Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་ལྔ་པ།


   
   
   
   
   
བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་འཆི་མེད་མཆོག་སྟེར། འགྱུར་མེད་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་འཆི་མེད་མཆོག་སྟེར། འགྱུར་མེད་རྡོ་རྗེ།next

བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་འཆི་མེད་མཆོག་སྟེར། འགྱུར་མེད་རྡོ་རྗེ།

བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་འཆི་མེད་མཆོག་སྟེར་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། གང་ཞིག་ཁྱོད་མཚན་ཐོས་དང་དྲན་པས་ཀྱང་། །འཆི་མེད་དངོས་གྲུབ་ཀུན་སྩོལ་བཅོམ་ལྡན་འདས། །བླ་མ་མཆོག་དང་དབྱེར་མེད་དེར་བཏུད་ནས། །འཆི་མེད་སྒྲུབ་པའི་ཆོ་ག་མདོ་ཙམ་བཤད། །འདིར་བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལ་བརྟེན་པའི་ཚེ་སྒྲུབ་པའི་ཆོ་ག་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བའི་ལུགས་བཞིན་སྒྲུབ་པ་ལ་གཉིས་ཏེ། དགོས་པ་གང་ལ་བྱ་བ་དང་། ཇི་ལྟར་བྱ་བའི་ཆོ་ག་བཤད་པའོ། །དང་པོ་ལ། ཚེ་ཉམས་པར་བྱེད་པའི་རྐྱེན། ཉམས་པའི་རྟགས། ཉམས་པ་གསོ་བའི་སློབ་དཔོན་གྱི་མཚན་ཉིད་བཤད་པའོ། །དང་པོ་ནི། རྒྱུད་ལས། དམ་ཉམས་སེམས་དཀྲུགས་ཡི་ཆད་དངངས་པ་དང་། །ཞེ་སྡང་དྲག་པོས་རྦོད་གཏོང་ཚར་བཅད་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་། །གནས་ངན་དག་ཏུ་གནས་ཕབ་འདི་དག་ནི། །ཚེ་ཉམས་དབུགས་དངངས་བགེགས་ཀྱི་དབང་དུ་གྱུར། །ཞེས་པ་ལྟར་རོ། །གཉིས་པ་ནི། འཁོར་ལ་ཁྲོ་ཞིང་སྡུག་སྐད་འབྱིན་པ་དང་། །བཞིན་འགྱུར་སྤྱོད་ལམ་རྣམས་ནི་འཆལ་བ་དང་། །སློབ་དཔོན་འཚོ་བྱེད་དུས་ལས་ཡོལ་བ་དང་། །ཁ་ཟས་རྣམས་ཀྱང་ཡི་གར་མི་འོང་བ། །འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་པ་ལྟར་རོ། །གསུམ་པ་ནི། ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་གསུམ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། །ཞེས་པས་མཚན་ཉིད་གསུམ་པོ་གང་རུང་དང་ལྡན་པའི་སློབ་དཔོན་ནི་རྟེན་གྱི་གང་ཟག་གོ། །དེ་ལྟ་བུས་རང་གཞན་གྱི་ཚེའི་འགལ་རྐྱེན་ཞི་ཞིང་། ཚེ་ཡུན་རིང་དུ་གནས་པར་བྱ་བའི་ཆེད་དུ་ཆོ་ག་འདི་ལ་འཇུག་པར་བྱའོ། །གཉིས་པ་ཇི་ལྟར་བྱ་བའི་ཆོ་ག་བཤད་པ་ལ། ཇི་སྐད་དུ། དཀྱིལ་འཁོར་ཚེ་བཅའ་བཀོད་པ་དང་། །གཞལ་ཡས་ཁང་དང་ཚེ་བསྐྱེད་དང་། །སྤྱན་དྲང་དང་ནི་བསྟིམ་པ་དང་། །ཚེ་ཡི་རང་བཞིན་འགུགས་པའི་ཐབས། །ཚེ་བཅིང་བཟླས་བརྗོད་ཚེ་བླན་དང་། །དབང་བསྐུར་སྡོམ་དང་སྦ་བར་བྱ། །ཞེས་གསུངས་པ་ལྟར་བསྒྲུབ་པ་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ལ། སྦྱོར་བའི་སྔོན་འགྲོ་དང་། ཆོ་གའི་སྔོན་འགྲོ་གཉིས། སྦྱོར་བ་ལ། རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ་དང་། ཚེའི་རྫས་བཅའ་བའོ། །དང་པོ་ནི། བཀྲ་ཤིས་དུས་ལ་འཇུག་པར་བྱ། །ཞེས་པ་ལྟར་ཟླ་བ་ཡར་གྱི་ངོའི་གཟའ་སྐར་འཕྲོད་སྦྱོར་བཟང་པོ་ལ། གང་དུ་བྱ་བའི་གནས་དེར་གཞི་བགེགས་ལ་གཏོར་མ་བཏང་ནས། དཀྱིལ་འཁོར་གྱི་གཞི་བ་བྱུང་གིས་བྱུག །དྲི་བཟང་དང་བདུད་རྩི་ལྔས་ཆས་ཆག་གདབ། །ཐིག་སྐུད་དྲི་ཞིམ་པོའི་ཐིག་ཆལ་གྱིས་སྤགས་པ་གསར་ནས། རང་ཉིད་དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་དུ་གསལ་བ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཐིག་སྐུད་དང་རོ་གཅིག་པ་ཡེ་ཤེས་ལྔའི་ངོ་བོར་སྤྲོས་པར་བསམ་ཞིང་། ༀ་ཨཱཿཧཱུྃ། ཨཱྃ་ༀ་སྭཱ་ཧཱུྃ་ཧཱ། ཞེས་བརྗོད་ཅིང་གཏད་ལ། དང་པོ་ཤར་ནུབ་ཀྱི་ཚངས་ཐིག་གདབ་པ་ནས་བཟུང་ཐིག་ཆེན་བརྒྱད་དཀྱིལ་འཁོར་གྱི་མཁའ་ལ་གདབ་ཅིང་། དེ་བཞིན་དུ་ས་ལའང་གདབ་བོ། །སྔགས་ནི། ༀ་ཛྙཱ་ན་ཙཀྲ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་པ་ཁོ་ནའོ། །ཚུལ་དེས། དཀྱིལ་འཁོར་ཐིག་བཞི་ལིང་ཚེ་དགུ། །པདྨ་འདབ་བརྒྱད་གྲུ་ཆད་བཞི། །སྒོ་དང་བཅས་པ་བྲི་བར་བྱ། །ཞེས་པ་བཞིན་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་སོགས་སྒྱུ་འཕྲུལ་ཞི་བ་དང་མཐུན་པ་ཉིད་ལས། ལྟེ་བ་ཟླུམ་བསྐོར་རེའུ་མིག་དགུ་པ་མུ་ཁྱུད་ཅན་གྱི་མཐར་པདྨ་འདབ་མ་བརྒྱད་ཀྱིས་བསྐོར་ཞིང་། བར་ཁྱམས་སྤངས་པ་ནི་ཁྱད་པར་རོ། །དེ་ནས་ཚོན་སྣ་ལྔ་མདོག་རིགས་སྡེབས་པ་སོ་སོའི་གནས་སུ། ཨཱཾ་ༀ་སྭཱ་ཧཱུྃ་ཧཱ། པཱཾ་ལཱཾ་མཱཾ་མཱུཾ་ཏཱཾ་ལས་འོད་དཔག་མེད་གཙོ་བོར་གྱུར་པའི་རིགས་ལྔའི་ངོ་བོར་གྱུར་པ་བདག་ཉིད་ཀྱི་སྐུ་ལ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ཚོན་རྩི་རྣམས་ལ་ཐིམ་པར་བསམ་ཞིང་། སྔར་གྱི་ས་བོན་བཅུ་པོ་དང་། ༀ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུཾ་ཧཱུཾ། ཞེས་བཟླས་པའི་མཐར། ཨཱཾ་ཞེས་བརྗོད་པས་རིན་པོ་ཆེའི་རྡུལ་ཕྲ་རབ་ཀྱི་རྡུལ་ཚོན་འབར་བར་བསམ་ནས། དབུས་ཀྱི་གླིང་དགུའི་ལྟེ་བ་དམར་པོ། ཕྱོགས་བཞི་མཚམས་ཐིག་གིས་ཕྱེ་བའི་རེའུ་མིག་རྣམས་ཤར་དཀར། ལྷོ་སེར། ནུབ་སྔོ། བྱང་ལྗང་། གདུང་བཞི་དང་མུ་ཁྱུད་སྔོན་པོ་ལ་རྡོ་རྗེ་དཀར་པོའམ་སེར་པོ། །པད་འདབ་བརྒྱད་མཛེས་ཚོན། གྲུ་ཆད་ལ་སོགས་པ་ལྷག་མ་སྒྱུ་འཕྲུལ་ཞི་དཀྱིལ་ལྟར་རོ། །ལྷ་གནས་རྣམས་སུ་སྐུའམ་ས་བོན། ཕྱག་མཚན་རྣམས་མདོག་མཐུན་གྱི་ཐིག་ལེ་རྣམས་ཇི་ལྟར་རིགས་པ་འགོད། ཐིག་ཚོན་གྱི་ལས་རྫོགས་ནས་ཡེ་ཤེས་པ་རྣམས་བཛྲ་མུཿས་གཤེགས་སུ་གསོལ། དེ་དག་ནི་དཀྱིལ་འཁོར་གྱི་ཁང་པ་རྙིང་པར་རྡུལ་ཚོན་སྒྲུབ་པའི་དབང་དུ་བྱས་པའོ། །གཞན་དུ་ན་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པས་ཀྱང་རུང་ངོ་། །གཉིས་པ་ཚེའི་རྫས་བཅའ་བ་ནི། ཇི་སྐད་དུ། དབུས་སུ་ཤེལ་གྱི་བུམ་པར་ནི། །དམར་སེར་བ་ཡི་འོ་མ་དང་། །ཅོང་ཞིང་དཀར་པོ་རྣམ་གསུམ་དང་། །དཀར་དང་མངར་གསུམ་འཆི་མེད་སྨན། །བྱང་ཆུབ་སེམས་སོགས་གཞག་པར་བྱ། །མུ་གེ་སེལ་བའི་འབྲུ་ལྔ་དང་། །འདུ་བ་སེལ་བའི་སྨན་ལྔ་དང་། །ནོར་གྱི་དབྱིག་ལྡན་རིན་ཆེན་ལྔ། །སྙིང་པོ་ལྔ་དང་དྲི་ལྔ་བཤམ། །ཚེ་འབྲང་རྒྱ་གྲམ་རྒྱས་བཏབ་ནས། །མདའ་དར་བཅས་པ་གཞག་པ་ནི། །ལྷ་ཡི་གྲངས་དང་མཉམ་པར་བྱ། །མཆོད་པ་མང་པོས་ཡོངས་སུ་བསྐོར། །ཞེས་གསུངས་པ་ལྟར་ཤེལ་སོགས་རིན་པོ་ཆེའི་བུམ་པ་གཙང་ཞིང་དག་པར་བྱས་ནས། གུ་གུལ་གྱིས་བདུག་ཅིང་། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བགེགས་བསྐྲད། ཁ་རྒྱན་མགུལ་ཆིངས་སོགས་ཆས་སུ་བཅུག །སྔར་བཤད་པའི་བུམ་རྫས་རྣམས་འོ་མ་དང་དྲི་བཟང་གི་ཆུ་ལ་སྦྱར་བའི་བཅུད་ཀྱིས་བཀང་བ་དཀྱིལ་འཁོར་གྱི་དབུས་སུ་མཉྫི་ལ་བཞག །དེའི་ཁར་སྨན་དང་སྤོད་ཀྱི་བྲན་པའི་ཚེའི་འབྲང་རྒྱས་བུམ་གཟུགས་ཅན་རིལ་བུས་བསྐོར་བ། ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཀབ་ཅིང་ཉི་ཟླའི་ཏོག་གིས་མཚན་པ་བཀོད། ཚེ་མདའ་རྒོད་སྒྲོ་མ་དར་ལེ་བརྒན་དང་མེ་ལོང་བཏགས་པ་ཚེ་འབྲང་ལ་བཙུགས་པའམ། མི་བདེ་ན་རྒྱབ་ཏུ་བཀོད། ཚེ་རིལ་དང་ཚེ་ཆང་ནི་གོང་གི་ཚེ་རིལ་དང་བུམ་བཅུད་ཀྱིས་ཆོག་མོད། སྤྲོ་ན་གཡས་གཡོན་དུ་ལོགས་སུ་བཤམས་ཀྱང་རུང་། གང་ལྟར་ཡང་དཀྱིལ་འཁོར་གྱི་མཐར་ཞབས་བསིལ། བདུག་སྤོས། མེ་ཏོག །མར་མེ། དྲི་ཆབ་རྣམས་དང་། གཏོར་མ་དང་སྨན་ཕུད་སོགས་མཆོད་པར་འོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། གྲལ་ཕྱག་དང་ཚུལ་ཕྱག་སྔོན་དུ་འགྲོ་བས་རོལ་མོས་བྱིན་དབབ་པར་བྱའོ། །གཉིས་པ་ཆོ་གའི་སྔོན་འགྲོ་ལ་དྲུག་ལས། དང་པོ་རྒྱུད་སྦྱང་བ་ནི། བླ་མ་རིག་འཛིན་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿས་སད་པར་བྱས་ལ། བདག་དང་མཁའ་མཉམ་སེམས་ཅན་རྣམས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱི་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་ཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་རྒྱུད་དག་པར་བྱས་ནས་ཚོགས་ཞིང་རྣམས་རང་ལ་བསྡུ། གཉིས་པ་མཚམས་བཅད་པ་ནི། བདག་ཉིད་སྐད་ཅིག་གིས་པདྨ་ཧེ་རུ་ཀར་གྱུར་པར་མོས་ནས། ཧཱུཾ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བསྐངས་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་ཁྲོ་བོའི་ཚོགས་རྣམས་ཀྱིས། །དེ་མ་ཐག་ཏུ་བཀས་ནས་ནི། །བདུན་བརྒྱུད་རིགས་ཀྱང་བརླག་པར་འགྱུར། །ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ། ཞེས་པས་བགེགས་རྣམས་རིང་དུ་བསྐྲད་ནས། ཁོར་ཡུག་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་ཆེན་པོས་ཡོངས་སུ་གཏམས་པས་ཅིས་ཀྱང་མི་ཤིག་པར་བསམ་མོ། །གསུམ་པ་བཤགས་པ་བྱ་བ་ནི། བཛྲ་ས་མཱ་ཛཿས་བཤགས་ཡུལ་རྣམས་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བཤགས་སྡོམ་གྱི་བསམ་པ་རྩེ་གཅིག་པས། ཧཱུཾ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཞེས་སོགས་བརྗོད་པས་སྡིག་སྒྲིབ་ཐམས་ཅད་ཡེ་ནས་རང་བཞིན་མེད་པའི་དབྱིངས་སུ་དག་པར་བསམ་མོ། །བཞི་པ་དམ་བཅའ་བ་ནི། རྡོ་རྗེ་རྩེ་གཅིག་པའི་རྒྱ་སྙིང་གར་བཅིངས་ཏེ་ལྷག་པའི་བསམ་པ་བརྟན་པོས། ༀ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །སོགས་དམ་བཅའ་རྒྱས་པའམ། བསྡུ་ན། ༀ་ཧཱུཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །ཞེས་སོགས་བྱའོ། །ལྔ་པ་བྱིན་དབབ་པ་ནི། ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་མཁའ་ཁྱབ་ཏུ་སད་པར་བྱས་ཏེ། ༀ་ཧཱུཾ་ཨ་ལ་ལ་ཧོཿ བྷ་ག་ཝཱན་ས་མ་ཧོཿ ས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་སྐུར་བའི༴ དངོས་གྲུབ་སྩོལ་བའི༴ མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ༴ དབང་ཆེན་བསྐུར༴ དངོས་གྲུབ་མཆོག་སྩོལ༴ བདག་ཅག་ལས་འབྲས་མཆིས་པར་མཛོད། །སྤོས་སྲེག་ཅིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱིན་བསྡུས་པས་མཁའ་ཁྱབ་ཀྱི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་རྣམས་ལ་ཐིམ་སྟེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་བྱིན་གྱིས་བརླབ་པར་བསམ་མོ། །དྲུག་པ་མཆོད་རྫས་བྱིན་གྱིས་རློབ་པ་ནི། རྫས་རྣམས་ༀ་མ་ཧཱ་ཀྲོ་དྷེ་ཤྭ་རཱིས་བསང་། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་མཆོད་རྫས་ཀྱི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་སླར་ཡང་ཐུགས་ཀ་ནས། ཨ་དྷཱུ་པུ་ཨཱ་གན་རྣམས་འཕྲོས། ན་མཿ ས་མནྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧ། ༀ་ཤྲཱི་བཛྲ་རཱ་གདྷཱུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ཞེས་བརྗོད་པས་མཆོད་པའི་ལྷ་མོ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་གྱུར། བདུད་རྩི་བསང་སྦྱངས། བདུད་རྩིའི་སྣོད་བྷཉྫ་འབར་བའི་གཞལ་ཡས་ཁང་གི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ལ་དཔའ་བོ་འབྲུ་ལྔས་མཚན་བར་གྱུར། དེ་ལས་འོད་ཟེར་འཕྲོས་འཁོར་འདས་ཀྱིས་བདུད་རྩི་ཐམས་ཅད་བསྡུས་ནས་ཐིམ་པ་ཞུ་ཞིང་འདྲེས་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ༀ་ཨཱཿཧཱུཾ་སརྦ་པནྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ། ཞེས་བརྒྱའམ་ཉེར་གཅིག་བཟླའོ། །གཏོར་མ་བསང་སྦྱངས། གཏོར་གཞོང་བྷྲཱུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་གཏོར་རྫས་ༀ་ལས་འདོད་ཡོན་གྱི་ཕུང་པོ་ཅིར་ཡང་འཆར་བའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་ལ། ༀ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏྱ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཞེས་ལན་བདུད་བརྗོད། དེ་དག་ནི་སྔོན་འགྲོའི་བྱ་བའོ། །གཉིས་པ་དངོས་གཞི་ལ། ཏིང་འཛིན་གསུམ་གྱིས་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་སྤྲོ་བ། ཁྱད་པར་ཚེའི་ཕྲིན་ལས་སྒྲུབ་པ་དང་བཞི། དང་པོ་ནི། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་པའོ། །འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བ་སྟོང་པ་ཉིད་དུ་བསྒོམ་པ་ནི་དེ་བཞིན་ཉིད་དོ། །དེ་བཞིན་ནི་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །དེ་བཞིན་ཉིད་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་པ་ནི་ཀུན་སྣང་ངོ་། །དངོས་པོ་མེད་ལས་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །རང་རིག་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ཨ་ཡིག་དམར་པོའི་རྣམ་པར་བསྒོམ་པ་ནི་རྒྱུའི་ཏིང་ངེ་འཛིན་ནོ། །གཉིས་པ་ནི། སེམས་ཉིད་ཨ་དམར་པོ་དྲི་མ་མེད་པར་གསལ་བ་ལས། ཨེ་ཡཾ་ཝཾ་ལཾ་སུཾ་རཾ་རྣམས་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཨེ་ལས་ནམ་མཁའ་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་གཡོ་བའི་བ་དན་གྱིས་མཚན་པ། ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། སུཾ་ལས་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྱི་རི་རབ་ཟུར་བཞི་པ། རཾ་ལས་མེའི་ཁོར་ཡུག་ནམ་མཁའི་མཐའ་ཀླས་པར་འབར་བའོ། །དེའི་དབུས་སུ་བྷྲཱུྃ་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ། བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དམར་དཀར་སེར་སྔོ་ལྗང་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ་རིན་པོ་ཆེ་སྣ་ཚོགས་པས་བཀྲ་བ་འཕྱར་ཐབས་སུ་བཀོད་པའི་མཐར་མུ་ཏིག་གི་མགུལ་འཁོར་འཕྱང་བ། དེའི་སྟེང་དུ་བྲེ་ཕུལ་གྱི་སྣམ་བུ་ལ་གསེར་གྱི་སྐེ་རགས་བཞིའི་ཕྱི་ངོས་སུ་མ་ཀ་རའི་ཁ་ནས་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་དར་དང་རྔ་ཡབ། དྲིལ་བུ་དང་མེ་ལོང་། ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་མཛེས་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། སྟེང་ངོས་སུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན། དེ་དག་གི་བར་བར་དུ་བུམ་པ་ལ་གནས་པའི་རྒྱལ་མཚན་དང་། བ་དན་བརྒྱད་བརྒྱད་དང་། ཟུར་བཞིར་རྣམ་པར་བཀྲ་བའི་གདུགས་ཀྱིས་བརྒྱན་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་གཟུགས་རྡོ་རྗེ་མ་སོགས་ལྷ་མོ་རྣམས་ཀྱིས་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་། ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་བརྒྱན་པ། སྒོ་ཁང་ཐེམ་སྐས་དང་བཅས་པའི་སྒོ་ལོགས་ཀྱི་ཟུར་བཞི་ནས་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བརྒྱད་པ། བསིལ་ཁང་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་གདུགས་ཀྱིས་ཕུབ་པ་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། གཞན་ཡང་གདུགས་དང་རྒྱལ་མཚན་བ་དན་སྣ་ཚོགས་པ་དང་། གསེར་གྱི་དྲིལ་བུ་ལ་སོགས་པས་བརྒྱན་པ། སྒོའི་གཡས་གཡོན་གྱི་གཞི་ལ་ཏཱ་ལའི་ལྗོན་པ་དང་། དཔག་བསམ་གྱི་ཤིིང་ལ་བཀྲ་ཤིས་པའི་བྱ་སྙན་པར་སྒྲོག་པ་སྣ་ཚོགས་གནས་པ། ཤིང་དེ་དག་ཀྱང་གསེར་གྱི་ཐ་གུས་བྲེས་ཤིང་། དྲིལ་བུ་དང་གཡེར་ཁ་ཆོས་ཀྱི་སྒྲ་སྙན་པར་འཁྲོལ་བས་མཛེས་པ། ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་རྫིང་བུ་ལ་ལྷ་མོ་སྣ་ཚོགས་བདེ་བར་རྩེ་བ། རིན་པོ་ཆེའི་ཕུང་པོ་འོད་འབར་བ་རེ་རེ་སྟེ་བརྒྱད་དང་། གཞན་ཡང་རིན་པོ་ཆེ་སྣ་བདུད་དང་། བཀྲ་ཤིས་པའི་རྫས་བརྒྱད་སོགས་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པར་གང་བའོ། །གཞལ་ཡས་ཁང་གི་ལྟེ་བ་རེའུ་མིག་དགུ་པ་པདྨ་འདབ་མ་བརྒྱད་པ་མུ་ཁྱུད་དང་བཅས་པས་བསྐོར་བའི་ཕྱོགས་བཞི་ནས་རིགས་ཀྱི་མཚན་མ་ཅན་གྱི་ཀ་བ་བརྒྱད་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་ཟླུམ་དང་། གདུང་ཆེན་བཞིས་མིག་མང་རིས་སུ་བྲེས་པས་མཛེས་པར་ཕུབ་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོ་རིགས་ཀྱི་མཚན་མ་ཅན་གྱི་ཏོག་གིས་མཛེས་པ། སྟེང་འོག་ཐམས་ཅད་ཤར་དཀར། ལྷོ་སེར། ནུབ་སྔོ། བྱང་ལྗང་། དབུས་དམར་བ་དྭངས་ཤིང་སྒྲིབ་པ་མེད་པར་ཀུན་ཏུ་གསལ་བ། སྣ་ཚོགས་པདྨའི་ཟེའུ་འབྲུར་ཚད་མེད་པའི་འཁོར་ལོའི་ལྟེ་བ་ལ་རྫོགས་པ། ཕྱི་ནས་རྡོ་རྗེ་སྲུང་བའི་གུར་ཁང་འབར་བ་མེའི་འོད་ཟེར་ཀུན་ཏུ་འཕྲོ་བས་ཡོངས་སུ་བསྐོར་བའོ། །གཙོ་བོའི་གནས་སུ་རྨ་བྱ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བ་སྟེ་ལྔ་བརྩེགས། ཕྱོགས་མཚམས་ཀྱི་རེའུ་མིག་དང་། པདྨའི་འདབ་མ་བརྒྱད། སྒོ་བཞི་རྣམས་སུ་པདྨ་དང་ཉི་གདན་རེ་རེ། རང་གི་སེམས་ཉིད་ཨ་དམར་པོ་གདན་དབུས་མའི་སྟེང་དུ་བབས། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་འཆི་བའི་འཇིགས་པ་བསལ། སཾ་ཧ་ར་ཎ་ཧཱུཾ། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཨཱཾ་ཨཱ་རོ་ལིཀ྄ །རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་འོད་ཟེར་རབ་ཏུ་འབར་བ། ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་རབ་ཏུ་འཛུམ་པའི་མདངས་གསལ་བའི་ཞལ་གྱི་འགྱུར་བ་ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པའི་ཉམས་ཅན། མཚན་དང་དཔེ་བརྒྱད་ཀྱིས་འབར་བ། ཕྱག་གཡོན་མཉམ་གཞག་གིས་འཆི་མེད་བདུད་རྩིས་གང་བའི་བུམ་པ་དང་། གཡས་པས་རྡོ་རྗེ་རྒྱ་གྲམ་བུམ་པའི་ཁ་བཀབ་པའི་ཚུལ་དུ་འཛིན་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བརྟན་པར་བཞུགས་པའོ། །ཡབ་ཀྱི་ཐུགས་ཀ་ནས་གཡོན་པའི་བརླ་སྟེང་དུ་པཱཾ་རཱ་ག་ར་ཏི། ཡུམ་གོས་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་པས་མདའ་དར་ལེ་བརྒན་གཡབ་ཅིང་། གཡོན་བདུད་རྩིའི་བུམ་པ་འཛིན་པས་ཡབ་ལ་འཁྱུད་པ། པདྨའི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀའང་ལྷ་རྫས་ཀྱི་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་། ཚི་གུའི་སྨད་དཀྲིས། ཁ་དོག་སྣ་ཚོགས་པའི་ཅོད་པན། ཟི་ལྡིར། གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན། སྙན་ཆ། མགུལ་རྒྱན། སེ་མོ་དོ། དོ་ཤལ། སྐ་རགས། ཕྱག་ཞབས་ཀྱི་གདུ་བུ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན་པ་སྟེ་ཞི་བའི་ཉམས་དགུ་རྒྱས་པ། སངས་རྒྱས་ཀྱི་སྤྲིན་ཕུང་མཐའ་ཡས་པར་འཆར་བའི་འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་ཞིང་འབར་བའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པར་བསམ་མོ། །གཙོ་བོའི་ཐུགས་ཀ་ནས་ལིང་ཚེ་བརྒྱད་ཀྱི་ཕྱོགས་བཞིར། ལཱཾ་མཱཾ་མཱུཾ་ཏཱཾ་དང་། མཚམས་བཞིར། ལཱཾ་མཱཾ་མཱུཾ་ཏཱཾ་རྣམས་ཆད་པ་ལས། ཤར་དུ་སྤྱན་མ་དཀར་མོ། ལྷོར་མཱ་མ་ཀཱི་སེར་མོ། ནུབ་ཏུ་དབྱིངས་ཕྱུག་མ་སྔོན་མོ། བྱང་དུ་སྒྲོལ་མ་ལྗང་གུ། བཞི་ཀའང་གཡས་ཚེའི་བུམ་པ་དང་། གཡོན་དྲིལ་བུ་འཛིན་པ། མེར་རྒྱས་འདེབས་མ་དཀར་མོ་མདའ་གཞུ་འགེངས་པ། བདེན་བྲལ་དུ་ཚེ་འཕེལ་མ་སེར་མོ་ཁ་ཊྭཱཾ་ཀ་འཛིན་པ། རླུང་དུ་རྨོངས་བྱེད་མ་དམར་མོ་རྒྱལ་མཚན་འཛིན་པ། དབང་ལྡན་དུ་ཟ་བྱེད་མ་ལྗང་གུ་རྡོར་དྲིལ་འཛིན་པའོ། །སླར་ཡང་ཐུགས་ཀ་ནས་པད་འདབ་བརྒྱད་ཀྱི་ཕྱོགས་བཞིར་ཧཱུྃ་ཏྲཱྃ་ཧྲཱིཿཨ་དང་། མཚམས་བཞིར་དྷཱུ་པུ་ཨ་གན་རྣམས་ཆད་པ་ལས། ཤར་དུ་ལཱ་སྱེ་མ་དཀར་མོ་མེ་ལོང་འཛིན་པ། ལྷོར་མཱ་ལྱེ་མ་སེར་མོ་འཕྲེང་བ་འཛིན་པ། ནུབ་ཏུ་གིརྟི་མ་དམར་མོ་པི་ཝཾ་བརྡུང་བ། བྱང་དུ་ནཱིརྟི་མ་ལྗང་གུ་རྔ་ཡབ་འཛིན་པ། མེར་བདུག་སྤོས་མ་དཀར་སེར་སྤོས་ཁང་འཛིན་པ། བདེན་བྲལ་དུ་མེ་ཏོག་མ་དམར་སེར་མེ་ཏོག་གི་ཕྲེང་བ་འཛིན་པ། རླུང་དུ་མར་མེ་མ་དམར་ལྗང་མར་མེ་འཛིན་པ། དབང་ལྡན་དུ་དྲི་ཆབ་མ་དཀར་ལྗང་དྲིའི་དུང་ཕོར་འཛིན་པའོ། །སླར་ཡང་ཐུགས་ཀ་ནས་སྒོ་བཞིར་ཛཿཧཱུྃ་བྃ་ཧོཿཆད་པ་ལས། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོར་སྒོར་ཞགས་པ་མ་སེར་མོ་ཞགས་པ་འཛིན་པ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པ། དེ་ཐམས་ཅད་ཀྱང་ལྷའི་ན་ཆུང་ལང་ཚོ་གསར་པའི་ཉམས་ཅན་དར་གྱི་ན་བཟའ་དང་། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་རོལ་བའོ། །དེ་ནས་དབང་བསྐུར་བ་ནི། སྤྱི་བོའི་གནས་ལྔར་དེ་བཞིན་གཤེགས་པ་ལྔ་རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་བར་བསམ་ལ། འོད་དཔག་མེད་དང་པོར་བྱས་པའི་སོ་སོའི་དབང་རྒྱ་སྤྱི་བོའི་གནས་ལྔར་འཇོག་ཅིང་། ༀ་མ་ཧཱ་པྲ་ཏྱཱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། དེ་བཞིན་དུ་པྲ་ཏྱ་བེཀྵ་ཎའི་ཚབ་ཏུ། ཨ་དཪྴ། ས་མ་ཏཱ། ཤཱུ་ནྱ་ཏཱ། ཀྲྀཏྱཱ་ནུཥྛཱ་ཎ་རྣམས་བཅུག་པ་བརྗོད་ཅིང་། ཞེས་དབང་བསྐུར་བས་ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུར་པོ་ལྔ་སངས་རྒྱས་ལྔར་གནས་བསྒྱུར། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་བདག་པོར་གྱུར་པའི་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། བྱིན་གྱིས་རློབ་པ་ནི། རང་གི་སྤྱི་མགྲིན་སྙིང་གར་ཟླ་བ་པདྨ་ཉི་མ་ལ་གནས་པའི་ༀ་ཨཱཿཧཱུཾ། དེའི་འོད་ཟེར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་བྱོན་ནས། ཡི་གེ་གསུམ་ལ་ཐིམ། ཡོངས་སུ་གྱུར་པ་ལས་རྣམ་སྣང་། འོད་དཔག་མེད། མི་བསྐྱོད་པ་དང་བཅས་པས་རྒྱས་བཏབ་པར་བསམ་ལ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་གསུམ་དུ་འཆའ་ཞིང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་ཀཱ་ཡའི་ཚབ་ཏུ་ཝཱ་ཀ་དང་། ཙིཏྟ་ཞེས་བརྗེས་ནས་བརྗོད་ཅིང་རྡོ་རྗེ་གསུམ་དུ་ང་རྒྱལ་བྱའོ། །གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་དང་། མཆོད་ཅིང་བསྟོད་པའོ། །དང་པོ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སད་པར་བསམ་ལ། ག་གོ་ནའི་ཕྱག་རྒྱ་དཔུང་པར་བཅིངས་ཏེ། ཧཱུཾ། ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གཤེགས། །ཡེ་ཤེས་རྒྱ་མཚོ་རྣམ་པར་གྲོལ་བའི་ཀློང་། །མི་གནས་མི་དམིགས་ནམ་མཁའི་དབྱིངས་ནས་བཞེངས། །ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲི་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་དམ་ཚིག་གི་འཁོར་ལོ་དང་ཉེ་བར་སྤྱན་དྲངས་ཏེ། ༀ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་ལ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །ༀ་བཛྲ་ཨངྐུ་ཤ་ཛཿས་ཡེ་ཤེས་པའི་ལྷ་ཚོགས་དམ་ཚིག་པའི་སྤྱི་བོར་དགུག །ༀ་བཛྲ་པཱ་ཤ་ཧཱུྃ། རང་རང་གི་ཐུགས་ཀར་གཞུག །ༀ་བཛྲ་སྥོ་ཊ་བཾ། གཉིས་སུ་མེད་པར་བཅིངས། ༀ་བཛྲ་གྷཎྜེ་ཧོཿ དགྱེས་པ་བསྐྱེད་དེ་འགྲོ་དོན་མ་རྫོགས་ཀྱི་བར་དུ་བརྟན་པར་བཞུགས་པར་བསམ་མོ། །གཉིས་པ་ལ་བདུན་ལས། དང་པོ་ཀུན་བཟང་ནི། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ༀ་ཧཱུྃ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། གཉིས་པ་ཞབས་བསིལ་ནི། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷ་ནཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། གསུམ་པ་བཞི་བསྣོལ་ནི། སོ་སོའི་ཕྱག་རྒྱ་བཅས་ཏེ། ༀ་ཧཱུཾ། སྤོས་ཀྱིས་སྤྲིན་ལྡིང་བདུག་པ་མ། །རྒྱལ་བའི་དཀྱིལ་འཁོར་བདུག་པས་འགེབས། །བྱམས་པ་ཐབས་དང་ཤེས་རབ་ལས། །བཛྲ་དྷུ་པེའི་མཆོད་པར་རོལ། །ༀ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ཨུཏྤལ་མཐིང་ག་མེ་ཏོག་འཐོར། །སྣ་ཚོགས་རིན་ཆེན་འོད་དུ་འཕྲོ། །སྙིང་རྗེ་ཐབས༴ བཛྲ་པུ་ཥྤེའི༴ ༀ་པ་ན་སོགས་པུཥྤེ་པུ། དབང་གི་ཕྱག་རྒྱ་སྒྲོན་མ་བསྣམས། །ཆོས་ཀྱི་རྒྱལ་པོ་འབར་བ་འཛིན། །དགའ་བ༴ བཛྲཱ་ལོ་ཀེའི༴ ཨཱ་ལོ་ཀེ་ཧྲཱིཿ ཙནྡན་བདུད་རྩིའི་ཆར་འབེབས་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས། །བཏང་སྙོམས ༴ བཛྲ་གནྡྷེའི༴ གནྡྷེ་གན། བཞི་པ་སྨན་མཆོད་ནི། ཧཱུཾ། སྟོང་གསུམ་བྷཉྫའི་བཟེད་ཁོང་དུ། །སྲིད་གསུམ་སེམས་ཅན་དུག་ཆེན་ལ། །དུས་གསུམ་སངས་རྒྱས་རྩིར་སྦྱར་བས། །བདུད་རྩིའི་དཀྱིལ་འཁོར་ལྷུན་གྱིས་རྫོགས། །འཆི་མེད་བདུད་རྩིའི་གཡུང་དྲུང་ཆུ། །རོ་ཡི་ཁམས་རྣམས་སློང་བར་བྱེད། །དུག་གི་ཕུང་པོ་འཇོམས་བྱེད་པ། །རྩི་མཆོག་སྨན་གྱི་མཆོད་པ་བཞེས། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་གུ་ཧྱ་ལག་གི་ཕྱག་རྒྱས་གཏོར་བས་བདུད་རྩིའི་སྤྲིན་གྱིས་ལྷ་རྣམས་མཉེས་ཤིང་ཚིམ་པར་བསམ་མོ། །ལྔ་པ་གཏོར་མའི་མཆོད་པ་ནི། ཧཱུཾ། ཟླ་རྒྱས་ལ་སོགས་སྙིང་པོ་མཆོག །མཱཾ་ས་ལ་སོགས་རྣམ་ལྔའི་རྫས། །མེ་ཏོག་ལ་སོགས་ཙནྡན་ཕྲེང་། །སྣ་ཚོགས་མཆོད་པ་འབྱུང་གྱུར་ཅིག །ཨི་དཾ་པུཥྤེ་དྷཱུ་པེ་བ་ལིཾ་ཏ་པྲ་ཏཱིཙྪ་ཧོཿཁ་རཾ་ཁཱ་ཧི། དྲུག་པ་ཡིད་བྱུང་གི་མཆོད་པ་ནི། ༀ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །ཞེས་དང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་རོལ་མོ་སྣ་ཚོགས་ཀྱིས་སྒྲ་སྦྱར་བས་ཀྱང་མཆོད་དོ། །བདུན་པ་བསྟོད་པ་ནི། ཧཱུཾ། བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད། །སྒྲིབ་པའི་དྲྭ་བ་མ་ལུས་སེལ་བའི་སྐུ། །མཁའ་དང་མཉམ་པའི་ཡེ་ཤེས་སྐུ་མངའ་བ། །མཉམ་ཉིད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད། །གསུང་མཆོག་རྣམ་པར་དག་པའི་གསུང་། །མཁའ་དང་མཉམ་པའི་གསུང་མངའ་བ། །མཉམ་ཉིད་རྡོ་རྗེའི་གསུང་ལ༴ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ༴ ཐུགས་མཆོག་རྣམ་པར་དག་པའི་ཐུགས། །མཁའ་དང་མཉམ་པའི་ཐུགས་མངའ་བ། །མཉམ་ཉིད་རྡོ་རྗེའི་ཐུགས་ལ་ཕྱག་འཚལ་ལོ། །ཞེས་ཆོས་ཉིད་ཀྱི་རང་སྒྲས་བསྟོད་པར་བསམ་མོ། །བཞི་པ་ཚེའི་ཕྲིན་ལས་བསྒྲུབ་པ་ལ་བདུན་ལས། དང་པོ་ཚེའི་རང་བཞིན་བསྒོམ་པ་ནི། བདག་གི་ཐུགས་ཀ་ནས་ཧཱུཾ་སྤྲོས་པས། ཡུམ་གྱི་མཁའ་ནང་དུ་རྡོ་རྗེ་རྒྱ་གྲམ་སྟེང་འོག་གཉིས་སུ་གྱུར་པའི་བར་དུ། ཨ་ཡུརྫྙཱ་ན་བནྡྷ་བྷཱུཾ། ཞེས་བརྗོད་པས་ཉི་ཟླ་ཁ་སྦྱོར་གྱི་གའུའི་ནང་དུ་ཚེའི་རང་བཞིན་ཐིག་ལེ་དཀར་པོ་ནྲྀ་ཡིག་གིས་མཚན་པར་བསམ་ནས། ཐལ་མོ་རྒྱབ་སྤྲད་དེ་བསྣོལ་བ་ཕྱིར་འགྲོལ་ཞིང་། བཛྲ་མུཀྟ་ཧ། ཞེས་བརྗོད་པས་རང་གི་ཐུགས་ཀ་ནས་ཕོ་ཉ་མང་པོ་སྤྲོས་པས་ནམ་མཁའི་ཁམས་ཐམས་ཅད་གང་། བདེ་བར་གཤེགས་པ་རྣམས་ལ་ཚེའི་དངོས་གྲུབ་ཞུས། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ཆེན་པོ་ལྔ་དང་། སྨན་ཤིང་མེ་ཏོག་སོགས་ཕྱི་སྣོད་འཇིག་རྟེན་གྱི་རྩི་དང་བཅུད་ཀྱི་སྙིང་པོ་ཐམས་ཅད་དང་། ལྷ་དང་དྲང་སྲོང་རིག་འཛིན་གྲུབ་པ། དྲི་ཟ་གཤིན་རྗེ་ཀླུ་དང་གནོད་སྦྱིན། ཉི་ཟླ་གཟའ་སྐར། རྒྱལ་བློན་འབངས་འཁོར་སོགས་ནང་བཅུད་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། དཔལ་དང་འབྱོར་བ་རྣམས་ཀྱི་དྭངས་མ་དང་། དོན་དམ་སྐྱེ་འཇིག་འཕོ་འགྱུར་མེད་པ་ཚེའི་རང་བཞིན་སོགས་འཁོར་འདས་སྣོད་བཅུད་ཀྱི་ཆོས་བཅུ་བཞི་པོ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས། འཆི་བདག་གཤིན་རྗེ་ལ་སོགས་པས་བརྐུས་ཤིང་ཕྲོག་པ་དང་། ཡར་བ་དང་འཐོར་བ་ཐམས་ཅད་ཀྱང་བཀུག་ནས་མཁའ་ནང་གི་ཚེ་རྟེན་ལ་ཐིམ་པར་བསམ་ཞིང་། ༀ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་ཨ་ཡུརྫྙཱ་ན་སརྦ་རོ་པ་ཙིཏྟེ་སྭཱ་ཧཱ། ཞེས་ཅི་ནུས་བཟླའོ། །གཉིས་པ་ཚེ་དགུག་པ་ནི། སྐུ་གསུང་ཐུགས་ཀྱི་བསྟོད་པ་སྔར་བཞིན་བྱས་པས་ང་རྒྱལ་བཟུང་ལ། ཏིང་ངེ་འཛིན་གསལ་བཞིན་པས་ཚེའི་མདའ་འདར་གཡབ་ཅིང་སྔགས་ཀྱིས་འགོ་དྲངས་ཏེ། ཧཱུཾ། ནམ་མཁའ་དབྱིངས་ཕྱུག་མ་ནི་ཡེ་ནས་རྣམ་པར་དག །རྡོ་རྗེ་དབྱིངས་ཕྱུག་མ་ནི་ཡེ་ནས་སྐྱེ་ཤི་མེད། །རིན་ཆེན་དབྱིངས་ཕྱུག་མ་ནི་དགོས་འདོད་རེ་བ་སྐོང་། །པདྨ་དབྱིངས་ཕྱུག་མ་ནི་ཡེ་ནས་ཆགས་དང་བྲལ། །ལས་ཀྱི་དབྱིངས་ཕྱུག་མ་ནི་མངོན་སྤྱོད་ཕྲིན་ལས་མཛད། །དབྱིངས་ཕྱུག་ཆེན་མོ་ཁྱེད་རྣམས་ཀྱིས། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །ༀ་པུཎྱེ་པུཎྱེ་མ་ཧཱ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏཱ་སོགས་བཟླའོ། །ཧཱུཾ། ཤར་གྱི་ཕྱོགས་ནས་ཚེ་འགུགས་མ། །གསང་བའི་ལྷ་མོ་རྒྱས་འདེབས་མ། །རིགས་ཀྱི་ལྷ་མོ་སངས་རྒྱས་སྤྱན། །ཕྱག་རྒྱའི་ལྷ་མོ་ལཱ་སྱེ་མ། །མཆོད་པའི་ལྷ་མོ་དྷཱུ་པེ་མ། །འགུགས་པའི་ལྷ་མོ་ལྕགས་ཀྱུ་མ། །ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ལ། །ཤར་ལྷོ་མེ་ལྷའི་ལག་ནས་དཔལ་སྐྱོབས་ཤིག །རྡོ་རྗེ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ། །ཧཱུཾ། ལྷོ་ཡི་ཕྱོགས་ནས༴ གསང་བའི་ལྷ་མོ་ཚེ་འཕེལ་མ། །རིགས་ཀྱི་ལྷ་མོ་མཱ་མ་ཀཱི། ཕྱག་རྒྱའི་ལྷ་མོ་མཱ་ལྱེ་མ། །མཆོད་པའི་ལྷ་མོ་པུཥྤེ་མ། །འཆིང་པའི་ལྷ་མོ་ཞགས་པ་མ། །ཚེ་བདག་ཆེན་མོ༴ ལྷོ་ཕྱོགས་གཤིན་རྗེའི༴ ལྷོ་ནུབ་སྲིན་པོའི༴ རྡོ་རྗེ་མི་འགྱུར༴ ཧཱུཾ། ནུབ་ཀྱི་ཕྱོགས་ན༴ གསང་བའི་ལྷ་མོ་རྨོངས་བྱེད་མ། །རིགས་ཀྱི་ལྷ་མོ་གོས་དཀར་མོ། །ཕྱག་རྒྱའི་ལྷ་མོ་གིརྟི་མ། །མཆོད་པའི་ལྷ་མོ་ཨཱ་ལོ་ཀེ། སྡོམ་པའི་ལྷ་མོ་ལྕགས་སྒྲོག་མ། །ཚེ་བདག༴ ནུབ་ཕྱོགས་ཀླུ་དབང་༴ ནུབ་བྱང་རླུང་ལྷའི༴ རྡོ་རྗེ་མི་འགྱུར༴ ཧཱུྃ། བྱང་གི་ཕྱོགས་ནས༴ གསང་བའི་ལྷ་མོ་ཟ་བྱེད་མ། །རིགས་ཀྱི་ལྷ་མོ་དམ་ཚིག་སྒྲོལ། །ཕྱག་རྒྱའི་ལྷ་མོ་ནཱིརྟི་མ། །མཆོད་པའི་ལྷ་མོ་གནྡྷེ་མ། །འབེབས་པའི་ལྷ་མོ་དྲིལ་བུ་མ། །ཚེ་བདག༴ བྱང་ཕྱོགས་གནོད༴ བྱང་ཤར་དབང་ལྡན༴ རྡོ་རྗེ་མི་འགྱུར༴ ཞེས་ཕྲིན་ལས་བསྐུལ་ལོ། །གསུམ་པ་ཚེ་འཆིང་བ་ནི། བཛྲ་སྥོ་ཊ་བཾ་ཞེས་བརྗོད་པས། ཉི་ཟླའི་གའུའི་སྟེང་འོག་གི་རྒྱ་གྲམ་གཉིས་ཀྱི་རྩེ་མོ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྲེང་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར། དེ་ཉིད་རང་གི་སྙིང་གར་དྲངས་ཏེ་གནས་པ་བརྟན་ཞིང་མི་གཡོ་བར་བསམ་མོ། །བཞི་པ་བཟླས་པ་བྱ་ཞིང་ཚེ་བླན་པ་ནི། རང་ཉིད་གཙོ་བོ་ལས་ལོགས་སུ་ཕྱེ་བའི་ཐུགས་ཀ་ནས་ཧཱུཾ་ལེ་བརྒན་གཉིས་ཆད་ཁོང་བརྒྱུད། སྣ་བུག་གཉིས་ནས་ཐོན་པའི་འོད་ཟེར་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཁོང་སེང་བརྒྱུད་ནས་མཆོད་པའི་ཚུལ་དུ་སྤྲོས་པས་དཀྱིལ་འཁོར་གྱི་ལྷ་རྣམས་དགྱེས་པ་བསྐྱེད། ཐུགས་དམ་གྱི་བརྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་འདས་སྣོད་བཅུད་ཀྱི་ཚེ་དང་བསོད་ནམས་དཔལ་དང་གཟི་མདངས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་དྭངས་མར་བསྡུས་ནས་བུམ་ནང་དུ་བསྐྱིལ་བར་བསམ་ཞིང་། གཟུངས་ཐག་ལ་འཇུས་ནས་བཟླས་པ་ཅི་ནུས་སུ་བྱའོ། །ལྔ་པ་ཚེ་བསྡུ་བ་ནི། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བུམ་ནང་གི་ཚེ་རྟེན་ལ་ཐིམ་པར་བསམ། དེ་ནས་ཧཱུཾ་ཞེས་བརྗོད་པས་ཚེ་རྟེན་ཀྱང་སྙིང་པོ་ལྔ་ལ་ཐིམ། སྙིང་པོ་ལྔ་ཡང་འོད་ཀྱི་གོང་བུར་ཞུ་བ་ལས་ༀ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ། སྭཱ་སེར་པོ། ཧཱ་ལྗང་གུ་རྣམས་སུ་གྱུར་པར་བསམ་ཞིང་། ཨ་ཡུརྫྙཱ་ན་ཚེ་ཡི་མཆོག །ཚེ་ས་ལ་ཉམས་པ་གསེར་ལ་བསྡུ། །ཆུ་ལ་ཉམས་པ་ཚྭ་ལ་བསྡུ། །ཤིང་ལ་ཉམས་པ་མངར་ལ་བསྡུ། །འབྲུ་ལ་ཉམས་པ་ཆང་ལ་བསྡུ། །རྩི་ལ་ཉམས་པ་མར་ལ་བསྡུ། །མི་ལ་ཉམས་པ་ནྲྀ་ལ་བསྡུ། །འབྲུ་ལྔ་དང་ནི་སྙིང་པོ་ལྔ། །གནས་ལྔ་དག་ཏུ་བྱིན་བརླབས་ནས། །རྣལ་འབྱོར་ཚེ་ལ་བར་ཆད་མེད། །ཅེས་པའི་དོན་བསྒོམ་པར་བྱའོ། །དྲུག་པ་དབང་ནོད་པ་ནི། བུམ་ནང་གི་ས་བོན་ལྔ་པོ་འོད་ཟེར་དང་བཅས་པ་རང་གི་གནས་ལྔར་ཞུགས་ཏེ་ཚེ་རྟེན་ལ་ཐིམ་པར་བསམ་ཞིང་། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །ནམ་མཁའ་གསང་བ་གསུམ་ལས་བྱུང་། །ནམ་མཁའི་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་ཆེན་པོ་དམ་པ་སྦྱིན། །ༀ་བུདྡྷ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ༀ། ཇི་སྙེད་སངས་རྒྱས༴ རྡོ་རྗེ་གསང་༴ རྡོ་རྗེ་རིགས་ཀྱི༴ དབང་བསྐུར༴ ༀ་བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཇི་སྙེད༴ རིན་ཆེན་གསང་༴ རིན་ཆེན་རིགས༴ དབང་བསྐུར༴ ༀ་རཏྣ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་སྭཱ། ཇི་སྙེད༴ པདྨ་གསང་༴ པདྨ་རིགས་ཀྱི༴ དབང་བསྐུར༴ ༀ་པདྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཇི་སྙེད༴ ལས་ཀྱི་གསང་༴ ལས་ཀྱི་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་ཆེན་པོ་དམ་པ་སྦྱིན། །ༀ་ཀརྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧ། དེ་ལྟར་དབང་ནོད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ནས་འཆི་མེད་ཚོའི་དངོས་གྲུབ་ཐོབ་པར་བསམ་ཞིང་། སླར་ཡང་རང་ཉིད་དཀྱིལ་འཁོར་པ་དང་གཉིས་མེད་དུ་གྱུར་པར་བསམ་མོ། །བདུན་པ་ཚེ་སྦ་བ་ནི། ཚེའི་རང་བཞིན་ནྲྀ་དང་བཅས་པ་འོད་དུ་ཞུ་ནས་ཨ་ཡིག་འབར་བར་གྱུར། ཨ་ཞེས་བརྗོད་པས་སྐྱེ་མེད་སྤྲོས་བྲལ་ཟུང་འཇུག་བདེ་བ་ཆེན་པོའི་དབྱིངས་རྩོལ་བྲལ་བློ་ལས་འདས་པའི་ངོ་བོ་ཉིད་འཆི་མེད་གཉུག་མའི་རང་བབ་ལ་གནས་པར་བསམ་ཞིང་། མི་འགྱུར་ཅིས་ཀྱང་མི་ཤིགས་པ། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་སྤྱོད་ཡུལ་ཀུན་བཅོམ་ནས། །ཐམས་ཅད་ཀུན་ལས་རྒྱལ་བར་གནས། །མ་བྱུང་མི་གནས་འདུས་མ་བྱས། །ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས། །སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར། །བཛྲ་ཀཱ་ཝཱ་ཙི་རཀྵ་ཧཱུཾ། ཞེས་པའི་དོན་རྐྱེན་སྣང་གི་རྟོག་པས་མ་བསླད་པའི་རང་ངོ་བསྐྱང་བ་ལ་བསླབ་བོ། །སྐབས་འདིར་སློབ་མ་རྗེས་འཛིན་གྱི་ཆོ་ག་ནི། གཞན་དུ་འབྱུང་བ་བཞིན་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ནི། ཇི་སྐད་དུ། དེ་ནས་གཏོར་མ་གཏང་བར་བྱ། །ཆོ་གའི་ལྷག་ཆད་ཁ་བསྐང་ནས། །སྤྱོད་ལམ་ལེགས་པར་གནས་པར་བྱའོ། །ཞེས་པས་དང་པོ་གཏོར་མ་གཏོང་བ་ནི། ཚོགས་མཆོད་བྱ་བར་སྤྲོ་ན་རིགས་མཐུན་གྱི་ཆོ་ག་གཞན་ནས་བླང་ཞིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་རྣམས་ཀྱང་སོ་སོའི་ཆོ་ག་བཞིན་དུ་བསྔོའོ། །གཉིས་པ་ཆད་ལྷག་ཁ་བསྐང་བ་ནི། གཏང་རག་གི་མཆོད་པ་རྣམས་བཤམས་ཤིང་བྱིན་གྱིས་བརླབ། རྒྱས་བསྡུས་ཅི་རིགས་པས་སྔར་བཞིན་མཆོད་ཅིང་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། ཞེས་སོགས་དང་། ཡི་གེ་བརྒྱ་པས་ནོངས་པ་བཟོད་པར་གསོལ་ཞིང་ལྷག་ཆད་ཁ་བསྐང་ངོ་། །སྐབས་འདིར་ནུབ་ཐ་མ་དངོས་གྲུབ་བླང་བའི་ཆོ་ག་ཉི་ཚེ་བ་ནི། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་ཚེའི་རྫས་རྣམས་ལ་ཐིམ་པར་བསམ་ནས། སྔགས་ཀྱི་བཟླས་པ་དང་། ཚེ་འགུགས་ཀྱིས་གཟི་བྱིན་བསྐྱེད་དེ། ལས་ཀྱི་རྡོ་རྗེས་ཚེ་ཆང་གི་བུམ་པ་ལག་གཡས། ཚེ་འབྲང་གཡོན་དུ་བཟུང་བ་ཐབས་ཤེས་ཀྱི་ཚུལ་དུ་བྱས་ནས། ཚེ་འདི་རིན་ཆེན་གཞལ་ཡས་ཁང་། །རྡོ་རྗེ་རྒྱ་གྲམ་ཉི་ཟླའི་ཏོག །ལྷ་དང་རྫས་དང་སྔགས་ཀྱི་གཏམས། །འཆི་མེད་ཚེ་ཡི་དངོས་གྲུབ་འདི། །རྡོ་རྗེ་སློབ་དཔོན་ཁྱེད་ལ་འབུལ། །ཚེ་བདག་ཆེན་པོ་ཚེ་བཞེས་ཤིག །རྡོ་རྗེ་སློབ་དཔོན་ཚེ་བཞེས་ཤིག །ཚེ་ཡི་དངོས་གྲུབ་ཁྱེད་ལ་འབུལ། །ཞེས་ཚེ་འབྲང་གཏད་པ་སློབ་དཔོན་གྱི་ལག་གཡས་པས་བླང་། དེ་བཞིན་དུ་ཚེ་ཆང་གི་བུམ་པ་གཏད་ལ། ཧཱུཾ། ང་ནི་ལྷ་མོ་གོས་དཀར་མོ། །བུམ་པ་རིན་ཆེན་གཞལ་ཡས་ཁང་། །བུམ་པ་མི་འགྱུར་ཚེ་ཡིས་བཀང་། །ཡི་དམ་ལྷ་ལ་ཚེ་ཡང་ཞུས། །ཕྱོགས་སྐྱོང་ལག་ནས་ཚེ་ཡང་ཕྲོག །མི་ཡི་སྙིང་པོ་ཚེ་ཡང་བསྡུས། །རྩི་བཅུད་དང་ནི་སྨན་གྱི་བཅུད། །ཕྱོགས་བཞི་དག་ནས་བཀུག་བཀུག་ནས། །མཚམས་བཞི་དག་ནས་རབ་བསྡུས་ཏེ། །འཆི་མེད་ཚེ་ཡི་དངོས་གྲུབ་འདི། །རྡོ་རྗེ་སློབ་དཔོན་ཁྱེད་ལ་འབུལ། །ཚེ་བདག་ཆེན་པོ་ཚེ༴ རྡོ་རྗེ་སློབ་དཔོན་ཚེ༴ ཚེ་ཡི་དངོས་གྲུབ་ཁྱེད་ལ་འབུལ། །ཞེས་ཚེ་ཆང་གཏད་པ་ལ་གཡོན་པས་བླངས་ཏེ་རོལ་ལ། འདུས་པ་གཞན་རྣམས་ལ་ཡང་ཚེ་འཛབ་བཟླ་བཞིན་པར་ཚེ་ཆང་གཡས་དང་། ཚེ་འབྲང་གཡོན་དུ་བསྐོར་ནས་དྲངས་པ་རོལ་ཞིང་། གང་དུ་མདུད་པ་དེར་ཚེ་མདུད་ཐེབས་པ་ཞེས་བྱ་སྟེ་དགེ་བའི་མཚན་མའོ། །གསུམ་པ་སྤྱོད་ལམ་བསྐྱང་བ་ནི། རྡུལ་ཚོན་གྱི་ཉིན་དང་པོ་རྣམས་དང་རས་བྲིས་ལ་བརྟན་བཞུགས་དང་། རྡུལ་ཚོན་གྱི་ཉིན་ཐ་མ་ལ། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་མཐར་བཛྲ་མུཿ ཞེས་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་སུ་གཤེགས། ཏིང་འཛིན་དམ་ཚིག་གི་དཀྱིལ་འཁོར་གསལ་བ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་སྦྱངས་ནས་གཞལ་ཡས་ཁང་ལ་ཐིམ། དེ་འཁོར་རྣམས་ལ་ཐིམ། འཁོར་རྣམས་གཙོ་ཡབ་ཡུམ་ལ། ཡུམ་ཡབ་ལ། དེ་ཐུགས་ཀའི་ས་བོན་ལ། དེ་གྱེན་རྫོགས་ནཱ་དའི་དབྱིངས་སུ་ཐིམ་པར་བསམ་ལ་མཉམ་པར་བཞག །ཨཱཾ་ཨཱ་རོ་ལིཀ྄་ཅེས་པས་སླར་ཡང་ཐུན་མཚམས་ཀྱི་ལྷར་ལངས་ཏེ། སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་ཤེས་པས་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན། རྡུལ་ཚོན་ཡིན་ན་ཨ་ཀཱ་རོས་བསྡུ་བ་སོགས་ལས་ཀྱི་མཐའ་རྒྱས་རྣམས་སྤྱི་ལྟར་ཤེས་པར་བྱའོ། །མཆོག་ཏུ་ངོ་མཚར་རྨད་བྱུང་བའི། །ཚེ་དང་ཡེ་ཤེས་སྒྲུབ་པའི་ཐབས། །རྒྱལ་བའི་བདག་པོས་གང་གསུངས་རྒྱུད། །གྲུབ་མཆོག་རྣམས་ཀྱིས་གསལ་བ་བཞིན། །ལམ་འདིར་འཇུག་འདོད་སྐལ་བཟང་ལ། །ཕན་ཕྱིར་ཉུང་གསལ་གོ་བདེའི་ཁྲིགས། །བརྗོད་པ་འདིས་ཐོབ་བསོད་ནམས་ཀྱིས། །འགྲོ་ཀུན་འཆི་མེད་གནས་ཐོབ་ཤོག །ཅེས་བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལས་བྱུང་བ་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་འཆི་མེད་མཆོག་སྟེར་ཞེས་བྱ་བ་འདི་ཡང་སྙོམས་ལས་པ་འགྱུར་མེད་རྡོ་རྗེས་ཉི་མའི་ལོ་དབོས་ཉ་བའི་ཚེས་དགེ་བར་ཨོ་རྒྱན་སྨིན་གྲོལ་གླིང་དུ་སྦྱར་བའི་ཡི་གེ་པ་ནི་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མཐོ་བ་མཁན་ཆེན་ལོ་ཙཱ་བ་དྷརྨ་ཤྲཱིའོ།། །།


previousབཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་འཆི་མེད་མཆོག་སྟེར། འགྱུར་མེད་རྡོ་རྗེ།next