོ་རྗེ་རྩེ་གསུམ་པ་རེ་རེ་བསྣམས་གསུངས། ཀུན་ཀྱང་ཞིང་ལྤགས་ཀྱིས་རྐེད་ཆིངས་དང་། སྟག་གི་ཤམ་ཐབས་དང་། ཐོད་པ་རློན་པའི་ཕྲེང་བ་དང་། དར་དང་མེ་ཏོག་གི་ཅོད་པཎ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དུ་བྱས་པ། ཆགས་པའི་ཚུལ་གྱིས་འགྱིང་བ། ཞིང་ཚུལ་བའི་གདན་ལ་ཞབས་བརྐྱང་བསྐུམ་དུ་བཞུགས་པའོ། །དེ་རྣམས་ཀྱི་ཐུགས་ཀ་ནས་ཐོད་པ་ཚལ་པ་བྷྱོས་མཚན་པ་རེ་རེ་ཡོད་དོ། །དབུ་ལ་རྡོ་རྗེ་རྩེ་ལྔ་རེ་རེས་མཚན་པ། སོ་སོའི་འཁོར་འབུམ་ཕྲག་དང་བཅས་པ་བསྒོམ། ཡང་ན་དབང་ཕྱུག་མ་རྣམས་ཀྱི་སྔགས་བརྗོད་པ་ཙམ་གྱིས་བྱ་ནག་ཐང་ལ་བབ་པ་ལྟར་དུ་བསྐྱེད་པ་དང་། དབང་གི་དུས་སུ་མཁའ་གསང་ནས་བསྐྱེད་གསུངས། ཡེ་ཤེས་སེམས་དཔའ་ནི། ཧེ་རུ་ཀ་ལྔ་ལ་ཉི་ཟླ་པདྨའི་སྟེང་ན་རང་རང་འདྲ་བའི་ཡེ་ཤེས་སེམས་དཔའ་རེ་རེའི་ཐུགས་ཁ་ན་ཉི་མ་ལ་ཕྱག་མཚན་དང་པོ་རྣམས་ལ་ཧཱུྃ་ལྔའི་མཚན་པ་ལ་རུ་ལུའི་བསྐོར་བའོ། ཁ་དོག་ནི་སྐུ་མདོག་བཞིན་ནོ། །ཡུམ་ལྔ་ལ་ཉི་མའི་སྟེང་དུ་བྷནྡྷའི་ནང་དུ་ཉི་མའི་སྟེང་ན་ཧཱུྃ་ལྔ་ལ་རུ་ལུས་གཡོན་དུ་འཁོར་བའོ། །མ་མོ་ཉི་ཤུའི་ཐུགས་ཀར་ཉི་མའི་སྟེང་ན་རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ལ་ཉི་མའི་སྟེང་ན་མ་མོ་བརྒྱད་ལ་ཧ། ཕྲ་མེན་བརྒྱད་ལ་ཧེ། སྒོ་མ་བཞི་ལ་ཕཊ྄། དེའི་མཐའ་མར་རུ་ལུའི་རང་སྔགས་ཀྱིས་གཡས་སུ་བསྐོར། དབང་མོ་ལ་ཉི་མའི་སྟེང་ན་བྷནྡྷ་ཕྱེད་པ་བྷྱོས་མཚན་པའོ། །དབུ་རྒྱན་ནི་ལྷ་རང་རང་གི་ཐུགས་ཀའི་རྩ་བའི་ས་བོན་ལས་ཡིག་འབྲུ་རང་འདྲ་བ་རེ་རེ་ཆད་དེ། ཡེ་ཤེས་སེམས་དཔའ་སྒལ་ཚིག་གི་རྟ་ལ་བརྒྱུད། སྲོག་དག་པའི་ལམ་ནས་ཡར་ཐོན་སྟེ། དེ་ནས་ལྷ་རང་རང་གི་ཐུགས་ཀ་ནས་འཐོན་ཏེ། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ལ་ཕོག་པས། ཐུགས་ལ་མཉེས་པའི་པུ་ཙ་ཕུལ། ཐུགས་དམ་གྱི་རྒྱུད་བསྐུལ། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཁྲག་འཐུང་རིགས་ལྔའི་རྣམ་པར་འདུས་ཏེ། མདུན་གྱི་ནམ་མཁའ་ལ་བཞུགས་ནས་སྦྱོར་བ་མཛད་དེ། བྱང་ཆུབ་ཀྱི་སེམས་དབུའི་གནས་ལྔར་ཐིམ་པ་ལས། ཤཱནྱ་ཏའི་སྔགས་བརྗོད་པས། བཛྲ་ཧེ་རུ་ཀའི་སྤྱི་གཙུག་ཏུ། བཛྲ་ཧེ་རུ་ཀའི་གཙོ་བོར་བྱས་པ་ལ་སོགས་རིགས་རང་རང་གིས་གཙོས་པའི་ཡབ་རྣམས་ལ་ཡབ་དང་། ཡུམ་རྣམས་ལ་ཡུམ་གྱི་དབུ་རྒྱན། གནས་ཡུལ་གྱི་ཁྲོ་མོ་ཉི་ཤུ་ལ། ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ། གསེར་གྱི་རྡོ་རྗེ་རྩེ་ལྔ་པ་རེ་རེས་དབུ་རྒྱན། དབང་མོ་ཉེར་བརྒྱད་ལ་ཕྲིན་ལས་དྲག་པོ་ཁོ་ན་མཛད་པའི་རྟགས་སུ། ལྕགས་ཀྱི་རྡོ་རྗེ་རྩེ་གསུམ་པ་རེ་རེས་དབུ་རྒྱན་པར་བསམ་མོ། །བྱིན་གྱིས་བརླབས་པ་ནི། རིགས་ལྔ་ལ་སྦྱི་བོར་དུང་ཁང་ནང་དུ་ཟླ་བའི་སྟེང་དུ་ༀ་དཀར་པོ། མགྲིན་པར་ལྗགས་རྡོ་རྗེ་ཉལ་སྟབས་ལྟེ་བ་ཁོག་སེང་གི་ནང་དུ། པད་འདབ་བརྒྱད་ཀྱི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ཀ །ལྟེ་བར་རིན་ཆེན་ཟུར་བརྒྱད་ཀྱི་སྟེང་དུ་སྭཱ་སེར་པོ། གསང་གནས་སུ་ཆོས་འབྱུང་གྲུ་གསུམ་གྱི་སྟེང་དུ། ཧཱ་ལྗང་ཀུ་རྣམས་ལ་སྤྲོ་བསྡུ་བྱས་པས། ཡིག་འབྲུ་ཞུ་བ་ལས། སརྦ་ཏ་ཐཱ་ག་ཏ་ལ་སོགས་པའི་སྔགས་བརྗོད་པ་ཙམ་གྱིས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ལྷ། ཧེ་རུ་ཀ་ལྔ་གཞུང་བཞིན་དུ་བསྒོམ་ལ། དེ་རྣམས་ཀྱི་ཐུགས་ཀར་རང་རང་གི་ས་བོན་བསྒོམ་ལ་རུ་ལུ་འབྲུ་བརྒྱད་ཀྱི་བསྐོར་བའམ། འོད་ཟེར་འཕྲོ་བར་བསྒོམ་གསུངས། ཀ་རཱི་ལ་སོགས་མ་མོ་རྣམས་ཀྱི་སྤྱི་བོར་ཟླ་བར་ༀ། མགྲིན་པར་པདྨར་ཨཱཿ ཐུགས་ཀར་ཉི་མར་ཧཱུྃ་ལ་ལྷ་རང་རང་གི་སྔགས་ཚོ་གསུམ་གྱིས་བསྐོར་བའམ། ཕྱག་རྒྱ་སྤྲོས་པ་ལྟར་ན་ཀུན་ལ་བྱིན་རླབས་ཀྱི་ལྷ་རྣམས་བསྒོམ། དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་འདིར་བསྐྱེད་པ་འདིས། འཇིག་རྟེན་དྲུག་གི་ཕྱོགས་བཅུར་ཆོས་ཀྱི་དབྱིངས་ཀྱི་གར་ཁྱབ་པར་དཀྱིལ་འཁོར་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པར་འབྱུང་བར་བསྒོམ་མོ། །ལས་ཀྱིས་གཞུང་བསྟན་པ་ལ་བཅུ་སྟེ། ཁྲོ་བོ་སྔོན་གྱི་གླིང་གཞི་བརྗོད་ཅིང་སྙན་གསན་དབབ་པ་དང་། སྤྱན་དྲངས་པ་དང་། སྒོ་དབྱེ་བ་དང་། བརྟེན་པར་བཞུགས་སུ་གསོལ་བ་དང་། དམ་ཚིག་གི་ཕྱག་རྒྱ་བསྟན་པ་དང་། ལས་ཀྱི་མཁའ་འགྲོ་མའི་གདུག་པ་བསྲེག་ཅིང་ཟིལ་གྱིས་མནན་པའི་དམ་ཚིག་བསྟན་པ་དང་། ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། བསྟོད་པ་བྱ་བ་དང་། བསྐུལ་པ་བྱ་བ་དང་། བསྙེན་པ་བྱ་བའོ། །དང་པོ་སྙན་གསན་དབབ་ནས་ཕྱག་འཚལ་བ་ཡན་ཆད་ལ། སྔགས། ཚིགས་བཅད། ཕྱག་རྒྱ་ཏིང་ངེ་འཛིན་དང་བཞི་བཞི་ཡོད་པར་ཤེས་སོ། །སྙན་གསན་དབབ་པ་ལ་སོགས་པའི་སྔགས་དང་ཚིག་བཅད་གཞུང་ནས་གསལ། ཕྱག་རྒྱ་ནི་ཐོད་ཕྲེང་གིས་ཕྱག་རྒྱ་སྨིན་མཚམས་སུ་བཅའ་བ་དང་། ལྕགས་ཀྱུའི་ཕྱག་རྒྱ་ཐུགས་ཀར་བཅའ་བའོ། །ཏིང་ངེ་འཛིན་ནི། ཁྲག་འཐུང་གི་དཀྱིལ་འཁོར་བསྐྱེད་པ་དང་འདྲ་བ་ཆོས་ཀྱི་སྐུ་ལ་གཟུགས་ཀྱི་སྐུར་བཞེངས་ཏེ། བསྒྲུབ་པ་པོ་ལ་ཐུགས་ཀྱིས་དགོངས། སྤྱན་གྱིས་གཟིགས། ཞལ་གྱིས་ཕྱོགས་ཏེ་བྱོན་མ་རག་པར་བསྒོམ་མོ། །སྤྱན་དྲངས་པ་ནི། མཛེས་པའི་ཕྱག་རྒྱ་སྨིན་མཚམས་སུ་བཅའ་སྟེ། ཧྲཱིཿགསུམ་དང་ཐལ་མོ་ལེན་གསུམ་གདབ་པ་དང་སྤྲད་དོ། །ཏིང་ངེ་འཛིན་ནི། དཀྱིལ་འཁོར་དེ་དག་གིས་མདུན་གཞལ་ཡས་ཁང་གི་ཤར་ཕྱོགས་སུ་བཞུགས་པར་བསྒོམ་མོ། །སྒོ་དབྱེ་བ་ནི། ཕྱག་རྒྱ་སོར་མོ་ནང་དུ་བསྣོལ། གུང་མོ་རྩེ་སྤྲད་སྒྲེང་བའམ། ཡང་ན་ཐལ་མོ་སྦྱར་རོ། །ཏིང་ངེ་འཛིན་ནི། མདུན་གྱི་ཡེ་ཤེས་ཀྱི་གཞལ་ཡས། དམ་ཚིག་གི་ཞལ་ཡས་ལ་ཐིམ། ལྷ་རྣམས་ནང་དུ་བྱོན་པས་གདན་རེ་རེའི་སྟེང་ན་ཡེ་ཤེས་དང་དམ་ཚིག་གི་ལྷ་གཉིས་གཉིས་བཞུགས་པར་བསྒོམ་མོ། །སྐུ་བརྟེན་པར་བཞུགས་སུ་གསོལ་བ་ནི། ཕྱག་རྒྱ་སོར་མོ་སྙིང་ཀར་བསྣོལ་ལ། མཐེ་བོང་སྒྲེང་སྟེ། ཏིང་ངེ་འཛིན་ནི། དམ་ཚིག་གི་ལྷ་སོ་སོ་ལ་ཡེ་ཤེས་ཀྱི་ལྷ་སོ་སོར་ཐིམ་པར་བསམ། དམ་ཚིག་བརྟེན་པ་ལ་གཉིས་ཏེ། དང་པོ་ཕྲིན་ལས་ལྷུན་གྱིས་གྲུབ་པར་བྱ་བའི་དམ་ཚིག་བརྟེན་པར་བྱེད་པའི་ཕྱག་རྒྱ་ནི། རྡོ་རྗེའི་ཁུ་ཚུར་གྱི་གཡས་གཡོན་གྱི་མཐེ་བོང་བསྣོལ་མར་མཆེ་བའི་སྟེང་དུ་བཞག་ལ། མཐེའུ་ཆུང་གཉིས་སྒྲེང་ངང་ལ། ཏིང་ངེ་འཛིན་ནི། ཡེ་ཤེས་ཀྱི་དཀྱིལ་འཁོར་དེས་བདག་གཞན་གྱི་ཕྲིན་ལས་ཐམས་ཅད་ལྷུན་གྱི་གྲུབ་པར་བྱེད་པ་ལ་མི་འདའ་བར་བསམ། གཉིས་པ་སྐུ་གསུང་ཐུགས་ཀྱིས་དངོས་གྲུབ་བརྟེན་པའི་དམ་ཚིག་གི་ཕྱག་རྒྱ་ལ། ཐོད་པ་གསུམ་གྱི་ཕྱག་རྒྱ་དང་། སྔགས་ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ས་མ་ཡ་ཕཊ་ཅེས་པ་གསུམ་སྤྲད་དོ། །ཏིང་ངེ་འཛིན་ནི། སྔོན་གྱི་དམ་ཚིག་དྲན་སྟེ། བདག་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ཐོབ་པར་དུ་བརྟེན་པར་བསྒོམ་མོ། །ལས་ཀྱི་མཁའ་འགྲོ་མའི་གདུག་པ་བསྲེགས་ཅིང་ཟིལ་གྱིས་མནན་པའི་ཕྱག་རྒྱ་ནི། རྡོ་རྗེ་ཁུ་ཚུར་བཅིང་པ་ལས་མཐེ་བོང་མཐེ་ཆུང་གཉིས་སྒྲེང་སྟེ། ལག་པ་གཡས་གཡོན་བསྣོལ་ནས་མཆེ་བའི་ཐད་ཀར་བཞག་ལ་མཐར་གཤོག་པ་གཡོབ་པ་ལྟར་བྱ་ལ། ཏིང་ངེ་འཛིན་ནི། དཔལ་ཆེན་པོའི་མཆེ་བ་ལས། འོད་ཟེར་བསྐལ་པའི་མེ་དཔུང་ལྟ་བུ་བྱུང་བས། དབང་ཕྱུག་མའི་འཁོར་ཕྱི་རིམ་ན་ལས་ཀྱི་གདུག་པ་ཅན་ཡོད་པའི་གདུག་པ་ཅན་ཐུལ་གྱི་བསྲེགས་པར་བསྒོམ་པའམ། ཡང་ན་དཔལ་ཆེན་པོའི་ཞལ་དུ་བསྟིམ་པའོ། །ཕྱག་འཚལ་བ་ནི། ལག་པ་ཐལ་མོ་བསྐོར་ཞིང་། ༀ་ཤྲཱི་བཛྲ་རཱ་ག་ཅེས་སོགས་བརྗོད་པས། ཤར་ནས་མ་མོ་རྒྱས་འདེབས་མ་དཀར་མོ་གངས་རི་ལ་ཉི་མ་ཤར་བ་འདྲ་བ། གཡོན་ཚངས་པའི་མགོ་བསྣམས་པ་ལ། གཡས་འདོད་པའི་མདའ་ལྔ་བསྣམས་པས་བཏེགས་པའི་སྦྱོར་བས་ཤར་ཕྱོགས་ནས་ཕྱག་བགྱིད་དོ། །ༀ་ཤྲཱི་བཛྲ་རཱ་ག་ཅེས་སོགས་བརྗོད་པས། ལྷོ་ནས་རྨོངས་བྱེད་མ་སེར་མོ་གསེར་གྱི་རི་ལ་ཉི་མ་ཤར་བ་འདྲ་བ། ཕྱག་གཡོན་བྷནྡྷ་སྦྲང་ཆང་གིས་བཀང་བ། གཡས་ན་གྲི་གུག་བསྣམས་པས་ལྷོ་ཕྱོགས་ནས་ཕྱག་བགྱིད་དོ། །ༀ་ཤྲཱི་བཛྲ་ཁ་ཏ་ཅེས་སོགས་བརྗོད་པས། ཟབ་མོ་དམར་མོ་པདྨ་རཱ་གའི་རི་ལ་ཉི་མ་ཤར་བ་འདྲ་བ་གཡས་ཁ་ཊཱཾ་ཀ །གཡོན་བྷནྡྷ་རཀྟས་བཀང་བ་ནུབ་ནས་ཕྱག་བགྱིད་དོ། །ༀ་ཤྲཱི་བཛྲ་གྷནྡྷ་ལ་ཅེས་སོགས་བརྗོད་པས། ལྷ་མོ་ཚེ་འཕེལ་མ་ལྗང་ཀུ་མརྒད་ཏའི་རི་ལ་ཉི་མ་ཤར་བ་འདྲ་བ་གཡས་བྷནྡྷ་བདུད་རྩི་ལྔས་བཀང་བའི་ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཅད་པའི་ལྟེ་བ་ལས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྐུ་ལྟེ་བ་ཡན་ཆད་བྱུང་བ། གཡོན་དྲིལ་བུ་བསྣམས་པས་བྱང་ཕྱོགས་ནས་ཕྱག་བགྱིད་དོ། །མཆོད་པ་ལ་དགུ་སྟེ། དང་པོ་ཕྱག་རྒྱ་གར་གྱི་མཆོད་པ་ནི། ལྷ་གང་དང་གང་གི་ཕྱག་རྒྱའི་ཚིགས་སུ་བཅད་པ་གྱེར་བའི་ཚེ། དེ་དང་དེའི་སྐུར་དཔའ་བོ་གོ་བརྗེ་བའི་ཚུལ་དུ་གསལ་བར་བྱའོ། །དེའི་དུས་སུ་ལུས་ཀྱི་ཡང་སྟང་སྟབས་ཀྱི་ཕྱག་རྒྱ་བཅའོ། །གཉིས་པ་ཀུན་ཏུ་བཟང་པོའི་མཆོད་པ་ནི། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྨིན་མཚམས་སུ་བཅའ་ལ། ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་དེ་ཁོ་ན་ཉིད་དང་། བཟང་མོའི་དེ་ཁོ་ན་ཉིད་དང་། གཉིས་སུ་མེད་པ་བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་དུ་རྟོགས་པར་བྱ་བ་དང་། ལྷག་པ་ཏིང་ངེ་འཛིན་གྱི་དབང་དུ་ཆོས་ཐམས་ཅད་འདོད་ཡོན་དྲུག་ཏུ་མ་གྱུར་པ་མེད་པས། དེ་དག་ཐམས་ཅད་ཁམས་དྲུག་གི་ལྷ་མོར་གྱུར་པས། ནམ་མཁའ་ལ་སྤྲིན་བཞིན་དུ་འཁྲིགས། ས་གཞི་ལ་རྩི་ཤིང་བཞིན་དུ་སྐྱེས། བར་སྣང་གང་བར་བསྒོམ་མོ། །གསུམ་པ་ཕྱིའི་མཆོད་པ་ནི། གཏོར་མའི་སྟེང་འདོད་ཡོན་གྱི་ལྷ་མོ་སྒྲོ་ཞིང་མཆོད་པའོ། །བཞི་པ་ནང་གི་མཆོད་པ་ནི། དེ་ཉིད་ཀྱི་འོག་ཤའི་དཀྱིལ་འཁོར་དང་། རུས་པའི་ཕུང་པོ་དང་། ཁྲག་གི་རྒྱ་མཚོར་གྱུར་ནས་མཆོད་པའོ། །སྨན་མཆོད་ནི་གཞུང་ནས་གསལ་ལོ། །ལྔ་པ་གསང་བ་སྦྱོར་མཆོད་ནི། གཙོ་བོ་ཡབ་ཡུམ་གྱི་སྨིན་མཚམས་ཀྱི་ཐད་ཀར་སེམས་དཔའ་སྐུ་མདོག་དཀར་པོ་དང་། ཡུམ་སྐུ་མདོག་དམར་མོ་དང་གཉིས་བསྒོམ་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས། དེ་ནས་ཡུམ་གྱི་རིན་ཆེན་བརྗོད། ཡབ་ཀྱིས་རྡོ་རྗེ་ཅེས་བརྗོད། སྔགས་བཞི་རིམ་བཞིན་བརྗོད་ནས་སྦྱོར་བ་མཛད་པ་ལས། ལྷ་མོ་དམར་མོ་ལྔ་བྱུང་བས་ལྔ་ལ་འཁྲིལ། ཡབ་ལྔ་བཅུ་རྩ་གསུམ་བྱུང་ནས་ཡུམ་ལ་འཁྲིལ་བས་ལྷ་རྣམས་སོ་སོར་མཉེས་པར་བསམ། སེམས་དཔའ་ཡབ་ཡུམ་སྨིན་མཚམས་ན་ཚུར་ཐིམ། དྲུག་པ་ཁམས་གསུམ་ཡོངས་སྒྲོལ་གྱི་མཆོད་པ་ནི། དབང་ཕྱུག་ཆེན་པོ་ཡབ་ཡུམ་སྐུ་མདོག་ནག་པོ། ཡུམ་གྱི་བྷནྡྷའི་ནང་དུ་ལོ་ཀའི་དངོས་པོ་ཐམས་ཅད་བཅུག་ནས། ཡབ་ཀྱི་ཏྲི་ཤུ་ལས་ལེན་གསུམ་དཀྲུགས་ནས་བདུད་རྩིར་གྱུར་ནས། དབང་ཕྱུག་ཆེན་པོའི་ཚིགས་བཅད་བརྗོད་པར་བསམ་ལ། ཡབ་ལྔས་ཞལ་དུ་གསོལ་བར་བསམ། བདུན་པ་རྔ་མཆོད་ནི། གླིང་བཞི་བྱེ་བ་ཕྲག་བརྒྱ་ནི་རྡར་གྱུར། རི་རབ་བྱེ་བ་ཕྲག་བརྒྱ་ནི་རྔ་ཡོག་ཏུ་གྱུར་ནས་བརྡུང་སྟེ། ཐམས་ཅད་ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྔ་སྒྲར་གྱུར། དེས་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྒྲ་རྒྱུན་མི་ཆད་པར་བསམ་མོ། །བརྒྱད་པ་དྲིལ་མཆོད་ནི། དྲིལ་བུའི་སྒྲ་མཐར་སྟོང་བ་ལྟར། སྣང་སྲིད་ཀྱི་ཆོས་ཐམས་ཅད་དངོས་པོ་ཅི་ལྟར་སྣང་ན་ཡང་། དོན་ལ་ཆོས་ཉིད་ཀྱི་ངང་དུ་དབྱེར་མེད་པའི་དོན་གྱིས་མཉེས་པའོ། །དགུ་པ་གླུ་མཆོད་ནི། ཚིགས་སུ་བཅད་པ་ཙན་ལྔ་སྟེ། དང་པོ་གཙོ་བོས་གླུ་བླངས་བར་བསྒོམ། གཉིས་པ་ནུབ་ཕྱོགས། གསུམ་པ་ཤར་ཕྱོགས། བཞི་པ་ལྷོ་ཕྱོགས། ལྔ་པ་བྱང་ཕྱོགས་ཏེ། ལྷ་དང་གཞལ་ཡས་ཁང་དང་བཅས་པ་ལ་གླུའི་སྒྲ་ཏི་རི་རི་གྲགས་པ་བསྒོམ་མོ། །བསྟོད་པ་ནི། རྒྱས་པའི་གླུ་བླངས་པའི་ལུགས་སུ་དཀྱིལ་འཁོར་གྱི་ལྷ་ཀུན་གྱིས་རང་ལ་རང་བསྟོད་པའི་ཚུལ་གྱིས་སོ། །བསྐུལ་པ་ནི། འགྲོ་རྣམས་ཅི་ལྟར་འདུལ་ཞིང་གཤེགས་མཛད་པ། །ཤེས་རབ་ནམ་མཁའི་བསྐལ་པས་རྒས་རྒུད་སྟོང་། །གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ། །གཏི་མུག་རྡོ་རྗེ་བྷུདྡྷ་ཧེ་རུ་ཀཿ ཡེ་ཤེས་རྡོ་རྗེ་ཉོན་མོངས་རྡོ་རྗེ་འཇོམས། །ཐབས་འཛིན་མཚོན་ཆའི་བསྐལ་པས་དངོས་པོ་འཇིག །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ། །ཞེ་སྡང་རྡོ་རྗེ་བཛྲ་ཧེ་རུ་ཀཿ རིན་ཆེན་དབྱིག་ལྟར་རེ་བ་ཀུན་བསྐང་བ། །བདག་མེད་ཞི་གནས་ཆུའི་བསྐལ་པ་འཁྲུགས། །ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་པ། །ང་རྒྱལ་རྡོ་རྗེ་རཏྣ་ཧེ་རུ་ཀཿ འདམ་སྐྱེས་པད་ལྟར་འཁོར་བར་སྐུ་འཁྲུངས་ཤིང་། །ལྷག་མཐོང་མེ་ཆེན་བསྐལ་པས་ཐམས་ཅད་བསྲེག །འདོད་ཆགས་ཚུལ་གྱི་འདོད་ཆགས་འཇོམ་མཛད་པ། །འདོད་ཆགས་རྡོ་རྗེ་པདྨ་ཧེ་རུ་ཀཿ ཕྲིན་ལས་རྒྱ་མཚོ་འགྲོ་བའི་དོན་མཛད་ཅིང་། །ཤེས་བྱ་ཐོགས་མེད་བསྐལ་པའི་རླུང་གིས་གཏོང་། །ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམ་མཛད་པ། །ཕྲག་དོག་རྡོ་རྗེ་ཀརྨ་ཧེ་རུ་ཀཿ སྐུའི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །ཤེས་རབ་མཐར་ཕྱིན་གཏི་མུག་རྣམ་པར་དག །རྟོགས་པའི་རེག་བྱ་མཆོད་པས་མཉེས་མཛད་མ། །ཆོས་དབྱིངས་ནམ་མཁའི་དབང་བསྒྱུར་ཁྲོ་མོ་རྒྱལ། །ཐུགས་ཀྱི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །བརྩོན་འགྲུས་མཐར་ཕྱིན་ཞེ་སྡང་རྣམ་པར་དག །ཕྱག་རྒྱ་གཟུགས་ཀྱི་མཆོད་པས་མཉེས་མཛད་ཅིང་། །སྲ་རྟེན་རྡོ་རྗེ་དབང་བསྒྱུར་ཁྲོ་མོའི་རྒྱལ། །ཡོན་ཏན་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །སྦྱིན་པ་མཐར་ཕྱིན་ང་རྒྱལ་རྣམ་པར་དག །ཏིང་འཛིན་རོ་མཆོག་མཆོད་པས་མཉེས་མཛད་ཅིང་། །བདག་མེད་ཞི་གནས་དབང་བསྒྱུར་ཁྲོ་མོའི་རྒྱལ། །གསུང་གི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །ཚུལ་ཁྲིམས་མཐར་ཕྱིན་འདོད་ཆགས་རྣམ་པར་དག །གསུང་རབ་སྒྲའི་མཆོད་པས་མཉེས་མཛད་ཅིང་། །ལྷག་མཐོང་ཡེ་ཤེས་དབང་བསྒྱུར་ཁྲོ་མོའི་རྒྱལ། །ཕྲིན་ལས་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་། །བཟོད་པ་མཐར་ཕྱིན་ཕྲག་དོག་རྣམ་པར་དག །ཚུལ་ཁྲིམས་དྲིའི་མཆོད་པས་མཉེས་བྱེད་ཅིང་། །ཐོགས་མེད་ལས་ཀྱི་དབང་བསྒྱུར་ཁྲོ་མོའི་རྒྱལ། །ཐུགས་མཆོག་རྣམ་དག་ཡེ་ཤེས་དཀར་མོའི་ཚོགས། །འགུག་མཛད་ཡེ་ཤེས་ལྔའི་དབྱུག་ཏོ་ཅན། །དྲན་པས་རྒྱུད་ལྔ་སྒྲོལ་མཛད་ཞི་བར་གཟིགས། །སྲིད་གསུམ་འཇོམ་མཛད་དབྱིག་ཐོག་ཀ་རཱི་མ། །སྐུའི་ཚོགས་སྡུད་ཡོན་ཏན་རྐུན་མོའི་ཚོགས། །མཐུ་འཕྲོག་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །བདེན་གཉིས་ལྟ་བའི་ཁྲོ་ཚུལ་འགྲོ་ལ་གཟིགས། །དམ་ཚིག་དབྱིངས་མཆོག་བསྐུལ་བྱེད་ཙ་རཱི་མ། །གསུང་གི་ཐམས་ཅད་ཟིལ་གནོན་རྨོང་མོའི་ཚོགས། །དབང་མཛད་མཐའ་གཉིས་མི་སྤང་ཆུ་སྲིན་ཅན། །མི་གནས་རྒྱལ་མཚན་འཛིན་ཅིང་མྱོས་པར་བལྟ། །སྟོང་གསུམ་དབང་མཛད་རྒྱལ་བྱེད་པྲ་མོ་ཧ། །ཐལ་བར་བྱེད་པའི་ཐལ་བྱེད་མའི་ཚོགས། །ཀུན་གྱི་དངོས་གྲུབ་རྡོ་རྗེ་རྩེ་དགུ་བསྣམས། །ས་དགུ་རྟོག་འཇོམ་ཤི་བ་སླངས་བར་གཟིགས། །འཇིག་རྟེན་ཐལ་བྱེད་དྲིལ་ཐོགས་བེཏྟ་ལཱི། །འབྱེད་མེད་ཤེས་རབ་མི་རྟོགས་སྦོས་མོའི་ཚོགས། །འཁོར་བའི་རྒྱུད་འཛིན་འཆིང་བྱེད་དབང་འདྲེན་ལས། །ཁྲོ་བར་གཟིགས་ཚུལ་ཐུགས་རྗེས་རྒྱུན་གྱིས་རོལ། །བདེ་ཆེན་དབྱིངས་སུ་འདྲེན་མཛད་པུཀྐ་སཱི། །ཞེ་སྡང་ཚུལ་གྱིས་འཇོམ་མཛད་གཏུམ་མའི་ཚོགས། །མྱོས་བྱེད་དབྱིངས་ནས་ཡེ་ཤེས་གཉིས་མེད་ཕ། །ཐུགས་རྗེ་དཀྲུག་ཅིང་རོ་ཟའི་ཚུལ་དུ་གཟིགས། །སྣོད་བཅུད་དཀྲུགས་ནས་བསྐང་མཛད་གྷསྨ་རཱི། །ཆགས་པའི་ཚུལ་གྱི་དོན་མཛད་སྨེ་ཤ་ཅན། །མ་ནི་རྒྱུད་འཕེལ་གཟུང་འཛིན་བྲལ་བར་མཛད། །མཐའ་གཉིས་མ་སྤངས་རྣམ་པར་གཡེང་ཚུལ་གཟིགས། །ཐུགས་རྗེ་འཇིག་རྟེན་སྒྲོལ་བྱེད་སྨེ་ཤ་ནཱི། །ཐམས་ཅད་ཀུན་གྱིས་འབྱུང་འགྱུར་མ་ཚོགས་མ། །ཀུན་གྱིས་ལས་མཛད་ཆོས་སྐུ་སྙིང་པོ་འཛིན། །ཀུན་ལ་རོལ་པས་གཟིགས་ཚུལ་ཀུན་དང་ལྡན། །འབར་བས་སྟོང་གསུམ་སྟོབས་བྱེད་ཙཎྜ་ལི། །འཇོམ་བྱེད་རྩ་འཕགས་རྡོ་རྗེ་ཐུགས་ཀྱི་ཡུམ། །གཉེན་པོའི་སྟོབས་ཀྱིས་ཐམས་ཅད་ཟིལ་གྱི་གནོན། །ཤེས་རབ་ཐབས་ལྡན་སྐུ་གསུམ་བདག་གཞན་དོན། །འཇིག་རྟེན་སྡུག་བསྔལ་བསྒྲལ་ཕྱིར་སིངྷ་མ། །དཔའ་གཏུམ་ཟ་བྱེད་ཡེ་ཤེས་ཐུགས་རྗེ་ཅན། །དཔའ་བར་འགྲོ་བའི་ཏིང་འཛིན་འགྲོ་དོན་མཛད། །ཐུགས་རྗེ་ཡེ་ཤེས་རྩེ་གཅིག་སོ་སོར་གཟིགས། །ང་རྒྱལ་འཆི་བདག་འཇོམ་མཛོད་བྱཱ་ཀྲྀ་མ། །འཇོམ་བྱེད་དམ་ཚིག་རྣམ་དག་གསུང་གི་མཆོག །ཐབས་མཁས་སྤྱོད་པས་བདག་དང་གཞན་དོན་མཛད། །དོན་གྱི་ཆོས་སྐུ་འཛིན་མེད་ལྗགས་ལ་ལྟར། །འདོད་ཆགས་དུར་ཁྲོད་འཇོམ་མཛད་སྲི་ཝ་མ། །མི་འབྱེད་སྤྱོད་པས་ལས་མཆོག་རིགས་ཀྱི་ཡུམ། །གཡེར་པའི་ཕྲིན་ལས་འགྲོ་ལ་ཐུགས་རྗེས་སྲུངས། །ཆོས་ཉིད་སྐུ་ལ་ཡེ་ཤེས་སྤྱན་གྱིས་གཟིགས། །ཕྲག་དོག་ལས་ཀུན་འགྲུབ་བྱེད་ཤྭ་ན་མ། །ཡིད་ཀྱི་ཡེ་ཤེས་སོ་སོར་ཀུན་ལ་རྟོགས། །རྣམ་ཤེས་གྱིས་བསད་གོད་འབྲེལ་ཚུལ་ཁྲིམས་སྲུངས། །འཁོར་བ་རྒྱུན་གཅོད་རྒྱུ་གཅོད་སྤུ་གྲི་བསྣམས། །མགྱོགས་མ་སྙག་བྱེད་ཁྲག་འཐུང་གྲིཌྷ་མ། །རྣམ་ཤེས་མཉམ་ཉིད་ཡིད་འཕྲོག་མཚན་མ་འཇོམས། །བསད་པའི་གོད་རྣམས་སྦྱིན་པའི་ཕ་རོལ་ཕྱིན། །མཐའ་འདས་ཆོས་སྐུ་གཟུང་འཛིན་སྤང་ཚུལ་གཟུང་། །འགྲོ་བའི་སྡུད་བསྔལ་ཚེ་འཕྲོག་ཀངྐ་མ། །བསླད་པས་མི་འགྱུར་བཀྲུས་པས་མི་འདག་པའི། །མི་མཐུན་གཉེན་པོས་མི་ཤིགས་བཟོད་པའི་མཆོག །ཆོས་སྐུ་ཐུགས་སུ་ཆུད་ཕྱིར་ཞལ་ན་ཐོག །ཡོན་ཏན་ཡིད་བཞིན་བདག་ཉིད་ཁཱ་ཁ་མ། །དབྱིངས་ལས་མི་རྟོགས་འགྲོ་ལ་ཐུགས་རྗེས་གཟིགས། །དབྱིངས་ཀྱི་ཐུགས་རྗེ་ཕྲིན་ལས་འདུས་མ་བྱས། །གཉིས་ལ་མི་གནས་ཤེས་རབ་ཕ་རོལ་ཕྱིན། །མཐའ་གཉིས་སྤང་པའི་རྔམ་ཚུལ་ཨུ་ལཱུ་མ། །སྦྱིན་པས་རིག་པའི་ཀློང་དུ་མཚོ་དྲང་ལྟར། །ཐུགས་རྗེའི་ལྕགས་ཀྱུས་འཁོར་བ་གཏིང་ནས་འདྲེན། །དཔའ་བར་འགྲོ་བའི་ཏིང་འཛིན་རྩེ་གཅིག་མཛད། །ཐུགས་རྗེ་ཤར་མཛད་རྟ་གདོང་ལྕགས་ཀྱུ་མ། །དོན་དང་མཐུན་པས་བདག་ཀྱང་དགའ་བར་མཛད། །རིན་ཆེན་ཕྱག་རྒྱ་སེམས་ཅན་རེ་འདོད་བསྐངས། །བྱམས་པའི་ཞགས་པས་སེམས་ཅན་རྒྱུད་འཛིན་ཅིང་། །ཡོན་ཏན་ཚོགས་རྫོགས་ཕག་གདོང་ཞགས་པ་མ། །གཞན་གྱིས་དོན་དུ་སྤྱད་པས་བདག་གི་དོན། །ཤེས་རབ་སྒྲོན་མས་མུན་པའི་སྡུག་བསྔལ་བསལ། །དོན་གཉིས་མི་འདའ་ལྷུན་གྲུབ་དགའ་བའི་མཆོག །ཀུན་མཁྱེན་མ་རིག་ནུབ་མཛད་ཉི་ཟླའི་སྤྱན། །སྙན་པར་སྨྲ་བ་ཀུན་ཀྱང་དབང་དུ་བྱེད། །བཏང་སྙོམས་ཐབས་མཁས་འགྲོ་དོན་རྩེ་གཅིག་རོལ། །ཕབ་པས་རྣམ་ཤེས་ཐལ་བའི་གཟུགས་ཀྱང་འཚོ། །ཆོས་སྟོན་བག་ཆགས་བྱང་མཛད་གྲི་འཁྲོལ་མ། །རྔམ་པའི་ཚུལ་གྱིས་སྲིན་མོའི་གཟུགས་འཛིན་ཅིང་། །ཐོད་རུས་གདུག་པའི་འབྲུ་མར་ཟས་སུ་ཟ། །སྲིད་པའི་སེམས་ཅན་ཆགས་སྙིང་ཁྲག་མཚོ་གསོལ། །དབང་དྲག་ལས་མཛད་མ་ནུ་རཀྴ་སཱི། །སྡུག་བསྔལ་མྱ་ངན་འདའ་རྟོགས་ཚངས་པའི་གཟུགས། །ཚད་མེད་བཞི་རྫོགས་རྟགས་ཀྱིས་དབུ་བཞིར་ལྡན། །ཞལ་བཞིར་སྨྲང་འདོན་གླིང་བཞིར་བཀྲ་ཤིས་འབར། །གཏི་མུག་ཡིད་བཞིན་རིན་ཆེན་པྲ་མ་ཎི། །ཐམས་ཅད་མཉམ་པ་ཉིད་རྟོགས་རིགས་མཆོག་མ། །མ་རིག་དུག་གསུམ་འཇོམ་མཛད་དཔལ་རྩེ་བསྣམས། །བུད་མེད་ཆགས་ཚུལ་དབང་མཛོད་དཀའ་བཟློག་མ། །ཆགས་པའི་སྐྱོན་བྲལ་ལྷ་ཆེན་རེའུ་ཏྲི་མ། །ཐམས་ཅད་སྒྱུ་མ་བཞིན་དུ་རྟོགས་མཁྱེན་མ། །འབྲེལ་པའི་ཐུགས་རྗེས་འཇིག་རྟེན་ཀུན་ལ་གཏོགས། །ཕྲིན་ལས་རྒྱ་མཚོས་སྒྲོལ་བའི་བཞད་ཆེན་མ། །འཁོར་བའི་རྒྱུན་གཅོད་དྲག་མོ་བྷ་ན་བྷེ། །འདུ་བྱེད་མི་རྟག་དྲིལ་བུའི་སྒྲ་ལྟར་མཁྱེན། །རྟག་པར་གཞོན་ཚུལ་འཁོར་བར་ཇི་སྲིད་བཞུགས། །ཉོན་མོངས་ཐ་བ་འབིག་པའི་མདུང་ཐུང་འཕེན། །གཞོན་ཚུལ་ཆགས་པའི་དབང་མཛོད་ཀུ་མཱ་རཱི། །རྡོ་རྗེ་ལས་མཛད་ཀུན་གྱི་བླ་ན་མེད། །ལྷའི་རྒྱལ་སྲིད་ཆོས་ལ་དབང་བསྒྱུར་ཞིང་། །མཆོད་སྦྱིན་བརྒྱ་མཛད་མི་དམིགས་སྐུ་དཀར་མདོག །གསོད་བྱེད་རྡོ་རྗེ་ལྕེ་འབེབ་ཨིནྡྲ་མ། །བྱམས་པའི་ཐུགས་རྗེ་དབང་མཛད་སྐུ་མདོག་དམར། །བྷནྡྷ་སྣོད་ཡོངས་བཅུད་ཀྱི་ཁྲག་མཚོ་མ། །རྔམ་པའི་ཚུལ་གྱིས་དུག་གསུམ་ཟ་བྱེད་མ། །སྡུག་བསྔལ་དབྱིངས་སུ་གསོད་མཛད་སིང་ཀ་ལ། །སེམས་ཅན་འདུལ་ཐབས་ཁྲོ་མོའི་མཆོག་ཏུ་མཁྱེན། །མུན་སེལ་སྒྲོན་འབར་བདུད་རྩི་ནད་གསོལ་མཛད། །འདམ་སྐྱེས་པད་ལྟར་འཁོར་བར་སྐུ་འཁྲུངས་ཡང་། །ཆགས་པའི་དབང་མཛད་སྐྱོན་བྲལ་ཨ་མྲྀ་ཏ། །ཞི་བའི་ལས་ནི་གསོལ་བ་མཆོག་ཏུ་མཁྱེན། །ཟླ་ལྟར་ཡོན་ཏན་ཆ་ཤས་མཐར་ཕྱིན་སྐུ། །གདུང་བའི་ནད་སེལ་འཇིག་རྟེན་སྒྲོན་མཛད་ཅིང་། །གདན་མཆོག་དམ་པ་སྟོབས་ཤིགས་སོའུ་ནི། །དབྱིག་བའི་འཚོག་པ་འདྲ་བ་གཞན་མེད་མཁྱེན། །ཐབས་ཀྱི་མ་རྨོང་ལྗང་གུ་ཕྲིན་ལས་མདོག །ནན་ཏན་དྲག་ཤུལ་འཚོག་པའི་དབྱུག་ཏོ་བསྣམས། །དྲག་བྱེད་སྤྱི་ན་འཇོམས་པའི་ཏ་ན་ཧཾ། །ལོག་པར་ལྟ་བ་འཇིག་བྱེད་སྤྱན་གྱིས་མཆོག །སྐྱེ་བ་ཕྲོག་བྱེད་སྐྱེ་རྒྱུན་ཁྲག་མཚོ་གསོལ། །ལས་མཛད་ཆགས་ཚུལ་གསེར་གྱི་རྐེད་ཆིངས་ཅན། །དྲག་མོའི་རྔམ་ཚུལ་གློག་འགྱུར་རཀྴ་སཱི། །ཕྲེད་པ་རྒྱན་གྱི་ནང་ན་མཆོག་ཏུ་མཛེས། །སྙིང་རྗེ་རྒྱུན་སྐད་པ་སྤུ་ཞགས་པ་ཡི། །ཆགས་མེད་ཞིང་དུ་ཁམས་གསུམ་འདྲེན་མཛད་མ། །རྒྱུན་གྱི་ཐུགས་རྗེ་སྒྲོལ་མཛད་བགྴ་སཱི། །དབྱིག་པས་འཚོག་པ་འཆང་པའི་མཆོག་ཏུ་མཁྱེན། །གཏུན་བུས་གདུག་པ་མ་ལུས་འཇོམ་མཛད་ཅིང་། །ཡོན་ཏན་མི་ཟད་ནོར་གྱི་གཏེར་འཛིན་མ། །སྟོང་གསུམ་ནོར་གྱིས་རྒྱས་མཛད་རསྟི་མ། །ར་རོ་འདྲ་བ་དཔའ་བོ་གཞན་མེད་མཁྱེན། །ཆོས་རྣམས་དངོས་མེད་དོན་རྟོགས་རྟག་ཏུ་མྱོས། །ཉོན་མོངས་ཐ་བ་བཀློག་པའི་གཤོལ་བསྣམས་ཤིང་། །དགེ་བའི་ལོ་ཐོག་བསྐྱེད་མཛད་རེ་ཏི་རེ་མ་ཏི། །བརྟེན་པས་གཞན་ཕན་བྱེད་པ་དཔའ་བོ་མཆོག །མ་ལུས་གསོད་བྱེད་ལས་ལ་འཇུག་བྱེད་ཅིང་། །བསྙེམས་པ་མི་མངའ་འགྲོ་དོན་གཅིག་པུ་སྤྱོད། །གསོལ་བྱེད་དྲལ་མཛད་ཨེ་ཀ་ཙ་ར་མ། །བུད་མེད་ཆགས་ཚུལ་འགྲོ་བ་དབང་དུ་སྡུད། །ཐམས་ཅད་མ་ལུས་འགུག་བྱེད་དགེ་བའི་ལས། །འདོད་ལྷའི་མདའ་འཕེན་སྲིད་གསུམ་ཡིད་འཕྲོག་ཅིང་། །ཐུགས་རྗེ་ཞེན་པའི་མ་ནུ་ཧ་ར་མ། །ཁྲག་ལས་ཟས་གཞན་མེད་པར་རྟོགས་མཁྱེན་ཅིང་། །གདོན་རྣམས་བསྒྱུར་བའི་ལས་མཛད་རྦོད་གཏོང་ཅན། །མི་བཟད་གཏེར་ལྡན་ནོར་གྱི་བུམ་པ་འཛིན། །སྡུག་བསྔལ་རེ་བསྐོང་ཐག་ཐུགས་སི་ཏི་ཀཾ། །རེག་བྱའི་སེམས་ནི་རླུང་གི་ཁམས་སྟེ་མཆོག །སྲིད་གསུམ་དབུགས་ཀྱིས་སྲོག་འབྱིན་ཚེ་འཕེལ་མ། །བདེར་གཤེགས་རིགས་རྒྱུད་སེམས་ཅན་སྒྲོལ་མཛད་ཅིང་། །ཁམས་གསུམ་གནས་ནས་སྐྱོང་མཛད་བྷཱ་ཡ་བྷེ། །སྙིགས་མ་ལྔ་ལྡན་ལྔ་བརྒྱའི་ཐ་མ་ལ། །སྲིད་གསུམ་འཁོར་བའི་སེམས་ཅན་གདུལ་དཀའ་བ། །བསད་པ་ཉི་ཚེའི་ལས་ཀྱི་འདུལ་བར་མཁྱེན། །སྡུག་བསྔལ་དབྱིངས་སུ་གསོད་མཛད་མཱ་ར་ཎ། །གཟི་བརྗིད་ཅན་ནི་མེའི་ལམ་སྟེ་མཆོག །འབར་བ་མཆོག་གིས་གདུག་པ་མ་ལུས་བསྲེག །ཟ་བྱེད་བསྐལ་པའི་དུས་མཐའི་ཚུལ་སྟོན་པ། །ལྷག་མཐོང་ཡེ་ཤེས་འབར་འཕྲོ་ཨགྣ་ཡེ། །མཆེ་བ་དག་པ་སྐྱེ་བཞི་རྩད་གཅོད་བཞུགས། །ཉོན་མོངས་ཐ་བ་བཟློག་མཛད་ཕག་གིས་དབུ། །འོག་གིས་ཕྱོགས་ནས་སྲིད་གསུམ་སྟོབས་ཀྱིས་སྤོར། །སྐྱེ་བཞི་རྩད་གཅོད་ཟ་བྱེད་བྷ་ར་ཧཱི། །འཆི་བདག་ཐམས་ཅད་གནས་ནས་མ་འཕོས་མཁྱེན། །ཐམས་ཅད་གསོད་བྱེད་དམ་ཉམས་འཆི་བདག་མཛད། །དམ་ཚིག་བསྲུང་བའི་འཆི་བདག་བཟློག་པར་མཛད། །ལུང་གིས་དུར་ཁྲོད་བཟློག་མཛད་རྩ་མུན་ཏྲི། །འཇིག་ལས་ལྷག་པའི་བགེགས་ནི་གཞན་མེད་མཁྱེན། །སྟོང་ཕྲག་བརྒྱད་ཅུའི་བགེགས་ལ་མངའ་མཛད་ཅིང་། །སྣ་ཆེན་གླང་སྣ་བདུད་རྩི་གྷི་ཧཾ་གཏོར། །སྡུག་བསྔལ་ནད་གསོས་མཛད་པའི་བྷུ་ཏ་ན། །ཆུ་ལས་ལྷག་པའི་རོ་ནི་གཞན་མེད་མཁྱེན། །ནོར་གྱི་ཚོགས་རྣམས་མ་ལུས་འཕྲོག་མཛད་ཅིང་། །གདུག་པ་འདུལ་ཕྱིར་དུག་གཏོང་སྦྲུལ་ཞགས་བསྣམས། །ཞི་གནས་ཏིང་འཛིན་དབང་སྡུད་པ་ཎི་མ། །འགྲོ་བའི་དོན་མཛད་མི་འགྱུར་སྐུ་མདོག་གནག །སྲིད་གསུམ་འཇོམ་བྱེད་ཏྲི་ཤུལ་གདིང་པོ་བསྣམས། །ཐུགས་རྗེ་ཤུགས་ཀྱི་འདྲེན་མཛད་ལྕགས་ཀྱུ་བསྣམས། །འཁོར་བར་ཐུགས་རྗེ་ཤར་བ་ཀཱ་ལཱི་མ། །ཆགས་པས་ཐུགས་རྗེས་དོན་མཛད་ར་མགོ་ཅན། །བྱམས་པའི་ཞགས་པས་འཁོར་བའི་རྒྱུད་འཛིན་ཅིང་། །གང་ལ་ཅི་འདུལ་དེ་ལ་དེར་སྟོན་པའི། །ཡོན་ཏན་ཚོགས་རྫོགས་རེ་བསྐང་ཙ་ཀཱ་ལ། །སྟོན་པའི་བཀའ་དང་རང་གིས་དམ་ཚིག་གཉིས། །མི་མདའ་མ་གྲུབ་བར་དུ་བརྟེན་པོར་བཞུགས། །དམ་ཚིག་སྒྲོགས་ཀྱིས་སེམས་ཅན་འདུལ་མཛད་ཅིང་། །མ་རིག་ནུབ་མཛད་བུམ་པ་ཀ་ཎ་མ། །སྐུ་གསུམ་ཡོན་ཏན་ཕྲིན་ལས་མཐའ་ཀླས་པས། །སྟོང་པའི་སྒྲས་བསྐུལ་འགྲོ་བའི་རྒྱུད་ལ་འབེབ། །སོ་སོའི་སྐད་དུ་ཆོས་ཀྱི་སྒྲ་སྒྲོགས་ཤིང་། །ཆོས་སྟོན་བག་ཆགས་བྱང་མཛད་ལམྦྷོ་དྷ་ར་མ། །སྨོན་ལམ་ནི། ཧོ་རྒྱལ་བ་རྒྱ་མཚོ་མཉེས་པར་གྱུར་ཅིག །མཆོད་པ་རྒྱ་མཚོ་གནས་སུ་སྟོབས་པར་གྱུར་ཅིག །སྲིད་པ་རྒྱ་མཚོ་དབྱིངས་སུ་སྒྲོལ་བར་གྱུར་ཅིག །དམ་ཚིག་རྒྱ་མཚོ་བསྐོང་བར་གྱུར་ཅིག །དམ་ཅན་རྒྱ་མཚོ་ཐུགས་དམ་བསྐོང་བར་གྱུར་ཅིག །བདུད་དཔུང་རྒྱ་མཚོ་བཅོམ་པར་གྱུར་ཅིག །བགེགས་དཔུང་རྒྱ་མཚོ་ཞིག་པར་གྱུར་ཅིག །འཁོར་བ་རྒྱ་མཚོ་སྟོངས་པར་གྱུར་ཅིག །སྡུག་བསྔལ་རྒྱ་མཚོ་ཞི་བར་གྱུར་ཅིག །བདག་ཉིད་ཆེན་པོ་ལྷུན་གྱི་གྲུབ་པར་གྱུར་ཅིག །ཅེས་སྨོན་ལམ་གདབ་བོ། །བདག་ཅག་རྣལ་འབྱོར་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ཅིག །ཅེས་གསོལ་བས་གདབ། སྡང་བའི་དགྲ་ཐུལ་ཅིག །གནོད་པའི་བགེགས་ཆོམ་ཅིག །བསྒྲལ་བའི་ཞིང་བཅུ་རྡུལ་དུ་རློག་ཅིག །བདག་ཅག་རྣལ་འབྱོར་པའི་བསམ་པ་ཡིད་བཞིན་འགྲུབ་པར་མཛོད་ཅིག །ཅེས་ལས་བཅོལ་ལོ། །བསྙེན་པ་ནི། རྩ་བའི་སྔགས་དང་། རང་སྔགས་དང་། ལས་སྔགས་དང་གསུམ་མོ། །དེ་ལ་རྩ་སྔགས་ལ་གཉིས་ཏེ། ཕྲ་མོའི་ཏིང་འཛིན་ལ་ཐུགས་ཀྱི་སྒྲིབ་པ་སྦྱབ་བ་དང་། ངག་གི་བཟླ་བའོ། །དང་པོ་ནི། བདག་གི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཐུགས་མཚན་གྱི་ལྟེ་བ་ལ། ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་གིས་མཐའ་བསྐོར་དུ་འབྲུ་བརྒྱད་ཁ་དོག་མཐིང་ནག་གིས་མདུན་ཕྱོགས་ནས་བརྩམ་སྟེ་གཡས་སུ་འཁོར་བར་བསྒོམ་མོ། །དེ་ལ་ཏིང་ངེ་འཛིན་བརྟེན་པས་འཕྲོ་འདུ་བྱ་བ་ནི། རིམ་པར་དབུས་ཀྱི་ཧཱུྃ་ལས་འོད་མཐིང་ནག་ཕྲ་མོ་གཅིག་ཕྱིར་སྤྲོ། ༀ་ལ་ཕོག །ༀ་ལ་ཚུར་སྤྲོ་ཧཱུྃ་ལ་ཐིམ་པར་བསྒོམ། དེ་གསལ་ནས་རིམ་པར་འབྲུ་གཞན་ལའང་གོང་ལྟར་སྤྲོ་བསྡུ་བྱའོ། །དེ་གསལ་ནས་གཅིག་ཆར་དུ་ཧཱུྃ་ལ་འོད་ཟེར་མཐིང་ནག་བརྒྱད་སྲས་ཀྱི་ཕྱིར་སྤྲོ། འབྲུ་བརྒྱད་པོ་ལ་ཐིམ། འབྲུ་བརྒྱད་པོ་ལ་ཚུར་སྤྲོས་ཧཱུྃ་ལ་ཐིམ་པར་བསྒོམ། དེ་ལྟར་ཡང་ཡང་གོམས་པར་བྱའོ། །འདི་ནི་བསྙེན་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་གལ་ཆེ་སྟེ། གོམས་པ་ལ་ནན་ཏན་བྱའོ་གསུངས། ངག་གིས་བཟླས་པ་ལ་བཞིའི་དང་པོ། ཐབས་དང་ཤེས་རབ་སྟེང་སྒོ་དབྱེ་བའི་བཟླས་པ་ནི། ཡུམ་གྱི་ཐུགས་ཀར་ཉི་མའི་སྟེང་དུ་བྷནྡྷའི་ནང་དུ་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་གི་ཐ་མར་འབྲུ་བརྒྱད་ཁ་དོག་མཐིང་ནག་གིས་གཡོན་དུ་འཁོར་བར་བསྒོམ་མོ། །ཡུམ་གྱི་མགྲིན་པར་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ལྗགས་རྡོ་རྗེ་རྩེ་གསུམ་པར་བསྒོམ་པའི་ལྟེ་བའི་ནང་དུ་ཧཱུྃ་ལ་འབྲུ་བརྒྱད་ཀྱིས་གཡོན་དུ་འཁོར་རོ། །ཡབ་ཀྱིས་ལྗགས་ལའང་དེ་ལྟར་དུ་བསྒོམ་པའི་སྔགས་གཡས་སུ་འཁོར་བར་བསྒོམ་མོ། །དེ་ནས་སྔགས་ཚར་གཅིག་བརྗོད་པས་དབུས་ཀྱི་ཧཱུྃ་ལ་འོད་མཐིང་ནག་བསྐུལ་བའི་ཚུལ་གྱིས་འབྲུ་བརྒྱད་ལ་ཕོག་པས་འབྲུ་བརྒྱད་གཡས་སུ་འཁོར། དེ་ནས་རྡོ་རྗེའི་རྭ་དབུ་མ་ནས་ཡེ་ཤེས་སེམས་དཔའི་སྤྱི་གཙུག་ཏུ་བྱུང་སྟེ། ལྗགས་ཀྱི་རྡོ་རྗེའི་ལྟེ་བར་གཡས་སུ་འཁོར། ཡུམ་གྱི་ལྗགས་ཀྱི་ཐོར་ཏོ་ལ་ཐིམ་ནས་རྡོ་རྗེའི་ལྟེ་བའི་ཧཱུྃ་ལ་གཡོན་དུ་འཁོར། དེ་ནས་མར་བརྒྱུད་པས་བྷནྡྷའི་ནང་གི་འབྲུ་བརྒྱད་ལ་བསྐུལ་བའི་ཚུལ་གྱིས་གཡོན་དུ་འཁོར། དེ་ནས་རང་གི་ཐུགས་ཀར་ཐིམ་པས་དེར་ཡང་གཡས་སུ་འཁོར་སྟེ་སྔ་མ་བཞིན་བྱའོ། །ཕྱི་བསྐོར་གཅིག་ལ་སྔགས་ཚར་བཞི་འགྲོའོ། །འབུམ་མམ་བྱེ་བ་ཙམ་དུ་བཟླ་གསུངས། གཉིས་པ་གསང་བའི་མཆོད་པ་འབུལ་བའི་བཟླས་པ་ནི། ཡབ་ཀྱི་གསང་བའི་རྡོ་རྗེ་མཐིང་ནག་རྩེ་དགུ་པ་ཡུམ་གྱི་མཁའ་ལ་བཞུགས་པར་བསྒོམ། དེའི་ལྟེ་བར་ཉི་མའི་སྟེང་དུ་ཧཱུྃ་ལ་འབྲུ་བརྒྱད་ཀྱིས་གཡས་སུ་འཁོར་བར་བསྒོམ་མོ། །དེ་ནས་སྔགས་བཟླས་པས་བདག་གི་ཐུགས་ཀར་གཡས་སུ་འཁོར། དེ་ནས་མར་བརྒྱུད་དེ། གསང་བའི་རྡོ་རྗེའི་འབྲུ་བརྒྱད་ལ་གཡས་སུ་འཁོར་ཏེ་རྡོ་རྗེའི་རྭ་དབུ་མ་ནས། ཡུམ་གྱི་པདྨའི་ཟིལ་འབྲུ་ནས་ཡར་བརྒྱུད་དེ། ཡུམ་གྱི་ཐུགས་ཀར་གཡོན་དུ་འཁོར། དེ་ནས་ཡར་བརྒྱུད་དེ་ལྗགས་ཀྱི་འབྲུ་བརྒྱད་ལ་གཡོན་དུ་འཁོར། དེ་ནས་ཡབ་ཀྱི་ལྗགས་ལ་ཐིམ། དེར་གཡས་སུ་འཁོར། དེ་ནས་མར་བརྒྱུད་ཡབ་ཀྱི་ཐུགས་ཀར་གཡས་སུ་འཁོར། དེ་ནས་ཚུལ་སྔ་མ་བཞིན་ནོ། །དེ་ལྟར་འབུམ་མམ་བྱེ་བ་ཙམ་དུ་བཟླའོ། །གསུམ་པ་དངོས་གྲུབ་ཡུམ་གྱི་མཁའ་ལ་བླང་བའི་བསྙེན་པ་ནི། སྔགས་བཟླས་བས་ཐུགས་ཀར་གཡས་སུ་འཁོར། དེ་ནས་ཡར་བརྒྱུད་དེ་ལྗགས་ལ་གཡས་སུ་འཁོར་བས་ཡུམ་གྱི་ལྗགས་ལ་ཐིམ། དེ་ནས་མར་བརྒྱུད་པས་ཡུམ་གྱི་ཐུགས་ཀར་གཡོན་དུ་འཁོར། པདྨའི་ཟིལ་འབྲུ་ནས་རྡོ་རྗེའི་རྭ་དབུ་མའི་ཧཱུྃ་ལ་གཡས་སུ་འཁོར། དེ་ནས་ཡར་བརྒྱུད་པས་བདག་གི་ཐུགས་ཀའི་ཧཱུྃ་ལ་གཡས་སུ་འཁོར་ཏེ། བསྐོར་བ་གཅིག་ལ་སྔགས་མཚན་ལྔ་འགྲོ། འདི་ལའང་འབུམ་མམ་བྱེ་བ་ཙམ་བྱ། རང་སྔགས་ཀྱི་ཁ་གསོན་པར་འདིར་བྱ་གསུངས། དེ་ནས་དངོས་གྲུབ་ཀྱི་མཚན་རྟགས་བྱུང་ན། བཞི་པ་བཟླས་བརྗོད་བསྙེན་པའི་འཕྲོ་འདུ་ཡེ་ཤེས་ལྷ་མཉེས་པ་ནི། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་མདུན་དུ་བཞུགས། དེའི་གཙོ་བོའི་ཐུགས་ཀར་སེམས་དཔའ་གསུམ་བརྩེགས་བདག་ཉིད་དང་འདྲ་བར་གསལ་བར་བསྒོམ། ལྗགས་བྱིན་རླབས་བྱ། སྔགས་བརྗོད་པས་བདག་གི་ཐུགས་ཀར་གཡས་སུ་འཁོར་ཏེ། ཡར་བྱུང་བས་ལྗགས་ཀྱི་ཐོར་ཏོའི་རྩེ་ནས། འོད་འཕྲོས་པས་མདུན་གྱི་དེའི་ཐུགས་ཀར་ཐིམ། དེར་འབྲུ་བརྒྱད་ལ་བསྐུལ་བའི་ཚུལ་གྱིས་གཡོན་དུ་འཁོར། དེ་ནས་ཡར་བརྒྱུད་དེ་སྔགས་ཀྱི་ཐོར་ཏོའི་རྩེ་ནས་འཕྲོས་པས་བདག་གིས་ཐུགས་ཀར་ཐིམ་ཏེ་གཡས་སུ་འཁོར། དེ་ལྟར་ཡང་ཡང་བྱའོ། །བཟླས་པ་དེ་དག་གང་བྱེད་ཀྱང་དཀྱིལ་འཁོར་གྱི་ལྷ་ཡབ་རྣམས་བདག་ལ་བསྡུ། ཡུམ་རྣམས་ཡུམ་ལ་བསྡུ་ལ། ཡབ་ཡུམ་གཉིས་སུ་གནས་ལ་བསྙེན་པ་བྱའོ། །དབང་མོ་རྣམས་ཡུམ་ལ་བསྡུ་གསུངས་སོ། །རང་སྔགས་ཀྱི་བསྙེན་པ་ནི། དལ་མི་བསྡུ་བར་སོ་སོར་གསལ་བར་བསྒོམ་ལ། གཙོ་བོ་ཡབ་ཡུམ་གྱིས་ཐུགས་ཀར་རུ་ལུའི་ཕྱི་རོལ་ཏུ་རང་སྔགས་ཀྱིས་ཡབ་གཡས་སུ་འཁོར། ཡུམ་ལ་གཡོན་དུ་འཁོར་རོ། །རིགས་བཞི་དེ་དང་འདྲ་བ་ལས་ཡིག་འབྲུའི་ཁ་དོག་སོ་སོར་སྐུ་མདོག་དང་འདྲ་བའོ། །མ་མོ་ཉི་ཤུ་ཡང་ཧ་ཧེ་ཕཊ་ལ་རང་སྔགས་ཀྱིས་གཡས་སུ་འཁོར། དབང་མོའི་ཐུགས་ཀར་བྷྱོ་ལ་རང་སྔགས་ཀྱིས་གཡས་སུ་འཁོར། དེ་ནས་སྔགས་བརྗོད་པས་རང་གིས་ཐུགས་ཀར་གཡས་སུ་འཁོར། དེ་ནས་སྔགས་ལ་སྔགས་ཆད་པའི་ཚུལ་གྱིས་ཕྲེང་བ་ཞལ་དུ་བྱུང་། ལྗགས་ནས་ཡུམ་གྱི་ལྗགས་ལ་ཐིམ། དེ་ནས་མར་བརྒྱུད་ཡུམ་གྱིས་སྔགས་བསྒྲིལ་མ་གཡོན་དུ་འཁོར། དེར་འོད་ཟེར་གྱིས་བསྐུལ་བའི་ཚུལ་གྱིས་གཡོན་དུ་འཁོར། དེ་ནས་ཡུམ་སྔགས་ལ་གཅིག་ཆད་པས། སྔགས་སྒྲིལ་མ་ཡབ་ཀྱི་ཐུགས་ཀར་ཐིམ། དེར་སྒྲིལ་མར་གཡས་སུ་འཁོར། དེར་ཡང་འོད་ཟེར་གྱི་བསྐུལ་བའི་ཚུལ་གྱིས་གཡས་སུ་འཁོར། དེ་ནས་སྔགས་སྒྲིལ་མ་ཡར་བརྒྱུད་དེ་སྔ་མ་བཞིན་བྱའོ། །རིགས་བཞིའང་གཙོ་བོ་དང་མཐུན་པ་ལས་འོད་ཟེར་སྤྲོ་ཞིང་གཙོ་བོའི་ཐུགས་ཀར་ཐིམ། མ་མོ་རྣམས་རང་རང་གིས་ཐུགས་ཀར་བསྐོར་ལ་འོད་ཟེར་འཕྲོ་བ་གཙོ་བོའི་ཐུགས་ཀར་བསྟིམ་མོ། །འབུམ་མམ་བྱེ་བ་ལ་སོགས་པས་བྱའོ། །སྤྱིར། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་པས། འབྲུ་བརྒྱད་ཀྱི་དོན་ལ་གཉིས་ཏེ། རུ་ལུ་ཡོན་ཏན་དུ་ཤེས་པ་དང་། རུ་ལུ་བྱེ་བྲག་ཏུ་ཤེས་པའོ། །དེ་ཡང་རྒྱུད་ལས། ༀ་རུ་ལུ་འདི་ལྟར་ཡོན་ཏན་ཆེ། །ༀ་རུ་ལུ་འདི་ལྟར་རྟོགས་པ་བསྐྱེད། །ༀ་རུ་ལུ་འདི་ལྟར་སྒྲིབ་པ་སྤང་། །ༀ་རུ་ལུ་འདི་ལྟར་དངོས་གྲུབ་ཐོབ། །ཅེས་པ་སྟེ། དེ་ལ་ཡོན་ཏན་ཆེ་བ་ནི། སྔོན་སྔགས་སྤྱོད་ཉེས་པའི་ལས་ཀྱིས། རུ་ཏྲ་ནག་པོ་དེ་རང་གི་ནུས་པའི་ང་རྒྱལ་གྱིས་གཞན་ལ་གནོད་སྦྱོར་བྱེད་པའི་ཚེ། དཔལ་ཆེན་པོས་ཁོ་རང་དབང་དུ་བསྡུས་ནས་ཁོ་རང་བསྒྲལ་བ་དང་། ལག་ཆ་འཕྲོག་པ་ལ་སོགས་པ་རྣམས་ཀྱང་གསང་སྔགས་ཀྱི་མཐུའོ། །རྟོགས་པ་བསྐྱེད་པ་ནི། མཚན་མ་ཅན་གྱིས་ལྷའི་སྐུ་བསྒོམ་པས། དོན་ཆོས་ཉིད་སྐྱེ་མེད་ཀྱིས་དོན་རྟོགས་པ་ཡང་གསང་སྔགས་ཀྱིས་མཐུའོ། །སྒྲིབ་པ་སྦྱང་བ་ནི། ལྷ་བསྒོམ་ཞིང་སྒྲིབ་པ་སྦྱང་བ་ཡང་གསང་སྔགས་ཀྱི་མཐུའོ། །དངོས་གྲུབ་ཐོབ་པ་ནི། གཞུང་བཞིན་དུ་བསྙེན་ཅིང་བསྒྲུབ་ན། རབ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། འབྲིང་མངོན་ཤེས་ལྔ། ཐ་མས་ཀྱང་མཁའ་འགྲོ་དབང་དུ་འདུས་ཞིང་ལས་བཞི་ཐོགས་པ་མེད་པར་འགྲུབ་བོ། །རུ་ལུ་བྱེ་བྲག་ཏུ་ཤེས་པ་ལ་བརྒྱད་ཀྱི་དང་པོ་བསྙེན་སྒྲུབ་ཏུ་ཤེས་པ་ནི། ༀ་རུ་ལུ་ཅེས་བརྗོད་པས། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་པ་ལྔ། འོད་ཀྱི་དཀྱིལ་འཁོར་དབྱིབས་ཁ་དོག་མ་འདྲེས་པར་སོ་སོར་གསལ་བ་དེ། རྒྱུ་ཆོས་ཉིད་ཀུན་ཏུ་བཟང་མོའི་མཁའ་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས། འབྲས་བུ་ཡེ་ཤེས་ལྔའི་གཞལ་ཡས་ཁང་གསལ་ལ་མི་སྒྲིབ་པར་བསྒོམ་མོ། །བཅུད་ལྷའི་དཀྱིལ་འཁོར་དུ་ཤེས་པ་ནི། ༀ་རུ་ལུ༴ འོད་ཟེར་བཅུད་ལ་ཕོག་སྟེ། ཁམས་གསུམ་སེམས་ཅན་གྱི་རྟོག་ཚོགས་རྒྱུ་ལས། འབྲས་བུའི་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ལྷར་བསྒོམ་ཞིང་བཟླའོ། །རུ་ལུ་ལྷར་ཤེས་པ་ནི། ཕྱི་ལྟར་ན། ༀ་ནི་རྒྱུའི་གནས་སྐབས་ན་ཕུང་པོ་དང་འབྱུང་བ། འབྲས་བུའི་དུས་སུ་རིགས་ལྔ་ཁྲག་འཐུང་ཡབ་ཡུམ་དུ་གསལ་བའོ། །རུ་ལུ་གོང་མ་ནི། རྒྱུའི་གནས་སྐབས་ན་རྣམ་ཤེས་བཞི་དང་། ཡུལ་བཞི། འབྲས་བུའི་དུས་ཀ་རཱི་མ་བརྒྱད་དོ། །རུ་ལུ་འོག་མ་ནི། རྒྱུའི་དུས་སུ་དབང་པོ་བཞི་དང་དུས་བཞི། འབྲས་བུའི་དུས་སུ་སིངྷ་མ་བརྒྱད་དོ། །ཧཱུྃ་དང་པོ་རྒྱུའི་དུས་སུ་ཕྱིན་ཅི་ལོག་བཞི། འབྲས་བུའི་དུས་སུ་སྒོ་མ་བཞིའོ། །བྷྱོ་ནི་རྒྱུའི་དུས་སུ་ཟག་པ་དང་བཅས་པའི་རང་བཞིན་ལ། འབྲས་བུའི་དུས་སུ་ལས་དང་ཡེ་ཤེས་དབྱེར་མེད་པ་དབང་ཕྱུག་མའི་རང་བཞིན་ནོ། །ཧཱུྃ་འོག་མ་ནི། རྒྱུའི་དུས་སུ་ཉོན་མོངས་པའི་ཡིད། འབྲས་བུའི་དུས་སུ་ཐུགས་ཡེ་ཤེས་སེམས་དཔའི་རང་བཞིན་དུ་ཤེས་པར་བྱའོ། །ཁྱད་པར་ལྟར་ན། རུ་ལུ་འབྲུ་བརྒྱད་མཁའ་འགྲོ་མ་བརྒྱད། སྤྱིར་འདུས་དཔལ་ཆེན་པོའི་སྙིང་པོར་བསྟན་པའོ། །རུ་ལུ་བཟླས་བརྗོད་དུ་ཤེས་པ་གསུམ་སྟེ། དང་པོ་སྔགས་ཀྱི་འཕྲོ་འདུ་ནི། ༀ་ཞེས་འོད་ཟེར་སྤྲོས་པས། འབྲུ་བརྒྱད་འཕྲོས་ཏེ་བསྐུལ་དོན་བྱས་ཤིང་སིདྡྷི་ཐོབ་པར་བསྒོམ་མོ། །གཉིས་པ་འོད་ཟེར་གྱི་འཕྲོ་འདུ་ནི། འབྲུ་བརྒྱད་སྙིང་ཁར་གནས་པའི་འཕྲོས་འདུས་དོན་གཉིས་དང་ཚོགས་གཉིས་རྫོགས་པའོ། །གསུམ་པ་ལྷ་ལ་འཕྲོ་འདུ་གཏོང་བ་ནི། བདག་དང་མདུན་གྱི་གཞལ་ཡས་ཁང་གི་ལྷ་ལ་འཕྲོ་འདུ་འགལ་མེ་ལྟར་བྱས་ཏེ་ཚུར་འདུས་པའི་དུས་སུ་སིདྡྷི་ཐོབ། ཕར་འཕྲོས་པའི་དུས་སུ་མཆོད་པ་འབུལ་བར་བསྒོམ་ཞིང་བཟླའོ། །རུ་ལུ་ཕྲིན་ལས་སུ་ཤེས་པ་ནི། ༀ༴ ཚངས་དབྱངས་ལྟར་བཟླས་ཏེ། འོད་ཟེར་དཀར་པོས་ཞི་བའི་ལས་བརྩམ། གསང་སྔགས་ཡི་གེ་འབྲུ་འཇམ་པ་དང་། འོད་ཟེར་སེར་པོས་རྒྱས་པ། འབྲུག་སྒྲ་ལྟར་ཟབ་པ་དང་། འོད་ཟེར་དམར་པོས་དབང་། མཁུན་ཅིང་གདུང་བའི་སྒྲ་འབྱིན་དང་། འོད་ཟེར་མཐིང་ནག་གི་དྲག་པོའི་ལས་བརྩམ་མོ། །རྡོ་རྗེ་སྲིན་པོའི་དུར་སྐད་དང་། འོད་ཟེར་སེར་ནག་གིས་མནན་པའི་ལས་བརྩམ་མཁུར་བ་དབུགས་ཀྱི་རླུང་འབྱིན་དང་། འོད་ཟེར་དམར་ནག་གིས་བཟློག་པའི་དུས་སུ་དེ་ལྟར་བརྩམ་མོ། །རུ་ལུ་མཆོད་པར་ཤེས་པ་ནི། རུ་ལུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ། ཕྱི་ནང་གསང་གསུམ་གྱི་མཆོད་པའི་བྱེ་བྲག་སྤྲོས་ཏེ་མཆོད་པའོ། །རུ་ལུ་བཤགས་པར་ཤེས་པ་ནི། བདག་མེད་ཕྱོགས་བྲལ་གྱི་དོན་མ་རྟོགས་སྟེ། ང་དང་བདག་ཏུ་བཟུང་བའི་དབང་གིས་ཉེས་སྐྱོན་རྣམས། བཀའ་ཕྱི་ནང་གི་ལྷ་སྲུང་དང་། བདེ་བར་གཤེགས་པ་རྣམས་ལ་རུ་ལུ་འབྲུ་བརྒྱད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྤྲོས་ཏེ། རོལ་པ་ཡེ་ཤེས་ཀྱི་འོད་ཕུང་དུ་གྱུར་ཏེ་བདག་ལ་ཚུར་འདུས་པས། བདག་གི་ཉེས་སྐྱོན་བྱང་ཞིང་དག་ནས། ཡེ་ཤེས་ཀྱི་སྐུ་ལ་ནག་ནོག་གི་དྲི་མ་དང་བྲལ་བས། ཤེལ་སྒོང་ཕྱིས་པའམ་མུ་ཏིག་དག་པ་ལ་དྲི་མ་མེད་པ་ལྟར། ཤེས་པའི་རྒྱུད་གསལ་ཞིང་དྭང་བར་བསྒོམ་མོ། །རུ་ལུ་དངོས་གྲུབ་ཏུ་ཤེས་པ་ནི། ༀ་རུ་ལུ༴ ཞེས་བརྗོད་པས། རང་གི་ཐུགས་ཀ་ནས་རུ་ལུ་འབྲུ་བརྒྱད་ལྗང་དམར་དུ་འཕྲོ་ཞིང་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་ཀྱི་གནས་སུ་ཐིམ་པས་མཉེས་པར་བྱས་ནས། མདུན་གྱི་ལྷའི་ཐུགས་ཀ་ནས་རུ་ལུ་སྨུག་ནག་བསྡུ་ཞིང་། བསྒྲུབ་པ་པོའི་ལུས་ངག་ཡིད་གསུམ་ལ་བསྡུས་པས། སྐུ་འགྱུར་བ་མེད་པ་དང་། གསུང་འགག་པ་མེད་པ་དང་། ཐུགས་སྐྱེ་ཤི་མེད་པའི་དངོས་གྲུབ་ཐོབ་པར་བསམ་མོ། །དེ་ཡན་ཆད་བྱེ་བྲག་ཏུ་ཤེས་པའི་བདུན་པའི་སྐབས་ནི། ཕལ་ཆེར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཚང་བའི་ཕྱག་རྒྱ་གཅིག་པ་གང་རུང་གཅིག་བདག་གི་ཐུགས་ཀ་ནས་ཕར་བཏོན་ཏེ། ཛཔ྄་ཁང་གི་བཟླས་པ་ལྟར་བྱ་བའི་དུས་སུའོ། །དེ་ནས་ༀ། ཞེས་པས། སྒྲུབ་པ་པོའི་རུ་ལུ་ཧེ་རུ་ཀའི་ཐུགས་ཀར་བསྟིམ། ཡང་ༀ། ཞེས་པས་དུས་གསུམ་གྱི་སངས་རྒྱས་དང་། དཔལ་ཁྲག་འཐུང་གིས་ལྷ་ཡེ་ཤེས་དང་ལས་ལ་གྲུབ་པའི་རིལ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དྭངས་བ་རྣམས། སྒྲུབ་པ་པོའི་ལུས་མགོ་མཇུག་ཏུ་བཞུགས་ཏེ་དབྱེར་མེད་དུ་གྱུར་ནས་ཤིན་ཏུ་ཡང་བཀྲག་གསལ་བར་གྱུར་པ་ནི། ཐུན་མོང་གི་དངོས་གྲུབ་ཆེན་པོ་ཐོབ་པའོ། །ལས་ལ་གྲུབ་པའི་མཁའ་འགྲོ་མ་རྣམས་ཀྱིས་ནི་སྐུ་མི་བསྡུ་བར་འོད་ཟེར་ཡོན་ཏན་ཐམས་ཅད་བསྡུ་བའོ། །རུ་ལུ་ཆོས་ཉིད་དུ་ཤེས་པ་ནི། དེ་ནས་ཆོས་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་པའི་ཆོས་ཉིད་སྟོང་པ་ཉིད་དུ་འདུས་མ་བྱས་པ། མཚན་མའི་སྤྲོས་པ་ངང་གིས་མ་དམིགས་པ་གསལ་ཞིང་སྒྲིབ་བྱེད་མེད་པའི་ངང་དུ་རིག་པ་ཉིད་གདལ་བར་བཏང་སྟེ་བསྒོམ་པའོ། །དོན་དེ་ལ་ནི་ཆོས་ཉིད་ཀྱི་གོ་བགོ་བ་ཞེས་ཀྱང་བྱ། ཆོས་ཉིད་ཀྱི་སྲུང་བ་ཞེས་ཀྱང་བྱ། ཆོས་ཉིད་ཀྱི་ལྟ་བ་ཞེས་ཀྱང་བྱའོ། །དེ་དག་ནི་རྣལ་འབྱོར་པས་བསྙེན་པ་ནོར་བུ་ལུགས་སུ་ཅི་བདེར་བྱས་པས་མཆོག་གི་དངོས་གྲུབ་ཐོབ་པའི་མན་ངག་སྟེ། ཚིག་བཅད་མི་དགོས་ཏེ་རུ་ལུ་རང་གིས་ཆོག །ཚིག་བཅད་དང་བསྐྱེད་རིམ་ནི། སྒྲུབ་པ་ཆེན་པོའི་དུས་སུ་སྟེ་འདིར་མི་དགོས། །རྒྱུད་ལུང་མན་ངག་གསུམ་གྱི་བཅུད། །ཧཱུྃ་ཀཱ་ར་དང་པདྨ་པས། །ཉམས་ཀྱིས་མན་ངག་དྲིལ་བ་ཡི། །རུ་ལུ་འབྲུ་བརྒྱད་དགོས་པ་འདི། །ཕྱི་རབ་སྐལ་ལྡན་འགའ་ཞིག་གི། །འདིའི་དོན་ལྡན་སློབ་དཔོན་ལ། །སྲོག་ལུས་མན་ཆད་ནོར་ཟས་ཀྱི། །མཉེས་པར་བྱས་ལ་དོན་འདི་ཞུས། །རྙེད་ནས་ཁོག་པའི་སྙིང་ལྟར་སྤོས། །གསང་བའི་དམ་ཚིག་སྲོག་ལྟར་བསྲུང་། །ཉེས་པ་ཅི་མཆིས་འཕགས་པ་བཤགས། །སྐལ་ལྡན་རྣམས་དང་འཕྲད་པར་ཤོག །གསང་ངོ་གསང་ངོ་གསང་ངོ་། །འདིའི་བརྒྱུད་པ་ནི་དམ་པ་རིན་པོ་ཆེ། དེས་ཆོས་རྗེ། དེས་བྱམས་པ་འབུམ། དེས་སྤྱན་སྔ་བ། དེས་གཡན་པ་པ། དེས་བྱང་ཆུབ་དཔལ། དེས་རྩ་སྡེ་སྤྱན་སྔ་པ། དེས་ཐུགས་རྗེ་ཡེ་ཤེས། དེས་དབང་འབྱོར་དཔལ། དེས་དཔལ་འབར་བ་རྡོ་རྗེ་དཔལ། དེས་མགོན་པོ་རྒྱལ་མཚན། དེས་ཤི་ལ་ཀེ་ཏུ། དེས་བདག་ལའོ། །བསྙེན་པ་གང་བྱེད་ཀྱང་ཚར་ནས། རྣམ་ལྔ། ཀུན་བཟང་། སྒེག་མོ་བརྒྱད་མཆོང་བསྡུས་པ་བྱ་ལ། ཐམས་ཅད་ངོ་བོ་ཅེས་སོགས་ཀྱིས་བསྟོད་ལ། བདེ་བར་གཤེགས་པ་ཁྱོད་ཅེས་སོགས་ཀྱིས་དངོས་གྲུབ་ལེན་ལ་དམིགས་པ་ཞི་བའི་སྐབས་དང་མཐུན། དེ་ནས་ལག་པས་ཐལ་མོ་སྦྱར་བའམ། རྔ་དལ་ཐབས་སུ་བརྡུང་ཞིང་། ཧཱུྃ་བདག་ནི་རང་རིག་ཅེས་སོགས་འོག་གི་བཤགས་པར་བྱའོ། །སྤྱི་དོན་གསུམ་པ་རྗེས་ལྷག་མ་བྱ་བ་ལ། རྒྱས་པ། འབྲིང་པོ། བསྡུས་པ་གསུམ་སྟེ། རྒྱས་པའི་ཆོ་ག་འདི་ནི། སྤྱིར་པདྨ་དབང་ཆེན་གྱི་གཙོ་བོར་བྱས་པ་ཡིན་ཏེ། འོན་ཀྱང་འདིར་སྒྱུ་འཕྲུལ་ལ་སྦྱར་ཀྱང་རུང་། དེ་ཡང་ཚོགས་ཀྱི་མཆོད་པའམ། བམ་བསྒྲལ་བའམ། ཕྲིན་ལས་ཆེན་པོ་བརྩམས་པའི་དུས་སུ་ལན་རེ་ཙམ་བྱའོ། །འདི་ཡང་དང་པོ་རྨད་དུ་བྱུང་བའི་གཏོར་མ། ཅེས་པས། ཕུད་ཀྱི་མཆོད་པ་བསྟན་སྟེ། བཛྲ་ཧེ་རུ་ཀ་ནི་ཁྲག་འཐུང་ཆེན་པོ་ལྔ་ལ་སོགས་པའོ། །བཛྲ་ཌཱ་ཀ་མཁའ་འགྲོ་ཕོ་སྟེ་ལྷ་ཆེན་ཉེར་གཅིག་ལ་སོགས་པ། ཌཱ་ཀི་ནི་མོ་སྟེ་དབང་མོ་ཉེར་བརྒྱད་ལྟ་བུ་རྣམས་སོ། །དེ་རྣམས་མཆོད་པའི་ཆོ་ག་ནི། གོ་རིམ་བརྒྱད་ལ་སོགས་པ་དགོས་པ་ནི། སེམས་ཅན་བསྲུང་དོན་དུ་བདེར་གཤེགས་རིགས་ལྔ་ལ་སོགས་པ་མཆོད། ཧཱུྃ་ཞི་ཁྲོ་ཅེས་པ་ནས། ཛ་ཧཱུྃ་བྃ་ཧོའི་བར་གྱིས་དཀྱིལ་འཁོར་གྱིས་ལྷ་དབྱིངས་ནས་བཞེངས་སུ་གསོལ་ཏེ་སྤྱན་དྲངས་པའོ། །ཕོ་བྲང་གཞལ་ཡས་ཅེས་པ་ནས་གཤེགས་སུ་གསོལ་ཅེས་པའི་བར་གྱིས་ཀྱང་སྤྱན་དྲངས་སོ། །ཨཱ་རལླི་སོགས་བཞུགས་གསོལ་གྱིས་མཆོད་ཅིང་གཤེགས་པའི་བར་བསྟན་སྟེ། མདོར་ན་འདི་ཡན་ཆད་ཕུད་ཀྱི་མཆོད་པ་སྟེ། ལས་གཞུང་དང་སྦྱར་ལ་བྱའོ། །དེ་ནས་ལྷག་མའི་ཆོ་ག་དངོས་ནི། བདག་ཉིད་སྐད་ཅིག་གིས་རྟ་མགྲིན་དུ་གསལ་བར་བྱས་ལ། ཏ་ཀི་རཱ་ཙ་ཅེས་པ་ནས། ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་པའི་བར་བརྗོད་པས། ལྷག་མ་ལ་དབང་བ་རྣམས་རང་དབང་མེད་པར་འོང་བར་བསམ་མོ། །དེ་ནས་རྟ་མགྲིན་གྱི་མུ་ཏྲ་བཅའ་ལ། སྔགས་བརྗོད་པས་ཐམས་ཅད་དབང་དུ་འདུས་པར་བསམ། དེ་ནས་ཧེ་རུ་ཀའི་ཕྱག་རྒྱ་སྟེ། ཐོད་རློན་གྱི་ཕྱག་རྒྱ་བཅའ་ལ་སྔགས་བརྗོད་པས་ལྷག་མ་ལ་དབང་བ་དེ་རྣམས་སྔོན་དཔལ་ཆེན་པོའི་དམ་ལ་བཏགས་པའི་དམ་ཚིག་དྲན་ནས་ཅི་བགྱིས་བཀའ་ཉན་པར་བསམ་མོ། །དེ་ནས་ཟས་ཟོས་པའི་ལྷག་མ་རྣམས་བདུད་རྩིའི་ཁ་ཆུས་བཏབ་སྟེ། ཏིང་ངེ་འཛིན་ནི་རང་གི་ལྗགས་ལ་ཧྲཱིཿདཀར་པོ་བསམ་པ་ལ་བདུད་རྩིའི་ཆར་བྱུང་བས་གཏོར་མ་ལ་ཕོག་པས་བདུད་རྩིར་གྱུར་པར་དམིགས་ལ། ༀ་ཨཱཿཧཱུྃ་ཨུཥྩི་ཅེས་སྔགས་ཉེར་གཅིག་གམ་བདུན་བཟླའོ། །ༀ་ཨཱཿཧཱུྃ་སརྦ་པཉྩ་ཅེས་པས་སྔགས་ཀྱིས་བདུད་རྩིར་བརླབ། དེ་ནས་རང་གི་ལྕེ་ལ་བླང་བའམ་བླང་བར་བསམ་ལ། འདིར་གཞུང་དུ་མ་བཤད་ཀྱང་ༀ་བཛྲ་ཌཱ་ཀ་ཌཱ་ཀི་ནི་པྲ་ཏིཙྪ་ཨི་མཾ་བྷ་ལིངྟ་ཧཱུྃ་ཕཊ྄་ཀ་རཾ་ཁཱ་ཧི་ལ་སོགས་པ་བརྗོད་པས། རང་གི་ཞལ་ནས་ཧྲཱིཿལས་བདུད་རྩིའི་ཆར་བྱུང་ནས་མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ་སོང་བ་དང་། མཁའ་འགྲོ་མ་རྣམས་ཉིད་ཀྱི་ལྕེ་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མ་གསོལ་བར་བསམ་པ་དང་། གཏོར་མ་དེ་ཉིད་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་དམིགས་ནས་གསོལ་བར་བསམ་མོ། །དེ་ནས་རྟ་མཆོག་དབང་གི་རྒྱལ་པོ་ཅེས་པ་བརྗོད་ལ། ནམ་མཁར་འགྲོ་མ་རྣམས་ཅེས་པའི་རྟིང་ལ། ཀུན་ཀྱང་འཁོར་མང་འབུམ་ཕྲག་ཡས། །ཅེས་པ་གདམས་སོ། །ཕྲིན་ལས་མཛོད་ཅེས་པའི་རྟིང་ལ། ཐུགས་དང་འགལ་བར་གྱུར་པ་མཐོལ་ཞིང་བཤགས། །ཅེས་པ་ནི་བཤགས་པ་བྱ་ཅེས་པའི་དོན་ནོ། །ཕྲིན་ལས་བཅོལ་ཅེས་པ་ནི། རང་གི་ཡིད་ལ་བརྣག་པའི་དགྲ་བགེགས་ཀྱི་མིང་ནས་ཕྱུང་ལ། དེ་བསྒྲལ་བའི་ལས་མཛོད། ཅེས་པ་ཡིད་ལས་བྱུང་བའི་མིང་ནས་བརྗོད་པ་དང་། གཞན་ཕྲིན་ལས་བཞི་གང་ཡིན་པ་དང་སྦྱར་རོ། །ལྷག་མའི་གནས་བདུན་ནམ་བརྒྱད་པོའི་དེ་དག་ཐམས་ཅད་ཀྱང་། རིགས་ལྔའི་མཁའ་འགྲོ་ལ་འདུས་པས་ཐམས་ཅད་ཀྱང་རྫོགས་པའི་རྟིང་ལ། ཧཱུྃ་སརྦ་བཛྲ་ཌཱ་ཀ་ཌཱ་ཀི་ནི་པྲ་ཏིཙྪ་ཧོ། ཨི་དཾ་བྷ་ལིངྟ་ཧཱུྃ་ཕཊ྄་ཁ་རཾ་ཁཱ་ཧི་ལ་སོགས་པ་སྦྱར་རོ། །རཀྟ་སྦྲེང་བ་དེ་ཉིད་ཀྱི་ཚེ་རཀྟ་བརླབ་པ་ལ་བྱའོ། །གིང་ཆེན་བཅོ་བརྒྱད་ལ་ཕོ་དགུ་སྨོས་པ་དང་། མོ་དགུ་སྨོས་པ་ནི་གཙོ་བོ་དང་གཙོ་མོ། དེ་ནས་བརྟེན་མ་མ་གཏོགས་པས་གོང་མ་རྣམས་ནི་སྔོན་དཔལ་ཆེན་པོའི་དམ་བཙལ་བའི་མཁའ་འགྲོ་ཡིན་ལ། བརྟེན་མ་ནི་སློབ་དཔོན་པདྨས་དམ་བཙལ་བ་ཡིན་ཏེ། ས་དེ་ཉིད་དུ་བསྔོས་ན་བརྟེན་མས་མི་ཐོབ་པས་སྲིན་མོ་ཟ་ལམ་གོམ་པ་བདུན་ཅུའམ། བདུན་ལ་སོགས་པ་ཕྱིར་བསྣུར་ཏེ་བརྟེན་མ་མཆོད་དོ། །ལྷག་མ་འབྲིང་པོ་ནི། ལག་པ་ཐལ་མོ་གར་ཐབས་སུ་བསྐོར་ལ། ཨེ་ས་བེ་སའི་སྔགས་བརྗོད་ལ་ཀུན་སྙན་གསན་དབབ་བོ། །ཡང་ལག་པ་བསྐོར་ཞིང་ཐལ་མོ་བརྡབ་ལ། ཨེ་ཨཱ་རལླིའི་སྔགས་ཀྱིས་སྤྱན་དྲང་ངོ་། །ལྕགས་ཀྱུའི་ཕྱག་རྒྱ་བཅའ་ལ་ཊ་ཀི་ར་ཙ་ཅེས་བརྗོད་ཅིང་སྲོག་སྙིང་དྲང་། ཅེས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཧྲཱི་དམར་པོ་བྱུང་ནས་རང་གིས་ཐུགས་ཀར་ཐིམ་པར་བསམ་ཞིང་། སོ་སོ་ནས་ང་ནི་མི་སྲིན་མ་ཡིན་ནོ། །ཚངས་མ་ཡིན་ཅེས་པ་ལ་སོགས་པ་བརྗོད་ཅིང་། སྔོན་གྱིས་དམ་ཚིག་དྲན་ནས་ལས་ཅི་བཅོལ་བྱེད་པར་བསམ། རྟ་མགྲིན་གྱི་ཕྱག་རྒྱས་དབང་དུ་བསྡུའོ། །དེ་ནས་ཧཱུྃ་སརྦ་ཌཱ་ཀ་ཌཱ་ཀི་ནི་ཅེས་པས་མཆོད། བདུད་རྩིའི་ཞལ་ཆབ་དང་། གཏོར་མ་ཉིད་དང་། དགྲ་བགེགས་ཀྱི་ཤ་ཁྲག་ཀུན་གྱིས་སོ། །ཡང་ན་དབང་མོའི་རང་སྔགས་ཏེ། མ་ནུ་རཀྴ་སི་བྷྱོ་ཁཱ་ཧི་ལ་སོགས་པས་སོ། །དེ་ནས། བྷྱོ་མི་སྲིན་མོ་དང་ཚངས་མ་དང་། ཅེས་དང་། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། ཅེས་པ་གསང་སྙིང་ནས་བྱུང་བས་ཕྲིན་ལས་བཅོལ་ལ། སྡང་བའི་དགྲ་ཐུལ་ལ་སོགས་པ་བརྗོད་དོ། །ཡང་ན་སྔོན་ཚེ་ཅེས་པ་དང་། མི་སྲིན་མོ་དང་ཅེས་པ་མི་བརྗོད་དེ། སྡང་བའི་དགྲ་ཐུལ་ཅེས་པ་ལ་སོགས་པ་བརྗོད་ཀྱང་རུང་ངོ་། །དེ་ནས་དེ་དག་གི་རང་གི་ཅི་འདོད་པའི་ལས་རྣམས་བསྒྲུབ་པར་བསམ་ཞིང་ཡ་ཧི་གཙྪས་གཤེགས་སུ་གསོལ། བསྡུས་པ་ནི་གཏོར་ལུང་ནས་བྱུང་བ་ཅི་ལྟ་བ་བཞིན་ནོ། །བཞེངས་སུ་གསོལ་བ་ནི། ཧཱུྃ་ཞི་ཁྲོའི་ཚོགས་འདུས་ཡེ་ཤེས་དཔལ་གྱི་འཁོར། །དཔལ་ཆེན་ཧེ་རུ་ཀ་ནི་དབྱིངས་ནས་བཞེངས། །དམ་ཚིག་བདེན་པའི་གཞུང་སྲང་ཐེག་ཆེན་འདེབས། །དབུས་ཀྱི་ཁྲག་འཐུང་ཆེན་པོ་བཞེངས་སུ་གསོལ། །ཆགས་པའི་ཡུམ་ཆེན་གསང་ཆེན་སྡུད་པ་མོ། །དུས་གསུམ་བདེ་བར་གཤེགས་པའི་ཕོ་བྲང་མཆོག །ཉོན་མོངས་འཁོར་བར་མི་གཏོང་བདག་ཉིད་མ། །རིགས་ཀྱི་ཡུམ་རྣམས་གསང་བའི་དབྱིངས་ནས་བཞེངས། །དཔལ་ཆེན་རྔམ་བརྗིད་ཆེ་བའི་ཁྱད་པར་ལས། །སྟེང་འོག་ཕྱོགས་མཚམས་སོ་སོའི་བདུད་འདུལ་བ། །གཏུམ་ཆེན་རབ་འབར་འཇོམ་བྱེད་ཁྲོ་བོ་བཅུ། །ཡེ་ཤེས་རྔམ་པའི་ཚོགས་རྣམས་དབྱིངས་ནས་བཞེངས། །དཔལ་ཆེན་ཐུགས་ཀྱི་སྤྲུལ་པ་ལྷ་མོའི་ཚོགས། །ཧ་དང་ཧེ་ལས་བསྐྱེད་པའི་ཁྱད་པར་ལས། །ཟ་བྱེད་ཆེན་པོ་ཀ་རཱི་བརྒྱད་རྣམས་དང་། །སྒྲོལ་བྱེད་ཆེན་པོ་མུ་ཀ་བརྒྱད་རྣམས་དང་། །བདུད་བཞི་སྒོ་གཅོད་ཡེ་ཤེས་སྒོ་མ་རྣམ་བཞི་དང་། །དཔལ་གྱི་བཀའ་སྡོད་དབང་ཕྱུག་ཉི་ཤུ་བརྒྱད། །ཐུགས་དམ་བརྡ་ལ་དགོངས་ཏེ་བཞེངས་སུ་གསོལ། །ༀ་ཨཱ་རལླི་ཧོ་ཛཿཧཱུྃ་བྃ་ཧོ། ཧཱུྃ། ཕོ་བྲང་གཞལ་ཡས་ཡུམ་གྱི་མཁའ་གསང་ནས། །རཀྟ་རྒྱ་མཚོའི་ཚོགས་ནི་རྫིང་ལྟར་འཁྲུགས། །མང་ས་གལ་ཆེན་ཚོགས་ནི་ཐང་མར་བཏིང་། །དམར་ཆེན་ཨརྒྷཾ་ཚོགས་མི་མཚོ་ལྟར་བསྐྱིལ། །ཞིང་ཆེན་གསར་རྙིང་ཚོགས་ནི་སྟི་རར་བཅག །ཐོད་རུས་སྐམ་རློན་ཚོགས་ནི་མཁའ་ལྟར་བརྩིགས། །ཙིཏྟ་གུར་གྱི་ཚོགས་ནི་གངས་ལྟར་སྤུངས། །བྲོ་མཆོག་སྣ་ཚོགས་སྦྱར་བའི་གཏོར་མ་ལ། །སྟ་ན་གྷ་ནའི་ཚོགས་ནི་དབྱིངས་ནས་རོལ། །དཔལ་ཆེན་ཧེ་རུ་ཀ་ནི་དབྱིངས་ནས་བཞེངས། །ཌཱ་ཀི་ནག་པོའི་ཚོགས་ནི་མེ་ལྟར་འབར། །མ་མོ་ནག་མོའི་ཚོགས་ནི་མུན་ལྟར་གཏིབ། །རྟ་མཆོག་རོལ་པའི་ཚོགས་ནི་རྟ་སྐད་བཞེད། །ཕྲ་མེན་རྒྱ་མཚོའི་ཚོགས་ནི་སྐར་ལྟར་འཁྲུགས། །ཕོ་ཉ་མགྱོག་མའི་ཚོགས་ནི་གློག་ལྟར་འགྱུ། །ཅི་བགྱིས་བཀའ་ཉན་ཚོགས་ནི་གདུགས་ལྟར་བསྐོར། །རྣལ་འབྱོར་ལོངས་སྤྱོད་ཆེ་ལ་གཤེགས་སུ་གསོལ། །ཨཱ་རལླི་སོགས་བཞུགས་གསོལ་བྱ། །ཡི་གེ་བརྒྱ་པས་བཟོད་པར་བཞེས། །མདོར་ན་དེ་ཡན་ཆད་ཕུད་ཀྱིས་མཆོད་སྟེ་གཞུང་དང་སྦྱར་རོ། །ལྷ་གང་བསྒོམ་ཀྱང་སྐུ་མདོག་དམར་པོ་བསྒྱུར་ཡང་ཉན་གསུངས། །དེ་ནས་ལྷག་མའི་ཆོ་ག་དངོས་ཏེ། སྐད་ཅིག་གི་བདག་ཉིད་དཔལ་རྟ་མགྲིན་གྱི་ཏིང་ངེ་འཛིན་དུ་ཞུགས་ལ། ལྷག་མ་ལ་དབང་བ་རྣམས་སྤྱན་དྲངས་བར་བྱའོ། །སྤྱན་དྲངས་བ་ནི། དཔལ་གྱིས་བཀའ་སྡོད་ཅི་བགྱིས་བཀའ་གཉན་ཚོགས། །གདུག་པའི་ཚོགས་རྣམས་མཁའ་འགྲོ་སུམ་ཅུ་གཉིས། །ཞིང་ཆེན་སྒྲོལ་མཛད་གིང་ཆེན་བཅོ་བརྒྱད་དང་། །ལངྐའི་ཚོགས་དང་དུར་ཁྲོད་བདག་མོ་དང་། །དབང་ཆེན་གྲགས་པའི་མ་མོ་བདུན་རྣམས་དང་། །སྟི་ར་ཟ་བར་བྱེད་པའི་སྲིང་མོ་བཞི། །གནོད་བྱེད་སྙིང་ནས་འདྲེན་པའི་འབར་མ་བརྒྱད། །ཕྱི་ནང་ལས་བྱེད་ཕོ་ཉ་དྲུག་ཅུ་བཞི། །གཞན་ཡང་སྟེང་འོག་ཕྱོགས་མཚམས་སོ་སོ་ནས། །དབང་ཕྱུག་ཆེན་པོའི་ཆུང་མ་ཉི་ཤུ་བརྒྱད། །ཐུགས་དམ་བརྡ་ལ་དགོངས་ཏེ་གནས་འདིར་གཤེགས། །ཧཱུྃ་ཧཱུྃ་ཧཱུྃ། བྷྱོ་ཨེ་ཨཱ་རལླི་ཛཿབར་གྱིས་སྤྱན་འདྲེན། དེ་ནས་ཕུད་དང་ལྷག་མ་བསྲེས་ལ་རང་གི་ཁ་ཆུས་གདབ་སྟེ་ཏིང་ངེ་འཛིན་གྱི་རང་གི་ལྗགས་ལ་ཧྲཱིཿདཀར་པོ་ལ་བདུད་རྩིའི་ཆར་བྱུང་བས། གཏོར་མ་ལ་ཕོག་པས་བདུད་རྩིར་གྱུར་པར་བསམ་ལ། ༀ་ཨཱཿཧཱུྃ་ཨུཥྩི་ཊ་ཞེས་བདུན་ནམ། དེ་ནས་ཨུཥྩི་ཊའི་སྔགས་ཀྱིས་དག་པར་བྱ། ༀ་ཨཱཿཧཱུྃ་ཨུཥྩི་ཊ་ཐོད་རློན་གྱི་ཕྱག་རྒྱས་དམ་ལ་བཏགས། བཛྲ་ཨ་ཏི་ཏིསྟ། མུ་ཤ་ཀྲ་མ་ས་མན་ཧཱུྃ་ཕཊ྄། བདུན་ནམ་ཉི་ཤུ་རྩ་གཅིག་བཟླ། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ། བཛྲ་ཨ་ཏི་ཏི་སྟ་ས་མཾ་ཞེས་བརྗོད་པས་བདུད་རྩི་ཆེན་པོར་བྱིན་གྱིས་བརླབས། དེ་ནས་རྣལ་འབྱོར་པའི་ལྕེ་ལ་ལན་གསུམ་བླངས་བའམ་བླང་བར་བསམ། དེ་ནས་ཊཱ་ཀི་ར་ཙའི་ཕྱག་རྒྱ་བཅས་ལ་སྔགས་འདི་བརྗོད་དོ། །ཊཱཀྐི་རཱ་ཛཿཧཱུྃ། ཊཱཀྐི་རཱ་ཛཱ་ཛ། ནཱ་གཱི་ར་ཛ། ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། པྲ་ཝེ་ཤ་ཡ། པྲ་ཝེ་ཤ་ཡ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ཏིསྟ་ཡ། ཏིསྟ་ཡ། བྷནྡྷ་ཡ། བྷནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། མོ་ཧ་ཡ། མོ་ཧ་ཡ། སརྦ་བཛྲ་ནན་ཌཱཀྐི་ནི་ཧྲཱི་ད་ཡ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཞེས་བརྗོད་པས། ལྷག་མ་ལ་དབང་བ་རྣམས་རང་དབང་མེད་པར་ཐུལ་གྱིས་འོང་བར་བསམ་མོ། །དེ་ནས་རྟ་མགྲིན་གྱི་ཕྱག་རྒྱ་སྤྱི་བོར་བཅིང་བ། ༀ་པདྨ་དྷ་ར་ཧྲཱིཿ པདྨ་བ་མུ་ཁ། པདྨ་ཏ་ཀྲྀ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་པས་དབང་དུ་བསྡུ་ཞིང་ཟིལ་གྱིས་མནན་ནོ། །དེ་ནས་ཕྲིན་ལས་བཅོལ་ལོ། །བཛྲ་ཧེ་རུ་ཀའི་ཕྱག་རྒྱ་བཅའ་ལ་ཐོད་རློན་གྱི་ཕྱག་རྒྱས་དམ་ལ་བཏགས། ༀ་བཛྲ་ཤྲཱི་ཧེ་རུ་ཀཿ མ་ཧཱ་ཙཎྜ་སརྦ་དུཥྚན་ས་མ་ཡ་མུ་ཏྲ། པྲ་བན་ཙཀྲ་ཧཱུྃ་ཕཊ྄། ཨཱ་བེ་ཤ་ཡ་ཧཱུྃ་ཞེས་བརྗོད་པས། སྔོན་དཔལ་ཆེན་པོའི་དམ་ལ་བཏགས་པའི་དམ་ཚིག་རྗེས་སུ་དྲན་ནས་ཅི་བགྱིས་བཀའ་ཉན་པར་བསམ་མོ། །འདིར་མ་བཤད་ཀྱང་། ཧཱུྃ་བཛྲ་ཌཱ་ཀ་ཌཱ་ཀི་ནི་པྲ་ཏིཙྪ་ཧོ། ཨེ་དཾ་བྷ་ལིངྟ་ཧཱུྃ་ཕཊ྄་ཁཱ་ཧི་ལ་སོགས་པས་བརྗོད་པས། རང་གི་ཞལ་ནས་ཧྲཱིཿལས་བདུད་རྩིའི་ཆར་མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ་སོང་བ་དང་། མཁའ་འགྲོ་མ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མ་གསོལ་བར་བསམ་པ་དང་། གཏོར་མ་དེ་ཉིད་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་དམིགས་ནས་གསོལ་བར་བསྒོམ་མོ། །དེ་ནས་ཕ་འབབ་ཀྱི་ལྷག་མས་རྡོ་རྗེ་མཁའ་འགྲོ་མ་རྣམས་སྤྱན་དྲངས་ཞིང་མཆོད་པ་ནི་འདི་སྐད་དོ། །རྟ་མཆོག་དབང་གི་རྒྱལ་པོ་དང་། །ཡུམ་ཆེན་རྡོ་རྗེ་རལ་གཅིག་མས། །དེའི་དཀྱིལ་འཁོར་ཕྱི་རིམ་ལ། །མཁའ་འགྲོའི་ཚོགས་ཀྱི་བསྐོར་བ་ནི། །རྡོ་རྗེ་ནམ་མཁར་འགྲོ་མ་རྣམས། །ཡི་དྭགས་སྟན་ལ་ཡང་དག་བཞུགས། །དཔའ་བོ་འཇིག་པའི་གཟུགས་འཛིན་སྟེ། །སྐལ་ལྡན་རང་གི་ལག་ཆར་ལྡན། །གདུག་པའི་སེམས་ཀྱིས་བསྡིག་བྱེད་ཅིང་། །ཤ་ཁྲག་དང་ནི་རྒྱུ་མ་དང་། །རྐང་དང་ཚིལ་བུ་ཟས་སྤྱོད་རྣམས། །ཚོགས་ཀྱི་དཀྱིལ་འཁོར་སྲུང་བ་སྟེ། །དགའ་བར་བྱེད་དང་འདྲེན་པར་བྱེད། །གསོད་པར་བྱེད་དང་ཕྲོག་པར་བྱེད། །ཤར་གྱི་ནམ་མཁར་འགྲོ་མ་རྣམས། །ཀུན་ཀྱང་འཁོར་མང་འབུམ་ཕྲག་ཡས། །ཞེས་ཀུན་ལ་བཏགས། འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོང་ལ། །བདག་ཅག་རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད། །ལྷག་མའི་གནས་བདུན་ནམ་བརྒྱད་པོ་དག་རིགས་ལྔའི་མཁའ་འགྲོ་འདུ་བས། ཐམས་ཅད་ཀྱང་རྫོགས་པའི་རྟིང་ལ། ཧཱུྃ་བཛྲ་ཌཱ་ཀ་ཌཱ་ཀི་ནི་པྲ་ཏིཙྪ་ལ་སོགས་པ་སྤྱིར་སྦྱར། རཀྟ་སྦྲེང་ཞིང་ཐུགས་དང་འགལ་བར་གྱུར་པ་མཐོལ་ལོ་བཤགས། ཅེས་བཏགས་ཏེ་བཤགས་པ་བྱའོ། །ཕྲིན་ལས་བཅོལ་སྟེ། ཡིད་ལ་བརྣག་པའི་དགྲ་བགེགས་ཀྱི་མིང་ནས་བྱུང་ལ། དེ་བསྒྲལ་བའི་ཕྲིན་ལས་མཛོད། ཅེས་རང་གི་ཡིད་ལ་བྱུང་བས་བརྗོད་པ་དང་། གཞན་ཡང་ཕྲིན་ལས་བཞི་གང་ཡིན་དང་སྦྱར་རོ། །གཟི་བྱེད་མ་དང་འབར་བྱེད་མ། །འཇིག་བྱེད་མ་དང་བོང་བུའི་མགོ། །ལྷོའི་ནམ་མཁར་འགྲོ་མ་རྣམས། །འདིར་གཤེགས་བཀའི་གཏོར་མ་འདི་ལོང་ལ། །བདག་ཅག་རྣལ་འབྱོར་བཅོལ་པའི་ཕྲིན༴ རཀྟ༴ ཕྲིན་ལས། ཆགས་ཆེན་མ་དང་ཆགས་བྲལ་མ། །འཁོར་ལོ་མ་དང་རྒྱས་འདེབས་མ། །ནུབ་ཏུ་ནམ་མཁར་འགྲོ༴ འདིར་གཤེགས་བཀའི༴ བདག་ཅག་རྣལ་འབྱོར༴ རཀྟ། ཕྲིན་ལས་བཅོལ་ལ་འགྲེས། །སྣ་ཚོགས་ལུས་ལ་བསྲུང་བ་མོ། །གནོད་སྦྱིན་མོ་དང་ཡང་དག་ཕྲོག །བྱང་ཏུ་ནམ་མཁའ་འགྲོ༴ འདིར༴ བདག་ཅག་རྣལ་འབྱོར༴ བྱ་རོག་གདུང་ནི་མི་གདུག་ཅིང་༴ འཇིགས་པའི་མིག་དང་འཇིགས་པའི་གདོང་༴ ཤར་ལྷོ་ནམ་མཁའ༴ ཡི་དྭགས་སྟན་ལ་ཡང་དག་འདུག །སྣ་ཚོགས་གིས་ནི་གདོང་འཛིན་ཅིང་། །ལག་པར་གྲི་དང་ཁྲག་གཞོང་ཐོགས། །མཆོག་ཏུ་ཤ་དང་ཁྲག་ལ་ཟ། །འདིར་གཤེགས༴ བདག་ཅག་རྣལ༴ བཞད་དང་འུག་པའི་གདོང་རིང་མ། །ཁྲོས་པ་ཁྱི་དང་ཕག་གི་གདོང་། །ལྷོ་ནུབ་ནམ་མཁའ༴ གསུས་པ་ཆེ་ལ་ལྟོ་འཕྱང་རྣམས། །འདིར་གཤེགས༴ བདག་ཅག་རྣལ༴ རྔ་མང་བོང་བུའི་གདོང་འཛིན་མ། །ཁྲོས་པ་ར་དང་བྱི་ལའི་གདོང་། །ནུབ་བྱང་ནམ་མཁར་འགྲོ་མ་རྣམས། །རྒྱུ་མའི་མགོ་ནས་ཟ་བར་བྱེད། །འདིར་གཤེགས་བཀའི༴ བདག་ཅག་རྣལ༴ ཀེང་རུས་དཀར་པོ་འཛིན་པ་སྟེ། །ཁྲོས་པ་རུས་པའི་ཕྲེང་བས་ཀླུབ། །བྱང་ཤར་ནམ་མཁར་འགྲོ་མ་རྣམས། །འདིར་གཤེགས་བཀའི་གཏོར་མ༴ བདག་ཅག་རྣལ་འབྱོར༴ ལྟོ་འཕྱང་པོ་ལ་བུམ་པ་འཛིན། །ཕན་ཚུན་འཐད་པར་རྩོད་པ་ནི། །ཅེ་སྤྱང་གི་ནི་འཁོར་གྱི་རྣམས། །འཇིགས་བྱེད་ཀྱི་ནི་མཆེ་བ་འཛིན། །རྣམ་པར་འཇིགས་པའི་གཟུགས་འཛིན་མ། །འདིར༴ བདག་ཅག༴ སྲིན་པོ་བུམ་རྣ་ཤར་དུ་སྟེ། །ལྷོར་ནི་གཤིན་རྗེ་རྒྱལ་པོའོ། །རྣམ་པར་བསྒྱུར་བ་ནུབ་ཏུ་སྟེ། །བྱང་དུ་འབོད་སྒྲོག་ཆེན་པོ་ཆེ། །རྡོ་རྗེ་མཁའ་འགྲོ་ཁྱེད་རྣམས་ཀྱང་། །ཀུན་ཀྱང་འཁོར་མང་འབུམ་ཕྲག་ཡས། །འདིར་གཤེགས་བཀའི༴ བདག་ཅག་རྣལ༴ དཔལ་ཆེན་ཁྲག་འཐུང་ཡབ་ཡུམ་ལ། །དེའི་དཀྱིལ་འཁོར་ཕྱི་རིམ་ནས། །ཤུགས་འགྲོའི་ཚོགས་ཀྱིས་བསྐོར་བ་འདི། །ལ་ལ་མཛེས་སྡུད་འོད་དང་ལྡན། །ལ་ལ་མི་སྡུག་སྲིན་མོའི་གཟུགས། །ལ་ལ་ཤ་ཟན་གསུས་པ་ཆེ། །ལ་ལ་ཁྲག་འཐུང་མཆུ་དམར་མ། །ལ་ལ་མཆུ་རྣོན་རུས་འཆའ་མ། །ལ་ལ་སྡེར་ཆེན་སྙིང་འབྱིན་མ། །ལ་ལ་བུམ་ཆེན་དཔུང་སྡུད་མ། །ལ་ལ་སྒེག་བྱེད་སྐྱ་གའི་གདོང་། །ཤུགས་འགྲོ་ཆེན་མོ་ཁྱེད་རྣམས་ཀྱང་། །ཀུན་ཀྱང་འཁོར་མང་འབུམ་ཕྲག་ཡས། །འདིར་གཤེགས༴ བདག་ཅག་རྣལ༴ བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་ལ། །དེའི་དཀྱིལ་འཁོར་ཕྱི་རིམ་ནས། །གིང་ཆེན་ཚོགས་ཀྱིས་བསྐོར་བ་ནི། །གིང་ཆེན་བཅོ་བརྒྱད་ལ། ཕོ་དགུ་མོ་དགུ་སྨོས་པ་ནི་ཙོ་བོ་དང་གཙོ་མོའི། ཁྲོ་མོའི་རྒྱལ་པོ་བཛྲ་གིང་ཀ་ར། །ཁྲོ་བོ་ཆེན་པོ་ཁམས་གསུམ་མི་གདོང་སྤུ་གུ་ཅན། །རྡོ་རྗེ་གནོད་སྦྱིན་དང་ནི་རྡོ་རྗེ་སྲིན་པོ་དང་། །རྡོ་རྗེ་འབྱུང་པོ་དང་ནི་རྡོ་རྗེ་རོ་ལང་དང་། །རྡོ་རྗེ་ཤྭ་ན་དང་ནི་རྡོ་རྗེ་དུས་མཚམས་དང་། །རྡོ་རྗེ་འཆི་བདག་ཆེན་པོ་ལ་སོགས་པ། །དེ་དང་སྦྱོར་བའི་ཡུམ་ཆེན་མོ། །སྟོང་གསུམ་དབུགས་ཀྱིས་འགེང་པ་ཆེན་མོ་དང་། །ཁམས་གསུམ་གཡབ་མོས་འདེབས་བ་ཆེན་མོ་དང་། །གར་ཐབས་གློག་བཞིན་འགྱུ་བ་ཆེན་མོ་དང་། །གཟུགས་མེད་གློག་བཞིན་འགྱུ་བ་ཆེན་མོ་དང་། །སྟོང་གསུམ་ཐུགས་རྗེས་འདྲེན་བྱེད་ཆེན་མོ་དང་། །རྣ་ཉན་ཕྲ་མ་སེལ་བྱེད་ཆེན་མོ་དང་། །ཚོགས་ཀྱི་ཕྱག་ཚང་མཉེས་བྱེད་ཆེན་མོ་ལ་སོགས་པ། །རྡོ་རྗེ་བྱི་སྦུ་ཕོ་མོ་འཁོར་བཅས་རྣམས། །ཀུན་ཀྱང་འཁོར་མང་འབུམ་ཕྲག་ཡས། །འདིར་གཤེགས༴ བདག་ཅག་རྣལ་འབྱོར༴ རཀྟ་སྦྲེང་བ་ལ་སོགས་འགྲེས། །བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་ལ། །དེའི་དཀྱིལ་འཁོར་ཕྱི་རིམ་ལ། །ལངྐའི་ཚོགས་ཀྱིས་བསྐོར་བ་ནི། །ང་ནི་ལངྐའི་བདག་པོ་སྟེ། །རྡོ་རྗེའི་དམ་ཚིག་ཡང་དག་ལྡན། །དེ་བཞིན་སྙིང་པོའི་དམ་ཚིག་གིས། །ལངྐའི་ཚོགས་རྣམས་འདིར་འདུས་ཤིག །ང་ནི་དུར་ཁྲོད་བདག་པོ་སྟེ། །སྒྲུབ་པའི་དམ་ཚིག༴ དེ་བཞིན་བསྒྲུབ་པའི༴ དུར་ཁྲོད་ཆོགས་རྣམས༴ ང་ནི་རིག་པའི་རྒྱལ་པོ་སྟེ། །རྟོགས་པའི་དམ་ཚིག༴ དེ་བཞིན་རྟོགས་པའི༴ རིག་པའི། རྡོ་རྗེའི་སྐུ་ནི་ཅིར་ཡང་སྤྲུལ། །རྡོ་རྗེའི་གསུང་ནི་ཅིར་ཡང་སྒྲོགས། །རྡོ་རྗེའི་ཐུགས་ནི་ཅིར་ཡང་ལུས་ལུས་པ་མེད་པ་རྣམས་གསན་ཅིང་དགོངས་སུ་གསོལ། ཁྱེད་རྣམས་ལ་མཆོད་ཅིང་གསོལ་བ་གདབ་པ་ནི། ཕྱིའི་མཆོད་པ་འདོད་པའི་ཡོན་ཏན་གྱི་ཚོགས་དང་། ནང་གི་མཆོད་པ་གཏི་མུག་ཤའི་རི་བོ། ཞེ་སྡང་རུས་པའི་ཕུང་པོ། འདོད་ཆགས་ཁྲག་གི་རྒྱ་མཚོ། དུག་གསུམ་གྱི་མཆོད་པ་བསམ་གྱི་མི་ཁྱབ་པ་རྣམས་དང་། །བདུད་རྩི་སྨན་གྱི་མཆོད་པ་དང་། གསང་བའི་མཆོད་པ་བསམ་གྱི་མི་ཁྱབ་པ་རྣམས། སྤྱན་སྔར་འབུལ་ན། དགྱེས་རབ་ཀྱི་མཆོག །མཉེས་རབ་ཀྱི་ཕུལ་དམ་པ་དང་ལྡན་པར་གྱུར་ཅིག །ཕྲིན་ལས་སུ་བཅོལ་བ་ནི། བདག་ཉིད་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་མ་ཐོབ་ཀྱི་བར་དུ། འཁོར་དང་ལོངས་སྤྱོད་ཐམས་ཅད་དར་ཞིང་རྒྱས་པ་དང་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཅིག །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྐལ་པ་ཆེན་པོས་ཁྱབ་པར་གྱུར་ཅིག །བདུད་དཔུང་ཐམས་ཅད་བཅོམ་པར་གྱུར་ཅིག །བགེགས་དཔུང་ཐམས་ཅད་བརླག་པར་གྱུར་ཅིག །ཉམས་པ་ཐམས་ཅད་སྐོང་བར་གྱུར་ཅིག །བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག །འདོད་པ་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ཅིག །སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག །ས་གཞི་ཐམས་ཅད་ལ་ཡང་བྱིན་ཆགས་པར་གྱུར་ཅིག །གནས་ཁང་ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག །བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་བརྗོད་ལ་གཏོར་མ་བསྐྱང་ངོ་། །དཀྱིལ་འཁོར་བསྡུ། རྗེས་ཀྱི་ཆོ་ག་བྱའོ། །སྒྱུ་འཕྲུལ་ཁྲོ་བོའི་ལས་རིམ་གསལ་བར་བྱེད་པ་གསེར་གྱི་ཕྲེང་བ་འདི། བུ་འབོར་རི་ཁྲོད་དུ་སྦྱར་བ་རེ་ཞིག་རྫོགས་སོ།། །།བཀྲ་ཤིས་པར་གྱུར་ཅིག །ༀ་ནི་ཁྲག་འཐུང་ཡབ་ཡུམ་བཅུ། །རུ་ལུ་གོང་མ་མ་ཆེན་བརྒྱད། །རུ་ལུ་འོག་མ་ཕྲན་མེན་བརྒྱད། །ཧཱུྃ་ནི་སྒོ་མ་བཞིའི་ངང་། །བྷྱོ་ནི་དབང་མོ་ཉེར་བརྒྱད་དང་། །ཧཱུྃ་ནི་ཐམས་ཅད་དབྱིངས་སུ་སྡུད། །ཅེས་སོ།། །།