Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅོ་ལྔ་པ།


   
   
   
   
   
   
ཚེ་དཔག་མེད་ལུང་ལུགས་ཀྱི་སྒྲུབ་ཐབས་མདོར་བསྡུས་དབང་ཆོག་དང་བཅས་པ། འགྱུར་མེད་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་དཔག་མེད་ལུང་ལུགས་ཀྱི་སྒྲུབ་ཐབས་མདོར་བསྡུས་དབང་ཆོག་དང་བཅས་པ། འགྱུར་མེད་རྡོ་རྗེ།next

ཚེ་དཔག་མེད་ལུང་ལུགས་ཀྱི་སྒྲུབ་ཐབས་མདོར་བསྡུས་དབང་ཆོག་དང་བཅས་པ། འགྱུར་མེད་རྡོ་རྗེ།

ཚེ་དཔག་མེད་ལུང་ལུགས་ཀྱི་སྒྲུབ་ཐབས་མདོར་བསྡུས་དབང་ཆོག་དང་བཅས་པ་བཞུགས་སོ། །ༀ་སྭ་སྟི། རྒྱལ་བ་ཀུན་གྱི་གསུང་རྡོ་རྗེ། །འཆི་མེད་མཆོག་སྩོལ་ལྷག་པའི་ལྷར། །ཡོངས་བཞེངས་མགོན་དེར་གུས་བཏུད་ནས། །སྒྲུབ་ཐབས་སྙིང་པོ་དྲིལ་བ་བཤད། །འདིར་སངས་རྒྱས་གསང་བའི་ལུགས་ཀྱི་ཚེ་དཔག་མེད་ལུང་ལུགས་ཀྱི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་ཤོམས། དངོས་གཞི་སྒྲུབ་པའི་ཐབས། བྱིན་རླབས་དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམས་པ་ནི། སྟེགས་བུའི་ཁར་མཎྜལ་ཁྱམས་སྤངས་པའི་སྒོ་བཞི་རྟ་བབས་བརྒྱད་མ་སྤྱི་མཐུན་གྱི་ལྟེ་བར་ལིང་ཚེ་དགུ་པད་འདབ་བརྒྱད་ཀྱིས་བསྐོར་བ་རིགས་དང་མཐུན་པའི་ཚོན་གྱིས་བྲིས་པའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་ཆས་ལྡན་སྙིང་པོ་ལྔའི་བཅུད་ཀྱིས་གང་བའི་ཁར་ཚེའི་འབྲང་རྒྱས་རྡོ་རྗེ་རྒྱ་གྲམ་དང་ཉི་ཟླས་མཚན་པ་བཞག །དེའི་རྒྱབ་ཏུ་ཚེ་མདའ་རྒོད་སྒྲོ་མ་དར་ལེ་བརྒན་དང་མེ་ལོང་བཏགས་པ་བཀོད། ཚེ་རིལ་དང་ཚེ་ཆང་ནི་གོང་གི་ཚེ་འབྲང་གི་རིལ་བུ་དང་། བུམ་བཅུད་ཀྱིས་ཀྱང་འཐུས་མོད་སྤྲོ་ན་དེའི་གཡས་གཡོན་དུ་ལོགས་སུ་བཤམས་ཀྱང་ལེགས། གང་ལྟར་ཡང་ཞབས་བསིལ་བཞི་བསྣོལ་སྨན་གཏོར་དང་བཅས་པས་མཐའ་བསྐོར་ལས་བུམ་རྡོར་དྲིལ་སོགས་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་སྒྲུབ་ཐབས་ལ། སྒྱུ་འཕྲུལ་ཞི་བའི་སྦྱོར་བའི་ཆོས་རྣམས་སྔོན་དུ་འགྲོ་བའམ། བསྡུ་ན་བགེགས་གཏོར་བཏང་། མཚམས་བཅད། མཆོད་རྫས་རྣམས་རཾ་ཡཾ་ཁཾ་གིས་སྦྱང་། ཨ་དྷཱུ་པུ་ཨ་གན་རྣམས་ཞུ་བ་ལས། ཞབས་བསིལ་བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་ཐོགས་པའི་ལྷ་མོ་ནམ་མཁའ་གང་བར་གྱུར། ཨཱ་ཧ་ར་སོགས་བརྗོད། སྨན་གཏོར་རྣམས་ཨ་ལས་བྱུང་བའི་ཀ་པཱ་ལ་བཅུད་དང་བཅས་པ་མེ་རླུང་གིས་སྦྱངས་ཡེ་ཤེས་ཀྱི་བདུད་རྩི་བསྟིམ་ནས་འབྲུ་གསུམ་གྱི་བྱིན་གྱིས་བརླབས། ཡན་ལག་བརྒྱད་པའི་རྒྱུན་བཤགས་ཙམ་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་བའི་ངང་ལས་ཨེ་ཡཾ་བཾ་ལཾ་སུཾ་རཾ་བྷྲཱུཾ་ཞེས་བརྗོད་པའི་ནམ་མཁའ་རླུང་ཆུ་ས་གཞི་རི་རབ་མེ་དཀྱིལ་དང་བཅས་པའི་དབུས་སུ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུཾ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྟ་བབ་བརྒྱད་དང་ལྡན་པའི་དབུས་ཕོ་བྲང་ལིང་ཚེ་དགུ་པ་པདྨ་འདབ་མ་བརྒྱད་ཀྱིས་བསྐོར་བ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འབར་བ་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུ་གྱུར། དེའི་དབུས་སུ་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་ལ་པདྨ་དང་ཉི་ཟླ་བརྩེགས་པ། ཕྱོགས་མཚམས་ཀྱི་ལིང་ཚེ་དང་པད་འདབ་བརྒྱད་སྒོ་བཞི་རྣམས་སུ་པདྨ་དང་ཉི་གདན་རེ་རེ། གདན་དབུས་མའི་སྟེང་དུ་རང་རིག་ཨཱཿདམར་པོ་འབར་བ། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་འཆི་བའི་འཇིགས་པ་བསལ། སཾ་ཧ་ར་ཎ་ཧཱུཾ། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཨཾ་ཨ་རོ་ལྀཀ྄ །རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་འཛུམ་པའི་ངང་ཚུལ་ཅན། ཕྱག་གཡོན་མཉམ་གཞག་གིས་འཆི་མེད་བདུད་རྩིས་གང་བའི་བུམ་པ་དང་། གཡས་རྡོ་རྗེ་རྒྱ་གྲམ་བུམ་པའི་ཁ་བཀབ་པའི་ཚུལ་དུ་འཛིན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀ་ནས་གཡོན་གྱི་བརླའི་སྟེང་དུ་པཱཾ་དམར་པོ་ཆད། པཱཾ་རཱ་ག་ར་ཏི། ཡུམ་གོས་དཀར་མོ་གཡས་མདའ་དར་ལེ་བརྒན་གཡབ་ཅིང་། གཡོན་བདུད་རྩིའི་བུམ་པ་བསྣམས་པ། གཉིས་ཀའང་མཚན་དཔེའི་ལང་ཚོ་འབར་ཞིང་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་རྒྱན་བརྒྱད་དེ་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པའོ། །ལིང་ཚེ་བརྒྱད་ཀྱི་ཕྱོགས་བཞིར་ལཱཾ་མཱཾ་མཱུཾ་ཏཱཾ་དང་མཚམས་བཞིར་ལཱཾ་མཱཾ་མཱུཾ་ཏཱཾ་རྣམས་ལས། ཤར་དུ་སྤྱན་མ་དཀར་མོ། ལྷོར་མཱ་མ་ཀཱི་སེར་མོ། ནུབ་ཏུ་དབྱིངས་ཕྱུག་མ་སྔོན་མོ། བྱང་དུ་སྒྲོལ་མ་ལྗང་གུ། བཞི་ཀའང་གཡས་ཚེའི་བུམ་པ་དང་གཡོན་དྲིལ་བུ་འཛིན་པ། མེར་རྒྱས་འདེབས་མ་དཀར་མོ་མདའ་གཞུ་འགེངས་པ། བདེན་བྲལ་དུ་ཚེ་འཕེལ་མ་སེར་མོ་ཁ་ཊྭཱཾ། རླུང་དུ་རྨོངས་བྱེད་མ་དམར་མོ་རྒྱལ་མཚན། དབང་ལྡན་དུ་ཟ་བྱེད་མ་ལྗང་གུ་རྡོར་དྲིལ་འཛིན་པའོ། །དེའི་ཕྱི་རོལ་གྱི་པད་འདབ་བརྒྱད་ཀྱི་ཕྱོགས་བཞིར་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ མཚམས་བཞིར་དྷཱུ་པུ་ཨ་གན་རྣམས་ལས། ཤར་དུ་ལཱ་སྱེ་མ་དཀར་མོ་མེ་ལོང་། ལྷོར་མཱ་ལྱེ་མ་སེར་མོ་ཕྲེང་བ། ནུབ་ཏུ་གཱིརྟི་མ་དམར་མོ་པི་ཝཾ། བྱང་དུ་ནཱིརྟི་མ་ལྗང་གུ་རྔ་ཡབ་འཛིན་པའོ། །ཤར་ལྷོར་བདུག་སྤོས་མ་དཀར་སེར་སྤོས་ཁང་། ལྷོ་ནུབ་ཏུ་མེ་ཏོག་མ་དམར་སེར་མེ་ཏོག་གི་ཕྲེང་བ། ནུབ་བྱང་དུ་མར་མེ་མ་དམར་ལྗང་མར་མེ། བྱང་ཤར་དུ་དྲི་ཆབ་མ་དཀར་ལྗང་དྲིའི་དུང་ཕོར་འཛིན་པའོ། །སྒོ་བཞིར་ཛཿཧཱུཾ་བཾ་ཧོཿལས། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ། ལྷོ་སྒོར་ཞགས་པ་མ་སེར་མོ་ཞགས་པ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག །བྱང་སྒོར་དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་ལྷའི་ན་ཆུང་ལང་ཚོ་གསར་པའི་ཉམས་ཅན་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་རོལ་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་བཅིངས་ཏེ་མཉེས་པར་བྱས། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭ་ཧཱ། ཨཱོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པཻ་དྷཱུ། ཨཱོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། ཨཱོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ཨཱོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ཞེས་ཀུན་བཟང་ཞབས་བསིལ་བཞི་བསྣོལ་དང་བདུད་རྩིས་ཀྱང་མཆོད་དོ། །བསྟོད་པ་ནི། ཧཱུཾ། བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད། །སྒྲིབ་པའི་དྲྭ་བ་མ་ལུས་སེལ་བའི་སྐུ། །མཁའ་དང་མཉམ་པའི་ཡེ་ཤེས་སྐུ་མངའ་བ། །མཉམ་ཉིད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །བཅོམ་ལྡན༴ གསུང་མཆོག་རྣམ་པར་དག་པའི་གསུང་། །མཁའ་དང་མཉམ་པའི་གསུང་༴ མཉམ་ཉིད་གསུང་ལ་ཕྱག༴ བཅོམ་ལྡན༴ ཐུགས་མཆོག་རྣམ་པར་དག་པའི་ཐུག། །མཁའ་དང་མཉམ་པའི་ཐུགས༴ མཉམ་ཉིད་ཐུགས་ལ༴ ཞེས་པས་བསྟོད། བཟླས་པ་ནི། སྙིང་གའི་ས་བོན་བཟླ་བྱའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད། ཐུགས་རྗེའི་ནུས་མཐུ་དང་། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་འབྱུང་བཞིའི་མདངས་བཅུད་ཐམས་ཅད་བསྡུས་ཏེ་སྙིང་གའི་སྔགས་ཕྲེང་ལ་ཐིམ་པར་བསམ་ནས། ༀ་པུཎྱེ་པུཎྱེ་མ་ཧ་པུཎྱེ་ཨ་པ་ར་མི་ཏ་ཨཱ་ཡུརྫྙཱ་ན་སརྦ་རོ་པ་ཙིཏྟེ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་ལ། བདག་གི་ཐུགས་ཀ་ནས་ཧཱུཾ་སྤྲོས་པ་ཡུམ་གྱི་མཁའ་ནང་དུ་རྡོརྗེ་རྒྱ་གྲམ་སྟེང་འོག་གཉིས་སུ་གྱུར་པའི་བར་དུ་ཉི་ཟླ་ཁ་སྦྱོར་གྱི་ལྟེ་བར་ཚེའི་རང་བཞིན་ཐིག་ལེ་དཀར་པོ་ནྲྀས་མཚན་པར་བསམ་ནས། བཛྲ་མུག་ཏི་ཧཿ རང་གི་ཐུགས་ཀ་ནས་ཕོ་ཉ་ནམ་མཁའ་གང་བར་འཕྲོས། འཁོར་འདས་སྣོད་བཅུད་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་མཁའ་ནང་གི་ཚེ་རྟེན་ལ་ཐིམ་པར་བསམ་ནས་སྔགས་ཀྱི་མགོ་དྲངས་ཏེ། ཧཱུཾ། ནམ་མཁའི་དབྱིངས་ཕྱུག་མ་ནི་ཡེ་ནས་རྣམ་པར་དག །རྡོ་རྗེ་དབྱིངས་ཕྱུག་མ་ནི་ཡེ་ནས་སྐྱེ་ཤི་མེད། །རིན་ཆེན་དབྱིངས་ཕྱུག་མ་ནི་དགོས་འདོད་རེ་བ་སྐོང་། །པདྨ་དབྱིངས་ཕྱུག་མ་ནི་ཡེ་ནས་ཆགས་དང་བྲལ། །ལས་ཀྱི་དབྱིངས་ཕྱུག་མ་ནི་མངོན་སྤྱོད་ཕྲིན་ལས་མཛད། །དབྱིངས་ཕྱུག་ཆེན་མོ་ཁྱེད་རྣམས་ཀྱིས། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །པུཎྱཻ་སོགས་བཟླའོ། །ཧཱུཾ། ཤར་གྱི་ཕྱོགས་ནས་ཚེ་འགུགས་མ། །གསང་བའི་ལྷ་མོ་རྒྱས་འདེབས་མ། །རིགས་ཀྱི་ལྷ་མོ་སངས་རྒྱས་སྤྱན། །ཕྱག་རྒྱའི་ལྷ་མོ་ལཱ་སྱེ་མ། །མཆོད་པའི་ལྷ་མོ་དྷཱུ་པེ་མ། །འགུགས་པའི་ལྷ་མོ་ལྕགས་ཀྱུ་མ། །ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ལ། །ཤར་ལྷོ་མེ་ལྷའི་ལག་ནས་དཔལ་སྐྱོབས་ཤིག །རྡོ་རྗེ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ། །ཧཱུཾ། ལྷོ་ཡི་ཕྱོགས་ནས༴ གསང་བའི་ལྷ་མོ་ཚེ་འཕེལ་མ། །རིགས་ཀྱིི་ལྷ་མོ་མཱ་མ་ཀཱི །ཕྱག་རྒྱའི་ལྷ་མོ་མཱ་ལྱེ་མ། །མཆོད་པའི་ལྷ་མོ་པུཥྤེ་མ། །འཆིང་བའི་ལྷ་མོ་ཞགས་པ་མ། །ཚེ་བདག་ཆེན་མོ༴ ལྷོ་ཕྱོགས་གཤིན་རྗེའི༴ ལྷོ་ནུབ་སྲིན་པོའི༴ རྡོ་རྗེ་མི་འགྱུར༴ ཧཱུཾ། ནུབ་ཀྱི་ཕྱོགས་ནས༴ གསང་བའི་ལྷ་མོ་རྨོངས་བྱེད་མ། །རིགས་ཀྱི་ལྷ་མོ་གོས་དཀར་མོ། །ཕྱག་རྒྱའི་ལྷ་མོ་གཱིརྟི་མ། །མཆོད་པའི་ལྷ་མོ་ཨཱ་ལོ་ཀེ །སྡོམ་པའི་ལྷ་མོ་ལྕགས་སྒྲོག་མ། །ཚེ་བདག༴ ནུབ་ཕྱོགས་ཀླུ་དབང་༴ ནུབ་བྱང་རླུང་ལྷའི༴ རྡོ་རྗེ་མི་འགྱུར ༴ ཧཱུཾ། བྱང་གི་ཕྱོགས་ནས༴ གསང་བའི་ལྷ་མོ་ཟ་བྱེད་མ། །རིགས་ཀྱི་ལྷ་མོ་དམ་ཚིག་སྒྲོལ། །ཕྱག་རྒྱའི་ལྷ་མོ་ནཱིརྟི་མ། །མཆོད་པའི་ལྷ་མོ་གནྡྷེ་མ། །འབེབས་པའི་ལྷ་མོ་དྲིལ་བུ་མ། །ཚེ་བདག༴ བྱང་ཕྱོགས་གནོད་སྦྱིན༴ བྱང་ཤར་དབང་ལྡན༴ རྡོ་རྗེ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ། །ཞེས་དང་། གཟུང་སྔགས་བཟླས་པ་དང་བཅས་པས་མདའ་དར་ལེ་རྒན་གྱིས་གཡབ་ཅིང་ཚེ་འགུག །ཚེ་བསྡུ་བ་ནི། ཨཱ་ཡུརྫྙཱ་ན་ཚེ་ཡི་མཆོག །ཚེ་ས་ལ་ཉམས་པ་གསེར་ལ་བསྡུ། །ཆུ་ལ་ཉམས་པ་ཚྭ་ལ་བསྡུ། །ཤིང་ལ་ཉམས་པ་མངར་ལ་བསྡུ། །འབྲུ་ལ་ཉམས་པ་ཆང་ལ་བསྡུ། །རྩི་ལ་ཉམས་པ་མར་ལ་བསྡུ། །མི་ལ་ཉམས་པ་ནྲྀ་ལ་བསྡུ། །འབྲུ་ལྔ་དང་ནི་སྙིང་པོ་ལྔ། །གནས་ལྔ་དག་ཏུ་བྱིན་བརླབས་ན། །རྣལ་འབྱོར་ཚེ་ལ་བར་ཆད་མེད། །ཅེས་དང་བཟླས་པ་བྱེད། དེ་ནས། ༀ་བཛྲ་སྥོ་ཊ་བཾ། ཞེས་པས་སྟེང་འོག་གི་རྒྱ་གྲམ་གཉིས་ཀྱི་རྩེ་མོ་ཨ་ལི་ཀཱ་ལིའི་སྐུད་པས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར་པ་དེ་ཉིད་རང་གི་སྙིང་ཁར་དྲངས་ཏེ་གནས་པར་བསམ་མོ། །ཚེ་སྦ་བ་ནི། རང་ཉིད་ལྷར་གསལ་བ་སྙིང་ཁའི་ཚེ་རྟེན་ལ་ཐིམ། དེ་ཡང་དམིགས་མེད་སྤྲོས་བྲལ་འཆི་མེད་གཉུག་མའི་རང་བཞིན་ལ་མཉམ་པར་བཞག་ནས། མི་འགྱུར་ཅིས་ཀྱང་མི་རིག་པ། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་སྤྱོད་ཡུལ་ཀུན་བཅོམ་ནས། །ཐམས་ཅད་ཀུན་ལས་རྒྱལ་བར་གནས། །མ་བྱུང་མི་གནས་འདུས་མ་བྱས། །ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས། །སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར། །བཛྲ་ཀཱ་ཝཱ་ཙི་ར་ཀྵ་ཧཱུཾ། ཞེས་བརྗོད་ཅིང་སླར་ཡང་ལྷ་སྐུར་ལངས་ཏེ་སྨོན་ལམ་དང་ཤིས་བརྗོད་ཀྱང་བྱའོ། །གསུམ་པ་དབང་གི་ཆོ་ག་ནི། སྒྲུབ་ཚུལ་བདག་མདུན་དབྱེར་མེད་དུ་བྱེད་པ་སྔར་བཞིན་དང་། ཐ་དད་དུ་བྱེད་ན་བདག་བསྐྱེད་བཟླས་པ་དང་བཅས་པ་སོང་ནས། མདུན་གྱི་སྒྲུབ་རྫས་ལ་དམིགས་ཏེ། རང་གི་ཐུགས་ཀ་ནས་ཨེ་ཡཾ་བཾ་ལཾ་སུཾ་རཾ་བྷྲཱུཾ་རྣམས་སྤྲོས་ནམ་མཁའ་རླུང་ཆུ་ཞེས་སོགས་ཀྱིས་རྟེན་དང་བརྟེན་པ་བསྐྱེད་པ་སྤྱན་འདྲེན་མཆོད་བསྟོད་རྣམས་བདག་བསྐྱེད་ཀྱི་ཚིག་ཟུར་སྐབས་ཐོབ་བསྒྱུར་ནས་བྱ་ཞིང་། བཟླས་པའི་ཚེ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་། དཀྱིལ་འཁོར་གྱི་ལྷ་རྣམས་མཆོད། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་འདས་སྣོད་བཅུད་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ནས་བུམ་པའི་ནང་དུ་ཐིམ་པར་བསམ་ནས་བཟླས་པ་བྱ་ཞིང་། ཚེ་རྟེན་སྒོམ་པ། འགུགས་པ། བསྡུ་བ། བཅིང་བ་རྣམས་བྱས་ནས། ཧཱུཾ་ཞེས་བརྗོད་པས་ལྷ་རྣམས་འོད་དུ་ཞུ་བ་ཚེ་རྟེན་ལ་ཐིམ། དེ་ཡང་རིམ་བཞིན་ཞུ་ནས། ༀ་ཨཱཿཧཱུཾ་སྭཱ་ཧཱ་རྣམས་སུ་གྱུར་པར་བསམ་མོ། །ཡང་བདག་བསྐྱེད་ཡི་དམ་གཞན་ལ་བརྟེན་ནས་མདུན་བསྐྱེད་བཤད་མ་ཐག་པ་བཞིན་བྱེད་པའི་ལག་ལེན་ཡང་སྣང་ངོ་། །གང་ལྟར་ཡང་སློབ་མའི་བྱ་བ་ཁྲུས་བྱས། བགེགས་བསྐྲད། མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་མ་ཐོབ་ཀྱི་བར་དུ་ཡང་ཕྱི་ནང་གི་བར་ཆད་རྣམས་ཞི་ཞིང་བསམ་པའི་དོན་ཐམས་ཅད་གེགས་མེད་དུ་འགྲུབ་པ་དང་། ཁྱད་པར་དུ་ཚེའི་འགལ་རྐྱེན་ཐམས་ཅད་ཞི་བ་དང་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བྱ། དེའི་ཕྱིར་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དབང་བསྐུར་ཟབ་མོ་ཞུ་སྙམ་པའི་མོས་པ་དང་ལྡན་པའི་སྒོ་ནས་གསན་འཚལ། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་ནི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཉིད་ཡིན་ལ། དེ་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་པ་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། སློབ་སྤྲིང་དུ། བདེ་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ནི་བསྟུན་ཏེ་སྒྲུབ། །ཅེས་གསུས་པ་དང་། དེ་ལྟར་ཐོབ་པས་མི་ཆོག །སྤྱིར་འཛམ་བུ་གླིང་པ་རྣམས་ཀྱི་ཚེ་ལ་ངེས་པ་མེད་ཅིང་། ཁྱད་པར་སྙིགས་མ་ལྔ་བདོ་ཚེའི་སྙིགས་མའི་མཐར་ཐུག་པས་དུས་མིན་དུ་འཆི་བའི་རྐྱེན་དང་བར་ཆད་མང་པོ་དང་ལྡན་པ་ཡིན་ཏེ། སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང་། །ཞེས་གསུངས་པ་ལྟར་སྤྱིར་བར་ཆད་ཀྱི་རྐྱེན་མང་ཞིང་ཁྱད་པར་དུས་མ་ཡིན་པར་འཆི་བའི་རྐྱེན་ནི། ཚེ་དང་ལས་དང་བསོད་ནམས་ཟད་པ་སྟེ་རྐྱང་ཟད་གསུམ་དང་། དེ་དག་གཉིས་གཉིས་ཟད་པ་དང་གསུམ་ལས་ཚེ་ཟད་པ་ལ། ཚེ་སྒྲུབ་ཀྱི་ཆོ་ག་དང་། ལས་ཟད་པ་ལ་སྲོག་བསླུ་ཉེའུ་འདོན་པ་སོགས་དང་། བསོད་ནམས་ཟད་པ་ལ་མཆོད་སྦྱིན་ལ་སོགས་པས་གསོ་བ་དང་། དེ་དག་གཉིས་མཉམ་དུ་ཟད་པ་ནི། གཉེན་པོ་དེ་དང་དེས་གསོ་བར་གསུངས་པ་ལས། གསོ་བྱའི་ཚེ་ཉིད་ཉམས་པའི་རྐྱེན། ཉམས་པའི་རྟགས། གསོ་བྱེད་སློབ་དཔོན། གསོ་ཚུལ་དང་བཞིར་རྒྱུད་ལས་གསུངས་པ་སྟེ། དང་པོ་ནི། དམ་ཉམས་སེམས་དཀྲུག་ཡི་ཆད་དངངས་པ་དང་། །ཞེ་སྡང་དྲག་པོས་རྦོད་གཏོང་ཚར་བཅད་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་། །གནས་ངན་དག་ཏུ་གནས་ཕབ་འདི་དག་ནི། །ཚེ་ཉམས་དབུགས་དངངས་བགེགས་ཀྱི་དབང་དུ་འགྱུར། །ཞེས་དང་། གཉིས་པ་ནི། འཁོར་ལ་ཁྲོ་ཞིང་སྡུག་སྐད་འབྱིན་པ་དང་། །བཞིན་འགྱུར་སྤྱོད་ལམ་རྣམས་ནི་འཆལ་བ་དང་། །སློབ་དཔོན་འཚོ་བྱེད་དུས་ལས་ཡོལ་བ་དང་། །ཁ་ཟས་རྣམས་ཀྱང་ཡི་གར་མི་འོང་བ། །འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་དང་། གསུམ་པ་ནི། ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་གསུམ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། །ཞེས་དང་། བཞི་པ་ནི། ཇི་ལྟར་གསོ་བའི་ཐབས་ཀྱི་ཆོ་ག་སྟེ་ཟབ་རྒྱས་གདམས་པའི་རྣམ་གྲངས་ཇི་སྙེད་ཅིག་མཆིས་པ་ལས། འདིར་བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལས་གསུངས་པ་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་ཨ་ནུ་ཡོ་ག་དང་རྗེས་སུ་འབྲེལ་བ་ཤིང་རྟ་ཆེན་པོ་སངས་རྒྱས་གསང་བ་ཞེས་བྱ་བ་མཆོག་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་དེའི་ལུགས་བཞིན་དུ་སྒྲུབ་པ་ནི། ལུང་བདུན་གྱིས་འཆིང་བར་མཛད་པ་སྟེ། དེ་ཡང་བདེ་འདུས་ཚེ་ལུང་བདུན་པ་ལས། ཚེ་བཅའ་ཚེ་ཡི་དཀྱིལ་འཁོར་དང་། །ཚེ་ཡི་རང་བཞིན་འགུག་པ་དང་། །ཚེ་བཅིངས་ཚེ་ཡི་བླན་ཐབས་དང་། །ཚེ་ཡི་དབང་བསྐུར་བསྟིམ་པའོ། །ཞེས་གསུངས་པ་དང་དོན་གྱི་གནད་གཅིག་ཏུ་འདུས་པ་ལས། འདིར་དབང་བསྐུར་བའི་ཆོ་ག་དེ་ཉིད་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། དེས་ཀྱང་མཎྜལ་ཕུལ་ནས། གསོལ་བ་འདེབས་པ་འདིའི་རྗེས་ཟླས་མཛོད། པདྨ་སེམས་གཙོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་ཏེ། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། དེ་ནས་ཡན་ལག་བརྒྱད་དང་ལྡན་པའི་སྒོ་ནས་རྒྱུན་བཤགས་བྱ་བ་ནི། སློབ་དཔོན་ཚེ་དཔག་མེད་དུ་གསལ་བའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་དཔུང་གཏིབས་པ་བཞིན་བཞུགས་པར་བསམ་ལ་ཚིག་ཕྱིར་སེམས་རྩེ་གཅིག་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། ཡེ་ཤེས་དབབ་པ་ནི། སློབ་མ་སྐྱིལ་ཀྲུང་བཅས་ནས་རླུང་འཛིན་དུ་བཅུག་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སློབ་བུའི་རྣམ་སྨིན་གདོས་བཅས་ཀྱི་ཕུང་པོ་མི་དམིགས་པར་སྦྱངས་ཏེ། སྟོང་པའི་ངང་ལས་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཁྱེད་རང་ཨཱཾ་ལས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སོགས་མངོན་རྟོགས་བཞིན་གཙོ་བོ་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། ཧཱུཾ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་ཁྱེད་རང་གི་སྤྱི་བོ་ནས་སིབ་སིབ་ཐིམ་པར་སྒོམས་ཤིག་བྱས་ལ། རྩ་སྔགས་ཀྱི་མཐར། ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླ་ཞིང་སྤོས་དང་རོལ་མོ་བྱ། ཏིཥྛ་བཛྲ་ཞེས་བརྟན་པར་བྱས་ནས། སློབ་མ་ཚེ་ལྷ་ཡབ་ཡུམ་དུ་གསལ་བའི་ཡུམ་གྱི་མཁའ་ནང་དུ་སློབ་དཔོན་གྱི་ཐུགས་ཀ་ནས་ཧཱུཾ་སྤྲོས་པ་རྡོ་རྗེ་རྒྱ་གྲམ་གཉིས་སུ་གྱུར་པའི་སོགས་ནས་ཨཱ་ལི་ཀཱ་ལའི་སྐུད་པས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར་པ་དེ་ཉིད་ཡུམ་གྱི་མཁའ་ནས་སྙིང་གར་དྲངས་ཏེ་གནས་པར་མོས་པ་རྣམས་ཤར་ལྟར་བྱ་ཞིང་། བསྡུ་ན་ཡེ་ཤེས་པ་བརྟན་པར་བྱས་པའི་རྗེས་ཉིད་དུ་གསོལ་འདེབས་ལ་འཇུག་སྟེ་གང་ལྟར་ཡང་། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དབང་བསྐུར་བདུད་རྩི་ཆེན་པོ་ཉིད། །བདག་ལ་རབ་ཏུ་སྩལ་དུ་གསོལ། །ཞེས་ལན་གསུམ། དབང་བསྐུར་བ་ནི། བུམ་པའི་ནང་དུ་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད། ཨཱོཾ་དཀར་པོ་ཨཱཿདམར་པོ་ཧཱུཾ་སྔོན་པོ་སྭཱ་སེར་པོ་ཧཱ་ལྗང་གུ་རྣམས་ཀྱི་རྣམ་པར་གནས་པ་ལས་ཡི་གེ་དེ་དག་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་རིམ་པ་བཞིན་བྱུང་བ་ཁྱེད་རང་གི་གནས་ལྔར་ཐིམ་པ་འོད་དུ་ཞུ་བའི་དྭངས་མ་སྙིང་གའི་ཚེ་རྟེན་གྱི་ནྲྀ་ལ་ཐིམ་པས་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗོད་ཐམས་ཅད་རྒྱས་པར་མོས་སུ་བཅུག་ལ། བུམ་པ་སྤྱི་བོར་བཞག་སྟེ། ཧཱུཾ། ཟླ་གམ་དམར་པོ་རྡོ་རྗེ་ཚེ་ཡི་དབང་། །ཨཱ་ཡུ་དམར་པོ་ཡོངས་སུ་འགྱུར་མེད་དེ། །མི་མཆོག་ངེས་པའི་ཚེ་མཆོག་གང་ཡིན་པ། །རིགས་ཀྱི་བུ་ཁྱོད་དབང་མཆོག་ཐོབ་པར་ཤོག །ༀ་པུཎྱེ་སོགས་བརྗོད་ཅིང་བུམ་ཆུ་བླུད། སླད་ཡང་གནས་ལྔར་རིམ་པར་བཞག་ལ། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །དེ་བཞིན་གསང་བ་གསུམ་ལས་བྱུང་། །དེ་བཞིན་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་སྣང་བ་ཆེན་པོ་སྦྱིན། །ༀ་བུ དྡྷ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ༀ། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །པདྨ་གསང་བ་གསུམ་ལས་བྱུང་། །པདྨ་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་སྣང་བ་ཆེན་པོ་སྦྱིན། །ༀ་པདྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ ཇི་སྙེད་སངས་རྒྱས༴ རྡོ་རྗེ་གསང་༴ རྡོ་རྗེ་རིགས་ཀྱི ༴ དབང་སྐུར་སྣང་བ༴ ༀ་བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཇི་སྙེད་སངས་རྒྱས༴ རིན་ཆེན་གསང་༴ རིན་ཆེན་རིགས་ཀྱི༴ དབང་བསྐུར༴ ཨཱོཾ་རཏྣ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་སྭཱ། ཇི་སྙེད་སངས་རྒྱས་༴ ལས་རབ༴ ལས་ཀྱི་རིགས་ཀྱི༴ དབང་བསྐུར་སྣང་བ༴ ཨཱོཾ་ཀརྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱ། ཞེས་དབང་བསྐུར་ནས་སྔར་བཞིན་ཚེའི་མཐུ་དཔལ་ཐོབ་པའི་ངེས་ཤེས་བསྐྱེད་དུ་བཅུག་ལ། བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད། །སོགས་སྐུའི་བསྟོད་པའི་ཚིག་མཐའ་མ། མཉམ་ཉིད་རྡོ་རྗེའི་སྐུ་ཡི་བཀྲ་ཤིས་ཤོག །ཅེས་བསྒྱུར་བས་ཤིས་བརྗོད་ཀྱི་མེ་ཏོག་འཐོར། ཚེ་འབྲང་ལྷར་གསལ་བ་ཁྱེད་རང་གི་སྤྱི་བོར་བྱོན་དེའི་སྐུ་ལས་བྱང་སེམས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་བབས་པས་ལུས་ཐམས་ཅད་གང་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་མོས་ལ། ཚེ་འབྲང་སྤྱི་བོར་བཞག་ལ། ཧཱུཾ། སྐྱེ་ཤི་མེད་པ་རྡོ་རྗེ་ཚེ་ཡི་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས་གྱུར་ཏེ། །རྟག་ཏུ་སྐྱེ་འཆིའི་སྡུག་བསྔལ་བྲལ་བར་ཤོག །ཨཱོཾ་པུཎྱཻ་སོགས་དང་། ཚེ་ཛ་ཡ་ཛ་ཡ། སིདྡྷི་སིདྡྷི། ཕ་ལ་ཕ་ལ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་བདེན་པ་དང་། དབང་རྫས་ནུས་པའི་མཐུ་བྱིན་དང་། བདག་གི་བསམ་པ་རྣམ་པར་དག་པའི་མཐུས། །རིགས་ཀྱི་བུ་འདི་ལ་དབང་བསྐུར་བས་ཚེ་རིང་བ། སྲ་བ། བརྟན་པ། ལོ་བརྒྱ་ཐུབ་པ། སྟོན་བརྒྱ་མཐོང་བའི་དབང་དང་ལྡན་པར་གྱུར་ཅིག །ཅེས་དང་། བཅོམ་ལྡན་མགོན་པོ་སོགས་ཀྱི་མཐར། མཉམ་ཉིད་རྡོ་རྗེའི་གསུང་གི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། ཚེ་སྦ་བ་ནི། ཁྱོད་རང་གི་སྙིང་གའི་ཚེ་རྟེན་རྣམས་འོད་དུ་ཞུ་བའི་རྐྱེན་གྱིས་རང་ལྷར་གསལ་བ་ཡང་འོད་དུ་ཞུ་ནས་ཡི་གེ་ཨ་དཀར་པོ་གཅིག་ཏུ་གྱུར། ཨ་ཞེས་བརྗོད་པས་དེ་ཡང་དམིགས་མེད་སྤྲོས་བྲལ་འཆི་མེད་གཉུག་མའི་གནས་ལུགས་ལ་མཉམ་པར་ཞོག་མཛོད། མི་འགྱུར་ཅིས་ཀྱང་མི་ཤིགས་པ། །སོགས་བརྗོད་ལ་དོན་བསྒོམ། སླར་ཡང་། བཅོམ་ལྡན་མགོན་པོ་སོགས་ཀྱི་མཐར། མཉམ་ཉིད་རྡོ་རྗེའི་ཐུགས་ཀྱི་བཀྲ་ཤིས་ཤོག །ཅེས་བརྗོད། དེ་ནས་མཐར་བརྟེན་ཚེའི་རྫས་བྱིན་པ་ནི། ཧཱུཾ། ཚེ་ཡི་རང་བཞིན་གཞལ་ཡས་ཁང་། །རྡོ་རྗེ་རྒྱ་གྲམ་ཉི་ཟླའི་ཏོག །ལྷ་དང་རྫས་དང་སྔགས་ཀྱིས་གཏམས། །འཆི་མེད་ཚེ་ཡི་དངོས་གྲུབ་འདི། །རྡོ་རྗེ་སློབ་མ་ཁྱོད་ལ་སྦྱིན། །པུཎྱེ་སོགས་བརྗོད་ཅིང་འབྲང་རྒྱས་ཀྱི་མཐའི་རིལ་བུ་ལག་གཡས་སུ་གཏད་པ་བཟར་བཅུག །ཧཱུཾ། ང་ནི་ལྷ་མོ་གོས་དཀར་མོ། །བུམ་པ་རིན་ཆེན་གཞལ་ཡས་ཁང་། །བུམ་པ་མི་འགྱུར་ཚེ་ཡིས་བཀང་། །ཡི་དམ་ལྷ་ལ་ཚེ་ཡང་ཞུས། །ཕྱོགས་སྐྱོང་ལག་ནས་ཚེ་ཡང་ཕྲོག །མི་ཡི་སྙིང་པོ་ཚེ་ཡང་བསྡུས། །རྩི་བཅུད་དང་ནི་སྨན་གྱི་བཅུད། །ཕྱོགས་བཞི་དག་ནས་བཀུག་བཀུག་ནས། །མཚམས་བཞི་དག་ནས་རབ་བསྡུས་ཏེ། །འཆི་མེད་ཚེ་ཡི་དངོས་གྲུབ་འདི། །རྡོ་རྗེ་སློབ་མ་ཁྱོད་ལ་སྦྱིན། །པུཎྱེ་སོགས་བརྗོད་ཅིང་ཚེ་ཆང་ལག་གཡོན་དུ་སྦྱིན་ལ་འཐུང་དུ་བཅུག །འཇིག་རྟེན་འདྲེན་པའི་སོགས་ཀྱི་ཤིས་པ་བརྗོད། དེ་ལྟར་ཚེ་དབང་བསྐུར་བས་ཚེ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཏེ། འཆི་བ་མེད་པ་ཚེའི་དངོས་གྲུབ་ལ་དབང་འབྱོར་བར་གྱུར་ཅིག །ཅེས་བརྗོད་སློབ་མའི་རྗེས་ཀྱི་བྱ་བ་དང་། དཀྱིལ་འཁོར་གྱི་རྗེས་ཆོག་ནི་གཞན་དང་འདྲའོ། །མི་འགྱུར་འཆི་མེད་རྡོ་རྗེ་ཚེའི། །སྒྲུབ་ཐབས་སངས་རྒྱས་གསང་བའི་ལུགས། །རོག་སྟོན་གོང་མའི་ལེགས་བཤད་ཀྱི། །ངག་འདོན་སྙིང་པོར་དྲིལ་བའོ། །ཚེ་དཔག་མེད་ལུང་ལུགས་ཀྱི་སྒྲུབ་ཐབས་སངས་རྒྱས་གསང་བའི་བཀའ་སྲོལ་བཞིན་བཤད་པའི་ལེ་ཚན་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ལས་ཁོལ་དུ་ཕྱུངས་པའོ།། །།


previousཚེ་དཔག་མེད་ལུང་ལུགས་ཀྱི་སྒྲུབ་ཐབས་མདོར་བསྡུས་དབང་ཆོག་དང་བཅས་པ། འགྱུར་མེད་རྡོ་རྗེ།next