དཔལ་གསང་བ་སྙིང་པོའི་བརྒྱུད་འདེབས་ཀུ་མུད་ཕྲེང་བའི་དོན་བསྡུས། སི་ཏུ་ཆོས་ཀྱི་རྒྱ་མཆོ།

དཔལ་གསང་བ་སྙིང་པོའི་བརྒྱུད་འདེབས་ཀུ་མུད་ཕྲེང་བའི་དོན་བསྡུས་བཞུགསསོ། །ཨེ་ཝཾ་རང་བཞིན་རྡོ་རྗེ་དྲིལ་བུ་འཆང་། །སྒྱུ་མའི་རང་བཞིན་རོལ་པའི་གར་གྱིས་སྒེག །བདེ་སྟོང་རང་བཞིན་ཁ་སྦྱོར་བདུན་གྱིས་བདག །ལྷན་སྐྱེས་རང་བཞིན་རྡོ་རྗེ་སེམས་དཔའ་རྒྱལ། །གསང་བའི་བདག་པོ་རིགས་ཅན་དྲྭ་མ་ལྔ། །ལུང་བསྟན་རྡོ་རྗེ་ཀུ་ཀུ་རཱ་ཛའི་ཞབས། །ཤཱཀྱ་པུ་ཏྲི་ས་བརྒྱད་སེམས་མ་ལ། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །རྡོ་རྗེ་ཡོན་ཏན་གཟུངས་དང་ཧཱུྃ་ཀ་ར། །པྲ་བྷ་ཧ་སྟི་སངས་རྒྱས་གསང་བའི་ཞབས། །སློབ་དཔོན་པདྨ་པཎ་ཆེན་བི་མ་ལར། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །རིན་ཆེན་མཆོག་དང་ཀྱེ་རེ་མཆོག་སྐྱོང་དང་། །རྒྱལ་བའི་ཡོན་ཏན་གནུབས་ཆེན་རིན་པོ་ཆེ། །ཡོན་ཏན་རྒྱ་མཚོ་ཡེ་ཤེས་རྒྱ་མཚོ་ལ། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །བློ་གྲོས་བྱང་ཆུབ་བདེ་གཤེགས་ཟུར་པོ་ཆེ། །ཤེས་རབ་གྲགས་པ་ཡང་ཁྱེད་སྒྲོ་ཕུག་པ། །རྫོགས་ཆེན་པར་གྲགས་བླ་མ་རིན་པོ་ཆེ། །གསོལ་འདེབས་ཕྱག་འཚལ་བྱིན་རླབས་དངོས་གྲུབ་སྩོལ། །སྐུ་གསུམ་མངོན་དུ་གྱུར་པའི་ཀཿཐོག་པ། །དེ་སྲས་ས་བཅུའི་དབང་ཕྱུག་གཙང་སྟོན་ཞབས། །ཐུགས་རྗེ་མཚུངས་མེད་བྱམས་པ་འབུམ་པ་ལ། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །ནམ་མཁའ་རྡོ་རྗེ་ཐུགས་རྗེ་ཡེ་ཤེས་དང་། །སྟོན་པ་དབང་འབྱོར་རྗེ་བཙུན་དཔལ་འབར་བ། །མགོན་པོ་རྒྱལ་མཚན་ཚུལ་ཁྲིམས་རྒྱལ་མཚན་ལ། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །དྷརྨ་ཀླཀྵ་ཡེ་ཤེས་རྒྱལ་མཚན་རྗེ། །ནམ་མཁའ་རྒྱལ་མཚན་མཚུངས་མེད་ནམ་མཁའ་དཔལ། །ནམ་མཁའ་རྒྱ་མཚོ་ཆོས་ཀྱི་དབང་པོ་ལ། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །བསོད་ནམས་རྡོ་རྗེ་ཧེ་བ་ཆོས་འབྱུང་དང་། །ཤཱཀྱ་བཀྲ་ཤིས་རིན་ཆེན་རྡོ་རྗེའི་ཞབས། །སངས་རྒྱས་བཀྲ་ཤིས་ཤཱཀྱ་ཚེ་རིང་ལ། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །ཨོ་རྒྱན་ཕུན་ཚོགས་ཐུགས་ཀྱི་རྡོ་རྗེ་དང་། །བློ་གྲོས་ཆེན་པོ་ཀུན་མཁྱེན་སི་ཏུ་པ། །ཆོས་ཀྱི་རྒྱ་མཚོ་འཁོར་ལོའི་དབང་ཕྱུག་ལ། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །དམ་པའི་མཛོད་འཆང་ཀུན་བཟང་དགོངས་པའི་རྩལ། །མངོན་རྫོགས་དུས་གསུམ་སྒྱུ་འཕྲུལ་བླ་མ་ལ། །གསོལ་འདེབས་ཕྱག་འཚལ་བྱིན་བརླབས་དངོས་གྲུབ་སྩོལ། །ཡིད་ཀྱི་ལྷ་སྐུ་སྟོབས་རྫོགས་རྣམ་པར་སྨིན། །ལུས་སེམས་རྡོ་རྗེའི་གནས་གྲུབ་ཚེ་ལ་དབང་། །འཇའ་ལུས་གཡོ་བ་མེད་པ་ཕྱག་རྒྱ་ཆེ། །རྩོལ་མེད་ལྷུན་གྲུབ་རིག་འཛིན་བཞི་བསྒྲོད་ཤོག །ཀུན་མཁྱེན་སི་ཏུའི་གསུང་ལས་ཅུང་ཟད་བསྡུས་ཏེ་མཉྫུས་བྲིས་པ་དགེའོ།། །།