cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་དྲུག་པ།

གླེགས་བམ། མ༽

མཁས་གྲུབ་ཡེ་ཤེས་རྒྱལ་མཚན། ཛྙཱ་ན། དྷརྨ་ཤྲཱི། རྒྱལ་སྲས་གཞན་ཕན་མཐའ་ཡས། པྲ་ཛྙཱ། ཡེ་ཤེས་རྡོ་རྗེ། འགྱུར་མེད་རྡོ་རྗེ། པདྨ་མ་ཎི།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་ལྷ་ནག་གི་དཀྱིལ་འཁོར་མངོན་རྟོགས་འགྲེལ་ཉི་མའི་འོད་ཟེར། མཁས་གྲུབ་ཡེ་ཤེས་རྒྱལ་མཚན།

བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་ལྷ་ནག་གི་དཀྱིལ་འཁོར་མངོན་རྟོགས་འགྲེལ་ཉི་མའི་འོད་ཟེར་ཅེས་པ་བཞུགས། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །མཉམ་ཉིད་ཆོས་སྐུ་གསང་བའི་སྐུ། །ལོངས་སྤྱོད་རྫོགས་སྐུ་སྤྲུལ་པའི་སྐུ། །སྐུ་ལྔའི་བདག་ཉིད་བདེར་གཤེགས་ཉིད། །དཔལ་ཆེན་ཧེ་རུ་ཀ་ལ་འདུད། །ཕྲིན་ལས་ཆོག་བསྒྲིགས་ཕུར་པའི་དོན། །ཁོག་དབུབ་མདོ་ཙམ་བྲི་བར་བྱ། །དེ་ལ་བཀའ་རྒྱུད་ཐམས་ཅད་ལ། །ཕུན་སུམ་ཚོགས་པ་ལྔའི་འཆད། །ལུང་ནི་མདོག་ཅོད་བདུན་གྱི་འཆད། །བསྟན་ཆོས་རྩིས་མགོ་ལྔའི་འཆད། །མན་ངག་དགོས་དོན་ལྔ་ཡི་འཆད། །འདི་ནི་ལུང་ལ་མ་བསྟེན་པའི། །མན་ངག་ཡིན་ཕྱིར་དགོས་དོན་ལྔ། །སློབ་དཔོན་ལོ་རྒྱུས་དོན་དང་ནི། །རྩ་བ་མཚན་དང་ཡོ་ག་ཕྱོགས། །གདམས་ངག་དགོས་ཆེད་ས་གཅོད་ཚིག །དང་པོ་ལོ་རྒྱུས་གླེང་བཞི་ནི། །ལྷ་ལ་གྲགས་དང་མི་ལ་གྲགས། །མི་དང་མི་མིན་ཐུན་མོང་གྲགས། །རྣམ་པ་གསུམ་དུ་བཤད་པ་ལས། །དང་པོ་ལྷ་ལ་གྲགས་པ་ནི། །སྟོན་པ་སྒྲོལ་བྱེད་རྒྱལ་པོ་དེས། །འོག་མིན་བླ་མེད་གནས་མཆོག་ཏུ། །རིན་ཆེན་དུར་ཁྲོད་ཁང་པ་སྤྲུལ། །དབང་ཕྱུག་ཆེན་པོའི་ལོངས་སྤྱོད་དུ། །ཕྱི་དང་ནང་དང་གསང་བ་དང་། །ཀུན་བཟང་རོལ་པ་དཔག་ཏུ་མེད། །བདག་གིས་བཏབ་ལ་མཆོད་པར་བྱས། །རྡོ་རྗེ་ཁྲག་འཐུང་ལ་སོགས་པའི། །ཁྲག་འཐུང་སུམ་བརྒྱ་དྲུག་ཅུ་དང་། །གཙོ་བསྒྱུར་དཀྱིལ་འཁོར་བརྒྱ་རྩ་བརྒྱད། །རྡོ་རྗེ་རལ་གཅིག་ལ་སོགས་པའི། །གསང་བའི་ཁྲོ་མོ་བྱེ་བ་འབུམ། །སྲས་མཆོག་རྡོ་རྗེ་ལ་སོགས་པའི། །སྒྲོལ་བྱེད་སྲས་མཆོག་སྟོང་རྩ་བརྒྱད། །སྟག་གིས་མགོ་ཅན་ལ་སོགས་པའི། །སྤྲུལ་པའི་ཕོ་ཉ་བྱེ་བ་འབུམ། །དབང་ཆེན་རོལ་པའི་དཀྱིལ་འཁོར་ནས། །རང་གི་བརྟུལ་ཞུགས་དྲག་པོ་ཡིས། །ཐུགས་རྗེས་འགྲོ་བ་འདུལ་བའི་ཕྱིར། །མཚམས་རྔམ་བསྐལ་པའི་མེ་ལྟར་འབར། །དེ་ཚེ་གདུག་པ་ཀུན་ཀྱང་བསྒྲལ། །ཀུན་ཀྱང་ཐར་པའི་ས་ལ་བཀོད། །གསང་བ་ཆེན་པོ་མངོན་དུ་ཤར། །ཡ་མཚན་རྨད་དུ་བྱུང་བའི་ཕྱིར། །རྡོ་རྗེ་གཞོན་ནུའི་ཐུགས་ལ་བརྟན། །སྒྲོལ་བྱེད་བདག་པོར་དབང་བསྐུར་ཏེ། །རུ་ཏྲ་ལ་སོགས་གདུག་པ་ཀུན། །སྲས་མཆོག་ཕུར་པའི་རྩེ་ལ་བསྒྲལ། །སོ་སོར་ཁྲག་འཐུང་འཁོར་བཅས་ཀྱིས། །རང་རང་འདུལ་སྐལ་མ་ལུས་པ། །ཀཱི་ལ་ཡའི་རྩེ་ལ་བསྒྲལ། །དེ་ཚེ་རྡོ་རྗེ་གཞོན་ནུ་ཡི། །སྒྲོལ་བྱེད་ཡག་ལ་འདི་སྐད་ཞུས། །ཀྱཻ་སྟོན་པ་ཁྲག་འཐུང་རྒྱལ། །སླད་ནས་མ་འོངས་དུས་ནི་ནི། །ལས་དང་སྐལ་ལྡན་སྐྱེས་བུ་ཡིས། །ལྔ་རྒྱ་དུས་ཀྱི་ཐ་མ་ལ། །གདུལ་དཀའ་སེམས་ཅན་འདུལ་བ་དང་། །བསྒྲལ་བའི་ཞིང་བཅུ་ཚར་བཅད་ཕྱིར། །དྲག་པོ་བསྒྲལ་བའི་ཕྲིན་ལས་ཀྱིས། །དཀྱིལ་འཁོར་ལས་དང་བྱ་བ་རྣམས། །སྟོན་པས་བདག་ལ་གནང་བར་མཛོད། །དེ་སྐད་ཅེས་ནི་ཞུས་པ་དང་། །སྟོན་པ་གསང་མཆོག་བདག་པོ་ཡིས། །དྲག་པོ་བརྟུལ་ཞུགས་ཕྲིན་ལས་ཀྱིས། །བདག་གཞན་བསྒྲུབ་པའི་ཐབས་རྣམས་ནི། །ལྗགས་ཀྱིས་དབང་པོར་བཀྲམ་ནས་བཤད། །རྡོ་རྗེ་གཞོན་ནུ་ཉིད་ཀྱིས་བསྡུས། །རྡོ་རྗེ་གཞོན་ནུ་དེ་ཉིད་ཀྱིས། །ཧཱུྃ་མཛད་ཕྱག་རྡོར་གཉིས་ལ་བཤད། །ཕྱག་རྡོར་གྱིས་བསྡུས་ལྷ་གནས་ནི། །གཞན་འཕྲུལ་དབང་བྱེད་ལྷ་རྣམས་དང་། །རི་རབ་རྩེ་མོའི་ཁང་བཟང་དུ། །བརྒྱ་བྱིན་ལ་སོགས་རྣམས་ལ་བཤད། །མི་དང་མི་མིན་བརྒྱུད་ཚུལ་ནི། །དྲག་ཤུལ་ཡོད་པའི་རྩེ་མོ་རུ། །གསང་བའི་བདག་པོ་དེ་ཉིད་ཀྱིས། །སྲིན་པོ་བློ་གྲོས་ཐབས་ལྡན་དང་། །གནོད་སྦྱིན་རྒྱལ་པོ་སྐར་མདའ་དང་། །ལྷའི་རྒྱལ་པོ་ཚངས་པ་དང་། །ཀླུའི་རྒྱལ་པོ་འཇོག་པོ་དང་། །མིའི་རྒྱལ་པོ་ཉིད་ལ་བཤད། །བློ་གྲོས་ཐབས་ལྡན་ཡི་གེར་བཏབ། །མིའི་ཡུལ་དུ་གྲགས་ཚུལ་ནི། །གསང་བདག་ལེ་རྒྱལ་རྣམ་གཉིས་ཀྱིས། །དུར་ཁྲོད་ཆེན་པོའི་བྲག་ཕུག་ཏུ། །རྒྱལ་པོ་ཡབ་སྲས་གཉིས་ལ་བཤད། །དེ་ལ་རྒྱལ་པོ་ཡབ་སྲས་ཀྱི། །གནོད་སྦྱིན་འདུས་པའི་བྲག་ཕུག་ཏུ། །བསྒྲུབས་པས་རྒྱལ་བ་མངོན་དུ་བྱུང་། །ཁམས་གསུམ་དྲེགས་པའི་ཉིད་དུ་བསྒྲལ། །གནོད་སྦྱིན་བྲག་ཕུག་དེ་ཉིད་དུ། །གནོད་སྦྱིན་རྒྱལ་པོ་ཉིད་ལ་བཤད། །གནོད་སྦྱིན་རྒྱལ་པོ་དེ་ཉིད་ཀྱིས། །གཡའ་རི་གངས་ཀྱི་བྲག་ཕུག་ཏུ། །དྷ་ན་སཾ་ཀྲྀ་ཏ་ལ་བཤད། །སློབ་དཔོན་དྷ་ན་སཾ་ཀྲྀ་ཏས། །བལ་པོ་མིང་སྲིང་ཕོ་ཉར་བཏང་། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །པདྨ་རྒྱལ་པོ་ཉིད་ལ་བཤད། །སློབ་དཔོན་པདྨ་རྒྱལ་པོ་ནི། །ཕ་མེད་མ་མེད་རྒྱ་མཚོར་རྫུས་ཏེ་སྐྱེས། །རྫུ་འཕྲུལ་དབང་གི་པདྨའི་ནང་དུ་འཁྲུངས། །བསོད་ནམས་དབང་གིས་རྒྱལ་པོའི་བུ་སྐལ་བྱས། །ལས་ཀྱི་དབང་གིས་བྲམ་ཟེའི་ཕྲུ་གུ་བསད། །རྒྱལ་པོ་དྲིན་ལན་བསམ་པས་མ་བསད་སྤྱུག །མདའ་ལྔ་གཞུ་ཐོགས་ནགས་ཀྱི་མདངས་སུ་སོང་། །ཕོ་བྱུང་བསད་ཅིང་མོ་བྱུང་ཆུང་མར་བྱས། །ཡུལ་མིས་རི་དྭགས་གཤོར་བ་བཞིན་དུ་བདས། །དཔའ་རྩལ་དབང་གིས་རྒྱལ་བུ་སྟོབས་ལྡན་བསད། །རྒྱལ་ཁྲིམས་གནོང་བས་ཟ་ཧོར་ཡུལ་དུ་ནི། །གྲོགས་གཉིས་མདའ་ཡིས་རྩེ་མོས་དེད་དེ་སོང་། །དེ་ཚེ་ཟ་ཧོར་སློབ་དཔོན་ཆེན་པོ་ནི། །རྒྱལ་པོ་པྲ་བྷ་ཧསྟི་ཞེས་བྱ་ལ། །གསུམ་ཀ་རབ་ཏུ་བྱུང་ནས་མིང་བཏགས་པ། །ཤཱཀྱ་བཤེས་གཉེན་ཤཱཀྱ་འོད་དུ་བཏགས། །སློབ་དཔོན་མཚན་ནི་ཤཱཀྱ་སེང་གེར་བཏགས། །རྒྱུད་ཀྱི་རྒྱལ་པོ་དེ་ཉིད་འདུས་པ་མཉན། །སྲས་མོ་གོ་མ་ཉིད་ལ་དབང་མནོས་ནས། །དཀྱིལ་འཁོར་མཐོང་དང་དབང་རྣམས་རིམ་བཞིན་ཐོག །དེ་ཚེ་ཐོས་བསམ་ཚོལ་བའི་ཆེད་ཕྱིར་རུ། །ཕུར་པ་སྡེ་བདུན་ནེ་རཱ་ཛ་རར་མཉན། །པདྨ་དཔལ་ཆེན་ཟ་ཧོར་ཡུལ་དུ་མཉན། །སྤྱི་རྒྱུད་སྡེ་གསུམ་མཁན་པོ་ཉིད་ལ་མཉན། །འཇམ་དཔལ་གཤིན་རྗེ་བལ་པོའི་ཡུལ་དུ་མཉན། །ལྟ་བ་རྫོགས་ཆེན་རྒྱ་མཚོའི་ཀློང་དུ་མཉན། །ལུང་སྐོར་རྣམ་དྲུག་རྒྱ་མཚོའི་ངོ་ལ་མཉན། །དེ་ཚེ་ཐུན་མོང་མཆོག་གིས་དངོས་གྲུབ་རྣམས། །རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་མངོན་དུ་གྱུར། །ནུས་པ་སྐྱེས་ནས་རང་ཡུལ་རྗེས་སུ་དྲན། །སྔོན་དུ་ཨུ་རྒྱན་ཡུལ་དུ་བྱོན་པ་ན། །སྔོན་གྱི་རྒྱུས་མཁན་དག་གིས་ངོས་བཟུང་ནས། །རྒྱལ་པོའི་ཁྲིམས་ཀྱི་མེ་དཔུང་ནང་དུ་བསྲེག །མ་ཚིག་ས་གཞི་ཐམས་ཅད་མཚོ་རུ་གྱུར། །མཚོ་ལ་པད་འཁྲུང་པདྨའི་རྫིང་བུ་ལ། །རྡོ་རྗེ་སློབ་དཔོན་ཐོད་ཕྲེང་བཞུགས་པ་མཐོང་། །དེ་ལ་རྒྱལ་པོ་ཆེན་པོ་ལ་སོགས་པ། །ཡུལ་མི་མང་པོ་ཀུན་གྱི་ངོ་མཚར་སྐྱེས། །སློབ་དཔོན་མཚན་ནི་པདྨ་རྒྱལ་པོར་བཏགས། །དེ་ནས་ཡང་ལེ་ཤོད་ཀྱིས་བྲག་ཕུག་ཏུ། །རྡོ་རྗེ་ཕུར་པའི་རྒྱུད་རྣམས་དེར་བསྡུས་ནས། །བཀའ་དང་གཏན་ཚིག་ཐུགས་དམ་གཏན་ལ་ཕབ། །འཇིག་རྟེན་དམ་ཅན་བཅུ་གཉིས་དབང་དུ་བསྡུས། །སྲོག་གིས་སྙིང་པོ་གཏན་ཚིག་ཅེས་པ་ནི། །པདྨའི་རྒྱལ་པོ་ཉིད་ཀྱིས་ཕྱག་ཏུ་ཕུལ། །བསྭེ་མོ་བཞིས་ནི་རང་གིས་སྐྱེ་རྒྱུད་བཤད། །ཤྭ་ན་བཞིས་ནི་མངག་པའི་ཕོ་ཉ་བྱས། །རེ་ཏི་བཞིས་ནི་གསང་བའི་མཉེས་པ་ཕུལ། །དེ་ཚེ་གདོང་དམར་སྐུ་རྒྱལ་བོད་ཡུལ་དུ། །མངའ་བདག་ཁྲི་སྲོང་ལྡེའུ་བཙན་བཀའ་བཙན་པས། །གཙུག་ལག་ཁང་བཞེངས་བོད་ཁམས་དྲེགས་པ་ཁྲོས། །ཅི་ལྟར་བགྱིས་ཀྱང་ཐུགས་དམ་མ་ཚར་བས། །ཨུ་རྒྱན་པདྨ་ཡང་ལེ་ཤོད་ནས་དྲང་། །རྫུ་འཕྲུལ་སྟོབས་ཀྱིས་བོད་ཁམས་དྲེགས་པ་རྣམས། །རི་རྡོ་ཤོད་རྡོ་ལྷག་པ་བཞིན་དུ་བསྡུས། །ཀུན་གྱི་སྲོག་གིས་སྙིང་པོ་དྲང་ནས་ནི། །ངན་སྔགས་སྒྲུབ་པ་ཐམས་ཅད་དེ་རུ་མཛད། །དེ་ཚེ་བཙད་པོ་ཆེན་པོའི་ཐུགས་དམ་ཡང་། །ཡིད་ལ་བསམ་པ་བཞིན་དུ་འགྲུབ་པར་གྱུར། །པདྨ་རྒྱལ་པོས་རབ་ཏུ་གནས་པར་བགྱི། །དཀྱིལ་འཁོར་ལྷ་ཚོགས་མང་པོ་མཁའ་ལ་བྱོན། །དཀྱིལ་འཁོར་ལྷ་ཚོགས་པདྨ་ཉིད་ལ་བསྐོར། །པདྨ་ཉིད་ཀྱི་དཀྱིལ་འཁོར་ལྷ་ལ་བསྐོར། །ཞབས་ནས་མེ་བྱུང་ས་གཞི་ཀུན་ཀྱང་ཚིག །རྫུ་འཕྲུལ་སྟོབས་ཀྱིས་ལྷ་འདྲེ་མང་པོ་དང་། །ལྷ་བརྒྱད་ཀླུ་བརྒྱད་གཟའ་དང་རྒྱུ་སྐར་རྣམས། །མངོན་དུ་ཕྱུང་སྟེ་ཀུན་ཀྱང་དམ་ལ་བཏགས། །དེ་ཚེ་རྒྱལ་པོ་ཆེན་པོ་ལ་སོགས་པའི། །རྗེ་འབངས་ཉི་ཤུ་རྩ་ལྔར་དབང་བསྐུར་བགྱིས། །ཀུན་གྱི་རྒྱལ་བའི་དཀྱིལ་འཁོར་མངོན་དུ་མཐོང་། །སྐ་བ་དཔལ་བརྩེགས་སྐད་བཞི་ལོ་ཙཱ་བགྱིས། །རྒྱ་གར་སྐད་བཞི་རངས་པ་བོད་དུ་བསྒྱུར། །དེ་ཚེ་རྡོ་རྗེ་བདུད་འཇོམས་ལ་སོགས་པའི། །སྐལ་བ་ལྡན་པའི་གང་ཟག་བདུན་པོ་ལ། །ཕུར་བུའི་དབང་བསྐུར་བཀའི་བྱིན་རླབས་གནང་། །ཕུར་བུ་རྒྱུད་ལུང་མན་ངག་གསུམ་པོ་ཡང་། །རྒྱུད་དང་མན་ངག་གལ་པོའི་ཕྱུངས་དང་བཅས། །ཐམས་ཅད་ཀུན་གྱི་གཏན་ཚིག་མན་ངག་རྣམས། །རྡོ་རྗེ་བདུད་འཇོམ་དཔལ་གྱི་སེང་གེ་དང་། །ཤཱཀྱ་པྲ་བྷ་མཁོན་ཆེན་དབང་ཕྱུག་དང་། །ཇོ་མོ་ཉིད་དང་ལྔ་ལ་ཁྱད་པར་གནང་། །དེའི་ནང་ནས་ཁྱད་པར་གྱུར་པ་ནི། །བོང་ཆུང་དོན་ཆེ་ཚིགས་ཉུང་དོན་མང་ཞིང་། །བྱ་སླ་ཐབས་མྱུར་ཉམས་ཀྱི་གདམས་ངག་ཡིན། །ཕུར་པ་རྩ་བ་རྒྱུད་ཀྱི་མན་ངག་འདི། །བནྡྷེ་ངའི་མཁར་ཆེན་གཟའ་ལ་བཤད། །དེ་ནས་དཔལ་གྱིས་མཆོད་གནས་སྟག་གི་རྡོ་རྗེ་ནས། །ཀླུའི་རྒྱལ་མཚན་བྱང་ཆུབ་ཤེས་རབ་དང་། །ཡེ་ཤེས་དབང་ཕྱུག་བྱང་ཆུབ་རྡོ་རྗེ་དང་། །བྱང་ཆུབ་ཚུལ་ཁྲིམས་ག་ལྗང་དབང་ཕྱུག་དང་། །ཀྱེ་རེ་གྲགས་པ་ཤོ་མང་ཅན་པའི་ཞབས། །རྡོ་རྗེ་རྒྱལ་མཚན་དམ་པ་བདེ་བར་གཤེགས། །འགྲོ་མགོན་གཙང་པ་བྱམས་ཐོས་རྣམ་གཉིས་དང་། །སྤྱན་སྔ་ཞང་སྟོན་རྣམ་གཉིས་ཡེ་ཤེས་འབུམ། །བྱང་ཆུབ་དབོན་པོ་བྱང་ཆུབ་རྡོ་རྗེ་དང་། །སངྒ་གུ་རུ་བཛྲ་ཤྲཱི་དང་ནི། །བྷུདྡྷ་བྷ་དྲ་བཀྲ་ཤིས་བླ་མ་དང་། །ཛྙཱ་ན་ཀེ་དུ་གྷ་གྷ་བདག་ཡན་ཆད། །བརྒྱུད་ཚུལ་མདོ་ཙམ་བརྗོད་ཀྱིས་རྒྱས་པ་ནི། །ལོ་རྒྱུས་ཆེན་མོ་རྣམས་ལ་གཟིགས་པར་མཛོད། ༈ །རྩ་བ་མཚན་གྱི་དོན་བཤད་ན། །ངོ་བོ་དབྱིངས་དང་ཡེ་ཤེས་ལ། །ངེས་ཚིག་ཀཱི་ལི་ཀཱི་ལ་ཡ། །ཅེས་པའི་སྒྲ་བསྒྱུར་ཕུར་པ་དེ། །ཕུར་ནི་ལྷུན་གྱི་གྲུབ་པའི་དབྱིངས། །པ་ནི་འབྲས་བུ་འགགས་པ་མེད། །ཕུར་ནི་ཆོས་ཉིད་སྐྱེ་བ་མེད། །པ་ནི་རིག་པ་འགགས་པ་མེད། །ཕུར་ནི་ཀུན་གཞི་གདལ་ཁྱབ་ཡིན། །པ་ནི་རང་སྣང་བྱང་ཆུབ་སེམས། །ཕུར་ནི་གདལ་ཁྱབ་ཆོས་ཀྱི་དབྱིངས། །པ་ནི་འགགས་མེད་རོལ་པར་ཤར། །ཕུར་ནི་ཤེས་རབ་ཡུམ་གྱིས་མཁའ། །པ་ནི་ཐབས་མཆོག་ཡབ་ཀྱིས་དང་། །ཕུར་ནི་ཀུན་བཟང་ཡུམ་གྱིས་མཁའ། །པ་ནི་བཟང་པོ་རོལ་པའི་རྒྱན། །ཕུར་ནི་ཆོས་སྐུ་སྤྲོས་དང་བྲལ། །པ་ནི་གཟུགས་སྐུ་ཀུན་ལ་ཁྱབ། །ཕུར་ནི་རང་བཞིན་ལྷུན་གྲུབ་ལ། །པ་ནི་ཕྲིན་ལས་རྣམ་བཞི་ཤར། །དེ་ཕྱིར་ཕུར་པ་ཞེས་བྱའོ། །ཡོ་ག་ཕྱོགས་ཀྱི་དོན་བཤད་ན། །རྣམ་པ་གཉིས་སུ་ཤེས་པར་བྱ། །ཕྱི་དང་དེ་བཞིན་ནང་ཉིད་དོ། །ནང་ཡང་དེ་བཞིན་རྣམ་པ་གསུམ། །རྒྱུད་དང་ལུང་དང་མན་ངག་གོ། །ཕུར་པ་འདི་ནི་ལུང་དུ་གཏོགས། །དེ་ལ་རྣམ་པ་གཉིས་སུ་བཤད། །ཕུར་བའི་དོན་གྱི་རྣམ་གྲངས་དང་། །རྗོད་བྱེད་རྒྱུད་ཀྱིས་རྣམ་གྲངས་སོ། །དོན་གྱི་རྣམ་གྲངས་གཉིས་ཡིན་ཏེ། །མཚོན་བྱ་དོན་དང་མཚོན་བྱེད་ཐབས། །མཚོན་བྱ་དོན་ལ་རྣམ་གཉིས་ཏེ། །ལྟ་བ་དང་ནི་ཏིང་འཛིན་ནོ། །ལྟ་བའི་ཕུར་པ་འདི་ལྟ་སྟེ། །ནམ་མཁའ་ལྟ་བུའི་གང་ཟག་གིས། །རིག་པ་ཡེ་ཤེས་ཕུར་པ་དེ། །གང་ཁྱབ་ཆོས་ཀྱི་དབྱིངས་སུ་འདེབས། །རྟོགས་ནི་སྣང་སྲིད་ལྷ་རུ་གསལ། །འབྲས་བུ་གདལ་ཁྱབ་ཆོས་ཀྱི་སྐུ། །དེ་ནི་ལྟ་བ་ལྷུན་གྲུབ་པོ། །ཏིང་འཛིན་ཕུར་པ་འདི་ལྟ་སྟེ། །ཉི་མའི་སྙིང་པོ་ལྟ་བུ་ཡིས། །ཁྱབ་པ་ཐུགས་རྗེའི་ཕུར་པ་དེ། །རང་གི་ཀུན་གཞིའི་ཀློང་དུ་འདེབས། །སངས་རྒྱས་སེམས་ཅན་དབྱེར་མེད་མཐོང་། །འབྲས་བུ་སྐུ་ལྔ་ལྷུན་གྱིས་གྲུབ། །ལྷག་པ་ཏིང་འཛིན་ཕུར་པ་དེ། །རི་བོ་ལྟ་བུའི་གང་ཟག་གིས། །ལྷག་པ་སེམས་ཀྱི་ཏིང་འཛིན་ནི། །སྣང་སྲིད་ཆོས་ལ་གདབ་བར་བྱ། །རྟོགས་ནི་སྣང་སྲིད་ལྷ་རུ་གསལ། །འབྲས་བུ་བདེ་གཤེགས་རིག་འཛིན་ས། །ཆགས་ལྡན་འདོད་པའི་གང་ཟག་གིས། །ཆགས་ཅན་འདོད་པའི་ཕུར་པ་དེ། །གསང་བ་ཡུམ་གྱི་མཁའ་ལ་གདབ། །བདེ་སྟོང་ཡེ་ཤེས་རྟག་ཏུ་ཤར། །འབྲས་བུ་ཟག་བྲལ་བདེ་བ་ཐོབ། །དེ་ནི་ཏིང་འཛིན་འགྲུབ་པའོ། །མཚོན་བྱེད་ཐབས་ཀྱིས་ཕུར་པ་ནི། །ཙནྡན་སྡོང་པོ་ལྟ་བ་ཡིས། །འདོད་དང་ང་རྒྱལ་རྔམ་སེམས་ཅན། །གདུལ་དཀའ་འདུལ་བར་དཀའ་བ་དེ། །མངོན་སྤྱོད་རྫས་ཀྱི་ཕུར་པ་དེ། །བྱིན་རླབས་ཡ་མཚན་ལྡན་པར་བྱ། །འདུ་ཤེས་གསུམ་པའི་གཟུགས་ལ་གདབ། །གསལ་བ་གསུམ་དང་ལྡན་ན་ཐེབས། །འབྲས་བུ་བསྒྲལ་བས་ཚོགས་གཉིས་རྫོགས། །རྗོད་བྱེད་རྒྱུད་ཀྱིས་རྣམ་གྲངས་ནི། །ཕུར་པ་ལུང་ལ་རྣམ་གསུམ་སྟེ། །རྒྱུད་དང་ལུང་དང་མན་ངག་གོ། །རྒྱུད་ལ་ཡང་ནི་རྣམ་བཞི་སྟེ། །རྩ་བ་འབྱུང་བའི་རྒྱུད་དང་ནི། །དེ་བཞིན་བཀོལ་བ་དུམ་བུའི་རྒྱུད། །མདོར་བསྡུས་ཁྱབ་པའི་རྒྱུད་དང་ནི། །དེ་བཞིན་ཕྲིན་ལས་ཤུགས་ཀྱི་རྒྱུད། །ཕུར་བུ་ལུང་གིས་ངེས་པ་བཞི། །རྩ་བ་དང་ནི་བཤད་པ་དང་། །བསྒྲུབ་པ་དང་ནི་ཕྱི་མའོ། །མན་ངག་རྩ་བའི་རྒྱུད་ལ་ཡང་། །རྣམ་པ་དྲུག་ཏུ་ཤེས་བྱ་སྟེ། །རྩ་བའི་རྒྱུད་དང་སྒྲུབ་པ་དྲུག །ཁྲོ་བོ་བཅུ་དང་དབྱིངས་ཀྱི་ཡུམ། །དམ་ཅན་དང་ནི་བཤད་པའི་རྒྱུད། །དགོངས་པ་དང་ནི་འཁོར་ལོའི། །རྒྱུད་ཀྱི་རྣམ་གྲངས་མདོ་སྨོས་ཙམ། །བྱེ་བྲག་རྒྱ་ཆེ་གཞན་དུ་བལྟ། །འདིར་ནི་བཀོལ་བ་དུམ་བུའི་རྒྱུད། །དེ་ལ་བརྟན་པའི་མན་ངག་ཡིན། །གང་ཟག་དགོས་ཆེད་ཀྱི་དོན་བཤད་ན། །ཕྱི་མའི་བྱང་ཆུབ་སྒྲུབས་པ་ལ། །བར་ཆད་དགྲ་བགེགས་འབྱུང་བའི་ཕྱིར། །དེ་དག་བསྒྲལ་ཞིང་ཚར་བཅད་ཕྱིར། །རྡོ་རྗེ་ཕུར་པ་འདི་སྒྲུབས་དགོས། །ས་གཅོད་ཚིག་གིས་དོན་བཤད་ན། །ཀླད་དང་གཞུང་དང་ཞབས་གསུམ་མོ། །གཞུང་དོན་ལ་ཡང་རྣམ་གསུམ་སྟེ། །སྐུ་བསྙེན་གསུང་སྒྲུབ་ཐུགས་ཕྲིན་ལས། །སྐུ་བསྙེན་ལ་ཡང་དོན་བཅུ་དང་། །གསུང་སྒྲུབ་ལ་ཡང་དོན་དྲུག་སྟེ། །ཐུགས་ལ་དངོས་གདབ་རྗེས་སྦྱང་ངོ་། །རྒྱས་པ་རང་རང་སྐབས་བཞིན་ནོ། །སློབ་དཔོན་པདྨའི་རྒྱལ་པོ་རྩལ་ཆེན་རྫོགས་པའི་སྐྱེས་བུས་ཕུར་བུ་མན་ངག་གིས་རྩ་བ་དན་སྔགས་ཚིག་ཉུང་ལ་དོན་ཆེ་བ་ཤིན་ཏུ་ཟབ་པའི་ཕུར་པ། སྐྱི་ལུགས་གསང་བསྒྲུབ་ཆོས་རྗེས་མན་ངག་ཏུ་བཀོད་པ་འདི་ལ་གསུམ་སྟེ། དང་པོ་ཀླད་དོན་ནི། ཤེས་བྱའི་ཆོས་ཀུན་མ་ལུས་ལུས་པ་མེད་པ་རྣམས། ཐུགས་དགོངས་པ་ལ་ཡོངས་སུ་རྫོགས་ཤིང་། འཇིག་རྟེན་པའི་མ་རིག་པའི་མུན་པའི་ཚོགས་ཀུན་བཅོམ་པའི་ཡེ་ཤེས་སྒྲོན་མ་གསལ་བར་མཛད་པའི་བླ་མ་བདེ་བར་གཤེགས་པའི་ཞབས་ལ་འདུད། ཤྲཱི་ནི་དཔལ་སྟེ་དེ་ལ་གསུམ་ནི་གཞི་རང་བཞིན་ལྷུན་གྱི་གྲུབ་པའི་དཔལ། དེ་ཉིད་རིག་པ་རང་སྣང་བའི་དཔལ། །ཐུགས་རྗེ་ཆེན་པོ་ཞོར་ལས་བྱུང་བའི་དཔལ་དང་གསུམ་པོ་ངོ་བོ་ཉིད་ཀྱིས་ལྡན་ཞིང་། ཧེ་ནི་དགྱེས་པ་སྟེ། བདག་དོན་ལ་དགྱེས་པ་དང་། གཞན་དོན་ལ་དགྱེས་པ་རྣམ་གཉིས་ཀྱི་སྒོ་ནས། དུ་ར་ན་ཆགས་པ་སྟེ། དེ་ལ་གཉིས་བདག་དོན་ཆོས་སྐུ་མི་གཏོང་ནས་ཆགས་པ་དང་། གཞན་དོན་འགྲོ་བའི་དོན་མཛད་པ་ལ་ཆགས་ཅིང་། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཡེ་ཤེས་ལྔའི་བདག་ཉིད། གཞོན་ནུ་ནི་ཐུགས་ལ་བགྲེས་རྒུད་མེད་ཅིང་། གདུལ་བྱ་ལུགས་ལྡོག་རྣམས་ཀྱི་ངོར་ཁྲོ་བོ་ཆས་ཀྱིས་བརྒྱན་པའི་སྐུར་སྣང་བ་དེ་ལ་གཉིས་མེད་མོས། གཞུང་གིས་དོན་ལ་རྣམ་པ་གསུམ་སྟེ། སྐུ་བསྙེན་པའི་དཀྱིལ་འཁོར་དང་། གསུང་བསྒྲུབ་པའི་དཀྱིལ་འཁོར་དང་། ཐུགས་ཕྲིན་ལས་ཀྱིས་དཀྱིལ་འཁོར་རོ། །དེ་ལ་སྐུ་བསྙེན་པའི་དཀྱིལ་འཁོར་ལ་དོན་བཅུ་སྟེ། དང་པོ་བདེན་པ་བདར་ཞིང་མཚམས་བཅད་པ་དང་། བཤགས་པ་བྱ་བ་དང་། ཏིང་འཛིན་རྣམ་གསུམ་སྒོམ་པ་དང་། རྟེན་བསྐྱེད་པ་དང་། བརྟེན་པ་ལྷའི་དཀྱིལ་འཁོར་བསྐྱེད་པ་དང་། ཡེ་ཤེས་ཀྱིས་དཀྱིལ་འཁོར་གཞུགས་པ་དང་། དབང་བསྐུར་བ་དང་། མཆོད་པ་འབུལ་བ་དང་། བསྟོད་པ་བྱ་བ་དང་། བསྙེན་པ་བྱ་བའོ། །དེ་ལ་དང་པོ་བདེན་པ་བདར་ཞིང་མཚམས་བཅད་པ་ནི། གཞི་ཆོས་ཉིད་ཀྱིས་བདེན་པ་མི་འགྱུར་བའོ། །དེ་ལ་གསང་སྔགས་ཀྱིས་སྙིང་པོ་བརྗོད་པས། གཞི་སྐྱེ་མེད་ཀྱི་ཆོས་ཉིད་དེ་རང་གདངས་འགག་མེད་དུ་ཤར་བའི་བྱིན་རླབས་ལས་ལྷའི་སྐུར་ཤར་བས་སོ། །ཡང་ན་ཡིག་འབྲུའི་བྱིན་རླབས་ལས་ལྷར་སྣང་བའོ། །དེར་མ་ཟད་ཕྱོགས་བཅུ་དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱིས་མཐུ་ཡང་འབྱུང་བའོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བྷིགྷན་བྃ་ཧཱུྃ་ཕཊ་ཅེས་བརྗོད་པས། སྐད་ཅིག་གིས་ཏིང་ངེ་འཛིན་གྱིས། བདག་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུར་བསྐྱེད་དེ། ཞལ་གསུམ་ཕྱག་དྲུག་སྐུ་མདོག་མཐིང་ནག །ཞབས་བཞི་བསྒྲད་པ། ཞལ་གཡས་དཀར་བ། གཡོན་དམར་བ། ཕྱག་དྲུག་ཀས་ཕུར་པ་དྲིལ་ཏེ། དང་པོ་གཉིས་ཀྱིས་སྐུའི་ཕུར་པ་དཀར་པོ་དྲིལ་བ། བར་མ་གཉིས་ཀྱི་གསུང་གིས་ཕུར་པ་དམར་པོ་དྲིལ་བ། ཕྱག་ཐ་མ་གཉིས་ཀྱི་ཐུགས་ཀྱི་ཕུར་པ་མཐིང་ནག་དྲིལ་བ། རྡོ་རྗེའི་གཤོག་པ་གདེངས་པ། དཔལ་གྱི་ཆས་བརྒྱད་དང་། དུར་ཁྲོད་ཆེན་པོའི་ཆས་བརྒྱད་དང་ལྡན་པ། མཚམས་རྔམ་གཟི་བྱིན་དང་བཅས་པ། བསྐལ་པའི་མེ་དཔུང་གིས་ནང་ན་འགྱིང་བག་གི་ཚུལ་དུ་བཞུགས་པ་སྐད་ཅིག་གིས་གསལ་བར་བསྐྱེད་དོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འདུས་ཏེ་བདག་ལ་ཐིམ་པར་བསམ་མོ། །དེ་ནས་བསྐུལ་ཏེ་རྡོ་རྗེ་ནི་སྐྱེ་འཇིག་མེད་པ་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་དེ་རྟོགས་དཀའ་བས་གསང་བ་དེ་ཉིད་སངས་རྒྱས་ཀྱིས་ཐུགས་ལ་མངའ་བས། སངས་རྒྱས་དེའི་བཀའ་ལས་ནི། སྡིག་ཅན་མི་དགེ་བ་བཅུ་ལ་སྤྱོད་ཅིང་བསྒྲལ་བའི་ཞིང་དུ་གྱུར་པ་གང་ཞིག་འདའ་བར་བྱེད་པ་རྣམས། སྟོབས་བཅུ་ལྷུན་གྱིས་གྲུབ་ཅིང་མི་དགེ་བ་བཅུ་ཚར་བཅད་ནས། ཀྲོ་ཡོག་སྡེ་གསུམ་ལས་འཕགས་པས་ཆེན་པོ་ཁྲོ་བོ་ཆེན་པོ་བཅུས་གླང་པ་ནི་མགོ་བོ་སྟེ། ཉོན་མོངས་པའི་རྟེན་ཤིགས་པ་སྟེ། ཚལ་པ་བརྒྱ་རུ་ཁོས་ཤིག །དེ་བས་ཉོན་ཅིག་བགེགས་དང་ལོག་པར་འདྲེན་པའི་ཚོགས། ངའི་རྡོ་རྗེ་གཞོན་ནུ་བསྒོམ་པའི་བཀའ་ལ་འདའ་བར་མ་བྱེད་ཅིག །ཁྲོ་བོ་བཅུའི་སྔགས་ཀྱིས་རྟིང་པར་ཧཱུྃ་མ་མ་པ་ཤ་ཅེས་ཚང་བར་བཏགས་ལ་བརྗོད་པ་ཙམ་གྱིས། ཐུགས་ཀ་ནས་ཁྲོ་བོ་མཐིང་ནག་གཅེར་བུ་ཕྱག་ན་ཕུར་པ་བསྣམས་པ། མེ་དཔུང་གིས་ནང་ན་བཞུགས་པ་བཅུ་བྱུང་ནས། ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་བགེགས་ཐམས་ཅད་ཆུང་བ་རྣམས་ཆེ་བ་ལ་བསྟིམ། དེ་དག་ཐམས་ཅད་བགེགས་ཀྱིས་གཙོ་བོ་ཕྱོགས་སྐྱོངས་བཅུ་ལ་བསྟིམ་ནས། ཁྲོ་བོ་བཅུས་སོ་སོར་བཀུག་སྟེ། རང་གི་ཕྱོགས་བཞི། མཚམས་བཞི་དང་བརྒྱད། མདུན་རྒྱབ་གཉིས་དང་བཅུར་བཀུག་ནས། རྡོ་རྗེ་ཁྲོ་དོང་ནག་པོ་བཅུར་བཅུག་ནས་ཕྱག་གིས་ཕུར་པས་བཏབ་ཏེ། འོག་རྡོ་རྗེའི་བྲག་རི་ལ་ཐལ་བྱུང་བར་བསྒོམ་མོ། །ཕུར་པའི་དཔལ་རྩེ་ལ་མེ་འབར་བ་དང་ཕྱོགས་སྐྱོངས་བཅུ་ཡང་མེར་ལམ་གྱིས་འབར་བ་དང་། དེ་ལྟར་ཁྲོ་བོ་བཅུའི་སྐུ་ལ་ལྷག་པ་ཡེ་ཤེས་ཀྱིས་མེ་འབར་བ་དང་། ཕྱག་གི་ཕུར་པ་ལ་ལྷག་པ་ཏིང་ངེ་འཛིན་གྱིས་མེ་འབར་བ་དང་། ཕྱོགས་སྐྱོངས་རྣམས་ཚིག་པ་ལ་རྣམ་རྟོག་ཡེ་ཤེས་སུ་འབར་བའི་མེ་དང་གསུམ་འདྲེས་པ་ལས་མེ་རི་འབར་བའི་གུར་དུ་གྱུར་པར་བསྒོམ། སྤྱི་དོན་གཉིས་པ་བཤགས་པ་བྱ་བ་ནི། ཡེ་ཤེས་སྐུ་མཆོག་གཞུང་བཞིན་ནོ། །སྤྱི་དོན་གསུམ་པ་ཏིང་ངེ་འཛིན་རྣམ་གསུམ་རིམ་བཞིན་བསྒོམ་པ་ནི། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། ཅེས་པ་སྟེ། རྡོ་རྗེ་ནི་རང་ཉིད་རྡོ་རྗེ་གཞོན་ནུར་གསལ་བའོ། །ཁྲོས་པ་ནི་ཐུགས་ཀ་ནས་རྃ་ཡྃ་ཁྃ་གསུམ་སྤྲོས་པའོ། །ཞེ་སྡང་ནི་གཟུང་ཡུལ་སྟེ། མེ་ཆུ་རླུང་གསུམ་གྱི་མི་གནས་པར་བྱེད་པ་ནི་གཅོད་ཅེས་བྱའོ། །དེ་ཡང་དང་པོ་རྃ་སྥ་ར་ཎ་ཕཊ྄། བདག་ཉིད་རྡོ་རྗེ་གཞོན་ནུའི་ཐུགས་ཀ་ནས་རྃ་དམར་པོ་སྤྲོས་ཏེ། མེ་བྱུང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པ་བསྲེགས་ནས་མེ་སྦུར་བཞིན་དུ་སོང་བར་བསམ། སཾ་ཧ་ར་ན་ཧཱུྃ། སླར་མེའི་ལྷག་མ་ཐུགས་ཀ་ན་ཚུར་བསྡུ། ཡཾ་སྥ་ར་ར་ན་ཕཊ྄། ཐུགས་ཀ་ནས་ཡྃ་སྤྲོས་ཏེ་རླུང་བྱུང་བས་སྔར་བསྲེགས་པའི་ཐལ་བ་མ་ལུས་པ་རས་བལ་རླུང་གིས་གཏོར་བ་ལྟར་འཐོར་བར་བྱས་ནས། སཾ་ཧ་ར་ན་ཧཱུྃ། སླར་རླུང་གིས་ལྷག་མ་ཐུགས་ཀ་ན་ཚུར་བསྡུ། ཁཾ་སྥ་ར་ན་ཕཊ྄། ཡང་ཐུགས་ཀ་ནས་ཁཾ་སྤྲོས་ཏེ་ཆུ་བྱུང་བས་ཐལ་བ་གཏོར་བའི་ལྷག་མ་མ་ལུས་པ་བཀྲུས་ནས། སཾ་ཧ་ར་ན་ཧཱུྃ། སླར་ཆུའི་ལྷག་མ་རྣམས་བདག་གིས་ཐུགས་ཀ་ན་ཚུར་བསྡུ། དེ་ལྟར་གཅོད་པ་ལ་ནི་མཚོན་ཆེན་ཅེས་བྱའོ། །དཔེར་ན་འཇིག་རྟེན་གྱི་མཚོན་རལ་གྲི་ལ་སོགས་པས་ནི་ཕྱོགས་རེ་བས་མི་ཆོད་པ་ལ། འདིར་མེ་ཆུ་རླུང་གསུམ་གྱི་སྣོད་བཅུད་རགས་པ་མེད་པར་བྱས་པ་ནི། མཚོན་ཆེན་ཅེས་བྱའོ། །སྔོན་པོ་ནི་ཅིར་ཡང་མི་འགྱུར་བ་ཡིན་པའི་ཕྱིར། འདིར་ཡང་བསྲེགས་སྤྱངས་བཀྲུ་བ་རྣམ་པ་གསུམ་གྱིས་གཟུང་ཡུལ་དག་པར་བྱས་ལ། བར་དེར་འཛིན་པའི་སེམས་ཀྱང་མ་གྲུབ་སྟེ། ཅིར་ཡང་མི་དམིགས་པ་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ཡང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི། ཆོས་ཉིད་ཅིར་ཡང་མི་དམིགས་པ་ལས། ཆོས་ཅན་ཅིར་ཡང་མི་འགྱུར་བ་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ། །འབར་བ་ཅེས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། སྟོང་པ་ཉིད་ཀྱི་ངང་ལས་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེའི་ཉམས་འབར་བྱའོ། །ནམ་མཁའི་དཀྱིལ་ན་ཐིག་པ་ཤར། ཅེས་པས། རྒྱུའི་ཏིང་ངེ་འཛིན་ནི། ཆོས་ཉིད་ནམ་མཁའ་ལྟ་བུའི་ངང་ཡས། རང་གིས་རྣམ་པར་ཤེས་པའི་ངོ་བོ་ཧཱུྃ། ཐུགས་ཆོས་ཉིད་མི་འགྱུར་བ་མཚོན་པའི་མདོག་མཐིང་ནག་གཅིག་གདང་སོལ་བཅག་པའི་མདོག་ལྟ་བུ་ཧཱུྃ་ཆ་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་པས་འོང་ཁ་དོག་ལྔ་དང་ལྡན་པ་ཐིག་པ་ལྟར་རང་ཤར་དུ་བྱུང་བའོ། །གཞན་དུ་ན་དེ་བཞིན་ཉིད་སྟོང་པ། ཀུན་དུ་སྣང་འགག་མེད། ཕྱག་རྒྱ་གཅིག་པ་དབྱེར་མེད་དུ་འདོད་ལ། ཡང་ན་དེ་བཞིན་ཉིད་ཆོས་སྐུ་དང་སྦྱར། ས་ནི་ཀུན་ཏུ་འོད་ཀྱིས་ས། ཡེ་ཤེས་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སོ། །ཀུན་ཏུ་སྣང་ནི་ལོངས་སྤྱོད་རྫོགས་པའི་སྐུ། མ་ཆགས་པར་པདྨ་ཅན་གྱིས། དབྱེར་མེད་ལྷུན་རྫོགས་ཀྱི་ཡེ་ཤེས་སོ། །རྒྱུའི་ཏིང་ངེ་འཛིན་ནི་སྤྲུལ་སྐུ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས། ཡེ་ཤེས་ནི་ཇི་སྙེད་མཁྱེན་པའི་ཡེ་ཤེས་སོ། །ལུང་ལས། ས་གསུམ་སྐུ་གསུམ་ཏིང་འཛིན་ཡེ་ཤེས་གསུམ། ཅེས་འདོད་པ་ཡང་སྣང་། སྤྱི་དོན་བཞི་བ་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། སྲོག་གིས་གོ་རུ་ཤར་བ་དང་། ཅེས་པ་སྟེ། སྲོག་ནི་འབྱུང་བ་ལྔ་ཡིན་ཏེ། འདིར་ཡང་དེ་གནས་སུ་དག་པའི་རྟགས་སུ་འབྱུང་བ་རིམ་བརྩེགས་བསྒོམ་པའོ། །དེ་ཡང་ཧཱུྃ་ལས་ཨེ་ཆད་པ་ལས་ཆོས་འབྱུང་གྲུ་གསུམ་པ་ཁ་དོག་མཐིང་ནག་རྒྱ་ཁྱོན་ཆེ་བ་གཅིག་བསྒོམ་མོ། །འབྱུང་བ་ནམ་མཁའ་གནས་སུ་དག་པ་ཡུམ་ཀུན་ཏུ་བཟང་མོ། ཡེ་ཤེས་ནི་ཆོས་དབྱིངས་ཡེ་ཤེས་སོ། །ཧཱུྃ་ལས་ཡཾ་ཆད་པ་ལས་རླུང་གིས་དཀྱིལ་འཁོར་གཞུའི་དབྱིབས་ཅན་རྒྱ་ཁྱོན་ཆེ་བ་སྲ་ཞིང་མཁྲེག་པ་འོག་རྡོ་རྗེ་རྒྱ་གྲམ་གྱིས་གཏམས་པ་སྲད་མེད་ཀྱིས་བུའི་མདས་ཀྱང་མི་ཕིག་པ། ལག་ན་རྡོ་རྗེའི་སྟོབས་ཀྱིས་ཀྱང་མི་ཤིགས་པ་ཁ་དོག་དུད་ཀ་ཆོས་འབྱུང་གིས་དཀྱིལ་དུ་བསྒོམ་མོ། །འབྱུང་བ་རླུང་གནས་སུ་དག་པ། ཡུམ་དམ་ཚིག་སྒྲོལ་མ། ཡེ་ཤེས་ནི་བྱ་བ་གྲུབ་པའོ། །ཧཱུྃ་ལས་ར་ཆད་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་མདོག་སྣ་ལྔ་ཐུག་ཆེ་མ་འུར་སྒྲ་དང་ཚག་ཚག་ཆེམ་ཆེམ་དང་བཅས་པའོ། །འབྱུང་བ་མེ་རྣམ་པར་དག་པ་ན་བཟའ་དཀར་མོ། ཡེ་ཤེས་ནི་སོ་སོར་རྟོགས་པའོ། །ར་ཆད་པ་ལས་རཀྟ་ཁྲག་གིས་རྒྱ་མཚོ་དམར་ནག་རྦ་རླབས་འཁྲུགས་པ། ཞིང་གིས་སྙན་འཕྱོ་བ། དབྱིབས་ཟླུམ་པོ་འབྱུང་བ། ཆུ་རྣམ་པར་དག་པ་ཡུམ་མཱ་མ་ཀཱི། ཡེ་ཤེས་ནི་མཉམ་ཉིད་ཡེ་ཤེས་སོ། །ལྃ་ཆད་པ་ལས་མཾ་སའི་ས་གཞི་སྟེ། ཤ་ཆེན་གྱིས་ཐང་མ་གདལ་བ། དབྱིབས་གྲུ་བཞི་མདོག་སེར་བོའོ། །འབྱུང་བས་རྣམ་པར་དག་པ་ཡུམ་སངས་རྒྱས་སྤྱན་མ། ཡེ་ཤེས་ནི་མེ་ལོང་ལྟ་བུ། དེ་ལྟར་སྤྱང་བྱ་འབྱུང་བ་ལྔ་ཉིད། སྤྱང་བྱེད་ཏིང་ངེ་འཛིན་གྱིས་འབྱུང་བར་མ་བརྩེགས་སུ་བསྒོམ་སྟེ། ཡུམ་ལྔའི་རང་བཞིན་ཡེ་ཤེས་ལྔར་སྦྱར་བ་ལ། གོ་རུ་ཤར་ཅེས་བྱའོ། །ཡང་ན་ཕྱི་ནང་གིས་འབྱུང་བ་ལྔ་ཉིད་ཡེ་ཤེས་སུ་ཤར་བའི་ཕྱིར་དང་། ཕུང་པོ་ལྔའི་འཁྲུལ་འཁོར་གཅོད་པའི་ཕྱིར་དང་། དབྱིངས་ཕྱུག་མ་ལྔ་ལྷུན་གྱི་གྲུབ་པའི་ཕྱིར་དང་། འབྱུང་བ་ལྔ་དང་འབྱུང་བ་ལས་གྱུར་པའི་བགེགས་རིག་སྟོང་ཕྲག་བརྒྱད་ཅུ་དྲེགས་པ་ང་རྒྱལ་ཅན་རྣམས་ཟིལ་གྱིས་གནོན་ཅིང་ཚར་བཅད་པའི་ཕྱིར། འབྱུང་བ་རིམ་བརྩེགས་དང་། དེའི་སྟེང་དུ་ཀེཾ་ཆད་པ་ཀེང་རུས་ཀྱིས་རི་རབ་ནག་པོ་ཁ་ཁྱེར་གྱེན་དུ་ཆེ་བ་ཁྲག་གི་རོལ་མཚོ་དང་བཅས་པའི་ངོས་ལ་བྱ་ཤ་ཟན་མར་པོ་ལྡིང་གིས་ཟུར་ལ་གཅན་ཁྲག་འཐུང་མང་པོ་འཛག་པ། རཀྟ་ཁྲག་གིས་ཞམ་ཆུ་འབབ་པ་དབྱིབས་གྲུ་བཞི་པ། བང་རིམ་ལ་མ་བདུན་སྲིང་བཞི་དང་དབང་ཕྱུག་མ་ལ་སོགས་པ་ཀུན་གྱི་གནས་བཅའ་ཞིང་ཡོད་པའོ། །ཟུར་བཞིའི་མར་ལ་གནམ་ལྕགས་ཀྱིས་མཛེར་ཆེན་བཞི་དང་ལྡན་པ། ཟུར་བཞིའི་ཡར་ལ་མཁའ་འགྲོ་དབང་དུ་སྡུད་པའི་དར་ཆེན་བཞི་ཕྱར་བ། དེའི་ཁ་ཁྱེར་ལ་མེ་མདོག་སྣ་ལྔ་དབྱིབས་གྲུ་གསུམ། ཐུགས་ཆེམ་འུར་སྒྲ་ཚག་ཚག་ཏུ་འབར་བའོ། །ཡང་ཧཱུྃ་ལས་ཧཱུྃ་ཆེད་པ་ལས་རི་རབ་ཀྱི་ཁ་ལས་ཕོག་ཏེ་འོད་དུ་ཞུ་བ་ལས་རྡོ་རྗེ་རྒྱ་གྲམ་རྩེ་ལྔ་པར་གྱུར་པ་ཕྲིན་ལས་བཞི་མཚོན་པའི་རྭ་ཤ་རྭ་དཀར། ལྷོ་སེར། ནུབ་དམར། བྱང་ལྗང། ལྷུན་གྲུབ་མཚོན་པའི་ལྟེ་བ་མཐིང་ནག་ཧཱུྃ་གིས་མཚན་པའོ། །ༀ་བཛྲ་མ་ཧཱ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས། འོད་དུ་ཞུ་བ་ལས། རྡོ་རྗེའི་གུར་ཁང་དུ་གྱུར་པ་ནི། རྐྱེན་གྱིས་མི་ཚུགས་པའི་རྟགས་སོ། །ཁ་དོག་མཐིང་ནག་རྒྱ་ཁྱོན་ཆེ་བར་གྱུར་པ། བསྐལ་པའི་མེ་རི་འབར་བ། རི་རབ་ཀྱིས་སྟེང་ཡང་རྡོ་རྗེའི་བྲག་རི་སྲ་ཞིང་འཁྲེགས་པར་གྱུར་པ་ནི། ཆོས་ཉིད་མི་འགྱུར་བ་དང་ཡེ་ཤེས་ཆེན་པོ་གསལ་བའི་རྟགས་སོ། །ཡང་ན་རྡོ་རྗེ་རྭ་བས་བདུད་དཔུང་འཇོམས། མེའི་འོབ་ཀྱིས་ཉོན་མོངས་བསྲེགས། །ཅེས་གསུངས་སོ། །ཡང་ཧཱུྃ་ལས་བྷྲ྄ཱུྃ་མཐིང་ནག་གཅིག་ཆད་པ་དེ་འོད་དུ་ཞུ་བ་ལས་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་གྱུར་ཏེ། ཡོན་ཏན་རྒྱས་པའི་རྟགས་སུ་དབྱིབས་གྲུ་བཞི་པ་ལས། རྣམ་པར་ཐར་པ་བཞི་དང་ལྡན་པའི་རྟགས་སུ་སྒོ་བཞི་པ་སྒོ་ཁྱུད་ཅན། ཕྱི་ཐོད་པ་སྐམ་པོ་ལས་བརྩིགས་པ་འདས་པའི་སངས་རྒྱས་སམ་ཆོས་སྐུ་མཚོན། བར་ཐོད་པ་ར་རི་ལས་བརྩིགས་པ་ད་ལྟའི་སངས་རྒྱས་སམ་སྤྲུལ་སྐུ་མཚོན། ནང་ཐོད་པ་རློན་པ་ལས་བརྩིགས་པ་མ་འོངས་པའི་སངས་རྒྱས་སམ་ལོངས་སྤྱོད་རྫོགས་པའི་སྐུ་མཚན། ཡང་ན་ཐོད་སྐམ་ར་རི་རློན་པ་གསུམ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དང་རིམ་པར་སྦྱར་བ་ཡང་སྣང་། ཀུན་འབྱུང་འདྲེན། དཀའ་ཐུབ་རིགས། དབང་བསྒྱུར་ཐབས་ཀྱི་ཐེག་པ་དང་གསུམ་སྦྱར་ལུགས་ཡང་སྣང་། ཐབས་ཤེས་འབྲེལ་བའི་རྟགས་སུ། བར་ཐམས་ཅད་ཤ་ཆེན་གྱི་བརྩིགས་འཇིམ་རཀྟས་སྤྱིན་ཐབས་སུ་སྦྱར་བ། ཚད་མེད་པ་བཞི་དང་ལྡན་པའི་རྟགས་སུ། ཟུར་བཞིར་གནམ་ལྕགས་ཀྱིས་འཛེར་བཞི་གདབ་པ། ཟུར་བཟང་པོ་དཔལ་གྱིས་ཐོད་སྐམ་ལ་འོད་སྣ་ལྔ་ཡོད་པར་འདོད་ལ། ལོ་ཙནྟྲ་སིངྷས་ཏྲི་རཱ་ག་ནི་གསུམ་རིམ་སྟེ། ཐོད་སྐམ་རི་རི་རློན་པ་སུམ་བརྩེགས་པ། དེའི་རྒྱབ་ཏུ་པཉྩ་རཱ་ག་ནི་ལ་རིམ་སྟེ། ནང་ནས་རིམ་པ་བཞིན་དུ་སྔོ་དཀར་སེར་དམར་ལྗང་རྣམས་རིན་ཆེན་སྣ་ལྔར་འདོད་ལ། དེའི་རྒྱབ་ཏུ་ཨེ་ར་ག་རྒྱང་རིམ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་གདུལ་བྱའི་རྒྱུད་ལ་ཆོས་འཁོར་བསྐོར་བའི་རྟགས་སུ། ཤར་གྱི་རྒྱན་འཁོར་ལོས་བརྒྱན་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་གདུལ་བྱའི་དགོས་འདོད་སྐོང་བའི་རྟགས་སུ་ལྷོ་རིན་པོ་ཆེ། སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་མཐའ་གཉིས་དབང་དུ་སྡུད་ཀྱང་། མཐའི་ཉེས་སྐྱོན་གྱིས་མ་གོས་པའི་རྟགས་སུ་ནུབ་པདྨ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་རང་གཞན་གྱིས་དོན་མཐར་ཕྱིན་པའི་རྟགས་སུ་བྱང་རལ་གྲིས་བརྒྱན་པ། ཆོས་དབྱིངས་ཡེ་ཤེས་ཀྱི་བར་ལ་དངོས་པོ་ཐམས་ཅད་འཇོམ་ཞིང་ཚུར་ལ་མི་ཚུགས་པའི་རྟགས་སུ་སྟེང་གྲུ་བཞི་སྤྱི་བསྡུས་ཏེ་གུར་མགོང་སྣམ་པའི་རྩེ་མོ་རྡོ་རྗེ་རྩེ་དགུ་པའི་བུམ་པར་འཁྱིལ་བ། སྟེང་ཐམས་ཅད་རྡོ་རྗེ་མཐིང་ནག་གིས་ཕོ་གྱོ་མོ་གྱོས་བརྒྱན་པ། ཆོས་རྗེས་དེ་ལྟར་དུ་འདོད་ཀྱང་། ཐོས་ཆོག་པས་སྟེང་མཚོན་ཆ་ལྔས་བཀབ་པ་ཡེ་ཤེས་ལྔ། སྤྱི་བསྡུས་རྡོ་རྗེ་རྩེ་དགུ་པའི་བུམ་པར་འདུས་པ་ནི། ཐེག་པ་དགུ་རང་བྱུང་གིས་ཡེ་ཤེས་སུ་འདུས་པ་མཚོན་གསུང་། འོག་གཞི་ཨེ་ཁྲམ་ཉི་ཤུ་རྩ་གཅིག་མཐིང་ནག་ནི། ཨེ་གྲུ་གསུམ་ཤེས་རབ་ཡུམ་གྱི་མཁའ་དང་གཉིས་སུ་མེད་པའི་རང་བཞིན་ནམ་དབྱིངས་ཀྱིས་རྟགས། བྱང་ཆུབ་སེམས་ཀྱི་ཐིག་སྐལ་དཀར་པོ་དང་ལྡན་པ་ནི་ཐབས་ཡབ་སམ་ཡེ་ཤེས་ཀྱིས་རྟགས། ཆོས་རྗེས་འདོད་ལ། ཐོས་ཆོག་པས་ཨེ་ཁྲམ་ཉེར་གཅིག་གྲུ་གསུམ་ཁྲོ་དོང་དུ་འདོད་ལ། ཨེ་ནམ་མཁའ་སྟེ་དབྱིངས་དང་། ཁྲམ་ཉེར་གཅིག་ནི་ཡེ་ཤེས་རྣམ་པ་ཅིར་ཡང་སར་བའི་རྟགས་སོ། །གྲུ་གསུམ་དུ་འདོད་པ་ནི། ཡེ་ཤེས་རེ་རེ་ལའང་སྐུ་གསུང་ཐུགས་གསུམ་གསུམ་དང་ལྡན་པའམ། ཡང་ན་དྲག་པོ་མངོན་སྤྱོད་ཀྱིས་གདུལ་བྱ་རྒྱུད་དྲག་པོ་རྣམས་འདུལ་བའོ། །དབུས་ཀྱི་གྲུ་གསུམ་ཟླ་གམ་དམར་པོ་གསུམ་ནི་ཁམས་གསུམ་དུག་གསུམ་ལུས་ངག་ཡིད་གསུམ་དབང་དུ་བསྡུས་པའི་རྟགས་སོ། །མུ་ཁྱུད་དཀར་ལ་ཟླུམ་པ་ནི། སྤྲོས་པའི་མཐའ་བརྒྱད་ཀྱི་མཚན་མས་མ་གོས་པའི་རྟགས། མཐའ་གྲུ་བཞིར་གནས་པ་ནི། ལྷག་པའི་ཡོན་ཏན་ཡེ་ཤེས་ཀྱི་རྒྱས་པའི་རྟགས། ལྷ་སྣམ་དམར་པོ་དང་བཅས་པའོ། །ཅེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུ་བའི་རྟགས་སོ། །ཐོས་ཆོག་པས་བསྙེན་དུས་དང་དབང་ལ་དམར་པོ། བསྒྲུབ་དུས་མཐིང་ནག་ཏུ་འདོད་དོ། །ཕོ་བྲང་རྡོ་རྗེ་རྭ་བའི་ནང་དུ་ཚུད་པ་ནི་ཆོས་ཉིད་ཀྱི་ཁྱབ་པའི་རྟགས་སོ། །གཞལ་ཡས་ཁང་གི་རྒྱན་ཡང་སྨོན་ལམ་གྱི་ཤུགས་དང་མ་བྲལ་བའམ། གདུལ་བྱའི་བསྐུལ་བ་གསན་པའི་རྟགས་སུ་བསྐལ་པའི་རླུང་ནག་འཚུབ་བ། རང་བྱུང་ཡེ་ཤེས་ཀྱིས་རྟགས་སུ་བསལ་བའི་མེ་རི་ཕྱི་ནང་མེད་པར་འབར་བ། སྤྲུལ་པ་ཕྱོགས་བཅུར་འཕྲོ་བའི་རྟགས་སུ་མེ་རེའི་རྩེ་ལ་རྡོ་རྗེ་རྩེ་ལྔ་པའི་སྣམ་པའི་ཐོག་མདའ་འཕྲོ་བ། ལོ་ཙནྡྲ་སིངྷས་བཞེད་ལ། དེ་རྣམས་ཐོད་པ་བརྩིགས་པའི་ཁ་ན་མེ་འབར་བ། སྣ་ནས་དུད་པ་རླུང་ནག་འཚུབ་མ་བྱུང་བ། མིག་ནས་ཁྲག་འཛག་པ། རྣ་བ་ནས་ཞག་གིས་ཟོ་རིས་འཛག་པར་འདོད་དེ། དངོས་པོ་ཐམས་ཅད་སེམས་སུ་རྟོགས་པའི་རྟགས་སུ་ཙིཏྟའི་ཕོལ་ཕྱིང་གིས་བརྒྱན་པ། དུག་གསུམ་གནས་སུ་དག་པའི་རྟགས་སུ། ལོག་རྒྱན་སྦྲུལ་ནག་གི་ཟ་ར་ཚག་གིས་བརྒྱན་པ་ནི་རྒྱུ་སྐར་གྱི་ཁ་ན་སྦྲུལ་གཉིས་གཉིས་བཟུང་བའི་རྔམ་གཉིས་ཀྱི་བར་ན་ཞིང་ལག་བཟུང་བའི་དྲྭ་འཕྱང་ལ་རུ་སྦལ་གྱི་མངའ་ཡབ་བཏགས་པ་དང་། སྦྲུལ་མགོ་གཉིས་ཀྱི་བར་ན་ཙིཏྟའི་ཕོལ་ཕྱིང་ཏེ་སྙིང་བཟུང་བའི་དྲྭ་བ་སྟེ་ཟ་ར་ཚག་ཏུ་འདོད་དོ། །ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པའི་རྟགས་སུ། མངའ་ཡབ་མིའི་ལག་པ་དང་རྐང་པ་ཆབ་ནས་མཆོག་ཡར་ལ་བསླང་བ་པུ་ཤུ་དེ་ལ་འཁྲུངས་པ་མདའ་ཡབ་སྟེ། རྐང་མཐིལ་ལག་མཐིལ་གྱེན་དུ་ཕྱུང་བའི་སབ་སྲོག་སྦྲུལ་ནག་ལས་བྱས་པའི་བཅིང་ཐག་ནི། མིའི་རྒྱུ་མ་ཚིལ་ཆེན་གྱི་གཡོས་པས་བཅིང་བའི་རྩ་བའི་བད་ཆགས་སུ་མནན་པ་ལ་ད་རུ་ཀད་ཀྱིས་མདའ་ཡབ་དུ་འདོད་དོ། །དེའི་ནང་དུ་བདུད་རྣམས་འཇོམ་པའི་རྟགས་སུ་ཞིང་ཏྲིང་། ལྷ་ཆེན་བརྒྱད་ཀྱིས་རྒྱལ་མཚན་ནི། དཔལ་ཆེན་པོའི་མདའ་ཡབ་དུ་འདོད་དོ། །ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་རྟགས་སུ་མདའ་ཡབ་གྱིས་ནང་དུ་རྟ་བབ་ཀྱིས་གཡས་གཡོན་གྱི་ཐད་དུ་ཞིང་ཆེན་གིས་འཕན་ཟར་ཚག་གཉིས་གཉིས་སྟེ་བརྒྱད་དང་། མི་མགོའི་རྟོག་འོད་ཁ་དོག་སྣ་ཚོགས་པའི་སྟེང་དུ་མི་སྙིང་གིས་བརྒྱན་པའོ། །ཞིང་ལྤགས་གིས་བླ་རེ་ནི་ནང་གི་གཙོ་བོའི་དབུ་ཐོག་ན་ཡོད་པའོ། །ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་རྟགས་སུ། ཉི་ཟླའི་སྐར་ཁུང་ཡོད་པ། ཐུགས་རྗེ་ཆགས་པ་དང་མ་བྲལ་བའི་རྟགས་སུ་རཀྟའི་ཞམ་ཆུ་འབབ་པ། ཕྱོགས་ཕྱོགས་ཀྱི་ས་རྒྱལ་པོ་ཆེན་པོ་བཞི་འདུལ་བའི་རྟགས་ལ་སྒོའི་རུ་བཞིའི་སྐྱེས་བུ་བྱས་པ། ཆོས་ཉིད་འགྱུར་བ་མེད་པའི་རྟགས་སུ། གནམ་ལྕགས་ཀྱི་ཡ་ཐེམ་ཡོད་པ། མ་ཐིམ་ཁྲོ་ཆུ་ལས་བྱས་པ། སྦྲུལ་བརྒྱད་ཀྱིས་སྒོ་ལེབ་བྱས་པས། ཆུ་སྲིན་ལ་སོགས་པས་སྒོ་སྲོག་བསྒྲིག་པ། སྒོ་ཐོག་ན་བཅུ་གཅིག་རྡོ་རྗེའི་རེའུ་མིག་དང་། སྒོ་ཁང་ནང་གིས་རྒྱན་དགུ་དང་བཅས་པ་ཡོད་པའོ། །ཡང་སྒོ་ལ་ཞིང་ལྤགས་དང་། སྒོ་འདན་སྦྲུལ་ནག་ལ་བྱས་པར་འདོད་པ་ཡང་སྣང་ངོ་། །རྣམ་པར་ཐར་པ་བརྒྱད་དང་ལྡན་པའི་རྟགས་ཆུ་སྲིན་གྱི་རྟ་ཟུར་བྱས་པའི་རྟ་བབ་བང་རིམ་བཞི་པ་སྣམ་བུ་བརྒྱད་དང་ལྡན་པ། རུས་ཆེན་གྱིས་ཕ་གུ་ལ་མུ་ཏིག་གིས་དྲྭ་བ་འཕྱང་བ། པདྨ་འདབ་མ་སྟོང་ལྡན་གྱིས་བཀབ་པའི་སྟེང་དུ། ཆོས་འཁོར་བཅུ་གསུམ་གང་གིས་གདུགས་ཀྱིས་བརྒྱན་པ། ཆོས་འཁོར་གྱིས་གཡས་གཡོན་གཉིས་སུ། འབྲུག་གིས་རི་དྭགས་ཚུལ་དུ་ཡོད་པའི་སྒྲ་སྒྲོགས་པ་ནི་ཐེག་པ་མཆོག་གིས་ཆོས་སམ། མངོན་སྤྱོད་ཀྱིས་གཞན་དབང་དུ་མཛད་པའི་རྟགས་སོ། །ཡང་ན་རྟ་བབ་ཀེང་རུས་ལས་བྱས་པའི་བང་རིམ་བཞིར་འདོད་པ་ཡང་སྣང་ངོ་། །བསྙེན་གནས་བརྒྱད་མཚོན་པའི་རྟགས་སུ། ས་བདག་གིས་ཀ་གདན་ནི་རུ་སྦལ་སེར་པོ་བརྒྱད་སྒོ་གཡས་གཡོན་གྱིས་ཐད་སོའི་ལྷ་སྣམ་དང་། གྲུ་ཆད་ཀྱི་མཚམས་ན་ཁ་ཕྱིར་བསྟན་དེས་ཡོད་པ། འཕགས་ལམ་བརྒྱད་མཚོན་པའི་ལྷ་ཆེན་པོ་བརྒྱད་ཀྱིས་ཀ་བ་ནི། ཞིང་སྨུག་པོ་བརྒྱད་ལང་པའི་ལུས་ལ་སྦྲུལ་ནག་བཞིའི་དཀྲིས་ནས་བམ་ཚང་ཟར་ཚག་ཏུ་ཡོད་པའི་མགོ་གཉིས་དང་། རྔ་མ་གཉིས་སྙན་གང་ན་ཕྱར་ཞིང་། མགོ་གཉིས་རྔ་མ་གཉིས་པུས་མོ་མགོ་ལ་ཕྱར་བའི་ལག་པ་མགོ་ཐོག་ན་བརྐྱངས་ནས་དཔལ་ཀའི་ཚུལ་དུ་ཡོད་པའི་ནང་དུ་ཉི་ཟླའི་ཀ་གཞུའི་སྟེང་དུ་རྣམ་ཐར་བརྒྱད་མཚོན་པའི་རྟགས་སུ་ཀླུ་ཆེན་པོ་བརྒྱད་ཀྱིས་གདུང་མ་བྱས་པ་ནི། མགོ་ཕྱོགས་བཞིར་བསྟན་ནས་འཇུག་མ་དབུས་སུ་བསྣོལ་བ། ཆོས་རྗེས་དེ་ལྟར་བཞེད་ཀྱང་། ཐོས་ཆོག་པས། ཀ་བ་ཕྱོགས་བཞི་མཚམས་བརྒྱད་དུ་བཙུགས་པའི་སྟེང་ཀླུ་བརྒྱད་ཀྱིས་གདུང་མ་མགོ་ཕྱོགས་བཞི་མཚམས་བརྒྱད་དུ་བསྟན་ཏེ། རྒྱ་གྲམ་དུ་བྲེས་པར་འདོད་དོ། །བརྩིགས་པའི་ཁ་ཁྱེར་གྱིས་ནང་དུ་འདོད་ཡོན་མ་སྤངས་རྒྱན་དུ་རོལ་པའི་རྟགས་སུ། འདོད་སྣམ་དམར་པོ་ཡོད་པའི་ཐོག་ཏུ་མཆོད་པའི་ལྷ་མོ་གནས་པ། བསྒོམ་དབང་དུ་ནམ་མཁའ་བར་སྣང་ས་གཞི་གང་བར་བསྒོམ་མོ། །ཁ་ཁྱེར་གྱིས་ཕྱི་མ་ལ་ཐོད་ཚལ་གྱི་ཕ་གུ་ཡོད་པ། ནང་དུ་ཕྱོགས་སྐྱོང་བཅུ་འདུལ་བའི་རྟགས་སུ། ཞིང་ཆུང་བཅུའི་ཀ་ཐུང་གིས་བར་དུ་རུས་ཆེན་གྱིས་ཏྲག་རྩེ་སྟེ་མིའི་རྩིབས་མ་བསླབ་པའི་ཐོག་ན། གཟའ་དང་རྒྱུ་སྐར་གྱིས་ཁ་བད་བྱས་པའི། གཟའ་བརྒྱད་འདུལ་བའི་རྟགས་སུ། མགོ་མཚམས་བཞིར་བསྣོལ་ཞིང་མཇུག་མ་ལོགས་སུ་བསྣོལ་བའི་ཁ་བད་ཀྱིས་སྟེང་དུ། ཕར་ཕྱིན་བཅུ། སྟོང་ཉིད་བཅོ་བརྒྱད་འཛོམས་པའི་རྟགས་སུ་རྒྱུ་སྐར་ཉེར་བརྒྱད། ནང་གིས་གདུང་མའི་ཕྱོགས་རེ་རེ་ནས་བཞི་བཞི་མཚམས་རེ་རེ་ནས་གསུམ་གསུམ་ལེན་པའི་དྲལ་གྲབ། ཞིང་ཆེན་གྱིས་དྲལ་ཕྲན། མཚོན་ཆ་ལྔའི་སྟེང་ཁེབ། དེའི་ཐོག་ན་ཤ་ཆེན་གྱིས་ཐོག་འཇིམ་གྱི་སྟེང་རྡོ་རྗེའི་ཕོ་གྱོ་མོ་གྱོ་སྦྱི་བསྡུས་ཏེ། རྡོ་རྗེ་ནག་པོ་རྩེ་དགུ་པའི་བུམ་པར་འཁྱིལ་བ། ཐོས་ཆོག་པས་བཞེད་ལ། ཆོས་རྗེས་མཚོན་ཆ་ལྔའི་སྟེང་ཁེབ་མི་བཞེད། གཞན་མཐུན། ལས་བཞིས་གཞན་དོན་མཛད་པའི་རྟགས་སུ། ཤར་གྱིས་སྒོ་སྐེ་ཕྱི་གཅད་དཀར། ལྷོ་སྒོ་སེར། ནུབ་སྒོ་དམར། བྱང་སྒོ་ལྗང་བའོ། །གཞལ་ཡས་ཁང་གིས་ཟུར་བཞི་ན། མི་འཇིགས་པ་བཞིའི་རྟགས་སུ། སེངྒེ། གླང་ཆེན། རྟ་མཆོག །ཤང་ཤང་དང་བཞི་གནས་པར་བཞེད་དོ། །དེའི་ཕྱི་རོལ་ན་ཏ་ལའི་ཤིང་དང་། གསེར་གྱིས་ཚང་ཚང་གིས་བྲེས་པ་ནི། ཐེག་པ་ཐམས་ཅད་ཀྱིས་དམ་ཚིག་རྣམ་པར་དག་པའི་རྟགས་སོ། །དེའི་རྒྱབ་རྡོ་རྗེ་རྭ་བའི་ནང་དུ་དུར་ཁྲོད་ས་གཞི་དམར་ནག་གིས་སྟེང་དུ། དུར་བྱ་ཀཾ་ཀ་དང་། ལི་འདུས་དང་། ལྕེ་སྤྱང་སྟག་གཟིག་དོམ་དྲེད་རོ་གསར་རྙིང་གིས་ཚོགས་དང་བཅས་པའི་ནང་ན་དབང་ཕྱུག་མ་ཉེར་བརྒྱད་ལ་སོགས་མ་མོ་ཐམས་ཅད་ཀྱིས་ཧཱུྃ་ཧཱུྃ་དང་ཕཊ྄་ཕཊ྄། བྷྱོ་བྷྱོ་རུ་ལུའི་སྒྲ་སྒྲོགས་པར་བསྐྱེད་དོ་གསུངས། དེའི་ནང་གིས་གདན་ཡང་གདུལ་བྱ་རྟགས་ལ་རྒྱལ་བའི་རྟགས་སུ། དྲེགས་པ་ཕོ་མོའི་གདན་ནི། དབུས་སུ་རུ་ཏྲ་ཕོ་མོ་དང་མ་ཧཱ་དེ་ཝ་ཕོ་མོ་བསྣོལ་བའི་ཞབས་ན། པདྨ་དང་ཟླ་བ་ཉི་མ་བརྩེགས་པའོ། །ཕོའི་མགོ་གཡས་སུ་ཁ་སྦུབ་མོ་གན་རྒྱལ་མགོ་གཡོན་ནོ། །རྐང་པ་གཉིས་བསྣོལ་བའོ། །ཨེ་ཁྲམ་ཉི་ཤུ་ལ་ཁྲོ་བོ་བཅུའི་གདན་ཉི་མ་བཅུའི་སྟེང་དུ། ཕྱོགས་སྐྱོངས་གིས་རོ་བསྣོལ་མ་བཅུ་བསྒོམ་མོ། །ཁྲ་ཐབས་ཀྱིས་གནས་སུ་རོ་རྐྱང་པ་བཅུ། དམ་ཅན་གྱིས་གནས་སུ་རོ་མགོ་མེད་པ་བཅུ་གཉིས་བསྒོམ་པ་ཆོས་རྗེས་བཞེད་ལ། ཐོས་ཆོག་པས་གཙོ་བོའི་གདན་ལ་གྲུ་གསུམ་གྱི་ནང་དུ་རུ་ཏྲ་ཕོ་མོ་དང་མ་ཧཱ་དེ་བ་ཕོ་མོའི་སྟེང་དུ་ཉི་ཟླ་པདྨ་གསུམ་བརྩེགས་ཁྲོ་བོ་བཅུ་ལ་ཕྱོགས་སྐྱོངས་ཕོ་མོའི་རོ་ཨེ་ཁྲམ་གྱིས་གྲུ་གསུམ་གྱིས་ནང་དུ་བཅུག་པའི་སྟེང་དུ་ཉི་མ། ཁྲ་ཐབས་ཀྱི་གནས་སུ་རོ་རྐྱང་པ་བཅུ་ནི་བསྒྲལ་བའི་ཞིང་བཅུ་སྟེ། རོ་གློ་ཉལ་མགོ་གཡས་སུ་བསྟན་པའི་སྟེང་དུ་ཉི་མ་ལྷ་སྣམ་ལ་རོ་མགོ་མེད་བཅུ་གཉིས་ཟེར་ཡང་། ཤྭ་ན་བཞི་དང་། རེ་ཏི་བཞིའི་གདན་ནི་ལྷ་སྲིན་སྡེ་བརྒྱད་ཡིན་པས་མགོ་ཡོད་ཅེས་གསུང་བསྭེ་མོ་བཞིའི་གདན་ནི་བདུད་བཞི་ཡིན་པས་མགོ་མེད་དོ། །སྤྱི་དོན་ལྔ་པ་བརྟེན་པ་ལྷའི་དཀྱིལ་འཁོར་གྱིས་ལྷ་བསྐྱེད་པ་ལ་བཞི་སྟེ། བདག་རྩ་བའི་དཀྱིལ་འཁོར་དང་། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་དང་། ཕུར་པ་སྲས་ཀྱིས་དཀྱིལ་འཁོར་དང་། དམ་ཅན་སྲུང་མའི་དཀྱིལ་འཁོར་རོ། །དེ་ལ་བདག་རྩ་བའི་དཀྱིལ་འཁོར་ནི། ནམ་མཁའི་ཧཱུྃ་དེ་དབུས་ཀྱིས་གདན་ཐོག་ཏུ་བབ་པ་ལས། འོད་ཟེར་ཕྱོགས་བཅུར་འཕྲོས་པས། བསྐུལ་དོན་གཉིས་བྱས། འོད་དུ་ཞུ་སྟེ་རྡོ་རྗེ་ནག་པོ་རྩེ་དགུ་པ་ཁྲོ་ནལ་བཅུ་དྲུག་དང་ལྡན་པ་མེ་འབར་བའི་ལྟེ་བ་ཧཱུྃ་གིས་མཚན་པ་ནི། སངས་རྒྱས་ཀྱིས་ཐབས་ཡེ་ཤེས་དང་། སེམས་ཅན་གྱིས་རྣམ་པར་ཤེས་པ་རྣལ་འབྱོར་པའི་ཏིང་ངེ་འཛིན་ངོ་བོར་བསྒོམ་པ་ཡིན་པ་དེ་ཡང་རྡོ་རྗེ་རྩེ་དགུར་གནས་པ་ནི། སེམས་ཅན་གྱིས་དུས་སུ་རྣམ་པར་ཤེས་པ་ཚོགས་དགུ་དེ་སངས་རྒྱས་ཀྱིས་ཡེ་ཤེས་དགུར་གནས་སུ་དག་ཅིང་། རྣལ་འབྱོར་བའི་ཏིང་ངེ་འཛིན་གྱི་ཡེ་ཤེས་དགུར་སྣང་བའི་ཕྱིར་རོ། །དེ་ལ་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སྐུ་གསུང་ཐུགས་ཀྱིས་རྒྱུད་བསྐུལ། སེམས་ཅན་གྱིས་ལུས་ངག་ཡིད་གསུམ་གྱིས་སྒྲིབ་པ་སྦྱངས། སླར་འདུས་ནས་སྔགས་བརྗོད་པ་ནི། པདྨའི་གསེར་འགྲེལ་ལས། ཨཱོྂ་ཡི་གེ་ཆ་ལྔ་ཡེ་ཤེས་ལྔ་མཚོན་བྱེད་དམ་ས་བོན། ཨ་ཆོས་དབྱིངས་ཡེ་ཤེས། ན་རོ་མཉམ་ཉིད་ཡེ་ཤེས། ཟླ་ཚེས་མེ་ལོང་ཡེ་ཤེས། ཐིག་ལེ་སོ་སོར་རྟོགས་པའི་ཡེ་ཤེས། འ་བྱ་བ་ནན་ཏན་གྱིས་ཡེ་ཤེས། དེ་ལྟར་མཚོན་པའོ། །བཛྲ་རྡོ་རྗེ་ཀཱི་ལི་ཕུར་བུ་ཀཱི་ལ་ཡ་ཕུར་པ་འདེབས་པ། སརྦ་ཐམས་ཅད་བྷིག་བགེགས་ནན་ཕུར་བུ་རི་རབ་ཀྱིས་མནན་པ། བྃ་དབང་། ཧཱུྃ་ཡི་གེ་ཆ་ལྔ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་བསྐྱེད་ཅིག་པའོ། །ཕཊ྄་ཅེས་སྤྲོས་པ་ཞེས་བྱ་བའི་ཐ་ཚིག་གོ། །ལོ་ཙནྡྲའི་འགྲེལ་པར། ཨཱོྂ་ནི་སྐུ་ལྔ་ཡེ་ཤེས་ལྔ་སྟེ། ཨ་ཆོས་དབྱིངས་ཡེ་ཤེས། ན་རོ་སོར་རྟོགས་ཡེ་ཤེས། ཟླ་ཚེས་མཉམ་ཉིད་ཡེ་ཤེས། ཐིག་ལེ་མེ་ལོང་ལྟ་བུའི་ཡེ་ཤེས། འ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ཡང་བཀྲ་ཤིས་པའི་དོན། སྔགས་ཐམས་ཅད་བྱིན་གྱི་བརླབས་པར་བྱ་བའི་སྔོན་དུ་ༀ་འགྲོ་བ་ཡིན། དེ་ཡབ་སྔགས་སོ། །བཛྲ་ནི་རྡོ་རྗེ་སྟེ། སྟོང་པ་ཤེས་རབ་ཀྱིས་དོན་ཡུམ་གྱིས་སོ། །ཀཱི་ལི་ནི་སྦྲ་རང་ཐད་དུ་ཕུར་པ་ལ་བསྟོད་དེ་བོས་པའོ། །ལྷ་ནི་ཁྲོ་བོ་ཡབ་ཡུམ་བཅུའོ། །ཀཱི་ལ་ནི་ཕུར་པས་ཐོབ་ཅིག་པ་སྟེ། ལྷ་ནི་ཟ་བྱེད་ཡབ་ཡུམ་བཅུའོ། །ཡ་ཞེས་སྲས་མཆོག་ཉེར་གཅིག་གིས་རང་བཞིན། སརྦ་ནི་ཐམས་ཅད། བྷིག་ནི་བགེགས། ནན་ནི་ནོན་ཅིག །བྃ་ནི་ཆིངས་ཤིག །ཧཱུྃ་ནི་ཁམས་གསུམ་རྡོ་རྗེ་ཁྲོ་བོ་སྲིན་པོའི་ལྷ་ཚོགས། ཕཊ྄་ནི་སོད་ཅིག་པའོ། །དོན་ལ་བགེགས་ཐམས་ཅད་ཟུང་ཅིག །ནོན་ཅིག །ཆིངས་ཤིག །རྡོ་རྗེ་སྲིན་པོའི་ལྷ་ཚོགས་ཀྱིས་ཕུར་པ་སྙིང་ཁར་ཐོབ་ལ་སོད་ཅིག་པའོ། །ཧཱུྃ་རྒྱུ་མ་ནོར་བརྩ་བའི་སྔགས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བསྐྱེད་པ་རྐྱེན་གྱི་སྔགས། སརྦ་བྷིགྷན་ལ་སོགས་དད་སྦྲེལ་བ་ནི་བཟླས་པ་ལས་སྔགས་ཡིན་གསུང་། ཡང་ལྷ་དང་སྦྱར་ན། ༀ་ཡེ་ཤེས་ལྔ། བཛྲ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། ཀཱི་ཁྲོ་བོ་བཅུ། ལི་ཁྲོ་མ་བཅུ། ཀཱི་ཟ་བྱེད་ཕ་བཅུ། ལ་མགྱོག་བྱེད་མ་བཅུ། ཡ་བདུད། སརྦ་ཐམས་ཅད། བྷིག་གིང་ཆེན་བཅོ་བརྒྱད། ནན་བདག་ཉིད་ཆེན་མོ་བཞི། བྃ་མ་མོ་བདུན། ཧཱུྃ་སྲིང་མོ་བཞི། ཕཊ྄་བསྲེའི་སྐྱེས་བུ་བཞི། དེ་ལྟར་འདོད་པ་ཡང་སྣང་ངོ་། །ཕྱག་ལེན་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄་ཅེས་བརྗོད་པས། རྡོ་རྗེ་གཞོན་ནུའི་སྐུར་གྱུར་ཏེ། སྙིང་གི་གོ་རུ་བསྒོམ་པར་བྱ། ཅེས་པ་ནི། རྡོ་རྗེ་ཧཱུྃ་དང་བཅས་པ་བསྒོམ་པའོ། །སྙིང་རྗེའི་བསྒྲལ་བའི་དམ་ཚིག་ནི། ཅེས་པ་ནི། འཇིག་རྟེན་པ་བཞིན་ཞེ་སྡང་གིས་བསད་ཅིང་། གཏི་མུག་གིས་མནན་པ་མ་ཡིན་ཏེ། འོད་འཕྲོས་པས་སེམས་ཅན་གྱིས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ནས་ཀྱང་། རྡོ་རྗེ་གཞོན་ནུའི་སྐུ་གྲངས་མེད་པར་གྱུར་པ་ལ་ནི། ཕུང་པོ་རྡོ་རྗེ་གཏམ་བྱས་ནས། ཅེས་སོ། །དེ་དག་ཚུར་འདུས་ཏེ་རྡོ་རྗེ་གཞོན་ནུའི་སྐུར་གྱུར་པ་ལ་ནི། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། ཅེས་ཆོས་རྗེས་བཞེད་ལ། འགྲེལ་པ་ལས། སྙིང་ནི་ཐུགས་ཡང་དག་པའི་ཡེ་ཤེས། གོ་རུ་ནི་དེའི་རྟགས་རྡོ་རྗེ་བསྒོམ་པའོ། །དེའི་འོད་ཟེར་འཕྲོ་འདུ་ལས་འགྲོ་བའི་དོན་བྱས་པ་ནི་སྙིང་རྗེས་བསྒྲལ་བས། སྒྲོལ་བྱེད་རྡོ་རྗེ་གཞོན་ནུར་བསྒོམ་པ། དམ་ཚིག་ནི་ཡུམ་འཁོར་ལོ་རྒྱས་འདེབས་མ་བསྒོམ་པ། དེ་ལྟར་ཡབ་ཡུམ་གཉིས་སུ་མེད་པས་འགྲོ་བ་སྒྲོལ་བ་ཡང་། ཞེ་སྡང་གིས་བསད་ཅིང་གཏི་མུག་གིས་མནན་པ་ལྟ་བུ་ནི་མ་ཡིན། ཐུགས་ཡེ་ཤེས་ཀྱིས་འོད་འཕྲོས་སེམས་ཅན་གྱིས་ལྔ་ཕུང་སྦྱངས་ཏེ་བསྲེགས། སླར་འདུས་བདག་ཉིད་རྡོ་རྗེ་གཞོན་ནུར་གསལ་བའི་བ་སྦུ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ་ཚོན་གང་བས་གཏམ་པ་སྟེ་རེག་མ་རེག་ཙམ་དུ་གནས་པ། གསུང་གི་ཀཱི་ལ་ཡ་སྒྲོགས་པ། སྐུ་ལ་ཡེ་ཤེས་ཀྱིས་འོད་འཕྲོ་བ། སྐུ་བསྐལ་བའི་མེ་དཔུང་གིས་ནང་ན་བཞུགས་པ། གདུལ་བྱ་སེམས་ཅན་ཡང་དེ་ལྟར་གྱུར་པར་བསྒོམ་པ་ནི། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ་ཅེས་བྱའོ། །དེ་ཡང་དབལ་ནི་ཕུན་སུམ་ཚོགས་པ། རྡོ་རྗེ་ནི་རང་བྱུང་ཡེ་ཤེས་སྐྱེ་འཇིག་མེད་པ་གཞོན་ནུ་ནི་ཆོས་སྐུ་ལ་བསྒྲེས་གུད་མི་མངའ་བ། སྐུ་མདོག་མཐིང་ནག་ནི་ཆོས་ཉིད་འགྱུར་བ་མེད་པ། དེ་ཡང་དབུ་གསུམ་རྣམ་ཐར་གསུམ་མམ་སྐུ་གསུམ་གྱི་ངོ་བོ་ཕྱག་དྲུག་ནི་འགྲོ་དྲུག་གིས་སྐྱེ་སྒོ་གཅོད་ཅིང་ལམ་ཕར་ཕྱིན་དྲུག་དང་ལྡན་ཞིང་། འབྲས་བུ་ཡེ་ཤེས་ལྔ་དབྱིངས་དང་དྲུག་གམ། སྐུ་དྲུག་ཐོབ་པའི་རྟགས། ཞབས་བཞི་ནི་ཚད་མེད་པ་བཞིའི་ཆོས་ཀྱི་དབྱིངས་ལས་མི་བསྐྱོད་ཅིང་ཐུགས་མི་འཇིགས་པ་བཞིས་རང་གཞན་གྱིས་དོན་རྫོགས་པར་མཛད་པའི་རྟགས། རྡོ་རྗེའི་གཤོག་པ་གདེང་པ་ནི། དབྱིངས་དང་ཡེ་ཤེས་ཀྱིས་ཐམས་ཅད་ལ་ཁྱབ་པའི་མཐའ་གཉིས་སུ་མི་བྱིང་བའི་རྟགས། སྐུ་ལ་བསྐལ་པའི་མེ་འབར་བ་ནི། ཡེ་ཤེས་ཀྱིས་ཉམས་འབར་བའི་རྟགས། ཞལ་གཡས་དཀར་བ་ནི་སྐུ་སྟེ། གཟུང་འཛིན་ནམ་དངོས་འཛིན་གྱིས་སྐྱོན་མི་མངའ་བས། སྐུ་གསུམ་ལ་ལོངས་སྐུ། རྣམ་ཐར་གསུམ་ལ་མཚན་མ་མེད་པ། གཡོན་དམར་བ་ནི་གསུང་སྟེ། གཞན་དོན་ལ་ཆགས་པ་དང་། སྐུ་ནི་སྤྲུལ་སྐུ་དང་། རྣམ་ཐར་ནི་སྨོན་པ་མེད་པ། དབུས་མཐིང་ནག་སྐུ་དང་མཐུན་པ་ནི། ཐུགས་རྣམ་པར་དག་པས། སྐུ་ནི་ཆོས་སྐུ། རྣམ་ཐར་ནི་སྟོང་པ་ཉིད། མཐིང་ནག་ནི་དྲག་པོའི་གདུལ་བྱ་འདུལ་བར་བྱེད་པའོ། །ཕྱག་དྲུག་གིས་གཡས་ཀྱིས་དང་པོ་ན་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་དགུ་པ་བསྣམས་པ་ནི། ཁམས་གསུམ་ས་དགུ་འཇོམས་ཞིང་ཐེག་པ་དགུའམ་ཡེ་ཤེས་དགུ་ལ་སྦྱོར་བའི་རྟགས། དེ་ལྟར་ལྷུན་གྲུབ་ཡེ་ཤེས་ལ། ཉོན་མོངས་པས་མི་འཁྲུགས་པས། བསམ་གཏན་གྱིས་ཕ་རོལ་ཏུ་ཕྱིན་པ་དང་སྦྱར། བར་མ་ན་རྡོ་རྗེ་རྩེ་ལྔ་པ་བསྣམས་པ་ནི། འཁོར་བའི་སེམས་ཅན་གྱི་དོན་མཛད་ནས་ལམ་རྒྱུད་ལྔའི་དུག་ལྔ་རྩད་བཅད་ནས་ཡེ་ཤེས་ལྔ་ལ་སྦྱོར་བའི་རྟགས། དེ་ཡང་ཡར་རྩེ་ཡབ། མར་རྩེ་ཡུམ། ལྟེ་བ་འདུ་འབྲལ་མེད་པའི་བྱང་ཆུབ་སེམས་ཀུན་ལ་ཁྱབ་པའི་བདག་ཉིད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར། ཕྱག་མཚན་དེ་གཉིས་ནི་ནང་རྟགས་ཕྱིར་ཤར་བས་རྟགས་དེ་དག་ཡེ་ཤེས་ཀྱི་ཕྱག་མཚན་ནོ། །གཡོན་གྱིས་དང་པོ་ན་མེ་དཔུང་བསྣམས་པ་ནི། ཕྱི་རོལ་ཏུ་བདུད་དང་མུ་སྟེགས་བསྲེགས་ཅིང་། ནང་དུ་ཁམས་གསུམ་གྱི་དུག་གསུམ་བསྲེགས་རྟགས། དེ་ཡང་ཉོན་མོངས་པའི་བུད་ཤིང་ཡེ་ཤེས་ཀྱིས་མེས་བསྲེགས་པས། ཉོན་མོངས་པའི་མི་ནོན་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར། འདི་ནི་སྲིད་པ་ཟ་བྱེད་ཀྱི་ཕྱག་མཚན་ནོ། །བར་མ་ན་ཁ་ཊཱཾ་ཀ་བསྣམས་པ་ནི། རྒྱལ་བྱེད་དཔའ་རྟགས་ཀྱིས་ཕྱག་མཚན་སྟེ། བདུད་ཀྱི་ལག་ཆ་ཕྲོག་ནས་ཕྱག་ཏུ་འཛིན་པ། རྩེ་གསུམ་ཡོད་པ་ནི་ཀུན་ཏུ་ཀྱི་སའམ། ཆོས་སྐུ་པདྨ་ཅན་གྱི་སའམ་ལོངས་སྐུ། ཡི་གེ་འཁོར་ལོའི་སའམ་སྤྲུལ་སྐུ་སྟེ། དེ་ལྟར་གསུམ་མཐར་ཕྱིན་ཏེ། སྐུ་གསུམ་ལྷུན་རྫོགས་མཚོན་པའམ། དུག་གསུམ་རྩད་ནས་གཅོད་པའི་རྟགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་གསུང་ཐུགས་ལ་མངའ་བརྙེས་ཏེ། དོན་དེ་ཉིད་རྩོལ་པ་མེད་པར་ལྷུན་གྱིས་གྲུབ་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར། ཕྱག་ཐ་མ་གཉིས་ན་རི་རབ་ལྟ་བུའི་ཕུར་པ་དྲིལ་བ་ནི། རྒྱལ་བྱེད་སྲིད་པ་ཡོངས་སྒྲོལ་གྱི་ཕྱག་མཚན་སྟེ། ཁམས་གསུམ་དུག་གསུམ་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱིས་ངང་དུ་སྒྲོལ་བའི་རྟགས། དེ་ཡང་ཁམས་གསུམ་གྱི་ཉོན་མོངས་པ་རྩད་ནས་བཅད་པ་སྟེ། ཤེས་རབ་ཀྱིས་ཕ་རོལ་དུ་ཕྱིན་པའམ། འཁོར་བ་མ་སྤང་ཐབས་མཁས་པས། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར། ཡང་ན་རྡོ་རྗེ་རྩེ་དགུ་ཐེག་པ་དགུ། ཡིག་འབྲུ་དགུ་ཕུར་པ་དོན་གྱི་ལྷ་དགུའི་རང་བཞིན། རྩེ་ལྔ་ནི་ཡེ་ཤེས་ལྔ། ཡིག་འབྲུ་ལྔ་ཀཱི་ལ་ཡ་རིགས་ལྔའི་རང་བཞིན། མེ་དཔུང་ནི་ཉོན་མོངས་པ་བརྒྱད་ཁྲི་བསྲེགས་ཅིང་ཡིག་འབྲུ་སྔགས་ཐམས་ཅད། ལྷ་ནི་ལྷ་ཚོགས་ཐམས་ཅད་ཀྱིས་རང་བཞིན། ཁ་ཊྭཱཾ་ནི་དུག་གསུམ་འཇོམས་པའི་ཡིག་འབྲུ་གསུམ། ལྷ་ཀཱི་ལ་ཡ་རིགས་གསུམ་གྱི་རང་བཞིན། ཐ་མ་གཉིས་ཕུར་པ་དྲིལ་བ་ནི། མེ་ལོང་ཡེ་ཤེས་ཀྱིས་མ་རིག་པ་རྩད་ནས་གཅོད་པ། ཡི་གེ་ཧཱུྃ། ལྷ་བཛྲ་ཀཱི་ལ་ཡ་ཐུགས་ཀྱིས་རང་བཞིན་ནོ། །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ་ནི། ཁམ་པ་ཐབས། ནག་པ་ཤེས་རབ། དེ་མཐའ་གཉིས་སུ་མ་ཉལ་བའི་རྟགས་སུ་གྱེན་དུ་བརྫེས་པ། ཐུགས་ཆོས་སྐུ་སྤྲོས་པ་དང་བྲལ་བའི་རྟགས་སུ་ཟླུམ་པོ། དབུ་རེ་རེ་ལ་ཐོད་སྐམ་ལྔ་ལྔས་བརྒྱན་པ་ནི། འདས་པའི་སངས་རྒྱས་མཚོན། ཐུགས་ཡེ་ཤེས་ལྔའི་རྟགས་སུ་རིགས་ལྔའི་སངས་རྒྱས་དབུ་ལ་བཞུགས་པ་སྟེ། སྤྱི་གཙུག་ཏུ་མི་བསྐྱོད་པ་སྔོ། དཔྲལ་བར་རྣམ་སྣང་དཀར། རྣ་ལྟག་གཡས་སུ་རིན་འབྱུང་སེར། ལྟག་པར་སྣང་མཐའ་དམར། རྣ་ལྟག་གཡོན་པར་དོན་གྲུབ་ལྗང་། དེ་དག་ཀྱང་མཚན་དང་དཔེ་བྱད་ཀྱིས་སྒེག་པ། ཞལ་སྤྱིར་གཟིགས་པས་བརྒྱན་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་སྟེ་དགུ། དབུས་མ་གསུམ་གྱེན་དུ་གཟིགས་པ། དོན་ཆོས་སྐུ་ལ་དགོངས་པའི་རྟགས། གཡས་པ་གསུམ་སྡོང་མིག་ཕྱག་གིས་ཕུར་པ་ལ་གཟིགས་པ། ཞིང་བཅུ་དབྱིངས་སུ་སྒྲོལ་བ། གཡོན་པ་གསུམ་ཡུམ་ལ་གཟིགས་པ། ཡབ་ཡུམ་གཉིས་སུ་མེད་པའི་རྟགས། དེ་ཡང་གཡས་པ་ནི་ཐབས་ཀྱིས་སྤྱན། དབུས་མའི་གསུམ་ཡེ་ཤེས་ཀྱི་སྤྱན་དེ་ཡང་དུས་གསུམ་མཁྱེན་པའི་རྟགས་སོ། །ཡང་ན་སྤྱན་དགུ་ས་དགུ་ལ་གཟིགས་པའོ། །ཁྲོ་གཉེར་གཡས་གཡོན་གཉིས་སུ་ལྔ་ལྔ་སྟེ་བཅུ་ནི་སྟོབས་བཅུ་མངའ་བ། ཁྲོ་གཉེར་དབུས་མ་འགྲེང་བུ་སྟེ་གྱེན་དུ་སྒྲེང་བ་ནི། མཐའ་གཉིས་སུ་མ་ཉལ་བའོ། །ཞལ་གསུམ་གདང་བ་ནི། དུག་གསུམ་ཞལ་དུ་གསོལ་བའོ། །ཞལ་རེ་རེ་ན་མཆེ་བ་བཞི་རེ་བརྩིགས་པ་ནི། ཉོན་མོངས་པ་སྐྱེ་ཤི་ན་རྒས་བཞི་རྩད་ནས་གཅོད་པའོ། །ཡང་ན་མཆེ་བ་དཀར་བ་ནི། ཆོས་སྐུ་ལ་སྐྱོན་གྱིས་མ་གོས་པ། རྩ་བ་དམར་བ་ནི་ཐུགས་རྗེ་ཆགས་པ། རྩེ་མོ་རྣོ་བ་ནི་གཟུང་འཛིན་དབྱིངས་སུ་སྒྲོལ་བའོ། །དེ་ལ་རྒྱན་ནི། དཔལ་ཆས་བརྒྱད་དང་། དུར་ཁྲོད་ཆས་བརྒྱད་དང་བཅུ་དྲུག་སྟེ། དེ་ལ་དཔལ་ཆས་བརྒྱད་ལ་མནབ་པའི་རྒྱན་གསུམ་ལ། ཐེག་ཆེན་མཆོག་གིས་རྒྱན་ནི། སྐུ་སྟོད་ལ་གླང་ཆེན་གྱིས་རྐོ་རློན་ཡ་བ་ཀོར་བ་ནི། བ་ཡད་ཉོ་བ་དེའི་སྒྲ་ལ་དྲང་ན། མ་རིག་པའི་རྒྱུ་འབྲས་གནས་སུ་དག་པའམ། ཐེག་པ་དགུ་ཐུགས་ཡེ་ཤེས་སུ་དག་པའི་རྟགས་སོ། །དཔའ་གཏུམ་ཟ་བྱེད་ཀྱི་རྒྱན་ནི། སྐུ་སྨད་ལ་སྟག་ལྤགས་ཀྱིས་ཤམ་ཐབས་བྱས་པ་ནི། པ་ར་མ་རྩ་ར་མ་ཞེས་པའི་སྒྲ་ལས་དྲང་ན། བདུད་དང་མུ་སྟེགས་འཇོམས་པའི་ཐུགས་རྗེ་དཔའ་གཏུམ་གྱི་ཕྲིན་ལས་ཀྱི་འགྲོ་དོན་ལ་བཤོལ་བ་མེད་པར་མཛད་པའོ། །ཚུལ་ཁྲིམས་གོས་ཀྱིས་རྒྱན་ནི། ཞིང་ལྤགས་ཀྱིས་སྐེད་ད ཀྲིས་ནི། ཉན་ཐོས་ཀྱིས་ཚུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། གསང་སྔགས་ཀྱིས་དམ་ཚིག་དང་གསུམ་དཔལ་ཆེན་གྱིས་ཐུགས་ལ་རྫོགས་པའམ། ཕྱོགས་བཅུའི་ཞིང་ཁམས་དབང་དུ་སྡུད་པའི་རྟགས་སོ། །ཐོད་རློན་ལྔ་བཅུ་རྩ་གཅིག་གིས་ཕྲེང་བ་སེ་རལ་ཁར་ཐོགས་པ་ནི། མ་འོངས་པའི་སངས་རྒྱས་མཚོན། ཁྲོ་བོའི་དཀྱིལ་འཁོར་བསྒོམ་པ་ལ་དུར་ཁྲོད་ཆས་བརྒྱད། དཀྱིལ་འཁོར་གྱིས་མཐར་བཀོད་པ་དང་། རྒྱན་དུ་ཐོགས་པ་གཉིས་ལས། འདིར་རྒྱན་དུ་ཐོགས་པ་སྟེ། དུར་ཁྲོད་ཀྱིས་ཆས་བརྒྱད་ནི། དུར་ཁྲོད་ན་ཀླུ་བརྒྱད་དབང་ཆེ་སྟེ། དེ་བསྡུ་ན་ཀླུ་རིགས་ལྔའམ། རིགས་བཞིར་འདུས་ཏེ། སྦྲུལ་དཀར་པོའི་རྒྱལ་རིགས་སྟེ་དབུ་སྐྲ་བཅིང་པ་དང་སྐུ་ལ་བརྒྱན་པ། རྗེའུ་རིགས་སེར་པོའི་སྙན་ཆ་བྱས་པ། བྲམ་ཟེའི་རིགས་དམར་པོས་གདུ་གུ་བྱས་པ། དམངས་རིགས་ནག་པོས་རྐང་རྒྱན་བྱས་པ། ཡང་ན་རྒྱལ་རིགས་དཀར་པོས་དབུ་སྐྲ་བཅིང་པ། རྗེའུ་རིགས་སེར་པོས་སྙན་ཆ། བྲམ་ཟེ་དམར་པོས་འགུལ་པ་དང་དཔུང་རྒྱན་བྱས་པ། གདོལ་པ་ལྗང་ཀུས་སྐེ་རག །དམངས་རིགས་ནག་པོས་ཕྱག་གདུབ་དང་ཞབས་གདུབ་བྱས་པ་ནི། ཞེ་སྡང་གནས་སུ་དག་པ་སྟེ། སྐུའི་རྒྱན་དུ་ཡང་ཡིན་ལ། མཉེན་ལྕུག་འཁྲིལ་བའི་ཡུམ་གྱིས་རང་བཞིན་ཡིན་ནོ། །བྱུག་པའི་རྒྱན་གསུམ་ནི། དོན་དམ་བཅུད་ཀྱིས་རྒྱན་ཞག་གི་ཟོ་རིས་མཁུར་བ་ལ་སྣུམ་ཆེན་གྱིས་ཐིག་ལེས་བརྒྱན་པ་ནི། ཞག་རུས་པའི་བཅུད་ཡིན་པ་ལྟར། ཐེག་པ་ཐམས་ཅད་ཀྱིས་བཅུད་དམ་སྙིང་པོ་གསང་སྔགས་ཡིན་པས། དེ་རྟོགས་པའི་རྟགས། ཐུགས་རྗེ་ཆགས་པའི་རྒྱན་རཀྟའི་ཐིག་ལེ་བྲང་དང་ཁ་ལ་བརྒྱན་པ་ནི། རྟོགས་པས་བདག་དོན་ལ་ཆགས། ཐུགས་རྗེས་གཞན་དོན་ལ་ཆགས་ཏེ། ཆགས་གཉིས་མི་གཏོང་བའི་རྟགས་སོ། །ཕྲིན་ལས་ལྷུན་གྱི་གྲུབ་པའི་རྒྱན་ཐལ་ཆེན་གྱིས་ཚོམ་བུ་ཐལ་གོང་ལ་བརྒྱན་པ་ནི། འདུལ་བའི་ཕྲིན་ལས་ཀྱི་དྲེགས་བཅན་དབང་དུ་བསྡུ་བའི་རྟགས་སོ། །ཡང་ན་ཆོས་ཐམས་ཅད་བདག་འཛིན་དང་བྲལ་ཞིང་ཐེག་པ་ཆེན་པོ་མཚོན་གསུང་ཀྱང་བརྟག་པར་བྱའོ། །ཡང་ན་བྱུག་པའི་རྒྱན་གསུམ་ནི། སངས་རྒྱས་ཀྱིས་ས་གསུམ་ནོན་པའི་རྟགས་ཡིན་ཞེས་སྙིང་རྗེ་རོལ་པའི་རྒྱུད་ལས་བཤད་དོ། །ཐོགས་པའི་རྒྱན་གཉིས་ལ་ཚོགས་བདག་དུར་ཁྲོད་ཀྱིས་རྒྱན་ཡན་ལག་གི་ཚིག་མདོ་རྣམས་ལ་ཀིང་རུས་ལ་བཟོས་པའི་ཕྲེང་བ་ཞིང་རྒྱུས་ཀྱིས་ཕེང་ལུང་བྱས་པས་བརྒྱན་པ་ནི། དུར་ཁྲོད་བདག་པོ་བསྒྲལ་བའི་རྟགས་སོ། །དཔུང་པ་ལ་ཐོད་པ་ར་རི་དང་ཁྲལ་ཁྲོལ་གྱིས་བརྒྱན་པ་ནི། ད་ལྟར་གྱིས་སངས་རྒྱས་ཏེ། དེ་ལྟར་ཐོད་པ་ཚར་གསུམ་ནི་དུས་གསུམ་གྱི་སངས་རྒྱས་ཀྱིས་ཕྲིན་ལས་རྟོགས་པའི་རྟགས་སོ། །ཞབས་རྒྱབ་མ་གཉིས་གཡས་བརྐྱང་པ་ནི། ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པའོ། །གཡོན་བསྐུམ་པ་ནི་ཤེས་རབ་ཀྱིས་དབྱིངས་རྟོགས་ཀྱང་མྱ་ངན་ལས་འདས་པའི་པའི་མཐའ་ལས་མི་གནས་པའོ། །ཡང་ན་ཞབས་ནང་མ་གཉིས་གཡས་བསྐུམ་པ་ནི་ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་ན་ཡང་། ཆོས་ཀྱི་དབྱིངས་ལས་མ་གཡོས་ཤིང་འཁོར་བའི་མཐའ་མི་གོས་པའི་རྟགས་སོ། །གཡོན་བརྐྱང་བ་ནི་ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་ན་ཡང་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི་རྟགས་སོ། །ཡང་ན་ཞགས་བཞི་འདོར་ཐབས་ནི། བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་བཞིའི་རྟགས། གཡས་བསྐུམ་པ་ཤེས་རབ་ཀྱིས་འཁོར་བའི་མཐའ་མི་གནས་པ། གཡོན་བརྐྱང་པ་ཐབས་ཏེ་མྱ་ངན་ལས་འདས་པའི་མཐར་མི་གནས་པ། རྒྱབ་མ་གཉིས་ཀྱི་གཡོན་བསྐུམ་པ་ནི་ཐབས་ཀྱིས་འགྲོ་དོན་མཛད་ཀྱང་དབྱིངས་ལས་མ་གཡོས་པ། གཡས་ཅུང་ཟད་བརྐྱང་པ་ནི། འཁོར་བའི་མཐའ་མ་སྤངས་ཉིད་ནི་ཡེ་ཤེས་ཀྱིས་དོན་མཛད་པའོ། །ཡུམ་བསྐྱེད་པ་ཡང་ལུས་དང་གྲིབ་མའི་ཚུལ་དུ་ཡབ་གྲུབ་ན་ཡུམ་གྲུབ་སྟེ་སྐུ་མདོག་ཡབ་དང་མཐུན་པ་ཞལ་གཅིག་ཆོས་ཉིད། ཕྱག་གཉིས་ཐབས་ཤེས། ཞབས་གཉིས་ཞི་གནས་དང་ལྷག་མཐོང་རྣམ་པར་དག་པའོ། །གཡས་ཁ་ཊྭཱྃ་ཀ་ཡབ་ལ་འཁྱུད་པ་ནི། དབྱིངས་ཀྱིས་ཡེ་ཤེས་དང་འདུ་འབྲལ་མེད་པར་ཐུགས་དམ་བསྐུལ་བ། གཡོན་ཐོད་ཁྲག་སྙིང་དང་བཅས་པ་ཡབ་ལ་སྟོབས་པ་ནི། ཁམས་གསུམ་གྱིས་ཉོན་མོངས་པའི་རྒྱུད་སྦྱང་བའོ། །ཐལ་བའི་ཚོམ་བུ་མ་གཏོགས་པ། རྒྱན་དང་ཆ་ལུགས་ཡབ་དང་འདྲ་བ་ལས། ཡུམ་ཆོས་དབྱིངས་སྤྲོས་བྲལ་མཚོན་པའི་རྟགས་སུ། གཟིག་གི་ཤམ་ཐབས་གཤོག་པ་མེད་པ། ཐོད་སྐམ་གྱིས་ཕྲེང་བ་ཡོད་པའོ། །ཡབ་ཀྱིས་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་འདྲ་བ། དེའི་ཐུགས་ཀར་རྡོ་རྗེ་ཧཱུྃ་དང་བཅས་པ་བསྒོམ་པ་ནི། ཐུགས་ཙིཏྟ་རིན་པོ་ཆེའི་གུར་ཕུབ་པ་ལྟ་བུའི་ནང་ནས། ཟླ་བ་དུད་རྩེ་ཙམ། དེའི་སྟེང་དུ་ཡེ་ཤེས་སེམས་དཔའ་རྡོ་རྗེ་གཞོན་ནུ་རང་འདྲ་བ་ཕྱག་མཚན་དང་རྒྱན་མེད་པ་སྐུ་ཚོན་གང་བ། དེའི་ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་ནག་པོ་རྩེ་དགུ་པ་ནས་འབྲས་ཙམ་གྱིས་སྟེང་དུ་ཐུགས་ཡེ་ཤེས་འོད་གསལ་བ་མཚོན་པའི་ཧཱུྃ་ཡིག་འབྲུ་དགུ་སྤུས་བྲིས་པ་ལྟ་བུའི་གཡས་སུ་འཁོར་བའོ། །ཡུམ་གྱིས་ཐུགས་ཀར་བྷནྡྷ་དེའི་ནང་དུ་ཟླ་བ་དེའི་སྟེང་དུ་ཧཱུྃ་ལས། ༀ་ཏིཔྟ་ཙཀྲ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་གིས་གཡོན་དུ་འཁོར་བའོ། །དེ་ནི་བདག་རྩ་བའི་དཀྱིལ་འཁོར་རོ། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་ནི། མངལ་གྱིས་བག་ཆགས་སྦྱང་བའི་ཕྱིར། ཡབ་ཡུམ་གཉིས་ཀྱི་མཁའ་གསང་བྱིན་གྱིས་བརླབས་ཏེ། ཡབ་ཀྱིས་གསང་གནས་སུ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རྡོ་རྗེ་ནག་པོ་རྩེ་དགུ་པའི་ལྟེ་བ་ལ་ཧཱུྃ། ཕྱི་རྩེ་ལ་ཕཊ྄། ནང་རྩེ་ལ་ༀ། ཡུམ་གྱི་གསང་གནས་སུ་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ། ཟེའུ་འབྲུ་ལ་ཨྃ་དམར་པོས་མཚན་པའོ། །དེ་ལ་འོད་འཕྲོས་པའམ། ཡབ་ཀྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བསྡུས་ནས་རང་གི་ཞལ་དུ་ཞུགས། སྐུའི་དབྱིབས་སུ་བརྒྱུད། ཡབ་ཡུམ་གཉིས་མ་ཆགས་ཐབས་ཀྱིས་རོལ་པ་མཛད་པས་རྡོ་རྗེ་སྦུམ་ནས། ཡུམ་གྱི་མཁའ་ལ་ཕབ་སྟེ། བྱང་ཆུབ་སེམས་ཀྱི་ཆ་དང་པོ་བསྒྲིལ་མ་བཅུར་གྱུར་ཏེ། ཕྱིར་འཕྲོས་པས་ཕྱོགས་སྐྱོངས་བཅུའི་གདན་ཐོག་ཏུ་བབ་པ་ལས། ཁྲོ་བཅུ་ཁྲ་ཐབས་དང་བཅས་པ་བསྐྱེད་པ་ནི། ཁྲོ་བོ་ནི་དཔལ་ཆེན་པོའི་སྤྲུལ་པ་སྟེ། མི་དགེ་བ་བཅུ་འཇོམ་ཞིང་། ཕྱོགས་སྐྱོངས་བཅུ་ཟིལ་གྱིས་གནན་ནས། སྐུ་སྟོབས་བཅུ་རྫོགས་པའི་རྟགས། ཁྲ་ཐབས་ནི་དབུ་བརྙན་དུ་མ་ཡོད་པས། ཐབས་ཐུགས་རྗེ་བསམ་གྱིས་མི་ཁྱབ་པས། དབུ་བརྒྱན་སོ་སོ་དང་མཐུན་པའི་སྤྲུལ་པ་དུ་མར་ཤར་ནས་འགྲོ་དོན་མཛད་པའི་རྟགས་སོ། །བྱེ་བྲག་སོ་སོའི་དོན་རྟགས་ནི། ༀ་ཡེ་ཤེས་ལྔ། བཛྲ་རྡོ་རྗེ་སྟེ་ཐུགས་སམ་ཡེ་ཤེས་སོ། །ཀྲོ་དྷ་ཁྲོ་བོ་སྟེ་ཡེ་ཤེས་ཉོན་མོངས་པ་ལ་ཁྲོ་བའོ། །ཧཱུྃ་སྡུད་པ་སྟེ། ཡེ་ཤེས་ལྔར་སྦྱོང་བའོ། །ཀ་ར་ཧཱུྃ་བྱེད་པ་ཅེས་ཡོན་ཏན་གྱི་སྡུད་པའམ་དོན་བྱེད་པའོ། །གརྫ་གརྫ་ནི་སྒྲོགས་ཤིག་སྒྲོགས་ཤིག་པ་སྟེ། འགྲོ་བ་ལ་ཆོས་སྒྲོགས་པའོ། །ཧཱུྃ་སྡུད་པ། ཕཊ྄་སྤྲོས་པའམ་སྒྲོལ་བའོ། །མཚན་གྱིས་ཁྱད་པར་སོ་སོར་མ་གཏོགས་པ་སྔགས་ཀུན་དེ་ལྟར་དུ་ཤེས་པར་བྱའོ། །མདུན་དུ་ཨེ་ཁྲམ་གྱིས་ཉི་ཟླ་དམར་སེར་ཕོ་མོའི་སྟེང་དུ། ཁྲོ་བོ་ཆེན་པོ་ཧཱུྃ་མཛད་དང་། ཡུམ་རྡོ་རྗེ་སྒྲ་འབྱིན་མ་སྟེ། ཡང་ན་ཧཱུྃ་ཀ་ར་ནི་ཕྲིན་ལས་ལ་མཚན་དུ་གསོལ་བ་སྟེ། གདུལ་བྱ་བསྒྲལ་བའི་རྣམ་པར་ཤེས་པ་ཧཱུྃ་དུ་མཛད་ནས་འོག་མིན་དུ་སྦར་བའི་ཕྱིར་རོ། །ཡུམ་ནི་ཆོས་ཀྱི་དབྱིངས་སོ། །རྡོ་རྗེ་ནི་དབྱིངས་ཡེ་ཤེས་དབྱེར་མེད་པའོ། །སྒྲ་འབྱིན་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྒྲ་སྒྲོགས་པས། ལྟ་ངན་གྱི་ཚོགས་འཇིགས་པར་བྱེད་པའི་ཕྱིར་རོ། །དེའི་མཆན་གཡོན་ཕྱོགས་སུ། སྤྲུལ་པའི་ཕྲ་མེན་མ། ཕག་གིས་མགོ་ཅན་དང་སྨྲིག་བུའི་མགོ་ཅན་ནི། གདུལ་བྱ་ལྟ་ན་སྟེང་ཉི་ཟླ་གཟའ་སྐར་གྱིས་འཁོར་ན་དྲེགས་པ་དེ་ལྟ་བུ་ཡོད་པ་འདུལ་བའོ། །གདུལ་བྱེད་ཡེ་ཤེས་ལྟར་ན། ཕག་གཙང་སྨེ་མེད་པ་ལྟར། འགྲོ་དོན་ལ་བླང་དོར་མེད་པའོ། །སྨྲིག་བུ་སྒྱུ་ཆེ་བ་ལྟར་ཡེ་ཤེས་ཀྱིས་འགྲོ་བ་འདུལ་མཁས་པའོ། །ༀ་བཛྲ་ཀྲོ་དྷ་འབྲུ་གོང་དང་མཐུན། བི་ཛ་ཡ་རྣམ་པར་རྒྱལ་བ་སྟེ། ཐུགས་ཡེ་ཤེས་བདུད་ལས་རྒྱལ་བ་མཚོན་ནོ། །ཧཱུྃ་འབྲུ་མཐུན། ཧ་ན་ཧ་ན་རྒྱོབ་ཅིག་རྒྱོབ་ཅིག་པ་སྟེ། ཡེ་ཤེས་ཀྱིས་ཉོན་མོངས་པ་འཇོམས་པའོ། །ཧཱུྃ་ཕཊ྄་འབྲུ་མཐུན། ཤར་ཕྱོགས་སུ་བརྒྱ་བྱིན་དཀར་པོ་ཕོ་མོའི་སྟེང་དུ། ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་སྙེམ་མ་སྟེ། ཡང་ན་རྣམ་པར་རྒྱལ་བ་ནི། དོན་ལ་མཚན་དུ་གསོལ་བ་སྟེ། མཐའ་གཉིས་ལས་རྣམ་པར་རྒྱལ་བའི་ཕྱིར་རོ། །ཡུམ་རྡོ་རྗེ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱིས་མཚན་ནོ། །སྙེམ་མ་ནི་དབྱིངས་ལ་མངའ་བརྙེས་པའོ། །སྤྲུལ་པའི་ཕྲ་མེན་མ་སྟག་དང་བྱ་རྒོད་ཀྱིས་མགོ་ཅན་ནི། གདུལ་བྱེད་ལྟར་ན། སྟག་ནི་དཔའ་གཏུམ་ཟ་བ་བཞིན་དུ། ཐུགས་རྗེ་ཡེ་ཤེས་ཀྱིས་གདུལ་བྱ་སྒྲོལ་བའོ། །བྱ་རྒོད་ནི། སེམས་ཅན་གཞན་གྱིས་གསོད་པའི་རོ་ལ་ཟ་བ་བཞིན་དུ། འགྲོ་བ་ལ་སྙིང་རྗེས་དགེ་སྡིག་གིས་ཆོས་སྟོན་ཅིང་འཕུར་རྩལ་ཆེ་བ་ལྟར། ལྟ་སྤྱོད་ཀྱིས་འགྲོ་བའི་ཉོན་མོངས་གཅོད་པའོ། །གདུལ་བྱ་ལྟར་དྲི་ཟའི་འཁོར་ནི་དྲེགས་པ་སྟག་དང་བྱ་རྒོད་ཀྱིས་མགོ་ཅན་ཡོད་པ་འདུལ་བའོ། །ༀ་བཛྲ་ཀྲོ་དྷ་འབྲུ་མཐུན། ནི་ལ་དཎྜ་ཧཱུྃ་ཅེས་པ་ནི། དབྱུག་པ་སྔོན་པོ་སྟེ། ཐུགས་མཚན་སྟེ་ཐུགས་ཡེ་ཤེས་ཀྱིས་ལོག་རྟོག་འཇོམས་པའོ། །ད་ཧ་ད་ཧ་ཧཱུྃ་ཕཊ྄་ནི་གསོལ་ཅིག་གསོལ་ཅིག་པ་སྟེ། ཉོན་མོངས་པ་མི་གནས་པའོ། །ཤར་ལྷོར་མེ་ལྷ་དམར་སེར་ཕོ་མོའི་སྟེང་དུ་ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན་དང་། ཡུམ་རྡོ་རྗེ་སྡེར་མོ་སྟེ། ཡང་ན་དབྱུག་པ་སྔོན་པོ་ནི་ཕྱག་མཚན་ལ་མཚན་དུ་གསོལ་བ་སྟེ། རིན་པོ་ཆེའི་དབྱུག་པ་སྔོན་པོ་བསྣམས་ཡང་གསུངས། རྡོ་རྗེ་སྡེར་མོ་ནི་ཐུགས་རྗེའི་མཚན་ཏེ། འགྲོ་དྲུག་གནས་སུ་འདྲེན་པའམ། དབྱིངས་ལས་མ་གཡོས་པར་ཡེ་ཤེས་ཀྱི་གདུལ་བྱ་འཛིན་པའོ། །སྤྲུལ་པའི་ཕྲ་མེན་མ་གཡག་དང་བྱ་རོག་གིས་མགོ་ཅན་ནི། གདུལ་བྱེད་ལྟར་ན། གཡག་གིས་མགོ་ཅན་ནི། ཐུགས་རྗེ་ཡེ་ཤེས་ལྟར་མཐས་མི་འགྱུར་བའོ། །བྱ་རོག་ནི་འཁུ་ཁྲིག་ཆེ་ཞིང་ཚེ་གསུམ་དྲན་པ་ལྟར། ཐུགས་ཆོས་ཉིད་དུས་གསུམ་དབྱེར་མེད་པ་ལ་འགྲོ་དོན་འཆར་བའོ། །གདུལ་བྱ་ལྟར་ན་ཤར་ལྷོ་མེ་ལྷའི་འཁོར་ན་དྲེགས་པ་ཅན་གཡག་དང་བྱ་རོག་མགོ་ཅན་ཡོད་པ་འདུལ་བའོ། །ༀ་བཛྲ་ཀྲོ་དྷ་འབྲུ་མཐུན། ཡ་མཱནྟ་ཀ་ཧཱུྃ། ཞེས་གཤིན་རྗེ་གཤེད་ཅེས་གདུལ་བྱ་ལ་བཏགས་པའོ། །པ་ཙ་པ་ཙ་ཧཱུྃ་ཕཊ྄་ནི་ཆོམ་ཤིག་ཆོམ་ཤིག་པ་སྟེ། གདུལ་བྱའི་ཉོན་མོངས་པ་བསྒྱུར་བ་སྟེ། ཁམས་གསུམ་སེམས་ཅན་གྱི་གཤིན་རྗེ་དག་གིས་རྗེ་བོ་བདུད་རུ་ཏྲ། ཐུགས་རྗེ་ཡེ་ཤེས་ཀྱིས་བཅོམ་པས་གཤེད་དོ། །ལྷོ་ཕྱོགས་སུ་གཤིན་རྗེ་ཕོ་མོ་སྔོན་པོའི་སྟེང་དུ་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོ་དང་། ཡུམ་དུར་ཁྲོད་བདག་མོ་སྟེ། ཡང་ན་གཤིན་རྗེའི་གདུལ་བྱའི་མཚན་སྟེ། ལས་ཀྱིས་གཤིན་རྗེ་འདུལ་ཞིང་དེའི་གཤེད་དུ་གྱུར་པའོ། །དུར་ཁྲོད་བདག་མོ་ནི། དབྱིངས་ཀྱིས་ངང་དུ་གཟུང་འཛིན་རྒུད་པས་ཡོན་ཏན་སྣང་བའམ། ཁམས་གསུམ་ཆོས་ཉིད་དུ་སྡུད་པའི་ཕྱིར་རོ། །སྤྲུལ་པའི་ཕྲ་མེན་མ་ཤ་བ་དང་འུག་པའི་མགོ་ཅན་ནི། གདུལ་བྱེད་ལྟར་ན། ཤ་བའི་མགོ་ལ་རུ་ལག་བཅུ་ཡོད་ཅིང་འཇུག་པ་ཅིས་ཀྱང་མི་ཟློག་པ་ལྟར། ཐུགས་ཡེ་ཤེས་དབྱིངས་ལས་འཇུག་པས་ཅིས་ཀྱང་མི་བཟློག་སྟེ། ས་བཅུ་སྟོབས་བཅུ་ལྷུན་གྱི་གྲུབ་པའོ། །འུག་པ་ནི་ཉིན་ཉལ། མཚན་ཡང་ཤིང་མིག་རྣོ་བ་ལྟར། ཐུགས་ཡེ་ཤེས་ཀྱིས་དབྱིངས་སུ་མི་འབྱེད་པར་འགྲོ་བ་མ་རིག་པའི་རྒྱུད་མཁྱེན་ཅིང་གསལ་བའོ། །གདུལ་བྱ་ལྟར་ན། གཤིན་རྗེའི་འཁོར་ན་དྲེགས་པ་ཤ་བ་དང་འུག་པའི་མགོ་ཅན་ཡོད་པ་འདུལ་བའོ། །ༀ་བཛྲ་ཀྲོ་དྷ་འབྲུ་མཐུན། ཨཱརྱ་ཨ་ཙ་ལ་ཧཱུྃ་ནི། འཕགས་པ་མི་གཡོ་བ་སྟེ། ཐུགས་གཟུང་འཛིན་གྱིས་མི་གཡོ་བའི་མཚན་ནོ། །བྷནྡྷ་བྷན་དྷ་ཧཱུྃ་ཕཊ྄་ནི་ཆིངས་ཤིག་ཆིངས་ཤིག་པ་སྟེ། ཡེ་ཤེས་ཀྱིས་གཟུང་འཛིན་འགྲོ་འོང་རྒྱུན་གཅོད་པའོ། །ལྷོ་ནུབ་ཏུ་སྲིན་པོ་ཕོ་མོ་དམར་ནག་གིས་སྟེང་དུ་ཁྲོ་བོ་མི་གཡོ་མགོན་པོ་དང་། ཡུམ་རྡོ་རྗེ་གཏུན་ཁུང་མ་སྟེ། ཡང་ན་མི་གཡོ་མགོན་པོ་ནི། དོན་ལ་མཚན་དུ་གསོལ་བ་སྟེ། མཐའ་གཉིས་ཀྱི་རླུང་གིས་མི་གཡོ་ཞིང་འགྲོ་བའི་དོན་མཛད་པའི་ཕྱིར་རོ། །རྡོ་རྗེ་གཏུན་ཁུང་ནི། རྟོག་པ་དབྱིངས་སུ་འཇོམས་པའམ། ཆོས་ཉིད་ཀྱི་ངང་དུ་ཆོས་ཅན་གྱིས་མཚན་མ་ཟད་པར་མཛད་པའི་ཕྱིར་རོ། །སྤྲུལ་པ་གཟིག་དང་ཁ་ཏྭའི་མགོ་ཅན་ནི། གདུལ་བྱེད་ལྟར་ན། གཟིག་ཚང་བསིལ་ཞིང་དྲན་པ་རྒོད་པ་ཡིན་སྟེ། ཐུགས་ཀྱི་ངང་མ་གཏོགས་བར་མི་གནས་ཞིང་གདུལ་བྱའི་རྒྱུད་མཁྱེན་པའོ། །ཁ་ཏྭ་ལ་སྒྲིབ་ཤིང་ཡོད་པས་ཚང་མི་མཐོང་བ་ལྟར། ཐུགས་ཡེ་ཤེས་དཔག་དཀའ་བའོ། །གདུལ་བྱ་ལྟར་ན། ལྷོ་ནུབ་སྲིན་པོའི་འཁོར་ན་དྲེགས་པ་གཟིག་དང་ཁ་ཏྭའི་མགོ་ཅན་ཡོད་པས་དེ་འདུལ་བའོ། །ༀ་བཛྲ་ཀྲོ་དྷ་འབྲུ་མཐུན། ཧྱ་གྲཱི་བ་ཧཱུྃ་ནི་རྟ་མགྲིན་སྟེ། ཐུགས་ཡེ་ཤེས་འགྲོ་དོན་དུ་མགྱོག་ཅིང་ཤུགས་ཆེ་བའི་རྟགས་སུ་རྟ་དབུ་ལ་བཏགས་པའོ། །ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄་ནི། ལྐུག་པར་གྱིས་ཤིག་ལྐུག་པ་གྱིས་ཤིག་པ་སྟེ། ཉོན་མོངས་པ་ཅན་གྱིས་དྲན་པ་ཉམས་པར་གྱིས་ཤིག་པའོ། །ནུབ་ཏུ་ཀླུ་དམར་པོ་ཕོ་མོའི་སྟེང་དུ། ཁྲོ་བོ་ཆེན་པོ་རྟ་མགྲིན་དང་། ཡུམ་རྡོ་རྗེ་གཏུམ་མོ་སྟེ། ཡང་ན་རྟ་མགྲིན་ནི། རྟགས་ལ་མཚན་དུ་གསོལ་བ་སྟེ། བདུད་དང་སྲིན་པོ་འདུལ་བའི་ཕྱིར། དབུ་ལ་རྟ་དབུ་ལྗང་ཀུ་མངའ་བའི་ཕྱིར་རོ། །ཡུམ་རྡོ་རྗེ་གཏུམ་མོ་ནི། རྣམ་རྟོག་དབྱིངས་སུ་འཇོམ་པའོ། །ཡང་ཙནྡྷ་རི་ནི། ཉོན་མོངས་པ་བཙན་ཐབས་སུ་གཅོད་པའི་ཕྱིར་རོ། །སྤྲུལ་པ་བྱི་ལ་དང་། པུ་ཤུད་ཀྱིས་མགོ་ཅན་ནི། གདུལ་བྱེད་ལྟར་ན། བྱི་ལ་ནི་མཁས་ཤིང་གཟོབ་ལྟར། ཡེ་ཤེས་ཀྱི་དབྱིངས་ཀྱི་དོན་རྟོགས་པ་དང་། འགྲོ་དོན་ལ་མཁས་པའོ། །པུ་ཤུད་ལ་མིག་རྩི་དང་ཟེ་བ་ཡོད་པ་ལྟར། ཡེ་ཤེས་ཀྱི་མ་རིག་པའི་མུན་པ་སེལ་ཞིང་། ཐུགས་མཐའ་གཉིས་ཀྱི་སྐྱོན་དང་བྲལ་བས་ཟེ་བ་ཡོད་པའོ། །གདུལ་བྱ་ལྟར་ན། ནུབ་ཆུ་ལྷོའི་འཁོར་ན་དྲེགས་པ་ཅན་བྱི་ལ་དང་པུ་ཤུད་ཀྱིས་མགོ་ཅན་ཡོད་པ་འདུལ་བའོ། །ༀ་བཛྲ་ཀྲོ་དྷ་འབྲུ་མཐུན། ཨ་པ་རཱ་ཛི་ཏ་ཧཱུྃ་ནི། གཞན་གྱི་མི་ཐུབ་པ་སྟེ། ཐུགས་ཡེ་ཤེས་ཀྱིས་གདུལ་བྱ་བདུད་དང་སྲིན་པོ་ལས་རྒྱལ་བའི་རྟགས་སོ། །ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄་ནི་ནོན་ཅིག་ནོན་ཅིག་པ་སྟེ། ཡེ་ཤེས་ཀྱིས་མ་རིག་པའི་སྟོབས་ནོན་པ་སྟེ། རྟགས་བདུད་དང་དྲེགས་པ་ཟིལ་གྱིས་གནན་པའོ། །ནུབ་བྱང་དུ་རླུང་ལྷ་ཕོ་མོ་སྔོ་སྐྱའི་སྟེང་དུ་ཁྲོ་བོ་ཆེན་པོ་གཞན་གྱི་མི་ཐུབ་པ་དང་། ཡུམ་རྡོ་རྗེ་མདའ་བསྙེམ་མ་སྟེ། ཡང་ན་གཞན་གྱིས་མི་ཐུབ་པ་ནི། གཉེན་པོ་ལ་མཚན་དུ་གསོལ་བ་སྟེ། མཐའ་གཉིས་ཀྱི་སྐྱོན་གྱིས་མི་ཤིགས་པའོ། །མདའ་བསྙེམ་མ་ནི། རིག་པའི་མདས་ཉོན་མོངས་པ་འབིག་པའོ། །དབྱིངས་སྙན་བྲལ་དུ་གནས་པའོ། །ཡང་ན་རིག་པའི་ཡེ་ཤེས་ཀྱིས་མདས་ཆོད་ཉིད་ཀྱི་ངང་དུ་བསྟིམ་པའོ། །སྤྲུལ་པ་སྤྱང་ཀུ་དང་ཁྲའི་མགོ་ཅན་ནི། གདུལ་བྱེད་ལྟར་ན། སྤྱང་ཀུ་ནི་འཛིན་གསོད་ཟ་བ་ལྟར། ཐུགས་ཆོད་ཉིད་ཟབ་མོ་རྟོགས་པས། དགེ་སྡིག་མཉམ་པར་རྟོགས་པའོ། །ཁྲ་ནི་གཟན་ཚོལ་བ་རྙེད་ནས་ཐོག་མེད་དུ་གསོད་པ་ལྟར། ཡེ་ཤེས་ཀྱིས་གདུལ་བྱ་གཟིགས་ཏེ་སྒྲོལ་བའོ། །གདུལ་བྱ་ལྟར་ན། རླུང་ལྷའི་འཁོར་ན་དྲེགས་པ་ཅན་སྤྱང་ཀུ་དང་། ཁྲའི་མགོ་ཅན་ཡོད་པ་འདུལ་བའོ། །ༀ་བཛྲ་ཀྲོ་དྷ་འབྲུ་མཐུན། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ནི། བདུད་རྩི་འཁྱིལ་པ་ཞེས་བྱ་སྟེ། གཉེན་པོས་ཉོན་མོངས་པ་རྣམས་ཡེ་ཤེས་ཀྱི་རྩིས་བསྒྱུར་དབྱིངས་སུ་སྒྲོལ་བའོ། །ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄་ནི་ཆོད་ཅིག་ཆོད་ཅིག་པ་སྟེ། ཡེ་ཤེས་ཀྱིས་ཉོན་མོངས་པའི་རྩལ་གཅོད་པའོ། །བྱང་ཕྱོགས་སུ་གནོང་སྦྱིན་ཕོ་མོ་ལྗང་སེར་གྱི་སྟེང་དུ་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པ་དང་། ཡུམ་རྡོ་རྗེ་རླུང་འབྱིན་མ་སྟེ། ཡང་ན་བདུད་རྩི་འཁྱིལ་པ་ནི་ཡོན་ཏན་ལ་མཚན་དུ་གསོལ་བ་སྟེ། མཐའ་གཉིས་ཀྱི་བདུད་དབྱིངས་དང་ཡེ་ཤེས་ཀྱི་རྩིས་ཆོས་ཀྱི་སྐུར་བསྐྱིལ་བའོ། །རླུང་འབྱིན་མ་ནི། གདུལ་བྱ་ལ་ཐུགས་རྗེ་རླུང་ལྟ་བུས་དབྱིངས་སུ་བསྐྱེད་པར་བྱེད་པའམ། འཁོར་བའི་བག་ཆགས་རྡུལ་དང་འདྲ་བ་ཡེ་ཤེས་ཀྱི་རླུང་གིས་གཏོར་ནས་མྱ་ངན་ལས་འདས་པར་གཡོ་བའི་ཕྱིར་རོ། །སྤྲུལ་པ་སེངྒེ་དང་། ཕ་ཝཾ་གིས་མགོ་ཅན་ནི། གདུལ་བྱེད་ལྟར་ན། སེངྒེ་ནི་རིགས་བཟང་སྟེ། སྒྲ་སྒྲགས་པ་ཙམ་གྱིས་གཅན་གཟན་གཞན་བརྒྱལ་ཞིང་ཟིལ་གྱིས་གནོན་པ་ལྟར། དཔལ་ཆེན་པོའི་ཐུགས་ཡེ་ཤེས་ཀྱིས་ཉོན་མོངས་པ་དང་ལྟ་བ་ངན་པ་ཐམས་ཅད་ཟིལ་གྱིས་ནོན་པའམ། ཐུགས་ཡེ་ཤེས་ཨ་ཏི་ཡོ་གས་ཐེག་དམན་ཟིལ་གྱིས་གནོན་པའོ། །ཕ་ཝཾ་ནི། སྒྲིན་སྟེ། ཐབས་མཁས་པ་དང་འདྲ་བར། ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་གདུལ་བྱ་འདྲེན་ཅིང་ཆོས་སྐུར་སྦྱོར་བའོ། །གདུལ་བྱ་ལྟར་ན། བྱང་ཕྱོགས་གནོད་སྦྱིན་གྱི་འཁོར་ན་དྲེགས་པས་སེངྒེ་དང་ཕ་ཝཾ་གིས་མགོ་ཅན་ཡོད་པ་དེ་དག་འདུལ་བའོ། །ༀ་བཛྲ་ཀྲོ་དྷ་འབྲུ་མཐུན། ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་ནི། འཇིག་རྟེན་གསུམ་ལས་རྒྱལ་བ་སྟེ། ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་སྲིད་གསུམ་གྱི་རྟོག་པ་ལས་རྒྱལ་བ་ལས་བཏགས་པའོ། །བིནྡྷ་བིནྡྷ་ཧཱུྃ་ཕཊ྄་ནི། ཕུག་ཅིག་ཕུག་ཅིག་པ་སྟེ། ཐུགས་ཡེ་ཤེས་ཀྱི་ཉོན་མོངས་པ་སྲ་མཁྲེགས་ཏེ་ཕུག་པ་སྟེ། ཟང་ཐལ་དུ་རྟོགས་པའོ། །བྱང་ཤར་དུ་དབང་ལྡན་ཕོ་མོ་སེར་པོའི་སྟེང་དུ། ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་གསོད་བྱེད་མ་སྟེ། ཡང་ན་ཁམས་གསུམ་རྣམ་པར་རྒྱལ་བ་ནི། སྤང་བྱ་ལས་མཚན་དུ་གསོལ་བ་སྟེ། ཁམས་གསུམ་དུག་གསུམ་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་ཤར་བས། དེ་དག་གིས་སྐྱོན་ལས་རྣམ་པར་རྒྱལ་བའི་ཕྱིར་རོ། །ཡུམ་གསོད་བྱེད་མ་ནི། འཁོར་བའི་རྟོག་པ་དབྱིངས་སུ་གསོད་པའམ། མཐའ་གཉིས་ཀྱི་ཉེས་པ་མ་གོས་པས། དབྱིངས་ཡེ་ཤེས་རང་བྱུང་གིས་ཡེ་ཤེས་ཀྱིས་གསོད་པའི་ཕྱིར་རོ། །སྤྲུལ་པ་དོམ་དང་སྲེ་མོང་གིས་མགོ་ཅན་ནི། གདུལ་བྱེད་ལྟར་ན། དོམ་རྨི་ལམ་རྨིས་ན་ཅིས་ཀྱང་མི་བཟློག་ཅིང་གསོད་པ་ལྟར། ཐུགས་ཡེ་ཤེས་ཀྱི་གདུལ་བྱ་ལ་གཟིགས་ནས་ཕྲིན་ལས་ཀྱི་སྒྲོལ་བའོ། །སྲེ་མོང་ནི་མགྱོག་ཅིང་མྱུར་བ་ལྟར། འགྲོ་དོན་དུ་ཐུགས་ཡེ་ཤེས་ཅིར་ཡང་འཆར་ཞིང་འགྱུར་དུ་བཏུབ་བོ། །གདུལ་བྱ་ལྟར་ན། བྱང་ཤར་དབང་ལྡན་གྱི་འཁོར་ན་དྲེགས་པ་དོམ་དང་སྲེ་མོང་གིས་མགོ་ཅན་ཡོད་པ་འདུལ་བའོ། །ༀ་བཛྲ་ཀྲོ་དྷ་འབྲུ་མཐུན། མ་ཧཱ་བ་ལ་ཧཱུྃ་ནི་སྟོབས་པོ་ཆེ་སྟེ། ཐུགས་ཡེ་ཤེས་ཀྱི་སྟོབས་ཀྱིས་འཁོར་བ་སངས་རྒྱས་ཀྱིས་སར་འདེགས་པའོ། །སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄་ནི། གཟིར་ཅིག་གཟེར་ཅིག་པ་སྟེ། ཐུགས་ཡེ་ཤེས་ཀྱིས་ཉོན་མོངས་པ་གཟེར་བྱའོ། །ནུབ་ཏུ་ས་བདག་ཕོ་མོ་དུད་ཁའི་སྟེང་དུ་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང་། ཡུམ་རྡོ་རྗེ་བསྐུལ་བྱེད་མ་སྟེ། ཡང་ན་སྟོབས་པོ་ཆེ་ནི། སྟོབས་ལ་མཚན་དུ་གསོལ་བ་སྟེ། ཆོས་ཐམས་ཅད་དབྱིངས་དང་ཡེ་ཤེས་ཀྱིས་སྟོབས་ལས་ཤར་བའི་ཕྱིར་རོ། །ཡུམ་བསྐུལ་བྱེད་མ་ནི། དབྱིངས་ཀྱི་ཐུགས་རྗེས་འཁོར་བ་ཡང་དག་པའི་དོན་ལ་བསྐུལ་བའམ། ཡང་ན་དུས་གསུམ་བདེར་གཤེགས་ཀྱིས་ཕྲིན་ལས་ཐུགས་རྗེ་འགྲོ་བ་དྲུག་གིས་དོན་དུ་བསྐུལ་ཞིང་འགྲོ་དྲུག་མྱ་ངན་ལས་འདས་པའི་ས་ལ་བསྐུལ་བའི་ཕྱིར་རོ། །སྤྲུལ་པ་དྲེད་དང་། བྱི་བའི་མགོ་ཅན་ནོ་ནི། གདུལ་བྱེད་ལྟར་ན། དྲེད་ནི་སྟོབས་ལྡན་པྲ་རྣོ་བ་ལྟར། ཡང་དག་པའི་ཡེ་ཤེས་ཀྱིས་གདུལ་བྱའི་རྒྱུད་མཁྱེན་ཏེ་དུས་གཅིག་ཏུ་སྒྲོལ་བའོ། །བྱི་བ་ནི། ཐབས་མཁས་ཏེ། རྐུ་བའི་སྒོ་མར་དུ་དོད་པ་ལྟར། ཐུགས་ཡེ་ཤེས་ཀྱིས་དོན་ཐར་ལམ་གྱིས་སྒོ་བསམ་གྱིས་མི་ཁྱབ་པར་མཁྱེན་པའི་རྟགས་སོ། །གདུལ་བྱ་ལྟར་ན། འོག་ཕྱོགས་ས་བདག་གི་འཁོར་ན་དྲེགས་པ་དྲེད་དང་བྱི་བའི་མགོ་ཅན་ཡོད་པ་དེ་འདུལ་བའི་ཕྱིར་རོ། །ཁྲོ་བོ་ནི་ངང་ཁྲོ་ཡེ་ཤེས། ཤུགས་ཁྲོ་ཐུགས་རྗེས་ཉོན་མོངས་པ་བཅོམ་པ་སྟེ། རྟགས་དཔལ་ཆེན་པོ་དྲེགས་པ་ཅན་འདུལ་བས་ཁྲོ་ཚུལ་བཅས་ཏེ། ཐུགས་ལ་ཁྲོ་བ་མཛད་དེ། སྐུ་ཁྲོ་བ་དང་བཅས་པའོ། །ཕྱོགས་སྐྱོངས་བཅུ་ནོན་ཅིང་མི་དགེ་བ་སྟོབས་བཅུས་བཅོམ་པའི་ཕྱིར་བཅུ་ཡང་འབྱུང་ལ། ཀུན་ཀྱང་འདྲ་བར་ཞལ་གཅིག་རང་བྱུང་ཡེ་ཤེས། ཕྱག་གཉིས་ཐབས་ཤེས། སྐུ་མདོག་མཐིང་ནག་ནི་ཐུགས་ཆོས་ཉིད་ལ་འགྱུར་བ་མེད་པའི་རྟགས། ཕྱག་ན་ཕུར་པ་དྲིལ་བ་ནི། ཐུགས་ཡེ་ཤེས་རྩེ་གཅིག་གིས་གཟུང་འཛིན་འབིག་པ། ཞབས་གཉིས་བརྐྱང་བསྐུམ་གྱིས་ཕྱོགས་སྐྱོངས་ལ་བརྫིས་པ་ནི། འགྲོ་དྲུག་གིས་ཉོན་མོངས་པ་གཉིས་འཛིན་འཇོམ་པའོ། །ཡང་ན་ཞལ་གསུམ་ཕྱག་དྲུག་ཏུ་བསྒོམ་གསུངས། རྡོ་རྗེའི་གཤོགས་པ་གདེང་བ། སྐུ་ལ་དཔལ་ཆེན་པོའི་ཆས་དང་། དུར་ཁྲོད་ཆེན་པོའི་ཆས་སོགས་རྒྱན་རྣམས་གཙོ་བོ་དང་མཐུན། ཡུམ་ཁྲོ་མོ་ནི་དབྱིངས་ཀྱི་ཤེས་རབ་ཀྱིས་གདུལ་བྱ་འདུལ་བ་སྟེ། ཐམས་ཅད་འཁོར་ལོ་རྒྱས་འདེབས་མ་དང་མཐུན་ནོ། །ཁྲོ་བོ་རྣམས་ཀྱི་ཐུགས་ཀར་ཧཱུྃ་ལ་རང་རང་གིས་སྔགས་ཀྱིས་འཁོར་བར་བསམ། དོན་དབྱིངས་དང་ཡེ་ཤེས། རྟགས་ཡབ་ཡུམ་ཐབས་ཤེས་ལས་སྤྲུལ་པའི་ཁྲ་ཐབས་སམ་ཕྲ་མེན་ནི། དོན་དབྱིངས་ཡེ་ཤེས་ལས་བྱུང་བའི་རྟགས་སུ། མགོ་ལུས་མི་མཚམས་པའི་ཕྲ་མེན་ཏེ། དཔེ་གསེར་གཡུའི་ཕྲ་ལྟ་བུ། ཀུན་མཐིང་ནག་མགོ་བརྙན་ཅན་ཕྱག་གཉིས་པའོ། །སྟག་མགོ་ཅན་ལ་སོགས་པའི་ཡབ་རྣམས་ཀྱིས་གཙོ་བོ་ལ་གཟིགས་པའོ། །ཕྱག་གཡས་ན་རང་རང་གིས་མགོ་བརྙན་དང་མཐུན་པའི་སེམས་ཅན་རེ་རེ་ཁྲ་རུ་འགྱེད་པ་བསྣམས་པ་པོ། གཡོན་པ་རྣམས་ཀྱིས་ཕུར་པ་བསྣམས་ནས་ཡུམ་གྱིས་གྲུ་མོ་ནས་འཁྱུད་པའོ། །བྱ་མགོ་ཅན་རྣམས་ཀྱི་ཡབ་ལ་གཟིགས་ཤིང་། ཕྱག་གཉིས་ཀས་རང་རང་གིས་མགོ་བརྙན་དང་མཐུན་པའི་བྱ་རེ་རེ་སྤྱི་བོར་བསྣམས་པའོ། །འོ་ན་སྨྲིག་བུ་སྲེ་མོང་བྱི་ལ་གསུམ་ཕྲ་མེན་ཡིན་ནམ་ཅེ་ན། སྨྲིག་བུ་སྲེ་མོང་གཉིས་གཤོགས་པ་མེད་ཀྱང་སྒོང་ང་ལས་སྐྱེས་པའོ། །བྱི་བ་ལ་ནི་མཚན་མོར་རྒྱུ་བས། སྟོང་པ་ཤེས་རབ་ཀྱིས་དོན་མཚོན་པ་ཡིན་གསུང་། སྐུ་སྟོད་ལ་ཆུ་སྲིན་གྱིས་སྟོད་གཡོག་ནི། ཁ་གཉིས་ན་ཕྱིར་ལས་པ་གཉིས་བྱུང་བའོ། །ཞིང་ལྤགས་ཀྱིས་རྐེད་ཆིངས་སྟག་ལྤགས་ཀྱིས་ཤམ་ཐབས་ཅན། དབུ་ལ་ཐོད་རློན་གསུམ་གསུམ་གྱིས་བརྒྱན་པ། ཡན་ལག་དང་སྐུ་ལ་སྦྲུལ་གྱིས་བརྒྱན་པ། ཡབ་ཀྱིས་ཞབས་གཡས་ཞིང་གིས་མཁུར་བ། གཡོན་ཚང་ར། ཡུམ་གྱི་ཞབས་གཡས་རྩིབ་སྒང་། གཡོན་པུས་མོ་ལ་བརྫིས་པའོ། །ཁྲ་ཐབས་ནི། ཡབ་ཡུམ་གྱི་ཁ་བརླང་གི་ཚུལ་དུ་བསྐྱེད་གསུངས། ཡང་ན་ཐུར་པ་དཔལ་འབར་ཁྲོ་བོའི་རྒྱུད་ན་གདུལ་བྱའི་སྣང་བ་ལ་དགོངས་ཏེ། རྡོ་རྗེ་གཞོན་ནུས་རུ་ཏྲ་བསྒྲལ་བས་མི་དགེ་བ་བཅུའི་ངོ་བོ་སྙིང་ཁྲག་ལ་ཕྱོགས་སྐྱོང་ཕོ་མོ་གྲུབ། དེ་གྲུབ་པའི་ཁྲོ་བོ་ཡབ་ཡུམ་ཉི་ཤུར་སྤྲུལ་ནས་ཕྱོགས་སྐྱོང་ཕོ་མོ་བསྒྲལ། དེ་དག་གིས་སྙིང་ཁྲག་ཐིག་རེ་ལ། གཅན་དང་། བྱ་མགོ་ཅན་རེ་རེ་སྟེ་ཉི་ཤུར་སྤྲུལ་ཏེ། དེ་དག་འདུལ་བའི་དོན་དུ། ཁྲོ་བོ་ཡབ་ཡུམ་ལ་ཟ་བྱེད་གསོད་བྱེད་རྣམས་སྤྲུལ་ཏེ། དྲེགས་པ་དེ་དག་བསྒྲལ་བར་བཤད། སྙིང་པོ་རོལ་པ་ལས། ཁྲོ་བཅུ་དབང་བཅུ་དང་། སྟོབས་བཅུ་ལ་སོགས་པ་དང་སྦྱར། ཡུམ་བཅུ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་སྦྱར། ཟ་བྱེད་བཅུ་ནི་བདག་དོན་རྟོགས་པའི་ཡེ་ཤེས་དང་། གཞན་དོན་ཐུགས་རྗེ་དང་། ཕྲིན་ལས་ལ་སོགས་ཏེ་དགོངས་པའི་ཡོན་ཏན་དང་སྦྱར། མགྱོག་བྱེད་མ་བཅུ་ནི། འདུ་བྱེད་ལྔ་བཅུ་རྩ་གཅིག་གིས་ནང་ན་ཆོས་མཐུན་པ་བཅུ་གནས་སུ་དག་པ་དང་སྦྱར་སྟེ། སེམས་པ་གནས་སུ་དག་པ་བྱ་རྒོད་མགོ་ཅན། འདུན་པ་གནས་སུ་གྱུར་པ་བྱ་རོག་མགོ་ཅན། ཡིད་ལ་བྱེད་པ་གནས་སུ་གྱུར་པ་འུག་པའི་མགོ་ཅན། ཏིང་ངེ་འཛིན་གནས་སུ་གྱུར་པ་ཁ་ཏྭའི་མགོ་ཅན། དད་པ་གནས་སུ་གྱུར་པ་པུ་ཤུད་མགོ་ཅན། མོས་པ་གནས་སུ་གྱུར་པ་ཁྲའི་མགོ་ཅན། དྲན་པ་གནས་སུ་གྱུར་པ་ཕ་ཝཾ་མགོ་ཅན། ཤེས་རབ་གནས་སུ་གྱུར་པ་སྲེ་མོང་མགོ་ཅན། གཉིད་གནས་སུ་གྱུར་པ་སྨྲིག་བུའི་མགོ་ཅན། དེ་དག་གི་གནས་སྐབས་ཀྱི་བྱེ་བྲག་གནས་སུ་གྱུར་པ་ནི་བྱི་བའི་མགོ་ཅན་ནོ། །མདོར་ན་སེམས་དང་སེམས་བྱུང་གིས་ཆོས་ཐམས་ཅད་དབྱིངས་དང་ཡེ་ཤེས་སུ་གནས་སུ་གྱུར་པས། དབྱིངས་དང་ཡེ་ཤེས་ཀྱིས་བྱིན་རླབས་སམ་རྟགས་སུ་ཕྲ་མེན་མ་རྣམས་སུ་སྣང་ལ། གཞན་ཡང་སྤྲུལ་པ་བྱེ་བ་དྲུག་ཅུའམ། བྱེ་བ་བརྒྱ་རྩ་གཅིག་ནི། ཁབ་ཀྱིས་སྤུ་ཅན་དང་། ལྕགས་ཀྱིས་ལྤགས་པ་ཅན་དང་། ཟངས་ཀྱིས་ལྤགས་པ་ཅན་དང་། མཆུ་རྡོ་རྗེ་གཟུང་ཅན་ལ་སོགས་པའི་སྤྲུལ་པ་དང་ཡང་སྤྲུལ་དང་བཅས་པའི་ཕྱོགས་བཅུ་བར་མཚམས་མེད་པར་གཏམ་ནས་ཡོད་པ། དེ་དག་ཀྱང་སེམས་དང་སེམས་བྱུང་གནས་སུ་དག་པ་སྟེ། དབྱིངས་དང་ཡེ་ཤེས་ལས་སྤྲུལ་པའོ། །ཕུར་པ་སྲས་ཀྱི་དཀྱིལ་འཁོར་ནི། ལག་པ་གཡས་གཡོན་སོར་མོ་བསྣོལ་ནས། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བྷིགྷན་བྃ་ཧཱུྃ་ཕཊ྄་ཅེས་བརྗོད་པ་ཙམ་གྱིས། ཡང་གཙོ་བོ་ཡབ་ཡུམ་གྱིས་གསང་གནས་ནས་ཧཱུྃ་ཉི་ཤུ་རྩ་གཅིག་སྤྲོས་ཏེ། གྲུ་གསུམ་གྱི་ཁ་ལ་ཕོག་ངོས་གསུམ་དུ་བདུན་བདུན་སྟེ་ཉེར་གཅིག་ནི་ལོགས་གསུམ་དུ་དྲུག་དྲུག་ཟུར་ཙམ་གསུམ་དུ་གསུམ་སྟེ། དེ་འོད་དུ་ཞུ་བ་ལས་སྲས་མཆོག་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་མཐིང་ནག་རྒྱན་མེད་པ། ཕྱག་ན་ཕུར་པ་དྲིལ་བ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ་མ་བཅིང་པ། ལྟེ་བ་མན་ཆད་གནམ་ལྕགས་ཀྱི་ཕུར་པ་དམར་ཟང་ངེར་འདུག་པའོ། །ཡང་ན་ཕུར་པ་ཁྲག་འཐུང་དྲུག་ཅུ་རྩ་གཉིས་ཀྱིས་དཀྱིལ་འཁོར་བསྐྱེད་པ་འདི་ཡང་སྐྱེ་གནས་སྦྱང་བ་ཡིན་ཏེ། གཙོ་བོ་ནི་ཧཱུྃ་ལ་སོགས་ཆོ་ག་གསུམ་གྱི་བསྐྱེད་པས་དྲོད་གཤེར་ལ་སྐྱེ་བ་སྦྱང་། ཡེ་ཤེས་སེམས་དཔའ་བརྫུས་སྐྱེས་སུ་བསྐྱེད་པས་བརྫུས་སྐྱེས་སྦྱང་། ཁྲོ་བོ་ཡབ་ཡུམ་ཧཱུྃ་ཁ་སྦྱོར་འོད་སྒོང་ང་ལྟ་བུ་བསྐྱེད་པས་སྒོང་སྐྱེས་སྦྱང་། སྲས་མཆོག་ཉེར་གཅིག་ལ་ཡུམ་གྱིས་མཁའ་ནས་བསྐྱེད་པས་མངལ་སྐྱེས་སྦྱང་ཅེས་འདོད་པ་སྣང་ངོ་། །དམ་ཅན་སྲུང་མའི་དཀྱིལ་འཁོར་ནི། ལྷ་སྣམ་གྱིས་དམ་ཅན་བཅུ་གཉིས་ཀྱི་ཤྭ་ན་བཞི་ནི། དཔལ་ཆེན་པོའི་གསུང་གིས་རྣམ་པར་འཕྲུལ་པར་སྣང་ཞིང་གསུང་གིས་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་བསྒྲུབ་ཅིང་། དགྲ་བགེགས་ཀྱིས་ངག་རྡུལ་དུ་བརླག་པའོ། །བསྭེ་མོ་བཞི་ནི། དཔལ་ཆེན་པོའི་སྐུའི་རྣམ་པར་འཕྲུལ་པར་སྣང་ཞིང་སྐུའི་ཕྲིན་ལས་ཐོགས་པ་མེད་པར་སྒྲུབ་ཅིང་། དགྲ་བགེགས་ཀྱིས་ལུས་རྡུལ་དུ་བརླག་པའོ། །རེ་ཏི་བཞི་ནི། དཔལ་ཆེན་པོའི་ཐུགས་ཀྱི་རྣམ་པར་འཕྲུལ་པར་སྣང་ཞིང་ཐུགས་དགོངས་པའི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་བསྒྲུབ་ཅིང་། དགྲ་བགེགས་ཀྱིས་ཡིད་རྡུལ་དུ་བརླག་པར་མཛད་པའོ། །རེ་མཛུའི་ཕ་བདུད་རྐང་རྗེ་དྲང་དཀར། མ་བདུད་སྲོག་ལེན་ཧབ་ཤ་མ། རེ་མ་ཏིའི་ཕ་བདུད་པདྨ་གར་གྱིས་དབང་ཕྱུག །མ་བདུད་མོ་བརྒྱ་བྱིན་ཀུན་དགའ་མོ། རེ་མཛིའི་ཕ་བདུད་ཐོད་པའི་ཕྲེང་བ་ཅན། མ་བདུད་མོ་ཨེ་ཀ་ཙ་ཏི་མ། རེ་མ་ཛའི་ཕ་བདུད་སྲིན་པོ་མ་ཏི་ཀ །མ་བདུད་མོ་གླིང་བཞི་ཀུན་འབྱམས་མའོ། །དེ་ལྟར་ཕོ་བདུད་ཉི་ཤུ་རྩ་གཅིག་ན། ཤྭ་ན་བཞི། བསྭེ་མོ་བཞི། རི་མ་ཏི་བཞི་དང་བཅུ་གཉིས། ནག་མོ་ཆེན་མོ་གློག་ཕྲེང་མ། ས་བདག་ནག་མོ་རལ་གཅིག་མ། མགོ་མེད་བྲང་ནི་མིག་གིས་ཁེངས་མ། ལྕགས་ཀྱི་སྤྱད་མོ་མགོ་དགུ་མ་དང་བཞི་ནི། བསེ་མོ་བཞིའི་བློན་པོ་ཡིན་ཡང་ཟེར། མ་ཡར་ཡིན་ཡང་ཟེར། དངུལ་གྱིས་བ་རྒོད་དུང་མགོ་ཅན། ལྕགས་ཀྱིས་བྱ་རྒོད་ཁ་ཏོང་མཆུ། ཟངས་ཀྱི་རེ་འབྱམས་མགོ་དགུ་མ། གསེར་གྱིས་བྱ་རྒོད་རྒྱ་མགོ་མ་དང་བཞི་ནི་ཕོ་ཉ་ཡིན་སྐད། དེས་བརྒྱ་དང་ཉི་ཤུའོ། །སྲོག་བདག་རྒྱལ་མོ་ནི། སྐེམ་མ་ཆུ་སྲིན་གྱི་མགོ་ཅན་སྟེ། རེ་མ་ཏི་བཞིའི་ཕོ་ཉ་ཡིན་སྐད། མོ་བདུད་ཉི་ཤུ་ཕྱིའི་ལས་མཁན་ཡིན་ཟེར་བ་ཡང་ཡོད་སྐད། དེ་ལྟར་མོའི་འཁོར་ཉི་ཁྲི་གཅིག་སྟོང་ངོ་། །དམ་ཅན་བཅུ་གཉིས་ནི་བྱ་ནག་ཐང་ལ་བབ་པ་ལྟར་བསྐྱེད་གསུངས། གཞལ་ཡས་ཁང་གིས་ཕྱི་རོལ་རྡོ་རྗེ་རྭ་བའི་ནང་རོལ་དུ། ཤར་ནས་བརྩམ་ཏེ་གཡས་བསྐོར་དུ། ཕོ་བདུད་ཉེར་གཅིག་ནི། བདུད་བཞི། གིང་བཞི། ཤན་པ་བཞི། བསྭེའི་སྐྱེས་བུ་གདུག་པ་ཅན་བཞི། བློན་པོ་བཞི། འབྱུང་པོ་སེར་པོ་སྣ་ཡོན་དང་ཉི་ཤུ་རྩ་གཅིག་བྱང་ཤར་མཚམས་ལ་མ་ཐུགས་བར་ལ་འཁོར་བར་ཡོད་པ་མོས་པ་ཙམ་བྱ་སྟེ། དེ་ལ་ཕོ་བདུད་ཀྱིས་མཚན་མི་འདྲ་བ་མང་དུ་བཏགས་པ་ཡོད་ཀྱང་། བདུད་བཞི་ནི། ནག་པོ་ཆེན་པོ། ཀ་ལ་དྲག་པོ། རྡོ་རྗེ་རོ་ལང་། དུར་ཁྲོད་བདག་པོ་དང་བཞི་ནི། རེ་མ་ཏི་བཞིའི་མིང་པོ་ཡིན་སྐད། གིང་ཆེན་བཞི་ནི། ཚངས་པ་དཀར་པོ་དུང་གིས་ཐོར་གཙུག་ཅན། དམར་པོ་ཤེལ་གིང་། སྐྱེས་བུ་དཀར་པོ། ནག་པོ་ཕྱ་སང་དང་བཞི་ནི། ཤྭ་ན་བཞིའི་མིང་པོ་ཡིན་སྐད། ཤན་པ་བཞི་ནི། བཙན་སྐྱ་གཅིག །བདུད་འཛུམ་མེད། གཤིན་རྗེ་གསོད་བྱེད། ཀླུ་ཏག་ཤ་ཀ་དང་བཞི་ནི། ཤྭ་ན་བཞིའི་བཀའ་ཉན་ཡིན་སྐད། བསྭེའི་སྐྱེས་བུ་གདུག་པ་ཅན་བཞི་ནི། བདུད་མེ་རུ་རྩེ་དང་། གཤིན་རྗེ་མེ་རུ་རྩེ་དང་། གནོད་སྦྱིན་མེ་རུ་རྩེ་དང་། སྲིན་པོ་མེ་རུ་རྩེ་དང་བཞི་ནི། བསྭེ་མོ་བཞིའི་མིང་པོ་ཡིན་སྐད། བློན་པོ་བཞི་ནི། བདུད་རྣམས་རོལ་ཆེན། ཀླུ་གདེངས་པོ་སྙིང་དཀར་དང་། བཙན་སྐྱ་ཟླ་བ་དང་། གཟའ་མིག་དམར་དང་བཞི་ནི། བསྭེ་མོ་བཞིའི་ཕ་ཡིན་སྐད། དེ་བཞི་ལ་ནི་བདུད་བཞི་ཡིན་ཟེར་བ་ཡང་ཡོད་སྐད། ཡང་བློན་པོ་བཞི་ནི། ས་བདག་ཙང་ཀུན་དང་། ཀླུ་འཇོག་པོ་དང་། གཟའ་པ་ཝ་སངས་དང་། བདུད་མོ་འཛུམ་མེད་མ་དང་བཞི་ཡིན་སྐད། འབྱུང་པོ་སེར་པོ་སྣ་ཡོན་ནི། ཚོགས་བདག་གླང་སྣ་ཡིན་སྐད། དེའི་བཀའ་ཉན་གནམ་གྱི་མ་སང་སྐྱེས་གཅིག་ཡིན་སྐད། དེ་ལྟར་འཇིག་རྟེན་གྱི་ལས་མཁན་ཕོ་ཉ་དགུ་བཅུ་གསུམ་མོ། །ཕོའི་འཁོར་ཉི་ཁྲི་གཅིག་སྟོང་། སྤྱིར་བསམ་ཡས་སོ། །དེའི་ཕྱི་རོལ་ཏུ་གིང་ཕོ་དགུ་མོ་དགུ་རྣམས་གཙོ་བོ་ལ་མོས་པའི་ཚུལ་དུ་འདུད་པར་བསམ། དངོས་སུ་ཕྱག་མཚན་གསལ་བར་བསྒོམ་ན་བཀྲ་མི་ཤིས་ཅེས་གསུངས། སྤྱི་དོན་དྲུག་པ་ཡེ་ཤེས་ཀྱིས་དཀྱིལ་འཁོར་གཞུགས་པ་ནི། ས་མན་ཛས་སྙན་གསན་དབབ་ནས། ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཀྱིས་ཞིང་ཁམས་ཐམས་ཅད་ལ་ཕོག །སངས་རྒྱས་ཐམས་ཅད་ཆོས་སྐུ་ལ་གཟུགས་སྐུར་བཞེངས་ནས་ཀུན་ཀྱང་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་རིག་འཛིན་བླ་མ་དང་བཅས་པ་རྣམས་ཀྱི་རྣམ་པར་བཞུགས་པར་བསམ་ལ། ཇ་འདྲེན་གྱི་ཚུལ་དུ་རྣམ་ལྔ་འབུལ་ལ། རྡ་ལ་སོགས་པ་རོལ་མོའི་བྱེ་བྲག་རྣམས་བསྐྲོལ་བརྡུང་བྱ་སྟེ། དེའི་དགོས་ཆེད་ནི། ཡེ་ཤེས་ཀྱིས་ཆོས་སྐྱོང་བྱ་རོག་གདོང་ཅན་གྱིས། ད་ལྟ་ཆ་འུར་གྱིས་བསྐྲོལ་བརྡུང་བྱས་ན་དགའ་ཅེས་པའི་ལོ་རྒྱུས་བཞིན་ནོ། །ལྷ་ལ་མཆོད་པ་འབུལ་བའི་ཕྱིར་དང་། ཐ་མལ་གྱི་རྟོགས་པ་ཟིལ་གྱི་གནོན་པའི་ཕྱིར་དང་། བར་དོའི་སྒྲ་འོད་ཟེར་གསུམ་སྦྱང་བའི་ཕྱིར་དུའོ། །དེ་ཡང་རྔ་ལ། ཡེ་ཤེས་དབྱིངས་ཀྱི་རྔ་བརྡུང་དང་། སྒྲུབ་པ་ལས་ཀྱི་རྔ་བརྡུང་དང་། ཚར་གསུམ་པའི་རྔ་བརྡུང་ལ་སོགས་པ་རྣམས་ཀྱི་དོན་དང་། སྤྱན་འདྲེན་དང་ལྷག་མ་ཡན་ཆད་ཀྱིས་རྔ་དིལ་རྣམས། པད་འབྱུང་གིས་རྔ་བརྡུང་རིན་ཆེན་ཕྲེང་བ་དང་། གཉན་རྒོད་སྟོན་པའི་རྔ་བརྡུང་རྣམས་དེ་ལྟར་ཤེས་པར་བྱ་ཞིང་། ཅང་ཏེའུ་བསྐྲོལ་ལུགས་ལ། ཀུན་ཏུ་བཟང་པོའི་དལ་འབྱམས། མཁའ་འགྲོ་མའི་ལན་སྐད། ཞིང་སྐྱོང་མ་བུའི་འབོད་ལེན། རོ་ལོང་ནག་པོའི་མཐིང་རྡུང་ལ་སོགས་པ་རྣམས་བྱས་ལ། ཚིག་བདུན་པས་བླ་མ་སྤྱན་འདྲེན་ལ་བསྟིམ། དེ་ནས་ཡི་དམ་ལ་འཕྱོང་དྲུག་གིས་སྒོ་ནས་སྤྱན་འདྲེན་ཏེ། དེ་ཡང་གདུལ་བྱེད་ཡེ་ཤེས་ཀྱིས་འཕྱོང་གསུམ་དང་། གདུལ་བྱ་ཡུལ་གྱི་འཕྱོང་གསུམ་མོ། །དང་པོ་ནི། ཡེ་མ་བཅོས་པ་ཆོས་དབྱིངས་ཀྱི་རང་རིག་པའི་ཤེས་རབ་ཀྱིས་རྟོགས་ནས། དབྱིངས་དང་རིག་པ་གཉིས་སུ་མེད་པ་དེ་ལ་ཡེ་ཤེས་ཅེས་བྱའོ། །ཕུར་བུ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱིས་དོན་དེ་ཉིད་བསྒྲུབ་པ་ནི་མཆོག་གིས་དངོས་གྲུབ། དེའི་ཞོར་ལ་ཐུན་མོང་གིས་གྲུབ་པ་བརྒྱད་ལྟ་བུ་གྲུབ་པའི་ཕྱིར་དང་། འཁོར་འདས་ཀྱིས་ཆོས་ལ་དབང་བྱེད་ཅིང་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམས་བླང་བ་ནི་དཀྱིལ་འཁོར་ལ་གསོལ་བ་འདེབས་པ་སྟེ། བསྒྲུབ་པ་པོ་ལ་སྩོལ་བའི་ཕྱིར། དམ་ཚིག་ཆེན་པོ་ནི་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྟེ། འཁོར་བ་མ་སྟོང་གིས་བར་དུ་གདུལ་བྱའི་དོན་མཛད་པ་ལས་མི་འདའ་བས་དམ་ཚིག་ཆེན་པོའོ། །དེ་ཉིད་དོན་ངོ་བོ་ལ་གཤེགས་བཞུགས་མི་མངའ་ཡང་། གདུལ་བྱའི་ངོ་ལ་གནས་འདིར་གཤེགས་སུ་གསོལ། དེ་ལྟ་བུའི་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གཤེགས་ནས་ཀྱང་ཅི་མཛད་ཅེ་ན། གྲུབ་སེམས་པའི་རྟགས་དང་གྲུབ་ཟིན་པའི་མཚན་མའམ། ཡང་ན་དངོས་གྲུབ་ཀྱིས་མཚན་མ་དང་། སྒྲོལ་བྱ་སྒྲོལ་བའི་རྟགས་སོ། །དེ་དག་མངོན་སུམ་དུ་བསྟན་པ་དང་། ཀཱི་ལ་ཡ་ནི་དབྱིངས་ཡེ་ཤེས་ཀྱིས་དངོས་གྲུབ་བམ། མཆོག་ཐུན་མོང་གིས་དངོས་གྲུབ་སྩོལ་ཅིག་བའོ། །ཡེ་ཤེས་ཕུར་བུ༴ དབང་དང་༴ འབྲུ་མཐུན། དཔལ་རྡོ་རྗེ་གཞོན་ནུའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཐབས་ཐུགས་རྗེ་ལ་སྤྲུལ་པའི་ཁྲོ་བོ་བཅུ་དང་དབྱིངས་ཤེས་རབ་ལས་སྤྲུལ་པའི་ཁྲོ་མོ་བཅུ་སྟེ། གཞན་ལས་ཁྱད་པར་དུ་གྱུར་པས་ཆེན་པོ་གཤེགས་སུ་གསོལ། བདུད་དང་ལོག་འདྲེན་ལས་རྒྱལ་བས་ཁྲོ་རྒྱལ་ཡབ་ཡུམ་ཉི་ཤུ་གཤེགས་ནས་ཀྱང་། རྟགས་དང་༴ ཀཱི་ལ་ཡའི༴ འབྲུ་མཐུན། ཡེ་ཤེས་ཕུར་བུ༴ དབང་དང་༴ ཁྲོ་བོ་རྣམས་ཀྱི་མངག་གཞུག་གིས་ཕོ་ཉ་ཡིན་པའི་ཕྱིར། ཕྱག་བརྙན་ཆེན་པོ་གཤེགས་སུ་གསོལ། དོན་ཉོན་མོངས་པ་མ་སྤངས་བར་ཐབས་སྣ་ཚོགས་ཀྱིས་སྒོ་ནས་གཅོད་ཅིང་། རྟགས་སེམས་ཅན་རྣམས་ཕྱག་མཚན་དུ་ཁྲ་རུ་འགྱེད་ཐབས་སུ་བསྣམས་པའི་ཡབ་ཡུམ་ཉི་ཤུ་གཤེགས་ནས་ཀྱང་། རྟགས་དང་༴ ཀཱི་ལ་ཡའི༴ གཉིས་པ་གདུལ་བྱ་ཡུལ་འཛིན་པའི་འཕྱོང་ནི། སྲིད་པ་ནི་ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་ཏེ། ཁམས་གསུམ་དང་ལུས་ངག་ཡིད་གསུམ་མོ། །ཕུར་བུ་བསྒྲུབ་དང་། དབང་དང་། ཤྭ་ན་མུ་ཁ་སྟེ། ཡེ་ཤེས་ཀྱི་མཁའ་འགྲོ་སྤྱང་ཀུའི་གདོང་པ་ཅན་ལ་སོགས་སྟེ། ཤ་ཟའི་ཆོས་ལུགས་གདོང་པ་ཅན་བཞི་གཤེགས་སུ་གསོལ། དེ་ལྟ་བུའི་ཤྭ་ན་མཆེད་བཞི་གཤེགས་ནས་ཀྱང་། རྟགས་དང་༴ ཀཱི་ལ་ཡའི་དངོས་གྲུབ་སྩོལ། ཅེས་པས། དངོས་གྲུབ་སྤྱིར་བསྡུས་ནས། ཡེ་ཤེས་ཀྱི་ལྷ་ལ་མཆོག་ཐུན་མོང་གིས་དངོས་གྲུབ་ཀྱིས་གསོལ་བ་གདབ་པ་ཡིན་ཏེ། དམ་ཚིག་ལ་གྲུབ་པ་ཆེན་པོ་བརྒྱད་མན་ཆད། ལས་ཕྲན་ཚོགས་ཀྱིས་དངོས་གྲུབ་ཡན་ཆད་གསོལ་བ་གདབ་པའོ། །སྲིད་པའི༴ དབང་དང་༴ གླིང་བཞིའམ་འབྱུང་བ་བཞིའི་བདག་མོ་བསྭེ་མོ་བཞི་ཡིན་པས། ས་བདག་ཆེན་མོ་གཤེགས་སུ་གསོལ། དེ་ལྟ་བུའི་འཛམ་གླིང་གིས་བསྭེ་ཤིང་ཡོད་པའི་གནས་ན་བཞུགས་པའི་བསྭེ་མོ་མཆེད་བཞི་གཤེགས་ནས་ཀྱང་། རྟགས་དང་༴ ཀཱི་ལ་ཡའི༴ སྲིད་པའི༴ དབང་དང་༴ ཁམས་གསུམ་གྱིས་བདག་མོ་མཐུའི་དབང་ཕྱུག་མ་བདག་ཉིད་ཆེན་མོ་གཤེགས་སུ་གསོལ། དེ་ལྟ་བུའི་མ་མོའི་ཚོགས་ནད་ཀྱིས་བདག་མོ་རེ་མ་ཏི་མཆེད་བཞི་གཤེགས་ནས་ཀྱང་། རྟགས་དང་༴ ཀཱི་ལ་ཡའི༴ ཁྱོད་ཀྱིས་དམ་ཚིག་དུས་ལ་བབ་ཅེས་པ། ཕུར་པའི་སྲུང་མ་མ་ལུས་པའོ། །མཐུ་རྩལ་ཕྱུངས་ཅེས་པ་དམ་ཅན་བཅུ་གཉིས་ཀྱི་འཁོར་ན། བདུད་ནི་རོལ་ཆེན་ལ་སོགས་པའི་དྲེགས་པ་ཕོ་བདུད་ཉི་ཤུ་རྩ་གཅིག་འཁོར་ཡང་འཁོར་དང་བཅས་པ་རྣམས་ཀྱིས་སེམས་ཀྱིས་མཐུ་དང་། ལུས་ཀྱིས་རྩལ་ཕྱུང་བའི་ཕྱིར་གཤེགས་སུ་གསོལ། དེ་ལྟ་བུའི་དྲེགས་པ་ཉི་ཤུ་རྩ་གཅིག་གཤེགས་ནས་ཀྱང་། རྟགས་དང་༴ ཀཱི་ལ་ཡའི་དངོས་གྲུབ་སྩོལ། ཡང་ན། ཁྱེད་ཀྱིས་དམ་ཚིག་དུས་ལ་བབ། །མཐུ་རྩལ་ཕྱུང་བའི་དུས་ལ་བབ། །ཞེས་བྱ་བ། གདུལ་བྱ་དང་། གདུལ་བྱེད་སྤྱི་ལ་ཐམས་ཅད་གནན་ནས་བསྐུལ་བ་སྟེ། དང་པོ་ཡེ་ཤེས་པ་ལྟར་ན། ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དམ་ཚིག་ནི། ཐུགས་རྗེས་འགྲོ་བ་སྒྲོལ་བ་ཡིན་པས་དེའི་དུས་ལ་བབ་པས། སེམས་ཀྱིས་མཐུ་དང་ལུས་ཀྱིས་རྒྱུ་རྩལ་དང་། སྤྲུལ་པ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་གྱིས་ཤིག་པའོ། །གདུལ་བྱ་ལྟར་སྦྱར་ན། དམ་ཅན་དང་དྲེགས་པ་ཁྱེད་རྣམས་ཀྱིས་དམ་ཚིག་ནི། སྔོན་བཅོམ་ལྡན་འདས་ཤྲཱི་བཛྲ་ཀུ་མ་རའི་སྤྱན་སྔར་སྲོག་གིས་སྙིང་པོ་མདོང་སོལ་དུ་ཕུལ་སྟེ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱིས་གྲོགས་བྱ་བ་དང་། དགྲ་བགེགས་གདུག་པ་ཅན་བསྒྲལ་བར་དམ་བཅའ་བ་ཡིན་པས། དེའི་དུས་དེང་སང་ཡིན་ཅེས་པའོ། །དེ་ཡང་ཁྱེད་རྣམས་ཀྱིས་སེམས་ཀྱིས་མཐུ་དང་། ལུས་ཀྱིས་སྤྲུལ་པའི་སྒྱུ་རྩལ་ཅིར་ཡང་མངའ་བས་དཔྱད་སྒྲུབ་པོ་ལ་སྡོང་གྲོགས་མཛོད་ཅེས་པ་དང་། དགྲ་བགེགས་གདུག་པ་ཅན་བསྒྲལ་བའི་དུས་ལ་དེང་སང་བབ་བོ། །ཞེས་བྱའོ། །དེ་ལྟར་བསྐྱེད་པའི་ད་ལ་འདྲ་བ་གཅིག་བྱོན་ནས། གཙོ་བོ་ལ་གཙོ་བོ་དང་། འཁོར་རྣམས་ལ་འཁོར་དང་། གཞལ་ཡང་ཁང་ལ་གཞལ་ཡས་ཁང་། རྡོ་རྭ་མེ་རི་ལ་རྡོ་རྭ་མེ་རི་རྣམས་ཐིམ་པར་བསམ་མོ། །བདུན་པ་དབང་བསྐུར་བ་ནི། ཡངས་མན་ཛས་སྙན་གསན་དབབ་ལ། རང་གིས་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་བྷུདྡྷ་ཐམས་ཅད་བསྡུས་ཏེ་ཀུན་ཀྱང་རྡོ་རྗེ་གཞོན་ནུ་རང་འདྲ་བས་ནམ་མཁའ་གང་བར་བཞུགས་པར་བསྒོམ་ལ། དེ་ནས་ཐུགས་ཡང་དག་པའི་ཡེ་ཤེས་སྐྱེ་འཇིག་དང་བྲལ་བས་རྡོ་རྗེ། དེ་ཉིད་བགྲེས་རྒུད་དང་བྲལ་བས་གཞོན་ནུ། དེའི་རིག་ནི་ཆོས་སྐུ་སྟེ། དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱིས་དེ་ཉིད་རྟོགས་པ་ན་འཛིན་པ་སྟེ། ཅེས་སམ། ཡང་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། ཕུར་པ་སྲས་ཀྱི་དཀྱིལ་འཁོར། ཁྲ་ཐབས་ཀྱིས་ཀྱང་ཆོས་སྐུའི་དོན་རྟོགས་པས་རིག་འཛིན་ཅེས་བྱ་སྟེ། དེ་རྣམས་ཀྱིས་ཅེས་པའོ། །སྲིད་པ་ཞེས་པ་ནི། མི་སྲིད་པའི་སྲིད་པ་དང་། ཇི་སྲིད་པའི་སྲིད་པ་དང་། སྲིད་པའི་སྲིད་པའོ། །མི་སྲིད་པའི་སྲིད་པ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་བྱ་སྟེ། སངས་རྒྱས་ནི་རྒྱ་ལམ་ན་ལན་གཅིག་སྲིད་པ་ས་མི་སྲིད་བ་ཞེས་བྱ་སྟེ། དེ་ཡང་དཔལ་རྡོ་རྗེ་གཞོན་ནུའི་ཐུགས་ཀྱི་རང་བཞིན་ཡིན་པ་དང་། ཇི་སྲིད་པའི་སྲིད་པ་ནི། བྱང་ཆུབ་སེམས་དཔའ་དང་ཉན་རང་ལ་བྱ་སྟེ། དེ་ཡང་རྒྱ་ལམ་ལན་གཅིག་ན་སྲིད་ལ། ཇི་སྲིད་པའི་སྲིད་པ་ཞེས་བྱ་སྟེ། དེ་ཡང་རྡོ་རྗེ་གཞོན་ནུའི་གསུང་གིས་རང་བཞིན་ཡིན་པ་དང་། སྲིད་པའི་སྲིད་པ་ནི། ལྷ་མི་ངན་སོང་ཀུན་ལ་བྱ་སྟེ། དེ་ཡང་རྡོ་རྗེ་གཞོན་ནུའི་སྐུའི་རང་བཞིན་ཡིན་པས་སྲིད་པ་གསུམ་དང་། ཡང་ན་སྲིད་པ་ལྷ་མི་ངན་སོང་གསུམ་མོ། །ཡང་ན་སྲིད་པ་འགྲིང་བུ། འཕྲེང་ཉལ། ཁ་སྦུབ་གསུམ་མོ། །ཡང་ན་སྲིད་པ། ས་བླ། ས་སྟེང་། ས་འོག་གསུམ་མོ། །ཡང་ན་སྲིད་པ་ཁམས་གསུམ་མོ། །ཡང་ན་སྲིད་པ་ལུས་ངག་ཡིད་གསུམ་སྟེ། དེ་ལྟར་སྲིད་པ་བཅོ་བརྒྱད་པོ་ཀུན་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་སུ་དབྱེར་མི་ཕྱེད་པས་རྡོ་རྗེ་སྟེ། དེ་ལྟ་བུའི་ངང་དུ་གྲུབ་པར་མཛོད་ཅིག་ཅེས་པའོ། །དེ་ལྟར་སྲིད་པ་ཀུན་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་རྡོ་རྗེ་བདག་ཉིད་དུ་གྱུར་པས་ན། ཐམས་ཅད་རྡོ་རྗེ་གཞོན་ནུའི་སྲུང་མའམ་ཕུར་པའི་ལྷར་མ་གྱུར་པ་མེད་པའོ། །རྟོགས་བྱའི་དབྱིངས་དང་། དེ་ཉིད་རྟོགས་པའི་རིག་པ་གཉིས་སུ་མེད་པ་དེ་ལ་ཡེ་ཤེས་ཁྲོ་བོ་ཞེས་པ་ཡེ་ཤེས་ཆེན་པོ་སྔོན་དུ་བཏང་བས་ཁྲོ་བ་ལྟར་བཅས་པ་དང་། ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་ཁྲོ་བ་ལྟར་བཅས་པའོ། །དེ་ལྟ་བུའི་སྐུ་དེ་རྣལ་འབྱོར་པ་བདག་ལ་གྲུབ་པར་མཛོད་ཅིག་པའོ། །སྤངས་རྟོགས་ཕུན་སུམ་ཚོགས་པའི་སངས་རྒྱས་ཀུན་གྱིས་རྟོགས་པའི་ཡེ་ཤེས་སྐུ་ལྔ་དབྱེར་མེད་པའི་ངང་ཉིད་རྡོ་རྗེ་ཆོས་ཀྱིས་དབྱིངས་ལས། ཐུགས་ཡེ་ཤེས་རྟོགས་པ་འབར་བ་དང་། ཐུགས་རྗེ་ཆེན་པོའི་ཕྲིན་ལས་འབར་བ་དང་། ཁྲག་འཐུང་ཆེན་པོའི་སྐུ་མཚན་དང་དཔེ་བྱད་ཀྱིས་འབར་བའི་ཁྲོ་བོ་ནི་འབྲུ་མཐུན་ལ། མི་བཟད་པ་ཅེས་པ་གདུལ་བྱ་འདུལ་བའི་དབང་དུ་འཇིག་རྟེན་པ་དང་མཐུན་པར་ཁྲོ་བོ་རྔམ་རྔམ་ལྟར་འཆར་བའོ། །ཡང་ན་མི་བཟད་པ་སྟེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གདུལ་བྱ་ཅི་ཙམ་དུ་ཡོད་པ་དེ་ཙམ་དུ་སྣང་བའོ། །དེ་ལྟ་བུའི་སྐུའི་དབྱིག་གམ་ངོ་བ་ཉིད་དུ་བདག་རྣལ་འབྱོར་བ་གྱུར་ཅིག་པའམ་བསྐྱེད་ཅིག་པའོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང་གིས་ངང་ཉིད་རྡོ་རྗེ་ཆོས་ཀྱི་དབྱིངས་ལས། འབར་བའི་ཁྲོ་བོ་མི་བཟད་པ། གསུང་གིས་དབྱིག་གམ་ངོ་བོ་ཉིད་དུ་བདག་རྣལ་འབྱོར་པ་གྱུར་ཅིག་པའམ་བསྐྱེད་ཅིག་པའོ། །སངས་རྒྱས་ཀུན་གྱིས་ཡེ་ཤེས་ཐུགས། བདག་ཉིད་རྡོ་རྗེ་ཆོས་དབྱིངས་ལས། འབར་བའི་ཁྲོ་བོ་མི་བཟད་པ། ཐུགས་ཀྱི་དབྱིག་གམ་ངོ་བོ་ཉིད་དུ་བདག་རྣལ་འབྱོར་པ་གྱུར་ཅིག་པའམ། བསྐྱེད་ཅིག་པའོ། །དེ་ལྟར་གྱུར་ནས། གདུལ་བྱ་འདུལ་བའི་ཐབས་ཀྱི་མཛད་སྤྱོད་སྣ་ཚོགས་པས་འགྲོ་བ་འདུལ་བའི་དོན་དུ། དེའི་རྒྱུ་བྱམས་པ་དང་སྙིང་རྗེའམ། ཐུགས་རྗེ་གང་ལ་གང་འདུལ་དེ་ལ་དེར་སྟོན་པའི་སངས་རྒྱས་ཀྱིས་ཆེ་བའི་ཡོན་ཏན་ཐམས་ཅད་བདག་རྣལ་འབྱོར་པ་ལ་རྫོགས་པར་མཛད་ནས། རང་རིག་ལྷུན་གྲུབ་ཀྱིས་དབང་དང་། ཁམས་གསུམ་དབང་དུ་སྡུད་པའི་དབང་དང་། གདུག་པ་ཟ་བྱེད་ཀྱིས་དབང་དང་བྱིན་རླབས་ཐམས་ཅད་བདག་ལ་སྩོལ་ཅིག་པའོ། །ཐབས༴ བྱམས་དང་སྙིང་རྗེ༴ སངས་རྒྱས་ཀྱི་ཕྲིན་ལས་ཞི་རྒྱས་དབང་དྲག་ལྷུན་གྲུབ་རྣམས་རྫོགས་པར་མཛད་ནས། དབང་དང་བྱིན་རླབས་བདག་ལ་སྩོལ་ཅིག་པའོ། །དེ་ལྟར་དུ་གསོལ་བ་བཏབ་པ་སྟེ། དེ་ཡང་རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས་ཅེས་པའི་ཤྭ་ལོ་ཀ་དང་པོ་སྤྱིར་བསྟན་པ་ཡིན་ལ། འོག་མ་ལྔ་ནི་བྱེ་བྲག་ཏུ་གསོལ་བ་བཏབ་པ་ཡིན་ཏེ། དེ་ལྟར་དུ་གསོལ་བ་བཏབ་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དངོས་གྲུབ་ཐོབ་པར་བསམ་པ་ནི། མདུན་གྱི་ལྷ་དེ་དག་གིས་ཐུགས་ཀ་ནས་ༀ་དཀར་པོ་བྱུང་ནས་བདག་གིས་སྤྱི་བོར་ཐིམ་པས། སྐུའི་དབང་ཐོབ་པར་བསམ། ད་ལྟ་ནས་ལུས་ཀྱི་གཡོ་འགུལ་ཅི་བྱས་ཀྱང་འགྲོ་བ་སྒྲོལ་བའི་ནུས་པ་དང་ལྡན་པར་བསམ། སངས་རྒྱས་པའི་དུས་སུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་དབང་ཐོབ་པར་བསམ། གསུང་གིས་དབྱིག་ཅེས་པས། ཨཱཿདམར་པོ་བདག་གིས་མགྲིན་པར་ཐིམ་པས། གསུང་གིས་དབང་ཐོབ་པར་བསམ། ད་ལྟར་གྱིས་ངག་བཟླས་བརྗོད་ཅི་བྱས་ཀྱང་། འགྲོ་བ་སྒྲོལ་བའི་ནུས་པ་དང་ལྡན་པར་བསམ། སངས་རྒྱས་པའི་དུས་སུ་གསུང་དབྱངས་ཡན་ལག་སུམ་བརྒྱ་དྲུག་ཅུ་ལ་དབང་ཐོབ་པར་བསམ། ཐུགས་ཀྱི་དབྱིག་ཅེས་པས། ཧཱུྃ་མཐིང་ནག་བདག་གིས་ཐུགས་ཀར་ཐིམ། ཐུགས་ཀྱི་དབང་ཐོབ་པར་བསམ། ད་ལྟ་ནས་ཏིང་ངེ་འཛིན་ཅི་ལྟར་ན་ཡང་འགྲོ་བ་སྒྲོལ་བའི་ནུས་པ་དང་ལྡན་པར་བསམ། སངས་རྒྱས་པའི་དུས་སུ་ཏིང་ངེ་འཛིན་སྒོ་འབུམ་ཕྲག་དུ་མ་ལ་དབང་ཐོབ་པར་བསམ། ཐབས་ཀྱི་སྤྱོད་པས། ཅེས་སྭཱ་སེར་པོ་བྱུང་བས་བདག་གིས་ལྟེ་བར་ཐིམ་ཡོན་ཏན་གྱི་དབང་ཐོབ་པར་བསམ། དེ་ལྟར་ནས་ཚེ་རིང་ནད་མེད་བཀྲ་ཤིས་ལོངས་སྤྱོད་འཕེལ་བ་ལ་སོགས་པའོ། །བྷུདྡྷའི་དུས་ན་བདེ་བར་གཤེགས་པའི་ཡོན་ཏན་བརྒྱ་བཞི་བཅུ་ལ་མངའ་བརྙེས་པའོ། །ཡང་ལན་གཅིག་བརྗོད་པས། ཧཱ་ལྗང་ཀུ་བྱུང་བས་བདག་གིས་གསང་གནས་སུ་ཐིམ་ཕྲིན་ལས་ཀྱི་དབང་ཐོབ་པར་བསམ། ད་ལྟ་ནས་ཕྲིན་ལས་རྣམ་བཞི་ལྷུན་གྱི་གྲུབ་པའོ། །སངས་རྒྱས་པའི་དུས་སུ་བདེ་བར་གཤེགས་པའི་ཐུགས་རྗེའི་ཕྲིན་ལས་ཐམས་ཅད་ལ་མངའ་བརྙེས་པར་བསམ། དེ་ནས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་དེ་རྣམས་བདག་ལ་བསྟིམ་མོ། །ཡང་ན་རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཅེས་པ་བཞི་ནི། ཡར་གསོལ་བ་བཏབ་པ་ཡིན་ལ། འོག་མ་ལྔ་ནི་དེའི་ལན་དུ་གསུང་པར་བསམ་ལ་དངོས་གྲུབ་བླང་། ཅེས་བླ་མ་གོང་མ་རྣམས་ཀྱི་གསུངས་སོ། །སྤྱི་དོན་བརྒྱད་པ་མཆོད་པ་འབུལ་བ་ནི། རྣམ་ལྔ་ཡིད་ཀྱི་ལྷ་མོ་རྣམས་ཀྱིས། ཡོན་ཆབ་ནི་ལྷ་ཚོགས་རྣམས་ཀྱི་ཞལ་དང་ཞབས་བསིལ། མེ་ཏོག་སྐུ་ལ་འཐོར། བདུག་སྤོས་ཤངས་ལ། མར་མེ་སྤྱན་ལ། དྲི་ཆབ་ལུས་ལ་བྱུག་གོ། །ཞལ་ཟས་ཞལ་དུ། རོལ་མོ་སྙན་དུའོ། །དེ་ནས་རཀྟ་ནི། སྔགས་ཀྱིས་རཀྟ་གསལ་གདབ་ལ། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། ཅེས་པ་ལ་སོགས་པ་ནི། གོང་དང་འབྲུ་མཐུན་ལ། འདོད་ཆགས་མ་སྤངས་གནས་སུ་དག་པར་བྱ་བའི་ཕྱིར་དུ། རཀྟ་དམར་གྱིས་མཆོད་པ་བཞེས་སུ་གསོལ། ཅེས་པའོ། །མཐུ་རྩལ་ཕྱུང་༴ རཀྟ༴ ལྷ་ཚོགས་རྣམས་རང་རང་གིས་སྔགས་ཀྱིས་མཐར་ཁཱ་ཧི་བཏགས་ལ། ལྷ་མོ་ཐོད་ཞལ་ཐོགས་པ་རྣམས་ཀྱི་བཅུས་ནས་མཆོད་པར་བསམ་མོ། །དེ་ནས་གཏོར་མ་ནི། སྔགས་ཀྱིས་གསལ་གདབ་ལ། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། གཏི་མུག་མ་སྤངས་གནས་སུ་དག་པར་བྱ་བའི་ཕྱིར་དུ། བྷ་ལིང་རྒྱན་གྱི་གཏོར་མ་བཞེས་སུ་གསོལ། །ཅེས་པའོ། །མཐུ་རྩལ༴ བྷ་ལིང་༴ ལྷ་ཚོགས་རྣམས་ཀྱི་རང་རང་གིས་སྔགས་ཀྱིས་མཐར་ཁཱ་ཧི་བཏགས་ལ། སྟེང་འདོད་ཡོན་གྱིས་ལྷ་མོ། བར་བདུད་རྩིའི་རྒྱ་མཚོ། མཆོད་པའི་ལྷ་མོ་རྣམས་ཀྱི་རིན་པོ་ཆེའི་སྐྱོག་བསྣམས་ནས། ལྷ་ཚོགས་རྣམས་ལ་དྲང་བར་བསམ། འོག་དུག་གསུམ་ཤ་ཁྲག་རུས་པ་ནི། ཁྱད་པར་དུ་ཁྲོ་བོའི་ལྷ་ཚོགས་དང་ཆོས་སྐྱོང་རྣམས་ལ་མཆོད་པར་བསམ། དེ་ནས་སྨན་གྱི་མཆོད་པ་ནི། སྔགས་ཀྱི་གསལ་གདབ་ལ། ཆེ་ཡོན་བརྗོད་དེ། ཧོ་རང་བྱུང་གདོད་ནས་དག་པ་ཡི། ཅེས་སོགས་གོ་སླ། འབུལ་བའི་ཚིག་ནི། དམ་ཚིག་ཆེན་པོའི་དུས་ལ་བབ། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ། ཞེ་སྡང་མ་སྤངས་གནས་སུ་དག་པར་བྱ་བའི་ཕྱིར་དུ། རྣམ་དག༴ ཐུགས་རྗེས༴ ༀ་མགོ་འདྲེན་ན་མ་ཕྱག་འཚལ། སརྦ་ཐམས་ཅད། ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ། མ་ཧཱ་ཆེན་པོ། ཨརྒྷཾ་མཆོད་ཡོན་པྲ་ཏི་ཛ་ཧོ་སོ་སོར་མཉེས་པ་སྟེ། དོན་དུ་ན་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ཡོན་ཆེན་པོ་བདུད་རྩི་སྨན་གྱི་སོ་སོར་མཉེས་པར་མཛོད་ཅིག་པའོ། །དེའི་དུས་སུ་ལྷ་མོ་ཉི་ཟླའི་སྐྱོག་ཐོགས་པ་དཔག་ཏུ་མེད་པ་བྱུང་ནས་མཆོད་པར་བསམ། དེ་ནས་ཡི་དམ་སྤྱི་ལ་ཁཱ་ཧི་བཏག་གོ། །སྤྱི་དོན་དགུ་པ་བསྟོད་པ་བྱ་བ་ནི། འཁོར་རྣམས་ཀྱི་གཙོ་བོ་ལ་བསྟོད་པར་བསམ་ལ། ཧཱུྃ། གཏུམ་ཆེན་ཅེས་པས། སྐུ་ལ་བསྟོད་པ་དང་། གསུང་ལ་བསྟོད་པ་དང་། ཐུགས་ལ་བསྟོད་པ་དང་། ཡོན་ཏན་ལ་བསྟོད་པ་དང་། ཕྲིན་ལས་ལ་བསྟོད་པ་དང་། ཁྲོ་བོ་སྤྱི་ལ་བསྟོད་པའམ། དབང་ཆེན་གྱིས་དཀྱིལ་འཁོར་ལ་བསྟོད་པ་དང་དྲུག་གོ། །འདིའི་དོན་ཞིབ་བར་གསང་སྙིང་ལེའུ་ཉེར་གཅིག་པའི་ནང་དུ་ཞིབ་པར་ཡོད་པས་དེར་གཟིགས་མཛོད། དེ་ནས་བསྙེན་པའི་གོང་ལ་ཕྲེང་བ་བྱིན་རླབས་བྱ་སྟེ། བྱིན་རླབས་དང་། ཞི་རྒྱས་དབང་དྲག་བཞིའི་ཕྲེང་བའི་ཁ་དོག་དང་། རྣམ་གྲངས་དང་། འདྲེན་པའི་ཐབས་རྣམས་གཞན་དུ་ཤེས་པར་བྱའོ། །བཅུ་པ་བསྙེན་པ་བྱ་བ་ལ་བཞི་སྟེ། ཀཱི་ལ་ཡ་རྒྱུད་ཀྱིས་བསྙེན་པ་དང་གཅིག །ལུང་གི་བསྙེན་པ་དང་གཉིས། མན་ངག་གི་བསྙེན་པ་དང་གསུམ། ངན་སྔགས་ཀྱི་བསྙེན་པ་དང་བཞིའོ། །དེ་ལ་རྒྱུད་ཀྱི་བསྙེན་པ་ནི། བདག་རྡོ་རྗེ་གཞོན་ནུའི་ཐུགས་ཀ་ནས་ཉི་མའི་དཀྱིལ་འཁོར་གྱིས་སྟེང་དུ་ཡེ་ཤེས་སེམས་དཔའ་རང་འདྲ་བ་བཞུགས་པའོ། །དེའི་ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་ནག་པོ་རྩེ་དགུ་པ་ཡར་བཞེངས་པའོ། །དེའི་ལྟེ་བ་ཁོང་སེང་སྟོངས་པར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་ཡར་བཞེངས་པ། དེའི་མཐའ་བསྐོར་དུ། ༀ་བཛྲ་ཀཱི་ལི་ཀཱ་ལ་ཡ་ཧཱུྃ་ཕཊ྄་ཅེས་པས། ཡི་གེ་མཐིང་ནག་ཡར་བཞེངས་པ་གཡས་སུ་འཁོར་བའོ། །ཁྲོ་བོ་རྣམས་ཀྱི་ཐུགས་ཀ་ན་ཡང་ཉི་མའི་སྟེང་དུ། རྡོ་རྗེ་ནག་པོ་ཁོང་སྟོངས་རྩེ་ལྔ་རེ་རེ་ཡར་བཞེངས་པ། དེའི་ལྟེ་བའི་ནང་དུ་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་རེ་རེ་ལ། དེ་ལ་ཁྲོ་བོ་རང་རང་གིས་སྔགས་ཀྱི་བསྐོར་བའོ། །དམ་ཅན་བཅུ་གཉིས་ཀྱི་བསྭེ་མོ་བཞིའི་སྤྱི་བོར། གླད་པ་དུང་ཁང་གིས་ནང་དུ་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རེ་རེའི་སྟེང་དུ་ༀ་དཀར་པོ་འམ། སེར་པོ་རེ་རེ་བསམ། དེ་ལ་བདུད་ཀྱིས་བུ་མོའི་སྤྱི་བོར་མ་ཐ་མ་ཐ་བཛྲ་ཅེས་པས་འཁོར་བའོ། །ལྷོ་སྒོར་གཟའི་བུ་མོའི་སྤྱིར་བོར་ཛྭ་ལ་ཛྭ་ལ་བཛྲ་ཅེས་པས་འཁོར་བའོ། །ནུབ་སྒོར་བཙན་གྱིས་བུ་མོའི་སྤྱི་བོར་སུ་རུ་སུ་རུ་བཛྲ་ཅེས་པས་འཁོར་བའོ། །བྱང་སྒོར་ཀླུའི་བུ་མོའི་སྤྱི་བོར་མུ་རུ་མུ་རུ་བཛྲ་ཅེས་འཁོར་བའོ། །དེ་ནི་བསྭེ་མོ་བཞིའི་ཡི་གེ་དང་། སྲོག་སྙིང་བསྒོམ་པའི་རིམ་པའོ། །ཤྭ་ན་བཞིའི་མགྲིན་པར་རླུང་གི་དལ་དུད་ཀ་ཟླ་གམ་དུ་འདུག་པའི་དཀྱིལ་དུ་ཨཱཿདམར་པོ་རེ་རེ་བསྒོམ། ལྕགས་ཀྱི་སྤྱང་མོ་མགོ་དགུ་མའི་མགྲིན་པར་ཧ་ན་ཧ་ན་བཛྲ་ཅེས་པས་འཁོར་བའོ། །ལྕགས་ཀྱི་ཁྱི་མོ་རྐང་གསུམ་ལ་ཞོན་པའི་བུད་མེད་ནག་མོའི་མགྲིན་པར་ད་ཧ་ད་ཧ་བཛྲ་ཅེས་པས་འཁོར་བའོ། །ཟངས་ཀྱི་འཕར་བ་ལྕེ་བརྒྱད་ཀྱིས་མགྲིན་པར་པ་ཙ་པ་ཙ་བཛྲ་ཅེས། ཟངས་ཀྱི་ཝ་མོ་རྐང་གསུམ་ལ་ཞོན་པའི་བུད་མེད་ཀྱིས་མགྲིན་པར་མ་ཐ་མ་ཐ་བཛྲ་ཅེས། དེ་ནི་ཤྭ་ན་བཞིའི་སྲོག་སྙིང་དགོད་པའོ། །རེ་མ་ཏི་བཞིའི་ཐུགས་ཀར་མེའི་དལ་འཁོར་ལོ་དམར་ནག་གྲུ་གསུམ་པ་རེ་རེའི་སྟེང་དུ་ཧཱུྃ་མཐིང་ནག་རེ་རེ་བསྒོམ་མོ། །དེའི་མཐའ་སྐོར་དུ། ཧཱུྃ་མ་མ་པ་ཤཾ་ཀུ་རུ་མ་སྟཾ་ཛྙཱ་ན་ཀ་ར་ཡེ་ནན་དྷ་ཏི་མ་མ་ཀརྨ་ཤྲི་ཀྲཾ་ཀ་ར་ཡ་ཧཱུྃ་ཕཊ྄་ཅེས་པས་འཁོར་བའོ། །དེ་ནས་དམིགས་པ་གསལ་གདབ། ཕྲེང་བ་ལག་ཏུ་བླངས། ངག་མཚམས་བཅད་ནས་ཐུགས་ཀའི་ཡེ་ཤེས་སེམས་དཔའ་དང་། རྡོ་རྗེའི་ལྟེ་བའི་ཧཱུྃ་དང་། ཡི་གེ་གཡས་སུ་འཁོར་བའི་གུ་གུ་དང་། འགྲེང་བུ། ཞབས་ཀྱུ་ལ་མ་ཡེངས་པར་ཟུར་ཕྱིན་པར་བྱས་ལ་ཡིད་སེམས་གཏད། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄་ཅེས་བཟླས་པས། རང་གིས་ཐུགས་ཀ་ནས་ཡི་གེའི་ཕྲེང་བ་ལ་ཡི་གེའི་ཕྲེང་བ་གཅིག་ཆད་ནས། མགྲིན་པ་ནས་ལྗགས་ཀྱིས་རྩེ་མོ་ནས་ཐོན། ཕྱོགས་བཅུའི་ནམ་མཁའ་ན་འཁྲིགས། ཕྱོགས་བཅུའི་བྷུདྡྷ་ཐམས་ཅད་ཀྱང་དཔལ་རྡོ་རྗེ་གཞོན་ནུའི་ཆ་ལུགས་སུ་བྱུང་ནས་ནམ་མཁའ་ལ་འཁྲིགས། རང་གིས་སྔགས་བཟླས་པ་ཙམ་གྱིས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བདག་གིས་རམ་བུའི་ཚུལ་དུ་བཟླས་ཏེ། ཀཱི་ལ་ཡ་འབྲུ་དགུ་ལས་འཕེལ་ཏེ། ཀཱི་ལ་ཡའི་སྒྲ་འུ་རུ་རུ་སྒྲོགས་པར་བསམ། སྔགས་ཀྱིས་སྒྲ་ལས་འོད་ཟེར་བྱུང་བས། ཤར་སྨུག་ནག །ལྷོ་སེར་ནག །ནུབ་དམར་ནག །བྱང་ལྗང་ནག །དབུས་མཐིང་ནག་ཏུ་འཁྲིག་པས། བདག་དང་སངས་རྒྱས་ཐམས་ཅད་ཀྱིས་འོད་ཟེར་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱིས་ལུས་ངག་ཡིད་གསུམ་གྱིས་སྒྲིབ་པ་སྦྱངས་ཏེ། སླར་སེམས་ཅན་ཐམས་ཅད་རྡོ་རྗེ་གཞོན་ནུར་གྱུར་པར་བསམ། བཟླས་པ་ནམ་འཇོག་ཁར། འོད་ཟེར་དང་ཡིག་འབྲུ་རྣམས་བདག་ལ་བསྟིམ་པས། བདག་གིས་ལུས་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ་ཕྲ་མོ་ཐེམ་གང་ནེམ་གང་དཔག་ཏུ་མེད་པས། བྱེའུ་ཕྲུག་གིས་གཤོགས་པ་ལ་ཁྲན་ཆགས་པའི་ཚུལ་དུ་ལུས་གཏམ་པར་བསམ། སླར་འོད་ཟེར་ལྷག་པོ་རྣམས། ཕྱོགས་བཅུའི་བྷུདྡྷ་རྡོ་རྗེ་གཞོན་ནུའི་སྐུར་གྱུར་པ་རྣམས་ནི་བདག་གིས་ཐུགས་ཀར་བསྟིམ། སྟོང་ཚིག་གིས་མཆོད། སྨན་རཀ་གཏོར་གསུམ་བྱིན་གྱིས་བརླབས་ལ་འབུལ། དེ་ནི་ཀཱི་ལ་ཡ་འབྲུ་དགུའི་བསྙེན་པའོ། །ཀཱི་ལ་ལ་འབྲུ་བཅུ་བཞིའི་བསྙེན་པ་དང་། ཁྲོ་བོ་བཅུ་སྦྲེལ་མར་བྱ་སྟེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བྷིགྣན་བྃ་ཧཱུྃ་ཕཊ྄། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ྄། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ྄། ༀ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ྄། ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ྄། ༀ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ། བྷནྡྷ་བནྡྷ་ཧཱུྃ་ཕཊ྄། ༀ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄། ༀ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུནྜ་ལི་ཧཱུྃ། ཚྪིནྟཱ་ཚྪིནྟཱ་ཧཱུྃ་ཕཊ྄། ༀ་བཛྲ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ། བིནྡྷ་བིནྡྷ་ཧཱུྃ་ཕཊ྄། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄། ཀཱི་ལ་ཡ་འབྲུ་བཅུ་བཞི་བས་མགོ་དྲངས། ཁྲོ་བཅུའི་སྔགས་དང་བཅས་པ་རང་གིས་དག་ཏུ་བཟླས་པས། རང་གི་ཐུགས་ཀ་ནས་ཀཱི་ལ་ཡ་གཡས་སུ་འཁོར་བ་ལས། འོད་ཟེར་མཐིང་ནག་འཕྲོས་ཏེ། གཞལ་ཡས་ཁང་གིས་ནམ་མཁའ་ལ་འཁྲིགས་ཏེ། ཕྱོགས་བཅུའི་ཁྲོ་བོ་ཁྲ་ཐབས་རྣམས་ཀྱང་རང་སྔགས་བརྗོད་པར་བསམ་ཞིང་། རང་གིས་ཐུགས་ཀར་ཡང་རང་སྔགས་འཁོར་ཏེ། འོད་ཟེར་མཐིང་ནག་འཕྲོས་ཏེ། བདག་རྡོ་རྗེ་གཞོན་ནུའི་འོད་ཟེར་དང་གཉིས་པོ་དེས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སྐུ་གསུང་ཐུགས་ཀྱིས་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ཏེ། སླར་འོད་ཟེར་ཐམས་ཅད་ལ་ཁྲོ་བོ་འཆོལ་བའི་ཚོགས་ཀྱིས། ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པའི་བྷུདྡྷའི་ཞིང་ཁམས་ལ་ཐུགས་ཀྱིས་བར་དུ་ཁྲོ་བོ་འཆོལ་བའི་ཚོགས་ཀྱིས་བཀང་ནས། བདུད་དང་མུ་སྟེགས་མ་ཧཱ་དེ་བཱ་དང་། ཚངས་པ་ཁྱབ་འཇུག་རྣམས་ཚར་བཅད་ནས། སངས་རྒྱས་ཐམས་ཅད་ནི་རེ་ཞིག་དམ་པའི་ཚུལ་དུ་དགོངས། མ་མོ་དང་མཁའ་འགྲོ་ཐམས་ཅད་ནི་དཔའ་བསྐྱེད། བྱང་ཆུབ་སེམས་དཔའ་རྣམས་ནི་ཐུགས་མཉམ་པ་ཉིད་ལས་བཞེངས། ཉན་ཐོས་རང་རྒྱལ་རྣམས་ནི་འགོག་པའི་མཐའ་ལས་བསླངས། དགྲ་བགེགས་གདུག་པ་ཅན་རྣམས་ཚར་བཅད། ཁམས་གསུམ་གྱིས་སེམས་ཅན་ཐམས་ཅད་ཀྱིས་ལོག་རྟོག་ཟིལ་གྱིས་མནན་སྟེ། ཁྲོ་བོ་རྣམས་ཀྱིས་སྔགས་ཀྱི་སྒྲ་ཡང་དཔེར་ན་བསྐལ་པའི་འབྲུག་སྟོང་ལྡིར་བའམ། རི་རབ་འབུམ་བསྙིལ་བའམ། གནམ་ལྕགས་ཐོག་གིས་སྒྲ་ལྟ་བུ་སྟོང་གསུམ་དབང་དུ་སྡུད་པའམ། སྲིད་གསུམ་ཟིལ་གྱིས་གནོན་པའི་ཚུལ་དུ་བཟླས་པ་བྱའོ། །ནམ་འཇོག་པའི་དུས་སུ་འོད་ཟེར་ཐམས་ཅད་བདག་གིས་ཐུགས་ཀར་བསྟིམ། སྟོང་ཚིག་གིས་མཆོད་པ་འབུལ། དེ་ནི་ཕྱོགས་བཅུའི་ཁྲོ་བ་དང་ཁྲ་ཐབས་ཀྱིས་བསྙེན་པའོ། །དམ་ཅན་གྱིས་བསྙེན་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ་ཅེས་བརྗོད་པས་རང་གིས་ཐུགས་ཀ་ནས་འོད་ཟེར་འཕྲོས་བས་བསྭེ་མོ་བཞི་ལ་ཕོག །བསྭེ་མོ་བཞིའི་སྔགས་གཡས་སུ་འཁོར་བ་དང་། ས་བོན་ལས་འོད་ཟེར་འཕྲོས་པས་བསྭེ་མོ་བཞིའི་རང་གནས་བཞི་སྟེ། བལ་ཡུལ་མཐིལ་དང་། ཚ་བ་རོང་དང་། མོན་ཡུལ་བསྭེ་དང་། སྙི་ནམ་འགྲམ་དང་བཞི་ནས། བསྭེ་མོ་ཉིས་བརྒྱ་ལྔ་བཅུ། རང་གིས་ཐུགས་དམ་གྱིས་རྒྱུད་བསྐུལ་ནས། གྲོང་རྒྱུག་གི་བསྭེ་མོ་ཡན་ཆད་ཀྱིས་མཁའ་འགྲོ་མ་གདུག་པ་ཅན་ཐམས་ཅད་ཀྱིས་སྲོག་སྙིང་དེ་བསྭེ་མོ་བཞི་ལ་ཕུལ། བསྭེ་མོ་བཞི་ཡང་སྔར་བས་བཀྲག་གཟི་མདངས་དང་ལྡན། མཐུ་དང་རྫུ་འཕྲུལ་དང་ལྡན་པ། སླར་སྲོག་གིས་སྙིང་པོ་ༀ་བདག་ལ་མདངས་སོལ་དུ་ཕུལ་ནས། བདག་གིས་ཐུགས་ཀའི་ཧཱུྃ་གིས་ཞབས་ཀྱུའི་བར་དུ་ཐིམ་པར་བསམ། ཚར་ནས་སྟོང་ཚིག་གིས་མཆོད་པ་འབུལ། ཤྭ་ན་བཞིའི་བསྙེན་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཤྭ་ན་བཞིའི་སྔགས་བརྗོད་པ་ཙམ་གྱིས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ། ཤྭ་ན་བཞིའི་མགྲིན་པར་ཕོག །སྔགས་གཡས་སུ་འཁོར་བ་དང་། ས་བོན་ལ་འོད་ཟེར་འཕྲོས་པས། ཤྭ་ན་སུམ་བརྒྱ་དྲུག་ཅུ་དང་། ཡེ་ཤེས་དང་འཇིག་རྟེན་པའི་ཆོས་སྐྱོང་ཐམས་ཅད་ཀྱིས་ཐུགས་ཀར་ཕོག་ཐུགས་དམ་གྱིས་རྒྱུད་བསྐུལ། སྲོག་གི་སྙིང་པོ་ཤྭ་ན་བཞིའི་ཐུགས་ཀར་བསྟིམ། ཤྭ་ན་བཞི་ཡང་སྔར་བས་བཀྲག་གཟི་མདངས་དང་མཐུ་ནུས་པ་དང་ལྡན་པར་བསམ། འཇོག་ཁར་ཤྭ་ན་བཞིའི་སྲོག་གིས་སྙིང་པོ་ཨ་བདག་ལ་མདང་སོལ་དུ་ཕུལ་བར་བསམ་ལ་བདག་གི་ཐུགས་ཀར་བསྟིམ། སྟོང་ཚིག་གིས་མཆོད་པ་འབུལ། རེ་མ་ཏི་བཞིའི་བསྙེན་པ་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄། མ་མ་བ་ཤཾ་ཀུ་རུ་མ་སྟཾ་ཛྙཱ་ན་ཀ་ར་ཡེ་ནན་དྷ་ཏི་མ་མ་ཀརྨ་ཤྲི་ཀྲཾ་ཀ་ར་ཡ་ཧཱུྃ་ཕཊ྄་ཅེས་བཟླས་པས། རང་གིས་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ། རེ་མ་ཏི་བཞིའི་སྲོག་གི་སྙིང་པོ་ས་བོན་དང་བཅས་ལ་ཕོག །དེ་ལ་འོད་ཟེར་འཕྲོས་པས། རེ་ཏི་སྟོང་རྩ་བརྒྱད། མ་མོ་དང་མཁའ་འགྲོ་མ་དུས་བཞིའི་རྒྱལ་མོ་སྲིད་པ་གསུམ་གྱི་མ་ཚོགས་དང་བཅས་པའི་ཐུགས་ཀར་ཕོག །ཐུགས་དམ་གྱིས་རྒྱུད་བསྐུལ་ནས། རེ་མ་ཏིའི་ཐུགས་ཀར་བསྟིམ། སྔར་བས་ཀྱང་བཀྲག་གཟི་མདངས་དང་ལྡན་པར་བསམ་ནས། རེ་མ་ཏི་བཞིས་རང་རང་གིས་སྲོག་གི་སྙིང་པོ་ཧཱུྃ་གིས་ཚུལ་དུ་བདག་ལ་ཕུལ་ནས། བདག་གི་ཐུགས་ཀར་ཧཱུྃ་གིས་ཞབས་ཀྱུའི་བར་དུ་བསྟིམས། ཚར་ནས་སྟོང་ཚིག་གི་མཆོད་པ་འབུལ། དྲེགས་བྱེད་ཉི་ཤུ་རྩ་གཅིག་ལ་ཐུགས་ཀར་སྲོག་སྙིང་འབུལ་བ་མེད་དེ། མ་ར་ས་ན་ཡེ་ཧཱུྃ་ཕཊ྄། བྲ་མ་ཏ་ན་ཡེ་ཧཱུྃ་ཕཊ྄། ཨ་བི་ཏ་ན་ཡེ་ཧཱུྃ་ཕཊ། ཛ་ཡེ་བི་ཛ་ཡེ་ཧཱུྃ་ཕཊ྄། ཨ་པ་ར་ཛི་ཏ་ཧཱུྃ་ཕཊ྄། དམ་ཅན་གྱིས་རྟིང་པར་བརྒྱ་རེ་ཙམ་བཟླས་པས། དྲེགས་བྱེད་ཉི་ཤུ་རྩ་གཅིག་གིས་བདག་གིས་བསྒོ་བའི་ལས་བྱེད་ཅིང་བཅོལ་པའི་ཕྲིན་ལས་བསྒྲུབ་པར་བསམ་མོ། །ཀཱི་ལ་ཡ་རྒྱུད་མ་ཧཱ་ཡོ་ག་ལྟར་བསྙེན་པའོ། །ཀཱི་ལ་ཡ་ལུང་གིས་བསྙེན་པ་ནི། སེམས་མ་བཅོས་པ་ལ་འཇོག །སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་རིག་པའི་ངོ་བོ། རང་བྱུང་གིས་ཡི་ཤེས་གསལ་ལ་སྒྲིབ་པ་མེད་པ། སྐྱེ་འགག་མེད་པའི་དབྱིངས་ངང་གིས་མ་བཅོས་པ། སྔ་ཕྱི་ཐོག་མཐའ་དང་བྲལ་བ། ངང་གིས་འོད་གསལ་ལ་སྒྲིབ་པ་མེད་པ། རྒྱ་མཚོ་ཆེན་པོའི་གཏིང་མི་གཡོ་བ་ལྟ་བུ། དེའི་ངང་ལ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཐམས་ཅད་རང་རིག་རང་སྣང་སྟེ། གསལ་ལ་གོ་མི་འགགས་པ་རྒྱ་མཚོའི་ནང་གིས་གཟུགས་བརྙན་ལྟ་བུའོ། །དེ་ནས་རྡོ་རྗེ་གཞོན་ནུའི་སྙིང་པོས་མགོ་དྲངས་སྟེ། ཁྲོ་བོ་ཁྲ་ཐབས་དང་བཅས་པ། དམ་ཅན་དང་བཅས་པའི་སྔགས་བཟླས་པས། དལ་གྱིས་ལྷ་ཚོགས་རྣམས་ཀྱི་ཀྱང་རང་གིས་རམ་བུའི་ཚུལ་དུ་རང་རང་གིས་སྔགས་རང་རང་གིས་འདོན་པར་བསམ། མེ་སྒྲ། ཆུ་སྒྲ། རླུང་སྒྲ་ཐམས་ཅད་ཀྱང་རྣམས་ཀྱིས་སྒྲར་བསམ་ཏེ། སེམས་མ་བཅོས་པའི་ངང་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཆུ་ནང་གིས་གཟུགས་བརྙན་ལྟར་རིག་པ་རང་གསལ་རང་སྣང་། རང་ལ་རང་གྲོལ། སྒྲ་རང་ལ་རང་གྲགས། སྔགས་ཀྱིས་འོད་ཟེར་ཡང་ཁ་དོག་སྣ་ལྔའི་ཚུལ་དུ་གཞལ་ཡས་ཁང་དུ་རང་སྣང་སྟེ། ཡི་གེའི་ཚོགས་དང་། རིགས་ལྔའི་འཁོར་ལོའི་ཚོགས་སུ་གྱུར་ནས་རང་གིས་ཐུགས་ཀར་བསྟིམ། དེ་ཡང་ཨ་ནུ་ཡོ་གའི་བློ་དང་ལྡན་པ་ཞིག་གིས་ལག་ལེན་ཡིན་སྟེ། གར་ཐོད་ཐོད་དུ་མ་ཡིན་ནོ། །སྤྱིར་ལུང་གིས་བཟླས་པ་འདི་ལ་སེམས་ཀྱིས་ངོ་བོ་སྟོང་སྟེ་མ་བཅོས་པར་འཇོག །སེམས་ཀྱིས་རང་བཞིན་འོད་གསལ་ཏེ། དལ་གྱིས་ལྷ་ཚོགས་སྟོང་པའི་ངང་ལ་མེ་ལོང་གིས་གཟུགས་བརྙན་ལྟར་བཀྲ་ལམ་གྱི་གསལ། མཚན་ཉིད་སྣང་སྟོང་སྟེ། ལྷ་ཚོགས་ཐམས་ཅད་ཀྱང་སྣང་བཞིན་དུ་སྟོང་། སྟོང་བཞིན་དུ་སྣང་། དེའི་ངང་ལ་སྔགས་ཐམས་ཅད་དུས་གཅིག་ཏུ་བཟླས་པས། སྟོང་ཉིད་ཀྱིས་ངང་དུ་སྒྲ་རང་གྲགས། གྲགས་ཙམ་ཉིད་ན་བྲག་ཆ་བཞིན་དུ་རང་བཞིན་མེད་པའི་ངང་ལས་ལྷ་དང་སྔགས་ཀྱིས་སྒྲ་རང་སྣང་། སྣང་དུས་སྟོང་ནས་ཀྱང་ཡིད་ལ་མི་བྱེད་པར་མ་བཅོས་པའི་ངང་ལ་རང་བཞག །དེ་ལ་མ་སྐྱེས་པ་སྟོང་པ་ནི་དབྱིངས། མ་འགགས་པ་སྒྲ་ཐམས་ཅད་སྔགས་ཀྱི་སྒྲར་གྲགས་པ་ནི་རིག་པའི་ཡེ་ཤེས་སོ། །གཉིས་སུ་མེད་པ་མ་འགགས་པར་མ་བཅོས་པ་རང་བཞག་པ་ནི་གཉིས་མེད་བདེ་བ་ཆེན་པོའོ། །ཚར་ནས་སྟོང་ཚིག་གིས་མཆོད་པ་རྣམ་ལྔ་འབུལ། ལུང་ཨཱ་ནུ་ཡོ་ག་རང་གཞུང་གིས་བསྙེན་པའོ། །མན་ངག་གིས་བསྙེན་པ་ནི། ཆོས་རྫོགས་པ་ཆེན་པོ་དང་ཚུལ་མཐུན་ཏེ། དབང་བཞིའི་དོན་ལ་ངོ་འཕྲོད་པའམ། ཆོས་རྫོགས་པ་ཆེན་པོའི་དོན་ཁོང་དུ་ཆུད་པ་ཞིག་གིས། ཆོས་ཐམས་ཅད་ཀྱིས་བརྗོད་བྱ། ཐེག་པ་ཐམས་ཅད་ཀྱིས་ཡང་རྩེ། མན་ངག་ཐམས་ཅད་ཀྱིས་སྙིང་ཁུ། བླ་མ་བརྒྱུད་པའི་ཉམས་སུ་མྱོང་བའི་དོན་གཅིག་ཏུ་དྲིལ་སྟེ། རང་རིག་པ་འདི་བྷུདྡྷ་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་ཡིན་པས། གཟའ་གཏད་མེད་པའི་ལྟ་བ་ཡང་འདི་ཁོ་ན་ཉིད་ཡིན། དམིགས་གཏད་མེད་པའི་བསྒོམ་པ་ཡང་འདི། བྱ་བཙལ་མེད་པའི་སྤྱོད་པ་ཡང་འདི། སྤང་ཐོབ་མེད་པའི་འབྲས་བུ་ཡང་འདི། ཡིད་ལ་མི་བྱེད་པ་དུས་གསུམ་རང་གསལ་ཆེན་པོ་ཡང་ཡིན། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་བརྗོད་བྱ་ཡིན། རང་བྱུང་དང་དུ་རང་ལུགས་ཆེན་པོར་བཞག །དེ་བས་ན་ཇོ་མོ་མཁར་ཆེན་གཟའ་མཚོ་རྒྱལ་ལ། པདྨ་འབྱུང་གནས་ཀྱིས་འདི་ལྟར་གདམས་སོ། །ཨེ་མ་འདིའི་ངང་ཉིད་དུ། །བསྒོམ་རྒྱུ་རྡུལ་ཙམ་མ་མཆིས་སོ། །ཨེ་མ་འདིའི་ངང་ཉིད་དུ། །ལྟ་རྒྱུ་རྡུལ་ཙམ་མ་མཆིས་སོ། །ཨེ་མ་འདིའི་ངང་ཉིད་དུ། །བསྲུངས་རྒྱུ་རྡུལ་ཙམ་མ་མཆིས་སོ། །ཨེ་མ་འདིའི་ངང་ཉིད་དུ། །བྱ་རྒྱུ་རྡུལ་ཙམ་མ་མཆིས་སོ། །མ་བཅོས་སེམས་ཀྱིས་ཀློང་ཉིད་དུ། །མ་ཡེངས་དོན་གྱིས་གསེར་ཕུར་དེ། །འཛིན་པ་མེད་པའི་དབྱིངས་སུ་ཐོབ། །ཅེས་གསུངས་པ་ལྟར། མན་ངག་རྫོགས་པ་ཆེན་པོའི་ངང་ལ་མི་འདའ་བར་བྱའོ། །ཀཱི་ལ་ཡ་ངན་སྔགས་གིས་བསྙེན་པ་ནི། ༀ་བཛྲ་ཀཱི་ལ་ཀཱི་ལ་ཡ་སརྦ་བྷིགྣན་བྃ་ཧཱུྃ་ཕཊ྄། པ་ར་བྷིགྣན་ཧ་ས་ར་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཤྲི་ཀྲཾ་ཨ་ན་ཡ་ཧཱུྃ་ཕཊ྄། ཨ་ཝེ་ཤ་ཡ་ཨ་ཝེ་ཤ་ཡ་ཧཱུྃ་ཕཊཱ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ྄། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ྄། བྷནྡྷ་ཡ་བྷནྡྷ་ཡ་ཧཱུྃ་ཕཊ྄། མ་ར་ས་ན་པྲ་མརྔྷ་ན་ཡེ་ཧཱུྃ་ཕཊ྄། སརྦ་ཨ་ན་ཡ་ཧཱུྃ་ཕཊ྄། ཧཱུྃ་ཧཱུྃ་མ་མ་པ་ཤཾ་ཀུ་རུ་མ་སྟཾ་ཛྙཱ་ན་ཀ་ར་ཨེ་ནན་དྷ་ཏི་མ་མ་ཀརྨ་ཤྲི་ཀྲཾ་ཀ་ར་ཡ་ཧཱུྃ་ཕཊ྄། ༀ་ལཾ་ཧཱུྃ་ལཾ་སྟམྦྷ་ཡ་ནན། མོ་ཧཱ་གྷཱ་ཡ་བྷ་ག་ཝན་ཧྲཱིཥྚི་ནྲི་ཝེ་ཀྲྀ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ་ཧཱུྃ་བྃ་ཧོ། སརྦ་བྷིགྣན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄། བཛྲ་ཧཱུྃ་ཀ་ར་ཨཱ། བསྙེན་པའོ། །དེ་ལྟར་བཟླས་པས་སྲུང་མ་གསུམ་གྱི་སྲོག་གིས་གནད་ཐམས་ཅད་ངོ་བོ་ནི། སྐུ་ནི་བསྭེ་མོ་སྟེ། རྟེན་གྱིས་སྤྱི་བོ་ནས་དབྱིབས་ཟླུམ་པོ་ཁ་དོག་དཀར་པོ་སྲོག་གིས་སྙིང་པོ་འཁོར་བའོ། །ཤྭ་ན་གསུང་གིས་སྟེ། མགྲིན་པར་ཟླ་གམ་དམར་པོ་སྟེང་ཨ་དམར་པོ་ལ་སྲོག་གིས་སྙིང་པོས་བསྐོར་བའོ། །རི་མ་ཏི་ཐུགས་ཏེ། སྙིང་ཁ་ནས་གྲུ་གསུམ་ལམ་བྲིང་ནག་སྟེ། དེ་ལ་སྲོག་གིས་སྙིང་པོ་འཁོར་བའོ། །དེ་ལྟར་བསམ་པ་ནི། སྲུང་མའི་སྲོག་གིས་ངོ་བོ་དང་། སྙིང་པོ་སྟེ། སྲོག་གིས་ངོ་བོ་དང་། སྙིང་པོ་ཤིན་ཏུ་གསལ་བར་གྱུར་པར་བསམ་མོ། །དཔེར་ན་སྤྲ་བ་ལ་མེ་འབར་བ་ལ། རླུང་གིས་བཏབ་པས་ཤིན་ཏུ་གསལ་བ་དང་འདྲའོ། །དེ་ལ་སྲུང་མ་བྲེད་ནས་དཔལ་ཆེན་པོ་ལ་ཅི་བགྱིས་བཀའ་ཉན་ཟེར་བར་བསམ་མོ། །དེ་ནི་བཟླས་པའོ། །དེ་ལྟར་བསྙེན་པ་བྱས་པས་རྟགས་འབྱུང་སྟེ། གྲུབ་པའི་དྲོད་ཚད་ནི་རྣམ་པ་གསུམ་སྟེ། རབ་ལྷའི་ཞལ་མཐོང་། འབྲིང་ཉམས་ལྟས་སུ་འོང་། ཐ་མ་རྨི་ལམ་དུ་འོང་། དེ་ལ་དབྱེ་ན་རབ་འབྲིང་དགུ་སྟེ། རབ་ཀྱི་རབ་ཀྱིས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཞལ་མཐོང་། རབ་ཀྱི་འབྲིང་གིས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཉམས་ལྟས་སུ་འོང་། རབ་ཀྱི་ཐ་མས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་རྨི་ལྟས་སུ་འོང་བའོ། །འབྲིང་གི་རབ་ཀྱིས་ཁྲོ་བོ་ཡབ་ཡུམ་བཅུ་ཞལ་མཐོང་། འབྲིང་གི་འབྲིང་གིས་ཁྲོ་བོ་ཡུམ་བཅུ་ཉམས་ལྟས་སུ་འོང་། འབྲིང་གི་ཐ་མས་རྨི་ལྟས་སུ་འོང་། ཐ་མའི་རབ་ཀྱིས་ཁྲ་ཐབས་ཉི་ཤུ་ཞལ་མཐོང་། ཐ་མའི་འབྲིང་གིས་ཉམས་ལྟས་སུ་འོང་། ཐ་མའི་ཐ་མས་རྨི་ལྟས་སུ་འོང་། དེ་དག་གང་བྱུང་ཡང་ཚོགས་བྱ་ཞིང་། ཁམས་གསུམ་ཡང་སྒྲོལ་གྱིས་དངོས་གྲུབ་ཀྱང་བླང་ངོ་། །དེ་ལ་ལུས་རྡུལ་དུ་བསྡུ་ཞིང་དགྲ་བགེགས་ཐལ་བ་རྡུལ་དུ་བརླག་པའི་ཕྲིན་ལས་ལ་འཇུག་པར་བྱའོ། །ཕྲིན་ལས་གྲུབ་པའི་རྟགས་ནི། དོན་བཅུ་གཉིས་ཀྱི་གྲུབ་རྟགས་འབྱུང་བ་ནི། སྐུའི་རིགས་གྲུབ་པའི་རྟགས་ནི། བསྭེ་མོ་མཆེད་བཞི་མངོན་དུ་མཐོང་བ་དང་། ཉམས་ལྟས་སུ་འོང་བ་དང་། རྨི་ལྟས་སུ་འོང་བ་དང་། ཐུགས་ཀྱི་གྲུབ་རྟགས་འབྱུང་བ་ནི། རེ་མ་ཏི་བཞིའི་ཞལ་མཐོང་བ་དང་། ཉམས་ལྟས་སུ་འོང་བ་དང་། རྨི་ལྟས་སུ་འོང་བའོ། །གསུང་གྲུབ་པའི་རྟགས་ནི། ཤྭ་ན་བཞིའི་ཞལ་མཐོང་བ་དང་། ཉམས་ལྟས་སུ་འོང་བ་དང་། རྨི་ལྟས་སུ་རྨི་བ་དང་གསུམ་མོ། །དེ་དག་ཀྱང་ཞལ་མཐོང་བ་རབ་ཀྱིས་དྲོད་ཚད། ཉམས་ལྟས་འབྲིང་གིས་དྲོད་ཚད། རྨི་ལྟས་ནི་ཐ་མའི་གྲུབ་རྟགས་སོ། །དེ་དག་ཀྱང་གང་བྱུང་ན་ཡང་། གདུག་པ་ཅན་དབང་དུ་བསྡུ་བ། དགྲ་བགེགས་བསྒྲལ་བའི་ཕྲིན་ལས་བྱ། བསྒྲལ་བའི་ལས་ལ་དབང་བའི་དངོས་གྲུབ་བླང་། ཚོགས་མཆོད་བྱ། དམ་ཅན་རྣམས་རང་གིས་ཐུགས་ཀར་བསྡུ་བའོ། །ལར་ཕུར་པ་བསྒྲུབ་པའི་རྣལ་འབྱོར་པས། གསང་སྔགས་ཕྱིའི་དམ་ཚིག་ཉི་ཤུ་རྩ་བརྒྱད་ཀྱང་དང་དུ་བླང་། ད་སྒྲུབ་པ་པོས་ཀཱི་ལ་ཡའི་བསྙེན་པ་ཟླ་བ་དྲུག་བྱས་ཕྱིན་ཆད་ནས་དམ་ཚིག་གི་ཕྲན་ཚེགས་ལས། གཏོར་མ་དུས་ལས་ཡོལ་བ་དང་། དུས་ཆེ་ཆུང་ཆགས་པ་དང་། མཁོན་འགལ་དང་། བསྙེན་བསྒྲུབ་དུས་སུ་མཚམས་རལ་བ་དང་། ཕུད་ཉམས་པ་དང་། ལྷ་ལ་བསྔོས་པ་གཞན་ལ་བསྒྱུར་བ་དང་། དམ་བཅས་ནས་མ་བསྐང་ན། སྲིད་པ་ཕོ་རྒྱུད་ཀྱིས་དམ་ཅན་ཀུན་ཕྲག་དོག་ཆེ་བས་ཐ་ན་གཉིད་འཐིབ་རྨུག་པ་དང་། ཉམ་ཆུང་བ་དང་། དབང་པོ་མྱོས་ལ་ཟིང་ཟིང་པོར་སེམས་མེད་པ་དང་། རྨི་མཚན་ངན་པ་ལ་སོགས་པ་འོང་། དེ་བས་ཉམས་པ་ཆེ་བའི་ཉན་ཡོད་པས། ལེ་ལོ་མེད་པར་རྒྱུན་གདོར་དང་། ཀཱི་ལ་ཡའི་བསྙེན་ཛཔ྄་ལ་བརྩོན་པར་བྱའོ། །འགྲོ་འདུག་བཟའ་བཏུང་གིས་དུས་སུ་ཡང་། བསྒོམ་བཟླས་དང་མཆོད་གཏོར་ལ་བརྩོན་པར་བྱ། བར་མཚམས་སུ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་བཟླས། ཉམས་པའི་སྐྱོན་བྱུང་ན། གཏོར་གང་ལ་ཚིག་གིས་བཤགས་པ་བྱ། ཉམས་པ་ཆེན་ཅེ་ཏི་ནག་པོ་ལ་གོས་རྙིང་པ་བསྐོན། གཏོར་མ་དཀར་དམར་མང་དུ་བརྒྱན་ལ་བསྐང་བ་བྱ། གླུད་མདོས་དང་། བྱ་མོ་ནག་མོ་དང་། རྟ་ཐོད་དར་ཟབ་ཀྱིས་བརྒྱན་པ་དང་། བཤོས་བུ་དང་། འབྲང་རྒྱས་རྣམས་ནུབ་ཕྱོགས་སམ། བྱང་གིས་དབེན་རྙིང་ངམ། ལམ་རིང་དུ་བསྐྱལ། དེ་ནས་མཉམ་ཉིད་ཀྱིས་དོན་བསྒོམ། དམ་ཅན་གྱིས་སྔགས་ཀུན་ལ་ཀཱི་ལ་ཡའི་མགོ་ནོན་བཟླས་ན། འཁྲུལ་ལྡོག་མེད་པར་འགྲུབ་བོ། །རྒྱུན་གཏོར་མི་བཅག་པ་གལ་ཆེའོ། །ཡང་ན་ཀཱི་ལ་ཡ་ངན་སྔགས་ཀྱི་བསྙེན་པ་ནི། ལྷ་སོ་སོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་དུ། ཧཱུྃ་ལས་ངན་སྔགས་འདུས་པས་བསྐོར་བར་བསམ། དེ་ལས་འོད་ཟེར་དམར་ནག་ལྕགས་ཀྱུ་ལྟ་བུའི་ཚྭ་ཚྭ་གདབ་པ་ལྟར་ཕྱོགས་བཅུར་འཕྲོས་པས་རས་བལ་རླུང་གིས་གཏོར་བའམ། གྲོག་སྤུར་གྱི་ཚང་བཤིག་པ་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་བརླག་གོ། །ལྷ་བསད་མཆོད་རྟེན་ལ་སོགས་བཤིགས་པའི་ནང་དུ་བསྒྲུབ་བྱ་གར་གནས་པ་མ་བཟོད་ནས། སྦུར་གྱི་ཕྱུངས་ཏེ། དབང་པོའི་མངོན་སུམ་དུ་བཀུག་ནས། བདག་གིས་མདུན་དུ་ལིངྒ་ལ་བསྟིམ། དེ་ནས་ཡང་དཀྱིལ་འཁོར་རྣམ་པ་གསུམ་གྱི་ཐུགས་ཀ་ནས། ཧཱུྃ་དང་སྔགས་ལས་འོད་ཟེར་སྨུག་ནག་འཕྲོས་པ་ཕྱག་གིས་ཕུར་པ་ལ་ཐིམ། དེ་ལ་སྐར་མདའའམ་ཐོག་ལྟ་བུ། ངོ་བོ་ནི་སྐུའི་སྲས་མཆོག་རྣམ་པ་ནི་དྲག་པོའི་ཕུར་པ་ཁ་དོག་སྨུག་ནག །ཤུགས་ནི་ཐོག་དང་འདྲ་བའོ། །གྲངས་ནི་ཚྭ་ཚྭ་ལྟར་དཔག་ཏུ་མེད་པ་འཕྲོས་པས། ཁོའི་སྤྱི་བོར་ཕོག་པས། རྐང་པའི་མཐིལ་དུ་ཕྱུང་སྟེ། ལུས་ཀྱིས་སྟོབས་དང་བྲལ་ནས། ཡན་ལག་གིས་རྩ་དང་། དབང་པོ་ཐམས་ཅད་བཅིང་ནས། ནད་པ་ཚབ་ཅན་ལྟ་བུར་གྱུར་པར་བསམ། ཁོའི་ལུས་བསྲུང་བའི་ལྷ་ཐམས་ཅད་སྲན་ཕུང་ལ་རྡོ་བརྒྱབ་པ་ལྟར། ཐོར་གྱིས་སོང་ནས། ལུས་བསྲུང་བའི་ལྷ་དང་བྲལ་བར་བསམ་ཞིང་ཡང་དཀར་གྱིས་ཐུན་བྱའོ། །ཡང་གསུང་གིས་སྲས་མཆོག་གོང་ལྟར་སྤྲོས་པས། ཁོའི་ལྕེ་ལ་ཕོག་པས། རྐོག་མར་ཐལ་བྱུངས་ནས། ངག་གིས་སྟོབས་དང་བྲལ་ནས་སྨྲ་བའི་དབང་པོ་བཅིང་བར་བསམ། དག་བསྲུང་བའི་ལྷ་ཐམས་ཅད་རང་གིས་མདུན་དུ་འཕེན་སྟེ། སྨྱོ་ཞིང་ལྐུག་པར་བསམ་ཞིང་ཡུང་དམར་གྱིས་ཐུན་བྱའོ། །ཡང་ཐུགས་ཀྱི་སྲས་མཆོག་གོང་ལྟར་སྤྲོས་ལ། ཁོའི་སྙིང་ཁར་ཕོག་པས་སྲོག་གིས་ཁྲག་འཇིབ། སེམས་ཉིད་རྩད་བཅད། བཀྲག་མདངས་དང་གཟི་མདངས་ཐམས་ཅད་ཕྲོག་ནས། རྣམ་ཤེས་བསྲུང་བའི་ལྷ་ཡེ་ཤེས་སེམས་དཔའ་དེ། བདག་ཧཱུྃ་ཀ་ར་ལ་ཨ་ཨ་ཅེས་བསྟིམ་མོ། །བདག་སྐུ་གསུང་ཐུགས་ཀྱིས་དངོས་གྲུབ་ཐོབ་སྟེ། ཁོའི་ལུས་ཁང་སྟོང་དུ་མར་མེ་ཤི་བ་ལྟར། ནག་ཏྲོག་གིས་སོང་བར་བསམ། དེ་ལ་སྲུང་མ་རྣམ་བཞིའི་སྤྲུལ་པ་གྲངས་མེད་པ་བདག་ལ་སྤྲོས་པས། ཁོའི་ཕུང་པོ་བཤིག་ནས་ཤ་ཟོས་ཁྲག་འཇིབ། རུས་པ་བཅའ་ལྷག་མུར་ནས། ལྷག་མ་རྡུལ་ཙམ་ཡང་མ་ལུས་པར་བསམ་ཞིང་ཡུང་ནག་གིས་ཐུན་བྱའོ། །དེ་ལྟར་ཡང་ཡང་དུ་སྤྲོ་བསྡུ་ལ་སོགས་པ་བྱ་ཞིང་། དུས་རྒྱུན་དུ་ཐུན་གྱིས་བྲབ་བོ། །བསྡིག་ཕུར་ཉི་ཤུ་རྩ་གཅིག་དྲིལ་ཞིང་གདབ་བོ། །དེ་ལྟ་བུའི་ཏིང་ངེ་འཛིན་ཡང་ཡང་དབྱེར་ཞིང་། བཞི་སྙིང་གཅིག་ཏུ་དྲིལ་ལ་བསྙེན་པ་བྱའོ། །དེ་ནས་སྤུ་གྲི་མེ་འབར་གྱིས་གདམས་ངག་ནི། སེར་བ་སྔགས་པ་དང་། ནད་པའམ་གཞན་ལ་བྱིན་རླབས་བྱེད་པ་དང་། བསྲུང་བ་བྱེད་པ་དང་མེ་ལ་ཕུས་བཏབ་པ་དང་། ཚ་རིགས་སྒོག་པ་ཟ་བ་དང་། བུད་མེད་ལ་སྤྱོད་པ་དང་། ཁ་ལུད་གཤང་ལྕི་འདོར་བ་དང་། དེ་རྣམས་སྤྱོད་ལམ་འོག་ནས་འབྱུང་བ་དང་མཐུན་ན། སྔགས་ཀྱི་ནུས་པ་ཟད་པར་འགྱུར་རོ། །དེའི་ཕྱིར་ན་འདི་ལ་བརྩོན་པར་གཅེས་སོ། །སྤྱོད་ལམ་འོག་དང་མཐུན་འགྱུར་ན། །སྔགས་ཀྱི་ནུས་པ་མེ་བཞིན་འབར། །ཆོས་སྐྱོང་རྣམས་ནི་བྲན་བཞིན་འཁོར། །ལྷ་འདེ་རྣམས་ཀྱི་བཀའ་བཞིན་བསྒྲུབ། །ཀུན་ཀྱང་དབང་དུ་འདུ་བར་འགྱུར། །ཡོན་ཏན་བསམ་གྱི་མི་ཁྱབ་བོ། །དེའི་ཕྱིར་ན་སྤུ་གྲི་མེ་འབར་གྱིས་གདམས་ངག་བྱ་བ་ལ། རང་ཡི་དམ་གཞུང་ལྟར་བསྒོམ། ངག་གིས་དབང་པོ་ལ་པདྨ་འདབ་མ་བརྒྱད་པ་གཅིག་བསྒོམ། དེའི་སྟེང་དུ་སྣང་བ་མཐའ་ཡས་སྐུ་ཚོན་གང་བ་གཅིག་བསྐྱེད། དེ་ལ་འོད་འཕྲོས་པས་མདུན་གྱིས་ནམ་མཁའ་ལ། བླ་མ་དང་ཡི་དམ་ལྷ་ཚོགས་དང་། ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་མཐུ་དང་ནུས་པ་ཐམས་ཅད་བཀུག་ནས། སྣང་བ་མཐའ་ཡས་ལ་ཐིམ། སྣང་བ་མཐའ་ཡས་ཡོངས་སུ་གྱུར་པ་ལས། ཡི་གེ་ཧཱུྃ་དམར་པོ་གཅིག་བསམ། ཧཱུྃ་དེ་ལ་འོད་ཟེར་འཕྲོས་པས། སྔར་བཞིན་མཐུ་དང་ནུས་པ་བཀུག་ནས་ཧཱུྃ་ལ་བསྟིམ། ཧཱུྃ་དེ་ཡོངས་སུ་གྱུར་པ་ལས། རང་གིས་ལྕེ་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་གྱུར་པར་བསམ། དེ་ཡང་རྭ་དབུས་མ་སྔོ་བ། གཡས་སེར། སྟེང་དམར། གཡོན་ལྗང་། ལྕེ་འོག་གིས་རྭ་དཀར་བ། དེ་དང་འདྲ་བའི་གྲེ་བ་ན། རྭ་ལྔ་གྱེས་ཤིང་འབར་བ། དེའི་ལྟེ་བ་ནང་དུ་རྃ་དམར་པོ་ལས་ཉིད་ལ། དེའི་སྟེང་དུ་ཡི་གེ་ཨ་དམར་པོ་མེའི་རང་བཞིན་ཅན་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་པས། རིགས་ཀྱིས་ཡུམ་ལྔ་སྤྱན་དྲངས་ཏེ། རྡོ་རྗེ་སེམས་མ་ནམ་མཁའི་རང་བཞིན་ཅན། དབུས་ཀྱིས་རྭ་སྔོ་ལ་ཐིམ། ན་བཟའ་དཀར་མོ་རྭ་དམར་ཐིམ། སངས་རྒྱས་སྤྱན་མ་རྭ་སེར་ལ་ཐིམ། མཱ་མ་ཀཱི་རྭ་དཀར་ལ་ཐིམ། དམ་ཚིག་སྒྲོལ་མ་རྭ་ལྗང་ལ་ཐིམ། རྭ་ལྔ་པོ་ལ་དེ་ལྟར་སོ་སོར་ཐིམ། དེ་ལ་འོད་ཁ་དོག་སྣ་ལྔ་འཕྲོས་པས། སའི་སྨན་དང་། སྔར་དང་། རིན་པོ་ཆེ་དང་། རྩི་ཤིང་གིས་བཅུད་དང་། བདུད་རྩིས་ཞག་དང་། རླུང་གིས་ནུས་མཐུ་ཐམས་ཅད་དང་། རྒྱ་མཚོ་ལ་སོགས་ཆུའི་བཅུད་དང་། མེ་ཚ་ཞིང་བསྲེག་པའི་ནུས་མཐུ་ཐམས་ཅད་བསྡུས་ཏེ། ངག་གིས་དབང་པོ་ལ་ཐིམ། ཨ་ལས་བྱང་ཆུབ་རྟེན་འབྲེལ་སྙིང་པོས་གཡས་སུ་འཁོར་བར་བསམ། ངག་ཏུ་ཨ་ཉི་ཤུ་རྩ་གཅིག་བརྗོད། མདུན་གྱི་ནམ་མཁའ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཡི་དམ་ལྷ་ཚོགས་རྣམས་ཀྱི་ལྗགས་སྟེང་ནས། ཨ་ཁ་བ་བབ་པ་ལྟར་བྱོན་ནས། བདག་གིས་ལྕེ་ཐོག་གིས་ཨ་ལ་ཐིམ། ངག་གིས་ཉེས་སྐྱོན་སྡིག་སྒྲིབ་ཐམས་ཅད་དང་། མི་དང་མི་མ་ཡིན་གྱིས་གནོད་པ་ཐམས་ཅད་བསལ་བར་བསམ། དེ་ནས་རྟེན་འབྲེལ་སྙིང་པོ་བདུན་ནམ་ཉེར་གཅིག་བརྗོད། དེ་ནས་སྨོན་ལམ་གདབ་པ་ནི། ན་མོ་སངས་རྒྱས་ཀྱིས་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། གསང་སྔགས་ཐམས་ཅད་ཀྱིས་བཀའ་བདེན་པ་དང་། རིག་སྔགས་ཐམས་ཅད་ཀྱིས་བཀའ་བདེན་པ་དང་། གཟུངས་སྔགས་ཐམས་ཅད་ཀྱིས་བཀའ་བདེན་པ་དང་། བདག་གིས་ངག་གིས་དབང་ཕྱུག་གིས་མཐུ་དང་ནུས་པ་ཚད་མེད་པ་འགྲུབ་པར་གྱུར་ཅིག །ལན་གཅིག་བྱའོ། །སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་པ་མེད་དེ་བདེན་པའི་མཆོག །དགེ་འདུན་མི་ཕྱེད་འདུན་པ་གཙོ་སྟེ་བདེན་པའི་མཆོག །དཀོན་མཆོག་གསུམ་གྱི་བདེན་པའི་མཐུས། བདག་གིས་ངག་གིས་དབང་ཕྱུག་གིས་མཐུ་དང་ནུས་པ་ཚད་མེད་པ་འགྲུབ་པར་གྱུར་ཅིག །ལན་གཅིག་བྱའོ། །ཆོས་ཉིད་ཟབ་མོ་འགྱུར་བ་མེད་པའི་བདེན་པ་དང་། བཀའ་རྒྱུད་བླ་མ་རྣམས་ཀྱི་བདེན་པ་དང་། ཡི་དམ་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་རྟེན་འབྲེལ་འབྱུང་བའི་མི་བསླུ་བ་དང་ངག་གིས་བདེན་པའི་མཐུས། བདག་གི་གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་། སྨོན་ལམ་ཐམས་ཅད་འགྲུབ་པར་གྱུར་ཅིག་བྱའོ། །དེ་ནས་བཟླས་པ་འཇོག་ཙ། མདུན་གྱི་ནམ་མཁའ་ལ་བླ་མ་དང་། ཡི་དམ་དང་མཁའ་འགྲོ་དང་། ཆོས་སྐྱོང་བའི་སྲུང་མ་རྣམས་དང་། རྒྱལ་བའི་སྐུ་ལ་མ་དད་པ་དང་། བླ་མའི་གསུང་བཅག་པ་དང་། ཆོས་ཉིད་ཟབ་མོ་ལ་ཐེ་ཚོམ་ཟ་བ་དང་། ཡིད་གཉིས་བྱས་པ་དང་། སྙིང་པོ་གྲྭ་ཆག་ཅིང་ཟུར་ཉམས་པ་དང་། མཆོད་པ་ལོ་དང་ཟླ་བར་འདས་པ་དང་། ཁས་བླང་བའི་དགེ་རྩ་ཆག་པ་རྣམས། བླ་མ་དམ་པ་རྣམས་དང་། དཀོན་མཆོག་གསུམ་དང་། ཡི་དམ་ལྷ་ཚོགས་རྣམས་དང་། ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ་མཐོལ་ལོ་བཤགས་སོ། །ལན་གཅིག་བྱའོ། །དེ་ནས་ལྷ་དེ་རྣམས་འོད་དུ་ཞུ་ནས། རང་གིས་ངག་གིས་དབང་པོའི་ཡི་གེ་རྣམས་དང་། སྔགས་ཀྱིས་ནུས་པ་རྣམས་ལ་ཐིམ་ནས། དེ་ནས་འོད་ཀྱི་གང་བུ་ཞིག་ཏུ་ཞུ་ནས། ཐུགས་ཁའི་སྔགས་ཕྲེང་དང་ས་བོན་ལ་ཐིམ་པར་བསམ། དེ་ནས་མི་དམིགས་པའི་ངང་ལ་དལ་གཅིག་འཇོག །དེ་ནི་སྤུ་གྲི་མེ་འབར་གྱིས་གདམས་ངག་ཅེས་བྱའོ། །དེ་ནས་སྐབས་འདིར་བསྐུལ་ཐུང་གྱེར་ལ། དང་པོ་ཐོག་མར་བདེན་སྟོབས་བརྗོད། དེ་ནས་ས་མན་ཛས་ལྷ་ཚོགས་སྤྱན་དྲངས། དེ་ནས་རྣམ་ལྔ་དང་སྨན་རཀ་གཏོར་གསུམ་གྱི་མཆོད། དེ་ནས་གཟུ་དཔང་། སཾ་ཧ་ར་ཎ་ཧཱུྃ། ཅེས་པས་རང་ལ་བསྟིམ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཅེས་བརྗོད་པས། རང་ཉིད་སྐུ་མདོག་དམར་ནག་དབང་དྲག་གིས་སྐུར་གསལ་ནས། འགུག་བྱེད་ཡེ་ཤེས་ཀྱིས་ཕོ་ཉ་བཀྱེ་བའི་དོད་ཡིན་པས། སྐབས་འདིར་བདེན་སྟོབས་བརྗོད་ནས་འགུག་འདྲེན་བྱའོ། །དེ་ནས་དྲིལ་ཐུན་དམིགས་པ་ནི། རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱིས་ལྷ་དང་ཕྲལ་བའི་ལས་བྱེད་པར་བསྒོམ། ཁྲོ་བོ་ཡབ་ཡུམ་གྱིས་གཟུགས་ལ་ཕབ་པའི་ལས། ཁྲ་ཐབས་ཡབ་ཡུམ་གྱི་བྱད་དུ་བཅུག་པའི་ལས། ཤྭ་ན་བཞིས་མྱོ་བའི། བསྭེ་མོ་མཆེད་བཞིས་བསད་པའི། རེ་ཏི་མཆེད་བཞིས་དཀྱིལ་འཁོར་དུ་སྟབས་པའི་ལས་བྱེད་པར་བསམ་ལ་གྱེར་རོ། །དེ་ནས་ལྷག་མ་བྱ་བ་ལ་དོན་བཞི་སྟེ། སྤྱན་དྲངས་པ་དང་། སྲོག་གིས་སྙིང་པོ་དྲངས་ཞིང་བརྟེན་པར་བཞུགས་སུ་གསོལ་བ་དང་། མཆོད་པ་དང་། ལས་བཅོལ་བའོ། །སྤྱན་དྲངས་པ་ནི། རང་ཉིད་དཔལ་ཧེ་རུ་ཀའི་ཏིང་འཛིན་དང་ལྡན་པས། ཨེ་ཨཱ་རལླི་ཧོ། ཅེས་སོགས་བརྗོད་པས། མཛེས་པའི་ཕྱག་རྒྱ་བཅའ་ལ། དེ་ཡང་ལྷག་མའི་རྒྱུད་ལས། འཛུབ་མོ་བསྣོལ་བྱེད་གུང་མོ་རྩེ་སྤྲད་པ། མཐེ་བོང་རྡོ་རྗེ་བརྟན་བྱེད་ལག་པ་ཐལ་མོ་གདབ། ཨཱ་ར་ལི་དང་ཕཻཾ་ཕཻཾ་སྒྲ་སྒྲོགས་པས། མ་ཚོགས་མཁའ་འགྲོ་འདུ་བར་ཐེ་ཚོམ་མེད། །ཅེས་གསུངས་སོ། །གཉིས་པ་སྲོག་གིས་སྙིང་པོ་དྲངས་ཞིང་བརྟན་པར་བཞུགས་སུ་གསོལ་བ་ནི། ༀ་ཊ་ཀི་ར་ཙ་ཛ་ཅེས་སོགས་བརྗོད་པས། སྔར་ནས་དཀྱིལ་འཁོར་ལ་ཡོད་པ་རྣམས་ལ་ཐིམ་པར་བསྒོམ་མོ། །གསུམ་པ་མཆོད་པ་ནི། བདག་གིས་ལྕེ་ཐོག་ཏུ་ཧྲིཿདམར་པོ་གཅིག་བསམ་པ་ལ་སོགས་གཞུང་བཞིན་ནོ། །བཞི་པ་ལས་བཅོལ་བ་ནི། དམ་ཅན་རྣམས་ཀྱི་བདག་གིས་བཀའ་ཉན་པར་བསམ་ལ། ཧཱུྃ། ཤར་གྱིས་ཕྱོགས་ནས་བྱུང་བ་ནི། ཅེས་སོགས་བརྗོད་པས། ཤྭ་ནའི་ངུ་ཟུག །རེ་ཏིའི་རྒྱང་གླུ། ཁྲོམ་གེ་སར་དམག་གིས་རྒྱ་འབོད། སྲིན་མོའི་མདུར་འགྲོས་ལ་སོགས་པ་རྣམས་བྱའོ། །ལྷག་ཆེན་ཚར་ནས། ༀ་ཨཱཿཧཱུྃ་གསུམ་རང་ལ་བསྡུ། མར་ཞལ་དངོས་གྲུབ་བླང་། གཏོར་མ་ནམ་མཁའ་མཐོང་སར་བསྣུར་ལ། སྨན་རཀ་བྲན་ལ་གཏོར་མ་ༀ་ཨཱཿཧཱུྃ་གིས་འདོད་ཡོན་དུ་དམིགས་ལ། བརྟན་མ་སྐྱོང་། གཏོར་མགྲོན་གཤེགས། དེ་ཡང་དྲག་པོའི་ལས་བྱེད་དུས་ལྷག་ཆུང་ཚར་ནས་གཏོར་མ་མ་བསྐྱང་བ་ལ་དགོངས་གསོལ་བྱའོ། །བཟློག་སྔགས་འདོད་ལ་ལྷ་ཐམས་ཅད་ཞལ་ཕྱིར་གཟིགས་པར་བསམ། བཟློག་པ་བྱེད་པའི་དུས་སུ། གཏོར་མ་མཚོན་ཆའི་ཕུང་པོར་བསམ་ལ་ཆོས་སྐྱོང་ལྷ་ཚོགས་རྣམས་ཀྱི་ཁྱེར་ནས། བྱད་མའི་སྒྲུབ་ཁང་སྟེང་རུ་བརྒྱབ་པས་བྱང་མ་འཁོར་དང་བཅས་པ་རྡུལ་དུ་བརླག་པར་བསམ། ངན་སྔགས་སྒྲུབ་པའི་དུས་སུ། གཏོར་མ་སྒྲུབ་བྱར་བསམ་ལ། ཆོས་སྐྱོང་རྣམས་ཀྱི་ཁྱེར་ནས་ཧབ་ཐོབ་དུ་གསོལ་བར་བསམ། རྒྱུན་གཏོར་བསྐྱང་དུས་གཏོར་མ་རིན་པོ་ཆེའི་མཆོད་སྡོང་རྩེ་མོ་གསུམ་པ། རྩ་བ་ཏྲཱྃ་གིས་མཚན་པ་རྩེ་མོར་འབྲུ་གསུམ་གྱི་མཚན་པ་ལ། དང་པོ་བདེ་བར་གཤེགས་པ་ཐམས་ཅད་ལ། གཉིས་པས་དམ་ཅན་སྲུང་མ། གསུམ་པས་འགྲོ་དྲུག་རྣམས་ལ་མཆོད་སྦྱིན་གྱིས་ཁྱབ་པར་བསམ་ལ་བསྐྱང་ངོ་། །དེ་ནས་ཛྭ་ལ་བཛྲའི་སྔགས་བརྗོད་པ་ཙམ་གྱིས། རང་གིས་གནས་ལྔ་ནས་མཚོན་ཆ་རྣམས་སྤྲོས་པས། གཞལ་ཡས་ཁང་གིས་རྒྱབ་རྡོ་རྗེ་རྭ་བའི་ནང་གིས་མཚོན་ཆའི་གུར་དྲུག་ལ་ཕོག །དེ་ལ་མཚོན་ཆའི་ཚོགས་སྤྲོས་པས། ལོག་པར་འདྲེན་པར་བགེགས་རྣམས་བསྐྲད། དེ་ནས་ཡེ་དྷརྨཱ་བརྗོད་པ་ཙམ་གྱི་ལྷ་ཚོགས་རྣམས་ཞལ་ནང་དུ་གཟིགས་པར་བསམ། མཚོན་ཆ་རྣམས་ཚུར་འདུས་ནས་གུར་ཁང་དྲུག་ལ་ཐིམ་པས། སྲ་ཞིང་བརྟན་པར་གྱུར་པར་བསམ། དེ་ནས་རྟིང་བཤགས་བྱ་བ་ནི། རང་གཙོ་བོ་གཉིས་པའི་ཚུལ་དུ་ཤར་སྒོར་གཤེགས་པར་བསམ་ལ། ལུས་ངག་ཡིད་གསུམ་གནོང་འགྱོང་དང་བཅས་ཏེ། བཤགས་པར་བསམ་ལ། ཧཱུྃ་བདག་ནི་རང་རིག་ཡེ་ཤེས་བློ་དང་མ་ལྡན་པས། ཅེས་སོགས་གཞུང་བཞིན་བྱས་ལ། ཚར་ནས་བླ་མ་དང་དཀྱིལ་འཁོར་གྱིས་ལྷ་ཚོགས་རྣམས་ཀྱིས་ཆོ་ག་ལྷག་ཆད་གྱུར་པའི་ཉེས་པ་དག་པའི་གནང་བ་བྱིན་པར་བསམ་ལ། རང་གཙོ་བོའི་ཐུགས་ཀར་ཐིམ་པར་བསམ། དེ་ནས་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་པའི་དགོངས་པ་དང་བཅས་པས་བཀྲ་ཤིས་བརྗོད་པར་བསམ་ལ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱིས་རི་བོ་འདྲ། ཅེས་སོགས་སྤྲིན་མདངས་འཁྲིག་པའི་དབྱངས་དང་བཅས་པ་བྱའོ། །དེ་ནས་དཀྱིལ་འཁོར་བསྡུ་བ་ནི། ཕྱི་སྣོད་ཀྱིས་འཇིག་རྟེན་ཧེ་རུ་ཀར་བརླབ་ལ། གཞལ་ཡས་ཁང་ལ་བསྡུ། གཞལ་ཡས་ཁང་དམ་ཅན་ལ་བསྡུ། དན་ཅན་ཁྲོ་བོ་ལ་བསྡུ། ཁྲོ་བོ་ཁྲ་ཐབས་དང་བཅས་པ་གཙོ་བོ་ལ་བསྡུ། སུས་མཆོག་རྣམས་གཙོ་བོ་ཡབ་ཡུམ་ལ་བསྡུ། ཡུམ་ཡབ་ལ་བསྡུ། ཡབ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་བསྡུ། དེ་རྡོ་རྗེ་ལ་བསྡུ། རྡོ་རྗེ་ཧཱུྃ་ལ་བསྡུ། ཧཱུྃ་ཡང་ཞབས་ཀྱུ་ལ་བསྡུ། ཞབས་ཀྱུ་འ་ལ་བསྡུ། འ་ཧ་ལ་བསྡུ། ཧ་ཟླ་ཚེས་ལ་བསྡུ། ཟླ་ཚེས་ཐིག་ལེ་ལ་བསྡུ། ཐིག་ལེ་ཆོས་ཀྱི་དབྱིངས་སུ་བསྟིམ་མོ། །དེ་ནས་སྟོང་པ་ཉིད་ལ་ཅི་ཙམ་གནས་ཀྱིས་བར་དུ་བཞག་གོ། །དེ་ནས་འབྲུ་དགུ་བརྗོད་པ་ཙམ་གྱིས། རྡོ་རྗེ་གཞོན་ནུར་ཝལ་གྱིས་གསལ་བར་བསྒོམ་ལ། དེའི་སྤྱི་བོར་རང་བྱུང་དུ་བྷྲཱུྃ་དང་ཀཾ་གཉིས་བསྐྱེད། དེ་འོད་དུ་ཞུ་བ་ལས། ལུས་ཐམས་ཅད་རྡོ་རྗེའི་ཁྲབ་ཞུབ་དང་ཞུ་ལུབ་དུ་གཡོག་པར་བསམ། དེ་ཞུ་བ་ལས་རྡོ་རྗེའི་རྒྱུན་ཐག་རྐང་བ་གཉིས་ལ་ཁ་ཁར་འཁྲིལ་ཏེ། དྲུག་མདོ་ལྟེ་བ། སྲོག་ཕྲ་བ། སྙིང་ཁ། ལྟག་རུས། དཔྲལ་བའི་སྐྲ་མཚམས་དང་དྲུག་ཏུ་རྡོ་རྗེ་རྒྱ་གྲམ་གྱིས་མདུད་པ་རེ་རེ་བྱས་པར་བསམ། དེ་ནས་འཛུབ་མོ་གཉིས་ཀྱི་རྩེ་མོས་ཧཱུྃ་གཉིས་བསྒོམ་པའི་རྒྱུན་ཐག་དེ་ཁྲིད་པ་ལྟར་བྱས། གནས་དྲུག་ཏུ་རྡོ་རྗེའི་མདོ་མིག་བཅུ་གཉིས་བསྒོམ་མོ། །མདོ་མིག་གཡས་ན་རྡོ་རྗེ་གནོད་སྦྱིན་མཐིང་ནག་འཇིགས་ལ་རྔམ་པའི་སྐུ་ལ་མེ་འབར་བར་བསྒོམ། གཡོན་ན་བདུད་རྩི་ཐལ་སྦྱོར་སེར་ནག་གོང་ལྟར་ཕྱིར་གཟིགས་པས་སྲུངས་བར་བསྒོམ་མོ། །རྒྱུན་ཐག་རྩེ་མོ་ཕལ་ཆེར་སྨིན་མཚམས་སུ་དར་མཐིང་ཀའི་ཅོད་པན་ལྟ་བུར་གྱུར་པར་བསྒོམ་པ་ཤས་ཆེར་གསུངས་སོ། །རྟ་གསད་སྤུ་གསུམ་ཕུར་པ་སྐྱི་ལུགས་ཀྱིས། །སྙིང་ཁྲག་ཡིན་པའི་ནང་ནས་མཆོག་གྱུར་ནི། །གསང་སྒྲུབ་བླ་མ་ཀཿཐོག་ལུགས་དང་ནི། །བཀོལ་བ་དུམ་བུའི་རྒྱུད་ཀྱི་རྩ་ཐུང་དང་། །མངོན་རྟོགས་བསྙེན་པ་དོན་བཅུའི་གཞུང་དང་ནི། །དྲུག་པ་སྤྱན་དྲངས་བདུན་པ་དབང་བསྐུར་དང་། །བརྒྱད་པ་སྨན་གཏོར་རཀྟ་དགུ་པ་བསྟོད། །དེའི་ཚིག་བཅད་བྱང་བུའི་ལྷན་ཐབས་དང་། །སྨན་རཀ་གཏོར་མ་བྱིན་གྱིས་བརླབ་ཐབས་དང་། །ལྷག་མའི་ཆོ་ག་རྟིང་བཤགས་རྩ་བསྐུལ་དང་། །བཟླས་པའི་མན་ངག་ཚེའི་བསྙེན་པ་དང་། །སྔགས་ཀྱིས་དབྱེ་བ་རྟགས་དང་མཚན་བསྟན་དང་། །དངོས་གྲུབ་བླང་བའི་ཆོ་ག་ལ་སོགས་པ། །བསྡུས་པའི་བྱང་བུ་སྐུ་བསྙེན་སྐོར་དུ་འདོད། །སྔགས་དྲུག་ཐུན་དྲིལ་ཕུར་རྩ་རབ་གནས་དང་། །རིག་འཛིན་བསྐུལ་པ་སྒྲུབ་པའི་ཡིག་ཆུང་དང་། །གཟེར་བུ་ལྷ་གསལ་དབང་དུ་བྱ་བ་དང་། །ཕུར་བུ་རྣམས་ལ་སྔགས་རྣམས་བཀོད་ལུགས་དང་། །བྲུབ་ཁང་བསྒྲལ་བའི་ད་ལ་བསྟན་པ་རྣམས། །གསུང་གི་སྒྲུབ་པའི་སྐོར་དུ་འདོད་པར་སྣང་། །རྩ་བའི་ཡིག་ཆུང་འདེབས་ཕུར་ལྷ་ངོ་སྤྲོད། །ཛ་བརྡུང་རྒྱས་བསྡུས་གསལ་འདེབས་སྐོར་དང་ནི། །ཕུར་བུ་དྲིལ་འདེབས་གདབ་ལས་ཀྱིས་མན་ངག །འདི་ཚོ་ཡན་ཆད་ལག་ལེན་ཡིན་ཅེས་གསུངས། །འདི་ནས་ས་གཅོད་འོང་བ་ཐུགས་ཕྲིན་ལས། །ལྷ་རྣམས་གསལ་ཞིང་དབང་དུ་བསྡུ་བ་དང་། །གབ་པའི་བྱང་གཅིག་གདབ་ལས་དམིགས་པ་རྣམས། །གདམས་ངག་ཡིན་ཅེས་ཐོ་བྱང་ནང་ནས་བཤད། །ཁོག་དབུབ་སྔགས་དྲུག་རྦོད་གཏོང་འགྱེད་པ་དང་། །སྔགས་དྲུག་འཁོར་ལོ་བསྐོར་བ་ཡན་ཆད་ནི། །རྩ་བ་ངན་སྔགས་སྐོར་གྱི་རྣམ་གྲངས་ཡིན། །བསྐང་བ་ཟོར་སྐོར་བརྟན་གཏོར་རབ་གནས་དང་། །སེར་བསྲུང་སྲུང་འཁོར་ངག་བསྲུང་ནད་རྒྱ་དང་། །གནས་ཁང་རབ་གནས་རྡོལ་དྲིལ་ཡུང་དཀར་སོགས། །རབ་གནས་སྐོར་རྣམས་ཞིང་སྒྲོལ་ལས་ཚོགས་ཡིན། །ཕུར་བུའི་རྣམ་གྲངས་པདྨའི་ཞལ་ཆེམ་དང་། །པདྨའི་སྐྱེས་རབས་རྒྱས་འབྲིང་གཉིས་པོ་དང་། །གསང་སྔགས་འབྱུང་ཚུལ་འབྲུ་འགྲེལ་རྣམས་ཀྱིས་ནི། །རྡོ་རྗེ་ཕུར་པའི་གསང་བསྒྲུབ་སྐོར་རྫོགས་ལ། །བློ་ཆེན་རྣམས་ཀྱི་དེ་ལ་བརྩོན་པར་མཛོད། །འདི་ནི་བློ་ཆུང་དོན་དུ་བསྙེན་ཐབས་ཙམ། །བནྡེ་བདག་གིས་བྲིས་པའི་དགེ་བ་དེས། །འགྲོ་ཀུན་ཀུ་མ་རའི་ས་ཐོབ་ཤོག །ཕུར་པའི་འགྲེལ་འདི་ནི། ནམ་མཁའ་བས་བྱས་ཟིན་དེ་ཁ་བསྐང་བ་ལ། ལྷའི་མངོན་རྟོགས་ཀྱིས་སྐབས་ལ། གཙོ་བོ་ལ་གྲུབ་རྟགས་ཀྱི་ཕྱག་རྒྱ་དང་། མཛད་པ་རྟགས་ཀྱི་ཕྱག་རྒྱ་ལ་སོགས་ཞིབ་ཏུ་བྱས་ཡོད། ཁྲོ་བོ་ཡབ་ཡུམ་གྱི་སྐབས་ལ། མིང་ལ་བཏགས་པ་དང་། ནང་གིས་དགོངས་པ་ལ་བཏགས་པ་དང་། ཕྱག་མཚན་ལ་བཏགས་པ་དང་། གདུལ་བྱ་ལ་བཏགས་པ་དང་། མགོ་བསྙེན་ལ་བཏགས་པ་དང་། གཉན་པོ་ལ་བཏགས་པ་དང་། སྟོབས་ལ་བཏགས་པ་དང་། ཡོན་ཏན་ལ་བཏགས་པ་རྣམས་ཞིབ་དུ་བྱས་ཡོད། ཁྲ་ཐབས་ཡབ་ཡུམ་གྱིས་སྐབས་ལ་ཆོས་མཐུན་ལོ་རྒྱུས་ཞིབ་དུ་བྱས་ཡོད། འདི་རྣམས་ནི་གསང་བ་མཛོད་ཀྱི་ལྡེའུ་མིག་ནང་དུ་བཀོད་ནས་ཡོད། འདིར་ཡི་གེ་མང་དོག་པས་མ་བྲིས་སོ། །ལས་བྱང་མན་ཆད་ལུས་བསྲུང་གོ་བགོ་ཡན་ཆད་ལ། ནམ་མཁའ་བའི་དེ་ལ་ཐོ་ཡིག་ལག་ལེན་བསྡུས་པ་ཙམ་གཅིག་བས་མི་སྣང་བ་ལ། དོན་བཤད་རྒྱས་པ་སྤུ་གྲི་མེ་འབར་གྱིས་གདམས་ངག་དང་བཅས་པ་འདི་ནི། ཀཿཐོག་ཡང་དགོན་ནོར་བུ་གླིང་ཞེས་བྱ་བར། གསང་སྔགས་རྡོ་རྗེ་འཛིན་པ་ཡེ་ཤེས་རྒྱལ་མཚན་གྱིས་བཀོད་པའོ།། །།བཀྲ་ཤིས། །

དཔའ་བོ་ཚོགས་ཀྱི་རྣམ་རོལ་ཞེས་བྱ་བའི་ཊིཀྐ་འདོད་དོན་ལམ་ཁྱེར། མཁས་གྲུབ་ཡེ་ཤེས་རྒྱལ་མཚན།

དཔའ་བོ་ཚོགས་ཀྱི་རྣམ་རོལ་ཞེས་བྱ་བའི་ཊིཀྐ་འདོད་དོན་ལམ་ཁྱེར་གྱི་དབུའོ། །ༀ་སྭ་སྟི་སིངྔྷཾ། གུ་རུ་དྷེ་ཝ་ཌཱ་ཀི་ལ་ན་མོ། ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །འགགས་མེད་སྐུ་དང་ཡེ་ཤེས་དཀྱིལ་འཁོར་སྟོན། །མཛད་པ་ཕྲིན་ལས་གདུལ་བྱའི་དཔལ་དུ་ཤར། །ཚོགས་ཀྱིས་གཙོ་བོ་དེ་ལ་མི་ཕྱེད་འདུད། །ཚོགས་གཉིས་རབ་རྫོགས་དམ་ཚིག་ཆགས་ཉམས་བསྐང་། །སྒྲིབ་གཉིས་རྣམ་དག་ལས་རྣམས་མྱུར་དུ་འགྲུབ། །དུས་མིན་འཆི་བ་བཟློག་ཚེ་བར་ཆད་སེལ། །རྦོད་གཏོང་ལྟས་ངན་ཡེ་འདྲོག་སྣ་ཚོགས་བཟློག །འདོད་ཡོན་ལམ་ཁྱེར་གསང་སྔགས་ཆེ་ཡོན་རྫོགས། །མྱུར་སྐྱོབ་བདེ་སྐྱོར་འདི་ནི་བྱང་ཆུབ་ལམ། །མཐར་ཐུག་ལོངས་སྤྱོད་རྫོགས་སྐུ་ཐོབ་ལས་ཆེ། །དེ་ཕྱིར་གསང་སྔགས་སྒོར་ཞུགས་རྣལ་འབྱོར་རྣམས། །འདི་ལ་ཐུགས་དམ་བརྩོན་འགྲུས་ནན་ཏན་མཛོད། །དེ་ཕྱིར་ཚོགས་ཀྱིས་དཔའ་བོ་རྣམ་རོལ་ཤད། །ཚོགས་ཀྱི་མཆོད་པའི་སྐབས་འདི་ལ། །ཐོག་མར་རྣལ་འབྱོར་ཕོ་མོ་རྣམས་བརྡ་དང་བརྡའི་ལན་ལ་མཁས་དགོས། མ་མཁས་ན་ཚོགས་ཀྱི་མཆོད་པའི་ནང་ན་འདུག་ར་མེད་པ་རྒྱ་གར་བ་རྣམས་ཀྱིས་བཤད། རྒྱུད་སྡེའི་ནང་ནས་ཀྱང་གསུངས། དེ་ལ་བརྡ་ལ་བཞི་སྟེ། དགོས་ཆེད། ངེས་ཚིག །དུས་ཚོད། དབྱེ་བའོ། །དང་པོ་བརྡའི་དགོས་པ་ནི། རྡོ་རྗེའི་མཆེད་ལྕམ་དང་རྡོ་རྗེའི་སྤུན་དུ་གྱུར་པའི་དགོས་པ་ཡོད་དེ། དེའང་བོད་ཀྱིས་རྣལ་འབྱོར་པ་གཅིག་གིས་རུས་པའི་རྒྱན་ཆ་དྲུག་ཐོགས་ནས་སྤྱོད་པ་ལ་སོང་བའི་དུས་སུ། རྒྱ་གར་ནས་རྣལ་འབྱོར་པ་གཅིག་བྱུང་ནས་དེ་གཉིས་བརྡ་སྤྲད་དེ། གཅིག་གིས་དགྱེས་པ་རྡོ་རྗེའི་བརྡ་བྱས་པས། གཅིག་གིས་གདན་བཞིའི་སྒོ་ནས་བརྡ་བྱས་ནས་བརྡ་མ་མཐུན་ནས། རྡོ་རྗེའི་སྤུན་དུ་མ་གྱུར། བརྡ་མཐུན་ན་རྡོ་རྗེའི་སྤུན་དུ་གྱུར། རྣལ་འབྱོར་མ་དང་བརྡ་མཐུན་ན་རྡོ་རྗེའི་ལྕམ་འབྲེལ་ལམ་རྣལ་འབྱོར་མིང་སྲིང་དུ་འགྱུར་རོ། །དེ་ཡང་འཐད་པར་མཐོང་སྟེ། སངས་རྒྱས་གསང་བས། རྣལ་འབྱོར་མིང་སྲིང་བརྩེ་གདུང་ལྡན། །ཅེས་པ་དང་། སྒེག་རྡོར་གྱིས། ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཅེས་གསུངས་པའི་ཕྱིར་རོ། །གཞན་ཡང་། གསང་སྔགས་ཀྱི་ཆོས་གསང་སྒྲོགས་སུ་མི་འགྱུར་བའི་དགོས་ཆེད་ཡོད་དེ། གསང་ཕྱིར་བརྡ་དག་སྣ་ཚོགས་གསུངས། ཅེས་པའི་དོན་ནོ། །གཉིས་པ་བརྡའི་ངེས་ཚིག་ནི། རྣལ་འབྱོར་པ་རང་གི་གོ་ཞིང་། གཞན་གྱིས་མི་གོ་བས་ན་བརྡ་ཞེས་བྱའོ། །དཔེར་ན་ལྐུག་པའི་འཛུབ་བརྡ་བཞིན་ནོ། །གསུམ་པ་བརྡའི་དུས་ཚོད་ནི། སྤྱོད་པ་སྤྱོད་པའི་དུས་དང་དབང་བསྐུར་བའི་དུས་དང་། ཚོགས་འཁོར་གྱི་དུས་དང་། བསྐྱེད་རྫོགས་བསྒོམ་པའི་ཐུན་མཚམས་ཀྱིས་དུས་དེ་རྣམས་ལ་བྱའོ། །བཞི་པ་དབྱེ་བ་ལ། ལུས་ཀྱིས་བརྡ་དང་། ངག་གིས་བརྡ་གཉིས། ལུས་ཀྱིས་བརྡ་ལ་སོར་མོ་གཅིག་སྟོན་པ་ནི། ལེགས་པར་འོང་ངམ་ཞེས་དྲིས་པའོ། །དེའི་ལན་དུ་སོར་མོ་གཉིས་བཤིབ་ནས་བསྟན་ཏེ་ལེགས་པར་འོང་ཞེས་པའོ། །གཡོན་པའི་མཐེ་མོ་བཅང་བ་ནི། ཁམས་བདེའམ་ཞེས་དྲིས་པའོ། །དེའི་ལན་དུ་ངག་ཏུ་ར་ཏི་བྱ་བ་ནི་ཁམས་བདེ་ཞེས་པའོ། །བུམ་དབང་མ་ཐོབ་པའི་རྣལ་འབྱོར་པ་མི་འོང་བས། གསང་དབང་ཐོབ་པ་མ་དྲིས་པ་ནི། སྲིན་ལག་དང་མཐེའུ་ཆུང་བཅད་ནས་སྟོན་ཏེ། བྱང་སེམས་དཀར་དམར་གཉིས་པོ་དེ་ལྕེ་ཐོག་ཏུ་བཞག་གམ་དྲིས་པའོ། །དེའི་ལན་དུ་མགྲིན་པ་རབ་ཏུ་བསྟན་ཏེ། ཐིག་ལེ་དཀར་དམར་མགྲིན་པར་ལོངས་སྤྱོད་ཅེས་པའོ། །དབང་གསུམ་པ་ཐོབ་བམ་དྲིས་པ་ནི། སྲིན་ལག་སྟོན་པའོ། །དེའི་ལེན་ནི་མཐེའུ་ཆུང་བསྟན་སྟེ་གསུམ་པ་ཨ་ཅང་ཆེ་ཏེ་བཞི་བའི་དོན་ལ་རེག་གོ་ཞེས་པའོ། །དབང་རྫོགས་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་སམ་དྲིས་པ་ནི། གུང་མོ་སྟོན་ནོ། །དེའི་ལེན་ནི་འཛུབ་མོ་སྟོན་ནོ། །དེ་ནི་བྱང་ཆུབ་སེམས་ཀྱིས་རྟེན་རྩའི་མན་ངག་དྲིས་པ་ནི། གོ་སྟེ་ཐོད་བསྟན་པ་ནི་བརྡ། དེའི་ལེན་ནི་རྡོ་རྗེ་རྩེ་གསུམ་གྱིས་ཕྱག་རྒྱ་བསྟན་ཏེ་རྩ་གསུམ་གྱི་ངོ་བོ། འོ་ན་རྩ་མན་ངག་ཤེས་འདུག །བྱང་ཆུབ་སེམས་ཀྱིས་མན་ངག་ཤེས་སམ་དྲི་བ་ནི། གང་ཞིག་ནུ་མ་སྟོན་པ་ནི་ནུ་མ་ནས་འོ་མ་འབབ་པ་ལྟར། འོ་མ་དང་འདྲ་བའི་ཀུན་རྫོབ་བྱང་ཆུབ་སེམས་དེ་གང་ན་གནས་ཞེས་དྲི་བའོ། །དེའི་ལེན་ནི་སྐྲ་མཚམས་བཟློག་ནས་སྟོན་པ་སྟེ་བྱང་ཆུབ་སེམས་དེ་ཕལ་ཆེར་མཆོག་གསང་འོག་མ་ནག་ནས་ཞེས་བྱ་བ་ནི། གང་ཞིག་ས་ནི་སྟོན་པ་ནི། ས་གཞི་འདི་ལ་ཐམས་ཅད་ལོངས་སྤྱོད་ཅིང་བརྟེན་པར་བྱེད། དེ་དང་འདྲ་བར་བྱང་ཆུབ་ཀྱིས་སེམས་དེ་ཕྱག་རྒྱ་མོ་ལ་བརྟེན་ནས་ལོངས་སྤྱོད་ཞེས་དྲི་བའོ། །ལེན་དེ་ལ་མཁའ་ནི་རབ་ཏུ་བསྟན་ལག་པ་ནམ་མཁའ་ལ་ཀྱོག་ཀྱོག་བྱས་ཏེ། ཕྱག་རྒྱ་མོ་ལ་བརྟེན་ནས་ལོངས་སྤྱོད་དོ་ཅེས་སོ། །ངག་བརྡལ། རྒྱ་གར་སྐད། བོད་སྐད། བརྡ་སྐད་དང་གསུམ་གསུམ་རེ་ཡོད། བརྡ་སྐད་དུ་ཛ་གད། རྒྱ་གར་སྐད་དུ་སུ་ར། བོད་སྐད་དུ་ཆང་། བརྡ་སྐད་དུ་བ་ལའམ་ཐབས་རྫས། རྒྱ་གར་གྱིས་མཾ་ས། བོད་ཀྱིས་ཤ །བརྡ་སྐད་དུ་པདྨ་བྷ་ཛ་ནི། རྒྱ་གར་སྐད་དུ་ཀ་པཱ་ལ། བོད་སྐད་དུ་ཐོད་པ། བརྡ་སྐད་དུ་ཏྲི་པ་ཏ་རུ། རྒྱ་གར་སྐད་དུ་ཌ་མ་རུ། བོད་སྐད་དུ་ཅང་ཏེའུ། བརྡ་སྐད་དུ་བྷ་ལ། རྒྱ་གར་སྐད་དུ་ཨཱ་པ་ར་མི་བྷྱ། བོད་སྐད་དུ་རྡོ་རྗེ། བརྡའི་སྐད་དུ་ཀ་ཀོ་ལ། རྒྱ་གར་སྐད་བོད་སྐད་གཉིས་ཀ་ལ་པདྨ་དེ་ལ་སོགས་པའི་བརྡ་ཆོས་མང་ངོ་། །ད་ནི་ཚོགས་ཀྱིས་མཆོད་པ་རང་ལ། སྒྲ་དོན་དང་། དབྱེ་བ་གཉིས། སྒྲ་དོན་ནི། དགྱེས་ལྡན་ལྷའི་ཚོགས་དེ་ལ། སྐལ་ལྡན་མིའི་ཚོགས་སམ། རྣལ་འབྱོར་ཕོ་མོ་དེས། འབྱོར་ལྡན་ཡོ་བྱད་ཀྱིས་ཚོགས་དེ་ལོངས་སྤྱོད་པའམ་མཆོད་པས་ཚོགས་མཆོད་ཅེས་བྱའོ། །དབྱེ་བ་ནི། སློབ་དཔོན་པདྨས་དོན་བཅུ་གཅིག་གིས་བསྟན་ཏེ། བྱེད་པའི་དུས་བསྟན་པ་དང་གཅིག་བྱེད་པའི་གནས་བསྟན་པ་དང་གཉིས། རྒྱུའི་ཡོ་བྱད་བསྟན་པ་དང་གསུམ། སྔོན་འགྲོའི་བར་ཆད་བསྟན་པ་དང་བཞི། རྣལ་འབྱོར་པས་སྤྱོད་ལམ་བསྟན་པ་དང་ལྔ། ཡོ་བྱད་བྱིན་གྱིས་བརླབས་པ་དྲུག །ཏིང་འཛིན་བསྐྱེད་རིམ་གཞུང་བསྲང་བ་དང་བདུན། ཚོགས་ཀྱིས་མཆོད་པ་འབུལ་བ་དང་བརྒྱད། ཚོགས་ལ་རོལ་བ་དང་དགུ། ལྷག་མ་གཏོར་སྐྱོངས་བྲོའི་ལས་བསྟན་པ་དང་བཅུ། རྗེས་ཀྱིས་བྱ་བ་བསྟན་པ་དང་བཅུ་གཉིས་སོ། །ད་རེས་འདིར་དམ་པ་བདེ་བར་གཤེགས་པའི་བཞེད་པའི་ཚོགས་མཆོད་འདི་ལ་དོན་རྣམ་པ་དྲུག་སྟེ། སྔོན་དུ་བྱ་བའི་རིམ་པ་དང་། གསོལ་བ་གདབ་པ་དང་། མཚམས་བཅད་ཅིང་དལ་སྤྲུལ་པ་དང་། ཚོགས་བྱིན་གྱིས་བརླབས་ཅིང་བྱིན་དབབ་པ་དང་། མཆོད་ཅིང་རོལ་པའི་ཆོ་ག་དང་། བཀྲ་ཤིས་བརྗོད་ཅིང་ལྷག་པའི་ལས་བྱ་བའོ། །དེའང་སྔོན་དུ་བྱ་བའི་རིམ་པ་ནི། དུས་ཁྱད་པར་ཅན་ལ། དབང་། སྒྲུབ་པ། ཕྲིན་ལས། རབ་གནས། ཆོས་འཆད་པའི་དུས། ཁྲིད་ལ་སོགས་པའི་དུས་དང་། གཉེན་པའི་དུས་ནི། ཚེས་གཅིག །ཚེས་བརྒྱད། བཅུ། བཅུ་བཞི། བཅོ་ལྔ། བཅོ་བརྒྱད། ཉེར་གསུམ། ཉི་ཤུ་ལྔ། ཉི་ཤུ་དགུ། གནམ་སྟོང་དང་འདི་རྣམས་ཀྱིས་དུས་ནི་མ་དང་མཁའ་འགྲོ་འདུ་བའི་དུས་ཡིན་པས། ཉི་མ་ཐལ་ཕྱིན་ཆད་ལ་བྱའོ། །གནས་ནི། ལས་དང་པོ་པས། དབེན་པའི་གནས། དགོན་གནས་བྱིན་རླབས་ཅན་ལ་བྱའོ། །ཅུང་ཟད་ཡེ་ཤེས་ལ་དབང་བའི་གང་ཟག་གིས། ཨུ་རྒྱན་ལ་སོགས་པའི་དུར་ཁྲོད་ཆེན་པོའི་གནས་བརྒྱད་དམ། ཛ་ལེན་ངྷ་ར་ལ་སོགས་པའི་གནས་ཉི་ཤུ་རྩ་བཞི་དང་། དྲག་ཤུལ་ཅན་གྱི་གནས་རྣམས་འགྲིམ་ནས་ཚོགས་དང་སྤྱོད་པ། ཁྱད་པར་དུ་དབྱེ་དགོས་པས། གསང་སྔགས་བླ་མེད་ཀྱིས་རྒྱུད་སྡེ་རྣམས་ཀྱི་ནང་ནས་གསུངས་སོ། །འདིར་རང་རེ་དགོན་གནས་དབེན་པར་མཎྜལ་ཅི་རིགས་པ་ཕྱི་བདར་བྱས་ལ། ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀྲམ་ལ། ཤར་དུ་ཡོན་ཆབ། ཤར་ལྷོ་བདུག་སྤོས། ལྷོ་ནུབ་ཏུ་མེ་ཏོག །ནུབ་བྱང་དུ་མར་མེ། བྱང་ཤར་དུ་དྲི་ཆབ། ནུབ་ཏུ་ཞལ་ཟས། ལྷོར་མཎྜལ། དེ་ནི་ཕྱིའི་མཆོད་པའོ། །ནང་གི་མཆོད་པ་ནི། འདོད་ཡོན་ལྔ་མཆོད་དང་། སྨན་རཀ་གཏོར་གསུམ་དང་། ཚོགས་ཀྱི་ཞལ་ཟས་ཀྱིས་རྣམ་པ་སེར་སྣ་མ་སོང་བའི་ཡོ་བྱད་དང་། གསང་བའི་མཆོད་པ་དང་། ཕྱག་རྒྱ་མོ་མཚན་ཉིད་དང་ལྡན་པ་ལ་ཁྲུས་བྱས་ནས་རྒྱན་བཏགས་ལ་གཡོན་དུ་བཞག་ཅེས་གསང་སྔགས་ཀྱིས་རྒྱུད་སྡེ་ནས་གསུངས་ཀྱང་། འདིར་རེ་ཞིག་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མོ་ལ་བརྟེན་པར་བྱའོ། །གཞན་ཡང་། རྡོར་དྲིལ་དང་། རྐང་དུང་དང་། ཐོད་རྔ་དང་། ཅང་ཏེའུ་དང་། ཏིང་ཏིང་ཤག་ལ་སོགས་པའི་སྒྲ་སྙན་དང་། རུས་པའི་རྒྱན་དང་། དུ་ཁྲོད་ཀྱི་ཆས་ལ་སོགས་པ་རྣམས་བཤམས། ཅེས་སློབ་དཔོན་པདྨས་གསུངས་སོ། །འདིར་དམ་པ་ཡབ་སྲས་ཀྱིས་ཚོགས་ཀྱི་ཞལ་ཟས་བཤམས་ལུགས་ནི། ཛ་གད་དང་པཉྩ་སྦྱར་བའི་སྣོད་གཅིག་དལ་གྱིས་ནུབ་ཕྱོགས་སུ་བཞག་གོ། །ཤའི་རིགས་ཐམས་ཅད་དལ་གྱི་ལྷོ་ཕྱོགས་སུ་བཞག་གོ། །ཤིང་ཐོག་དང་ཞོ་ཕྲུམ་ལ་སོགས་པ་ཐམས་ཅད་ནི་དལ་གྱི་ཤར་ཕྱོགས་སུ་བཞག་གོ། །ཟླ་རྫོགས་ནི་ཚོགས་བཤོས་ཟླ་གམ་དུ་བྱས་ལ་བྱང་ཕྱོགས་བཞག་གོ། །དེ་དག་ཐམས་ཅད་ལ་དར་གྱི་ཞལ་ཁེབ་བྱས་ལ་མི་མངོན་པར་བྱའོ། །ཅེས་གསུངས་ཏེ། འདིར་ཕྱག་ལེན་ལ་གྲལ་ཐབས་སམ་གྲུ་ཆད་བཞི་ལ་མན་ངག་བཞིན་དུ་བཤམས། བསང་ཆུ་སྨན་རཀ་རྣམས་ཕྱག་ལེན་ལྟར་བྱའོ། །ཁྱད་པར་དུ་ཚོགས་རྫས་ལ། བཟའ་བའི་རིགས་ཐམས་ཅད་ཐབས་ཀྱི་རྫས་ཡིན་པས་གཡས་སུ་བཞག །བཏུང་བའི་རིགས་ཐམས་ཅད་ཤེས་རབ་ཀྱི་ངོ་བོ་ཡིན་པས་གཡོན་དུ་བཞག་གོ། །རྒྱ་གར་བ་རྣམས་ཀྱི་ཚོགས་རྫས་བཤམས་ལུགས་ནི། གསང་སྔགས་རང་གཞུང་གིས་ལྟ་སྤྱོད་དང་མཐུན་པ་ཡིན་ཏེ། ཚོགས་རྫས་བཟང་ངན་ཐམས་ཅད་སྣོད་གཅིག་ཏུ་སྤུང་ནས་བྱིན་གྱིས་བརླབས། ཚོགས་ལ་རོལ་བའི་དུས་སུ། མཛེ་ཤ་དང་། ཡུག་ཤ་ཁྱད་མེད་པར་ཟ་བའོ། །གཞན་ཡང་སྐུ་གསུང་ཐུགས་ཀྱིས་རྟེན་བྱིན་རླབས་ཅན་རྣམས་བཀྲམ། བླ་རེ་དང་། ཡོལ་བ་བྲེས། གདུགས་ཕུབ། རྒྱལ་མཚན་སྒྲེལ། འཕན་གདག །བ་དན་ཕྱར། གནས་ཁང་བརྒྱན་ཅིང་ཤིན་ཏུ་ཡིད་དུ་འོང་བར་བྱའོ། །དེ་ནས་ལས་ཀྱི་སྤྱོད་ལམ་བསྟན་པ་ནི། རྒྱ་གར་བ་རྣམས་ཀྱི་ཚོགས་ཀྱི་གནས་ཁང་དུ་བླ་མ་དང་དབྱུག་པ་སྔོན་པོ་ཕྱར་བ་འབག་སྔོན་པོ་གྱོན་པ། མིག་ཡ་གཅིག་གནམ་ལ་བལྟ་བ། ཡ་གཅིག་ས་ལ་བལྟ་བ། ལག་ན་དབྱུག་པ་སྔོན་པོ་འདོམ་གང་བ་གཅིག་བཟུང་བ། གོས་སྔོན་པོ་གོན་པ་གཅིག་དང་། ལས་ཀྱིས་ཧེ་རུ་ཀ་བྱ་བ་བྱ་བཞག་བྱེད་པའི་མི་གཅིག་དང་གསུམ་ནང་དུ་བསྡད། གཞན་དཔའ་བོ་དཔའ་མོ་ཐམས་ཅད་ཕྱི་རོལ་དུ་འགྲོ་ལ་ཁྲུས་བྱའོ། །དེར་དབྱུག་སྔོན་གྱིས་སྒོ་བཅད་ནས། སྒོ་རྒྱབ་ཏུ་བསྡད་མི་རྣམས་ཀྱིས་ནང་ནས་དཔོན་གཅིག་གིས་སྒོ་བསྲུང་ལ་མེ་ཏོག་ཕུལ་བས་གསོལ་བ་གདབ་སྟེ། ཀྱེ་ཁྲོ་བོ་སྔོན་པོ་མཛེས་པ་ཆེ། །ཁྱོད་ནི་དམ་ཚིག་ཡིད་དུ་འོང་། །ནོར་བུ་རིན་ཆེན་སྤྱི་བཅིང་པས། །ཕྱག་ན་དབྱུག་པ་བསྣམས་པ་འདིས། །བདག་ཉིད་འཁོར་བ་ལས་བསྒྲལ་ཕྱིར། །གསང་སྔགས་གསང་བའི་ད་ལ་འདིར། །བདག་ཉིད་འཇུག་པར་འཚལ་ལགས་ཀྱིས། །བཟང་བའི་སྒོ་འདི་རྣམ་པར་ཕྱེས། །ཅེས་ཞུ་བ་ཕུལ། གསང་སྔགས་ཀྱི་བརྡ་དང་བརྡའི་ལེན་དུ་མ་ཤེས་ན། དབྱུག་སྔོན་གྱིས་དབྱུག་པ་བརྒྱབ་ནས་ནང་དུ་མི་བཏང་ངོ་། །ལེན་ཐེབ་ན་ནང་དུ་བཏང་སྟེ། སྒོ་སྲུང་གིས་ལེན་བྱིན་པ་ནི། ཧཱུྃ་ཐེག་དམན་ཉན་ཐོས་ལོག་ལྟ་ཅན། །མུ་སྟེགས་ལ་སོགས་བསྐྲད་པར་བྱེད། །སྐལ་དང་ལྡན་པའི་རྣལ་འབྱོར་རྣམས། །ནང་དུ་རྣམ་པར་བཏང་བར་བྱ། །ཅེས་བརྗོད་ལ་སྒོ་ཕྱེའོ། །དེའི་དུས་སུ་གུ་གུལ་གྱིས་དུད་པས་བདུག །ཁྲོ་བོའི་དྲག་སྔགས་བཟླས་ལ། ཕྱིར་འབྲང་གི་བགེགས་བསྐྲད་པར་བྱའོ། །དེ་ནས་གྲལ་ལ་འཁོད་པ་ནི། ཐོག་མར་གདན་ལ་འཁོད་པ་ནི། རས་ལ་རོའི་གཟུགས་བྲིས་ལ། རྣལ་འབྱོར་ཕོ་མོའི་གྲངས་དང་། ཡང་ན་སྟག་གིས་སྤགས་པ་ཅན་དང་། ཡང་ན་དུར་ཁྲོད་ཀྱིས་རོ་རས་ལ་བྱའོ། །གདན་དེའི་སྟེང་དུ་དཔའ་བོ་གཡས་གྲལ། དཔའ་མོ་གཡོན་གྲལ། ཡང་ན་ཟུང་སྡེབ་དུ་འཁོད་དོ། །དེ་ནས་ལས་ཀྱི་རྡོ་རྗེས། རྣལ་འབྱོར་ཕོ་མོ་རྣམས་གསན་དུ་གསོལ། །བླ་མ་ལ་མ་ཞུས་པའི་སྤྱོད་པ་བག་མེད་པ་དང་། ངག་འཛིན་རྟེན་གྱིས་དུག་ལྔ་དང་འབྲེལ་བའི་གཏམ་དང་། ཁ་ན་མ་ཐོ་བའི་ངག་འཁྱལ་དང་། ཡིད་ཉོན་མོངས་པ་དང་འབྲེལ་བའི་བསམ་པ་དང་། མ་གུས་པ་དང་། མ་དད་པ་དང་། ལོག་པར་ལྟ་བ་ཐམས་ཅད་སྤང་ལ། དག་པའི་སྣང་བས་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་ཉེ་བར་བཞག་ལ། ཡན་ལག་བདུན་པ་རྒྱས་བསྡུས་ཅི་རིགས་པ་བྱའོ། །དེ་ནས་ཡང་ལས་ཀྱི་རྡོ་རྗེས་ཕྱག་འཚལ་ནས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོས་དབུ་མཛད། རྣལ་འབྱོར་ཕོ་མོ་ཐམས་ཅད་རང་རང་གི་ཐུགས་དམ་ལ་མཉམ་པར་བཞག་པར་ཞུ། རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱིས་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་རེ་རེ་བྱས་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབས། དུར་ཁྲོད་ཀྱི་ཆས་དང་། རུས་པའི་རྒྱན་ཆ་དཔལ་གྱི་ཆས་བརྒྱད་རྣམས་ཀྱིས་མངའ་གསོལ་ཞིང་རྟགས་གདབ་བོ། །དེ་ནས་ལས་དང་པོ་ལ་བར་ཆད་འོང་དོགས་པའི་ཆེད་དུ་བསྲུང་བའོ། །སྐབས་འདིར་དམ་པ་བདེ་བར་གཤེགས་པས། རྡོ་རྗེ་སློབ་དཔོན་ནས་བཟུང་སྟེ། ཐམས་ཅད་ཀྱི་དབུ་ལ་མེ་ཏོག་གི་ཕྲེང་བ་རེ་རེ་གདག་གསུངས། རྒྱ་གར་བ་རྣམས་ཀྱི་ཕྱག་ལེན་ལ། ཚོགས་ལ་མ་བྱོན་པའི་དུས་སུ་རྣལ་འབྱོར་ཕོ་མོ་རྣམས་ལ་མེ་ཏོག་འགྲིམ་དགོས་པར་བཤད། དེའི་དོན་ཅི་ཡིན་ན། བརྡ་དང་བརྡའི་ལེན་ལ་མི་མཁས་པའམ། ཐུགས་མི་སྐབས་ན་མེ་ཏོག་མི་ལེན་ནོ། །དེ་ལྟར་མ་ཡིན་ན། མེ་ཏོག་ལེན་ནས་ཚོགས་ཀྱི་གཙོ་བོ་ལ་འབུལ་དགོས་པར་བཤད། དེས་སྔོན་དུ་འགྲོ་བའི་རིམ་པ་དེ་སོང་ནས། སྤྱི་དོན་གཉིས་པ་གསོལ་བ་གདབ་པ་སྐབས་འདིར་གསུངས་ཀྱང་། ཕྱག་ལེན་ལ་འོག་དངོས་གཞིའི་སྐབས་སུ་བྱའོ། །སྤྱི་དོན་གསུམ་པ་མཚམས་བཅད་ཅིང་དལ་སྤྲུལ་པ་ནི། ཡན་ལག་བརྒྱད་པ་ནས་བཟུང་སྟེ། ཡི་དམ་ཆོས་སྐྱོང་གིས་གཞུང་བསྲང་ལ་མཆོད་བསྟོད་བསྙེན་པ་ཡན་ཆད་བྱའོ། །སྤྱི་དོན་བཞི་པ་ཚོགས་གཞུང་བསྲང་བ་ནི། སློབ་མ་བཞིའམ་གསུམ། གཉིས་གང་རུང་གིས་གསོལ་བ་གདབ་པ་ནི། བླ་མ་དང་དལ་གྱི་གཙོ་བོ་དབྱེར་མེད་པའི་ཐུགས་ཀ་ནས་ཧཱུྃ་དཀར་སེར་དམར་ལྗང་བཞི་སྤྲོས། སྒོ་བཞིར་གསང་བའི་ལྷ་མོ་བཞིར་གྱུར་པ་ནི། ཤར་དུ་རྒྱས་འདེབས་མ་དཀར་མོ། ལྷོར་དམ་པ་མ་སེར་མོ། ནུབ་ཏུ་ཟབ་མོ་དམར་པོ། བྱང་དུ་ཚེ་འཕེལ་མ་ལྗང་ཀུ། ལྷ་མོ་དེ་རྣམས་ཀྱི་ཐུགས་ཀར་ཐལ་མོ་སྦྱར་ནས་གསོལ་བ་གདབ་པའི་སྔོན་དུ་མཎྜལ་འབུལ་དགོས། ཅེས་དམ་པས་གསུངས་སོ། །ཞུ་བ་པོ་གཅིག་ལས་མེད་ན། དམིགས་པ་ལྷ་མོ་བཞིར་བསྒོམ་དགོས། སློབ་མ་མི་འདུག་ནས་རང་གཅིག་པུ་ཡིན་ན་ཡང་། ཆོ་ག་ཆད་མ་ཉན་པའི་དོན་ལ། གསོལ་གདབ་རང་གིས་བརྗོད། དམིགས་པ་གོང་བཞིན་དུ་བྱེད། གསོལ་གདབ་དངོས་ནི། ཀྱེ་ཅེས་པོས་པའི་ཚིག །གང་ལ་བོས་ན། གསང་སྔགས་གཉིས་མེད་ཀྱིས་དོན་རྟོགས་པའི་རྡོ་རྗེ་སློབ་དཔོན་བདག་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པ་ཁྱོད་ལ་ཞུ་བ་ནི། སྲིད་པའི་སྡུག་བསྔལ་སྟེ་ཁམས་གསུམ་འཁོར་བའི་སྡུག་བསྔལ་རྒྱུད་ང་འབྲས་བུ་རྩ་བ་ནས་བཅད་པའི་ཕྱིར་དང་། བྱིས་པའི་ཅེས་པ་ཆེ་ལ་ལྟོས་ན། ཆུང་བ་བྱིས་པ། མཁས་པ་ལ་ལྟོས་ན། མི་ཤེས་པ་བྱིས་པ། འཕགས་པ་ལ་ལྟོས་ན། སོ་སོ་སྐྱེ་བོ་བྱིས་པ། ཐེག་ཆེན་ལ་ལྟོས་ན། ཐེག་ཆུང་བྱིས་པ། འདིར་ནི་གསང་སྔགས་ལ་ལྟོས་ན་མཚན་ཉིད་བྱིས་པའི་ལམ་འདོད་ཡོན་ལྔ་པོ་སྤང་བ་ཡིན། དེ་ལས་བརྒལ་བའི་ཕྱིར། གསང་སྔགས་མ་ཧཱ་ཡོ་གའི་སྤྱོད་པའི་ཁྱད་པར་གྱིས་ཆོས་འདོད་ཡོན་ལྔ་པོ་སྤང་བ་མེད་པར་ལམ་དུ་ཁྱེར་བར་མཛད་དུ་གསོལ། དེའི་ཅིའི་ཕྱིར་ཞེ་ན། གནས་ཕྱོགས་བཅུ། དུས་འདས་མ་འོངས་ད་ལྟ་བསླད་ནས་བྱོན་པ་དང་བཞི། ཞིང་ཁམས་བསམ་ཡས་ཀྱིས་སྣང་སྟོང་གཉིས་མེད་ཀྱིས་གནས་ལུགས་ལ་བདེ་བར་སྟེ། དེ་ནར་སོན་པ་ལ་གཤེགས་པ་སྟེ་སངས་རྒྱས་ཐམས་ཅད་དང་དེའི་སྲས་ཀྱིས་ཚོགས་རིག་འཛིན་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ཤིང་ཁམས་ཇི་སྙེད་པ་རྣམས་ནི་གསང་སྔགས་ཐུན་མོང་མ་ཡིན་པའི་སྤྱོད་པའི་ཁྱད་པར་འདོད་ཡོན་ལྔ་པོ་འདི་མི་སྤང་ཞིང་ལམ་དུ་ཁྱེར་བ་ལས་བྱུང་། གཏན་ཚིག་དེ་བས་ན་འདོད་ཡོན་ལྔ་པོ་སྤང་མི་དགོས་པར་བདེ་བ་ཆེན་པོ་དེ་ཡིས་དོན་ཉམས་སུ་ལེན་པ་ལ་ངོ་མཚར་དོན་རྨད་དུ་བྱུང་བ་ལ་ཡང་དག་དེ་ལྟ་བུའི་དོན་རྡོ་རྗེ་སློབ་དཔོན་ཁྱེད་ཀྱིས་གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་ཕོ་མོ་རྣམས་ལ་བསྟན་དུ་གསོལ། བྱང་བ་སྟོང་པའི་རང་བཞིན། ཆུབ་པ་སྣང་བའི་རང་བཞིན། སྣང་སྟོང་གཉིས་སུ་མེད་པའི་དོན་ལ་བྱང་ཆུབ་སྙིང་པོ་མཆོག་དོན་ལ་སངས་རྒྱས་མ་ཐོབ་ཀྱིས་བར་དུ་འདོད་ཡོན་སྤང་བ་མེད་པར་ལམ་དུ་ཁྱེར་བས་ན་བདེེ་མཆོག་སྤྱོད་པ་ཅེས་ཟེར་རོ། །གསང་སྔགས་ཀྱིས་དོན་འདི་ལྟ་བུ་ལ་མ་དད་པའི་ཐེ་ཚོམ་ཟ་བ་ལྟ་བུ་མ་ཡིན་པར་ཉམས་སུ་ལེན་པ་ལ་ཡང་དག་བླང་ཅེས་ཚིག་རྐང་གཉིས་པོ་འདི་ནི་འཁོར་རྣལ་འབྱོར་ཕོ་མོ་རྣམས་ཀྱི་འདོད་ཡོན་ལ་སྤྱོད་པར་ཁས་ལེན་པའོ། །དེ་ལྟར་ལན་གསུམ་གསོལ་བ་གདབ་བོ། །དེའི་དོན་ནི་དང་པོ་ངག་འཁྱལ། གཉིས་བ་ངོ་བསྲུང་། གལ་ཆེ་ན་ལན་གསུམ་གསོལ་བ་གདབ་བོ། །སྐབས་འདིར་ལྷ་མོ་བཞི་ཐུགས་ཀ་ན་ཚུར་བསྡུ་གསུང་ཡང་། ད་རུང་འོག་མ་ཞུ་ལེན་དགོས་པ་དང་། ཚོགས་མ་ཚར་གྱི་བར་དུ་མི་བསྡུའོ། །དེ་ནས་རྡོ་རྗེ་སློབ་དཔོན་ནས་བཟུང་སྟེ་ཀུན་གྱིས་ཚོགས་བྱིན་གྱིས་བརླབས་པ་ནི། སྔར་སྨན་བྱིན་རླབས་བྱས་ཟིན་དེ་སྐྱོག་གང་བཅུས་ལ་ཚོགས་ཆང་ནང་དུ་བསྲེ་ལ་ཕུད་ཕར་ལ་བླུག །དེ་ནས་ཐིག་གཅིག་ཐབས་རྫས་ཀྱི་སྟེང་དུ་བླུག །བསང་ཆུ་བྱིན་རླབས་བྱས་ནས། སྭ་བྷཱ་ཝས་སྦྱངས། རྣམ་ལྔ་བྱིན་གྱིས་བརླབས། གཏོར་མ་བྱིན་རླབས་ནི། གཏོར་མའི་སྟེང་འདོད་ཡོན་གྱི་ལྷ་མོ། བར་བདུད་རྩིའི་རྒྱ་མཚོ། སྨད་དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ། སྨན་བྱིན་གྱིས་བརླབས་པ་ལ་སོགས་པ་ནི་གཞུང་བཞིན་དུ་བྱའོ། །དེ་ནས་ཚོགས་ཞིང་སྤྱན་དྲངས་པ་ནི། དཔུང་པ་གཡས་གཡོན་གཉིས་ན་བྱང་ཆུབ་ཀྱི་རྩ་གཉིས་ཡོད་པར་བཤད་པའི་དོན་ལ། ལག་བསྣོལ་ནས་དཔུང་པ་གཉིས་ཀྱི་ཐད་ཀར་སེ་གོལ་གཏོགས་ལ། བཛྲ་ས་མ་ན་ཛ་ཧཱུྃ་ཛ། ཅེས་བརྗོད། དེའི་དོན་བཛྲ་ནི་སྣང་སྟོད་གཉིས་སུ་མེད་པའི་དེ་བཞིན་གཤེགས་པ་རྣམས་སོ། །ས་མན་ཛ་ཧཱུྃ་ཛ་ནི་དམ་ཚིག་ལ་དགོངས་ནས་འདིར་གཤེགས་ཤིག །ཅེས་པའོ། །ཇི་སྐད་དུ། ལག་ངར་དང་ནི་རྡོ་རྗེ་བཅིངས། །ལག་པ་གཡས་དང་གཡོན་པ་ནི། །སེ་གོལ་མཉམ་པར་གཏོགས་པ་ཡིས། །སངས་རྒྱས་ཐམས་ཅད་བྱོན་པར་འགྱུར། །ཅེས་སོ། །མདུན་གྱི་ནམ་མཁར་ཚོགས་ཞིང་ལ་ཕུར་པ་ལྟ་བུ་ཡིན་ན། གཡས་སུ་ཞི་བའི་ལྷ་ཚོགས། གཡོན་དུ་ཁྲོ་བོའི་ལྷ་ཚོགས། སྟེང་གི་ཆ་ལ་སློབ་དཔོན་པདྨ་ལ་སོགས་རིག་འཛིན་བརྒྱུད་པའི་བླ་མ་དང་འོག་གི་ཆ་ལ་ཆོས་སྐྱོང་མ་མགོན་ལ་སོགས་བཀའ་སྡོད་བསྟན་བསྲུང་རྣམས་དང་། གཡས་སུ་ཕ་བརྒྱུད་ཀྱི་ལྷ་ཚོགས། གཡོན་དུ་མ་རྒྱུད་ཀྱི་ལྷ་ཚོགས། མདུན་དུ་གཉིས་མེད་ཀྱི་ལྷ་ཚོགས་རྣམས་བསྒོམ་པར་བྱའོ། །བཀའ་གསར་རྙིང་གི་གང་ཟག་ཕྱོགས་འཛིན་ཅན་འགའ་ཞིག་གིས་རང་རང་གི་ཡི་དམ་ལྷ་བསྒོམ་ནས་གཞན་གྱི་ལྷ་བསྒོམ་པ་བསླད་མ་ཡིན་སྐད། ཆོས་སྤངས་གི་ལས་བསགས་པ་མང་པོ་མཐོང་ངོ་། །ཆོས་སྤང་གི་ལས་བསགས་ན་ཉེས་པ་ནི་དྲན་པ་ཉེར་བཞག་ནང་ནས་ལྕེ་དཔག་ཚད་ལྔ་བརྒྱའི་ས་ན་དྲང་ནས། ལྕགས་ཀྱི་ཐོང་སོ་མེ་འབར་བ་ལྔ་བརྒྱས་རྨོ་གསུངས་སོ། །དེ་ནས་ཚོགས་གཟི་བྱིན་བསྐྱེད་པ་ནི། རྡོ་རྗེ་དྲིལ་བུ་འཛིན་ལ་དབྱངས་དང་བཅས་པས་འདི་སྐད་དོ། །ཧཱུྃ་ཆ་ལྔ་ཡེ་ཤེས་ལྔའི་ངོ་བོ་ཡིན་པས། གླུ་དང་དབྱངས་ཀྱིས་མགོ་འདྲེན། དཔེར་ན་འབྱུང་བ་ཆེན་པོ་ནམ་མཁའ་འདི་ནི། ས་ཆུ་མེ་རླུང་འབྱུང་བ་ཆེན་པོ་བཞིན་ནམ་མཁའ་ལས་འབྱུང་བའམ། མ་གཡོས་པས་ནམ་མཁའ་དང་ལྔ་པ་སྟེ། ནམ་མཁའ་ལ་ནི་སྐྱེ་འགྲོ་ཕྱི་ནང་གི་ཆོས་འདོད་པ་ཐམས་ཅད་འབྱུང་བའོ། །དོན་ནི་ཕྱི་ནང་གི་མཆོད་རྫས་ཟད་མི་ཤེས་པའི་དོན་འདོད་པའི་མཆོད་པ་འགྲུབ་པར་ཤོག་ཅེས་མཆོད་རྫས་ལ་སྨོན་ལམ་གདབ་པའོ། །ཚོགས་ཞིང་ལ་སྨོན་ལམ་གདབ་པ་ནི། འདོད་པའི་མཆོད་པས་མཉེས་གྱུར་ཅིག །ཨཱོྂ་ཆ་ལྔ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཡེ་ཤེས་ལྔའི་ངོ་བོའོ། །ན་མཿསརྦ་ཏ་ཐཱ་ག་ཏ་པུ་ཙ་བཛྲ་སྭ་བྷཱ་ཝ་ནེ་སྟོང་པ་ཨཱཏྨ་ཀོ྅་ཧཾ་ནི་བདག་ཉིད་ཡིན་ནོ། །དེ་ནས་ཀུན་བཟང་མཆོད་འབུལ་ལ་བཞི་སྟེ། ཕྱིའི་མཆོད་པ། ནང་གི་མཆོད་པ། གསང་བའི་མཆོད་པ། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་བཞིའོ། །དེ་ལ་ཀུན་ཏུ་བཟང་པོ་ཕྱིའི་མཆོད་པ་ནི། འཇིག་རྟེན་ཁམས་ཀྱི་རྒྱ་མཚོ་ཐམས་ཅད་ནི་ཡོན་ཆབ། ལྷོ་སྤྲིན་དང་ན་བུན་ཐམས་ཅད་ནི་བདུག་སྤོས། རྩི་ཤིང་ནགས་ཚལ་ཐམས་ཅད་ནི་མེ་ཏོག །ཉི་ཟླ་གཟའ་སྐར་ཐམས་ཅད་ནི་སྣང་གསལ། ཆུ་བོ་ཐམས་ཅད་ནི་བྱུགས་པ། རི་བོ་ཐམས་ཅད་ནི་ཞལ་ཟས། སྒྲ་གྲགས་ཐམས་ཅད་ནི་རོལ་མོར་བྱིན་གྱིས་བརླབས་ནས་འབུལ་དགོས་པར་བཤད་འདི་ལ་སྣང་གྲགས་མཆོད་པའི་ཚོགས་སུ་གྱུར་ནས། ཀུན་ཏུ་ངན་པའི་མཚན་ཉིད་མེད་པས་ཀུན་བཟང་མཆོད་པ་ཅེས་བྱའོ། །ཀུན་ཏུ་བཟང་པོ་ནང་གི་མཆོད་པ་ནི། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་གཟུགས་ཐམས་ཅད་སྡུག་པ། སྒྲ་ཐམས་ཅད་སྙན་པ། དྲི་ཐམས་ཅད་ཞིམ་པ། རོ་ཐམས་ཅད་མངར་བ། རེག་ཐམས་ཅད་འཇམ་པ། ཚོགས་དྲུག་གི་སྣང་བ་ཐམས་ཅད་འདོད་ཡོན་གྱི་མཆོད་པར་གྱུར་པས། ཀུན་ཏུ་ངན་པའི་མཚན་ཉིད་མེད་པས་ན་ཀུན་བཟང་མཆོད་པ་ཅེས་བྱའོ། །ཀུན་བཟང་གསང་མཆོད་ནི། སྣང་བ་སྐུ། སྒྲ་གྲགས་གསུང་། དྲན་རྟོག་ཐུགས་ཀྱི་ཁྱེར་སོ་དང་གསུམ་ལ་བྱའོ། །དེ་ཁོ་ན་ཉིད་ཀྱིས་མཆོད་པ་ནི། མ་སྐྱེས་མི་འགགས་དབྱེར་མེད་ལ་བྱ་སྟེ། སྐྱེ་མེད་ཀྱི་གནས་ལུགས་གདངས་འགག་པ་མེད་པ་མཆོད་པའི་ཚོགས་སུ་ཤར། ཤར་བའི་དུས་དེ་ཉིད་ན་སྐྱེ་མེད་ཀྱི་གནས་ལུགས་རང་ལ་མ་གཡོས་པས་དབྱེར་མེད་པའོ། །དཔེར་ན་རྒྱ་མཚོ་དང་གཟུགས་བརྙན་བཞིན་ནོ། །དོན་ལ་འཁོར་འདས་ལམ་གསུམ་གྱི་བསྡུས་པའི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་པར་མ་གྱུར་པ་མེད་པ་ཡིན་ཏེ། བདེ་བར་གཤེགས་ཅེས་པ་གནས་ལུགས་ཟབ་མོའི་དོན་རྟོགས་ཤིང་ནར་སོན་པའོ། །དེ་ལྟ་བུའི་བདེ་བར་གཤེགས་པ་ཡིན་སོ་ཅོག་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡིན་ནོ། །བདུད་བཞི་བཅོམ་པས་ན་བཅོམ། ཆེ་བའི་ཡོན་ཏན་དང་ལྡན་པས་སྣང་སྟོང་རྟག་ཆད་ཀྱི་མཐའ་ལས་འདས་པ་ཅེས་པའི་དོན་ནོ། །མཐའ་གཉིས་དང་བདུད་བཞི་ལས་རྒྱལ་བ་གྲངས་མང་བའམ། རྒྱ་ཆེ་བས་རྒྱ་མཚོ་ལྟ་བུའི་གཟུགས་སྐུར་བཞེངས་པ་དེ་ཡང་གཟུགས་སྐུ་རང་ཁ་མ་ཡིན་གྱི་ནང་དགོངས་པ་ཡེ་ཤེས་ཀྱི་རང་གཟུགས་ཕྱི་རོལ་དུ་རྒྱལ་བའི་སྐུར་ཤར་བ་ནི་སྣང་བ་སྐུ་དང་ཡེ་ཤེས་སུ་ཤར་བ་ནི་ཀུན་བཟང་གིས་མཆོད་པའོ། །སྲིད་པ་ཁམས་གསུམ་འཁོར་བའི་འགྲོ་བ་རིགས་དྲུག་གི་སེམས་ཅན་རྒྱ་མཚོ་མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་སྤྱོད་པ་ཅི་ལྟར་སྣང་ཡང་། སྣང་བ་སྐུ། སྒྲ་གྲགས་གསུང་། དྲན་རིག་ཐུགས་སུ་ཁྱེར་བ་ནི། ཀུན་ཏུ་བཟང་པོའི་མཆོད་པ། ལམ་ཐེག་པ་མཐོ་དམན་ནམ་ཟག་བཅས་ཟག་མེད་ཀྱི་སྤྱོད་པ་རྒྱ་མཚོ་དེ་རྣམས་ལ་སྐྱོན་མེད་པས་ན་རྨད་བྱུང་ཡང་དག་པ་ཀུན་སེམས་ཀྱི་གནས་ལུགས་རིག་རྩལ་འགག་མེད་དུ་ཤར་བ་ཀུན་ཏུ་བཟང་པོའི་མཆོད་པའོ། །འཁོར་འདས་ལམ་གསུམ་གྱི་བསྡུས་པའི་ཆོས་ཐམས་ཅད་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་དང་བཞིའི་མཆོད་པ་ལས་མ་གཡོས་པས་ན་ཀུན་བཟང་མཆོད་པ་ཞེས་བྱའོ། །སྤྲིན་ནི་དཔེར་ན་ཟད་པ་མེད་པར་ཐམས་ཅད་འབྱུང་བའོ། །མཆོག་ཏུ་རོལ་པ་ནི་ཀུན་བཟང་མཆོད་པ་མཆོད་པའི་ཚོགས་ཡིན་ལ། རོལ་བ་ནི་གདུལ་བྱའི་ངོ་ལ་མཆོད་པ་དེ་ཚོགས་ཞིང་གིས་ལེན་ཅིང་བཞེས་སུ་གསོལ་བ་ནི་རོལ་བའོ། །ༀ་ནི་སྔགས་ཀྱི་མགོ་འདྲེན་ཅིང་ཡེ་ཤེས་ལྔའི་ངོ་བོའོ། །ན་མཿནི་ཕྱག་འཚལ་བ་དང་མཆོད་པ་ཞེས་བྱ་བ་ལ་སོགས་དོན་བཅུ་ཙམ་ལ་འཇུག་ནའང་། སྐབས་འདིར་ཕྱག་འཚལ་བའོ། །གང་ལ་ན་སརྦ་ཏ་ཐཱ་ག་ཏ་བྷྱོ་ནི་དེ་བཞིན་གཤེགས་པ་རྣམས་ལ་བྱའོ། །བྷི་ཤྭ་མུ་ཁེ་བྷྱ་སྣ་ཚོགས་པའི་གདོང་པ་ཅན་མཆོད་མགྲོན་རྣམས་སོ། །སརྦ་ཐམས་ཅད་ཏད་ཁང་ནམ་མཁའ་ཨུཏྒ་ཏེ་ནི་གནས་པ་སྥ་ར་ཎ་ནི་འགྲོ་བའམ་ཁྱབ་པའི་མཆོད་པའོ། །དེས་ཅི་ཙམ་ཁྱབ་སྙམ་ན་ཧི་མཾ་ག་ག་ན་ཁཾ་འདིའི་ནམ་མཁའི་ཁམས་གང་བའི་སྭཱ་ཧཱ་ནི་གྱུར་པའོ། །རྨད་བྱུང་གཏོར་མའི་མཆོད་པ་ནི། ཐོག་མར་གཏོར་མའི་སྟེང་གི་ཁམས་དྲུག་གི་ལྷ་མོས་མཆོད་པ་ནི། གཟུགས་ཀྱི་ལྷ་མོ་དཀར་མོས་ཕྱག་ན་མེ་ལོང་བསྣམས་པ། སྒྲའི་ལྷ་མོ་སྔོན་མོས་ཕྱག་ན་པི་ཝཾ་འཛིན་པ། དྲིའི་ལྷ་མོ་སེར་མོས་ཕྱག་ན་སྤོས་བསྣམས་པ། རོའི་ལྷ་མོ་དམར་མོས་ཕྱག་ན་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་བསྣམས་པ། རེག་བྱའི་ལྷ་མོ་ལྗང་གུ་ཕྱག་ན་ན་བཟའ་གོང་བ་རྡོ་རྗེས་མཚན་པ་བསྣམས་པ། ཆོས་ཀྱི་ལྷ་མོ་མཐིང་ཀས་ཕྱག་ན་ཨེ་གྲུ་གསུམ་བསྣམས་པ་རྣམས་ཀྱིས། དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་དང་། སྙན་དང་། ཤངས་དང་། སྐུ་དང་། ཐུགས་ཀར་ཐིམ་པར་བསྒོམ་ལ། ཚིག་གིས་དོན་ནི་ཧཱུྃ་ནི་གླུའི་མགོ་འདྲེན་པ་ཡིན་ལ། གཟུགས་ཀྱི་ལྷ་མོ་དཀར་མོས་ནི་ལག་པ་གཉིས་ཀྱིས་མེ་ལོང་གཉིས་སྟྭ་ཟུར་གཉིས་སུ་འཛིན་ཅིང་། གཟུགས་ཤིན་ཏུ་མཛེས་པའི་ལྷ་མོས་ལག་པ་གར་སྤྱོད་པས་ཕྱོགས་བཅུར་གཡོས་ནས། ཤིན་ཏུ་སྒེག་པའི་གཟི་བརྗིད་དང་ལྡན་ཞིང་འོད་འབར་བའི་གཟུགས་ཀྱི་ལྷ་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ལ་ཐིམ་པར་བསྒོམ་མོ། །ༀ་བཛྲ་རཱུ་པ་ཧཱུྃ་ནི་གཟུགས་རྡོ་རྗེ་མ་ཅེས་པའོ། །ལྷ་མོ་བཞི་ནི་གོ་སླའོ། །སྔགས་ཀྱི་སྒྲ་རྡོ་རྗེ་མའོ། །དྲི་རྡོ་རྗེ་མ། རོ་རྡོ་རྗེ་མ། རེག་བྱ་རྡོ་རྗེ་མའོ། །ཆོས་ཀྱི་ལྷ་མོ་ནི་བློའི་ཡུལ་དུ་གྱུར་ཚད་ཀྱི་ཆོས་ཐམས་ཅད་བསྡུ་ན། འདུས་བྱས་དང་འདུས་མ་བྱས་གཉིས་ལ་འདུ། འདུས་མ་བྱས་ལ་ནམ་མཁའ། འགོག་པ་དེ་བཞིན་ཉིད་གསུམ། འགོག་པ་ལ་སོ་སོར་བརྟགས་པའི་འགོགས་པ་དང་། སོ་སོར་བརྟགས་མིན་གྱིས་འགོག་པ་གཉིས། དེ་རྣམས་གནས་སུ་དག་པའམ། སྣང་སྟོང་གཉིས་མེད་ཀྱི་དོན་ངོ་བོ་འགྱུར་བ་མེད་པས་ན་རྡོ་རྗེ། སྟོང་ལ་ཐམས་ཅད་འབྱུང་བ་ནི་ནམ་མཁའ། ཆོས་ཀྱི་ལྷ་མོ་སྐུ་ཆོས་ཉིད་འགྱུར་བ་མེད་པས་ན་སྐུ་མདོག་མཐིང་ཀ་ཕྱག་མཚན་ཆོས་འབྱུང་བསྣམས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་དང་གཉིས་སུ་མེད་པའི་དོན་ལ། རྟགས་ལ་ཆོས་ཀྱི་ལྷ་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཐིམ་པར་བསྒོམ་མོ། །དྷརྨ་དྷརྟུ་ནི་ཆོས་ཐམས་ཅད་བཛྲ་རྡོ་རྗེ་སྭ་བྷཱ་ཝ་སྟོང་པ་རྣམ་པར་དག་པ་ཨཱཏྨ་ཀོ྅་ཧཾ་ནི་བདག་ཉིད་ཡིན་ནོ། །དེས་ཁམས་དྲུག་གི་ལྷ་མོའི་མཆོད་པ་སོང་ནས། གཏོར་མ་བར་བདུད་རྩིའི་རྒྱ་མཚོར་གྱུར་པར་བསྒོམ་ལ། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུར་གྱུར་ནས་ཆུ་ལ་ཉི་ཟེར་ཕོག་པ་བཞིན་དུ་གསོལ་བར་བསམ་མོ། །འདི་ཡན་ཆད་ཀྱི་མཆོད་པ་ནི་ཞི་ཁྲོ་ཐུན་མོང་གི་མཆོད་པ་ཡིན་ནོ། །གཏོར་མའི་འོག་དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་ནི་ཁྱད་པར་དུ་ཁྲོ་བོའི་ལྷ་ཚོགས་ལ་འབུལ་བར་བཞེད་དོ། །དེ་ཡང་ཀཿཐོག་པའི་ཕྱག་ལེན་ལ། དྲིལ་བུ་གསུམ་བརྡུང་བྱེད། གཡས་པས་རྡོ་རྗེ་བསོར་ཞིང་ཞགས་བསྡོག་བྱེད། རྩ་སྡེའི་ཕྱག་ལེན་ལ། དུང་འབུད། ཆ་ལང་བརྡབས། ལྷ་ཆ་ཐམས་ཅད་འུར་གྱིས་བསྒྲགས་སོ། །དྲག་པོའི་ཕྲིན་ལས་ཀྱི་སྐབས་ཡིན་པས་སོ། །གསང་སྔགས་རྡོ་རྗེ་ཐེག་པའི་བསྒྲལ་བའི་ཞིང་ཆེན་ནི་བམ་སྐྱེ་བ་བདུན་པ་ཡིན་ཏེ། དེའི་དྲི་ནི་ངད་དཔུང་དཔུང་ཟེར་བ་ཡིན། བམ་འདི་དངོས་སུ་ཡོད་ན་མ་དང་མཁའ་འགྲོ་སྤྲིན་བཞིན་འདུ། སོ་སོའི་སྐྱེ་བོ་ཐ་མལ་བ་ཡིན་ན་བམ་འདིའི་ཤ་ཟོས་དྲི་ཚོར་ན་ངན་སོང་རྡོག་པས་ནོན་པར་གསང་སྔགས་ཀྱིས་རྒྱུད་གཞུང་ནས་གསུངས་སོ། །འདིར་ནི་དངོས་སུ་མ་ཡིན་ཡང་ཏིང་ངེ་འཛིན་གྱིས་བསྒོམ་མོ། །འདོད་ཆགས་མ་སྤངས་གནས་སུ་དག་པའི་རྟགས་སུ་རཀྟ་རྒྱ་མཚོའི་རྦ་རླབས་ཀྱི་ལི་ལི་ནི་ལྷ་ཚོགས་ཐམས་ཅད་ཀྱིས་གསོལ་བར་བསྒོམ་མོ། །ཞེ་སྡང་མ་སྤང་གནས་སུ་དག་པའི་རྟགས་སུ་ཀེཾ་རུས་མང་པོའི་ཚོགས་ནི་ཁྲ་ལ་ལ་བྱེད་པ་རུས་པའི་གྲམ་ཁྲོད་ལྷ་ཚོགས་རྣམས་ཀྱིས་གསོལ་བར་བསྒོམ་མོ། །གཏི་མུག་མ་སྤངས་གནས་སུ་དག་པའི་རྟགས་སུ་མཾ་ས་གལ་ཆེན་ཚོགས་ནི་ཐང་མར་བདལ་བ་ནི་ཤའི་རི་བོ་རྣམས་ལྷ་ཚོགས་ཐམས་ཅད་ཀྱིས་བཟའ་བར་བསྒོམ་མོ། །འདི་ལྟར་དུག་གསུམ་མཆོད་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱིས་གཙང་ཙོག་མེད་པའམ་ཉོན་མོངས་པ་དུག་གསུམ་སྤང་བ་མེད་པར་ལམ་དུ་ཁྱེར་བའི་དོན་གྱིས་ན་ཤ་ཁྲག་རུས་གསུམ་གྱི་མཆོད་པ་བཤམས་པ་ལགས་མོད་ཀྱིས། འདི་འབུལ་བའི་ཞིང་ནི་ཉོན་མོངས་པ་ཚང་ཚིང་དད་འདྲ་བ་ཐམས་ཅད་བསྲེག་ཅིང་གདུག་པ་ཅན་འདུལ་བའི་དོན་ལ། རྟགས་བསྐལ་བ་མར་འགྲིབ་ཟད་པའི་དུས་མཐའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས་སྐུ་བཞེངས་པ་ལྟ་བུའོ། །བདུད་རུ་ཏྲ་ལ་སོགས་པ་དྲག་བྱེད་ཐམས་ཅད་འདུལ་བའི་ཕྱིར། བཅོམ་ལྡན་འདས་དཔལ་ཆེན་པོར་སྣང་ངོ་། །བཅོམ་ལྡན་ནི་གསང་སྔགས་ཀྱིས་བཤད་ལུགས་གཞན་དང་མཐུན་ལ། དཔལ་ནི་དཔལ་གསུམ་དང་ལྡན་པའོ། །ཆེན་པོ་ནི་གོང་ན་མེད་པའི་དོན་ནོ། །འདོད་ཆགས་མ་སྤངས་གནས་སུ་དག་པའི་རྟགས་སུ་གཡོན་གྱི་དུང་དམར་ཞལ་དུ་སྟོབ་པ་ནི། ཁྲག་འཐུང་ཅེས་བྱའོ། །ཧེ་དགྱེས་པ་འདི་ལ་བདག་ཏུ་དགྱེས་པ་དང་གཞན་དུ་དགྱེས་པ་གཉིས། རུ་ནི་ཆགས་པ་སྟེ། བདག་དོན་དུ་ཆགས་པ་དང་། གཞན་དོན་དུ་ཆགས་པ་གཉིས། ཀ་ཀ་ར་ན་མཛད་པ་ཡིན་ཏེ། ཆོས་རྗེ་གཙང་སྟོན་གྱིས། དཔལ་གསུམ་ཉིད་ལྡན་དགྱེས་པ་རྣམ་གཉིས་ཀྱིས། ཆགས་ག ཉིས་མི་གཏོང་འགྲོ་བའི་དོན་མཛད་པ། །ཅེས་ཧེ་རུ་ཀའི་བཤད་པ་ལ་དེ་ལྟར་དུ་གསུངས་སོ། །ཁྲག་འཐུང་རོལ་པའི་དཀྱིལ་འཁོར་འདི་ནི་སངས་རྒྱས་ཀྱི་ཞིང་ཡིན་ལ་ཉོན་མོངས་སྒྲོལ་བའི་མཛད་པའི་རྟགས་སུ་ཤ་རུས་ཁྲག་གསུམ་བཟའ། མཆོད་པ་འདི་རྣམས་ནི་འགྲོ་བའི་དོན་ལ་དཔེར་ན། ཡིད་བཞིན་གྱི་ནོར་བུ་ཆེ་ལ་གསོལ་བ་བཏབ་ན་དགོས་འདོད་འབྱུང་བ་བཞིན་དུ་མཆོད་པའི་ཚོགས་མི་འདྲ་བ་སྣ་ཚོགས་སུ་ཤར་བ་འདི་རྣམས་བདེ་བར་རོལ་བའམ། ཡང་ན་འགྲོ་བའི་དོན་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་དགོས་འདོད་འབྱུང་བ་བཞིན་དུ། གང་ལ་གང་འདུལ་དེ་ལ་དེར་སྐུར་སྟོན་པའི་ཆེད་དུ་བདེ་བར་རོལ་སྟེ་མཆོད་པ་འདི་རྣམས་བཞེས་སུ་གསོལ་ཅེས་བྱས་ན་རུང་། ཚོགས་རྗེ་ཅེས་པ་ནི་ཚོགས་ཀྱི་རྗེ་བོ་ལ་བོས་པ་ལྟ་བུ། རྔམ་པའི་མཆོད་པ་ནི་དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་འདི་བཞེས་སུ་གསོལ། ཀེང་རུས་ཚོགས་ལ་སོགས་པའི་མཆོད་པ། དེ་རྣམས་ཚོགས་ཞིང་རྣམས་ཀྱི་བསྟོད་པའི་ཚུལ་དུ་སྟོན་པར་བྱེད་ཅིང་ཁྱད་པར་དུ་ལོག་འདྲེན་གདུག་པའི་བདུད་དཔུང་འཇོམས་པར་མཛད་པའི། ཕྱིའི་མཁའ་འགྲོ་དུར་ཁྲོད་ཆེན་པོའི་གནས་བརྒྱད། གནས་ཉི་ཤུ་རྩ་བཞི། ཡུལ་སུམ་ཅུ་སོ་གཉིས་ལ་གནས་པའི་རང་རྒྱུད་པ་རྣམས་དང་། ནང་གི་མཁའ་འགྲོ་དེ་རྣམས་འདུལ་བར་བྱེད་པའི་སྤྲུལ་པ་རྣམས་དང་། དེ་ལྟ་བུའི་ཕྱི་ནང་གི་མཁའ་འགྲོ་མ་མང་པོའི་ཚོགས་དང་བཅས་པ་དང་། གཞན་ཡང་གདུག་པའི་སྟོབས་ཆེན་ཅེས་པ་ནི་ཆོས་སྐྱོང་མ་མགོན་མགར་གསུམ། དབང་མོ་ཉི་ཤུ་རྩ་བརྒྱད། མཁའ་འགྲོ་མ་སུམ་ཅུ་རྩ་གཉིས། དམ་ཅན་བཅུ་གཉིས། དྲེགས་པ་ཉི་ཤུ་རྩ་གཅིག །བསྭེ་ལྕགས་དུང་གསུམ་གྱི་ཚོགས་དང་། ལག་ཀ་བཅུ་དྲུག །འབར་མ་བརྒྱད། མ་བདུན་སྲིང་བཞི་དང་། ཕོ་ཉ་མང་པོའི་ཚོགས་ཅེས་པ་ནི་ཕོ་ཉ་དྲུག་ཅུ་རྩ་བཞི། གིང་ཕོ་མོ་བཅོ་བརྒྱད། དེ་ལྟ་བུའི་ལས་མཁན་ཕོ་ཉ་དང་བཅས་པ་ལ། འདོད་ཆགས་ཁྲག་གི་རྒྱ་མཚོ། ཞེ་སྡང་རུས་པའི་ཕུང་པོ། གཏི་མུག་ཤའི་རི་བོ་དེ་ལྟ་བུའི། དུག་གསུམ་རྒྱ་མཚོའི་མཆོད་པ་བཞེས་སུ་གསོལ། རྩ་སྡེའི་ཕྱག་ལེན་ལ། སྐབས་འདིར་སྔགས་ཀྱི་མཆོད་འབུལ་འདི་བཏགས། ༀ་སརྦ་ཏ་ཐཱ་ག་ཏ་ཨཱ་ཝ་ལོ་ཀི་ཏེ་ཨ་མྲྀ་ཏ་ཧཱུྃ་ཁ་རཾ་ཁ་རཾ་ཏ་ཀི་ནི་ཡོ་ནི་དང་སྟྭཾ་བྷ་ག་ཏེ་ཨ་ལ་ལ་ཧོ། དགྲ་བགེགས་གདུག་པ་ཅན་གྱི་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། སྐྱེ་མཆེད་བཅུ་གཉིས་ལ་ཁཱ་ཧི། རྣམ་ཤེས་ཚོགས་བརྒྱད་ལ་ཁཱ་ཧི། སྤྱི་དོན་ལྔ་པ་མཆོད་ཅིང་རོལ་པ་ནི། གོང་གི་ལྷ་མོ་བཞིའི་ཞུ་བ་བྱེད་པར་བསྒོམ་ལ། ཕྱག་ཚང་པས་ཚོགས་རྫས་བཏེག་ལ་འདི་སྐད་བརྗོད་དོ། །ཚོགས་རྫས་འདི་ལ་རྣམ་རྟོག་མི་རུང་བཞི་ཞུ་བ་ནི། ཀྱེ་གཟིགས་ཤིག་ཅེས་པ་ནི་ཚོགས་ཀྱི་གཙོ་བོ་ལ་བོས་པའོ། །འདོད་ཡོན་སྤང་བ་མེད་པར་ལམ་དུ་ཁྱེར་བ་ལ། མཛེས་ལྡན་དམ་པའི་ཆོས་ཡིན། འདི་ལ་བཟང་ངན་དང་གཙང་རྩོག་གི་རྣམ་རྟོག་བྱེད་མི་རུང་དཔེར་ན་བྲམ་ཟེ་གཙང་མ་དང་། ཁྱི་དང་གདོལ་པ་གཉིས་རྩོག་པ་ཡིན་ཏེ་འདི་གསུམ། རང་བཞིན་གཅིག་པ་ཉིད་དུ་རོལ་བའོ། །དེ་ཅི་ཡི་ཕྱིར་ཞེ་ན། གཟུང་འཛིན་གཉིས་ཀྱི་ནང་ནས་རག་པ་གཙང་སྨེ་གཉིས་ཡིན། གཙང་སྨེ་གཉིས་ཀྱི་རྟོག་པ་སྦྱང་བར་བྱེད་པ་ལ་བདུད་རྩི་ལྔ་ཉམས་སུ་ལེན་དགོས། འདི་ལ་མོས་པ་ཉམས་སུ་ལེན་པ་དང་། ནུས་པ་ཉམས་སུ་ལེན་པ་གཉིས། མོས་པ་ཉམས་སུ་ལེན་པ་ལ་ཏིང་ངེ་འཛིན་གྱི་ཉམས་ལེན་དང་། བཅུད་ལེན་གཉིས། དེ་གཉིས་ནི་ལས་དང་པོ་བའི་སྤྱོད་ཡུལ་ཡིན། ནུས་པ་ལམ་དུ་ཁྱེར་བ་ནི། ཕྱག་རྒྱ་སྤྲོས་པ་མཐར་ཕྱིན་ནས་ཤ་ལྔ་བདུད་རྩི་ལྔ་ཐུག་འཕྲད་དུ་ཉམས་སུ་ལེན། ཁྱི་ཤ་དང་། མཛེ་ཤ་དང་། ལུག་ཤ་གསུམ་ལ་ཁྱད་མེད། ཆང་དང་དྲི་ཆུ་གཉིས་ལ་ཁྱད་མེད་པར་ཉམས་སུ་ལེན་ཐུབ་དགོས། རྗེས་ཤེས་ལ་གཙང་རྩོག་ཤར་ཡང་ཚོམ་བུ་ཚོགས་བསྒྲུབ་བས་སྦྱངས་དགོས། ཟག་མེད་ཚེ་རྣམ་གཉིས་ཀྱི་སྐབས་སུ་ཕྱིན་པའི་དུས་སུ་མཉམ་རྗེས་མེད་པར་གཙང་རྩོག་འཛིན་པ་ཀ་ནས་དག་པའོ། །ཉོན་ཡིད་གཏན་ལྡོག་རེད་པའི་ཕྱིར་རོ། །ནུས་པ་ལམ་དུ་ཁྱེར་བའི་སྐབས་སུ་རྒྱ་གར་བ་རྣམས་ཀྱི་བདུད་རྩི་ལྔ་རང་དང་། ཤ་ལྔའི་ནང་ནས། ཤ་ཆེན་གྱི་སྐབས་ལ། ཁྱད་པར་དུ་མཛེ་ཤ་ཚོགས་ལ་བཤམ་པར་སྣང་། གཉིས་པ་ཚོགས་ལ་རོལ་བར་ཞུ་བ་ནི། ༀ་ནི་གླུའི་མགོ་འདྲེན། གསང་སྔགས་རྡོ་རྗེ་འཛིན་གྱི་ཚོགས་ཀྱི་གཙོ་བོ་སོགས་ཀྱི་སྒྲས་རྣལ་འབྱོར་ཕོ་མོ་རྣམས་དང་བཅས་པ་དགོངས་སུ་གསོལ། ཅེས་པ་ནི། གསན་པར་ཞུ་བས་ཞལ་གྱིས་ཕྱོགས། ཐུགས་ཀྱིས་དགོངས། སྤྱན་གྱིས་གཟིགས་སུ་གསོལ་བྱས་ནའང་རུང་ངོ་། །ཚིག་རྐང་གསུམ་པོ་ནི་གོ་སླའོ། །གོང་གི་བྲམ་ཟེ་ནེས་པའི་སྐབས་ལ་གཏམ་རྒྱུད་འདི་ལྟར་དུ་གསུངས། སྔོན་རྒྱ་གར་གྱི་ཡུལ་ན་རྡོལ་བྱ་བ་དང་། བྲམ་ཟེ་ཁྱོ་ཤུག་གཉིས་ཡོད་སྐད། ཁོང་གི་ཁང་པ་དེ་ལྡིང་ཁང་གཉིས་ཡོད་སྐད། དེར་བྲམ་ཟེ་སྟེང་ཁང་དུ་བསྡད་ནས་ཆུང་མས་འོག་ཁང་དུ་འབྲས་ཐུགས་བཙོས། དེ་འཁར་གཞོང་དུ་ཁྱེར་འོང་ནས་གང་བྲམ་ཟེ་ལ་འདྲེན། གང་མོ་རང་གི་ཟ་བ་ཡིན་པ་ལས། གང་མང་བ་གཅིག་བྲམ་ཟེ་དེ་ཟ་སྐྱེན་པར་བྱུང་བས་ཆུང་མས་ཁོ་མ་འགྲངས་པར་ཚོར་ནས་ད་རུང་ཁྱེར་ནས་འོང་ངམ་བྱས་པས་ཁྱེར་རུང་ཟེར་སྐད། ལར་བྲམ་ཟེ་བྱ་བ་དེས་ཟས་ཟོས་པ་དང་། ཆོ་ག་མང་པོ་བྱ་དགོས་པ་ཡོད་དོ། །དེ་ནམ་དགའ་དགར་བཟའ་བར་མེད། དཀའ་ལས་ཆེ་གསུངས་སྐད། དེར་འོག་ཁང་དུ་སོང་བ་དང་། ཡུན་ཐག་རིང་གཅིག་ལོན་པས། བྲམ་ཟེ་དེ་ངང་ཐུང་ནས་བལྟས་པས། མོས་འབྲས་ཐུགས་ཁྱེར་ནས་བྱུང་བྲམ་ཟེ་ལ་དྲངས་བས། བྲམ་ཟེ་མོའི་ཞབས་ཁྲག་ཐིག་གཅིག་འདུག་པ་མཐོང་སྟེ། ཁོས་ན་རེ་ཁྱོད་ཀྱི་ཁྲག་དེ་མངལ་ཁྲག་ཡིན་ཏེ་འོང་བས་མི་འདོད་ཟེར། དེར་མོས་ན་རེ་འདི་མངལ་ཁྲག་མིན། ང་ལ་ལོ་རྒྱུས་ཡོད་ཟོ་དང་བྱས་པས། དེར་ཁོས་འགྲངས་པར་ཟོས་ཏེ་ལོ་རྒྱུས་ཤོད་བྱས་པས། མོས་ན་རེད་མཁའ་འགྲོ་མ་ཡིན། ད་ཀྱི་ཡུལ་པ་ལ་པུ་ཏྲ་བྱ་བར་རྒྱལ་པོ་བསད་པས། ངས་དེའི་རོ་ཁྱེར་ནས་འོང་སྟེ་དྷི་ཝི་ཀྲོ་ཏྲ་བྱ་བར་བསྐྱལ་ནས་ཡོད། དོ་ནུབ་མཁའ་འགྲོ་མ་ཐམས་ཅད་དྷེ་ཝི་ཀོ་ཏྲ་ར་འཚོགས་ནས་ཚོགས་ཀྱི་འཁོར་ལོ་བྱེད། ང་ཡང་དེར་འགྲོ་དགོས་པས་ཁྱོད་དང་དེ་རིང་བས་འགྲོག་ཡུན་མེད་སྐད། དེ་ནས་རྡོལ་ནས་པ་ལ་པུ་ཏྲར་འགྲོ་བ་ལ་མི་གཤའ་མ་འགྲོ་བའི་ལམ་ལ་ཟླ་བ་ཕྱེད་ཡོད། པ་ལ་པུ་ཏྲ་ནས་དྷེ་ཝི་བ་ཀོ་ཏྲར་འགྲོ་བ་ལ་ཟླ་བ་ཕྱེད་ཡོད། དྷེ་ཝི་ཀོ་ཏྲ་ནས་རྡོལ་དུ་འགྲོ་བ་ལ་ཟླ་བ་ཕྱེད་ཡོད་སྐད། མོས་ཟླ་བ་ཕྱེད་གཉིས་ཀྱི་ལམ་དལ་གཅིག་ལ་འཁོར་ནས་བྱུང་སྐད། དེར་བྲམ་ཟེ་མོ་ལ་ངའང་ཁྲིད་པར་ཞུ་བྱས་པས། མོས་ན་རེ་ཁྱོད་བྲམ་ཟེ་བྱ་བ་ཤིན་ཏུ་རྣམ་རྟོག་ཆེ་བས་གསང་སྔགས་ཀྱི་སྣོད་མ་ཡིན་པས་མི་ཁྲིད་བྱས་པས། བྲམ་ཟེ་མོ་འོ་སྐོལ་གཉིས་དེ་ཙམ་གཅིག་འགྲོགས་འགྲོགས་ནས་དང་མི་ཁྲིད་དམ་རྣམ་རྟོག་མི་བྱེད་བྱས་པས། ཕ་ཀི་དེར་ཁྲིད་པར་ཁས་བླང་པས་དོ་ནུབ་ས་སྲོས་ཙམ་ན་མོའི་རྫུ་འཕྲུལ་ལ་བརྟེན་ནས་འོང་བས། ཅི་ཙུག་ཡིན་ཆ་མེད་པར་དྷེ་ཝི་ཀོ་ཏྲར་ཕྱིན་པ་དང་། དེ་ན་མཁའ་འགྲོ་མ་མང་པ་ལ་ལས་མི་རོ་མང་པོ་ཁྱེར་ནས་བྱུང་། ལ་ལས་རྟ་རོ་མང་པོ་ཁྱེར་ནས་བྱང་། ལ་ལས་ཤིང་ཐོག །ལ་ལས་སྤོས་ཀྱི་བྱེ་བྲག །ལ་ལས་ཆང་། ལ་ལས་དྲིའི་བྱེ་བྲག་མང་པོ་ཁྱེར་ནས་བྱུང་སྐད། དེར་མཁའ་འགྲོ་ཐམས་ཅད་འདུས་པ་དང་མི་རོ་གཅིག་གིས་ཐོད་པ་བཀོག་སྟེ། ཐོད་པ་ཤ་བཀྲ་བ་གཅིག་གིས་ཆང་ལྷུབ་ཀྱིས་བཅུས་ནས་མཁའ་འགྲོ་མ་ཐམས་ཅད་ཀྱིས་ཧུབ་བསྐོར་བྱས་ཏེ་བྲམ་ཟེ་ལ་དྲངས་པས། བྲམ་ཟེ་ཐོད་པའི་ཕྱོགས་སུ་ཡང་མི་བསྙེན། ཆང་གིས་ཕྱོགས་སུ་ཡང་མི་བསྙེན་པ་ཡིན་པས། ཁོས་སྣ་བཀབ་པས་མ་འདོད་སྐད། དེར་མཁའ་འགྲོ་མ་ཐམས་ཅད་ཀྱིས་བརྐྱངས་ནས་ཧུབ་གཅིག་འཐུང་བྱས་པས། ཁྱད་པར་དུ་ཁོ་རང་གི་ཆུང་མས་འདི་ལ་ཧུབ་གཅིག་འཐུང་བྱས་པས་ཀྱང་མ་བཏུབ་བོ། །དེར་མཁའ་འགྲོ་མ་གཅིག་གིས་ཁོ་རང་གི་སྤར་བ་ཟེད་དུ་བཅུག །དེར་མེ་ཏོག་ཕུལ་རང་གི་ཕྱག་གིས་བཀབ་ཁོ་ལ་མིག་བཙུམ་གཅིག་གསུང་ནས་དེར་ཁོས་མིག་བཙུམ་པས། དེ་ཏེ་ཞག་བདུན་ན་འདིར་ཤོག་ཟེར་ཙམ་ན། ཅི་ལྟར་ཡིན་ཆ་མེད་པར་ཁོ་རང་ཁྱིམ་གྱི་མལ་ས་རྙིད་པར་ཕྱིན་ནས་འདུག་སྟེ། དེར་ཁོ་ན་ནས་ཞག་བདུན་ནས་ཤི་སྐད། ད་ལྟའི་ཆང་དེ་ལ་ཧུབ་གཅིག་འཐུང་ན་དེ་ཉིད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ཏེ། དེའི་ཕྱིར་མཁའ་འགྲོ་མའི་ཅི་གསུང་ཉན་དགོས་སྐད། ཅེས་གསུངས་སོ། །རྡོ་རྗེ་སློབ་དཔོན་གྱིས་ལན་བཏབ་པ་ལ་གསུམ་སྟེ། ཚོགས་གཉིས་འདོད་དོན་ལམ་གྱི་དོན་ལ་མཉེས་པ་དང་། ཚོགས་ཀྱི་རང་བཞིན་སྐུ་གསུམ་དུ་བསྟན་པ་དང་། དེའི་རྒྱུ་ཡོ་བྱད་ལམ་དུ་ཁྱེར་བའོ། །དང་པོ་ནི། རང་བྱུང་ཡེ་ཤེས་ཆེན་པོ་ལས་བྱུང་བའི་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཆེན་འབར་བའི་དོན་གྱིས་ན་ཉོན་མོངས་པ་རང་རྒྱུད་བསྲེག་གོ། །འདོད་ཡོན་སྤངས་པ་མེད་པར་འདི་འདྲའི་བདེ་བ་ཐོབ་ནས་ནི། རྣལ་འབྱོར་ཕོ་མོ་ཀུན་གྱིས་ཨ་ཧོ་མ་ཧཱ་སུ་ཁ་བརྗོད་དགོས་སོ། །ཨ་ལ་ལ་ནི་ངོ་མཚར། ཧོ་ནི་དགྱེས་པ། མ་ཧཱ་ནི་ཆེན་པོ། སུ་ཁ་ནི་བདེ་བ། ཧཱུྃ་ནི་སྡུད་པའོ། །གཉིས་པ་ཚོགས་ཀྱི་རང་བཞིན་སྐུ་གསུམ་དུ་བསྟན་པ་ལ་གཉིས་ཏེ། དང་པོ་ཚོགས་ཀྱི་དལ་སྐུ་གསུམ་དུ་ངོ་སྤྲད་པ་ནི། འདོད་ཡོན་ལྔ་ལ་ཅི་ལྟར་སྤྱོད་ན་ཡང་སྟོང་པ་ཉིད་ལ་བློ་འབྱོར་དགོས་པས་དེའི་རྟགས་སུ་དམ་པ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་འབྱུང་། སངས་རྒྱས་དེའི་དབྱེ་བ་ལ་བདེ་མཆོག་ནི་ཆོས་སྐུ། བདེ་མཛད་ནི་སྤྲུལ་སྐུ། བདེ་བར་མཛད་པའི་ནི་ལོངས་སྐུའོ། །སྐུ་གསུམ་དབྱེར་མེད་པའི་དོན་ནི། རིག་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའ་ཡིན་སྟེ་གསང་སྔགས་ཀྱི་ཚོགས་གཉིས་འདི་ལ་ལོངས་སྤྱོད་ན་རྡོ་རྗེའི་སེམས་དཔའི་གོ་འཕང་ཐོབ་བོ། །གཉིས་པ་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པ་ནི། རྡོ་རྗེ་སེམས་དཔའ་དེ་ཐོབ་པའི་རྒྱུ་ནི་རྩ་བ་བྱང་བ་སྟོང་པའི་རང་བཞིན་ཡི་གེ་འདོད་ཡོན་ལང་ཅི་ལྟར་སྣང་ཡང་རང་རྒྱུད་དུ་མ་གྲུབ་པའི་དོན་ནོ། །ཆུབ་པ་སྣང་བའི་རང་བཞིན་ཡིན་ཏེ་འདོད་ཡོན་ལྔ་འགགས་མེད་དུ་ཤར་ཞིང་སྣང་བས། སེམས་རིག་པའི་རང་བཞིན་སྣང་སྟོང་གཉིས་སུ་མེད་པ་དོན་རྟོགས་པའི་ཡེ་ཤེས་ཀྱིས་རིག་པས་རིག་པ་ནི་གནད་ཤིན་ཏུ་ཆེའོ། །བྱང་ཆུབ་སེམས་རིག་ན་ནི་དངོས་གྲུབ་ཀྱིས་མཆོག་སངས་རྒྱས་ཐོབ་པ་ཡིན་ནོ། །དེ་ལྟ་བུའི་དོན་རིག་ན་མི་བསླུ་མི་འགྱུར་བའི་ཡང་དག་ཉིད་ཅེས་བྱའོ། །འོད་དང་མངོན་ཤེས་མངའ་ལ་སོགས་པ་ལྡན་ཡང་གནོད་སྦྱིན་ཆོས་མི་ཤིས་ཅེས་པའི་དོན་ནི། བྱང་ཆུབ་སེམས་མ་རྟོགས་པར་ལུས་ལ་འོད་བྱུང་བ་དང་། ཟག་བཅས་ཀྱི་མངོན་ཤེས་མངའ་བ་དང་། བྲག་ལ་ཐོག་པ་མེད་པ་དང་། ཆུ་ལ་མི་བྱིང་བ་དང་། དེ་ལ་སོགས་པའི་རྫུ་འཕྲུལ་ནི་འཇིག་རྟེན་གྱི་ལྷ་ཀླུ་གནོད་སྦྱིན་མཐུ་བོ་ཆེ་དང་། བདུད་དང་མུ་སྟེགས་ཅན་ལའང་ཡོད་དེ། དེ་དག་ནི་སངས་རྒྱས་ཀྱི་དངོས་གྲུབ་ག་ལ་ཐོབ་སྟེ། ཆོས་ཉིད་ཟབ་མོའི་དོན་མ་རྟོགས་པའི་ཕྱིར་རོ། །དེ་བས་བྱང་ཆུབ་སེམས་རྟོགས་ན་ཐུན་མོང་གི་དངོས་གྲུབ་མ་བྱུང་ཡང་། མཆོག་གིས་དངོས་གྲུབ་འདི་ཡིན་ནོ། །གོང་གི་མངོན་ཤེས་མངའ་བ་ཞེས་བྱ་བ་འདི་ལ་ཡིག་ཆ་འགའ་ཞིག་ལ་གྲངས་ཀྱིས་ལྔ་ཟེར་བ་སྣང་སྟེ། ཡི་གེ་མི་དག་པ་ཨེ་ཡིན་སྙམ་མོ། །ཟག་བཅས་ཟག་མེད་ཀྱིས་མངོན་ཤེས་ལྔ་ཀ་ཤེས་ན། ལྡན་ཡང་གནོད་སྦྱིན་མི་ཤེས་ཟེར་བ་དང་འགལ་ལོ། །བཀའ་བསྟན་ཆོས་ཀྱིས་གཞུང་ལུགས་དང་བསྟུན་ན། དེ་ཡང་ལྷའི་རྣ་བ་དང་མིག་གི་མངོན་ཤེས་གཉིས་ནི། རྣ་བ་དང་མིག་གིས་མངོན་ཤེས་ཁྱད་པར་ཅན་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཡིན་ལ། ལྷག་མ་བཞིན་ཡེ་ཤེས་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཡིན་ནོ། །ཅེས་གསུངས་སོ། །གསུམ་པ་ཡོ་བྱད་ལམ་དུ་ཁྱེར་ནས་འདོད་ཡོན་ཚོགས་སུ་བསྟན་པ་ལ་གསུམ་ལས། དང་པོ་བགོ་བ་དང་བཟའ་བའི་ཡོ་བྱད་ནི། སྟོང་ཉིད་ཟབ་མོའི་དོན་རྣལ་མ་ལ་རང་རིག་པའི་བློ་འབྱོར་བས་ན་རྣལ་འབྱོར་ཅེས་བྱའོ། །རིག་འཛིན་ལ་གསུམ་སྟེ། སར་ཆུད་པ་དང་། སར་གནས། སར་སྨིན་པ་དང་གསུམ་མོ། །འདིར་ནི་ཟག་བཅས་གསང་སྔགས་ཀྱིས་སོར་ཆུད་པའི་རིག་འཛིན་ཅན་ནོ། །དམ་ལྡན་པས་ཅེས་པ་ནི་རྡོ་རྗེའི་མིང་སྲིང་ལྕམ་དྲལ་ལ་བྱའོ། །ན་བཟའ་དང་ནི་ཅེས་པ་ལ་ཞི་ཆས་དང་། ཁྲོ་ཆས་གཉིས། ཞི་བ་ལ་སྐུའི་སྟོད་གཡོག་དང་། གསུང་གི་སྨད་དཀྲིས་དང་། ཐུགས་ཀྱི་ཟེ་ཁབ་དང་། ཕྱག་རྒྱ་ཕུ་རུང་དང་། གསང་གཡོབ་དང་། གསང་ནན་དང་། ཀུན་ལ་ཁྱབ་པའི་ཆོས་གོས་ལ་སོགས་པའི་རྒྱན་དང་བདུན་ནོ། །ཁྲོ་བོ་ལ་གླང་ཆེན་གྱི་ཀོ་རློན་དང་། སྟག་ལྤགས་ཀྱིས་ཤམ་ཐབས། ཞིང་ལྤགས་ཀྱིས་རྐེད་ཆིངས། ཐོད་པའི་ཕྲེང་བ་རྣམས་སོ། །རྒྱ་གར་གྱི་ཚོགས་ནང་ན་འདི་རྣམས་དངོས་སུ་བྱེད་པ་མཐོང་ངོ་། །འདིར་ནི་ཏིང་ངེ་འཛིན་ཙམ་ཡིན་ནོ། །ཞལ་ཟས་རྣམས་ཅེས་པ་ནི། ཤ་དང་། མར། ཁུར་བ། ལ་དུ། བུ་རམ། སྦྲང་རྩི། ཤིང་ཐོག །ཟན་ལ་སོགས་པ་བཟའ་བའི་བྱེ་བྲག་རྣམས་དང་། ཞོ། ཆང་། དགུན་ཆང་། འབྲས་ཆང་། བུ་རམ་ཆང་། ཚབ་ཚ། སྦྲང་ཆུ་ལ་སོགས་པའི་བཏུང་བའི་བྱེ་བྲག་རྣམས་སོ། །བསྒྲུབ་པའི་རྫས་སུ་དབང་བསྐུར་སྟེ་ཅེས་པ་ནི་བགོ་བ་དང་བཟའ་བཏུང་དེ་རྣམས་ལ། མ་འགག །མི་དམིགས། དབྱེར་མེད་པ་བྱང་ཆུབ་སེམས་སུ་རྟོགས་ན་གྲུབ་པའི་རྫས་སུ་དབང་བསྐུར་བའམ། དབང་བསྒྱུར་བ་ཡིན་ཏེ། དེ་ལྟ་བུའི་སྒོ་ནས་ན་བཟའ་དང་བཟའ་བ་རྣམས་གསོལ་ན་དངོས་གྲུབ་མཆོག་སྟེ་འབྲས་བུ་སངས་རྒྱས་ཐོབ་པར་འགྱུར་བའོ། །གཉིས་པ་གླུ་ཚིག་སྒྲའི་ཡོ་བྱད་ནི། ཚོམ་བུ་ཚོགས་སྒྲུབ་ཀྱི་སྐབས་ལ། གླུའི་བྱེ་བྲག་རིགས་ལྔའི་གླུ་ལེན་ལུགས་ཡོད་ཀྱང་། རྣལ་འབྱོར་རིག་འཛིན་འབྲུ་མཐུན་ལ། འདིར་གླུ་ནི་དབྱངས་རྟ་ལ་མཁས་པ་དང་ཚིགས་ནི་ཚིགས་སུ་བཅད་པ་དུ་མ་རྣམས་དང་ལྡན་པ། དེ་དག་གིས་སྒྲ་རྣམས་ནི་སྒྲ་དེ་དག་མ་འགག་མི་དམིགས་དབྱེར་མེད་པ་བྱང་ཆུབ་སེམས་སུ་རིག་པ་ནི། སྒྲ་གྲགས་སྟོང་དབྱེར་མེད་པ་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་གི་ངོ་བོར་བྱིན་གྱིས་བརླབས་པ་སྟེ། གྲགས་སྟོང་དབྱེར་མེད་ཀྱི་ངང་ནས་བསྒྲག་ན་དངོས་གྲུབ་ཀྱིས་མ་ཆོག་སངས་རྒྱས་ཐོབ་པར་འགྱུར་བའོ། །གཞན་ཡང་སྐབས་འདིར། རོལ་མོའི་སྒྲ་སྐད་སྣ་ཚོགས་ལམ་དུ་ཁྱེར་དགོས་ཏེ། ཚིགས་རྒྱུད་ལས། བསྒྲུབ་མཆོག་གསང་བའི་རྣལ་འབྱོར་པ། །སྐྱེ་བོའི་ཡིད་རྣམས་གསང་ཕྱིར་དང་། །གཏི་མུག་མུན་པ་གཞོམ་པའི་ཕྱིར། །དུང་དང་མཁར་རྔ་རྫ་རྔ་དང་། །ཅང་ཏེའུ་པི་ཝང་ཀ་ཀོ་ལ། །སྙན་པར་སྒྲོགས་པའི་རྫས་རྣམས་ཀུན། །སྣ་ཚོགས་འབྱུང་པའི་རོལ་མོ་སྟེ། །ཉེར་རྫོགས་དུས་ནི་སྦྱར་བར་བྱ། །ཅེས་གསུངས་སོ། །གསུམ་པ་བྲོ་གར་འདུ་འཕྲོའི་ཡོ་བྱད་ནི། རྣལ་འབྱོར་རིག་འཛིན་ནི་འབྲུ་མཐུན་ལ། བྲོ་གར་གྱི་སྐབས་ལ་རྣལ་འབྱོར་ཕོ་མོ་ལྷར་གསལ་བའི་ངོས་ནས་བྲོ་དང་གར་བྱེད་དགོས་ཏེ། ཚོམ་བུ་ཚོགས་བསྒྲུབ་ལེའུ་བདུན་པ་ལས། །ཐབས་དང་ཤེས་རབ་ཐམས་ཅད་ཀུན། །དབུས་ནས་ཤར་ཕྱོགས་ཁ་བལྟས་ཏེ། །སེང་གེའི་སྟབས་སུ་མཆོད་པར་བྱ། །ཅེས་གསུངས་པས། རིགས་ལྔ་ལ་གླུ་བྲོ་མི་འདྲ་བ་ལྔ་གསུང་ཀྱང་། འདིར་ཏིང་ངེ་འཛིན་གྱི་སྒོ་ནས་རང་ཉིད་ལྷ་ཡབ་ཡུམ་གྱི་ང་རྒྱལ་གྱིས་རྐང་པའི་བྲོ་དང་ལག་པའི་གར་གྱི་མཆོད་པར་བྱས་ཏེ། དེ་ཡང་བྲོ་བརྡུང་བ་དང་གར་བྱེད་པའི་དུས་དེ་ཉིད་ན་འོད་ཀྱིས་འདུ་འཕྲོར་བྱིན་གྱིས་བརླབས་པ་ནི། འོད་ཟེར་ཕར་སྤྲོས་ཁམས་གསུམ་གྱི་སེམས་ཅན་ལ་ཕོག །ཡི་དམ་ལྷའི་སྐུར་གྱུར། སངས་རྒྱས་ཐམས་ཅད་ལ་ཕོག་ཐུགས་དམ་གྱི་རྒྱུད་བསྐུལ། ཚུར་འདུས་དངོས་གྲུབ་རྣམ་གཉིས་སྟེར་བར་བསྒོམ་མོ། །བྲོ་གར་གྱི་དུས་སུ་མ་འགགས་མི་དམིགས་དབྱེར་མེད་བྱང་ཆུབ་སེམས་སུ་རྟོགས་ན་དངོས་གྲུབ་མཆོག་ཀྱང་ཐོབ་པར་འགྱུར་རོ། །དེ་ལྟ་བུའི་ཚུལ་དུ་རྣལ་འབྱོར་ཕོ་མོ་ཀུན་གྱིས་ལུས་པདྨ་གར་གྱི་ཕྱག་རྒྱ་དང་། ངག་དབྱངས་དང་། སེམས་ཏིང་ངེ་འཛིན་གྱི་སྒོ་ནས་ཚོགས་རྫས་ལེན་པ་བྱའོ། །ལྔ་པ་ཨཱ་ལི་ཀཱ་ལིའི་ཡོ་བྱད་ནི། རྒྱ་གར་བ་རྣམས་ཀྱི་ཚོགས་ནང་ན་བྱེད་པར་སྣང་། མི་རོ་དང་། རྟ་རོ་དང་། བར་རྣམས་དངོས་སུ་བསྒྲལ་ནས་ཚོགས་བྱེད། ཕྱག་རྒྱ་མོ་མཚན་ཉིད་དང་ལྡན་པ་ཡིན་ན་ཆགས་རྟོག་ལམ་དུ་ཁྱེར་ནས་སྦྱོར་མཆོད་འབུལ་བ་ཡིན་ནོ། །ཚིགས་ཙམ་གྱི་སྦྱོར་མཆོད་ནི། གཏེར་མ་ལ་སྣང་ཡང་། འདི་ན་མི་འདུག་གོ། །ད་ནི་སྨན་མཆོད་ཀྱི་དོན་ལ་གཉིས་ཏེ། དང་པོ་ཞུ་བ་ནི། ཐབས་རྫས་བཞག་ལ། ཛ་གད་བཟུང་ལ་སྔར་གྱི་གསང་བའི་ལྷ་མོ་བཞིས་ཞུ་བར་བསམ་ལ་འདི་སྐད་དོ། །ཧཱུྃ་ཆ་ལྔ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བདག་ཉིད་ལྷ་བསྒོམ་པའམ། ཡེ་ཤེས་ལྔའི་རང་གཟུགས་རིགས་ལྔའི་དལ་གང་ཡིན་པ་དེ་ཚོགས་ཀྱི་གཙོ་བོ་དེས་ཅི་མཛད་ན། གདུལ་བྱ་འགྲོ་བ་རྣམས་ཀྱིས་གང་ལ་གང་འདུལ་དེ་ལ་དེར་སྟོན་གྱི་དོན་མཛད། ཁྱད་པར་དུ་ད་རེས་འདིར་ཚོགས་བསགས་པའི་ཞིང་མཛད་པའོ། །གཏན་ཚིགས་དེ་བས་ན་ཧཱུྃ་མཛད་ཅེས་བྱའོ། །ཧཱུྃ་གིས་ཐུགས་དམ་བསྐང་བ་ནི་ད་རེས་འདིར་ཧཱུྃ་ནི་བདུད་རྩི་ལྔ་ཡེ་ཤེས་ལྔའི་ངོ་བོ་ཡིན་ནོ། །བདུད་རྩི་ལྔ་མ་འགག་མི་དམིགས་དབྱེར་མེད་པ་བྱང་ཆུབ་སེམས་སུ་རྟོགས་པ་ནི་ཐུགས་དམ་བསྐང་བའོ། །དེ་ལ་བདུད་རྩི་ལྔ་ངོས་བཟུང་བ་ནི། གསང་སྔགས་མ་ཧཱ་ཡོ་གའི་ལུགས་ཀྱིས་གཙང་གཙོག་མེད་པ་ལམ་དུ་ཁྱེར་བ། བྷནྡྷ་ལྕང་ལོ་དང་བཅས་པའི་སྣོད་པདྨ་བྷནྡྷ་དེ་རུ། ཚེ་འཛིན་ལ་བཤད་པ་མང་ལ་མར་ཁུ་ལ་ཚེ་འཛིན་ཆང་ལ༴ པདྨ་རཀྟ་ལ༴ བྱང་སེམས་ལ༴ ད་རེས་འདིར་བྱང་སེམས་ལ་ཚེ་འཛིན་ཅེས་སོ། །མཆོག་གི་སྟེ་མི་ཤ་ཡིན་སྟེ་མཆོག་ཆེན་མེ་ལ་བྱའོ། །དམར་ཆེན་དམ་པས་བསྐང་བ་ནི་རཀྟ་ལ་བྱའོ། །རཀྟའི་ནད་ནས་ཀྱང་ཡུམ་གྱི་པདྨའི་ཟིལ་ཏིག་ཡིན་སྟེ། དྲི་དང་ནི་དྲི་ཆེན་པོ་རཀྟ་ཁ་ནི་རཀྟ་གཙོ་ཆེ་བ་ལ་བྱའོ། །རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་ལས་ཀྱི་ཆུ་དང་ནི་རྡོ་རྗེ་སློབ་དཔོན་གྱིས་དྲི་ཆུའོ། །པཉྩ་ནི་ལྔ་ཨ་མྲྀ་ཏ་དང་དེ་རྣམས་ནི་བདུད་རྩི་ལྔའོ། །སྤྱིར་བདུད་རྩི་ལྔ། ཤ་ལྔ་ནི་སྨན་སྒྲུབས་ཀྱི་གཙོ་བོ་ཡིན་པར་ཤེས་པར་བྱའོ། །ཤ་ལྔ་ནི་ཤ་ཆེན་སྟེ་མི་ཤ་དང་། མཁའ་ལྡིང་སྟེ་རྨ་བྱའི་ཤ་དང་། ཤེལ་སྒོང་ལ་འདོད་པ་མང་སྟེ། ད་རེས་འདིར་སྨན་སྣ་ཚོགས་བསྡུས་པ་ལ་འབྲང་རྒྱས་ཅེས་བྱའོ། །དེ་ལྟ་བུའི་གཟུགས་ཀྱི་ཚོགས་ལ་སོགས་ཀྱིས་སྒྲས། གླང་ཆེན་གྱི་ཤ་དང་། རྟའི་ཤ་དང་། སེང་གེའི་ཤ་དང་། གླང་ཆེན་མེད་ན་གཡག་ཞོལ་པོའི་ཤ་དང་། རྨ་བྱ་མེད་ན་བྱ་ཝང་ཤ་དང་། སེངྒེ་མེད་ན་ཁྱི་དཀར་ཤ་དང་དེ་ཤང་ཤང་མེད་ན་ཕ་ཝཾ་ཤ་དང་དེ་རྣམས་སོ། །དེ་ལྟ་བུའི་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པའི་ལྔ་ཚན་གྱིས་སྨན་ཆེན་ལྔ་དང་། ད་རེས་འཆི་མེད་བདུད་རྩི་ལྔ་ལ་ཚེ་འཛིན་པ་དང་། དེ་རྣམས་ཀུན་ལྷན་གཅིག་རུ་བསྲེབ་ལ་བྱི་ལ་སེ་ཞེས་བྱའོ། །སྨན་སྒྲུབས་ཀྱི་དབང་དུ་བྱས་ན་དེ་རྣམས་ཕྱོགས་གཅིག་ཏུ་སྤུངས་ནས་ཁྲོལ་བུའི་བསྒྲུབ་པ་བྱའོ། །དེ་ནས་རྐམ་ཕྱེའི་བསྒྲུབ་པ། སྦྱང་བ་བྱེད་པ་ལ། དམ་པ་རིགས་བརྒྱའི་སྦྱང་བ། དེ་ཉིད་རིགས་ལྔའི་སྦྱང་བ། གསང་ཆེན་རིགས་གཅིག་གི་སྦྱང་བ་སོགས་དགོས་སོ། །སྦྱོར་དང་ཞེས་པ་ནི་སྨན་རྩ་བརྒྱད་སྟོང་ལ་སྦྱོར་ཅེས་སོ། །སྒྲོལ་བ་ནི་བམ་སྐྱེ་བ་བདུན་པ་ལ་སྒྲོལ་པའོ། །དེ་ལྟ་བུའི་སྦྱོར་བ་དང་། སྒྲོལ་བའི་བདུད་རྩི་མཆོག་ཉིད་ཀྱིས། ཧཱུྃ་མཛད་ནི་ཚོགས་ཀྱི་གཙོ་བོ་ལ་བྱའོ། །ཧཱུྃ་གིས་ནི་ཤ་ལྔ་བདུད་རྩི་ལྔའི་ངོ་བོ་ཡེ་ཤེས་ལྔ་ལ་བྱའོ། །ཐུགས་དམ་བསྐང་བར་མཛོད་ནི་མ་འགགས་མི་དམིགས་དབྱེར་མེད་པ་བྱང་ཆུབ་སེམས་སུ་རྟོགས་ནས་ཤ་ལྔ་བདུད་རྩི་ལྔ་ལམ་དུ་ཁྱེར་བའོ། །རྣལ་འབྱོར་ཕོ་མོ་རྣམས་ཀྱི་སརྦ་པཉྩ་ཨ་མྲྀ་ཏ་ཨ་ལ་ལ་ཧོ། ཅེས་ལེན་པར་བྱའོ། །དེ་ནས་སྨན་མཆོད་ལ་གཉིས་ཏེ། སྨན་གྱི་ཆེ་བ་བརྗོད་པ་དང་། སྨན་མཆོད་དངོས་སོ། །དང་པོ་ནི། ཧོ་ནི་དགྱེས་པའོ། །ཅིའི་ཕྱིར་ཞེ་ན། ཤ་ལྔ་བདུད་རྩི་ལྔ་སྤང་མ་དགོས་པར། རང་བྱུང་འདོད་ནས་རྣམ་པར་དག་པའི་དོན་ནི། རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན་ཡིན་ནོ། །དེ་ལ་ཕྱིའི་སྨན་རྩ་བརྒྱད་ནི། རྩ་བ། སྡོང་པོ། ཡལ་ག །ལོ་མ། མེ་ཏོག །ཤུན་ལྤགས། ཐང་ཆུ། འབྲས་བུ་དེ་བརྒྱད་དོ། །ནང་བམ་གཙང་མ་བླང་བའི་རྩ་བ་བརྒྱད་ནི། ཕའི་རྒྱུད་ལས་བྱུང་བའི་རྩ་བ་གསུམ་ནི། ཀླད་པ། རུས་པ། རྐང་དང་གསུམ། མའི་རྒྱུད་ལས་བྱུང་བ་གསུམ་ནི། ཤ །ཁྲག །པགས་པ་དང་གསུམ། ཕའི་རྒྱུད་ལྷག་ཚིལ་བུ་དང་། མའི་རྒྱུད་ལྷག་རྐང་མར་དང་གཉིས་སྦྱར་སྟེ་བརྒྱད་དོ། །གསང་བ་རྣམ་ཤེས་ཚོགས་བརྒྱད། དེ་མེད་དུ་མི་རུང་བའི་རྩ་བ་བརྒྱད་དང་གསུམ་མོ། །ཁ་ཅིག་གིས་རྩ་བརྒྱད་ནི། བདུད་རྩི་ལྔ་ཆུ་གཙང་ཆང་དང་འོ་མ་གསུམ་དང་བརྒྱད་ཡིན་གསུངས། དྲི་ཆེན་གྱི་རྩ་བ་བརྒྱད་ནི། བླ་མ་གྲུབ་ཐོབ་ཀྱི་དྲི་ཆེན། འབྲས་ལྔ་བརྒལ་བའི་དྲི་ཆེན། ཀུ་ཀུ་ར་ཙའི་དྲི་ཆེན། མེ་ཏོག་དྲི་ཆེན་སྦྲང་རྩི། བྱ་སྣ་ཚོགས་ཀྱི་དྲི་ཆེན། ཉ་སྣ་ཚོགས་ཀྱིས་དྲི་ཆེན། གླང་པོ་ཆེའི་དྲི་ཆེན་དང་བརྒྱད་དོ། །བྱང་ཆུབ་སེམས་ཀྱི་རྩ་བ་བརྒྱད་ནི། རུས་པ་མཐར་ཕྱིན་སོ། །དབང་པོ་མཐར་ཕྱིན་མིག་འབྲས། ཤ་རུས་མཐར་ཕྱིན་སེན་མོ། བྱང་སེམས་མཐར་ཕྱིན་རུས་ཐིག་དང་གདུང་ཤ་རི་རམ། བྱང་སེམས་མཐར་ཕྱིན་ཀོ་རོ་ཙ་ན། རྒྱུ་ལམ་གཞུང་པ། བྱང་སེམས་རོ་བརྒྱན་གསང་རྟེན་འབྲེལ་དང་བརྒྱད་དོ། །མང་སའི་རྩ་བ་བརྒྱད་ནི། ལག་པའི་ཤ་གཉིས། བྱིན་པའི་ཤ་གཉིས། ལྕེ། གློ་སྙིང་། མཁལ་མ། གཞང་དང་བརྒྱད་དོ། །རཀྟའི་རྩ་བ་བརྒྱད་ནི། ཁྱི་དཀར་ཁྲག །རྟ་ཁྲག །མ་ཧེའི་ཁྲག །བམ་གྱི་ཁྲག །ཡབ་ཀྱི་སྣ་གཡས་ཀྱི་ཁྲག །ཡུམ་གྱི་པདྨའི་ཁྲག །འབྲས་བུ་ཆེན་པོ་བསྒྲལ་བའི་ཁྲག །བྱ་རྒོད་ཁྲག་སྟེ་མུ་ལ་བརྒྱད་དོ། །དྲི་ཆུའི་རྩ་བ་བརྒྱད་ནི། རྒྱ་མཚོ་སྦུ་བའི་ཆུ་དང་། བྲག་ཞུན་རྡོ་རྗེའི་ཆུ། བདུད་རྩི་ཅོང་ཟིའི་ཆུ། ལན་ཚྭ་ལྷག་ཚུན་བྱང་སེམས་ཆུ། ཡུམ་གྱི་དྲི་ཆུ། ཡབ་ཀྱི་རྡོ་རྗེ་ཆུ། འབྲས་བུ་བསྒྲལ་བའི་ཆུ། བམ་གྱི་སྒང་ཆུ་དང་བརྒྱད་དོ། །གཞན་ཡང་། སེངྒེའི་ཤ་ལ་སོགས་སྡེར་ཆགས་སྣ་ཚོགས་གིས་ཤ་སྣ་བརྒྱད། གླང་ཆེན་ལ་སོགས་རྨིག་པ་ཁ་བྲག་སྣ་ཚོགས་གིས་ཤ་སྣ་བརྒྱད། རྨ་བྱའི་ཤ་ལ་སོགས་འདབ་ཆགས་སྣ་ཚོགས་ཀྱི་ཤ་སྣ་བརྒྱད། ཤང་ཤང་ཏིའུ་ལ་སོགས་གདོད་པ་ཅན་སྣ་ཚོགས་ཀྱི་ཤ་སྣ་བརྒྱད་དོ། །སྟོང་ལ་སྦྱར་བའི་སྨན་ནི་སྨན་རིག་སྣ་ཚོགས་བསྡུ་བ་ལ་བྱའོ། །སྟོང་གི་རྣམ་གྲངས་ནི་འདིར་ཡི་གེ་མང་གི་དོགས་པའི་ཕྱིར་མ་བྲིས་སོ། །རྩ་བརྒྱད་སྟོང་སྦྱར་གྱི་སྨན་གྱིས་རྩ་བ་ནི་ཤ་ལྔ་བདུད་རྩི་ལྔ་ཡིན་ནོ། །དེ་ལ་ཤ་ལྔ་བདུད་རྩི་ལྔ་འདི་ཉམས་སུ་ལེན་པ་ལ་རྣལ་འབྱོར་པ་རབ་ཀྱིས་ཐུག་འཕྲད། འབྲིང་གིས་བདུད་ལེན། ཐ་མས་མོས་པ་ལམ་ཁྱེར་གྱིས་སྒོ་ནས་ཉམས་སུ་ལེན་པ་ནི། རིགས་ལྔའི་དམ་ཚིག་ལྔའི་དངོས་ཀྱི་དངོས་གཞི་ཡིན་པ་ལ། ནང་གི་དགོངས་པ་ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས་ཡིན་པ་ནི། བདུད་རྩི་ཁ་དོག་གིས་རིགས་ལྔ་ཡིན་ཏེ། བམ་བརྒྱད་ལས། བྱང་སེམས་རྡོ་རྗེ་སེམས་དཔའ་དཀར། །དྲི་ཆེན་རྣམ་པར་སྣང་མཛད་སེར། །ཤ་ཆེན་རིན་ཆེན་འབྱུང་ལྡན་སྔོ། །རཀྟ་སྣང་བ་མཐའ་ཡས་དམར། །དྲི་ཆུ་དོན་ཡོད་གྲུབ་པ་ལྗང་། །ཅེས་གསུངས་པ་དང་། ལོངས་སྤྱོད་ཉེར་ལྔའི་དབང་གཞུང་ལས། དྲི་ཆེན་བདེར་གཤེགས་དམ་རྫས་ཏེ། །རྡོ་རྗེ་སྐུ་ཡིས་དབང་ཡང་བསྐུར། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཡིས། །རྡོ་རྗེ་ཐུགས་ཀྱི་དབང་ཡང་སྦྱིན། །རཀྟ་པདྨའི་དམ་རྫས་ཏེ། །རྡོ་རྗེ་གསུང་གིས་དབང་ཡང་སྦྱིན། །མཾ་ས་ཆེན་པོ་རིན་ཆེན་རིགས། །ཡོན་ཏན་རིན་ཆེན་དབང་ཡང་སྦྱིན། །གུར་གུམ་ལས་ཀྱི་དམ་རྫས་ཏེ། །ལས་མཆོག་གྲུབ་པའི་དབང་ཡང་སྦྱིན། །ཅེས་གསུངས་སོ། །ཤ་ལྔ་ཡང་རིགས་ལྔའི་ངོ་བོ་ཡིན་པ་ནི། ཤ་ཆེན་དག་གི་དམ་རྫས་ནི། །བདེ་བར་གཤེགས་པའི་དམ་རྫས་ཏེ། །གླང་ཆེན་ཤའི་དམ་རྫས་ནི། །རྡོ་རྗེ་རིགས་ཀྱི་དམ་རྫས་ཏེ། །རྟ་ཤ་དག་གི་དམ་རྫས་ནི། །རིན་ཆེན་རིགས་ཀྱི་དམ་རྫས་ཏེ། །མཁའ་ལྡིང་ཤའི་དམ་རྫས་ནི། །པདྨ་རིགས་ཀྱི་དམ་རྫས་ཏེ། །ཁྱི་ཤ་དག་གི་དམ་རྫས་ནི། །ལས་ཀྱིས་རིགས་ཀྱི་དམ་རྫས་ཏེ། །ཅེས་གསུངས་སོ། །ཤ་ལྔ་བདུད་རྩི་ལྔ་འདི་རྣམས་ལ་ཆོས་མཐུན་ཞིབ་ཏུ་ངོ་སྤྲད་རྒྱུ་ཡོད་ཀྱང་། ཡི་གེ་མང་གི་དོག་པའི་ཕྱིར་མ་བྲིས་སོ། །ཤེས་འདོད་ན་གསལ་བཀྲའི་འགྲེལ་པ་ནང་དུ་བཀོད་ནས་ཡོད། དེ་ལྟ་བུའི་བདུད་རྩི་སྨན་འདི་སངས་རྒྱས་ལ་མཆོད་ན་ཐུགས་དམ་བསྐང་། སེམས་ཅན་ལ་གཏོར་ན་རྒྱུད་ལྔའི་སེམས་ཅན་ཀུན་བསྒྲལ་བའི་སྨན་ཆེན་འདི་ཡིན། དུག་ལྔ་སེལ་བའི་བདུད་རྩིའི་མཆོག་ཡང་འདི་ཡིན་ནོ། །དེའང་ཡུལ་གང་ལ་ཕུལ་ཞེ་ན། མང་བའི་ཚད་ནི་ཇི་སྙེད་སངས་རྒྱས་ཐམས་ཅད་སྟེ་རྒྱལ་བ་རིགས་ལྔ་ལྟ་བུ་དེ་ལྷ་གཙོ་བོ་རྣམས་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་ནི་འཁོར་སེམས་དཔའ་དང་སེམས་མ་འཁོར་གྱི་ཚུལ་འཛིན་པ་དང་། སྒོ་སྲུང་གི་ཚུལ་དུ་ཁྲོ་བོ་ཁྲོ་མོ་མཐའ་ཡས་པ་རྣམས་དང་། ཚིག་རྐང་འདི་ནི་ཞི་བའི་ལྷ་ཚོགས་ཤས་ཆེ་བ་འདྲ་ཡང་། སྤྱིར་གཙོ་བོ་སངས་རྒྱས་ཀྱི་ཆ་ལུགས། བར་གྱིས་ལྷ་ཚོགས་སྲས་ཀྱི་ཚུལ་དུ་འཛིན་པ་དང་། ཐ་མ་ཁྲོ་བོ་ཁྲོ་མོའི་ཚུལ་དུ་འཛིན་པ་ནི། རྒྱུད་སྡེའི་དཀྱིལ་འཁོར་མཐའ་དག་ལ་ཡོད་པར་བྱའོ། །བཀའ་སྡོད་ཆོས་སྐྱོང་མ་མགོན་རྣམས་ནི་ཉི་མ་དང་ཟེར་བཞིན་དུ། ཡི་དམ་གྱི་དལ་ལ་མ་དང་མཁའ་འགྲོ་རྣམས་འཁོར་བ་ཡིན་ནོ། །མ་མོ་མཁའ་འགྲོའི་ཚོགས་ཆེན་དང་གཞན་ཡང་བཀའ་སྡོད་ཆོས་སྐྱོང་བའི་སྲུང་མ་མཐའ་དག་དང་། ལྷ་དང་ལྷ་མོ་གསང་བ་ཡི་མཛོད་འཛིན་གྱི་ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག་བདུད་རྩི་འདི་ཡིན། བདུད་རྩི་འདི་ནི་སྔོན་གསང་སྔགས་པ་ལམ་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཤ་ལྔ་བདུད་རྩི་ལྔ་སྤང་པ་མེད་པ་ནི་དམ་ཚིག་གོ། །འབྲས་བུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི་ཡང་ཤ་ལྔ་བདུད་རྩི་ལྔ་སྤང་བ་མེད་པ་འདི་ཡིན་ནོ། །དེ་ལྟ་བུའི་སྨན་འདི་ནི་བདག་ཅག་རྣལ་འབྱོར་པས་དད་པས་འབུལ་ལགས་ན་བཞེས་ཏེ་ནི་བདུད་རྩིའི་མཆོད་པ་ལེན་པ་ལ་བྱའོ། །ཀུན་ཏུ་དགྱེས་མཛོད་ལ་ནི་བདུད་རྩིའི་མཆོད་པས་མཉེས་པར་མཛོད་ཅིག་པའོ། །བདུད་རྩི་ཕུལ་བའི་ཡོན་ཏན་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི་ༀ་ཨཱཿཧཱུྃ་གི་ཚུལ་དུ་བདག་རྣལ་འབྱོར་པ་ལ་སྩོལ་བར་བསྒོམ་ༀ་ནི་འབྲུ་མཐུན་ལ། སརྦ་ནི་ཐམས་ཅད། ཏ་ཐ་ག་ཏ་དེ་བཞིན་གཤེགས་པ། མ་ཧཱ་ཆེན་པོ། ཨརྒྷཾ་མཆོད་ཡོན། པྲ་ཏིཙྪ་སོ་སོར་འབུལ། ཧོ་ནི་དགྱེས་པའོ། །ཕམ་བརྒྱད་ལས། དམ་རྫས་བདུད་རྩིའི་ཆུ་འདི་ནི། །ཡེ་ཤེས་ལྔ་ལ་འབུལ་བའི་ཚེ། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མཉེས། །དམ་ཅན་སྲུང་མ་མཆོད་པའི་ཚེ། །སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང་། །རིག་འཛིན་རྣམས་ལ་འབུལ་བའི་ཚེ། །དངོས་གྲུབ་རྒྱ་མཚོ་ཐམས་ཅད་སྟེར། །རྣལ་འབྱོར་བདག་གིས་མྱོང་བའི་ཚེ། །དབང་དང་དངོས་གྲུབ་ཡོངས་སུ་རྫོགས། །བདུད་དང་བགེགས་ལ་ཕོག་པའི་ཚེ། །ལུས་སེམས་ཐལ་བ་རྡུལ་དུ་རློག །ཨེ་མ་ཧོ། དམ་རྫས་བདུད་རྩིའི་ཆུ་འདི་ནི། །མཐོང་ངམ་ཐོས་སམ་རེག་པས་ཀྱང་། །ཐམས་ཅད་དབང་ཕྱུག་བདག་གིས་ཐོབ། །ཨེ་མ་ཐབས་ཆེན་ཁྱད་པར་ཆེ། །ཨེ་མ་ངོ་མཚར་རྨད་དུ་བྱུང་། །ལྟ་བ་རྨད་བྱུང་ངོ་མཚར་ཆེ། །སྤྱོད་པ་རྨད་བྱུང་ངོ་མཚར་ཆེ། །ཉོན་མོངས་མ་སྤངས་ངོ་མཚར་ཆེ། །ཡེ་ཤེས་ལྔ་རྫོགས་ངོ་མཚར་ཆེ། །སྐུ་ལྔ་ལྷུན་གྲུབ་ངོ་མཚར་ཆེ། །ཆོས་སྐུ་གཅིག་ལ་ཐ་དད་པ། །རིགས་ལྔའི་དངོས་གྲུབ་འདིར་ཐོབ་བོ། །ཡང་དག་འཆི་མེད་དོན་སྙམས་སོ། །ཅེས་སོ། །དེས་སྨན་གྱི་ཆེ་བ་བརྗོད་པ་དེ་སོང་ནས། སྨན་དངོས་ནི། ལྷ་མོ་རྣམས་ཀྱིས་ཉི་ཟླའི་སྐྱོག་ཐོགས་ནས་བདུད་རྩི་ལྷ་ཚོགས་ལ་དྲངས་པའི་ཚུལ་དང་། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུར་གྱུར་ནས་ལྷ་ཚོགས་རང་རང་གིས་གསོལ་བར་བསྒོམ་མོ། །ཚིག་ཤད་ཀྱི་ལག་ལེན་ལ་གཉིས། རྩ་སྡེའི་ལུགས་ལ་ཞི་ཁྲོ་ཕུར་གསུམ་རང་གཞུང་གིས་མཆོད་པ་མཛད། ཀཿཐོག་པའི་ཕྱག་ལེན་ལ་སྨན་མཆོད་རྒྱས་པ་ཐོས་ཆོག་ལུགས་འདི་ཡིན་ནོ། །དེ་སྨན་མཆོད་ཀྱི་དངོས་གྲུབ་ལེན་པ་ནི། ཚོགས་ཞིང་གི་ལྷ་ཚོགས་རྣམས་ཀྱིས་བདག་རྣལ་འབྱོར་ཕོ་མོ་ལ་ཞལ་གྱིས་ཕྱོགས། སྤྱན་གཉིས་གཟིགས། ཐུགས་ཀྱིས་དགོངས་ནས། དངོས་གྲུབ་ཀྱི་ཚིག་རྣམས་བརྗོད་པར་བསམ་ལ། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་འཇུག་པ་ཅན་གྱི་རྣལ་འབྱོར་ཕོ་མོ་ཁྱོད་རྣམས་ནི། གསང་སྔགས་རྡོ་རྗེ་ཐེག་པའི་རིགས་ཅན་དུ་ངེས་ན། བདུད་རྩི་ལྔ་ལ་ལོངས་སྤྱོད་པའི་དུས་སུ། གཙང་བ་ལ་མ་ཆགས། གཙོག་པ་ལ་མ་སྡང་ནས་རོ་མྱོང་སྣང་སྟོང་གཉིས་མེད་རྡོ་རྗེའི་ལྕེར་བསྒོམ་ནས་གསོལ་ན་དངོས་གྲུབ་མཆོག་སངས་རྒྱས་ཐོབ་པར་འགྱུར་རོ། །སྨན་མཆོད་ཚར་ནས། དེ་ནས་རྡོ་རྗེ་སློབ་དཔོན་ནས་བརྩམ་ཏེ། ཐམས་ཅད་ཀྱི་གནས་གསུམ་དུ་ཐིག་ལེ་བྱས་ཏེ། དེ་བཞིན་གཤེགས་ཐམས་ཅད་ཀྱིས་ཡིག་འབྲུ་གསུམ་སྐུ་གསུང་ཐུགས་ཀྱིས་རྡོ་རྗེར་གྱུར་ནས་བདག་གི་གནས་གསུམ་དུ་ཐིམ་པར་བསམ་ཞིང་། རང་རང་གིས། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་སིདྡྷི་ༀ། ༀ་སརྦ་ཏ་ཐཱ་ག་ཏ་ཝཱཀྐ་སིདྡྷི་ཨཱཿ ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་སིདྡྷི་ཧཱུྃ། དོན་ལ་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བརྗོད་པར་བསྒོམ། དེ་ནས་ཚོགས་ལས་གཞུང་བཞིན་དུ་བྱའོ། །རྩ་སྡེ་བའི་ཕྱག་ལེན་ལ་དྲག་པོ་གསུམ་བསྒྲིལ་ལ་མཆོད་པ་ནི། ཁྱད་པར་དུ་ཁོང་གི་ཆོས་སྐྱོངས་ཞལ་གཟིགས་པ་ཡིན་པའི་ཕྱིར་རོ། །དེ་ནས་ཕྱི་མཆོད་བྱ། དེ་ནས་རྣལ་འབྱོར་ཕོ་མོ་རྣམས་ཀྱི་རོལ་ཏེ། ངག་ཏུ་བྷྲཱུྃ་ཧ་ཧི་ཕཊ྄། ཞེས་བརྗོད་ནས་རང་ཡི་དམ་གྱི་ཐུགས་ཀར་དབྱིངས་ཀྱི་ཁྲག་འཐུང་སུམ་ཅུ་གཞལ་ཡས་ཁང་དང་བཅས་པ་བསྒོམ། གཞན་ཡང་ཡི་དམ་ཐམས་ཅད་དེར་བསྟིམ་པའི་མན་ངག་ཡིན་ནོ། །སྤྱི་བོར་བླ་མ། མགྲིན་པ་ན་མཁའ་འགྲོ། ལྟེ་བར་ཆོས་སྐྱོང་། རྩ་གནས་ཐམས་ཅད་ན་དཔའ་བོ་དཔའ་མོའི་ཚོགས། དེ་ནས་ལྗགས་རྡོ་རྗེ་རྩེ་གསུམ་པའི་ལྟེ་བར་ཧཱུྃ་དམར་པོ། ཞལ་ཟས་ཁམས་དྲུག་གི་ལྷ་ཚོགས་སུ་གྱུར་པར་བསྒོམ་ཞིང་། གཟུགས་ཀྱི་ལྷ་མོ་སྤྱན་ལ་ཐིམ། སྒྲའི་ལྷ་མོ་སྙན་ལ་ཐིམ། དྲིའི་ལྷ་མོ་ཤངས་ལ་ཐིམ། རོའི་ལྷ་མོ་ལྗགས་ལ་ཐིམ། རེག་བྱའི་ལྷ་མོ་སྐུ་ལ་ཐིམ། ཆོས་ཀྱི་ལྷ་མོ་ཐུགས་ཀར་ཐིམ་ཞིང་རོལ་ལོ། །དམ་པ་བདེ་བར་གཤེགས་པའི་ཞལ་ནས་ཟོས་ལྷག་ཕྱོགས་གཅིག་ཏུ་བསྡུས་ནས་ལྷག་མའི་ལས་ཆེ་ཆུང་གང་རུང་བགྱིད་ཅིས་གསུངས་པས། ཚོགས་ལྷག་དགོས་པར་བཤད། སྔར་རྒན་རབ་རྣམས་ཀྱི་མི་བྱེད་པ་ནི་ཕྱག་ལེན་འཆུག་པ་འདྲ་བས། བཀའ་གསར་རྙིང་གཏེར་གསུམ་གྱི་ནང་ནས་ཚོགས་ལྷག་བཤད་པས་སོ། །ལྷག་མ་བྱེད་ལུགས་ནི། ཟོས་ལྷག་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་སྨན་རཀ་སྦྲེང་ལ། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་པ་ནི། སྟེང་འདོད་ཡོན་གྱི་ལྷ་མོ། བར་བདུད་རྩིའི་རྒྱ་མཚོ། འོག་དུག་གསུམ་ཤ་ཁྲག་རུས་པའི་ཚོགས་སུ་བསམ་ལ། ལུས་ཀྱིས་མཛེས་པའི་ཕྱག་རྒྱ་བཅའ། ངག་གིས་སྒོ་ནས་ༀ་ཨེ་ཨཱ་རལླི་ཧོ། ཛ་ཧཱུྃ་བྃ་ཧོ། བཛྲ་ས་མ་ཡ་ཕཻཾ་ཕཻཾ་ཕཻཾ་ཅེས་བརྗོད་ལ། དེ་ནས་ཐུགས་ཀར་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ༀ་ཊཱཀི་རཱ་ཙ་ཅེས་སོགས་བརྗོད་ལ། རང་གིས་ཐུགས་ཀ་ནས་ཁྲོ་བོ་འདོད་པའི་རྒྱལ་པོ་ཕྱུང་ནས། ལྷག་མགྲོན་ཐམས་ཅད་ཀྱི་ཐུགས་ཀར་བཟུང་ནས་དཀྱིལ་འཁོར་གྱི་མུ་རན་ལ་འཁོད་པར་བསྒོམ་མོ། །དེ་ནས་མཁའ་འགྲོ་སྡེ་ལྔའི་སྔགས་ཚང་བར་བརྗོད་པས། ༀ་ཨཱཿཧཱུྃ། མཁའ་འགྲོ་མ་སུམ་ཅུ་རྩ་གཉིས། དབང་མོ་ཉི་ཤུ་རྩ་བརྒྱད། དམ་ཅན་བཅུ་གཉིས་དྲེགས་པའི་ཚོགས་དང་བཅས་པ། ལང་ཀ་བཅུ་དྲུག །འབར་མ་བརྒྱད། མ་བདུན་སྲིང་བཞི། གིང་ཕོ་མོ་བཅོ་བརྒྱད། ཕོ་ཉ་དྲུག་ཅུ་རྩ་བཞི་ལ་སོགས་པ་དཔལ་ཆེན་པོའི་སྤྱན་སྔར་ཁས་བླང་དམ་བཅས་པ་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བསྲུང་བར་ཞལ་གྱིས་བཞེས་པ། ལྷག་མའི་མགྲོན་དུ་གྱུར་པ། ཚོགས་ལྷག་ལ་དབང་བ་རྣམས་ཀྱི་ཞལ་དུ་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི། སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ་ཚིག །ཆོས་སྤྱོད་ཟབ་མོ་ལ་བར་ཆད་དུ་གཅོད་པའི་རྐྱེན་བཟློག་ཅིག །ཆོས་བྱང་ཆུབ་བསྒྲུབ་པའི་གྲོགས་མཛོད་ཅིག །ཅེས་བརྗོད་ལ་ལྷག་མ་སྐྱོང་ངོ་། །ལྷག་མགྲོན་རྣམས་སོ་སོའི་གནས་སུ་གཤེགས་པར་བསྒོམས། རྩ་སྡེ་བའི་ཕྱག་ལེན་ལ་སྐབས་འདིར་བླ་མ་ཡི་དམ་གྱི་སྤྱན་སྔར་གཏིང་བཤགས་དང་ཡིག་བརྒྱ་ཚར་གཅིག་བརྗོད་དོ། །འདིའི་དུས་སུ་རང་གི་སྤྱི་བོའི་ༀ་དཀར་པོ་ལས་འོད་ཟེར་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་མཉེས་པའི་མཆོད་པ་ཕུལ། སྐུའི་དམ་ཚིག་ཆགས་ཉམས་ཐམས་ཅད་དག་པར་བསྒོམ། རང་གི་མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་ལ་མཉེས་པའི་མཆོད་པ་ཕུལ་བས། རང་གི་ངག་གི་དམ་ཚིག་ཆགས་ཉམས་ཐམས་ཅད་དག་པར་བསྒོམ་མོ། །རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་མཉེས་པའི་མཆོད་པ་ཕུལ་བས། རང་གི་ཡིད་ཀྱི་དམ་ཚིག་ཆགས་ཉམས་ཐམས་ཅད་དག་པར་བསྒོམ་མོ། །རྩ་སྡེ་བའི་ཕྱག་ལེན་ལ་ཚོགས་ཀྱི་བཀྲ་ཤིས་བརྗོད་པ་ནི། བཀྲ་ཤིས་གང་ཞིག་བདེ་ཆེན་འཆར་བྱེད་ཅིང་། །མཆོག་གསུམ་འཕགས་པའི་བཀྲ་ཤིས་ཀུན་གྱི་གཞི། །བཀྲ་ཤིས་དངོས་གྲུབ་ཡིད་བཞིན་འབྱུང་བའི་གཏེར། །རྗེ་བཙུན་མཚུངས་མེད་བླ་མས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ལྷ་དང་མཉམ་སྦྱོར་བའི། །ལྷ་ཡི་བཀྲ་ཤིས་མངོན་པར་ཉེར་ཐོབ་ཅིང་། །བཀྲ་ཤིས་དོན་གཉིས་ལེགས་པར་འགྲུབ་བྱེད་པའི། །ཡི་དམ་ལྷ་རྣམས་ཀུན་གྱིས་བཀྲ་ཤིས་ཤོག །བཀྲ་ཤིས་དཔལ་ལྡན་སྐུ་གསུམ་རབ་བརྙེས་ཤིང་། །ཡེ་ཤེས་རྒྱ་མཚོ་བཀྲ་ཤིས་མཐའ་ཡས་པ། །བཀྲ་ཤིས་དབྱིངས་སུ་འགྲོ་རྣམས་འདྲེན་མཛད་པའི། །ཡང་དག་རྫོགས་སངས་རྒྱས་ཀྱིས་བཀྲ་ཤིས་ཤོག །བཀྲ་ཤིས་གསུང་རབ་དྲི་མེད་རྟོགས་པ་ཡི། །དོན་ལྡན་ཆགས་བྲལ་བཀྲ་ཤིས་དོན་དམ་ཆོས། །བཀྲ་ཤིས་མཆོག་གིས་སེམས་ཅན་སྐྱབས་གྱུར་པའི། །དམ་ཆོས་རྒྱ་མཚོའི་ཚོགས་ཀྱིས་བཀྲ་ཤིས་ཤོག །བཀྲ་ཤིས་སྡོམ་གསུམ་རྣམ་དག་རྒྱན་གྱིས་མཛེས། །ཐོས་བཙུན་ཏིང་འཛིན་བཀྲ་ཤིས་དབང་འབྱོར་བས། །བཀྲ་ཤིས་ཡིད་འོང་སྐྱེ་དགུའི་དཔལ་གྱུར་པའི། །དགེ་འདུན་དམ་པ་རྣམས་ཀྱིས་བཀྲ་ཤིས་ཤོག །བཀྲ་ཤིས་མཐར་ཕྱིན་དཔལ་ཆེན་སྤྱན་ལྔ་རུ། །བསྟན་པ་བསྲུང་བར་ཁས་བླང་བཀྲ་ཤིས་གང་། །བཀྲ་ཤིས་མཐུ་ཡིས་ལོག་འདྲེན་ཚར་གཅོད་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བཀྲ་ཤིས་ཤོག །བཀྲ་ཤིས་དོན་གྱིས་ཉོན་མོངས་རྣམ་དག་ཅིང་། །ནད་རྣམས་བཀྲ་ཤིས་སྟོབས་ཀྱིས་ཞི་གྱུར་ནས། །བཀྲ་ཤིས་བདེན་པའི་བགེགས་དཔུང་འཇོམས་བྱེད་དེ། །རྣམ་པ་ཀུན་དུ་ལེགས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་སྙན་པའི་བ་དན་ཀུན་ཁྱབ་ཅིང་། །བསོད་ནམས་ཆེན་པོའི་བཀྲ་ཤིས་རྒྱུན་ཆགས་ནས། །བཀྲ་ཤིས་ཚེ་དབང་མི་འགྱུར་རྡོ་རྗེ་བཞིན། །དཔལ་འབྱོར་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་མངོན་གྱུར་རྒྱལ་བའི་བཀྲ་ཤིས་གྱིས། །བཀྲ་ཤིས་མཆོག་ཏུ་བསྔགས་པའི་བཀྲ་ཤིས་གང་། །བཀྲ་ཤིས་རྒྱ་མཚོའི་ཚོགས་ཀྱིས་བཀྲ་ཤིས་ཤིང་། །བཀྲ་ཤིས་ལྷུན་གྱི་གྲུབ་པའི་བཀྲ་ཤིས་ཤོག །རྩ་སྡེ་བའི་བཀྲ་ཤིས་ཡིད་བཞིན་བརྩེགས་པ་འདི། །དབང་དང་རབ་གནས་དང་ཚོགས་ཀྱི་དུས་སུ་བརྗོད་པར་བྱའོ། །ཅེས་གསུངས་སོ། །སྨོན་ལམ་གདབ་པ་ནི། བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལ། །བསྒོམ་བཟླས་མཆོད་བསྟོད་ཚོགས་འཁོར་ཕུལ་བ་ཡི། །དགེ་བ་འདི་ཡིས་བདག་གཞན་སེམས་ཅན་རྣམས། །སྐྱོན་བྲལ་ཡོན་ཏན་མ་ལུས་རབ་རྫོགས་ནས། །མཐར་ཐུག་སྐུ་ལྔ་སངས་རྒྱས་ཐོབ་པར་ཤོག །ཚོགས་ཀྱི་སྨོན་ལམ་འདི་ནི་པད་འབྱུང་གིས་གསུངས་སོ། །དེ་ནས་ཚོགས་ཞིང་ཐམས་ཅད་ཀྱི་ཐུགས་དགྱེས་པའི་སྒོ་ནས་སྡིག་པ་དག །ཉེས་པ་ཚང་དམ་ཚིག་ཆགས་ཉམས་ཐམས་ཅད་སྐོངས་ཅེས་པའི་གནང་བ་བྱིན་ནས་རང་ལ་ཐིམ། ཚོགས་ཞིང་གི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་གཅིག་ཏུ་འདྲེས་པར་བསྒོམ་ལ། ཡེ་དྷརྨཱ་ཚར་གཅིག་བརྗོད་རབ་ཏུ་གནས་པར་བྱའོ། །ཚུལ་འདི་ནི་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་ཆོ་ག་རྣམ་དག་ཕྱག་ལེན་ཕུན་སུམ་ཚོགས་པའི་སྒོ་ནས་བརྒྱན་པ་ཡིན་ནོ། །བླུན་པོ་གསང་སྔགས་ཀྱི་རྒྱུད་གཞུང་གི་ཁོག་མ་ཆུབ་པ་འགའ་ཞིག་གིས། འདི་ལྟ་བུ་ངའི་ཕྱག་ལེན་ལ་མི་བྱེད་བསླད་མ་ཡིན་པ་སྐད། དེ་ལ་དགོངས་ནས་མཁས་པས་འདི་ལྟར་དུ་གསུངས། ཙུ་ཏའི་ཡུལ་དུ་ཕྱིན་པ་ལ། རྐང་གཉིས་པ་ལ་མིར་མི་རྩི། །ཅེས་དང་། ཡང་ཆོ་ག་རྒྱུད་དང་མི་མཐུན་ནས་བསླད་ནས་ཐག་རུལ་སྣས་འབྲིང་རུལ། འབྲེལ་པ་མེད་པའི་ཆོ་ག་ལ་དགོངས་ནས། །ལྤ་བ་ཅན་གྱིས་གླིང་ཕྲན་འགར། །ཡན་ལག་མེད་པའི་སྐྱོན་དུ་བཤད། །ཅེས་ས་སྐྱ་པཎ་ཆེན་གྱིས་གསུངས་སོ། །འདི་ཤིན་ཏུ་འཐད་པར་མཐོང་ངོ་། །དེང་སང་སྙིགས་མའི་ཆོས་སྤྱོད་ལག་ལེན་རྣམས་འདི་ཁོ་ན་རེད་ཟིན། ཆོ་ག་ལྷག་ཆད་ལ་ཤོར་ཟིན་རྣམས་རྩ་བ་ནས་མི་རིག་འདུག །གང་ཟག་ཆོས་ཀྱི་སྤྱན་ཅན་རྣམས་ཀྱི་བྱེད་པའི་གཞུང་ལུགས་རྣམ་དག་ལ་རྗེས་སུ་མི་རུང་བ་ནི་སྙིགས་མའི་སེམས་ཅན་གྱིས་ཆོས་ལུགས་ཡིན་པས་སོ། །རྒྱ་སྟོན་པ་འཇམ་དབྱངས་ཀྱི་བྱིན་གྱིས་བརླབས་པའི་གང་ཟག་དམ་པ་ཡིན་ཡང་། གང་ཟག་ཕྱོགས་འཛིན་ཅན་རྣམས་ཀྱིས་རྒྱ་སྟོན་པས་རྒྱལ་བའི་བསྟན་པ་བསླད། མང་པོ་ཡོད་པ་ཉུང་ཉུང་བྱས། །ཉུང་ཉུང་ཡོད་པ་མང་པོ་བྱས། །ཅེས་ཟེར་བ་ལྟ་བུའོ། །དཔའ་བོ་ཚོགས་ཀྱི་རྣམ་རོལ་ཞེས་བྱ་བའི་ཊིཀྐ་འདི་ནི། ཚོགས་གཞུང་གི་རྒྱུད་དང་། པད་འབྱུང་གི་ཚོགས་ཀྱི་ཊིཀྐ་ཆེན་པོ་དང་། བླ་མ་གོང་མའི་ཕྱག་ལེན་གྱི་ཐོ་ཡིག་རྣམས་ལ། རང་གི་ཉེར་ལེན་གྱི་ཤེས་རབ་ཀྱིས་དཔྱད་ནས་ཚོགས་སྤྱིའི་ཁོག་ཆིངས། དམིགས་པའི་གོ་རིམ། ཕྱག་ལེན་ཞིབ་ཏིག་སུ་བྱས་པའི་དོན་ནི། བཤེས་གཉེན་རྣམས་ཀྱིས་བསྐུལ་བའི་ངོར། གསང་སྔགས་ཀྱི་རྒྱུད་གཞུང་རྣམས་ལ་བློ་ཁ་ཅུང་ཞིག་ཕྱོགས་པ་ཡེ་ཤེས་རྒྱལ་མཚན་གྱིས། དཔལ་ལྡན་ཀཿཐོག་ཡང་དགོན་དུ་སྦྱར་རོ།། །།དགེའོ།། །།

དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ།

དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ས་མ་ཡ་སརྦ་བི་ཏི་ཨ་ནུ་སརྦ་ས་ནི་ཏནྟྲ་བི་མ་ལ་རཱ་ཛ་ན་མ། བོད་སྐད་དུ། དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོ། །སེང་གེའི་ཟ་འགྲམ་ལྟ་བུར་གྱུར་པའི་གནས། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་བྱིན་གྱིས་བརླབས་པའི་རིན་པོ་ཆེའི་ཁང་པ་རང་བྱུང་དུ་གྲུབ་པ་ན། བཅོན་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། སྐུ་གསུམ་གྱི་སྟོན་པ་རྣམས་ཀྱི་གསུང་གི་ཚོགས་མ་ལུས་པར་སྡུད་ཅིང་། བྱང་ཆུབ་སེམས་དཔའ་དང་། འགྲོ་བ་རྣམས་ཀྱི་བླ་མ་ཆེན་པོར་གྱུར་པ་དེ་ལ། འཁོར་དུ་གྱུར་པའི་ཐེག་པ་ཆེན་པོའི་རིགས་ཅན་ནི་འདི་ལྟ་སྟེ། ལང་ཀའི་བདག་པོ་བློ་གྲོས་ཐབས་ལྡན་དང་། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་བློ་གྲོས་རྒྱ་མཚོ་དང་། ཚངས་པ་གཙུག་ཕུད་འཛིན་བློ་གྲོས་མཐའ་ཡས་དང་། གནོད་སྦྱིན་སྐར་མདའ་གདོང་བློ་གྲོས་དད་སེལ་དང་། དྲི་མ་མེད་པར་གྲགས་པ་བློ་གྲོས་རབ་ཞི་ལ་སོགས་པས་བསྐོར་ཏེ་བཞུགས་སོ། །དེའི་ཚེ་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་རས་སྟན་ལས་ལངས་ཏེ་ཕྱག་རྣལ་འབྱོར་གྱི་ལུགས་སུ་བྱས་ནས། འདི་སྐད་ཅེས་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་གསོལ་ཏོ། །ཀྱེ་ཧོ་དཔལ་ལྡན་རྡོ་རྗེ་གསང་བའི་བདག །བྱ་སྤྱོད་རྣལ་འབྱོར་བླ་མེད་པའི། །རྒྱུད་ལ་གནས་པའི་རྣལ་འབྱོར་པའི། །གཞི་འཛིན་སྲུང་བ་སྲོག་འདྲ་ཡི། །ཉམས་ཆག་བསྐང་བཤགས་ཆོ་ག་རྣམས། །ཕྱི་རབས་ད་ལྟའི་དོན་དུ་གསུངས། །ཞེས་གསོལ་ཏོ། དེ་ནས་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེས་འདི་སྐད་གསུངས་སོ། །ཀྱེ་ཧོ་དམ་པའི་རིགས་ཅན་རྣམས། །དམ་ཚིག་ས་གཞི་ལྟ་བུ་ལ། །ཐམས་ཅད་འབྲས་བུ་ལོ་ཏོག་སྨིན། །གཞི་སྲུང་སོ་ནམ་ཐབས་འབད་པ། །ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །ཞེས་གསུངས་ནས། མི་ཟད་པ་རིན་པོ་ཆེའི་གོང་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་ལྐད་ཅེས་གསུངས་སོ། །སྔོན་འདས་པའི་དུས་དྲན་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། སྟོན་པ་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། རྡོ་རྗེ་ལྟ་བུའི་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། སྐུ་ལྔའི་སངས་རྒྱས་རྣམས་དང་། སྐུ་བཞིའི་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་རྒྱུད་དག་པའི་ཞིང་བྱང་ཆུབ་སེམས་དཔའ་རྣམས་ལ་གསུངས་པའི་རྒྱུད་སྡེ་མང་པོ་དང་། རྒྱུད་མ་དག་པ་ལ་སྣང་བའི་ཧེ་རུ་ཀ་རྣམས་ཀྱིས། རཱུ་ཏྲ་ལ་སོགས་པ་རྣམས་ཡང་དག་པའི་ས་ལ་ལུང་བསྟན་པའི་དུས་ན། འགྱོད་ཚངས་ཀྱི་སྨྲེ་སྔགས་བརྗོད་པ་དང་། དེའི་འཁོར་གྱི་རིག་འཛིན་ཕོ་མོ་མང་པོས་གསུངས་པའི་བཤགས་པ་རྣམས་གསང་བའི་དམ་ཚིག་སྐོང་བའི་ཆོ་ག་གསུངས་པ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རིག་འཛིན་དང་། རཱུ་ཏྲ་འཁོར་དང་བཅས་པའི་གཤགས་པ་རྣམས་ཀྱི་རྒྱུད་ཆེན་པོ་འདི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ནས་འཁོར་རྣམས་ཀྱིས་ཞུས་པ། དུས་གསུམ་གྱི་སངས་རྒྱས་དཔག་ཏུ་མེད་པས་གསུངས་པ་དང་། རཱུ་ཏྲ་ལ་སོགས་པ་དྲེགས་པ་ཅན་དཔག་ཏུ་མེད་པས་འགྱོད་བཤགས་ཕུལ་བ་དང་། རིག་འཛིན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་བཤགས་པའི་ཐབས་རྣམས་བཤད་པར་ཞུ། འགྲོ བའི་དོན་དུ་གསུངས། མ་འོང་པའི་སེམས་ཅན་དང་། རྣལ་འབྱོར་པ་རྣམས་ལ་ཕན་པའི་དོན་དུ་ཤོད། །ཅེས་ཞུས་སོ། །དེ་ནས་རྡོ་རྗེ་འཛིན་པ་ཆེན་པོས་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསང་སྔགས་པ་རྣམས་ཀྱི་བཤགས་པའི་དོན་དབྱེ་བ་འདི་གསུངས་སོ། །ཀྱེ་ཧོ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལམ་ལ་གནས་པའི་བླ་མ་དམ་པ་ནི་བཞི་ཞིག་ཡོད་དེ། དེ་ཡང་གང་ཞེ་ན། ཕྱི་སྒྲོ་འདོགས་ཡོངས་སུ་གཅོད་པར་བྱེད་པའི་བླ་མ་དམ་པ་དང་། ནང་རང་བྱུང་གི་ཡེ་ཤེས་སྟོན་པར་བྱེད་པའི་བླ་མ་དམ་པ་དང་། གསང་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟོན་པར་བྱེད་པའི་བླ་མ་དམ་པ་དང་། མཐར་ཐུག་དེ་ཁོ་ན་ཉིད་ཀྱི་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་སྟོན་པར་བྱེད་པའི་བླ་མ་དམ་པའོ། །དམ་པ་དེ་དག་གི་ལམ་ལ་གནས་པར་བྱ་བའང་རྣམ་པ་གསུམ་ཡོད་དེ། དེ་ཡང་གང་ཞེ་ན། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་སྟོན་པར་བྱེད་པ་དང་། ལམ་ཉམས་སུ་ལེན་པའི་གདམས་ངག་སྟོན་པར་བྱེད་པ་དང་། འབྲས་བུ་མངོན་སུམ་དུ་གྱུར་པའི་དོན་སྟོན་པར་བྱེད་བའོ། །དམ་པ་དེའི་ལམ་རྣམ་པ་གསུམ་གང་ཡང་རུང་བ་མ་རྟོགས་པའི་བཤགས་པ་བྱ་བ་དང་། ཁྱད་པར་དུ་ཡང་མ་དག་པའི་སྣང་བ་དང་། ཉམས་ཀྱི་སྣང་བ་དང་། དག་པའི་སྣང་བ་རྣམས་མ་རྟོགས་པ་དང་། ཀུན་གཞི་རྒྱུའི་རྒྱུད་དང་། ལམ་ཐབས་ཀྱི་རྒྱུད་དང་། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་མ་རྟོགས་པ་དང་། རྒྱུའི་རྣལ་འབྱོར་དང་། ལམ་གྱི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་མ་རྟོགས་པ་དང་། བདེ་བར་གཤེགས་པའི་བཀའ་ཡང་དག་པ་ལུང་གི་ཚད་མ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཉམས་མྱོང་རྗེས་སུ་དྲན་པའི་ཚད་མ་དང་། བླ་མ་རྡོ་རྗེ་སློབ་དཔོན་སྙན་ཁུང་བརྒྱུད་པ་མན་ངག་གི་ཚད་མ་དང་། དངོས་པོའི་མཐའ་རྟེན་ཅིང་འབྲེལ་བར་འབྱུང་བ་ལོ་རྒྱུས་ཀྱི་ཚད་མ་མ་རྟོགས་པ་དང་། དེ་དག་རྟོགས་པར་བྱ་བའི་ཕྱིར་འདི་དག་བཤད་དེ། དབང་གི་ཆུ་བོ་མ་ནུབ་པ་དང་། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་དང་། གདམས་ངག་གི་སརྒ་མ་ལོག་པ་དང་། མོས་གུས་ཀྱི་བསམ་པ་ཚིམས་པར་ནུས་པའི་ཕྱིར། ཕྱིའི་རྟེན་འབྲེལ་དང་ནང་གི་རྟེན་འབྲེལ་དང་། གསང་བའི་རྟེན་འབྲེལ་དང་། མཐར་ཐུག་དེ་ཁོ་ན་ཉིད་ཀྱི་རྟེན་འབྲེལ་བསྒྲིགས་ནས། བདེ་བར་གཤེགས་པའི་བཀའ་ཚད་མ་དང་། བླ་མའི་མན་ངག་ཚད་མ་དང་། རང་གི་རིག་པ་ཚད་མས་གཏན་ལ་ཕབ་སྟེ། ལྟ་བའི་དུག་ཕྱུང་། བསྒོམ་པའི་བདུད་རྩི་བསྟེན། སྤྱོད་པ་ལ་དོར་ནས་གསང་སྔགས་གསང་བའི་ལམ་ལ་ཞུགས་པ་རྣམས་ལ། དམ་ཚིག་ཉམས་ཆག་བྱུང་བར་གྱུར་ན་ཐེག་པ་ལམ་ཞུགས་ཀྱི་བཤགས་པ་དང་། ན་རཀ་དོང་སྤྲུགས་ཀྱི་བཤགས་པ་དང་། བརྗོད་མེད་དང་། དམ་ཚིག་ཉི་ཤུ་རྩ་བརྒྱད་ཀྱི་བཤགས་པ་དང་། རྡོ་རྗེ་དཔལ་ཆེན་དང་། ཡེ་ཤེས་མཁའ་འགྲོ་དང་། ཞི་བ་སངས་རྒྱས་ཁྲོ་བོ་ཁྲག་མཐུང་དང་། རཱུ་ཏྲའི་སྨྲེ་བཤགས་དང་། རྒྱུད་ལུང་མན་ངག་གི་བཤགས་པ་དང་། ལྟ་བའི་ཀློང་བཤགས་དང་། དབང་བཞི་རྫོགས་པ་ཐབས་ལམ་གྱི་བཤགས་པ་དང་། འབྲས་བུའི་དོན་རྟོགས་སྐུ་གསུང་ཐུགས་སུ་བྱུང་བའི་བཤགས་པ་རྣམས་བཤད་པར་བྱའོ། །ཞེས་གསུངས་སོ། །དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཐེག་པ་ལམ་ཞུགས་ཀྱི་བཤགས་པ་འདི་གསུངས་སོ། །ༀ། དང་པོ་བདག་དང་ཁམས་གསུམ་སེམས་ཅན་རྣམས། །ཡུལ་ལ་ཆགས་པ་སྐྱེ་བར་མི་བགྱིད་དེ། །ཕ་དང་མ་ལ་བརྟེན་ནས་གཟུགས་སུ་སྣང་། །རང་དབང་མེད་པར་འཇིག་རྟེན་གནས་འདི་མཐོང་། །མ་རིག་ཆུང་ཞིང་གཞོན་པའི་དུས་མཚམས་ན། གཏི་མུག་དབང་གིས་དགེ་སྡིག་དོན་མ་རྟོགས། །འདོད་ཆགས་དབང་གིས་ཕ་རོལ་འཁོར་བར་འཁྱམས། །ཞེ་སྡང་དབང་གིས་སྡིག་པའི་ལས་རྣམས་བགྱིས། །ངན་སོང་གསུམ་དུ་འགྲོ་བའི་རྒྱུ་བསགས་ཏེ། །མནོ་བསམ་ཤེས་ནས་ཆོས་ལ་སྐྱབས་སུ་མཆི། །དང་བས་ཉ་སྟོང་དུས་དྲུག་སྒོར་ཞུགས་ཏེ། །ཉ་སྟོང་ཚེས་བརྒྱད་དུས་ཁྲིམས་མནོས་པ་ལས། །དེ་ལ་ཉམས་པའི་སྐྱོན་སེམས་མ་མཆིས་ཏེ། །ཉ་སྟོང་ཚུལ་བཞིན་སྲུང་བའི་དགེ་བསྙེན་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །སྦྱངས་བའི་ཡོན་ཏན་བཅུ་གཉིས་སྒོར་ཞུགས་ནས། །ཉན་ཐོས་སྡོམས་པ་ཚུལ་བཞིན་མནོས་པ་ལས། །རྩ་བ་བཞི་དང་ཡན་ལག་དྲུག་ལ་སོགས། །ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལ་སྐྱོན་མ་མཆིས། །ཉན་ཐོས་འདུལ་ཁྲིམས་སྲུང་བའི་དགེ་སློང་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །རྟེན་འབྲེལ་བཅུ་གཉིས་བསྒྲུབ་པའི་སྒོར་ཞུགས་ཏེ། །རང་རྒྱལ་སྡོམ་པ་ཚུལ་བཞིན་མནོས་པ་ལས། །འཁོར་བ་རང་བཞིན་མེད་པར་མངོན་རྟོགས་ཤིང་། །སྣང་སྲིད་སྒྱུ་མ་ལྟ་བུར་ཤེས་པས་ན། །དེ་ལ་ཉམས་པར་བྱ་བའི་སྐྱོན་མ་མཆིས། །རང་རྒྱལ་སྡོམ་པ་སྲུང་བའི་དགེ་སློང་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །ཐེག་ཆེན་བྱང་ཆུབ་སེམས་ཀྱི་སྒོར་ཞུགས་ཏེ། །བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་པ་ལས། །སྨོན་འཇུག་ཀུན་རྫོབ་དོན་དམ་བྱང་ཆུབ་སེམས། །སྡོམ་པ་ཉི་ཤུའི་ཚུལ་ཁྲིམས་སྐྱོན་མ་མཆིས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །སྡོམ་བརྩོན་ཚུལ་བཞིན་སྲུང་བའི་དགེ་སློང་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །དག་པ་རྣམ་པ་གཉིས་ཀྱི་སྒོར་ཞུགས་ཏེ། །ཀྲི་ཡའི་དམ་ཚིག་ཚུལ་བཞིན་མནོས་པ་ལས། །དཀོན་མཆོག་གསུམ་དང་རྡོ་རྗེ་སློབ་དཔོན་དང་། །རྡོ་རྗེ་སྤུན་དང་རྡོ་རྗེ་མིང་སྲིང་དང་། །དེ་བཞིན་རང་གི་སྔགས་དང་ཕྱག་རྒྱ་རྣམས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཀྲི་ཡའི་དམ་ཚིག་སྲུང་བའི་རྣལ་འབྱོར་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །ཨུ་པ་ཡ་ཡི་དམ་ཚིག་སྒོར་ཞུགས་ནས། ཕྱག་རྒྱ་སྔགས་དང་མན་ངག་སྒྲུབ་པ་ཡི། །ལྟ་སྤྱོད་ཀྲི་ཡོག་ཚུལ་སྲུང་རྣལ་འབྱོར་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །ལྟ་སྤྱོད་རྣམ་པ་གཉིས་ཀྱི་སྒོར་ཞུགས་ནས། །ཡོ་གའི་དམ་ཚིག་ཚུལ་བཞིན་མནོས་པ་ལས། །དཀོན་མཆོག་གསུམ་དང་དེ་འཁོར་བྱང་ཆུབ་སེམས། །རྡོ་རྗེ་བླ་མ་མཆེད་དང་ལྕམ་དྲལ་དང་། །དབང་ཐོབ་རྣལ་འབྱོར་གཞན་ལ་མི་སྨོད་ཅིང་། །རང་རྟགས་ཕྱག་རྒྱ་རྟག་ཏུ་སྲུང་བ་ལ། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཡོ་གའི་དམ་ཚིག་སྲུང་བའི་རྣལ་འབྱོར་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །ཐབས་དང་ཤེས་རབ་གཉིས་ཀྱི་སྒོ་ཞུགས་ནས། །མ་ཧཱ་ཡོ་གའི་དམ་ཚིག་མནོས་པ་ལས། །འཁོར་བ་དང་ནི་མྱ་ངན་འདས་པའི་ཆོས། །ཡབ་ལྔ་དང་ནི་ཡུམ་ལྔར་སྦྱོར་བས་ན། །རྒྱལ་བའི་དམ་ཚིག་མཆོག་ཏུ་གསུངས་པ་ལས། །མ་ཧཱ་ཡོ་ག་སྲུང་བའི་རྣལ་འབྱོར་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །དབྱིངས་དང་ཡེ་ཤེས་གཉིས་ཀྱི་སྒོར་ཞུགས་ནས། །ཨ་ནུ་ཡོ་གའི་དམ་ཚིག་མནོས་པ་ལས། །ཕྱི་ནང་སྣང་སྲིད་དུས་གསུམ་ཐམས་ཅད་ཀུན། །རང་རིག་ཡེ་ཤེས་དབྱིངས་ལས་མི་གཞན་ཏེ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་འཆང་བྱེད་ཅིང་། །ཨ་ནུ་ཡོ་ག་སྲུང་བའི་རྣལ་འབྱོར་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས། །ཁྱབ་གདལ་ཆེན་པོ་ཐེག་པའི་སྒོར་ཞུགས་ནས། །ཨ་ཏི་ཡོ་གའི་དམ་ཚིག་མནོས་པ་ལས། །མེད་པའི་དམ་ཚིག་དང་ནི་ཕྱལ་པ་དང་། །གཅིག་པུའི་དམ་ཚིག་དང་ནི་ལྷུན་གྱིས་རྫོགས། །གྲངས་དང་ཕྱོགས་ལས་འདས་པའི་དམ་ཚིག་ལ། །རྒྱལ་བ་རྣམས་ཀྱིས་དམ་ཚིག་མཆོག་ཏུ་གསུངས། །བསྲུང་མཚམས་མེད་པས་མེད་པའི་དམ་ཚིག་ལ། །གཟུང་དང་འཛིན་པ་མེད་པས་ཕྱལ་པ་ཡིན། །ཐམས་ཅད་སེམས་སུ་འདུས་པས་གཅིག་པུ་ཉིད། །ལྷག་མ་མེད་པར་འདུས་པས་ལྷུན་གྱིས་རྫོགས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཨ་ཏི་ཡོ་ག་སྲུང་བའི་རྣལ་འབྱོར་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །སྡེ་སྣོད་རྣམ་པ་གསུམ་གྱི་བསྲུང་བྱ་ནི། །ཚུལ་ཁྲིམས་རྣམ་པར་དག་པས་འདུལ་མཐར་ཕྱིན། །རང་དབང་མངོན་དུ་གྱུར་པས་མངོན་མཐར་ཕྱིན། །ཤེས་རབ་རྣམ་དག་མདོ་སྡེའི་མཐའ་རུ་ཕྱིན། །ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་སྲུང་མ་རྣམས། །དམ་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །ཀྲི་ཡོག་རྣམ་པ་གསུམ་གྱི་བསྲུང་བྱ་ནི། །དག་པ་རྣམ་གསུམ་ཀྲི་ཡ་མཐའ་རུ་ཕྱིན། །ལྟ་སྤྱོད་གཉིས་མེད་ཨུ་པ་ཡ་མཐར་ཕྱིན། །སུམ་ཅུ་ལྷ་ཡི་སྐུར་གསལ་རྣལ་འབྱོར་མཐའ། །དཔལ་མགོན་བདུན་ཅུ་ལ་སོགས་སྲུང་མ་རྣམས། །དམ་ཚིག་ཉམས་བར་གྱུར་ན་མཐོལ་ལོ་བཤགས། །ཡོ་ག་རྣམ་གསུམ་དམ་ཚིག་བསྲུང་བྱ་ནི། །རྩ་བ་ཡན་ལག་སྲུང་བ་རྣལ་འབྱོར་ཆེ། །སྒྲུབ་པ་ཁྱད་པར་དམ་ཚིག་ཨ་ནུའི་མཐའ། །ལྷག་པའི་དམ་ཚིག་རྣམ་བཞི་རྫོགས་ཆེན་པ། །ནང་དང་གསང་བའི་ལྷ་སྲིན་སྡེ་བརྒྱད་རྣམས། །དམ་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །མཚན་ཉིད་སྡེ་སྣོད་གསུམ་དང་ཐེག་པ་གཉིས། །ཕྱི་པ་ཐུབ་པ་རྒྱུད་ལ་ཀྲི་ཡོག་གསུམ། །ནང་པ་ཐབས་ཀྱི་རྒྱུད་ལ་ཡོ་ག་གསུམ། །ཐེག་པ་རིམ་པ་དགུ་ཡི་དམ་ཚིག་རྣམས། །ལྟ་སྤྱོད་འབྲེལ་བར་སྤྱོད་པའི་རྣལ་འབྱོར་ལ། །མཁའ་འགྲོ་བཀའ་ཡི་ཆད་པ་ཅི་སྟེ་བཅད། །དབང་ཕྱུག་ཐུགས་ཀྱི་སྤྲུལ་པ་ཅི་སྟེ་དགྱེ། །རྒྱུ་འབྲས་མ་སྤངས་དགེ་བ་དང་དུ་བླངས། །སྡིག་པ་མ་སྤྱད་རྣམ་པར་སྨིན་ལ་འཛེམ། །བཀའ་གཞུང་མ་བོར་རྒྱུད་ལུང་མན་ངག་འབྲངས། །ཡལ་བར་མ་དོར་གཞུང་བཞིན་དང་དུ་བླངས། །ལུས་ངག་ཡིད་གསུམ་བཏུད་ནས་གསང་སྔགས་ཆོས། །སྒོམ་སྒྲུབ་སྤྱོད་པའི་རྣལ་འབྱོར་དབང་ཕྱུག་ལ། །དམ་ཚིག་ཉམས་ཆག་བྱུང་ན་བསྐང་གྱུར་ཅིག །རྩ་བ་ཡན་ལག་ཕམ་ལྟུང་ཉེས་བྱས་དང་། །སྦོམ་པོ་ཕྲ་མོ་ལ་སོགས་ཉེས་སྐྱོན་རྣམས། །སྐྱོན་དུ་གྱུར་པ་ཐམས་ཅད་ཚངས་པར་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་རྩལ་དུ་གསོལ། །ཡེ་ཤེས་ལྷ་ལ་རྣམ་རྟོག་མི་མངའ་ཡང་། །དེ་འཁོར་བཀའ་ཡི་སྲུང་མ་དམ་ཚིག་ཅན། །ཐུགས་དང་འགལ་བར་གྱུར་ན་བཟོད་པར་གསོལ། །ཡུན་གྱི་སྒྲིབ་པ་མཆིས་ན་སྒྲིབ་པ་སྦྱོངས། །འཕྲལ་གྱི་རྐྱེན་གེགས་མཆིས་ན་རྐྱེན་གེགས་ཟློག །ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསུངས་སོ། །དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། ཐེག་པ་ལམ་ཞུགས་ཀྱི་བཤགས་པ་སྟེ་ལེའུ་གཉིས་པའོ།། །།དེ་ནས་གསང་བའི་བདག་པོ་ཆེན་པོས་སྔོན་གྱི་རྣམ་པར་སྨིན་པ་སྦྱངས་པ་ལྷའི་བུའི་རྣལ་འབྱོར་ལ། བཅོལ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེན་པོས་བཤད་པ་དང་། ཕྱོགས་བཅུ་ན་བཞུགས་པ་རྣམས་ཀྱིས་ཞུས་པ་ནི་འདི་ལྟ་སྟེ། དེ་ནས་ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་དང་། རིག་འཛིན་ཕོ་མོ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་ལྷན་ཅིག་ཏུ་བརྐྱང་ཕྱག་འཚལ་ཞིང་། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་། ཆེ་མཆོག་ཧེ་རུ་ཀ་ལ་སོགས་པ་རིགས་ལྔའི་བདེ་བར་གཤེགས་པ་རྣམས་ལ་གསོལ་བ། བདག་ཅག་རྣམས་རང་བཞིན་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་བྱིན་གྱིས་རླབས་ཀྱིས་རྣལ་འབྱོར་གྱི་གྲལ་དུ་འཁོད་དེ། གསང་བའི་ཐེག་པ་ཆེན་པོ་འདི་ལ་སྤྱོད་ཅིང་། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་། ཆེ་མཆོག་ཧེ་རུ་ཀ་ལ་སོགས་པ་རྣམས་ཀྱི་ཞལ་མཐོང་ཞིང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་ལ་ལྷུན་གྱིས་གྲུབ་པར་འཚལ་བ་རྣམས་ཉམས་པ་དང་། ཆག་པ་དང་། བག་ཆགས་ངན་པས་བསྒྲིབས་ཏེ་མཆིས་པ་ལ། ཉམས་ཆག་དང་རྟོག་སྒྲིབ་སྦྱོང་བའི་ཐབས་གསོལ་ཞིང་ཞུ་ན་གནང་བའི་སྐབས་དབྱེ་བར་གསོལ་ཞེས་ཞུས་པ་དང་། དེ་ནས་དཔལ་ཀུན་ཏུ་བཟང་པོས་ཕྱོགས་བཅུ་ནས་ལྷགས་པའི་རིག་འཛིན་ཕོ་མོ་རྣམས་ལ་བཀའ་སྩལ་པ། འདི་ལྟ་བུའི་བཀའ་གསང་བ་ལས་ཀྱང་ཤིན་ཏུ་ཆེས་གསང་བ། ཡང་གསང་ཐུགས་ཀྱི་མན་ངག་འདི་ལྟ་བུ་ནི། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་བཤེགས་ཤུལ། རིག་འཛིན་ཕོ་མོ་རྣམས་ཀྱི་ལམ། རྣལ་འབྱོར་ཕོ་མོོ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྒྲུབ་པའི་གནས་འདི་ལྟ་བུའི་བཀའ་ཟབ་མོ་འདི་ཐོས་པར་ཡང་དཀའ་ན། བསྒོམ་ཞིང་སྒྲུབ་པ་དང་། རྟོགས་པ་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟ་བུའི་བཀའ་ཟབ་མོ་འདི་ནི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སྦྱངས་སྦྱངས་པའི་ལས་འཕྲོ་དང་། སྐལ་བར་ལྡན་པ་འགའ་དང་འགའི་སྤྱོད་ཡུལ་ཡིན་གྱི། གང་རུང་རུང་ཀུན་གྱི་ཐུན་མོང་ནི་མ་ཡིན་ནོ། །དེ་ལྟ་བུའི་སྒོར་ཞུགས་པའི་རྣལ་འབྱོར་པ་ལ་ཉམས་ཆག་དང་རྟོག་སྒྲིབ་སྦྱོང་བའི་ཐབས་མེད་པ་ནི་མ་ཡིན་ཏེ། ཐབས་ནི་ཡོད་དོ། །ཉན་ཐོས་ཀྱི་ཐེག་པ་ལྟར་འདུལ་ཁྲིམས་ཉམས་པར་གྱུར་ན། རྫ་བེའུ་ཆག་པ་བཞིན་སླར་གསོ་བའི་ཐབས་མེད་པ་ནི་མ་ཡིན་གྱི། གསང་སྔགས་ཀྱི་བཀའ་གསེར་དང་འདྲ་བ་འདིའི་སྒོར་ཞུགས་པའི་རྣལ་འབྱོར་ཕོ་མོ་ཉམས་ཆག་བྱུང་བ་རྣམས་སྦྱང་བའི་ཐབས་ཡོད་དེ། ཐུགས་ཡང་དག་པའི་བཀའ་གསང་བ་འདིའི་ཉམས་ཆག་བྱུང་ན་གསེར་དངུལ་ཞོམ་པ་དང་འདྲ་སྟེ། སླར་གསོ་བའི་ཐབས་ནི་ཡོད་དོ། །དེའི་ཐབས་ནི་ཇི་ལྟ་བུ་ཞེ་ན། རྣལ་འབྱོར་གྱི་སྤྱི་ཁྲུས་ངན་སོང་དོང་སྤྲུགས་ཞེས་བྱ་བ་བཞུགས་སོ། །དེ་ནས་ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱིས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨ་ལ་ལ་ཧོ། དཔལ་ཀུན་ཏུ་བཟང་པོ། ཨེ་མ་ཧོ། ངོ་མཚར་ཆེའོ། །ཞེས་ལུས་ཀྱི་ཡན་ལག་ལྔ་ས་ལ་བརྡབས་ཏེ། བརྐྱང་ཕྱག་ལན་སྟོང་དུ་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །དཔལ་ཀུན་ཏུ་བཟང་པོ་རྣལ་འབྱོར་ཕོ་མོའི་ཉམས་ཆག་དག་པར་བྱེད་པའི་སྤྱི་ཁྲུས་ཞེས་བྱ་བ་འགྲོ་བ་ཡོངས་ལ་ཕན་འདོགས་པའི་མན་ངག་ངན་སོང་དོང་སྤྲུགས་ཞེས་བྱ་བ་བཀའ་གསང་བ་ལས་ཀྱང་ཤིན་ཏུ་ཆེས་གསང་བ་བདག་ཅག་རྣམས་ལ་བསྟན་དུ་གསོལ། །ཞེས་གསོལ་བ་དང་། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་རྣལ་འབྱོར་པ་རྣམས་ལ་བཀའ་སྩལ་པ། བསྙེན་སྒྲུབ་རྣམ་པ་བཞིའི་སྒོར་ཞུགས་པའི་རྣལ་འབྱོར་ཕོ་མོ་རྣམས་ལ་སྤྱིར་དམ་ཚིག་གི་བསྲུང་མཚམས་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་ན། དེ་དག་ཀུན་ཀྱང་རྩ་བའི་དམ་ཚིག་གསུམ་དུ་འདུས་སོ། །དེ་ཡང་ལུས་ངག་ཡིད་གསུམ་དུ་འདུས་ཏེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉམས་ཆག་བྱུང་བ་ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས་སྦྱོང་བའི་ཐབས་ནི་བཞུགས་སོ། །ཡིད་ཀྱི་སྒོ་ནས་ཉམས་ཆག་བྱུང་ན། ཐུགས་ཀྱི་ལྟ་བས་བསྐངས་སྟེ། རྣལ་འབྱོར་གྱི་གྲལ་འདིར་འཁོད་པ་རྣམས་ཀྱི་ཡིད་དམ་སེམས་ནི་དོན་དམ་པར་ཐུགས་ཡང་དག་པའི་ཡེ་ཤེས་ཉིད་ཡིན་ལ། ཡང་དག་པའི་ཡེ་ཤེས་ནི་རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ཀུན་གཞི་མ་བཅོས་པ་ལ་ཡིད་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོར་ཤར་བ་ནི་བསྲུང་དུ་མེད་པའི་དམ་ཚིག་ཆེན་པོ་སྟེ། ཀུན་གཞི་དེ་ལྟར་ཡིན་ཕན་ཆད་ཀུན་གཞི་བག་ཆགས་དང་བཅས་པས་བསྐྱེད་པའི་ཕུང་པོ་དང་དབང་པོ་དང་། རྣམ་པར་ཤེས་པར་བཅས་པ་ཡང་མ་བྱུང་མ་སྐྱེས་པ་ཡེ་ནས་རང་བྱུང་ཆེན་པོ་ཡིན་ཏེ། དེ་ལྟར་རྟོགས་ན་རྡོ་རྗེ་སློབ་དཔོན་དང་མཆེད་དང་ལྕམ་དྲལ་ཡང་ཡེ་ནས་མ་བྱུང་མ་སྐྱེས་པ་ཡིན་ཏེ། སྐུའི་དམ་ཚིག་ཉམས་ཆག་སྐོངས་སོ། །དེ་ལྟར་ཕུང་པོ་དང་། དབང་པོ་དང་། རྣམ་པར་ཤེས་པ་ཡང་མ་བྱུང་མ་སྐྱེས་ཕན་ཆད་དེས་བརྗོད་པར་བྱ་བའི་བཟླས་བརྗོད་དང་། བསྙེན་སྒྲུབ་དང་། སྐུ་ཕྱག་རྒྱར་བསྒོམ་པར་བྱ་བ་ཡང་ཡེ་ནས་མ་བྱུང་མ་སྐྱེས་པ་སྟེ། གླེང་བརྗོད་དང་རྩོལ་སྒྲུབ་ཀྱི་མཐའ་ཡས་འདས་པས། གསུང་གི་དམ་ཚིག་ཉམས་ཆག་སྐོངས་སོ། །དེ་ལྟ་བུའི་ཡེ་ནས་མ་བྱུང་མ་སྐྱེས་པའི་དོན་དེ་ལྟ་བུ་འདི་ནི། ཀུན་གྱིས་མ་རྟོགས་ཤིང་རྟོགས་པར་དཀའ་བས། རང་བཞིན་གྱིས་གསང་བ་ཆེན་པོ་ཡིན་པས། ཐུགས་ཀྱི་དམ་ཚིག་ཉམས་ཆག་སྐོངས་སོ། །དེ་ལྟར་རྩ་བའི་ཉམས་ཆག་གསུམ་བསྐངས་ཕན་ཆད། ཡན་ལག་གི་དམ་ཚིག་ཐམས་ཅད་ཀྱང་ཡེ་ནས་མ་བྱུང་མ་སྐྱེས་པས། ཡན་ལག་གི་དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོངས་སོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ་རྣམས་ནི་མི་བསྲུང་བའི་བསྲུང་པ་ཆེན་པོ་སྟེ། དེའི་ཕྱིར་ན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉམས་ཆག་བྱུང་བ་རྣམས་སྐུ་གསུང་ཐུགས་ཀྱི་ཐུགས་རྗེས་སྐོངས་སོ། །དེ་སྐད་ཅེས་བཀའ་སྩལ་བ་དང་། དེ་ནས་ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་སྟོན་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་ངོ་མཚར་ཆེའོ། །སྟོན་པ་ཀུན་ཏུ་བཟང་པོ་བསྲུང་དུ་མེད་པའི་བསྲུང་བ་ཆེན་པོ་བཀའ་སྩལ་བ་ངོ་མཚར་ཆེའོ། །ཨ་ལ་ལ་ཧོ། ཞེས་ལུས་ཀྱི་ཡན་ལག་ལྔ་ས་ལ་བརྡེབ་ཅིང་བརྐྱང་ཕྱག་བཙལ་ལོ། །དེ་ནས་ཡང་སྟོན་པ་ཀུན་ཏུ་བཟང་པོ་ལ་བཅོམ་ལྡན་འདས་རིགས་ལྔའི་སངས་རྒྱས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་ཀུན་ཏུ་བཟང་པོ་དེ་ལྟ་བུའི་ཡེ་ནས་མ་བྱུང་མ་སྐྱེས་པ་དེ། གདོད་མ་ནས་རང་ཤེས་རིག་པའི་རྒྱལ་པོ་རང་གིས་རང་གསལ་བར་ཤར་བ་རྟོགས་པ་རྣམས་ལ་བསྲུང་དུ་ཡང་མེད་ལ། ཉམས་ཆག་བསྐང་དུ་ཡང་མེད་ན། དེ་ལྟ་བུའི་དོན་ནི་མ་རྟོགས་པར། གསང་སྔགས་ཀྱི་སྒོར་ཞུགས་སོ་འཚལ་གྱི་རྣལ་འབྱོར་པ་དང་། རྣལ་འབྱོར་མ་ལ་ལས་གསང་སྔགས་དོན་ཀྱི་མན་ངག་ནི་མ་གོ་སྟེ། ལ་ལས་ནི་ཚོགས་ཀྱི་སྤྱང་ཀི་བྱེད། ལ་ལས་ནི་གཡོ་སྒྱུ་དང་གསོག་འཇོག་བྱེད། ལ་ལས་ནི་དེ་བཞིན་བཤེགས་པའི་བཀའ་ལ་རས་ཆོད་བྱེད་པ་རྣམས་ཀྱི་དོན་དུ་ཉམས་ཆག་བྱུང་ན་བསྐང་ཞིང་བཤགས་པའི་ཐབས་ནི་ཅི་མཆིས། དེ་དག་ལ་ཐུགས་རྗེས་གཟུང་བའི་ཐབས་ཤིག་བསྟན་དུ་གསོལ་ཞེས་ཞུས་པ་ལས། སྟོན་པ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །རྣལ་འབྱོར་པ་ལྟ་བ་དམན་ཞིང་ཤེས་རབ་ཞན་པ་རྣམས་ཀྱི་དོན་དུ་ཉམས་ཆག་བསྐང་ཞིང་བཤགས་པའི་ཐབས་ནི་བཞུགས་སོ། །དེའི་ཐབས་ནི་རྡོ་རྗེ་སློབ་དཔོན་དང་། ཡི་དམ་གྱི་ལྷ་དང་། སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དང་། གྲུབ་པའི་ས་ལ་བཞུགས་པའི་རིག་འཛིན་ཕོ་མོ་རྣམས་མདུན་གྱི་ནམ་མཁའ་ལ་མངོན་སུམ་དུ་དམིགས་ཏེ། མཚན་ནས་བརྗོད་དེ་ལུས་ས་ལ་བརྡབ་ཅིང་བརྐྱང་ཕྱག་འཚལ་ན་འབྱང་བའི་ཐབས་ཡིན་ནོ། །དེ་ལྟ་བས་ན་ངའི་གསང་སྔགས་སྤྱད་ཉེས་པའི་དབང་གིས་ངན་སོང་གསུམ་དུ་ལྟུང་བར་དོགས་པ་རྣམས་ཀྱི་ཆེད་དུ། འགྱོད་ཚངས་ཀྱི་བཤགས་པ་མདོ་ཙམ་ཞིག་བསྟན་གྱི་ཁྱེད་ཅག་རྣམས་ཀྱིས་ལུས་གཅེར་བུར་ཕྱུངས་ཏེ། ཆས་རབ་ཏུ་གྱིས་ལ་ཡན་ལག་ལྔ་ས་ལ་བརྡེབ་ཅིང་བརྐྱང་ཕྱག་འཚོལ་ཅིག །དེ་ནས་ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཆས་རབ་ཏུ་བྱས་ཏེ། སྟོན་པ་ཀུན་ཏུ་བཟང་པོ་ལྟར་མཉན་པ་དང་། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཧོ་ཀློང་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་དོན་དམ་པར་ཆོས་ཀྱི་དབྱིངས། ཡུམ་གྱི་མཁའ། བྷ་ག་ཡངས་པའི་ཀློང་། རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན་བཞུགས་པའི་བདེ་བར་གཤེགས་པ་འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། ཀུན་གཞི་གསང་བ་དག་པའི་དབྱིངས་ནས་ཡིད་རང་བྱུང་གི་ཡེ་ཤེས་རང་ཤེས་རིག་གི་རྒྱལ་པོ་ཡིད་བྱེད་པ་པོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡབ། ཆགས་མེད་སྐྱོན་དང་བྲལ་བས་གདན་པདྨ་ལ་བཞུགས་པ། སངས་རྒྱས་དང་སེམས་ཅན་མཉམ་པར་མཁྱེན་པས་ཕྱག་མཉམ་པའི་ཕྱག་རྒྱ་ཅན། དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་དོན་དམ་པར་ཆོས་ཀྱི་དབྱིངས་སུ་སྡུད་མ་ཆོས་ཅན་མཚན་མའི་སྐྱོན་གྱིས་མ་གོས་པས་གདན་པད་མ་ལ་བཞུགས་པ། ཀུན་ལ་ཁྱབ་པར་གནས་པས་ཕྱག་མཉམ་པའི་ཕྱག་རྒྱ་ཅན། ཆོས་བྱ་བ་མོ་དཀྱིལ་འཁོར་ཐམས་ཅད་སྐྱེད་པའི་གཞི། ཡུམ་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པས། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ནམ་མཁའི་མཐའ་བཞིན་ཀུན་ལ་སྙོམས་མཛད་པ། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད། མི་འཇིགས་པ་སེང་གེའི་ཁྲི་ཅན། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སྐྱེ་ཤི་དང་འཕོ་འགྱུར་གྱི་རྟོག་པ་མི་མངའ་བས་ཕྱག་རྒྱ་རྡོ་རྗེ་ཅན། བཅོམ་ལྡན་འདས་དཔལ་རྡོ་རྗེ་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་གཟུགས་ཀྱི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད། སྟོབས་གླང་པོ་ཆེའི་ཁྲི་ཅན། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཀུན་ལ་དབང་བསྒྱུར་བས་ཕྱག་རྒྱ་འཁོར་ལོ་ཅན། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ཚོར་བའི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད། ཤུགས་འཆང་རྟའི་ཁྲི་ཅན། མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་མ་གཡོས་པར་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བས། ཕྱག་རྒྱ་རིན་པོ་ཆེ་འབར་བ་ཅན། བཅོམ་ལྡན་འདས་དཔལ་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བདག་ཉིད། མཛེས་བྱེད་རྨ་བྱའི་ཁྲི་ཅན། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་ཆོས་སྤྱི་དང་རང་གི་མཚན་ཉིད་གསལ་ལ་མ་ཆགས་པས་ཕྱག་རྒྱ་པདྨ་ཅན། བཅོམ་ལྡན་འདས་དཔལ་སྣང་པ་མཐའ་ཡས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད། ཅང་བྱེད་ཤང་ཤང་ཏེའུའི་ཁྲི་ཅན། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་ཕྲིན་ལས་མཐར་ཕྱིན་པས་ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ཅན། བཅོམ་ལྡན་འདས་དཔལ་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་ནམ་མཁའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་ཀུན་ཏུ་བཟང་མོ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་འབྱུང་བའི་གནས། ཡུམ་ཆེན་མོ་ནམ་མཁའི་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་སའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་སངས་རྒྱས་སྤྱན་མ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྐྱེད་པའི་གཞི། ཡུམ་ཆེན་མོ་རྡོ་རྗེ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་ཆུའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་མཱ་མ་ཀཱི། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་གྱི་གཏེར་འཛིན་མ། ཡུམ་ཆེན་མོ་རིན་ཆེན་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་མེའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་ན་བཟའ་དཀར་མོ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་གསུང་མཆོག་མ། ཡུམ་ཆེན་མོ་པདྨ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་རླུང་གི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་དམ་ཚིག་སྒྲོལ་མ། འགྲོ་བ་རྣམས་འཕགས་པའི་ས་བཅུར་སྒྲོལ་མ། ཡུམ་ཆེན་མོ་ལས་ཀྱི་དབྱིངས་ཕྱུག་མ་ལ་ཕྱག་འཕྱག་འཚལ་ལོ། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིག་གི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སའི་སྙིང་པོ། འགྲོ་བ་རྣམས་བླ་ན་མེད་པའི་གནས་སུ་སྐྱེད་པར་བྱེད་པས་ཕྱག་རྒྱ་རིན་པོ་ཆེའི་མྱུ་གུ་ཅན། ཤར་ཕྱོགས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ། ཉོན་མོངས་པའི་སྐྱེ་རྒྱུན་གཅོད་པས་ཕྱག་རྒྱ་རལ་གྲི་ཅན། ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་སྣའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག །ཉོན་མོངས་པའི་སྐྱོན་གྱིས་མ་གོས་པས་ཕྱག་རྒྱ་པདྨ་ཅན། ནུབ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ། ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པས་ཕྱག་རྒྱ་རྡོ་རྗེ་ཅན། བྱང་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིག་གི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་བྱམས་པ། ཉོན་མོངས་པའི་གདུང་བ་ལས་རྣམ་པར་རྒྱལ་པ་ཕྱག་རྒྱ་ཀླུ་ཤིང་མགོ་ལྕོགས་ཅན། ཤར་ལྷོ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ། ཉོན་མོངས་པ་ཆོས་ཉིད་དུ་མཁྱེན་པས་ཕྱག་རྒྱ་གླེགས་བམ་པོ་ཏི་ཅན། ལྷོ་ནུབ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱིི་སྣའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ། ཉོན་མོངས་པ་གནས་སུ་དག་པ་ལས་དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བས་ཕྱག་རྒྱ་རིན་པོ་ཆེའི་སྙེ་མ་ཅན། ནུབ་བྱང་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ། ཉོན་མོངས་པའི་ཟུག་རྔུ་མི་མངའ་བར་ཤིན་ཏུ་མཛེས་པས་ཕྱག་རྒྱ་མེ་ཏོག་ཨུཏྤལ་ཅན། བྱང་ཤར་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཤེས་དབང་པོ་དག་པའི་སྐུ་གསུང་ཐུགས། །བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིག་གི་ཡུལ་གཟུགས་སུ་སྣང་བ་གནས་སུ་དག་པ། བཛྲ་ལཱ་སྱ་སྟེ། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པས་མཉེས་པར་བྱེད་པ་ལས་མི་འགྱུར་བས་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་ཅན། རྡོ་རྗེ་སྒེག་མོ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་སྣའི་ཡུལ་དྲིར་སྣོམ་པ་གནས་སུ་དག་པ། བཛྲ་མཱ་ལྱ་སྟེ། མཆོད་པ་རྒྱུན་མི་ཆད་པར་བྱེད་པས་ཕྱག་རྒྱ་རིན་པོ་ཆེའི་ཕྲེང་བ་ཅན། རྡོ་རྗེ་ཕྲེང་བ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་ཡུལ་སྒྲར་གྲགས་པ་གནས་སུ་དག་པ། བཛྲ་གཱིརྟི་སྟེ། སྒྲའི་མཆོད་པས་མཉེས་པར་བྱེད་བས་ཕྱག་རྒྱ་པི་ཝང ཅན། རྡོ་རྗེ་སྒྲ་དབྱངས་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེའི་ཡུལ་རོར་བྲོ་བ་གནས་སུ་དག་པ། བཛྲ་ནྲྀ་ཏྱེ་སྟེ། ཕྱག་རྒྱའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་གར་བསྒྱུར་ཅན། རྡོ་རྗེ་གར་བསྒྱུར་མ་ལ་ཕྱག་འཚལ་ལོ། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་འདས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་པུཥྤེ་སྟེ། སྤྱན་གྱི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་མེ་ཏོག་ཅན། རྡོ་རྗེ་མེ་ཏོག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་ཀྱི་དུས་ད་ལྟ་བ་ཞེས་བྱ་བ་གནས་སུ་དག་པ། བཛྲ་དྷཱུ་པེ་སྟེ། ཤངས་ཀྱི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་བདུག་སྤོས་ཅན། རྡོ་རྗེ་སྤོས་མེ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་མ་འོངས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་ཨཱ་ལོ་ཀེ་སྟེ། སྐུའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་མར་མེ་ཅན། རྡོ་རྗེ་མར་མེ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་ཕྱིས་འབྱུང་བར་མ་ངེས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་གནྡྷེ་སྟེ། ལྗགས་བྱུག་པའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་བྱུག་པ་ཅན། །རྡོ་རྗེ་དྲི་ཆབ་མ་ལ་ཕྱག་འཚལ་ལོ། །བདུག་པ་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱལ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་པ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད་པོ་སྟེ། བྱམས་པ་ཆེན་པོས་འགྲོ་བའི་དོན་ཚར་གཅོད་པར་མཛད་པས་ཕྱག་རྒྱ་ནྲྀ་མགོ་གདེངས་པ་ཅན། ཤར་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་དབང་པོ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་སྟེ། སྙིང་རྗེ་ཆེན་པོས་འགྲོ་བའི་དོན་དུག་ལྔ་ཡེ་ཤེས་ལྔས་འཇོམས་པར་མཛད་པས་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་ཅན། ལྷོ་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་བྱ་གནས་སུ་དག །ཁྲོ་བོ་ཆེན་པོ་རྟ་མགྲིན་ཏེ། །དགའ་བ་ཆེན་པོས་འགྲོ་བའི་དོན་མཛད་པས་ཕྱག་རྒྱ་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་ཅན། ནུབ་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་ཤེས་གནས་སུ་དག་པ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་སྟེ། བཏང་སྙོམས་ཆེན་པོས་འགྲོ་བའི་དོན་མཐར་ཕྱིན་པར་མཛད་པས་ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ཅན། བྱང་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དྲུག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང་། །ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྟག་པར་ལྟ་བ་གནས་སུ་དག་པ། བཛྲ་ཨངྐུ་ཤ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་འཛིན་པར་བྱེད་པས་ཕྱག་རྒྱ་ལྕགས་ཀྱུ་ཅན། རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ཆད་པར་ལྟ་བ་གནས་སུ་དག་པ། བཛྲ་པཱ་ཤ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་འདྲེན་པར་བྱེད་པས་ཕྱག་རྒྱ་ཞགས་པ་ཅན། རྡོ་རྗེ་ཞགས་པ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་བདག་ཏུ་ལྟ་བ་གནས་སུ་དག་པ། བཛྲ་སྥོ་ཊ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་མི་འཆོར་བར་མཛད་པས་ཕྱག་རྒྱ་ལྕགས་སྒྲོག་ཅན། རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། ། དོན་དམ་པར་སེམས་ཅན་གྱི་མཚན་མར་ལྟ་བ་གནས་སུ་དག་པ། བཛྲ་གྷཎྜེ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་ཐལ་བར་རློག་པར་མཛད་པས་ཕྱག་རྒྱ་དྲིལ་བུ་ཅན། རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ། །རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྒོ་མ་ཆེན་མོ་བཞི་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྷའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། ལྷའི་ཐུབ་པ་སྟེ། ཉོན་མོངས་པ་ང་རྒྱལ་གནས་སུ་དག་པར་མཛད་པས་ཕྱག་རྒྱ་པི་ཝང་ཅན། ལྷའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྷ་མ་ཡིན་གྱི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། ལྷ་མ་ཡིན་གྱི་ཐུབ་པ་སྟེ། ཉོན་མོངས་པ་ཕྲག་དོག་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གོ་ཆ་ཅན། ལྷ་མ་ཡིན་གྱི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིའི་འཇིག་རྟེན་དུ་ལྟ་བ་གནས་དུ་དག་པ། མིའི་ཐུབ་པ་སྟེ། ཉོན་མོངས་པ་འདོད་ཆགས་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གསེག་ཤང་པར་བུ་ཅན། མིའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་བྱོལ་སོང་གི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། བྱོལ་སོང་གི་ཐུབ་པ་སྟེ། ཉོན་མོངས་པ་གཏི་མུག་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གླེགས་བམ་པོ་ཏི་ཅན། བྱོལ་སོང་གི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ཡི་དྭགས་ཀྱི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། ཡི་དྭགས་ཀྱི་ཐུབ་པ་སྟེ། ཉོན་མོངས་པ་སེར་སྣ་གནས་སུ་དག་པར་མཛད་པས་ཕྱག་རྒྱ་རིན་པོ་ཆེའི་སྒྲོམ་བུ་ཅན། ཡི་དྭགས་ཀྱི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དམྱལ་བའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། དམྱལ་བའི་ཐུབ་པ་སྟེ། ཉོམ་མོངས་ཞེ་སྡང་གནས་སུ་དག་པར་མཛད་པས་ཕྱག་རྒྱ་མེ་ཆུ་ཅན། དམྱལ་བའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་མགོན། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱང་། །བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །ཧོ་སྒྱུ་འཕྲུལ་རང་བཞིན་གྱི་དཀྱིལ་འཁོར་ཕྱོགས་བཅུ་ན་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། རང་བཞིན་གྱི་དཀྱིལ་འཁོར་འདི་ལྟར་སྣང་བ་ཐམས་ཅད་ལ་ཡང་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་ཅིང་། བརྗོད་ཀྱིས་མི་ལང་བའི་ལྷ་རྣམས་ལ་རྣལ་འབྱོར་པ་བདག་ཅག་གིས་ལུས་རྡུལ་སྙེད་དུ་སྤྲུལ་ནས་ལུས་ངག་ཡིད་གསུམ་ཤིན་ཏུ་གནོང་འགྱོད་དང་བཅས་པས་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། གལ་ཏེ་རྣལ་འབྱོར་པ་གང་ཞིག་གིས་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣ་བར་ལན་གཅིག་ཐོས་པ་ཙམ་གྱིས་ཀྱང་དམྱལ་བ་ཆེན་པོར་མི་ལྟུང་ངོ་། །དེ་བས་ན་གུས་པས་ཕྱག་འཚལ་ལོ། །རང་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ལ། །གང་ཞིག་གུས་པས་ཕྱག་འཚལ་ན། །ཉམས་ཆག་ཀུན་ཀྱང་འབྱང་བར་འགྱུར། །དམ་ཚིག་བསྐངས་ནས་དངོས་གྲུབ་འཐོབ། །དེ་སྐད་ཅེས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་རྩལ་བ་དང་། ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས། ཨ་ལ་ལ་ཧོ། ཞེས་བརྗོད་ཅིང་ལུས་ས་ལ་བརྡེབ་ཅིང་བརྐྱང་ཕྱག་ལན་སྟོང་དུ་བཙལ་བས་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་བསྐངས་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་ལ་བསྙེན་པར་གྱུར་ཏོ། །རྣལ་འབྱོར་མ་རྣམས་ཀྱིས་ཀྱང་ཉམས་ཆག་བསྐངས་ནས། སོར་ཆུད་པའི་རིག་འ ཛིན་གྱི་ས་ལ་ཁད་ཀྱིས་བསྙེན་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །རྣལ་འབྱོར་གྱི་གྲལ་འདིར་འདུས་པའི་སྟོན་པ་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་གྱིས། ལྟ་སྤྱོད་དང་། དཀྱིལ་འཁོར་དང་། མར་མེ་གཅིག་ལ་བལྟ་བའི་རྡོ་རྗེ་སྤུན་གྲོགས་རྣམས་ཉོན་ཅིག །སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར་ཞེས་བྱ་བ། ཐུགས་ཞི་བ་ཆེན་པོ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པར་སྐུ་ཐུགས་རྗེ་རོལ་པ་ཆེན་པོ་ཁྲོ་བོའི་ཆ་ལུགས་ཅན། ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་མཛད་པ་རྣམས་ལ་ཡང་ཕྱག་འཚལ་ཞིང་ཉམས་ཆག་སྐོངས་ཤིག །དེ་ནས་རྣལ་འབྱོར་པ་རྣམས་ཀྱིས་སྟོན་པ་ཀུན་ཏུ་བཟང་པོ་ལ་གསོལ་པ། རོལ་པ་ཆེན་པོ་ཁྲོ་བོའི་དཀྱིལ་འཁོར་དེའི་མཚན་རྣམས་བདག་ཅག་རྣམས་ལ་བསྟན་དུ་གསོལ། ཨ་ལ་ལ་ཧོ། ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་མཚན་ནས་བརྗོད་དེ་བཀའ་སྩལ་པ། ཧོ་དགོངས་སུ་གསོལ། རང་རིག་པ་ཐབས་ཀྱི་རྒྱལ་པོ་ཁྲོ་བོ་ཐམས་ཅད་ཀྱི་རྗེ་བཙན་ཆེན་པོ། སངས་རྒྱས་ཐམས་ཅད་ཀྱི་སྤྱི་དཔལ། བཅོམ་ལྡན་འདས་བླ་ན་མེད་པའི་དཔལ་ཆེན་པོ། ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལྟ་བུའི་སྐུ་དུས་གསུམ་དུ་འགྱུར་བ་མི་མངའ་ཞིང་། ཞེ་སྡང་ཆེན་པོའི་ཐབས་ལ་མཁས་པས་དྲེགས་པ་ཕོ་མོའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད། བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྟོང་པ་ཉིད་ཀྱི་དབྱིངས་ནས་སྐྱེ་བ་མེད་པའི་སྐུ་བརྙེས་པ། གཏི་མུག་ཆེན་པོའི་ཐབས་ལ་མཁས་པས་མ་ཧཱ་དེ་ཝའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་སྐུའི་བདག་ཉིད། བུདྡྷ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་ཉིད་བྱང་ཆུབ་སེམས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་བརྙེས་པ། ང་རྒྱལ་ཆེན་པོའི་ཐབས་ལ་མཁས་པས་གཤིན་རྗེའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད། རཏྣ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་ཉིད་ཆགས་པ་མེད་པའི་དབྱིངས་ནས་བྱང་ཆུབ་སེམས་དཔའི་སྐུ་བརྙེས་པ། འདོད་ཆགས་ཆེན་པོའི་ཐབས་ལ་མཁས་པས་ཀླུའི་གདན་ལ་གཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་གསུང་གི་བདག་ཉིད། པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཕྲིན་ལས་གྲུབ་པའི་དབྱིངས་ནས་སྤྲུལ་པ་མཆོག་གི་སྐུ་བརྙེས་པ། ཕྲག་དོག་ཆེན་པོའི་ཐབས་ལ་མཁས་པས་གནོད་སྦྱིན་གྱི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད། ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྦྱོར་བའི་དབྱིངས་ནས་ཕྱིན་ཅི་ལོག་གི་ལྟ་བ་འཇོམས་པའི་སྐུ་བརྙེས་པ། ག་ཎའི་ཐབས་ལ་མཁས་པས་དྲང་སྲོང་གི་གདན་ལ་བཞུགས་པ། རཀྴ་ཧེ་རུ་ཀ་ལ་ཕྱག་འཛལ་ལོ། །དམ་ཚིག་གི་དབྱིངས་ནས་མྱོང་བྱེད་ཀྱི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། ཉམས་པ་བསྐང་བའི་ཐབས་ལ་མཁས་པས་སྲིན་པོའི་གདན་ལ་བཞུགས་པ། ས་ནུ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གསང་བའི་དབྱིངས་ནས་སྐྱེ་གནས་ཀྱི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། མཚན་མའི་ཐབས་ལ་མཁས་པས་རླུང་ལྷའི་གདན་ལ་བཞུགས་པ། གུ་ཧྱ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྒྲོལ་བའི་དབྱིངས་ནས་རེག་བྱའི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། ཏ་ནའི་ཐབས་ལ་མཁས་པས་བགེགས་ཀྱི་གདན་ལ་བཞུགས་པ། ཡཀྴ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །ཧེ་རུ་ཀ་དཔལ་རྣམས་ལ་ཕྱག་འཚལ་ལོ། །རང་བཞིན་དག་པའི་དབྱིངས་ནས་ཡུམ་ཆེན་ཁྲོ་མོའི་སྐུ་བརྙེས་པ། སྐུ་དཔལ་དུ་འབར་བས་རྔམས་པའི་ཆ་ལུགས་ཅན། གསུང་དཔལ་དུ་འབར་བས་རྔམས་པའི་གདངས་སྐད་ཅན། ཐུགས་དཔལ་དུ་འབར་བས་ཐུགས་རྗེ་ཆེན་པོ་ཅན། དཔལ་འབར་ཁྲོས་མའི་རྒྱལ་མོ་ཆེ། ཁྲོ་མོ་ཆེན་མོ་གནམ་ཞལ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །ཆོས་ཉིད་དབྱིངས་ཀྱི་ཕྱག་རྒྱ་ལས། རྣམ་པར་ཐར་བའི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། བཛྲ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །མཉམ་ཉིད་བླང་དོར་མེད་པའི་དབྱིངས་ནས་རོལ་པ་ཡེ་ཤེས་ཀྱི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། བུདྡྷ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །བྱམས་མགོན་ཆོས་ཉིད་ཀྱི་དབྱིངས་ནས་ཐུགས་རྗེ་ཡེ་ཤེས་ཀྱི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། རཏྣ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །ཆོས་ཉིད་པདྨའི་དབྱིངས་ནས་སྐྱོན་བྲལ་པདྨའི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། པདྨ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །ལས་རབ་རོལ་བའི་དབྱིངས་ནས་དོན་གྲུབ་མཆོག་གི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། ཀརྨ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །དྲོད་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། རཀྴ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །མངལ་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། ས་ནུ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །བརྫུས་ནས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། གུ་ཧྱ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །སྒོ་ང་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། ཡཀྴ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །ཁྲོ་མོ་སྔོན་མོ་བམ་དབྱུག་འཛིན། །ག་རཱི་མ་ལ་ཕྱག་འཚལ་ལོ། །ཁྲོ་བོ་སེར་མོ་མདའ་གཞུ་འཛིན། །ཙ་རཱི་མ་ལ་ཕྱག་འཚལ་ལོ། །ཁྲོ་མོ་དམར་མོ་ཆུ་སྲིན་འཛིན། །པྲ་མོ་ཧཱ་ལ་ཕྱག་འཚལ་ལོ། །ཁྲོ་མོ་མཐིང་ནག་རྡོ་རྗེ་འཛིན། །བཻ་ཏ་ལཱི་ལ་ཕྱག་འཚལ་ལོ། །ཁྲོ་མོ་དམར་སེར་བྱིས་རྒྱུ་འདྲེན། །པུཀྐ་སཱི་ལ་ཕྱག་འཚལ་ལོ། །ཁྲོ་མོ་ལྗང་གུ་དུང་ཁྲག་འཐུང་། །གྷ སྨ་རཱི་ལ་ཕྱག་འཚལ་ལོ། །ཁྲོ་མོ་ནག་མོ་བྱིས་སྙིང་ཟ། །སྨ་ཤ་ནཱི་ལ་ཕྱག་འཚལ་ལོ། །ཁྲོ་མོ་སེར་སྐྱ་མཆོག་ལུས་འདྲལ། །ཙཎྜ་ལཱི་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་གྱད་ཀྱིས་བཞུགས། །ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །སིང་ཧ་ཁ་རོ་བསྣོལ་སེར་སེང་། །སེང་གེའི་དབུ་ལ་ཕྱག་འཚལ་ལོ། །བྱཱ་གྷྲི་མནན་བལྟ་བསྣོལ་དམར་སྟག །སྟག་གི་དབུ་ལ་ཕྱག་འཚལ་ལོ། །སྲི་ལ་ནག་མོ་བྱིས་ལྡག་ཝ། །ཝ་ཡི་དབུ་ལ་ཕྱག་འཚལ་ལོ། །ཤྭ་ན་འདྲལ་བལྟ་མཐིང་ག་སྤྱང་། །སྤྱང་མོའི་དབུ་ལ་ཕྱག་འཚལ་ལོ། །གྷྲྀྀ་དྷ་གྲི་དམར་རྒྱུ་འདྲེན་རྒོད། །བྱ་རྒོད་དབུ་ལ་ཕྱག་འཚལ་ལོ། །ཀངྐ་ཞིང་ཕྲག་སྣར་མགོ་རིང་། །དུར་བྱའི་དབུ་ལ་ཕྱག་འཚལ་ལོ། །ཀཱ་ཀ་ཁ་རོ་བྷན་གྲི་ནག །བྱ་རོག་དབུ་ལ་ཕྱག་འཚལ་ལོ། །ཨུ་ལཱུ་མཐིང་ག་རྡོ་རྒྱུ་འུག །འུག་པའི་དབུ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །སྒོ་མ་སྔོན་མོ་ལྕགས་ཀྱུ་འཛིན། །རྟ་གདོང་མ་ལ་ཕྱག་འཚལ་ལོ། །སྒོ་མ་ནག་མོ་ཞགས་པ་འཛིན། །ཕག་གདོང་མ་ལ་ཕྱག་འཚལ་ལོ། །སྒོ་མ་དམར་མོ་ལྕགས་སྒྲོག་འཛིན། །སེང་གདོང་མ་ལ་ཕྱག་འཚལ་ལོ། །སྒོ་མ་ལྗང་གུ་དྲིལ་བུ་འཛིན། །སྤྱང་གདོང་མ་ལ་ཕྱག་འཚལ་ལོ། །རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང་། །སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ། །ཆོས་ཉིད་རྣམ་དག་ངང་ལས་ཅིར་ཡང་སྣང་། སྣ་ཚོགས་ཅིར་ཡང་བསྒྱུར་བའི་སྐུ་མངའ་ཞིང་། །སྲིད་གསུམ་ཞིང་དུ་སྦྱོར་བས་གཡང་གཞི་གསོལ། །སྟོང་ཁམས་གནས་སྤོར་ཉི་ཟེར་ཞགས་པ་འཕེན། །སྤོར་བྱེད་ཉི་ཞགས་འཕེན་ལ་ཕྱག་འཚལ་ལོ། །རྣམ་རྟོག་ནད་རྣམས་རྟག་ཏུ་བསལ་བའི་ཕྱིར། །མི་འབྲལ་ཅིར་ཡང་བསྒྱུར་བའི་སྐུ་མངའ་ཞིང་། །ཉོན་མོངས་ལྔ་གཞོམ་ཐོད་ཁྲག་མདུང་ཐུང་འཕེན། །ཐུགས་རྗེ་ཐབས་མཁས་མི་རྣམས་གནས་སུ་སྤོར། །སྤོར་བྱེད་མདུང་ཐུང་འཕེན་ལ་ཕྱག་འཚལ་ལོ། །མ་རིག་སེམས་ཅན་དབྱིངས་སུ་གཟུད་པའི་ཕྱིར། །ཆོས་ཉིད་བདེ་བའི་སྐུ་ལས་གཡོས་པ་མེད། །སྟོང་ཁམས་དབང་སྡུད་དུང་ཁྲག་ཐུགས་ཀར་བསྐྱིལ། །བརྗིད་པའི་རོལ་པས་སྟོང་ཁམས་གནས་སུ་སྤོར། །སྤོར་བྱེད་དྲིལ་འཁྲོལ་མ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་བྱམས་པས་ཀུན་ལ་ཁྱབ་པ་ཡི། །མདོག་བཟང་དཀར་སེར་ཞི་རྒྱས་ལྡན་པའི་སྐུ། །འདོད་ལྔ་དབང་སྡུད་དུང་ཁྲག་ཐུགས་ཀར་འཛིན། །ལྷ་རྣམས་གནས་སྤོར་རྡོ་རྗེ་ཁྱུང་ཆེན་འཛིན། །སྤོར་བྱེད་ཁྱུང་ཐོགས་མ་ལ་ཕྱག་འཚལ་ལོ། །སྡུག་བསྔལ་མི་བཟད་ཡོངས་སུ་གཞིག་པའི་ཕྱིར། །མཐིང་ནག་ཆེན་མོ་རྔམས་པའི་སྐུ་མངའ་ཞིང་། །གཡུལ་ཆེན་རབ་བཟློག་རྡོ་རྗེ་སྐར་མདའ་འཕེན། །ལྷ་མིན་གནས་སྤོར་དུག་ཁྲག་ཞལ་དུ་གསོལ། །སྤོར་བྱེད་སྐར་མདའ་འཕེན་ལ་ཕྱག་འཚལ་ལོ། །ལོག་པར་ལྟ་བ་དབང་དུ་མཛད་པའི་ཕྱིར། །སྐུ་མདོག་དམར་ནག་དབང་དྲག་འཛོམ་པའི་ཞལ། །ཕྱི་ནང་སྒྲིབ་གཉིས་སྦྱངས་ནས་བདེ་བའི་ཕྱིར། །རྡོ་རྗེ་གློག་ཕྲེང་ཡི་དྭགས་གནས་སུ་སྤོར། །སྤོར་བྱེད་གློག་ཕྲེང་ཅན་ལ་ཕྱག་འཚལ་ལོ། །གཏི་མུག་རྨོངས་པ་དབང་དུ་མཛད་པའི་ཕྱིར། །དཀར་ནག་ཕྱེད་མ་ཞི་དྲག་ལྡན་པའི་སྐུ། །གཏི་མུག་སྟོངས་མཛད་ཐོད་ཁྲག་ཞལ་དུ་གསོལ། །བྱོལ་སོང་གནས་སུ་སྤོར་བས་བླཀྴ་རྡེབ། །སྤོར་བྱེད་བླཀྴ་རྡེབ་ལ་ཕྱག་འཚལ་ལོ། །སྡུག་བསྔལ་བརྒྱད་དང་བཅུ་དྲུག་སྦྱང་བའི་ཕྱིར། །སྐུ་མདོག་སེར་ནག་དྲག་པོ་རྒྱས་པའི་སྐུ། །དམྱལ་བ་སྟོངས་མཛད་ཐོད་ཁྲག་ཞལ་དུ་གསོལ། །དམྱལ་བ་གནས་སྤོར་རྡོ་རྗེ་རལ་གྲི་འཛིན། །སྤོར་བྱེད་རལ་གྲི་འཛིན་ལ་ཕྱག་འཚལ་ལོ། །དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རོལ་པ་ལས། །འགྲོ་དོན་མཛད་པའི་ཐུབ་པ་ཆེན་པོ་རྣམས། །ལས་ངན་ཞི་བས་འདུལ་བར་མི་འགྱུར་བའི། །རྒྱུད་དྲུག་རྣམས་ལ་དབང་དྲག་རོལ་པར་མཛད། །སྤོར་བྱེད་བརྒྱད་དུ་མཚན་གསོལ་མི་བཟད་མ། །ཀུན་ཀྱང་འཇིགས་ཚུལ་ཆེ་ལ་སྙིང་རྗེར་ལྡན། །སྐམ་གཤེར་སྤེལ་བའི་གདན་ལ་བརྐྱང་བསྐུམ་བཞུགས། །ཐོད་ཁྲག་མཚོན་ཆ་འཛིན་ཅིང་གཡང་གཞི་གྱོན། །རལ་པ་དབྱིངས་འབར་བཤུགས་གླུས་སྟོང་ཁམས་འགེངས། །ཧ་ཧའི་གད་འདེངས་རྒྱུད་དྲུག་སེམས་ཅན་སྐྱོང་། །རྒྱུད་དྲུག་འཁོར་བའི་སེམས་ཅན་ཅི་འདྲ་བ། །ལྷ་མཆོག་ཁྱེད་ཀྱི་སྤྱན་སྔར་ས་ལེ་བའི། །འགྲོ་བ་རིགས་དྲུག་སེམས་ཅན་ཀུན་སྦྱངས་ནས། །ལྷ་མཆོག་ཁྱེད་ཀྱིས་དངོས་གྲུབ་སྩལ་དུ་གསོལ། །རྣལ་འབྱོར་དམར་ནག་ཏྲི་ཤུལ་འཛིན། གཡག་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སེར་རྩེ་ལྔ་འཛིན། །སྦྲུལ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སེར་ནག་དབྱུག་སྡིག་འཛིན། །གཟིག་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དཀར་དམར་དུང་དམར་འཛིན། །སྲེ་མོའི་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སེར་མོ་འཁོར་ལོ་འཛིན། །ཕ་ཝང་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སྐྱ་བམ་དབྱུག་འཛིན། །དྲེད་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་མོ་རྒྱུ་ཞགས་འཛིན། །དོམ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྔོན་མོ་བུམ་པ་འཛིན། །ཆུ་སྲིན་མགོ་ལ་ཕྱག་འཛལ་ལོ། །རྣལ་འབྱོར་སྔོ་སྐྱ་པུཎྜ་འཛིན། །སྡིག་པའི་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ནག་མོ་ཐོད་རློན་འཆང་། །ཁྲ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་ནག་རྒྱུ་ཞགས་འཛིན། །ཝ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ནག་མོ་བམ་ཆེན་འཛིན། །སྟག་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་མོ་ཁོག་ཆེན་འཛིན། །རྒོད་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་ནག་རྡོ་དབྱུག་འཛིན། །རྟ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དཀར་དམར་བྷནྡྷ་འཛིན། །ཁྱུང་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སེར་བྱིས་བམ་འཛིན། །ཁྱི་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དཀར་དམར་པདྨ་འཛིན། །པུ་ཤུད་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སྐྱ་བྷནྡྷ་འཛིན། །ཤྭ་བའི་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་ནག་རྔ་ཆུང་འཛིན། །སྤྱང་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སེར་མེ་སྒྲོན་འཛིན། །སྐྱིན་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་སེར་མཆེ་བ་འཛིན། །ཕག་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་སྔོན་དུང་ཁྲག་འཛིན། །ཁྭ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་ལྗང་བམ་ཆེན་འཛིན། །བ་ལང་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་ནག་བདུད་རྩི་འཛིན། །སྦྲུལ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ནག་མོ་ལྕགས་ཀྱུ་འཛིན། །ཁུ་བྱུག་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྔོན་མོ་ཞགས་པ་འཛིན། །ར་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་མོ་ལྕགས་སྒྲོག་བསྣམས། །སེང་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་ནག་དྲིལ་བུ་འཛིན། །སྐྱ་ཀའི་མགོ་ལ་ཕྱག་འཚལ་ལོ། །དཔལ་གྱི་འཁོར་ཚོགས་བཛྲ་ཨ་ར་ལི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ། །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ། །རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་ལོ། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །འཁོར་ལོ་རྒྱས་འདེབས་ཡུམ་ལ་ཕྱག་འཚལ་ལོ། །འདོད་པའི་སྐྱོན་སྤང་སྐྱེ་ལ་དབང་མཛད་པ། །ཁྲོ་ཆེན་ཧཱུཾ་ཀཱ་ར་ལ་ཕྱག་འཚལ་ལོ། །མ་བྱིན་ལེན་སྤངས་ཡོ་བྱད་དབང་མཛད་པ། །ཁྲོ་ཆེན་རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །སྲོག་གཅོད་སྐྱོན་སྤངས་ཚེ་ལ་དབང་མཛད་པ། །ཁྲོ་ཆེན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཕྲ་མའི་སྐྱོན་སྤངས་ཆོས་ལ་དབང་མཛད་པ། །ཁྲོ་ཆེན་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །ངག་རྩུབ་སྐྱོན་སྤངས་ལས་ལ་དབང་མཛད་པ། །ཁྲོ་ཆེན་བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ། །ལོག་པར་ལྟ་སྤངས་ཡེ་ཤེས་དབང་མཛད་པ། །ཁྲོ་ཆེན་དབྱུག་སྔོན་ཅན་ལ་ཕྱག་འཚལ་ལོ། །རྫུན་གྱི་སྐྱོན་སྤངས་མོས་ལ་དབང་མཛད་པ། །ཁྲོ་ཆེན་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ངག་འཁྱལ་སྐྱོན་སྤངས་སེམས་ལ་དབང་མཛད་པ། །ཁྲོ་ཆེན་འདོད་པའི་རྒྱལ་ལ་ཕྱག་འཚལ་ལོ། །གནོད་སེམས་སྐྱོན་སྤངས་རྫུ་འཕྲུལ་དབང་མཛད་པ། །ཁྲོ་ཆེན་ཁམས་གསུམ་རྒྱལ་ལ་ཕྱག་འཚལ་ལོ། །བརྣབ་སེམས་སྐྱོན་སྤངས་སྨོན་ལམ་དབང་མཛད་པ། །ཁྲོ་ཆེན་སྟོབས་པོ་ཆེ་ལ་འཚལ་ལོ། །ཡེ་ཤེས་ཕ་རོལ་ཕྱིན་མ་སྟེ། །སྒྲ་འབྱིན་མ་ལ་ཕྱག་འཚལ་ལོ། །ཤེས་རབ་ཕ་རོལ་ཕྱིན་མ་སྟེ། །རྡོ་རྗེ་སྙེམས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་ཕ་རོལ་ཕྱིན་མ་སྟེ། །རྡོ་རྗེ་སྡེར་ལ་ཕྱག་འཚལ་ལོ། །བསམ་གཏན་ཕ་རོལ་ཕྱིན་མ་སྟེ། །དུར་ཁྲོད་མ་ལ་ཕྱག་འཚལ་ལོ། །ཐབས་ཀྱི་ཕ་རོལ་ཕྱིན་མ་སྟེ། །གཏུན་ཁུང་མ་ལ་ཕྱག་འཚལ་ལོ། །བརྩོན་འགྲུས་ཕ་རོལ་ཕྱིན་མ་སྟེ། །རབ་གཏུམ་མ་ལ་ཕྱག་འཚལ་ལོ། །སྦྱིན་པའི་ཕ་རོལ་ཕྱིན་མ་སྟེ། །མདའ་སྙེམས་མ་ལ་ཕྱག་འཚལ་ལོ། །སྨོན་ལམ་ཕ་རོལ་ཕྱིན་མ་སྟེ། །སྐྱོད་བྱེད་མ་ལ་ཕྱག་འཚལ་ལོ། །སྟོབས་ཀྱི་ཕ་རོལ་ཕྱིན་མ་སྟེ། །གསོད་བྱེད་མ་ལ་ཕྱག་འཚལ་ལོ། །བཟོད་པའི་ཕ་རོལ་ཕྱིན་མ་སྟེ། །སྐུལ་བྱེད་མ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དྲེགས་པ་སྣོལ་བའི་གདན་སྟེང་ན། །ཡེ་ཤེས་བསྐལ་པ་མེ་དཔུང་འབར་བའི་ཀློང་། །བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་རྣམས་ཀྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པ། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །འབྱུང་བ་ལྔ་ལས་སྐུར་བཞེངས་མ། །རྟག་རྒྱལ་ལྔ་ལ་ཕྱག་འཚལ་ལོ། །རང་བཞིན་དབྱིངས་ལས་གྲུབ་པ་མོ། །དབྱིངས་ཕྱུག་ལྔ་ལ་ཕྱག་འཚལ་ལོ། །རྒྱུ་འབྲས་བྱང་ཆུབ་སེམས་ཀྱི་སྤྲུལ་པ་སྟེ། །མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་ལོ། །ག་ཎ་པ་ཏིའི་སྤྲུལ་པ་སྟེ། །ཀིང་ཀ་ར་ལ་ཕྱག་འཚལ་ལོ། །ལྷ་མོ་དཔལ་མོའི་སྤྲུལ་པ་སྟེ། །ཀིང་ཀ་རཱི་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཁམས་ལ་དབང་མཛད་མ། །འཇིགས་བྱེད་དཔལ་འབར་རལ་པ་ཅན། །འདོད་པའི་རོ་ལ་ཆགས་པ་མོ། །མ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །དེ་སྐད་ཅེས་ནི་བཀའ་སྩལ་པ། །གང་གིས་སྒྱུ་འཕྲུལ་ཁྲོ་བོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆག་ཀུན་ཀྱང་དག་འགྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང་། །ན་རག་ག ནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་བཀའ་སྩལ་བ་དང་། ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས། །ཨ་ལ་ལ་ཧོ། བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་གྱི་སྤྱི་ཁྲུས་ཀྱི་ཆོས་བཤད་པ་ངོ་མཚར་ཆེའོ། །ཞེས་བརྗོད་དེ། ལུས་ས་ལ་བརྡེབ་ཅིང་བརྐྱང་ཕྱག་ལན་སྟོང་དུ་བཙལ་ལོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཐོས་པ་ཙམ་གྱིས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཏེ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་གྲུབ་པར་གྱུར་ཏོ། །དེ་ནས་དུས་དེར་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཡེ་ཤེས་ཀྱི་བདག་ཉིད། སྐུ་མཚན་གྱི་མེ་ཏོག་ལ་དཔེ་བྱད་བཟང་པོའི་འབྲས་བུས་བརྒྱན་པ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་སྟོབས་དང་། མི་འཇིགས་པ་དང་། གཟུངས་དང་། ཏིང་ངེ་འཛིན་ལ་སོགས་པ་མངའ་བ། གཞན་ཡང་དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་དབང་བསྐུར་བ། དར་དཀར་དང་། པ་ཏི་དང་། རིན་པོ་ཆེ་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གདན་ཡང་བྱང་ཆུབ་སེམས་དཔའ་བརྒྱད་གླང་པོ་ཆེར་སྤྲུལ་པ་བརྒྱད་ཀྱིས་རིན་པོ་ཆེའི་ཁྲི་བཏེགས་པའི་སྟེང་ན། པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་ན་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། སྐུ་བལྟ་བས་ཆོག་མི་ཤེས་པ་སྟེ། ཤིན་ཏུ་ལྷམ་མེ། ལྷང་ངེ་། ལྷན་ནེ། ནམ་མཁའི་འཇའ་ཚོན་ནམ། མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པ་ཞིག །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་མངོན་སུམ་དུ་བྱོན་ཏེ་སྟོན་པ་ཀུན་ཏུ་བཟང་པོའི་སྤྱན་སྔར་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་ཁྱེད་ཀྱིས་གསང་སྔགས་ཀྱི་སྒོར་ཞུགས་པ་ཐམས་ཅད་ཀྱི་ཉམས་ཆག་སོར་ཆུད་པར་བྱ་བའི་ཆེད་དུ། རྣལ་འབྱོར་གྱི་སྤྱི་ཁྲུས་འགྱོད་ཚངས་ཀྱི་ཆོ་ག་བཤད་པ་འདི་ནི་རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི་ཡུམ། རྣལ་འབྱོར་ལ་སྔར་འདས་པ་རྣམས་ཀྱི་ལམ་ཆེན་པོ། ད་ལྟར་གྱི་རྣལ་འབྱོར་པ་མ་རིག་པ་རྣམས་ཀྱི་མིག་འབྱེད་པ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་འདྲེན་ཤུལ་ཏེ། རྣལ་འབྱོར་སྤྱིའི་ལམ་ཆེན་པོ་འདི་ལྟ་བུ་བཀའ་སྩལ་པ། ཐུགས་རྗེ་ཆེ་ལ་ངོ་མཚར་ཆེ་ལགས་སོ། །དེ་བས་ན་བདག་གིས་ཀྱང་ཡི་གེ་བརྒྱ་པ་ཞེས་བྱ་བ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སེལ་བར་བྱེད་པ་འདི་བརྗོད་ཀྱི་རྣལ་འབྱོར་པ་ཉམས་ཆག་དང་རྟོག་སྒྲིབ་ཅན། གསོག་འཇོག་དང་། བག་ཆགས་ངན་པ་ཅན་ཁྱེད་རྣམས་ཉོན་ཅིག །ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྂ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨ། འདི་དག་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ན། ཉམས་ཆག་ཐམས་ཅད་བསྐངས་ཏེ་ངན་སོང་གསུམ་དུ་ལྟུང་བ་ལས་ཐར་བར་འགྱུར་རོ། །རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅས་ནས་འདོན་ན། མི་དེ་ཚེ་འདི་ལ་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་དམ་པར་དགོངས་ནས་སྲུང་སྐྱོབ་མཛད་ལ། ཚེ་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་དམ་པ་ཉིད་དུ་གདོན་མི་ཟ་བར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང་། ཕྱོགས་ཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས། དཔལ་རྡོ་རྗེ་སེམས་དཔའ་ལ་བརྐྱང་ཕྱག་ལན་སྟོང་དུ་བཙལ་ཞིང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པའི་ཡི་གེ་བརྒྱ་པ་བཀའ་རྩལ་པ་ངོ་མཚར་ཆེ་ལགས་སོ། །ཨ་ལ་ལ་ཧོ། དེ་ནས་དཔལ་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ལ་ཕན་གདགས་ཤིང་། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ་ཡི་གེ་བརྒྱ་པ་ཞེས་བྱ་བ་བཤགས་པ་ཐམས་ཅད་ཀྱི་རྒྱལ་པོ་བརྗོད་པ་ལེགས་སོ་ལེགས་སོ། །དེ་ནས་ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ལུས་པུས་བཙུགས་སུ་བཅས་ཏེ། འགྱོད་ཚངས་སུ་སྨྲས་པ། ཧོ་དགོངས་སུ་གསོལ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་། རིགས་ལྔའི་བདེ་བར་གཤེགས་པ་ལ་སོགས་པ། སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་རྣམས་ནི་ཐུགས་རྗེ་ཆེ་ལ་ཐབས་མཁས་པས་ཀུན་ལ་སྙོམས་པའི་ཡབ་ཡུམ་ལགས། སྔར་འདས་པའི་རིག་འཛིན་གྱི་ས་ལ་བཞུགས་པ་རྣམས་ནི་དགེ་བའི་བཤེས་གཉེན་ལགས་ན། བདག་ཅག་ལ་སོགས་པ་གསང་སྔགས་ཀྱི་སྒོར་ཞུགས་སོ་འཚལ་རྣམས་ཀྱིས། བདེ་བར་གཤེགས་པའི་མཛད་སྤྱོད་དམ་པ་ཀློང་དུ་མ་གྱུར་ཅིང་། དགོངས་སྤྱོད་དམ་པ་གདིངས་སུ་མ་ཆུད་པའི་དབང་གིས་བཀའ་གསང་བ་ཆེན་པོ་སྤྱད་ཉེས་པར་གྱུར་ཏེ། རྩ་བ་དང་ཡན་ལག་གི་དམ་ཚིག་ལས་འགོངས་ཤིང་འདས་པར་གྱུར་པས། ལ་ལས་ནི་དེ་བཞིན་གཤེགས་པའི་བཀའ་ངོ་བོ་ཉིད་ཀྱིས་མ་བཅོས་པ་ལ། གཟུ་ལུམ་དང་རས་གཅོད་བགྱིས། ལ་ལས་ནི་དམ་པ་སྟོན་པའི་རྡོ་རྗེ་སློབ་དཔོན་ལ་སྙིང་ནས་སྨད་པ་དང་། བཀའ་བརྐུ་བ་དང་། ཐུགས་དང་འགལ་བའི་ལས་མང་པོ་བགྱིས། ལ་ལས་ནི་དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་གྲོགས་ལ། ལྟ་སྤྱོད་ལོག་པ་དང་། ངན་སེམས་དང་། འཕྱ་སེམས་དང་། བརྐུ་འཕྲོག་དང་། བརྡེག་བཙོག་དང་། ངན་དུ་སྨྲ་བ་ལ་སོགས་པ་སྐུའི་དམ་ཚིག་ཉམས་པའི་ལས་བགྱིས། ལ་ལས་ནི་དང་པོ་རྡོ་རྗེ་སློབ་དཔོན་གྱིས་ལུང་ཕོག་སྟེ། བཀའ་དྲིན་མནོས་པ་ལས། ཡི་དམ་ལྷའི་ཏིང་འཛིན་མ་གསལ་ཞིང་། སྒོམ་སྒྲུབ་རྔོ་མ་ཐོགས་པ་དང་། འཛབ་དང་བཟླས་བརྗོད་རྒྱུན་ཆད་པ་དང་། བསྙེན་སྒྲུབ་ཟབ་མོ་དུས་ལས་ཡོལ་ཏེ། ལོ་ཟླ་འདས་པ་ལ་སོགས་པའི་ལས་བགྱིས། ལ་ལས་ནི་བཀའ་གསང་བ་ཟབ་མོའི་ལྟ་སྤྱོད་མངོན་དུ་ཕྱུང་ཞིང་། སྦས་པའི་གསང་བ་དང་། གསང་བར་འོས་པ་དང་། གསང་བར་གཉེར་གཏད་པ་རྣམས་གཞན་ལ་སྤེལ་བ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པའི་དབང་གིས་ལུས་ངག་ཡིད་གསུམ་འཚིག་པའི་ལས་བགྱིས་པ་འདི་དག །ཕྱོགས་བཅུའི་སྒྱུ་འཕྲུལ་རང་བཞིན་གྱི་དཀྱིལ་འཁོར་དང་། གྲུབ་པའི་ས་ལ་བཞུགས་པའི་རིག་འཛིན་ཕོ་མོ་རྣམས་དང་། ཡེ་ཤེས་དང་ལས་ལས་གྲུབ་པ་ལེགས་ཉེས་ཀྱི་སྟངས་འཛིན་ཅིང་། དམ་ཚིག་གི་རྗེས་གཅོད་པའི་དམ་ཅན་རྒྱ་མཚོ་རྣམས་ལ་མཆོད་པ་འདི་ལ་བརྟེན་ནས། འགྱོད་ཚངས་སུ་གསོལ་བའི་མདོ་ནི། སྐུའི་དམ་ཚིག་ལས་འདས་པའི་དབང་གིས། འཇིག་རྟེན་འདིར་ཡང་ལུས་ལ་མཛེ་ཤུ་ལ་སོགས་པའི་སྡུག་བསྔལ་འབྱུང་ཞིང་། ཚེ་འཕོས་ནས་ཀྱང་དམྱལ་བ་ཆེན་པོའི་ཡང་གཏིང་ཐར་བའི་དུས་མེད་པའི་གནས་སུ་ལུས་གཤག་གཏུབ་ལ་སོགས་པའི་སྡུག་བསྔལ་གྱི་རྒྱུ་འདི་ལྟ་བུ་བསགས་པ་རྣམས་མཐོལ་ཞིང་བཤགས་སོ། །གསུང་གི་དམ་ཚིག་ལས་འདས་པའི་དབང་གིས། འཇིག་རྟེན་འདི་དང་ཕྱི་མའི་ངག་དིག་ལྐུགས་ལ་སོགས་པ་ངག་གི་རྒྱུ་འདི་ལྟ་བུ་བསགས་པ་རྣམས་མཐོལ་ཞིང་བཤགས་སོ། །ཐུགས་ཀྱི་དམ་ཚིག་ལས་འདས་པའི་དབང་གིས། འཇིག་རྟེན་འདི་དང་ཕྱི་མའི་སེམས་སྨྱོ་འབོག་ལ་སོགས་པ་དང་། ངན་སོང་གི་རྒྱུ་བས གས་པ་རྣམས་མཐོལ་ཞིང་བཤགས་སོ། །ལ་ལས་ནི་དབང་མ་མནོས་པར་སློབ་དཔོན་གྱི་ས་བཟུང་ནས། བཀའ་ཟབ་མོ་ལ་དབང་ཟོས་ཏེ་བརྫབས་པ་དང་། ལ་ལས་ནི་གབ་པའི་མན་ངག་མ་རྟོགས་པར། སྦས་པའི་གསང་བ་ལ་མངོན་པར་འཆེལ་ཏེ། གསང་སྔགས་ཀྱི་སྤྱོད་པ་ཟབ་མོ་བབ་ཅོལ་དུ་སྤྱད་པས། ཁྲ་དང་སྤྱང་གི་ལྟ་བུའི་སྡིག་ལས་བགྱིས་ཏེ། དམྱལ་བ་མི་བཟད་པའི་ལས་བགྱིས་པ་རྣམས་མཐོལ་ཞིང་བཤགས་སོ། །ལ་ལས་ནི་ཡེ་ཤེས་ཀྱི་ལྷ་དང་། རྡོ་རྗེ་སློབ་དཔོན་གྱི་གསང་བའི་དམ་ཚིག་ཚུལ་བཞིན་དུ་མནོས་པ་ལས། གསོག་འཇོག་གིས་བཀའ་བསླུས་ཏེ། ཚོགས་ཀྱི་སྤྱང་ཀི་དང་། ཁྲལ་གྱི་གསོག་འཇོག་དང་། གྲོགས་ཟླ་ལ་ཚོད་ཡོད་པ་དང་། རྔམ་ཆོས་ཀྱི་ཕུད་དང་འཕགས་པ་ལ་བསྔོས་པ་ལ་ཐུག་ཐུབ་བགྱིས། ལ་ལས་ནི་འཇིག་རྟེན་འདིའི་སྐད་ཅིག་ཡུད་ཙམ་ལས་མ་རྟོགས་པ། འཇིག་རྟེན་ཕྱི་མ་མ་འཚལ་ཏེ། གྲོགས་ཀྱི་ངོ་དགའ་དང་བཙན་ཐབས་དང་དྲེགས་ཆོས་ཀྱི་ལས་བགྱིས་ཏེ། གསང་སྔགས་ཀྱི་གཞུང་མ་བསྙེགས་པ་མཐོལ་ཞིང་བཤགས་སོ། །གཞན་ཡང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་ལས། སྤྱད་པར་བྱ་བའི་དམ་ཚིག་ལྔ་ལས་འདས་ཏེ། ཏ་ན་ག་ཎ་གཉིས་དང་། མ་བྱིན་པར་ལེན་པ་དང་། རྫུན་དུ་སྨྲ་བ་དང་། ངག་འཁྱལ་པ་རྣམས་ལས་གཞུང་མ་བསྙེགས་པ་མཐོལ་ཞིང་བཤགས་སོ། །མི་སྤང་བའི་དམ་ཚིག་ལྔ་ལས་འདས་ཏེ། འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་རྣམས་ལས་གཞུང་མ་བསྙེགས་པ་མཐོལ་ཞིང་བཤགས་སོ། །དང་དུ་བླང་བའི་དམ་ཚིག་ལྔ་ལས་འདས་ཏེ། དྲི་ཆེན་དང་། དྲི་ཆུ་དང་།དམར་ཆེན་དང་། མཱཾ་ས་དང་། རྡོ་རྗེ་ཟིལ་པ་རྣམས་ལས་གཞུང་མ་བསྙེགས་པ་མཐོལ་ཞིང་བཤགས་སོ། །ཤེས་པར་བྱ་བའི་དམ་ཚིག་ལྔ་ལས་འདས་ཏེ། ཕུང་པོ་ལྔ་དང་། འབྱུང་བ་ལྔ་དང་། དབང་པོ་ལྔ་དང་། ཡུལ་ལྔ་དང་། ཁ་དོག་ལྔ་ལ་སོགས་པ་རྣམས། རིགས་ཀྱི་ཡབ་དང་། རིགས་ཀྱི་ཡུམ་དང་། སེམས་དཔའ་དང་། སེམས་མ་དང་། ཁྲོ་བོ་དང་། ཁྲོ་མོ་དང་། ལྷ་དང་ལྷ་མོའི་རང་བཞིན་དུ་མ་འཚལ་བ་མཐོལ་ཞིང་བཤགས་སོ། །བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་ལས་འདས་ཏེ། དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་ལ་སོགས་ཏེ། རིགས་ལྔའི་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བགྱིད་རྒྱུ་ལས། འབད་རྩོལ་དང་བརྩོན་འགྲུས་ཆུང་བ་མཐོལ་ཞིང་བཤགས་སོ། །གཞན་ཡང་སྒྲུབ་པ་ཁྱད་པར་གྱི་དམ་ཚིག་ཉི་ཤུ་དང་། སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི་དང་། རང་བཞིན་ལྟ་བའི་དམ་ཚིག་བཞི་དང་། གལ་མདོ་ངེས་པའི་དམ་ཚིག་གསུམ་ལ་སོགས་ཏེ་ནང་པ་ཐབས་ཀྱི་རྒྱུད་གཞུང་ལས་འབྱུང་བའི་དམ་ཚིག་རྣམས་ཀྱི་བསྲུང་མཚམས་མི་ཤེས་ཤིང་། གཞུང་དང་འགལ་བ་ཅི་བགྱིས་པ་ཐམས་ཅད་མཐོང་ཞིང་བཤགས་སོ། །གཞན་ཡང་གསང་སྔགས་ཀྱི་རྒྱུད་ཀུན་གྱི་ལུང་ལས་འབྱུང་བའི་དམ་ཚིག་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། །ཉན་ཐོས་ཀྱི་འདུལ་ཁྲིམས་དང་། འཇིག་རྟེན་པའི་ཁྲིམས་མནའ་ལས་འགལ་བ་ཅི་བགྱིས་པ་མཐོལ་ཞིང་བཤགས་སོ། །གཞན་ཡང་བཀའ་ཟབ་མོ་ཁྱད་དུ་བསད་དེ། སྐྱེ་བོ་རང་ཐད་ཀྱི་དབང་གིས་ནོར་དང་གསུག་གི་དབང་དུ་བཏང་སྟེ། དཀོན་མཆོག་གསུམ་གྱི་སྐུ་དགྲའི་སྔགས་བཟློག་བྱས་པ་དང་། པྲ་ཏི་ཧ་ན་དུས་ཀྱ་ིམཆོད་པ་ཆེན་པོ་ལ་བསྔོས་པ་དང་། མ་ཧཱ་བོ་དྷི་ལ་སོགས་པ་དཀོན་མཆོག་གསུམ་གྱི་དཀོར་ལ་ཐུག་ཐུབ་བགྱིས་ནས་སྤྱད་པ་དང་། ཁྱད་པར་དུ་ཡང་ཚོགས་མཆོད་ཆེན་མོ་ལ་བསྔོས་པ་དང་། སྒོམ་སྒྲུབ་ཟབ་མོ་ལ་བསྔོས་པ་ལ་སོགས་པ། མཆོད་པའི་ཡོ་བྱད་ཐམས་ཅད་ལ་ཚོད་ཡོད་བགྱིས་ཏེ་དངོས་སུ་སྤྱད་པ་དང་། དབྲི་གཞོག་བགྱིས་ཏེ་ངན་སོང་གི་རྒྱུ་བསགས་པ་མཐོལ་ཞིང་བཤགས་སོ། །གཞན་ཡང་ཡན་ལག་གི་དམ་ཚིག་སྟོང་རྩ་བརྒྱད་ལས་འདས་ཏེ། ངན་སོང་འཁོར་བའི་རྒྱུ་བསགས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །གཞན་ཡང་གསང་སྔགས་ཀྱི་སྒོར་ཞུགས་སོ་འཚལ་གྱིས། མ་རིག་པའི་དབང་གིས་དམ་ཚིག་ངོ་མ་འཚལ་ཏེ། དམ་ཚིག་ཉམས་པ་དང་། ལས་ངན་སྣ་ཚོགས་སྤྱད་པས། སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུ་བསགས་པ་མཐོལ་ཞིང་བཤགས་སོ། །ཉ་སྟོང་དང་། དུས་དྲུག་དང་། དུས་བཞི་ལ་སོགས་པ་དུས་དམ་དུ་བཅས་པ་ལས་འདས་ཏེ། དུས་ལས་གཡེལ་བའི་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །གཞན་ཡང་ཆོས་སྤྱོད་བཅུའི་སྒོ་ནས། །དགེ་བའ་ིཕྱོགས་བགྱིད་པར་དམ་བཅས་པ་ལས་རྔོ་མ་ཐོགས་པ་དང་། སྡིག་པ་མི་དགེ་བའི་ལས་ཅི་མཆིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྒྱུ་འཕྲུལ་ཡེ་ཤེས་རང་སྣང་གི་ལྷ་ལ་རྟོག་པ་མི་མངའ་ཡང་། དེའི་འཁོར་དུ་གཏོགས་པའི་ཡེ་ཤེས་དང་། ལས་ལས་གྲུབ་པའི་ལེགས་ཉེས་ཀྱི་སྟངས་འཛིན་ཅིང་དམ་ཚིག་གི་རྗེས་གཅོད་པའི་བསྟན་པ་གཉན་པོ་སྲུང་བ་དང་། ཆོས་སྐྱོང་བ་རྣམས་ཀྱི་ཐུགས་དང་འགལ་བ་ཅི་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་རྣལ་འབྱོར་པ་མཆེད་དང་ལྕམ་དྲལ་རྣམས་ཀྱི་ཐུགས་དང་འགལ་བའི་ལས་ཅི་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །དེ་ལྟར་མཐོལ་བཤགས་ཟབ་མོ་དང་། །འགྱོད་ཚངས་དྲག་པོ་ཤིན་ཏུ་གནོང་འགྱོད་དང་བཅས་པ་བགྱིས་པས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་སོར་ཆུད་དེ་ཉམས་ཆག་ཐམས་ཅད་སྐོང་བར་གྱུར་ཅིག །བཀའ་ལ་རས་ཆོད་བྱེད་ཅིང་སྦས་པའི་གསང་བ་ལ་མངོན་པར་འཆལ་བ་དང་། ཏ་ན་སྒྲོལ་བ་གནས་སུ་མ་སྟོབ་པ་དང་། ག་ཎ་སྦྱོར་བ་བྱིན་གྱིས་མ་བརླབས་པ་ལ་སོགས་པ། གསང་སྔགས་སྤྱད་ཉེས་པའི་དབང་གིས་ངན་སོང་གི་རྒྱུ་བསགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །བསྙེན་སྒྲུབ་ཟབ་མོ་དམ་དུ་བཅས་པ་ལས། རང་ཉམས་དང་ཚོད་ཡོད་དུ་གྱུར་ཏེ། མཆོད་པ་ལོ་ཟླར་འདས་པ་དང་། ཉ་སྟོང་དུས་ཚོད་ལས་འདས་པ་དང་། དགེ་བའི་ཕྱོགས་བགྱིད་པར་དམ་བཅས་པ་ལས་རྔོ་མ་ཐོགས་པས། ངན་སོང་གི་རྒྱུ་བསགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །དུས་ཀྱི་མཆོད་པ་ཆེན་པོ་ལ་བསྔོས་པའི་ཡོ་བྱད་དང་། མ་ཧཱ་བོ་དྷི་མཆོད་རྟེན་ཆེན་པོའི་ཡོ་བྱད་དང་། སྒོམ་སྒྲུབ་ཟབ་མོའི་ཡོ་བྱད་དང་། གཞན་ཡང་ཕུད་ལ་གཞོགས་ཤིང་། ལྷག་ལ་ཕྲི་བ་དང་། ཁྲལ་ལ་ངན་པ་དང་། གསོག་འཇོག་གི་ལས་བགྱིས་པས། པྲེ་ཏ་ཀ་ཡི་དྭགས་ཀྱི་རྒྱུ་བསགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །མ་རིག་པའི་དབང་གིས་སྤ་ལོ་དང་། ཚུལ་འཆོས་ཀྱིས་གསང་སྔགས་སྤྱད་ཉེས་པའི་ལྟ་སྤྱོད་ཟབ་མོ་གཞུང་མ་བསྲངས་པ་དང་། ཡང་དག་པ་ཡིན་ནམ་མ་ཡིན་སྙམ་ནས་སེམས་ལ་རྟོག་པ་བྱུང་བ་དང་། ཡིན་པར་ངོ་ཤེས་ཀྱང་སེམས་ལ་སེལ་ཞུགས་ཏེ། ཤེས་བཞིན་དུ་མ་སྤྱད་པས། ཏིརྻ་ཀ་བྱོལ་སོང་གི་རྒྱུ་བསགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཆོས་ཉིད་དོན་གྱི་ལྟ་བ་ནི་མ་རྟོགས། ཁ་འབྱམས་ཚིག་གི་ལྟ་བ་ལ་གདིང་དུ་བྱས་ནས། དམ་ཚིག་ཉམས་པ་ཅན་དང་། དམ་འདྲེས་ཅན་དང་། དམ་མེད་པ་དང་། སྡིག་སྒྲིབ་ཅན་དང་། གསང་སྔགས་ཀྱི་སྣོད་དུ་མི་རུང་བ་རྣམས་ལ་ཆོས་བཤད་པ་དང་། བསྐང་བ་དང་། ཚོགས་འདྲེས་པ་དང་། ཚིག་ཏུ་འཛགས་ཤིང་སྤྱོད་ལམ་རྩིངས་པ་དང་། སྣོད་མེད་པ་ལ་གསང་སྔགས་སྤེལ་བ་ལ་སོགས་པ་འབག་འབོག་གི་ལས་བགྱིས་པས། ཕྱི་ནང་གི་དམ་ཅན་རྣམས་ཀྱི་ཐུགས་དང་འགལ་བས། འཇིག་རྟེན་འདིའི་རྐྱེན་དུ་གྱུར་ཏེ་ཚེ་ཐུང་ཞིང་ནད་མང་བ་དང་། ཕྱི་མའི་སྒྲིབ་པར་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །གཞན་ཡང་བདག་ཅག་རྣལ་འབྱོར་པ་འདིར་འཚོགས་ཤིང་འདུས་པ་རྣམས་ཀྱིས། འགྱོད་ཚངས་འདི་ལ་བརྟེན་ནས། གསང་སྔགས་ཀྱི་སྒོར་ཞུགས་པ་མཐའ་དག་གི་ཉམས་ཆག་དང་། རྟོག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །དེ་ལྟ་བུའི་འགྱོད་ཚངས་རྣལ་འབྱོར་གྱི་སྤྱི་ཁྲུས་འདི་དང་། དེང་གི་རྒྱུ་མཆོག་ཏན་གཎ་ཀྱི་མཆོད་པ་ཟབ་མོ་འདི་ལ་རྟེན་བྱས་ཏེ། འགྱོད་ཚངས་ཕུལ་བས་ཚངས་པ་གནང་བར་གསོལ་ཏེ། སླན་ཆད་ཀྱང་མི་བགྱིད་པར་གྱུར་ཅིག །དེ་ལྟར་ཚངས་པར་གསོལ་བའི་བདེན་པའི་བྱིན་རླབས་ཀྱིས། བདག་ཅག་འདིར་འདུས་པའི་རྣལ་འབྱོར་པ་མཆེད་དང་ལྕམ་དྲལ་རྣམས་དང་། གཞན་ཡང་གསང་སྔགས་ཀྱི་སྒོར་ཞུགས་སོ་འཚལ་ཐམས་ཅད་ཀྱི་སྒྲིབ་པ་བྱང་སྟེ། ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་ལ་ལྷུན་གྱིས་གྲུབ་པར་གྱུར་ཅིག །བདག་ཅག་གི་དུས་གསུམ་གྱི་རྡོ་རྗེ་སློབ་དཔོན་དང་། གཟུངས་མ་དང་། མཆེད་དང་། ལྕམ་དྲལ་དང་། ཕ་མ་དང་། དམ་རྫས་རྒྱུ་བསྒྲལ་ལོ་འཚལ་ལ་སོགས་པ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པའི་ས་ནོན་ཏེ་ཡེ་ཤེས་བླ་མའི་ས་ལ་ལྷུན་གྱིས་གྲུབ་པར་གྱུར་ཅིག །དེ་ལྟ་བུའི་བདེན་པས་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཤེས་བྱའི་བག་ཆགས་ཕྲ་མོ་མན་ཆད། གཉེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཆེན་པོས་སྦྱངས་ཏེ། ས་བཅུ་རིམ་གྱིས་བགྲོད་དེ་མཐར་ཕྱིན་ནས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་འཐོབ་པར་གྱུར་ཅིག །རང་བྱང་ཆུབ་རྣམས་ནི་རྟེན་འབྲེལ་བཅུ་གཉིས་མཐར་ཕྱིན་པའི་འབྲས་བུ་བསེ་རུའམ་ནེ་ཙོ་ལྟ་བུ་འཐོབ་པར་གྱུར་ཅིག །ཉན་ཐོས་རྣམས་ནི་བདེན་པ་བཞི་མཐར་ཕྱིན་པའི་འབྲས་བུ་དགྲ་བཅོམ་པ་འཐོབ་པར་གྱུར་ཅིག །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་ཆོས་དགེ་བ་བཅུ་སྤྱད་པར་གྱུར་ཏེ་ལྷ་དང་མིའི་གོ་འཕང་འཐོབ་པར་གྱུར་ཅིག །ལྷ་དང་། མི་རྣམས་ནི་ཆོས་སྤྱོད་བཅུའི་སྒོར་ཞུགས་ཏེ་དཀོན་མཆོག་གསུམ་གྱི་གདུང་འཛིན་ཅིང་ཐེག་པ་ཆེན་པོར་སེམས་བསྐྱེད་ནས། །གསང་སྔགས་རྡོ་རྗེ་ཐེག་པ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་ཚད་མ་དང་རྟག་ཏུ་འགྲོགས་ཤིང་། དེས་བསྟན་པའི་དོན་མ་ནོར་བར་འགྲེལ་ཞིང་རྟོགས་ནས་རིག་འཛིན་རྣམས་གསུམ་མྱུར་དུ་འགྲུབ་པར་གྱུར་ཅིག །དེ་ལྟ་བུའི་འགྱོད་ཚངས་ལ་བརྟེན་ནས། བདག་ཅག་གི་མན་ངག་གི་དོན་སྟོན་པའི་རྡོ་རྗེ་སློབ་དཔོན་དང་། དགེ་བའི་བཤེས་གཉེན་རྣམས་ཀྱང་སྐུ་ཚེ་རིང་བ་དང་། འཁོར་དང་ལོངས་སྤྱོད་འཕེལ་བ་དང་། དགོངས་དཔྱོད་ཐམས་ཅད་ལྷུན་གྱིས་གྲུབ་སྟེ། བསྟན་པའི་སྒྲོན་མེ་མཛད་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བདག་ཅག་རྣལ་འབྱོར་པ་འདིར་འདུས་ཤིང་ཚོགས་པ་རྣམས་ནི། འཇིག་རྟེན་མཐོང་བའི་ཆོས་འདི་ལ། ཚེ་རིང་བ་དང་། ནད་མེད་པ་དང་། དཔལ་དང་གཟི་མདངས་དང་། འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་ཏེ། བསམ་པ་ཐམས་ཅད་ཡིད་བཞིན་དུ་གྲུབ་པར་གྱུར་ཅིག །གསང་བའི་ཐེག་པ་ཆེན་པོ་འདི་ཡང་བཀའ་བཙན་ཞིང་བྱིན་ཆེ་སྟེ་དར་ཞིང་རྒྱས་པར་གྱུར་ཅིག །གསང་སྔགས་ཟབ་མོ་འདི་དར་བའི་ཡུལ་ཁམས་ལ་སོགས་ཏེ། རྒྱལ་ཁམས་ཐམས་ཅད་དུ་དུས་ཀྱི་འཁྲུག་པ་ཞི་བར་གྱུར་ཅིག །མཚོན་གྱི་བསྐལ་བ་ཉམས་པར་གྱུར་ཅིག །མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །ཆར་ཆུ་དུས་སུ་ཕེབས་ཏེ། ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། སེམས་ཅན་ཐམས་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་ཏེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། ཉམས་ཆག་དང་རྟོག་སྒྲིབ་སྦྱོང་བའི་བཤགས་པ་སྟེ་ལེའུ་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་དམ་ཚིག་ལ་གནས་པ་རྣམས་ཀྱིས་བརྗོད་མེད་ཀྱི་བཤགས་པ་འདི་གསུངས་སོ། །ༀ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེར་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས། །གཉིས་མེད་བྱང་ཆུབ་སེམས་ཀྱི་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པ། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་གདལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། ། སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུངས་ཆེན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡངས་པདྨར་འཁྱིལ་བ་ནི། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་བ། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་རྣམས། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཐུགས་རྗེའི་གདུང་འཚོབ་རྣལ་འབྱོར་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ལ། །དོན་ལས་གོལ་ཞིང་ཟློག་སེམས་མ་མཆིས་ཀྱང་། །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ནི། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་ལས་བྱུང་ཡང་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་ལ། །མངོན་ཤེས་ཆུང་བས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་སྐང་བ་དང་། །ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི། །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་པ་རྣམས། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ། །མི་དམིགས་བཏང་སྙོམས་ངང་དུ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། དོན་དམ་གཉིས་མེད་སྤྲོས་དང་བྲལ་བ་ལ། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པ་མཆིས་རྣམས་རབ་གནོང་བཟོད་པར་གསོལ། །ཞེས་གསུངས་སོ། །དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། ཡེ་ཤེས་ལྷ་དང་འཁོན་གཅུགས་བཤགས་པ་སྟེ་ལེའུ་བཞི་པའོ།། །།དེ་ནས་རྒྱལ་པ་ཐམས་ཅད་ཀྱི་ཐུགས་རྗེའི་དམ་ཚིག་ལ་གནས་པའི་རིག་འཛིན་ཡབ་ཀྱི་ཚོགས་རྣམས་ཀྱིས་བཤགས་པའི་རྒྱལ་པོ་ཉི་ཤུ་རྩ་བརྒྱད་པ་འདི་གསུངས་སོ། །སྟོན་པ་རྡོ་རྗེ་སེམས་དཔས་གསུངས་པ་ཡི། ལུང་དང་ཏནྟྲ་མང་པོ་མདོར་བསྡུས་ཤིང་། །གསང་སྔགས་མ་ཧཱ་ཡོ་གའི་སྒོར་ཞུགས་པའི། །མི་འདའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །དམ་ལ་གནས་ཤིང་ཚུལ་བཞིན་བསྲུང་ངོ་ཞེས། །བཀའ་གསང་རྒྱུད་ལས་དེ་སྐད་འབྱུང་བཞིན་དུ། །མ་རིག་ལེ་ལོ་སྒྱིད་སྙོམ་རྐྱེན་དབང་གིས། །བཀའ་ལས་འདས་ཤིང་དམ་ལས་གཡེལ་གྱུར་པ། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན། །མི་དམིགས་བཏང་སྙོམས་ངང་དུ་བཟོད་པར་བཞེས། །རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས། །སྲི་ཞུ་དད་པའི་རྩལ་ཤུགས་ཆུང་བ་ཡིས། །རྡོ་རྗེ་སློབ་དཔོན་ཐུགས་དང་འགལ་བ་དང་། །བརྩེ་གདུང་ཁྲེལ་འཛེམ་ཆུང་བའི་རང་ཤུགས་ཀྱིས། །མཆེད་དང་ལྕམ་དྲལ་ཐུགས་དང་འགལ་བ་དང་། །སྔགས་དང་ཕྱག་རྒྱ་ལེ་ལོ་རྒྱུན་བཅད་དེ། །གསུང་གི་དམ་ལས་འདས་པར་གྱུར་པ་དང་། །སྤྱི་གསང་བཞི་དང་བར་གསང་བརྒྱད་ལ་སོགས། །གསང་བར་འོས་དང་གསང་བར་གཉེར་གཏད་པ། །གསང་སྒོ་ཡལ་བར་བཏང་བ་ལ་སོགས་ཏེ། །རྩ་བའི་དམ་ལས་འགལ་བ་ཅི་མཆིས་པ། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོ་ལ་བཤགས་ན། །མཁའ་ལྟར་ཁྱབ་པའི་ཐུགས་རྗེས་བདག་བཟུང་ནས། །ཉམས་པའི་སྐྱོན་རྣམས་བཤགས་ན་བྱང་བ་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མི་སྤང་བ་ཡི་དམ་ཚིག་ལྔ་པོ་ལ། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལ་སོགས་ཉོན་མོངས་ལྔ་རྣམས་ནི། །གསང་སྔགས་བླ་ན་མེད་པའི་སྤྱོད་ཡུལ་ལས། །ཀུན་ཏུ་བཟང་པོ་རོལ་པ་ཆེ་བའི་རྒྱན། །རིགས་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ལ། །ཡེ་ནས་ཡིན་པ་དེ་ལྟར་མ་རྟོགས་ཏེ། །ལོག་རྟོག་དབང་གིས་སྤངས་པ་བཟོད་པར་གསོལ། །དང་དུ་བླང་བའི་དམ་ཚིག་ལྔ་པོ་ལ། །མཱཾ་ས་གཤང་གཅི་ཁུ་བ་རཀྟ་རྣམས། །ཡེ་ནས་བདུད་རྩི་ལྔ་ཡི་རང བཞིན་ལ། །དུས་གསུམ་སངས་རྒྱས་རྣམས་ཀྱིས་བསྒྲུབས་པའི་རྫས། །རྒྱལ་བ་རྒྱ་མཚོ་རྣམས་ཀྱི་གཤེགས་པའི་ཤུལ། །ཡེ་ནས་རྣམ་པར་དག་པའི་རང་བཞིན་ལ། །གཙང་སྨེ་རྣམ་རྟོག་བརྟུལ་ཞུགས་ཆུང་བ་ཡིས། །ཆོས་ཉིད་མཉམ་པའི་ངང་དུ་མ་རྟོགས་ཏེ། །དམ་རྫས་དང་དུ་མ་བླངས་བཟོད་པར་གསོལ། །སྤྱད་པར་བྱ་བའི་དམ་ཚིག་ལྔ་པོ་ལ། །སྐྱེ་ཤི་མེད་པར་རྟོགས་པའི་ལྟ་བ་དང་། གནས་དང་དུས་དང་ཏིང་འཛིན་གསལ་བ་ཡིས། །ཁམས་གསུམ་མ་ལུས་གནས་ནས་བསྒྲལ་བ་དང་། །དུས་གསུམ་འདུ་འབྲལ་མེད་པའི་ལྟ་བ་དང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གསལ་བ་ཡིས། །ཐབས་དང་ཤེས་རབ་མངོན་སྤྱོད་སྦྱོར་བ་དང་། །སེར་སྣ་འཇུར་གེགས་ཅན་གྱི་ཟས་དང་ནོར། །ཐབས་མཁས་འོད་ཟེར་ཚུལ་དུ་མ་བྱིན་བླང་། །སེམས་ཅན་དོན་དུ་འཕགས་པ་མཆོད་པ་དང་། །གསང་སྔགས་ལྟ་སྤྱོད་གཞན་གྱིས་མི་རིག་ཕྱིར། །གཏིང་དཔག་དཀའ་ཕྱིར་རྫུན་དུ་སྨྲ་བ་དང་། །ཞིང་བཅུ་ཞེ་བཅད་དྲག་ཤུལ་སྤྱོད་པའི་སྔགས། །བཀའ་དང་ལུང་ལས་དེ་ལྟར་འབྱུང་བཞིན་དུ། །སྤྱད་ཅིང་ཉམས་སུ་མ་བླངས་བཟོད་པར་གསོལ། །ཤེས་པར་བྱ་བའི་དམ་ཚིག་ལྔ་པོ་ལ། །ཕུང་པོ་ལྔ་དང་རྣམ་ཤེས་དབང་པོ་ལྔ། །འབྱུང་བ་ལྔ་དང་འདོད་པའི་ཡོན་ཏན་ལྔ། །ཁ་དོག་ལྔ་དང་སྨན་ལྔ་ལ་སོགས་རྣམས། །རིགས་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་དང་། །རིགས་ཀྱི་ཡུམ་ལྔར་ཤེས་པར་བྱའོ་ཞེས། །རྒྱལ་བའི་བཀའ་ལས་དེ་ལྟར་བྱུང་བཞིན་དུ། ། ཤེས་རབ་ཞན་པས་དེ་ལྟར་མ་རྟོགས་ཏེ། །བཀའ་དང་གཞུང་ལས་འགལ་བ་བཟོད་པར་གསོལ། །བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་པོ་ལ། །ཕྱི་ནང་སྣོད་བཅུད་སྣང་སྲིད་མ་ལུས་རྣམས། །ཡེ་ནས་སངས་རྒྱས་ལྔ་ཡི་རང་བཞིན་ལ། །བདག་གི་དབྱིངས་ལས་གཞན་ན་མི་བཞུགས་ཀྱང་། །གོ་རྟོགས་རིག་པའི་རྩལ་ཤུགས་ཆུང་བ་ཡིས། །རྟོགས་པ་ཀློང་དུ་མ་གྱུར་བཟོད་པར་བཞེས། །ཚོགས་ཀྱི་མཆོད་པ་ལོ་ཟླ་འདས་པ་དང་། །ཚོགས་ཀྱི་ཞལ་ཟས་འབྱོར་ཚོགས་ཆུང་བ་དང་། །རྡོ་རྗེ་སློབ་དཔོན་ཐུགས་དང་འགལ་བ་དང་། །དམ་སྐོངས་མཁའ་འགྲོའི་ཐུགས་དང་འགལ་པ་དང་། །བརྩེ་གདུང་ཁྲེལ་འཛེམ་ཆུང་བའི་རང་ཤུགས་ཀྱིས། །མཆེད་དང་ལྕམ་དྲལ་ཐུགས་དང་འགལ་བ་དང་། །ལུང་དང་བཀའ་ལས་འདས་པ་མཐོལ་ལོ་བཤགས། །ལྟ་བ་འཕངས་མ་ཆོད་པར་གྱུར་པ་དང་། །སྤྱོད་པ་ལ་མ་དོར་བར་གྱུར་པ་དང་། དམ་ཚིག་ཉམས་པའི་ཆད་པ་མི་བཟོད་པས། །རྡོ་རྗེ་སྲིན་པོས་སྙིང་ཁྲག་འཐུང་བ་དང་། །ཚེ་ཐུང་ནད་མང་ནོར་ཡལ་དགྲས་འཇིགས་དང་། །མནར་མེད་དམྱལ་བ་ཤིན་དུ་སྐྱི་གཡའ་བར། །སྡུག་བསྔལ་མི་བཟོད་ཡུན་རིང་གནས་པ་རྣམས། །བདག་གིས་དམ་ཚིག་བཤགས་པ་བགྱིས་པ་ཡིས། །ཉམས་ཤིང་ཆག་པ་ཐམས་ཅད་སོར་ཆུད་དེ། །གོ་འཕང་ཆེན་པོའི་འཕྲས་བུ་ཐོབ་པར་ཤོག །དུས་གསུམ་རྒྱལ་བས་བདག་ལ་བྱིན་གྱིས་རློབས། །དམ་སྐོངས་མཁའ་འགྲོ་མང་པོས་བདག་སྲུངས་ཤིག །གཉིས་མེད་གསང་བའི་དབྱིངས་ནས་འོད་ཤར་ཏེ། །མཁའ་ལྟར་དག་ཅིང་རྣམ་རྟོག་མི་མངའ་ཡང་། །སྔོན་གྱི་ཐུགས་རྗེའི་དབང་གིས་བདག་བཟུང་སྟེ། །ཡིད་བཞིན་སྐུ་མཆོག་བདག་ལ་བསྟན་པ་དང་། །རིག་འཛིན་དངོས་གྲུབ་དབྱིངས་ནས་བདག་ལ་སྩོལ། །ལྷ་དང་ལྷ་མིན་ཕྱོགས་བཅུའི་རྣལ་འབྱོར་རྣམས། །མི་འདའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །རྩ་བ་གསུམ་དང་ཡན་ལག་ཉི་ཤུ་ལྔ། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །ཉམས་པའི་སྐྱོན་གྱིས་གོས་བར་གྱུར་ཏོ་འཚལ། །བདག་གིས་དམ་ཚིག་གདུངས་པའི་བཤགས་པ་འདིས། །རྣལ་འབྱོར་དམ་ཚིག་ཉམས་པ་བསྐངས་གྱུར་ནས། །གོ་འཕང་ཆེན་པོའི་འབྲས་བུ་ཐོབ་པར་ཤོག །ཁམས་གསུམ་འཁོར་བའི་སེམས་ཅན་མ་ལུས་རྣམས་། །མཉམ་ཉིད་རྡོ་རྗེའི་གྲལ་དུ་གནས་པར་ཤོག །མཁའ་འགྲོ་མ་ཡི་ཐུགས་རྗེས་བདག་བཟུང་ཞིང་། །ཉམས་པའི་སྐྱོན་རྣམས་གཏན་ནས་བྱང་བ་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསུངས་སོ། །དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། ཉམས་གྲིབ་བསྐང་བའི་བཤགས་པ་སྟེ་ལེའུ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཐམས་ཅད་ཀྱི་དམ་ཚིག་ལ་གནས་པའི་རིག་འཛིན་ཡུམ་ཀྱི་ཚོགས་རྣམས་ཀྱིས་བཤགས་པ་འདི་གསུངས་སོ། །ཡེ་ཤེས་ལྷ་དང་མཁའ་འགྲོ་དམ་ཚིག་ཅན། །ཕྱི་ནང་སྲུང་མ་མ་ལུས་དགོངས་སུ་གསོལ། །ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་པའི་ལྷ། །སྲུང་མ་དམ་ཅན་མ་ལུས་དགོངས་སུ་གསོལ། །རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་དང་། །རིག་འཛིན་སྒྲུབ་པོ་རྣམས་ཀྱང་དགོངས་སུ་གསོལ། །རྣལ་འབྱོར་དམ་ཚིག་བསྲུང་བར་ཞལ་འཆེས་པའི། །སྐུ་གསུམ་གདུང་འཚོབ་རྣམས་ཀྱང་དགོངས་སུ་གསོལ། །བཀོད་པའི་རྒྱལ་པོ་དམ་ཚིག་འབུམ་སྡེ་ལས། །ཡོ་ག་རྣམས་པ་བཞི་ཡི་དོན་ཆེད་དུ། །མཁྱེན་རབ་མཆོག་ཏུ་གྱུར་པའི་གསང་བདག་གིས། །ཉི་ཤུ་རྩ་བརྒྱད་མདོར་བསྡུས་གྲངས་བསྟན་པ། །རྟོགས་ནས་བསྲུང་ཞིང་བསྒྲུབ་པར་དམ་བཅས་པའི། །ཚུལ་ལམ་གཞུང་བཞིན་སྒྲུབ་རྔོ་མ་ཐོགས་པར། །མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །རས་ཆོད་རང་གར་བསྲུང་མཚམས་འདས་པ་དང་། །མ་རྟོགས་མ་བསྲུངས་སྒྲུབ་པའི་རྩལ་ཆུང་བས། །རྩ་བ་ཡན་ལག་བཅས་པའི་དམ་ཚིག་ལས། །ཉམས་ཆག་འགལ་འཁྲུལ་གྱུར་པ་མཐོལ་ལོ་བཤགས། །རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་ལ། །ལོག་ལྟ་ངན་སེམས་བརྐུ་འཕྲོག་བརྡེག་ལ་སོགས། །ངན་དུ་སྨྲ་ཞིང་གནོད་པ་དངོས་སུ་བགྱིས། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཡི་ཏིང་འཛིན་གཡེལ་གྱུར་ཅིང་། །ཕྱག་རྒྱ་རྣམ་བཞི་གཞུང་བཞིན་མ་གསལ་ཏེ། །སྔགས་དང་བཟླས་བརྗོད་སྙིང་པོ་བར་ཆོད་པས། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གསང་བཅུ་ལ་སོགས་མན་ངག་གཉེར་གཏད་པ། །དམ་ཚིག་ཉམས་དང་མ་འདྲེས་མེད་པ་ལ། །ཚིག་ཏུ་འཛགས་ཤིང་སྤྱོད་ལམ་རྩིངས་པ་ཡིས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །སྤྱད་པར་བྱ་བའི་དམ་ཚིག་རྣམ་པ་ལྔ། །སྦྱོར་སྒྲོལ་མ་བྱིན་ལེན་དང་རྫུན་དུ་སྨྲ། །ཚིག་བརླང་ལ་སོགས་དམ་ཚིག་སྨད་ལྔ་ནི། །གཉིས་སུ་མེད་པའི་ངང་དུ་མཉམ་སྦྱར་ནས། །འགྲོ་བའི་དོན་དུ་གཞུང་བཞིན་སྤྱད་རྒྱུ་ལ། །བཀའ་དང་བཞུང་བཞིན་སྤྱད་པར་མ་གྱུར་ཏེ། །མ་རིག་ལོག་པར་སྤྱད་པའི་ཉེས་བྱས་ཀྱིས། །སྤྱད་པའི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །མི་སྤང་བ་ཡི་དམ་ཚིག་རྣམ་ལྔ་ནི། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལ་སོགས་ཉོན་མོངས་རྣམ་ལྔ་ནི། །ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པའི་ཕྱིར། །རྟོགས་ནས་སྤང་དུ་མེད་པར་གནས་རྒྱུ་ལ། །དེ་བཞིན་མ་རྟོགས་ཉོན་མོངས་རང་གར་སྤྱད། །མི་སྤང་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །དང་དུ་བླང་བའི་དམ་ཚིག་ལྔ་པོ་ནི། །དྲི་ཆེན་དྲི་ཆུ་དམར་ཆེན་ཟིལ་པ་དང་། །ཤ་ཆེན་ལ་སོགས་དམ་རྫས་རྣམ་པ་ལྔ། །གྲུབ་པ་བཞི་དང་ཡིན་པ་གསུམ་ལ་སོགས། །སོ་སོའི་རྣམ་པར་རྟོག་པ་ཀུན་སྦྱོངས་ཤིང་། །དངོས་གྲུབ་སྒྲུབ་པར་བྱེད་པའི་ཐབས་ཆེན་པོ། །འཛིན་རྟོག་མེད་པར་དང་དུ་བླང་རྒྱུ་ལ། །གཉིས་མེད་ལྟ་བས་དང་དུ་མ་བླངས་ཏེ། །གཙང་སྨེར་བལྟས་ནས་ཚུལ་བཞིན་མ་བླངས་པས། །རྟེན་པའི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །ཤེས་པར་བྱ་བའི་དམ་ཚིག་ལྔ་རྣམས་ལ། །ཕུང་པོ་ལྔ་དང་འབྱུང་བ་ཆེན་པོ་ལྔ། །ཁ་དོག་ལྔ་དང་ཡུལ་ལྔ་དབང་པོ་ལྔ། །རྣམ་ཤེས་ལྔ་དང་རིགས་ལྔ་ཡེ་ཤེས་ལྔ། །ཡབ་ལྔ་ཡུམ་ལྔར་སྦྱོར་ཞིང་ཤེས་པ་ཡིས། །རྟོག་པ་ཁྱད་པར་ཅན་དུ་བགྱིད་རྒྱུ་ལས། །རྨོངས་ཤིང་འཁྲུལ་བས་དེ་ལྟར་མ་རྟོགས་ཏེ། །ཉན་ཐོས་ལ་སོགས་ཐེག་པ་འོག་མ་ལས། །རྟོག་པ་ཁྱད་པར་ཅན་དུ་མ་གྱུར་ཏེ། །ཤེས་བྱའི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །བསྒྲུབ་པར་བྱ་བའི་དམ་ཚིག་རྣམ་ལྔ་ལ། །རྡོ་རྗེའི་རིགས་དང་དེ་བཞིན་གཤེགས་པའི་རིགས། །རིན་ཆེན་རིགས་དང་དེ་བཞིན་པདྨའི་རིགས། །ལས་ཀྱི་རིགས་ལ་སོགས་ཏེ་སངས་རྒྱས་ལྔ། །འདི་ནི་བསྒྲུབ་པར་བྱ་བའི་འབྲས་སུ་སྟེ། །སྒོམ་སྒྲུབ་ཏིང་འཛིན་ལེ་ལོ་མེད་པ་ཡིས། །སྒྲུབ་པའི་འབྲས་བུ་ཐོབ་པར་བགྱིད་རྒྱུ་ལ། །འབད་པའི་རྩལ་ཆུང་སྒོམ་སྒྲུབ་ཡུན་ཐུང་བས། །སྒྲུབ་པའི་འབྲས་བུ་ད་དུང་མ་ཐོབ་སྟེ། །བསྒྲུབ་བྱའི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །དེ་ལ་སོགས་ཏེ་དམ་ཚིག་ཆེན་པོ་ཡི། །གཞུང་དང་འགལ་བར་གྱུར་པས་ཉེས་བྱས་ཤིང་། །ཡེ་ཤེས་ལྷ་དང་མཁའ་འགྲོ་དམ་ཚིག་ཅན། །མ་སྲིང་རྒྱ་མཚོའི་ཐུགས་དང་ཅི་འགལ་བ། །ཤིན་ཏུ་གནོང་ཞིང་འགྱོད་པས་མཐོལ་ཞིང་བཤགས། །རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་དང་། །རྣལ་འབྱོར་དམ་ཅན་ཐུགས་དང་ཅི་འགལ་བ། །དམ་ལས་འགལ་གྱུར་འགྱོད་པས་མཐོལ་ཞིང་བཤགས། །བདག་གིས་རྩེ་གཅིག་ཟོལ་ཟོག་མེད་པ་ཡིས། །སྒྱུ་མའི་སེམས་ཀྱིས་བཤགས་སྦྱང་འདི་བརྗོད་པས། །བདག་ཉིད་ཉམས་ཆག་སྒྲིབ་པ་འདིར་བྱང་ནས། །ཚེ་འདི་ཉིད་ལ་རིག་འཛིན་ས་ཐོབ་སྟེ། །བྱིན་རླབས་རྩལ་འཕང་གཟི་བརྗིད་ནུས་མཐུ་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྩལ་དུ་གསོལ། །ཞེས་གསུངས་སོ། །དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། དམ་ཚིག་ཉི་ཤུ་རྩ་བརྒྱད་པའི་བཤགས་པ་སྟེ་ལེའུ་དྲུག་པའོ།། །།དེ་ནས་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་ལ་གནས་པའི་དཔལ་ཆེན་པོ་རྣམས་ཀྱིས་བཤགས་པ་འདི་གསུངས་སོ། །བཅོམ་ལྡན་དཔལ་ཆེན་ཁྲོ་རྒྱལ་ཕྱག་བརྙན་ནི། །ཐབས་མཁས་ཐུགས་རྗེ་ཡེ་ཤེས་སྤྲུལ་པ་དང་། །རང་རྒྱུད་རྣལ་འབྱོར་དག་པའི་གྲུབ་པ་ཅན། །རྡོ་རྗེ་ལྕམ་དྲལ་མང་པོ་དགོངས་སུ་གསོལ། །ཀུན་ཏུ་བཟང་པོ་རྡོ་རྗེ་འཛིན་པ་ཡི། །སྙིང་ལ་གནས་པའི་དམ་ཚིག་བྱིན་བརླབས་པ། །ཐེག་ཆེན་ཁྱེད་ཀྱིས་དང་དུ་བཞེས་ནས་ཀྱང་། །ཞལ་འཆེས་གང་ལགས་རྗེས་སུ་དགོངས་པར་མཛོད། །བདག་གི་མིག་ལ་སོགས་ཏེ་དབང་པོ་ལྔ། །བེམ་པོའི་རང་བཞིན་རྣམ་ཤེས་མ་སྦྱངས་པས། །ཁྱེད་ཀྱི་སྐུ་གསུང་མི་མཐོང་མི་ཐོས་ཏེ། །མུན་པའི་ཚོགས་དང་འདྲ་བར་བཅིངས་མོད་ཀྱི། །འོན་ཀྱང་ཡིད་ཆེས་སེམས་འདི་རྩེ་གཅིག་གིས། །མངོན་སུམ་འདྲ་བར་རྟག་ཏུ་རྗེས་དྲན་ན། །དུས་གསུམ་ཀུན་ནས་མ་བསྒྲིབས་མཁྱེན་པ་ཡི། །རྡོ་རྗེ་ལྕམ་དྲལ་མང་པོ་བདག་ལ་དགོངས། །ཡེ་ཤེས་མངོན་ཤེས་ལྡན་ཞིང་ཐུགས་བརྩེ་བ། །མཐུ་རྩལ་རྨད་བྱུང་ཕན་པའི་དགོངས་པ་ཅན། །གཞན་གྱིས་མ་བཅོལ་ཉིད་ཀྱིས་ཞལ་འཆེས་པ། །བདེན་པར་གསུངས་པས་བདག་གི་གྲོགས་མཛོད་ཅིག །གང་དག་བྱང་ཆུབ་སེམས་དང་ལྡན་པ་དང་། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་སྤྱོད་པ་ལ། །ཀུན་ནས་བསྲུང་ཞིང་རེ་བ་བསྐང་ངོ་ཞེས། །ཁྱོད་ཀྱི་ཐུགས་དམ་མི་འགྱུར་དེ་ལགས་ན། །བདག་ལ་བླ་མེད་བྱང་ཆུབ་སེམས་མཆིས་ཀྱིས། །སྐུ་གསུང་རྣལ་འབྱོར་འརྩོན་པར་བགྱིད་ལགས་ན། །རྡོ་རྗེ་དམ་ཅན་མ་ལུས་རྒྱ་མཚོ་ཡིས། །ཀུན་ནས་བསྲུང་ཞིང་རེ་བ་བསྐང་དུ་གསོལ། །ཐེག་ཆེན་རྣལ་འབྱོར་བསྐྱང་བར་ཞལ་འཆེས་པའི། །དུས་དང་ཚད་མཁྱེན་མཐུ་དང་ལྡན་བཞིན་དུ། །སྐྱེས་མཆོག་ཁྱེད་ཀྱང་བཏང་སྙོམས་མཛད་ན་ཀོ། །དང་པོའི་དམ་བཅས་འགལ་བར་མི་འགྱུར་རམ། །གང་གིས་གང་ལ་རང་གིས་དམ་བཅས་པ། །དེ་ཡིས་དེ་ཉིད་དོན་དུ་གཉེར་དགོངས་པ། །གཞན་གྱིས་བསྐུལ་ཞིང་གསོལ་གདབ་མི་འཚལ་ན། །ཉིད་ཀྱི་ཐུགས་དམ་འབྲས་བུ་མཆིས་པར་མཛོད། །བདག་གི་དམ་ཚིག་རྡོ་རྗེའི་མཆོག་གསུམ་པོ། །ཁྱེད་ཀྱི་ཐུགས་དམ་མཆོག་ཀྱང་དེ་ལགས་པས། །རིགས་མི་མཐུན་ཀྱང་དམ་ཚིག་གིས་བསྡུས་ན། །ལྕམ་དྲལ་ཚུལ་དུ་ཉེ་ཞིང་གདུང་བར་མཛོད། །སྔོན་འདས་དུས་ན་བསྟན་པ་འཇིག་ལ་སོགས། །ཞེ་སྡང་གདུག་པའི་དགྲ་བགེགས་གར་བྱུང་ཡང་། །ཁྱེད་ཀྱི་ཐུགས་རྗེ་ལྷག་པར་དེར་ཕྱུང་ཞིང་། །དྲག་ཤུལ་ཐབས་ཀྱིས་འདུལ་བ་ཇི་བཞིན་དུ། །ད་ལྟ་དུས་ངན་བསྟན་པ་འཇིག་ལ་སོགས། །སྡིག་པའི་འབྲས་བུ་སྨིན་པར་ཁྱེད་མཁྱེན་གྱིས། །རྡོ་རྗེ་ལྕམ་དྲལ་མ་ལུས་རྒྱ་མཚོ་ཡིས། །སོ་སོའི་ཐུགས་དམ་ཆེན་པོ་དགོངས་མཛོད་ལ། །ཇི་ལྟར་འཚམས་པ་བཞིན་དུ་ཕྲིན་ལས་མཛོད། །དབང་ཕྱུག་ལ་སོགས་བྱེད་པོར་ཁས་འཆེས་ཀྱང་། །དེ་ཉིད་དངོས་པོ་ལྟ་བུར་བྱེད་མི་ནུས། །ཁྱེད་ནི་སྒྱུ་མའི་ཆོས་ལ་མངའ་བརྙེས་པས། །སྒྱུ་མའི་རང་བཞིན་ཅིར་ཡང་གྲུབ་པར་མཛོད། །མི་ནུས་མངོན་ཤེས་མཐུ་དང་མི་ལྡན་ཡང་། །དམ་ཚིག་ཆོས་ཕྱིར་སྲོག་ལུས་ཕངས་པ་མེད། ཁྱེད་ནི་ཐོགས་མེད་མཐུ་དང་ལྡན་བཞིན་དུ། །འགྲོ་བའི་མགོན་སྐྱབས་ཅི་ཕྱིར་བསྐུལ་ལས་བཤགས། །སྲིད་པ་ལས་ཀྱི་དུས་ལ་མ་བབ་ཅེས། །འགྲོ་བ་འདུལ་བའི་ཕྲིན་ལས་མི་མཛད་ཅིང་། །ཐམས་ཅད་ཀུན་ལ་ལས་ཀྱི་དབང་བཙན་ན། །ཐུགས་རྗེའི་བྱིན་རླབས་སུ་ལ་ཅི་ཞིག་བགྱི། །གང་ཞིག་ཆོས་མིན་འགལ་བར་སྤྱོད་པ་ཡང་། །འབད་པའི་འབྲས་བུ་མེད་པར་མི་འགྱུར་རམ། །ཤེས་རབ་སྙིང་རྗེ་ཐབས་དང་མི་འགལ་བའི། །རེ་བ་བསྐང་བ་ལྟ་ཞིག་སྨོས་ཅི་འཚལ། །འདའ་དཀའ་རྡོ་རྗེའི་དམ་ཚིག་མཆོག་བསྲུང་བར། །གྲུབ་པ་ཁྱོད་དང་འདྲ་བ་མ་ལགས་ན། །ཆོས་སྲུང་འགྲོ་དོན་བདག་གི་མི་ལྕོགས་པས། །བྱིན་རླབས་མཆོག་དང་ལྡན་པར་མཛད་དུ་གསོལ། །དམ་ཚིག་ཉམས་པ་ལ་སོགས་ཉེས་པ་རྣམས། །ཚེ་རབས་འདི་ལ་ཉམས་སུ་མྱོང་འགྱུར་པ། །ཆོས་དབྱིངས་འགྲོ་དོན་བདག་གིས་རྟོགས་པ་རུ། །ཆོས་ལ་དབང་བསྒྱུར་ཁྱེད་ཀྱིས་བཟློག་ཏུ་གསོལ། །ཐུགས་རྗེ་བརྩེ་ལྡན་རྡོ་རྗེ་ལྕམ་དྲལ་ལ། །འདི་སྐད་བསྐུལ་ཞིང་གསོལ་ལྟ་མི་འཚལ་ན། །ཞེ་སྡང་མཐའ་ཡི་སེམས་ཀྱིས་མི་གསོལ་ཏེ། །འགྲོ་དོན་བྱང་ཆུབ་སེམས་ཀྱིས་སྨྲེ་ལགས་ན། །ཐུགས་དང་འགལ་བར་གྱུར་པ་བཟོད་པར་གསོལ། །འཕགས་པའི་བཀའ་ཆད་བདག་ལ་མི་གཏོང་ཞིང་། །ཐུགས་རྗེ་ཆེན་པོས་ཚངས་པར་སྩལ་དུ་གསོལ། །དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། །རྡོ་རྗེ་དཔལ་ཆེན་གྱི་བཤགས་པ་སྟེ་ལེའུ་བདུན་པའོ།། །།དེ་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་ཡེ་ཤེས་མཁའ་འགྲོ་ལ་སོགས་པ་མཁའ་འགྲོ་མའི་ཚོགས་ཀྱི་བཤགས་པ་འདི་གསུངས་སོ། །ༀ། ཡེ་ཤེས་མཁའ་འགྲོ་དབང་ཕྱུག་ཁྲོ་རྒྱལ་གཙོ། །བདེ་ཆེན་གཉིས་མེད་ཡུམ་གྱི་དབྱིངས་སུ་སྦྱོར། །བདག་ཏུ་ལྟ་བའི་ང་རྒྱལ་འཇོམས་མཛད་པའི། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཏ་ནའི་གནས་མཆོག་སྒྲོལ་བ་གནས་མ་སྟོབ། །ག་ཎའི་གནས་མཆོག་སྦྱོར་བ་བྱིན་མ་བརླབས། །དཔལ་ཆེན་ཁྲོ་རྒྱལ་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །རྨད་དུ་བྱུང་བའི་མཆོད་པ་ཏན་གཎ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པ་ལྔ་ཡི་ཡོན་ཏན་བསམ་ཡས་ཀྱིས། །ཡེ་ཤེས་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག །དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་ཐུགས་རྗེ་ཡིས། །རྩེ་གཅིག་སྒྲུབ་པ་པོ་ཡི་གྲོགས་མཛོད་ལ། །བར་གཅོད་བྱེད་པའི་དགྲ་བགེགས་རྡུལ་དུ་རློག །གྲུབ་པའི་འབྲས་བུ་དུས་འདིར་རྩལ་དུ་གསོལ། །ཧཱུྃ། རྡོ་རྗེ་མཁའ་འགྲོ་དབང་ཕྱུག་ག་རཱི་བརྒྱད། སིདྷ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད། །རྟ་གདོང་ལ་སོགས་འབར་པ་ཁྲོ་མོ་བཞི། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ༀ། སྒོམ་སྒྲུབ་དུས་ལས་གཡེལ་བར་གྱུར་པ་ཡིས། །སྒྲུབ་པའི་རྫས་མཆོག་བདུད་རྩི་ཨ་མྲྀ་ཏ། །དུས་དྲུག་མཆོད་པའི་ཚུལ་དུ་མ་སྦྱར་བ། །བཟོད་པར་གསོལ་ལོ་ཚངས་པ་སྩལ་དུ་གསོལ། །བྱང་ཆུབ་སེམས་དང་མཱཾ་ས་རཀྟ་དང་། །དྲི་ཆེན་དྲི་ཆུ་གོ་ཀུ་ད་ཧ་ན། །གཉིས་མེད་སྦྱར་བའི་སྨན་མཆོག་ཨ་མྲྀ་ཏས། །རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག །འབར་བའི་སྐུ་མཆོག་རྫོགས་པའི་དཀྱིལ་འཁོར་དུ། །བདུད་དང་སྲིན་པོ་མ་ལུས་འདུལ་བའི་ཕྱིར། །རྩེ་གཅིག་སྒྲུབ་པ་པོ་ལ་ཞལ་སྟོན་ལ། །བར་གཅོད་བྱེད་པའི་དགྲ་བགེགས་རྡུལ་དུ་རློག །ༀ། ཤ་ཟ་མཁའ་འགྲོ་དབང་ཕྱུག་ཉི་ཤུ་བརྒྱད། །སྲིད་གསུམ་རྒྱལ་མོ་དུར་ཁྲོད་བརྒྱད་ཀྱི་ཡུམ། །གཙོ་མོ་མངོན་སྤྱོད་མ་བདུན་འཁོར་དང་བཅས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །མཆོད་པ་ལོ་ཟླའི་དུས་ལས་འདས་པ་དང་། །རྫས་དང་ཕྱག་རྒྱ་དུས་འདིར་མ་རྫོགས་ཤིང་། །ཤ་ཁྲག་དམར་གྱི་དམ་ལས་གཡེལ་གྱུར་ཏེ། །ཤ་ཟ་མཁའ་འགྲོའི་ཐུགས་དང་ཅི་འགལ་བ། །བཟོད་པར་གསོལ་ལོ་ཚངས་པ་སྩལ་དུ་གསོལ། །དུར་ཁྲོད་རྫས་མཆོག་ཐལ་ཆེན་བ་སུ་ཏ། །ཤ་ཁྲག་དམར་གྱི་མཆོད་པ་རབ་སྦྱར་ཏེ། །བྷནྡྷའི་སྣོད་དུ་དམར་ཆེན་བསྐྱིལ་བ་འདིས། །ཤ་ཟ་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག །ༀ་སྔོན་ཚེ་དཔལ་ཆེན་ཁྲོ་རྒྱལ་སྤྱན་སྔ་རུ། །སུས་ཀྱང་མ་བཅོལ་ཉིད་ཀྱིས་ཞལ་འཆེས་ཏེ། །རྩེ་གཅིག་སྒྲུབ་པ་པོོ་ཡི་གྲོགས་མཛོད་ལ། །རྣལ་འབྱོར་དབང་ཕྱུག་ཆེན་པོའི་འཁོར་སྲུངས་ཤིག །ༀ། ལས་ཀྱི་མཁའ་འགྲོ་ཕྱི་ཡི་རྣལ་འབྱོར་བཞི། །བདག་ཉིད་ཆེན་མོ་ལ་སོགས་མ་མོའི་ཚོགས། །ལྷ་དང་ལྷ་མིན་ཕྱོགས་བཅུའི་མཁའ་འགྲོ་མ། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ལྟ་བ་མཐོས་པས་སྤྱོད་ལམ་རྩིངས་བ་དང་། །ཉ་སྟོང་གསོ་སྦྱོང་དུས་ལས་གཡེལ་གྱུར་ཅིང་། །གཉིད་ཆང་རྨོངས་པས་ཕྱི་མཆོད་མ་སྐོངས་པ། །བཟོད་པར་གསོལ་ལོ་ཚངས་པ་སྩལ་དུ་གསོལ། །དམ་ཚིག་ལྷག་མ་ཁ་ཆུའི་འོད་ཟེར་འཕྲོ། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཨ་མྲྀ་ཏ། །ཤ་ཁྲག་བདུད་རྩིའི་མཆོད་པ་ཆེན་པོ་འདིས། །ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག །ༀ། སྟོང་ཁམས་ཡོངས་སུ་འཆོལ་བར་གྱུར་མོད་ཀྱང་། །བདག་ནི་རྡོ་རྗེའི་དམ་ལས་མི་འདའ་ཞིང་། །དཔལ་ཆེན་བསྒོམ་བསྒྲུབ་ལས་ལ་བརྩོན་ལགས་ན། །སྐྱེས་ཆེན་ཁྱེད་ཀྱི་ཐུགས་དམ་མཉེས་གྱུར་ཅིག །དུར་ཁྲོད་ཀློང་དགུའི་མཁའ་འགྲོ་རྣམ་བཞིའི་ཚོགས། །ཁམས་གསུམ་འཁོར་བའི་སྡུག་བསྔལ་ཅི་འདྲ་བ། །བྱམས་མགོན་ཁྱེད་ཀྱི་ཐུགས་ལ་དེ་ལྟར་གསལ། །དམྱལ་ཚོགས་མེ་ལྟར་འབར་བ་ཞི་བར་མཛོད། །ཐུགས་རྗེའི་གདུང་འཚོབ་རིག་འཛིན་བདག་གིས་ནི། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འདའ་དཀའ་རྡོ་རྗེའི་དམ་ཚིག་མཆོག་གསུམ་པོ། །རྒྱལ་བའི་བཀའ་ལས་འདའ་བར་མི་བགྱིད་ལ། །གསང་སྔགས་འཆོལ་བར་གྱུར་གྱིས་བསལ་དཀའ་མོད། །ཉམས་དང་ཚོགས་འདྲེས་གྱུར་པ་བསྐངས་སོ་འཚལ། །བློ་སེམས་རྟུལ་བས་སྐྱོན་ཅན་མ་རྟོགས་ཏེ། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན། །གྲོགས་ངན་ཉམས་གྲིབ་སྐྱོན་གྱིས་མ་གོས་ཤིང་། །ཉམས་པ་རྣམ་ལ་ཆད་པ་སྒོར་བཅད་དེ། །འདི་ཕྱིའི་རྐྱེན་དང་སྒྲིབ་པར་མི་འགྱུར་བར། །ཕྲ་མེན་སྤྲུལ་ཚོགས་དབྱེ་བསལ་མཛད་དུ་གསོལ། །ཞེས་གསུངས་སོ། །དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས་ཡེ་ཤེས་མཁའ་འགྲོའི་བཤགས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ལོངས་སྤྱོད་ཆེན་པོའི་དམ་ཚིག་ལ་གནས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ཆོས་ཉིད་ཞི་བའི་བཤགས་པ་འདི་གསུངས་སོ། །ཀུན་བཟུང་ཡབ་ཡུམ་གསན་ཅིང་དགོངས་སུ་གསོལ། །ཡིད་དང་ཆོས་ནི་ཡེ་ནས་མངོན་སངས་རྒྱས། །ཀུན་བཟང་ཡབ་ཡུམ་དགོངས་སྤྱོད་དེ་འདྲ་ཡང་། ། དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ། །ཀུན་བཟང་ཡབ་ཡུམ་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །རྒྱལ་བ་རིགས་ལྔ་གསན་ཅིང་དགོངས་སུ་གསོལ། །ཕུང་པོ་ལྔ་ནི་ཡེ་ནས་མངོན་སངས་རྒྱས། །རྒྱལ་བ་རིགས་ལྔའི་དགོངས་སྤྱོད་དེ་འདྲ་ཡང་། །དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ། །རྒྱལ་བ་རིགས་ལྔའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །རིགས་ཀྱི་ཡུམ་རྣམས་གསན་ཅིང་དགོངས་སུ་གསོལ། །འབྱུང་བ་ལྔ་ནི་ཡེ་ནས་མངོན་སངས་རྒྱས། །རིགས་ཀྱི་ཡུམ་ལྔའི་དགོངས་སྤྱོད་དེ་འདྲ་ཡང་། །དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ། །རིགས་ཀྱི་ཡུམ་ལྔའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །སེམས་དཔའ་བརྒྱད་རྣམས་གསན་ཅིང་དགོངས་སུ་གསོལ། །རྣམ་ཤེས་བརྒྱད་ནི་ཡེ་ནས་མངོན་སངས་རྒྱས། །སེམས་དཔའ་བརྒྱད་ཀྱི་དགོངས་སྤྱོད་དེ་འདྲ་ཡང་། །དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ། །སེམས་དཔའ་བརྒྱད་ཀྱི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །སེམས་མ་བརྒྱད་རྣམས་གསན་ཅིང་དགོངས་སུ་གསོལ། །ཡུལ་བཞི་དུས་བཞི་ཡེ་ནས་མངོན་སངས་རྒྱས། །སེམས་མ་བརྒྱད་ཀྱི་དགོངས་སྤྱོད་དེ་འདྲ་ཡང་། །དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ། །སེམས་མ་བརྒྱད་ཀྱི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཐུབ་པ་དྲུག་རྣམས་གསན་ཅིང་དགོངས་སུ་གསོལ། །ཉོན་མོངས་དྲུག་ནི་ཡེ་ནས་མངོན་སངས་རྒྱས། །ཐུབ་པ་དྲུག་གི་དགོངས་སྤྱོད་དེ་འདྲ་ཡང་། །དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ། །ཐུབ་པ་དྲུག་གི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །སྒོ་བ་བཞི་རྣམས་གསན་ཅིང་དགོངས་སུ་གསོལ། །ཚད་མེད་བཞི་ནི་ཡེ་ནས་མངོན་སངས་རྒྱས། །སྒོ་བ་བཞི་ཡི་དགོངས་སྤྱོད་དེ་འདྲ་ཡང་། །དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ། །སྒོ་བ་བཞི་ཡི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །སྒོ་མ་བཞི་རྣམས་གསན་ཅིང་དགོངས་སུ་གསོལ། །རྟག་ཆད་མུ་བཞི་ཡེ་ནས་མངོན་སངས་རྒྱས། །སྒོ་མ་བཞི་ཡི་དགོངས་སྤྱོད་དེ་འདྲ་ཡང་། །དེ་ལྟར་བདག་གིས་མ་རིགས་མ་རྟོགས་ཏེ། །སྒོ་མ་བཞི་ཡི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཞེས་གསུངས་སོ། །དེ་ནས་རྣལ་འབྱོར་མའི་ཚོགས་རྣམས་ཀྱིས་ཞི་བའི་བཤགས་པ་འདི་གསུངས་སོ། །ༀ། རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །བདག་གིས་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཞི་བའི་དཀྱིལ་འཁོར་ལྷ་རུ་སྦྱོར་མ་འཚལ། །སངས་རྒྱས་བཞི་བཅུ་གཉིས་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །ཡིད་ཆོས་ཀུན་བཟང་ཡབ་ཡུམ་སྦྱོར་མ་འཚལ། །མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས། །ཀུན་བཟང་ཡབ་ཡུམ་སྐུ་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །ཕུང་པོ་ལྔ་པོ་རིག་ལྔར་སྦྱོར་མ་འཚལ། །མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས། །རྒྱལ་བ་རིགས་ལྔའི་སྐུ་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །འབྱུང་བ་ལྔ་རྣམས་ཡུམ་ལྔར་སྦྱོར་མ་འཚལ། །མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས། །རིགས་ཀྱི་ཡུམ་ལྔའི་སྐུ་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །ཤེས་བཞི་དབང་བཞི་སེམས་དཔར་སྦྱོར་མ་མཚལ། །མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས། །བྱང་ཆུབ་སེམས་དཔའི་ཚོགས་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །ཡུལ་བཞི་དུས་བཞི་སེམས་མར་སྦྱོར་མ་འཚལ། །མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས། །བྱང་ཆུབ་སེམས་མའི་ཚོགས་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །ཉོན་མོངས་དྲུག་པོ་ཐུབ་པར་སྦྱོར་མ་འཚལ། །མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས། །ཐུབ་དྲུག་སྤྲུལ་པའི་སྐུ་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །རེག་སོགས་རྣམ་བཞི་སྒོ་བར་སྦྱོར་མ་འཚལ། །མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས། །སྒོ་སྐྱོང་ཁྲོ་བོ་བཞི་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །རྟག་ཆད་མུ་བཞི་སྒོ་མར་སྦྱོར་མ་འཚལ། །མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས། །སྒོ་སྐྱོང་ཁྲོ་མོ་བཞི་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །མ་རིག་དབང་གིས་འཁྲུལ་པས་ནོངས་བགྱིས་པ། །ཉོན་མོངས་ལས་ཀྱིས་ཡི་དམ་ལྷ་སྤངས་ཏེ། །སླུ་བྱེད་དབང་གིས་སློབ་དཔོན་སྙིང་ནས་སྨད། །ང་རྒྱལ་དྲེགས་པས་མཆེད་དང་ལྕམ་དྲལ་དཀྲུགས། །སྲབ་ལ་འཕྱར་བས་གསང་སྔགས་གཞན་ལ་སྤེལ། །སེར་སྣའི་དབང་གིས་མཆོད་པ་དུས་ལས་འདས། །གྲོགས་ངན་སྐྱོན་གྱིས་གསང་བའི་ཆོ་ག་ཆག །བརྟུལ་ཞུགས་ཆུང་བས་བགེགས་སྲིན་ཚར་མ་ཆོད། །རྔམ་ཞིང་ཐུག་ཐུབ་ལྷག་ཕུད་ཉམས་ལ་སོགས། །ཚེ་རབས་ཐོག་མ་མེད་པའི་དུས་མཐའ་ནས། །ཚེ་འདིའི་ལུས་བཟུང་ད་ལྟ་ཡན་ཆོད་དུ། །སྡིག་པ་མི་དགེའི་ལས་རྣམས་ཅི་བགྱིས་པ། །དུས་རིག་དུས་མཁྱེན་ཁྱེད་ལ་བཟོད་པར་གསོལ། །འཕགས་པ་ལགས་པས་ཁྱེད་ཀྱིས་དང་དུ་བཞེས། །སེམས་ཅན་ལགས་པས་བདག་ནོངས་འཁྲུལ་པ་མཆིས། །སྒྱུ་མ་ལགས་པས་བཤགས་ན་གནང་བར་མཛོད། །ཐབས་ལ་མཁས་པས་ཚངས་པ་སྩལ་དུ་གསོལ། །ཞེས་གསུངས་སོ། །དེ་ནས་ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཡབ་ཡུམ་ཐམས་ཅད་ཀྱིས་ཞི་བའི་ལྷ་ཚོགས་ལ་བཤགས་པ་འདི་གསུངས་སོ། །ཀུན་ཏུ་བཟང་པོ་ཐུགས་མཆོག་རིན་པོ་ཆེ། །ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཤིང་། །དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི། །བདག་ལུས་སྒྱུ་མར་མ་རྟོགས་སྐུ་བསླུས་ཤིང་། །བདག་ཅག་ཉམས་ཆག་སེམས་ལ་འགྱོད་པ་སྐྱེས། །ཀུན་བཟང་ཡབ་ཡུམ་སྐུ་ལ་བཟོད་པར་གསོལ། །རིགས་ལྔ་སངས་རྒྱས་ཐུགས་མཆོག་རིན་པོ་ཆེ། །ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཤིང་། །དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི། །བདག་ལུས་སྒྱུ་མར་མ་རྟོགས་སྐུ་བསླུས་ཤིང་། །བདག་ཅག་ཉམས་ཆག་སེམས་ལ་འགྱོད་པ་སྐྱེས། །རིགས་ལྔ་ཡབ་ཡུམ་སྐུ་ལ་བཟོད་པར་གསོལ། །སེམས་དཔའ་སེམས་མ་ཐུགས་མཆོག་རིན་པོ་ཆེ། །ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཤིང་། །དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི། །བདག་ལུས་སྒྱུ་མར་མ་རྟོགས་སྐུ་བསླུས་ཤིང་། །བདག་ཅག་ཉམས་ཆག་སེམས་ལ་འགྱོད་པ་སྐྱེས། །སེམས་དཔའ་སེམས་མའི་སྐུ་ལ་བཟོད་པར་གསོལ། །སྤྲུལ་སྐུ་ཐུབ་དྲུག་སྐུ་མཆོག་རིན་པོ་ཆེ། །བཅུད་ཀྱི་སེམས་ཅན་ཁམས་གསུམ་དབང་དུ་སྡུད། །སྣོད་ཀྱི་འཇིག་རྟེན་དོན་དམ་དབྱིངས་སུ་སྦྱོར། །བདག་ལུས་སྒྱུར་མར་མ་རྟོགས་སྐུ་བསླུས་ཤིང་། །བདག་ཅག་ཉམས་ཆག་སེམས་ལ་འགྱོད་པ་སྐྱེས། །སྤྲུལ་སྐུ་ཐུབ་པ་དྲུག་ལ་བཟོད་པར་གསོལ། །སྒོ་བ་སྒོ་མ་ཐུགས་མཆོག་རིན་པོ་ཆེ། །ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཤིང་། །དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི། །བདག་ལུས་སྒྱུ་མར་མ་རྟོགས་སྐུ་བསླུས་ཤིང་། །བདག་ཅག་ཉམས་ཆག་སེམས་ལ་འགྱོད་པ་སྐྱེས། །སྒོ་བ་སྒོ་མ་རྣམས་ལ་བཟོད་པར་གསོལ། །ཞེས་གསུངས་སོ། །དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། ཆོས་ཉིད་ཞི་བའི་བཤགས་པ་སྟེ་ལེའུ་དགུ་པའོ།། །།དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དམ་ཚིག་ལ་གནས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱིས། །ཁྲོ་བོའི་དཀྱིལ་འཁོར་ལ་བཤགས་པ་འདི་འགྲོ་བའི་དོན་དུ་གསུངས་སོ། །ༀ། དང་པོ་རང་བཞིན་མཉམ་པའི་དཀྱིལ་འཁོར་དུ། །གཟུང་འཛིན་གཉིས་ཀྱི་བདག་དང་མ་བྲལ་བས། །གཉིས་སུ་མེད་པའི་གནས་ལུགས་དོན་མ་རྟོགས། །གཉིས་མེད་ཆོས་ཀྱི་སྐུ་ལ་བཟོད་པར་གསོལ། །དོན་དམ་མི་འགགས་གསལ་བའི་གོ་འབྱེད་པའི། །ཟླ་གསལ་དྭངས་པའི་དབྱིངས་སུ་སྐུ་བཞེངས་ལ། །བྱང་ཆུབ་ཐིག་ལེའི་འོད་ཀྱིས་ཁྱབ་མཛད་པ། །ཀུན་སྣང་དང་བའི་སྐུ་ལ་བཟོད་པར་གསོལ། །དོན་དམ་སྐྱེ་བ་མེད་པའི་མཁའ་དབྱིངས་ལས། །འབྲས་བུ་ཡོན་ཏན་འབྱུང་བའི་སྐུར་སྣང་བ། །དབང་ཆེན་རིམ་གྱིས་བསྐྱེད་པའི་བཞུགས་གནས་རྟེན། །དབང་ཆེན་གཞལ་ཡས་གསལ་བར་མ་གྱུར་པ། །ཕོ་བྲང་འབར་བའི་ཀློང་དུ་བཟོད་པར་གསོལ། །བདེ་ཆེན་ཉིད་ལས་ཕྱག་རྒྱའི་སྐུར་སྣང་ཞིང་། །ཡེ་ཤེས་དྲུག་གི་ཕྱག་མཚན་རང་རང་བསྣམས། །ཇི་ལྟར་གསལ་བའི་ངང་དུ་མ་གྱུར་པ། །འཇིགས་བྱེད་ཧེ་རུ་ཀ་ལ་བཟོད་པར་གསོལ། །གཉིས་མེད་སྐུ་ལ་འཁྲིལ་བའི་གཟུངས་མཆོག་མ། །པདྨའི་དོན་ལ་ཆགས་པའི་མཁའ་དབྱིངས་སུ། །གཉིས་མེད་བྱང་ཆུབ་སེམས་ཀྱི་འོད་སྤྲོ་བ། །ཀྲོ་དྷཱི་ཤྭ་རཱིའི་སྐུ་ལ་བཟོད་པར་གསོལ། །ཐུགས་ལས་སྐྱེས་པའི་ཡེ་ཤེས་ཁྲོ་མོ་རྣམས། །རྣམ་ཤེས་དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་མ། །ག་རཱི་ལ་སོགས་ཐུགས་དང་ཅི་འགལ་བ། །གནས་ཀྱི་མ་བརྒྱད་སྐུ་ལ་བཟོད་པར་གསོལ། །ཐུགས་རྗེ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ལོག་རྟོག་མཚན་མར་འཛིན་པ་ཞི་བའི་ཕྱིར། །མཆེ་གཤོག་་རྔམས་པ་འབར་བའི་སྐུར་སྤྲུལ་པ། །སིངྷ་ལ་སོགས་ཐུགས་དང་ཅི་འགལ་བ། །ཡུལ་གྱི་ཕྲ་མེན་བརྒྱད་ལ་བཟོད་པར་གསོལ། །ཕོ་བྲང་རྒྱན་དང་ལྡན་པའི་དཀྱིལ་འཁོར་དུ། འགུགས་དང་འཆིང་དང་སྡོམ་དགྱེས་སྒོ་མ་བཞི། །རྟ་གདོང་ལ་སོགས་ཐུགས་དང་ཅི་འགལ་བ། །སྒོ་བཞི་ཕྱག་རྒྱ་རྣམས་ལ་བཟོད་པར་གསོལ། །མངོན་སྤྱོད་ལས་ལས་གྲུབ་པའི་དབང་ཕྱུག་མ། །དགེ་དང་མི་དགེ་གཉིས་ཀྱི་དབང་མཛད་པའི། །མ་ཚོགས་དབང་ཕྱུག་ཐུགས་དང་ཅི་འགལ་བ། །མ་སྲིང་རྒྱ་མཚོ་རྣམས་ལ་བཟོད་པར་གསོལ། །རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །ཐུགས་རྗེ་མཉམ་པའི་ངང་ལས་མ་གཡོས་ཀྱང་། །ཕྲ་མོའི་ཏིང་འཛིན་གསལ་བར་མ་གྱུར་པས། །ཡོན་ཏན་འཛིན་པ་རྣམས་ལ་བཟོད་པར་གསོལ། །བདག་གིས་སྐྱེ་བ་ཐོག་མ་མ་མཆིས་ནས། །ད་ལྟའི་ལུས་འདི་བཟུང་བ་ཡན་ཆད་དུ། །མ་རིག་དབང་གིས་སྲིད་པའི་ཁམས་ཀུན་འཁོར། །ཇི་སྲིད་མི་ལུས་བླངས་ནས་གར་སྐྱེས་ཀྱང་། མཚམས་མེད་ལྔ་དང་དེ་དང་ཉེ་བ་ལྔ། །སྡིག་པའི་ལས་སུ་གྱུར་པ་ཅི་མཆིས་པ། །དངོས་གྱིས་བགྱིས་དང་བགྱིད་དུ་སྩལ་བ་དང་། །དེ་ལ་རྗེས་སུ་ཡི་རང་བགྱིས་པ་རྣམས། །བྱང་ཆུབ་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །ཚངས་པར་མཛད་ནས་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསུངས་སོ། །དེ་ནས་དམ་ཚིག་ལ་གནས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་འདི་གསུངས་སོ། །ཧཱུྃ། བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་ཀློང་། །དུག་ལྔ་གནས་གྱུར་ཡེ་ཤེས་ཧེ་རུ་ཀ །དབྱིངས་ཀྱི་ཡུམ་ཆེན་ཁྲོ་མོ་ལྔ་དང་སྦྱོར། །ག་རཱི་ལ་སོགས་ནང་གི་མཁའ་འགྲོ་བཞི། །པུཀྐ་ལ་སོགས་ཕྱི་ཡི་རྣལ་འབྱོར་མ། །སིདྷ་ལ་སོགས་ཟ་བྱེད་གདོང་ཅན་ཚོགས། །ཀྲི་ཏ་ལ་སོགས་མཚམས་ཀྱི་གཤོག་པ་ཅན། །འབར་བའི་བར་ཁྱམས་དབང་ཕྱུག་ཉི་ཤུ་བརྒྱད། །སྒོ་བཞི་འགུགས་འཆིང་སྡོམ་དགྱེས་སྒོ་མ་བཞི། །ཁྲག་འཐུང་ལྷ་ཚོགས་སྐུ་ཡང་མ་གསལ་ཞིང་། །སྙིང་པོ་གྲངས་ཉུང་ཕྱག་རྒྱ་གནས་མ་སོན། །ཚོགས་དང་འབྱོར་པས་གནས་སུ་མ་བསྐངས་པ། །ཁྲོ་བོའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ། །ཞེས་གསུངས་སོ། །དེ་ནས་ཡང་ཕྱོགས་བཅུའི་རྣལ་འབྱོར་གྱི་དབང་ཕྱུག་ཕོ་མོ་རྣམས་ཀྱིས། ཧེ་རུ་ཀའི་དཀྱིལ་འཁོར་ལ་བཤགས་པ་འདི་གསུངས་སོ། །ༀ། དང་པོར་གསང་མཆོག་སྡོམ་པ་འདི་མནོས་ནས། །འདའ་དཀའ་ཁས་བླངས་དམ་ལས་གཡེལ་གྱུར་ཏེ། །ཁྲག་འཐུང་རིགས་ལྔའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ག་ཎའི་སྦྱོར་མཆོག་རྟོག་འཛིན་བར་ཆད་ཀྱིས། །ཡུམ་ཆེན་ཀྲོ་དྷཱིའི་ཐུགས་དང་ཅི་འགལ་བ། །ཁྲོ་མོ་དབྱིངས་ཕྱུག་ལྔ་ལ་བཟོད་པར་གསོལ། །རྫས་དང་ཕྱག་རྒྱ་མངོན་དུ་མ་གྱུར་ཏེ། །ཤ་ཟ་ག་རཱིའི་ཐུགས་དང་ཅི་འགལ་བ། །གནས་ཀྱི་མ་བརྒྱད་སྐུ་ལ་བཟོད་པར་གསོལ། །ཤ་ཁྲག་མཆོད་པ་གཞུང་བཞིན་མ་འཚོགས་ཏེ། །སིདྷ་ཕྲ་མེན་ཐུགས་དང་ཅི་འགལ་བ། །ཡུལ་གྱི་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ། །ཤར་ལྷོ་ནུབ་བྱང་སྒོ་བཞི་མ་ཕྱེད་དེ། །རྟ་གདོང་སྒོ་མའི་ཐུགས་དང་ཅི་འགལ་བ། །ཡེ་ཤེས་སྒོ་མ་བཞི་ལ་བཟོད་པར་གསོལ། །འདའ་དཀའ་ཁས་བླངས་འཁོར་དྲུག་མ་ཐུལ་ཏེ། །མ་བདུན་སྲིང་བཞིའི་ཐུགས་དང་ཅི་འགལ་བ་། །མཁའ་འགྲོ་བཅུ་གཅིག་སྐུ་ལ་བཟོད་པར་གསོལ། །ལོངས་སྦྱོད་འབྱམས་ནས་ཚོགས་ཀྱི་ཕུད་ཉམས་ཏེ། །ཕུད་མྱུལ་དབང་ཕྱུག་ཐུགས་དང་ཅི་འགལ་བ། །དབང་མོ་ཉི་ཤུ་བརྒྱད་ལ་བཟོད་པར་གསོལ། །གནས་ལ་མ་བརྟེན་བྱ་བྱེད་འབྱུང་འཇུག་གིས། །ཏི་རའི་གནས་མྱུལ་ཐུགས་དང་ཅི་འགལ་བ། །གནས་མྱུལ་ཆེན་མོའི་སྐུ་ལ་བཟོད་པར་གསོལ། །སྐུ་མཉེས་ཕ་མའི་ཚུལ་དུ་མ་གྱུར་ཏེ། །རྡོ་རྗེ་སློབ་དཔོན་ཐུགས་དང་ཅི་འགལ་བ། །རྡོ་རྗེ་རྒྱལ་པོའི་སྐུ་ལ་བཟོད་པར་གསོལ། །ཏིང་འཛིན་མ་སྙེམས་ཞི་ཁྲོ་མ་ཕྱེད་དེ། །རྡོ་རྗེ་རྒྱལ་ཐེབས་ཐུགས་དང་ཅི་འགལ་བ། །སྟོན་པ་སྒྲོན་མེའི་སྐུ་ལ་བཟོད་པར་གསོལ། །ལེ་ལོ་བྱས་པས་ཕྱག་རྒྱ་རྒྱུན་ཆད་དེ། །ཀརྨ་ལས་མཁན་ཐུགས་དང་ཅི་འགལ་བ། །ལས་གྱི་སློབ་དཔོན་སྐུ་ལ་བཟོད་པར་གསོལ། །སྦྱོར་བའི་ཚེ་ན་ཚད་ལ་མ་ཕེབས་ཏེ། །ཤེས་རབ་སྙེམས་མའི་ཐུགས་དང་ཅི་འགལ་བ། །གསང་ཡུམ་རིག་མའི་སྐུ་ལ་བཟོད་པར་གསོལ། །སྒྲོལ་བའི་ཚེ་ན་ཏིང་འཛིན་གནས་མ་སྟོབ། །སྐྱེས་བུ་གིང་ཆེན་ཐུགས་དང་ཅི་འགལ་བ། །སྒྲོལ་གིང་བདག་པོའི་སྐུ་ལ་བཟོད་པར་གསོལ། །སྤྲུལ་སྐུ་ཁྲོ་མོའི་ཐུགས་སུ་མ་གྱུར་ཏེ། །འགུགས་འདྲེན་ཕོ་ཉའི་ཐུགས་དང་ཅི་འགལ་བ། །མགྱོགས་བྱེད་ལས་མཛད་སྐུ་ལ་བཟོད་པར་གསོལ། །ལེ་ལོ་དབང་གིས་བརྩེ་གདུང་རྒྱུན་ཆད་དེ། །བྱང་ཆུབ་མཆེད་ལྕམ་ཐུགས་དང་ཅི་འགལ་བ། །རྫོ་རྗེ་མིང་སྲིང་སྐུ་ལ་བཟོད་པར་གསོལ། །བྲེ་མོའི་ཕྱིར་ན་དམ་ཚིག་ཉམས་ལ་སོགས། །ཕྱི་ནང་རྗེས་གཅོད་ཐུགས་དང་ཅི་འགལ་བ། །དམ་ཚིག་བྱ་ར་བྱེད་ལ་བཟོད་པར་གསོལ། །ལོངས་སྤྱོད་གསོལ་ནས་ལྷག་མའི་ཕུད་ཉམས་ཏེ། །ཕྱི་འཁོར་བརྟན་མའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །བཟོད་པར་མཛད་ནས་ཚངས་པའི་དངོས་གྲུབ་སྩོལ། །དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། །ཁྲོ་བོའི་དཀྱིལ་འཁོར་ཁྲག་འཐུང་ལ་བཤགས་པ་སྟེ་ལེའུ་བཅུ་པའོ།། །།དེ་ནས་ཡང་དཔལ་ཆེན་པོ་ཧེ་རུ་ཀ་ལ་སོགས་པའི་དམ་ཚིག་ལ་གནས་པའི་གཙོ་འཁོར་རྣམས་ཀྱིས་བཤགས་པ་འདི་གསུངས་སོ། །ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས། །དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །རྣམ་དག་འོད་གསལ་ཟླ་འོད་དཀྱིལ་ན་མཛེས། །ཇི་ལྟར་མཁའ་ལ་ཉི་འོད་འབུམ་རྡལ་བཞིན། །དཔའ་བོ་འོད་ཟེར་སྟོང་འབར་ལྷམ་མེ་བ། །སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས། །ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ། །བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ། །བདག་ནི་ཐོགས་མ་མེད་པའི་དུས་མཐའ་ནས། །ལ མ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས། །སྔོན་ཚེ་ལས་ལོག་སྡིག་པ་སྤྱད་པས་ནོངས། །སྡིག་པའི་ལས་རྣམས་ཅི་བྱས་རབ་གནོང་འགྱོད། །དར་ཞིང་དྲགས་པའི་ལས་དབང་དེ་བཙན་པས། །འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིངས་གྱུར་ཏེ། །ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས། །གཏི་མུག་མུན་པ་འཐིབས་པས་ཤེས་རབ་ལྡོངས། །འདོད་ཆགས་རྒྱ་འཚོའི་འགྲམ་དུ་རྣམ་ཤེས་བྱིངས། །ང་རྒྱལ་དྲེགས་པའི་རི་བོས་ངན་འགྲོ་མནན། །ཕྲག་དོག་རླུང་དམར་འཚུབས་པས་འཁོར་བར་གཡེངས། །བདག་ཏུ་བལྟ་བའི་མདུད་པ་དམ་པོས་བཅིངས། །འདོད་པ་མེ་མདག་དོང་འདྲའི་འོབས་སུ་ལྷུང་། །སྡུག་བསྔལ་དྲག་པོ་མི་བཟད་ཆར་ལྟར་འབབ། །འདི་འདྲའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཞིང་། །སྡིག་པའི་ལས་དབང་དྲག་པོ་མེ་འབར་བས། །རྣམ་ཤེས་དབང་པོའི་མྱུ་གུ་གདུངས་གྱུར་ཏེ། །ཕྱུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན། །བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ། །བདག་འདྲ་བླུན་རྨོངས་ལས་ངན་སྡིག་པོ་ཆེ། །ལས་ཀྱི་དབང་གིས་འདོད་ཁམས་རཱུ་ཏྲར་སྐྱེས། །སྐྱེས་པས་འགྱོད་དོ་ལས་ལ་ཡི་རེ་ཆད། །ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད། །ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ། །ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་ལྡོག །རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང་། །བཀའ་ལ་ཞུགས་ཀྱང་བཀའ་བཞིན་རྔོ་མ་ཐོགས། །ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་སོང་། །ལས་ཀྱི་རླུང་དམར་དྲག་པོ་དེས་བདས་པས། །བདག་ནི་དེ་སྔོན་བསྐལ་པ་གྲངས་མེད་དུ། །འཁོར་བའི་བཙོན་ར་མུན་པར་འཁྱམས་པ་ལ། །ཉེ་གནས་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས། །ལས་དང་ཉོན་མོངས་སྒྲིབ་པའི་གནས་སྦྱངས་ནས། །མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟ་འཁོད། །ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི། །ཐུགས་རྗེའི་ཞལ་ཉིད་བལྟ་བས་མི་ངོམས་པ། །ཐོག་མ་མེད་ནས་མ་རིག་ལིང་ཏོག་གིས། །ལྡོངས་བའི་ཆུ་བུར་མིག་གིས་མ་མཐོང་ན། །འགྲོ་བའི་མགོན་ཁྱོད་དེ་སྔོན་གང་ན་བཞུགས། །ལས་དབང་དྲག་པོ་རབ་ཏུ་མི་བཟད་པས། །ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིག་ནས། །དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཅིང་། །ཉམས་ཐག་ཕོངས་པའི་ང་རོས་འབོད་ལགས་ན། །བྱམས་མགོན་ཐུགས་རྗེས་དུས་འདིར་མ་དགོངས་ན། །ནམ་ཞིག་འཆི་འཕོ་ལུས་སེམས་འབྲལ་བའི་ཚེ། །དགེ་བཤེས་གྲོགས་དང་བྲལ་ཏེ་གཤིན་རྗེས་ཁྲིད། །དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ། །ལས་ཀྱི་དབང་གིས་བདག་ཉིད་གཅིག་པུར་འཁྱམས། །དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ན། །གང་གིས་ཕྱི་བཤོལ་དུས་ལས་མ་བཞེས་པར། །ད་ལྟ་ཉིད་དུ་བརྟུན་ཏེ་མངོན་སྤྱོད་མཛོད། །ལས་ཀྱི་མནར་བའི་སྐྱེ་བོ་བདག་འདྲ་བ། །ཐོག་མ་མེད་པའི་དུས་ནས་ལོག་བརྟགས་པས། །ཁམས་གསུམ་འཁོར་བའི་གནས་ལས་མ་ཐར་ཏེ། །བསྐལ་པ་གྲངས་མེད་སྐྱེ་བ་ཇི་སྙེད་དུ། །གདོས་བཅས་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་། །ཁམས་གསུམ་བགྲངས་ཤིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང་། །བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས། །སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་གྱི། །སྐྱེ་བ་གཅིག་གཅིག་ཁོ་ན་ཙམ་གྱི་ལས། །བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན། །དེ་ཙམ་བྱས་པའི་ལས་ལ་དོན་རབ་ཡོད། །དོན་གྱི་ཡང་ཡེ་མྱ་ངན་འདས་ཟིན་ན། །ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས། །ཤ་ཁྲག་འདུས་པའི་ལུས་བླངས་འཁོར་བར་འཁྱམས། །སྡུག་བསྔལ་བཟོད་དཀའ་སྲིད་པའི་བཙོན་རར་ཚུད། །མི་བཟད་དྲག་པོའི་སྡུག་བསྔལ་འདི་ལྟ་བུ། །ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང་། །སྡིག་པའི་ལས་རྣམས་བྱམས་མགོན་ཁྱེད་ལ་བཤགས། །ཐུགས་རྗེ་ཆེན་པོས་ལས་ངན་རྒྱུན་བཅད་དེ། །ཉོན་མོངས་ལས་ཀྱི་རླུང་འདི་བཟློག་ཏུ་གསོལ། །མ་རིག་ལོག་པའི་ལས་ཀྱི་དབང་མཚན་པས། །མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན། །ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་སྟོངས་སམ། །ཉེས་བྱས་ལས་ཀྱི་རྣམ་སྨིན་མ་བཟོད་ན། །ཐུགས་རྗེ་ཆེན་པོས་ཕྲིན་ལས་མི་མཛད་དམ། །ཕྱིན་ཅི་ལོག་གི་གཡང་སར་ལྷུང་ལགས་ན། །ཐུགས་རྗེ་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ། །དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན། །ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོའམ། །ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེ་འབར་ན། །ཐུགས་རྗེ་བསིལ་བའི་ཆུ་རྒྱུན་མི་འབེབས་སམ། །སྡུག་བསྔལ་འཁོར་བའི་འདམ་དུ་བྱིངས་གྱུར་ན། །ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ། །ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས། །ནམ་ཞིག་རང་གིས་འབྲས་བུ་ཐོབ་པའི་ཚེ། །འཕགས་པའི་ཐུགས་རྗེས་ཅི་འཚལ་དོན་མ་མཆིས། །བདག་ཉིད་ལས་འཕྲོའི་དབང་བཙན་བཞག་ན་ལྟ། །ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི། །དཔའ་བོ་ཁྱོད་ལ་ཐུག་རྗེའི་སྟོབས་མངའ་ཞིང་། །སྔོན་བྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན། །ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར། །སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ། །ཞེས་དྲེགས་པ་ཅན་རྣམས་ཀྱིས་བཤགས་སོ། །དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། །རཱུ་ཱུཏྲའི་སྨྲེ་བཤགས་ཏེ་ལེ་འུ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ལོངས་སྤྱོད་ཀྱི་བདག་པོ་ཆེན་པོ་རྣམས་ཀྱིས། རྒྱུད་ལུང་མན་ངག་གི་བཤགས་པ་འདི་གསུངས་སོ། །ཆོས་ཉིད་དུས་གསུམ་སྤྲོས་པ་མེད་པ་ལ། །འཛིན་རྟོག་མེད་པའི་རང་རིག་ཡེ་ཤེས་ཀྱིས། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལས། །ཡུལ་དང་དབང་པོ་གཉིས་སུ་མེད་པར་བཤགས། །ཡུམ་གྱི་བྷ་ག་དགྱེས་པའི་ཕོ་བྲང་དུ། །ཡབ་ཀྱི་རྡོ་རྗེ་གཉིས་མེད་བྱང་ཆུབ་སེམས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པ་ལ། །ཕྱི་ནང་སྣོད་བཅུད་གཉིས་སུ་མེད་པར་བཤགས། །ཏིང་འཛིན་རྣམ་གསུམ་བློ་ཡི་བདར་བཅད་ནས། །ཕུང་པོ་རྣམ་ཤེས་ཡུལ་དང་དབང་པོ་རྣམས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་གསལ་བསྒོམས་ནས། །འགྲོ་དྲུག་སེམས་ཅན་རྒྱལ་བའི་དཀྱིལ་འཁོར་དུ། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་མཛོད། །ཅེས་རྒྱུད་རྣལ་འབྱོར་ཆེན་པོ་ལྟར་བཤགས་སོ། །དེ་ནས་ལུང་ལྟར་བཤགས་པ་འདི་གསུངས་སོ། །རྩ་སྲོག་ཙིཏྟ་ལུས་ངག་ཡིད་གསུམ་པོ། །གུ་ཧྱ་གསང་ཆེན་སྐུ་གསུང་ཐུགས་ཀྱི་མཛོད། །རྡོ་རྗེ་ཀློང་དགུ་དཔལ་ཆེན་ཧེ་རུ་ཀ །ཁམས་གསུམ་ས་དགུ་གཉིས་སུ་མེད་པར་བཤགས། །ཇི་ལྟར་སྣང་བ་ལྷ་ཡི་དཀྱིལ་འཁོར་དུ། །སྙིང་པོ་བརྗོད་པས་སྐུ་མཆོག་རྫོགས་པའི་ཚུལ། །དབྱེར་མེད་མཉམ་ཉིད་ངོ་བོ་ཉིད་ཀྱི་སྐུ། །ཐབས་ལ་མཁས་པས་གཉིས་སུ་མེད་པར་བཤགས། །ཕྱི་ནང་སྣོད་བཅུད་གཉིས་མེད་ཆོས་ཀྱི་སྐུ། །ང་དང་བདག་གི་ངོ་བོ་ཉིད་མཉམ་པས། །མཐོ་རིས་ངན་སོང་རྒྱུ་འབྲས་རྣམ་གཉིས་པོ། །གཉིས་མེད་བདེ་ཆེན་ཀློང་དུ་མཐར་ཕྱིན་ཤོག །ཅེས་ལུང་རྗེས་སུ་རྣལ་འབྱོར་ལྟར་བཤགས་སོ། །དེ་ནས་མན་ངག་ལྟར་བཤགས་པ་འདི་གསུངས་སོ། །ཇི་ལྟར་སྣང་བ་ཀུན་བཟང་བདེ་ཆེན་གནས། །ཡོད་མེད་རྟག་ཆད་མཚན་མའི་ཚིག་ལས་འདས། །འདི་ལྟར་མ་རྟོགས་བདག་ཉིད་གང་ཡིན་པ། །དེ་ཉིད་མ་སྤངས་རྟོགས་པའི་ཀློང་དུ་བཤགས། །དུས་གསུམ་འཕོ་འགྱུར་ཐ་ཚིག་བཏགས་པ་མེད། །རྩོལ་མེད་སྒྲུབ་མེད་ནམ་མཁའི་ངང་དུ་གནས། །ཡོང་ལ་ཁྱབ་པས་ཀུན་གྱིས་འདོད་རྒུད་སྒྱུར། །ཕྱིན་ཅི་ལོག་རྟོག་བྱང་ཆུབ་ལམ་དུ་བཤགས། །རྟོགས་པའི་མན་ངག་དོན་དུ་མི་ལྡན་ན། །ཚིག་གིས་མཚོན་པས་བྱང་ཆུབ་མི་འཐོབ་སྟེ། །རང་སེམས་ཡེ་ནས་སངས་རྒྱས་ཡིན་ཤེས་པས། །རང་བྱུང་ཡེ་ཤེས་ཀློང་དུ་མཐར་ཕྱིན་ཤོག །དེ་ལྟར་བཤགས་ན་སྒྲིབ་པ་ཐམས་ཅད་དང་། །ཉོན་མོངས་ལས་ངན་མ་སྤངས་རང་དག་ནས། །འབྲས་བུ་ཡང་དག་སངས་རྒྱས་འཐོབ་བོ་ཞེས། །མན་ངག་རྫོགས་པའི་རྣལ་འབྱོར་ལྟར་བཤགས་སོ། །དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། རྒྱུད་ལུང་མན་ངག་གི་བཤགས་པ་སྟེ་ལེའུ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ངང་ནས་ལྟ་བའི་ཀློང་བཤགས་འདི་གསུངས་སོ། །ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ། །གཟུང་འཛིན་གཉིས་སུ་བལྟ་བ་ཡོངས་རེ་གོལ། །དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས། །སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི། །ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ། །བཟང་ངན་གཉིས་སུ་བལྟ་བ་ཐང་རེ་ཆད། །གཙང་དང་སྨེ་བར་འཛིན་པ་ཉོན་རེ་མོངས། །བཟང་ངན་མེད་པའི་ཀློང་དུ་བཤགས་པར་བགྱི། །མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ། །སངས་རྒྱས་སེམས་ཅན་བལྟ་བ་ཡོངས་རེ་གོལ། །ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས། །མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་བར་བགྱི། །བྱང་ཆུབ་སེམས་ལ་སྐྱེ་ཤི་མེད་པ་ལ། །འདི་དང་ཕྱི་མར་བལྟ་བ་ཐང་རེ་ཆད། །སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས། །འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱི། །ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ། །གཟུགས་དང རྫས་སུ་བལྟ་བ་ཐང་རེ་ཆད། །གྲྭ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཀུན་ནས་ཟླུམ་པའི་ཐིག་ལེ་ཆེན་པོར་བཤགས། །དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལ། །ཐོག་མ་ཐ་མར་བལྟ་བ་ཡོངས་རེ་གོལ། །འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས། །འགྱུར་བ་མེད་པའི་ཐིག་ལེ་ཆེན་པོར་བཤགས། །རང་བྱུང་ཡེ་ཤེས་བཙལ་དུ་མེད་པ་ལ། །རྒྱུ་འབྲས་གཉིས་སུ་བལྟ་བ་ཐང་རེ་ཆད། །རྩོལ་བསྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །རྩོལ་བ་མེད་པའི་རང་བྱུང་ཀློང་དུ་བཤགས། །རིག་པའི་ཡེ་ཤེས་རྟག་ཆད་མེད་པ་ལ། །རྟག་ཆད་གཉིས་སུ་འཛིན་པ་སྙིང་རེ་རྗེ། །ཡོད་དང་མེད་པར་བལྟ་བ་ཉོན་རེ་མོངས། །རྟག་ཆད་མེད་པའི་ཡེ་ཤེས་ཀློང་དུ་བཤགས། །ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པ་ལ། །ཕྱོགས་རིས་མཐའ་དབུས་སྤྲོ་བསྡུ་ཐང་རེ་ཆད། །མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པར་བཤགས། །གཞལ་ཡས་ཁང་ལ་ཕྱི་ནང་མེད་པ་ལ། །ཕྱི་དང་ནང་དུ་བལྟ་བ་ཐང་རེ་ཆད། །ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཡངས་དོག་ཕྱི་ནང་མེད་པའི་ཀློང་དུ་བཤགས། །ཡུམ་གྱི་མཁའ་དབྱིངས་མཐོ་དམའ་མེད་པ་ལ། །སྟེང་འོག་གཉིས་སུ་བལྟ་བ་སྙིང་རེ་རྗེ། །མཐོ་དམའ་གཉིས་སུ་འཛིན་པ་ཉོན་རེ་མོངས། །བྷ་ག་ཡངས་དོག་མེད་པའི་ཀློང་དུ་བཤགས། །ཆོས་ཀྱི་སྐུ་ལ་དབྱེ་བ་མེད་པ་ལ། །ཡུལ་དང་སེམས་སུ་བལྟ་བ་ཐང་རེ་ཆད། །སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས། །གཉིས་སུ་མེད་པའི་ཡེ་ཤེས་སྐུ་རུ་བཤགས། །རིག་པའི་ཡེ་ཤེས་ནང་ནས་མ་ཤར་བས། །མ་རིག་རྨོངས་པའི་བློ་འདི་སྙིང་རེ་རྗེ། །གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན། །ཡེ་ཤེས་རང་བཞིན་ཀློང་དུ་མཐོལ་ལོ་བཤགས། །སྐྱེ་བ་མེད་པའི་དོན་དེ་མ་རྟོགས་ན། །གང་ཟག་འཁྲུལ་པའི་བློ་འདི་ཡོངས་རེ་གོལ། །སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང་། བདེ་ཆེན་སྐྱེ་མེད་ཀློང་དུ་མཐོལ་ལོ་བཤགས། །ཆོས་ཉིད་དོན་དེ་བློ་ལ་མ་གསལ་བས། །སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་ཏེ། །ཟང་ཟིང་ནོར་ལ་ཆགས་པའི་སེམས་ནི་སྐྱེས། །ཆོས་ཉིད་སྐྱེ་མེད་ཆགས་པ་མེད་པར་བཤགས། །འཁོར་བ་རང་བཞིན་མེད་པར་མ་ཤེས་པས། །དངོས་པོ་མཚན་མའི་ཆོས་ལ་རྟག་པར་འཛིན། མི་དགེའི་ལས་ཀྱིས་བདེ་བ་འཚོལ་བྱེད་པ། །བྱུང་ཆུབ་སྐྱོན་བྲལ་ཀློང་དུ་མཐོལ་ལོ་བཤགས། །མཉམ་པའི་དོན་ཉིད་མཉམ་པར་མ་རྟོགས་པས། །གཉེན་བཤེས་འཁྲུལ་བའི་གྲོགས་ནི་རྟག་པར་འཛིན། །མི་ཤེས་སྐྱེ་བོའི་སེམས་འདི་ཡོངས་རེ་གོལ། །མཉམ་ཉིད་ཆོོས་ཉིད་ཀློང་དུ་མཐོ་ལོ་བཤགས། །ཆོས་ཉིད་བདེན་བའི་དོན་དང་མ་ཕྲད་ན། །བདེན་པའི་དོན་བོར་མི་དགེའི་ལས་ལ་བརྩོན། །སྟོན་པའི་བཀའ་བོར་མི་ཆོས་གཡེང་བས་བསླུས། །ཆོས་ཉིད་བདེ་ཆེན་ཀློང་དུ་མཐོལ་ལོ་བཤགས། །རིག་པའི་ཡེ་ཤེས་རང་སར་མ་གྲོལ་བས། །རང་རིག་དོན་བོར་གཡེང་བའི་ལས་ལ་བརྩོན། །འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ། །དབྱེ་བསྲི་མེད་པའི་ཀློང་དུ་བཤགས་པར་བགྱི། །ཡེ་ཤེས་ལྷ་ཚོགས་བསྲུང་མ་དམ་ཅན་རྣམས། །དམ་ཚིག་གཞུང་བཞིན་གྲུབ་པའི་རྣམ་འབྱོར་ལ། །མ་རྟོགས་ལྟ་བའི་གོལ་སྒྲིབ་བྱུང་བ་ན། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། །གྲོལ་ལམ་ལྟ་བའི་བཤགས་པ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལོངས་སྤྱོད་ཆེན་པོའི་དམ་ཚིག་ལ་གནས་པ་རྣམས་ལ། །ཐབས་ལམ་དབང་གིས་ཡོངས་སུ་རྫོགས་པའི་བཤགས་པ་འདི་གསུངས་སོ། །ༀ། བདག་ལུས་གཞལ་ཡས་ཁང་དུ་གནས་པའི་ནང་། །སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས་སུ། །དུག་ལྔ་རྣམ་དག་རིགས་ལྔ་ཡབ་ཡུམ་སྐུ། །བསྐྱེད་རིམ་དབྱིབས་ཀྱི་ལམ་དུ་མ་ཤེས་བཤགས། །ལུས་སེམས་ཡེ་ནས་ཟུང་འཇུག་གནས་པ་ལ། །སྣང་ཕྱོགས་སྟོང་ཕྱོགས་ཟུང་འཇུག་མ་ཤེས་ཏེ། །མཉམ་བཞག་རྗེས་ཐོབ་ཉམས་ལེན་སྐྱོང་མ་ཤེས། །ངོ་བོ་ཉིད་གསུམ་ལྟ་བའི་ཀློང་དུ་བཤགས། །ཡེ་ནས་འཁོར་འདས་དབྱེར་མེད་ཡིན་པ་ལ། །སྣོད་བཅུད་གཞལ་ཡས་ཁང་དང་ལྷར་མ་ཤེས། །འབྱུང་བཞིའི་ཆོས་ལ་མངའ་དབང་མ་བསྙེས་པ། །གྲུབ་མཐའ་འཁོར་འདས་དབྱེར་མེད་ངང་དུ་བཤགས། །ཡེ་ནས་སྐྱེ་ཤི་མེད་པར་མ་ཤེས་པས། །མ་རྟོགས་འཆི་དུས་སྣང་བ་བསྒྱུར་བ་དང་། །འོད་ཀྱི་གོང་བུ་སྒྲ་ཡིས་འཕོ་མ་ཤེས། །འདའ་ཁ་འཆི་བྲོད་ངང་དུ་བཤགས་པར་བགྱི། །ལུས་ཀྱི་རྩ་ཡི་གཙོ་བོ་ཕལ་པ་རྣམས། །ཡེ་ནས་སྤྲུལ་སྐུར་གནས་པ་མ་ཤེས་ཏེ། །དབྱིབས་ཀྱི་ལྷ་སྐུ་རང་གསལ་བསྒོམ་མ་ཤེས། །སྤྲུལ་སྐུའི་རང་བཞིན་ལྷུན་གྲུབ་འབྲས་བུར་བཤགས། །ལུས་རྩ་བུམ་པའི་དབང་དུ་མ་ཤེས་པས། །མ་ཧཱ་ཡོ་གའི་བསྐྱེད་རིམ་བསྒོམ་མ་ནུས། །བུམ་དབང་དམ་ཚིག་ཉམས་པ་འཐོལ་ལོ་བཤགས། །ཚངས་པར་གྱུར་ནས་བསྐྱེད་རིམ་དངོས་གྲུབ་སྩོལ། །ཞེས་ཕྱིའི་དབང་གི་བཤགས་པ་དེ་སྐད་གསུངས་སོ། །དེ་ནས་གསང་དབང་གི་བཤགས་པ་འདི་གསུངས་སོ། །ལུས་གནས་ཡི་གེ་ལོངས་སྐུར་གནས་པ་ལ། །འཁོར་ལོ་རྟེན་དང་མ་རྟེན་མན་ངག་གནད། །བདེ་བ་ཉམས་སུ་ལེན་པའི་ལམ་མ་བསྒོམས། །བདག་ལ་བྱིན་རླབས་ལམ་གྱི་ངང་དུ་བཤགས། །ཉོན་མོངས་དང་ནི་རྣམ་རྟོག་སྣྲེལ་གཞི་རྣམས། །གསལ་ཞིང་ཡངས་པའི་རང་བྱུང་ཡེ་ཤེས་གནས། །སྙིང་གར་རོ་རྐྱང་དབུ་མ་ཟུང་འཇུག་བདེ། །ལྟ་བ་རང་བྱུང་ཡེ་ཤེས་ཀློང་དུ་བཤགས། །སྒྲ་དབྱངས་ཡེ་ནས་སྐད་དུ་གནས་པ་ལ། །འགྲོ་བ་རིགས་དྲུག་སོ་སོའི་རང་སྐད་དང་། །གསུང་རབ་ཡན་ལག་བཅུ་གཉིས་ཡིན་མ་ཤེས། །གྲུབ་མཐའ་མ་འདྲེས་ཡོངས་རྫོགས་ངང་དུ་བཤགས། །སེམས་ཀྱི་འོད་གསལ་ཡེ་ནས་འདུ་འབྲལ་མེད། །མ་བསྒོམས་རང་ཆས་ཡིན་པར་མ་ཤེས་པས། །འཆི་དུས་རང་གསལ་འབྱུང་བར་མ་འཚལ་བ། །འདའ་ཁའི་གདམས་ངག་འོད་གསལ་ངང་དུ་བཤགས། །ལུས་གནས་ཡི་གེ་ལོངས་སྐུར་གནས་པ་ལ། །ལམ་དུ་མ་ཤེས་བདེ་བ་མ་བསྒོམས་པས། །གཏུམ་མོའི་དྲོད་ཀྱི་འབྲས་བུ་མ་ཐོབ་པ། །འབྲས་སུ་ལོངས་སྤྱོད་རྫོགས་པའི་ངང་དུ་བཤགས། །གསང་བ་དབང་གི་གདམས་ངག་ཤེས་གྱུར་ཀྱང་། །རང་གི་བདེ་བ་ལམ་དུ་མ་ལོངས་ཏེ། །གཏུམ་མོའི་དྲོད་རྟགས་ལུས་ལ་མ་ཤར་བ། །གསང་དབང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཞེས་ནང་གི་གསང་དབང་གི་བཤགས་པ་དེ་སྐད་གསུངས་སོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་བཤགས་པ་འདི་གསུངས་སོ། །ལུས་ཁམས་བདུད་རྩི་རང་ལ་གནས་པ་ལ། །ཡུམ་བདག་འདོད་པའི་བྱིན་རླབས་མཉམ་པ་དང་། །སྦྱོར་བ་དངོས་གཞི་རྗེས་ཀྱི་བསྡུས་རྒྱས་རྣམས། །མ་བསྒོམས་འཁོར་ལོ་ཐབས་ཀྱི་ལམ་དུ་བཤགས། །བདེ་བ་ཡེ་ནས་རང་ལ་གནས་པ་ལ། །གོ་རིམ་གནས་དང་སྤང་བྱ་ངོ་བོ་ཡི། །བདེ་བ་རྣམ་བཞི་ཉམས་སུ་མ་ལོན་པ། །བདེ་བཞིར་ལྟ་བ་ལྷན་སྐྱེས་ངང་དུ་བཤགས། །བདེ་བ་རང་ལ་གནས་པར་མ་ཤེས་ཤིང་། །སྡུག་བསྔལ་རྐྱེན་གྱིས་བདེ་བ་མ་བསྒོམས་པས། །བདེ་སྟོང་རྒྱ་ཆུང་གྲུབ་མཐའ་མ་རྟོགས་པ། །ལྷན་ཅིག་སྐྱེས་པ་བདེ་བའི་ངང་དུ་བཤགས། །བདག་ཉིད་རྡོ་རྗེ་སེམས་དཔར་མ་ཤེས་པས། །འཆི་དུས་རང་ཉིད་དེར་སྣང་སྐུར་མ་གྲུབ། །འཁོར་ལོ་བཞི་ཡི་བདེ་བ་མ་འབྱོངས་པ། །འདའ་ཁ་རྡོ་རྗེ་སེམས་དཔའི་ངང་དུ་བཤགས། །ཡེ་ནས་བདུད་རྩི་ཐིག་ལེ་ཆེན་པོ་ནི། །ཆོས་སྐུ་དྲི་མ་མེད་པར་གནས་པ་ལས། །མ་ཤེས་མ་རྟོགས་བདུད་རྩི་མ་སྦྱངས་པ། །འབྲས་བུ་ཆོས་ཀྱི་སྐུ་ཡི་ངང་དུ་བཤགས། །དྲི་ཆེན་དྲི་ཆུ་མཱཾ་ས་རཀྟ་ཟིལ། །འབྱུང་བ་བཞི་སྟེ་ཁམས་ཀྱི་བདུད་རྩི་དགུ །བདེ་བ་མཆོག་བདེ་རྣམ་རྟོག་བྲལ་བདེ་བ། །ལྷན་སྐྱེས་ཡེ་ཤེས་དབང་གི་ངང་དུ་བཤགས། །ཞེས་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་བཤགས་པ་དེ་ལྟར་གསུངས་སོ། །དེ་ནས་བདེ་བ་ཆེན་པོའི་དབང་གི་བཤགས་པ་འདི་གསུངས་སོ། །ཐབས་དང་ཤེས་རབ་གཉིས་ཀ་རབ་གནས་ཀྱང་། །ཐབས་ཀྱི་རྒྱུད་དང་ཤེས་རབ་རྒྱུད་དག་དང་། །གཉིས་ཀའི་རྒྱུད་ལ་དག་པར་མ་སྤྱངས་པ། །རྡོ་རྗེའི་རྦ་རླབས་ལམ་གསུམ་ངང་དུ་གཤགས། །ལུས་ངག་སེམས་དང་ལུས་སེམས་གཉིས་ཀ་ལ། །ཕན་འདོགས་རང་ལ་གནས་པར་མ་ཤེས་པས། །རྒྱུ་མཐུན་རྣམ་སྨིན་སྐྱེས་བུ་བྱེད་པ་དང་། །དྲི་མ་མེད་པའི་ཡོན་ཏན་མ་ཤེས་པ། །ལྟ་བའི་ཆོས་རྣམས་རྣམ་དག་ངང་དུ་བཤགས། །ལྟ་བ་རང་གནས་ཉམས་སུ་མ་མྱོང་བས། །འཇིག་རྟེན་འདས་པའི་གྲུབ་མཐའི་རྟགས་མ་ཤར། །བདེ་སྟོང་རྒྱ་ཆེའི་གྲུབ་མཐའ་མ་རྟོགས་པ། །འཁོར་འདས་ཆོས་རྣམས་བདེ་སྟོང་གཅིག་ཏུ་བཤགས། །སྦྱངས་དང་གོམས་དང་ལས་ལ་སྦྱར་དུ་མེད། །མ་རྟོགས་དབང་གིས་སྦྱངས་གོམས་ལས་མ་སྦྱར། །སྲོག་རྩོལ་རླུང་ལ་གོམས་པར་མ་གྱུར་པ། །འདའ་ཁ་ཕྱག་རྒྱ་ཆེན་པོའི་ངང་དུ་བཤགས། །ཡེ་ཤེས་ཐམས་ཅད་ངོ་བོ་ཉིད་ཀྱི་སྐུ། །མ་སྦྱངས་གནས་ལུགས་དོན་དུ་མ་རྟོགས་པས། །ལམ་བསྟན་རྡོ་རྗེ་རྦ་རླབས་ལམ་མ་བསྒོམས། །འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་རུ་བཤགས། །སྲོག་དང་རྩོལ་བ་ལྔ་ཡི་བདག་ཉིད་ལ། །རྩ་བ་ཕུང་པོ་རྣམ་ཤེས་ཡན་ལག་སོགས། །རླུང་བཅུ་སྲོག་ཤིང་གསུམ་དུ་མ་རྟོགས་པ། །བདེ་བ་ཆེན་པོའི་དབང་གི་ཀློང་དུ་བཤགས། །ཞེས་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་དབང་གི་བཤགས་པ་དེ་སྐད་གསུངས་སོ། །དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། ཐབས་ལམ་དབང་གི་བཤགས་པ་སྟེ་ལེའུ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། འབྲས་བུ་རང་བཞིན་ཡོངས་སུ་དག་པའི་བཤགས་པ་འདི་གསུངས་སོ། །ༀ། སྣང་སྟོང་ཟུང་འཇུག་སྤྲོས་བྲལ་ཆོས་ཀྱི་སྐུ། །ས་ཐོབ་ཡན་ཆད་ཐེག་ཆེན་ཕལ་རྣམས་ལ། །མཚན་དང་དཔེ་བྱད་སྣང་བ་ལོངས་སྐུ་དང་། །སྦྱོར་ལམ་མན་ཆད་ཀུན་ལ་སྣང་བ་ཡི། །མཛད་པ་ཐ་དད་སྟོན་པ་སྤྲུལ་པའི་སྐུ། །ཆོས་དང་གཟུགས་སྐུ་དབྱེར་མེད་རྡོ་རྗེའི་སྐུ། །ཡོན་ཏན་མ་བཙལ་ལྷུན་གྲུབ་མངོན་བྱང་སྐུ། །དེ་ལྟར་མ་རྟོགས་སྐུ་ལྔའི་ངང་དུ་བཤགས། །དོན་གསུང་ཆོས་རྣམས་སྐྱེ་མེད་ངང་དུ་གནས། །སྐྱེ་མེད་སྨྲ་བརྗོད་ཐམས་ཅད་གཞི་རུ་འགྱུར། །རྡོ་རྗེ་གྲགས་སྟོང་དབྱེར་མེད་འདུས་མ་བྱས། །མངོན་བྱང་སྒྲ་སྐད་མཐའ་དག་ཐམས་ཅད་ནི། །རང་བྱུང་ཡེ་ཤེས་ངོ་བོ་ཉིད་དུ་གསལ། །ལོངས་སྐུའི་གསུང་ནི་རང་གི་ཡུལ་རྣམས་ལ། །བརྡ་ཡི་སྒོ་ནས་འཁོར་ལ་གོ་བརྡ་སྤྲོད། །སྤྲུལ་བའི་གསུང་ནི་ཡན་ལག་དྲུག་ཅུར་སྣང་། །གསུང་ལྔ་ཡེ་ནས་སྣང་ཚུ་མ་རྟོགས་པ། །གསུང་ལྔ་ལྷུན་གྲུབ་ངང་དུ་མཐོལ་ལོ་བཤགས། །སྟོང་ཉིད་ཡེ་ཤེས་དངོས་པོ་མེད་པར་གསལ། །མེ་ལོང་ཡེ་ཤེས་རྟོག་པ་མེད་པར་ཤར། །མཉམ་ཉིད་ཡེ་ཤེས་བཟང་ངན་མེད་པར་གསལ། །སོར་རྟོག་སྤྱི་དང་རང་མཚན་མ་འདྲེན་གསལ། །བྱ་གྲུབ་བདག་གཞན་དོན་ལ་རྩོལ་མེད་གསལ། །གནས་ཚུལ་མ་རྟོགས་ཐུགས་ལྔའི་ངང་དུ་བཤགས། །རང་རིག་བྱང་ཆུབ་སེམས་ཉིད་ཞིང་ཁམས་ནི། །མནན་ན་ནེམ་ལ་བཏེག་ན་འཕར་ལ་སོགས། །རང་རིག་གཞལ་ཡས་ཁང་སྣང་ཕྱི་ནང་མེད། །རང་རིག་འོད་ཟེར་སྣང་སྟེ་བ་སྤུ་ཡི། །བུ་ག་རེ་ནས་འོད་ཟེར་དྲུག་ཅུ་འཕྲོ། །རིག་པ་རང་ཉིད་གདན་དུ་སྣང་བ་སྟེ། །འབྲས་བུའི་ཆོས་རྣམས་ཐུགས་སུ་ཆུད་པའི་རྟགས། །རང་རིག་ཉིད་ནི་རྒྱན་དུ་སྣང་བ་སྟེ། །འཁོར་འདས་མ་སྤངས་ལྷུན་གྱིས་གྲུབ་པ་ཡི། །ཡོན་ཏན་མ་རྟོགས་ཆོས་ཉིད་ངང་དུ་བཤགས། །ཉོན་མོངས་རྣམ་པར་རྟོག་པས་སེམས་ཁེངས་རྣམས། །སངས་རྒྱས་མཛད་པས་རྒྱུད་མཉེན་ཞི་བར་མཛད། །རྨོངས་ཤིང་དབུལ་དང་ཕོངས་པའི་གང་ཟག་རྣམས། །ཤེས་བྱ་ལོངས་སྤྱོད་མཐའ་ཡས་རྒྱས་པར་འཛད། །མི་ཕན་མི་དུལ་གྱོང་བའི་གང་ཟག་རྣམས། །དབང་གི་ལས་ཀྱིས་བསྡུ་ཞིང་འདུལ་བར་མཛད། །ཐུགས་རྗེ་ཐབས་ཀྱིས་མི་འདུལ་གདུག་པ་རྣམས། །མངོན་སྤྱོད་དྲག་པོས་ཚར་ནི་གཅོད་པར་མཛད། །དེ་ལྟར་མ་རྟོགས་རིགས་རྣམས་བདག་པོའི་ངང་། །ཕྱོགས་རིས་མེད་ཅིང་ལྷུན་གྱིས་གྲུབ་པར་མཛད། །གཅིག་དང་དུ་མའི་ངོ་བོ་ལས་གྲོལ་བ། །སྤང་ཐོབ་མེད་པར་རང་སྣང་དག་ཏུ་ཐོབ། །ལས་ཀྱི་རང་བཞིན་དངོས་བྱས་ཉེས་པ་ཟད། །གདུལ་བྱ་གཟིགས་པའི་སྐུ་གསུང་ཐུགས་ལ་བཤགས། །ཞེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྒོ་ནས་ཡང་དག་པར་བཤགས་པའོ། །དེ་ནས་དེ་བཞིན་གཤེགས་པ་ལོངས་སྤྱོད་ཀྱི་བདག་པོ་རྣམས་ཀྱིས་འདི་གསུངས་སོ། །རྩ་རྣམས་འགྲོས་ཐིམ་དབྱིབས་ཀྱི་ལམ་དག་པ། །ལུས་ཀྱི་སྒྲུབ་བྱང་བསྐྱེད་རིམ་སྤྲུལ་པའི་སྐུ། །ཡི་གེའི་འགྲོས་ཐིམ་སྔགས་ཀྱི་ལམ་དག་པ། །ངག་གི་སྒྲིབ་བྱང་རྫོགས་རིམ་ལོངས་སྤྱོད་སྐུ། བདུད་རྩི་ཁམས་ཀྱི་དྭངས་མ་བཅུད་ཀྱི་ལམ། །སེམས་ཀྱི་སྒྲིབ་དག་དྭངས་མ་ཆོས་ཀྱི་སྐུ། །རླུང་གི་འགྲོས་ཐིམ་མི་ཤིགས་རྡོ་རྗེའི་རླུང་། །ལུས་ངག་ཡིད་དག་ངོ་བོ་ཉིད་ཀྱི་སྐུ། །དེ་ལྟར་གནས་པ་མ་རྟོགས་ཀློང་དུ་ནི། །སྐུ་བཞི་རླུང་ལ་ལྷུན་གྲུབ་ངང་དུ་བཤགས། །ཞེས་ཐབས་ཀྱི་འབྲས་བུའི་བཤགས་པ་གསུངས་སོ། །དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། འབྲས་བུའི་དོན་མ་རྟོགས་པ་བཤགས་པ་སྟེ་ལེའུ་བཅོ་ལྔ་པའོ།། །། དེ་ནས་གསང་བའི་བདག་པོས་ཡོངས་སུ་གཏད་པ་འདི་གསུངས་སོ། །ༀ། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རིགས་གསུམ་མགོན། །དེ་ལ་གཏད་པས་ཁམས་གསུམ་སྒྲོན་མེ་ཡིན། །རིགས་ལྔ་འཁོར་གྱི་མཁའ་འགྲོ་སྡེ་བཞི་རྣམས། །དེ་ལ་གཏད་པས་གསང་སྔགས་སྲུང་མ་ཡིན། །སྔོན་སྦྱངས་གང་ཟག་ཆོས་ཀྱི་སྤྱན་ལྡན་རྣམས། །དེ་ལ་གཏད་པས་བསྟན་པ་དར་བ་ཡིན། །གསུངས་པའི་རྒྱུད་ཆེན་ལུང་དང་མཐུན་པར་གཏད། །དེ་ལྟར་མ་བྱས་བཀའ་སྲུང་རྣམས་ལ་བཤགས། །ཞེས་གསུངས་སོ། །དེ་ནས་འཁོར་རྣམས་མཉེས་ནས་སྐུ་གསུང་ཐུགས་ལ་བཤགས་པ་འདི་གསུངས་སོ། །དུས་གསུམ་བདེ་གཤེགས་རྒྱལ་བོ་འཁོར་དང་བཅས། །རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པའི་ཕྱིར། །ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང་། །གསང་བའི་དམ་ཚིག་གྲངས་སུ་མནོས་པ་ལས། །དམ་བཅས་བཀའ་ལས་འདའ་བར་མི་བགྱི་སྟེ། །ལས་དང་སྐལ་བས་དམྱལ་བར་སྐྱེ་བར་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ། །རྡོ་རྗེ་སློབ་དཔོན་བསྟན་པའི་སྒྲོན་མེ་ལ། །སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང་། །དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ། །ངན་སེམས་ལོག་པར་བལྟ་བ་ལ་སོགས་པ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང་། །སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང་། །དུས་དྲུག་ལས་ཀྱི་མཆོད་པ་ཁྱད་པར་དུ། །བསྙེན་སྒྲུབ་བསྐང་བའི་ཆོ་ག་མ་བགྱིས་ཏེ། །བཀའ་ལྟར་མ་ལྕོགས་གཞུང་བཞིན་རྔོ་མ་ཐོགས། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྡོ་རྗེ་སློབ་དཔོན་བྱམས་པའི་བཀའ་དྲིན་གྱིས། །སྙན་ཁུང་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག །ཐུགས་ཀྱི་མན་ངག་བྱིན་པས་དམ་ཚིག་འདྲེས། །གསང་མཚམས་འདས་ནས་འཆོལ་བར་སྨྲས་ལ་སོགས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ། །ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ལེ་ལོ་སྙོམས་ལས་གཉིད་ཀྱི་དབང་གྱུར་ཏེ། །བསྙེན་སྒྲུབ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ལུས་ངག་ཡིད་ཀྱི་བསྲུང་བྱ་འདས་པ་ཡིས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །ཞེས་གསུངས་ནས་རྗེས་སུ་ཡི་རང་ངོ་། །དེ་ནས་འཁོར་ཕལ་པ་རྣམས་ཀྱིས་འདི་སྐད་གསུངས་སོ། །རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམ་ཀྱི་སྤྱན་ལམ་དུ། །མངོན་རྟོགས་སྤང་ལེན་བགྱིས་པ་མཐོལ་ལོ་བཤགས། །མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ། །ཁས་བླངས་དམ་བཅའ་ཉམས་པ་མཐོལ་ལོ་བཤགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ། །གཏོར་མ་ལོ་ཟླ་འགྱངས་བ་མཐོལ་ལོ་བཤགས། །དུས་གསུམ་ཕ་མ་རྣམ་ཀྱི་སྤྱན་ལམ་དུ། །དྲིན་ལ་ལན་གྱིས་མ་ལོན་མཐོལ་ལོ་བཤགས། །མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། །སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས། །སོ་སོར་ཐར་པ་རྣམས་ཀྱི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་། །རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སོགས། །ཉམས་པ་ཐམས་ཅད་མཐོལ་བཤགས་མི་འཆབ་བོ། །མི་སྦེད་སླན་ཆད་གཅོད་ཅིང་སྡོམ་པར་བགྱིད། །དུས་གསུམ་བྱས་བསགས་སྡིག་སྒྲིབ་མཐོལ་བཤགས་ན། །ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསུངས་ནས་འཁོར་རྣམས་རྗེས་སུ་ཡི་རངས་པར་གྱུར་ཏོ། །དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། ཡོངས་སུ་གཏད་པའི་བཤགས་པ་དང་རྗེས་སུ་ཡི་རང་བ་སྟེ་ལེའུ་བཅུ་དྲུག་པའོ།། །།དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །དུས་ཕྱིས་ཡི་གེ་རྒྱུན་འཕྱུགས་པས་མ་དག་པ་རྣམས་སྔར་གྱི་དཔེ་རྙིང་ཁུངས་ཐུབ་དག་ལ་གཏུགས་ཤིང་གོང་མའི་གསུང་རྒྱུན་དང་། གཞུང་དོན་ལ་དཔྱད་དེ་རང་བཟོས་མ་བསླད་པར་དགེ་སློང་མཚོ་སྐྱེས་བཞད་པས་བརྡ་ཚིག་གཉིས་ཀ་དཔྱིས་ཕྱིན་པར་ཞུས་དག་པར་བགྱིས་ཏེ་ཡིད་བརྟན་དུ་རུང་བའི་ཕྱི་མོར་བསྔགས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སླར་ཡང་ཁམས་དང་དབུས་ཕྱོགས་སུ་སྔར་ནས་ཡིག་རྒྱུན་སོ་སོར་གྱེས་པས་ཚིག་འབྲུ་འགའ་རེ་ཆད་ལྷག་འདུག་པ་རྣམས་དགེ་པ ཎ་ཞབས་ནས་རྙིང་རྒྱུད་སྤར་གྱི་སྐབས་ཞིབ་པར་བཅོས་ཏེ་ཡིད་བརྟན་དུ་རུང་བར་མཛད་པ་ལས་ཞལ་བཤུས་པ་སིདྡྷི་རསྟུ།། །།

རྣལ་འབྱོར་གྱི་སྤྱི་ཁྲུས་དོང་སྤྲུགས་ཀྱི་བརྒྱུད་འདེབས་འགྱུར་མེད་རྡོ་རྗེ།

རྣལ་འབྱོར་གྱི་སྤྱི་ཁྲུས་དོང་སྤྲུགས་ཀྱི་བརྒྱུད་འདེབས་ནི། ཀུན་བཟང་ཕྱག་རྡོར་ཀུ་ཀུ་རཱ་ཛ་ཆེ། །ཨིནྡྲ་བྷུ་ཏི་ཤཱ ཀྱ་པུ་ཏྲིའི་ཞབས། །སིངྷ་རཱ་ཛ་ཨུ་པ་རཱ་ཛ་ལ། །གསོལ་བ་འདེབས་སོ་ངན་སོང་དོང་སྤྲུགས་ཤོག །གོ་མ་དེ་བི་རྡོ་རྗེ་ཧཱུཾ་མཛད་རྩལ། །སངས་རྒྱས་གསང་བ་བི་མ་ལ་མི་ཏྲ། །གཉགས་ལོ་གཞོན་ནུ་སོག་པོ་ལྷ་དཔལ་ལ། །གསོལ་བ༴ གནུབས་ཆེན་སངས་རྒྱས་ཡེ་ཤེས་སྲུ་ལེགས་སྒྲོན། །སྲས་མཆོག་གཞོན་སྙིང་ཞུ་སྟོན་བསོད་ནམས་མཚན། །བདེ་བཤེགས་ཟུར་ཆེན་ཟུར་ཆུང་ཤེས་རབ་གྲགས། །གསོལ་བ༴ གླན་དང་འགར་སྟོན་རྡོ་རྗེ་རྒྱལ་མཚན་དཔལ། །རྡོར་འོད་བསོད་ནམས་རྒྱལ་མཚན་ཆོས་སེང་ཞབས། །སངས་རྒྱས་དཔལ་བ་བསོད་ནམས་མགོན་པོ་ལ། གསོལ་བ༴ སྒྲོལ་ཆེན་བསམ་རྡོར་ཐུགས་སྲས་སངས་རིན་ཞབས། །འགོས་ལོ་གཞོན་དཔལ་བསོད་ནམས་རྒྱ་མཚོའི་སྡེ། །སེ་སྟོན་རིན་རྒྱན་རྒྱ་ཧོར་རྡོ་རྗེ་རྩལ། །གསོལ་བ༴ པཎ་ཆེན་པདྨ་དབང་རྒྱལ་བདུད་འཇོམས་རྗེ། །ཚེ་རིང་དབང་པོ་ངག་དབང་ཕུན་ཚོགས་མཚན། །བརྒྱུད་སྲོལ་ཀུན་འདུས་རིག་འཛིན་གཏེར་བདག་གླིང་། །གསོལ་བ༴ ལོ་ཆེན་ཆོས་དཔལ་རྒྱལ་སྲས་རིན་རྣམ་ཞབས། །པདྨ་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ། །ཕྲིན་ལས་ཆོས་སྒྲོན་སངས་རྒྱས་ཀུན་དགའི་དཔལ། །གསོལ་བ༴ བསྟན་འཛིན་ནོར་བུ་ཕན་བདེའི་འོད་ཟེར་འབར། །ཁྱབ་བདག་དྲིན་ཆེན་རྩ་བརྒྱུད་བླ་མ་དང་། །རབ་འབྱམས་ཞི་ཁྲོ་དཀྱིལ་འཁོར་འཁོར་ལོའི་ལྷར། །གསོལ་བ༴ བརྒྱུད་གསུམ་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །ཉམས་ཆག་རྟོག་སྒྲིབ་མུན་པ་དབྱིངས་སུ་དག །སྨིན་གྲོལ་ལམ་བཟང་རང་རིག་ངོ་བོར་འདྲེས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེས་སོ། །དེ་ལྟར་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་ལ་བརྒྱུད་པའི་མཚན་རིམ་གསལ་ཆ་ཅུང་ཟད་དང་བཅས་གཏེར་ཆེན་ནས་བདག་གི་རིགས་བདག་བླ་མའི་བར་ཁ་སྐོང་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །།

ན་རག་དོང་སྤྲུགས་ཀྱི་ཆོ་ག་འཁོར་བ་ཀུན་སྒྲོལ། དྷརྨ་ཤྲཱི།

ན་རག་དོང་སྤྲུགས་ཀྱི་ཆོ་ག་འཁོར་བ་ཀུན་སྒྲོལ་ཞེས་བྱ་བ་བཞུགས་སོ། །ན་རག་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་ཆེན་པོའི་ཆོ་ག་འཁོར་བ་ཀུན་སྒྲོལ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞི་དང་ཁྲོ་བོའི་དཀྱིལ་འཁོར་རབ་འབྱམས་ཀྱི། །ཁྱབ་བདག་དཔལ་ལྡན་བདེ་ཆེན་ཀུན་ཏུ་བཟང་། །བླ་མ་མཆོག་སྟེ་རང་རིག་ཡེ་ཤེས་ཀྱི། །ངོ་བོར་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །ཡེ་ཤེས་གཅིག་ཉིད་རིགས་བརྒྱ་རིགས་ལྔ་སོགས། །དུ་མའི་གར་གྱིས་སྲིད་ཞིར་རྒྱས་འདེབས་ལྷའི། །དཀྱིལ་འཁོར་འཁོར་ལོའི་སྒྲུབ་ཐབས་རྣལ་འབྱོར་གྱི། །སྤྱི་ཁྲུས་ཆོ་ག་འཁོར་བ་ཀུན་སྒྲོལ་བཤད། །དེ་ཡང་རྟེན་གྱི་གང་ཟག་རང་དང་གཞན་གྱིས་བསྡུས་པའི་སེམས་ཅན་མཐའ་ཡས་པའི་སྡིག་སྒྲིབ་སྦྱོང་ཞིང་ཚོགས་གཉིས་ཕུལ་དུ་བྱུང་བའི་དངོས་གྲུབ་འདོད་པ་དག་གིས་ཆོ་ག་འདི་ལ་འཇུག་པར་བྱའོ། །དེ་ལ་ཐོག་མར་ཡོ་བྱད་རྣམས་ཚོགས་པར་བྱས་ནས་ཆོ་ག་ལ། སྔོན་འགྲོ། དངོས་གཞི། རྗེ་གསུམ་ལས། དང་པོ་ལ། ཐུན་མོང་གི་སྔོན་འགྲོ་དང་། ཁྱད་པར་གྱི་སྔོན་འགྲོ་གཉིས་སོ། །དང་པོ་ལ་ལྔ་ལས། དང་པོ་བསང་ཆུ་སྒྲུབ་པ་ནི། བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་བས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ། མ་སཱུརྻ་མཎྜལ། ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོས་འདུས་ཡོངས་འདུས་གྱུར་པ་ལས། ༀ་བཛྲ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། ཁྲོ་མོ་དབང་ཕྱུག་མ་དམར་པོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར་པར་བསམ་ཞིང་། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ༀ་མ་ཧཱ་ཀྲོ་དྷཱི་ཤཱ་རི་སརྦ་དྲ་བྱཱཾ་ཤྭ་དྷ་ཡ་ༀ་ཨཱཿཧཱུཾ་ཧྲཱིཿཋཱ། བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པས། ཁྲོ་མོ་དབང་ཕྱུག་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། ༀ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཱཾ་ཤྭ་དྷ་ཡ་ཧཱུྂ་ཕཊ། ཅེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱ་ཞིང་། ཐོགས་མཐའ་ཀུན་ཏུ་བསང་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། །གཉིས་པ་གཞི་བགེགས་ཀྱི་གཏོར་མ་ནི། གཏོར་མ་དཀར་དམར་རྒྱན་ལྡན་གཉིས་བཤམས་ལ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུྂ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ་ལ། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། གཏོར་མ་དང་པོ། སྠཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་གསོལ། གཏོར་མ་གཉིས་པ། ༀ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ཀྱིས་བསྔོས་ལ། ཧཱུྃ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བསྐངས་ཟིན་གྱི། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་ཁྲོ་བོའི་ཚོགས་རྣམས་ཀྱིས། །དེ་མ་ཐག་ཏུ་བཀས་ནས་ནི། །བདུན་བརྒྱུད་རིགས་ཀྱང་བརླག་པར་འགྱུར། །ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་སོགས་བརྗོད་ཅིང་དྲག་པོའི་ཚམ་རྔམས་དང་བཅས་པས་བགེགས་བསྐྲད་དེ་གཏོར་མ་ཕྱི་རོལ་དུ་དོར། གསུམ་པ་རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ་ནི། གང་དུ་དཀྱིལ་འཁོར་བྱ་བའི་གཞིར་བ་བྱུང་གིས་བྱུགས། དྲི་བཟང་དང་བདུད་རྩི་ལྔས་ཆག་ཆག་བཏབ་ལ། ཐིག་སྐུད་དྲི་ཞིམ་པོའི་ཐིག་ཆལ་གྱིས་སྦགས་པ་གསར་ནས། བདག་ཉིད་དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་དུ་གསལ་བ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཐིག་སྐུད་དང་རོ་གཅིག་པ་ཡེ་ཤེས་ལྔའི་ངོ་བོར་སྤྲོས་པར་བསམ་ཞིང་། ༀ་ཨཱཿཧཱུྃ་ཧཱུྃ་ༀ་སྭཱ་ཨཱཾ་ཧཱ། ཞེས་བརྗོད་ཅིང་གཏད་ལ། དང་པོར་ཤར་ནུབ་ཀྱི་ཚངས་ཐིག་གདབ་པ་ནས་བཟུང་ཐིག་ཆེན་བརྒྱད་པོ་དཀྱིལ་འཁོར་གྱི་ནམ་མཁའ་ལ་གདབ་ཅིང་། དེ་བཞིན་དུ་ས་ལ་ཡང་གདབ་སྟེ། སྔགས་ནི། ༀ་ཛྙཱ་ན་ཙཀྲ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་པ་ཁོ་ནའོ། །ཚུལ་དེས་གཞལ་ཡས་ཁང་སྒོ་གཉིས་སྦྲགས་སོགས་སྤྱིའི་ཁོག་སྒྱུ་འཕྲུལ་ཁྲོ་བོ་དང་མཐུན་པ་ཉིད་ལས། ལྟེ་བར་ཟླུམ་བསྐོར་རེའུ་མིག་དགུ་པ་མུ་ཁྱུད་ཅན་གྱི་མཐར། རྩིབས་བརྒྱད་པ་གཉིས་རིམ་དང་རྩིབས་བཅུ་དྲུག་པ་མུ་ཁྱུད་དང་བཅས་པས་ཕོ་བྲང་ནང་མའི་ཆ་ཆེན་བཞི་པའི་ནང་ཐིག་ཚུན་བསྐོར་པ་ནི་ཁྱད་པར་རོ། །ཕོ་བྲང་ནང་མའི་ཁོངས་སུ་གཡས་གཡོན་དུ་ཆ་ཆེན་རེ་རེ་སྤར་ནས་ལྷ་གནས་ཡངས་པར་བྱེད་པ་ཡང་ལག་ལེན་ལ་སྣང་ངོ་། །དེ་ནས་ཚོན་ལྔ་མདོག་རིགས་སྡེབས་པ་སོ་སོའི་གནས་སུ་ཧཱུྃ་ༀ་སྭཱ་ཨཱཾ་ཧཱ། མཱུཾ་ལཱཾ་པཱཾ་མཱཾ་ཏཱཾ་ལས་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་གྱུར་པ་རྣམས་བདག་ཉིད་ཀྱི་སྐུ་ལ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ཚོན་རྩི་རྣམས་ལ་ཐིམ་པར་བསམ་ཞིང་། ས་བོན་བཅུ་པོ་དང་ༀ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུྃ་ཧཱུྃ། ཞེས་ཅི་ནུས་པའི་མཐར། ཧཱུྃ་ཞེས་བརྗོད་པས་རིན་པོ་ཆེའི་རྡུལ་ཕྲ་རབ་ཀྱི་རྡུལ་ཚོན་འབར་བར་བསམ་ནས། དབུས་ཀྱི་གླིང་དགུའི་ལྟེ་བ་མཐིང་ག །ཕྱོགས་བཞི་མཚམས་ཐིག་གིས་ཕྱེ་བའི་ཕྱོགས་མདོག །གདུང་བཞི་དང་མུ་ཁྱུད་སྔོན་པོ། འཁོར་ལོ་ནང་ནས་རིམ་བཞིན་མཐིང་དམར་དཀར་བ། གྲུ་ཆད་ལྗང་ཁུ། ཁྱམས་ཕྱི་ནང་གཉིས་ཀ་ཕྱོགས་མདོག་སོགས་ལྷག་མ་སྤྱི་དང་མཐུན་པར་བྱ་ཞིང་། ལྷ་གནས་སུ་སྐུའམ་ཡིག་འབྲུ། མདོག་མཐུན་གྱི་ཐིག་ལེ་རྣམས་ཇི་ལྟར་རིགས་པ་འགོད་དོ། །ཐིག་ཚོན་གྱི་ལས་རྫོགས་པ་ན་ཡེ་ཤེས་པ་མཆོད་ནས་བཛྲ་མུཿས་གཤེགས་སུ་གསོལ། དེ་དག་ནི་དཀྱིལ་འཁོར་གྱི་ཁང་པ་རྙིང་པར་སྐབས་འགའ་ཞིག་ཏུ་རྡུལ་ཚོན་གྱི་དཀྱིལ་འཁོར་བསྒྲུབ་བདེ་བའི་དབང་དུ་བྱས་པའོ། །བཞི་པ་བུམ་པ་བཤམ་པ་ནི། རྣམ་རྒྱལ་བུམ་པ་གཅིག་དང་། ཡིག་བརྒྱའི་ཁྲུས་བུམ་གཅིག་སྟེ། བུམ་པ་གཉིས་པོ་ཁ་རྒྱན་མགུལ་ཆིངས་ནང་བཅུད་སོགས་སྤྱི་དང་མཐུན་པར་བཤམས་པའི་རྣམ་རྒྱལ་དཀྱིལ་འཁོར་གྱི་དབུས་དང་། ཁྲུས་བུམ་རང་གི་མདུན་དུ་བཞག་གོ། །ལྔ་པ་མཆོད་རྫས་བཤམ་པ་ནི། དཀྱིལ་འཁོར་གྱི་མཐའི་ནང་རིམ་ལ་སྨན་གཏོར་རཀྟ་མར་མེ་སྟེ་བསྐང་རྫས་རྣམས་བརྒྱ་ཡན་ཆད་ཀྱི་ཕྲེང་བ་དང་། དེའི་ཕྱི་རིམ་ལ་བདུག་སྤོས། མེ་ཏོག །མར་མེ། དྲི་ཆབ་རྣམས་ལྷ་གྲངས་དང་མཉམ་པ་སོགས་ཇི་ཙམ་འབྱོར་བ་དང་། གཞན་ཡང་ཞབས་བསིལ་སོགས་ཕྱིའི་མཆོད་པ་རྣམས་དང་། སྨན་གཏོར་རཀྟ་ལ་སོགས་པ་ནང་གི་མཆོད་པ་རྣམས་དང་། ཚོགས་ཀྱི་ཡོ་བྱད། རོལ་མོའི་ཁྱད་པར། དར་འཕན་རྒྱལ་མཚན་སོགས་ཀྱིས་ཁོར་ཡུག་ཐམས་ཅད་དུ་མཛེས་པར་བརྒྱན་ནས། གྲལ་ཕྱག་དང་ཚུལ་ཕྱག་སྔོན་དུ་འགྲོ་བས་སྟན་ལ་འདུག་སྟེ་རོལ་མོས་བྱིན་དབབ་བ་རྣམས་བྱའོ། །གཉིས་པ་ཆོ་གའི་ཁྱད་པར་གྱི་སྔོན་འགྲོ་ལ་དྲུག་གི། དང་པོ་རྒྱུད་སྦྱོང་བ་ནི། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ ས་སད་པར་བྱས་ལ། བདག་དང་མཁའ་མཉམ་སེམས་ཅན་རྣམས། །རྡོ་རྗེ་སློབ་དཔོན་སངས་རྒྱལ་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེར་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱིས་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་ལ་སོགས་པས་རྒྱུད་དག་པར་བྱས་ནས། ཚོགས་ཞིང་རྣམས་རང་ལ་བསྡུས་ཏེ་ཆོས་དབྱིངས་ཀ་དག་གི་ཀློང་དུ་མཉམ་པར་བཞག་གོ། །གཉིས་པ་མཚམས་བཅད་པ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན། ཞལ་གཅིག་ཕྱག་གཉིས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་པ། སྨ་ར་དང་སྨིན་མ་དམར་སེར་འབར་ཞིང་དབུ་སྐྲ་གྱེན་དུ་འཁྱིལ་བ། རྡོ་རྗེའི་བ་སྤུ་ཅན། ཕྱག་གཡས་རྡོ་རྗེ་དང་། གཡོན་དམར་གྱིས་གང་བའི་དུང་ཆེན་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། སྒེག་པ་ལ་སོགས་པའི་གར་དགུའི་ཉམས་ཀྱིས་རོལ་པ། ཞིང་ཆེན་གྱི་གཡང་གཞི་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། ཐོད་པ་སྐམ་པོ་ལྔ་རིགས་ལྔའི་རྩེ་ཕྲན་ཅན་གྱི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ། རུས་པའི་རྒྱན་དྲུག་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ། ཁྲག་ཞག་ཐལ་བ་སོགས་དུར་ཁྲོད་འབར་བའི་ཆས་ཅན། ཞབས་གཡོན་བསྐུམ་ཞིང་གཡས་བརྐྱང་བའི་དོར་བསྟབས་ཀྱིས་དྲེགས་པ་ཕོ་མོ་མནན་པ། ཡུམ་རྡོ་རྗེ་ཁྲག་འཐུང་མ་སྔོན་མོ་གཅེར་བུ་སྐྲ་གྲོལ་ཞིང་ལང་ཚོས་སྒེག་པ། གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་དུང་དམར་སྟོབ་པའི་ཚུལ་དུ་འཛིན་པ། གཟིག་གི་པགས་པའི་ཤམ་ཐབས་སོགས་དུར་ཁྲོད་རོལ་པའི་ཆས་ཅན་ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པས་ཡབ་དང་དགྱེས་པར་འཁྲིལ་བ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་པའི་ཀློང་ན་བཞུགས་པའོ། །ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་བརྗོད་པས། ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་ཁྲོ་བོ་འཆོལ་པ་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པ་དཔག་ཏུ་མེད་པ་སྤྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་གང་། བདུད་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་ཟིལ་གྱིས་མནན་པས་ཐམས་ཅད་འཇིགས་ཤིང་སྐྲག་ནས་བག་འཁུམས་ཏེ་གནས་པར་གྱུར་པ་ལ། ཧཱུྃ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །ཞེས་པ་ནས། བདུན་བརྒྱུད་རིགས་ཀྱང་བརླག་པར་འགྱུར། །ཞེས་པའི་བར་དང་། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་བསྐུལ་བས། ཁྲོ་བོའི་ཚོགས་ནམ་མཁའ་གང་བ་རྣམས་ཀྱིས་གསང་སྤྱོད་བལྟ་བར་མི་དབང་བའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་བསྡིགས་བསྐྲད་བརླག་པར་བྱས། བཛྲ་པཉྩ་ར་རཾ་ཡཾ་ཁཾ། ཁྲོ་བོའི་ཚོགས་རྣམས་སླར་འདུས། ཁྲོ་བོའི་རང་བཞིན་གྱི་རྡོ་རྗེའི་གུར་ཁང་ཆེན་པོས་གཏམས་པའི་ཕྱི་རོལ་ཀུན་ནས་བསྐལ་པའི་མེ་དཔུང་། དུས་མཐའི་རླུང་ནག །རྒྱ་མཚོའི་རྦ་རླབས་འཁྲུགས་པའི་ར་བ་གསུམ་རིམ་གྱིས་ཕྱོགས་ཀུན་གང་བས་མཚམས་བཅད་དེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །གསུམ་པ་བཤགས་པ་བྱ་བ་ནི། བཛྲ་ས་མཱ་ཛཿས་བཤགས་ཡུལ་རྒྱལ་བ་ཞི་ཁྲོ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བཤགས་སྡོམ་གྱི་བསམ་པ་རྩེ་གཅིག་པས། ཧཱུྃ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཞེས་པ་ནས། ནོངས་པར་མཆིས་ན་རབ་གནོང་བཟོད་པར་གསོལ། །ཞེས་པས་སྡིག་སྒྲིབ་ཐམས་ཅད་ཡེ་ནས་རང་བཞིན་མེད་པའི་དབྱིངས་སུ་དག་པར་བསམ་མོ། །བཞི་པ་དམ་བཅའ་བ་ནི། རྡོ་རྗེ་རྩེ་གཅིག་པའི་རྒྱ་སྙིང་གར་བཅིངས་ཏེ་ལྷག་པའི་བསམ་པ་བརྟན་པོས། ༀ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་བདག་སྒྲུབ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པ། །སུན་པར་མི་བགྱི་མགོན་ཁྱོད་བསླུ་མ་ལགས། །སྙིང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབ་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱོད་ནི་ཡོངས་མི་སྤངས། །རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང་། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུང་། །འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་གནས་པར་སྤྲོ། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི། །སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན། །ཇི་སྲིད་ངན་སོང་སྟོངས་པར་མ་གྱུར་པ། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ། །སྙིང་རྗེའི་ལོངས་སྤྱོད་དེ་ལས་མ་མཆིས་པས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང་། །ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །འགྲོ་ལ་ཐུགས་བརྩེ་དཔལ་གྱི་མགུར་ནས་གསུངས། །རྣལ་འབྱོར་དམ་ཆོས་བདུད་རྩི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུགས་པ་མ་མཆིས་པར། །ཇི་ལྟར་འཚམས་པ་བཞིན་དུ་རྒྱས་པར་བགྱི། །སྲིད་པར་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང་། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མི་མིན་གདུག་པ་གང་ཡང་རུང་། །བདག་གིས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་མེད་དང་། །རྡོ་རྗེ་རྒྱལ་པོ་ཁྱེད་ལ་བརྟེན་ནས་ནི། །སངས་རྒྱས་ཞིང་སྦྱང་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །བདག་ནི་འཕགས་མཆོག་ཕྱག་རྒྱ་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། །ཁྱེད་ཀྱི་ཞབས་གྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་གྱིས་མཁྱེན། །དམྱལ་སོགས་མེ་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་དུ་བདག་མཆི་ན། །དམ་པ་རྣམས་ཀྱིས་ནུས་མཐུ་སྩལ་དུ་གསོལ། །ལྔ་པ་བྱིན་དབབ་པ་ནི། ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་མཁའ་ཁྱབ་ཏུ་སད་པར་བྱས་ཏེ། ༀ་ཧཱུྃ་ཨ་ལ་ལ་ཧོཿ བྷ་ག་ཝཱན་ས་མ་ཡ་ཧོཿས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས༴ མཐུ་རྩལ་དབྱུང་བའི༴ བྱིན་གྱིས་རློབ་པའི༴ དབང་མཆོག་བསྐུར་བའི༴ དངོས་གྲུབ་སྩོལ་བའི༴ མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ༴ དབང་ཆེན་དབང་བསྐུར༴ དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །སྤོས་བསྲེག་ཅིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བྱིན་བསྡུས་པས། མཁའ་ཁྱབ་ཀྱི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་རྣམས་ལ་ཐིམ་སྟེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་བྱིན་གྱིས་བརླབས་པར་བསམ་མོ། །དྲུག་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། མཆོད་རྫས་རྣམས་མ་ཧཱ་ཀྲོ་དྷཱི་ཤྭ་རཱིས་བསང་། ༀ་མ་ཧཱ་ཱཤཱུ་ནྱ་ཏཱས་སྦྱང་། སྟོང་པའི་ངང་ལས་རང་ཉིད་རྡོར་སེམས་སུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཨ། དྷཱུ། པུ། ཨཱ། གན་རྣམས་འཕྲོས། སྥ་ར་ཎ་ཕཊ། ནམ་མཁའི་ཁམས་ཐམས་ཅད་ཁྱབ། སཾ་ཧ་ར་ཎ་ཧཱུྂ། འཁོར་འདས་ཀྱི་རྩི་བཅུད་ཐམས་ཅད་བསྡུས་ནས་མཆོད་རྫས་རྣམས་ལ་ཐིམ་པར་གྱུར། ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ༀ་ཤྲཱི་བཛྲ་རཱ་ག་དྷཱ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། བདེ་མཆོག་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རོལ་པ་ལས། རྡོ་རྗེ་ཞབས་བསིལ་མ་ལ་སོགས་པ་མཆོད་པའི་ལྷ་མོ་ཁྲུས་གཞོང་དང་སྤོས་ཁང་མནྡྷ་རའི་མེ་ཏོག་ལ་སོགས་པ་ཐོགས་པ་ནམ་མཁའ་གང་བ་རྣམས་སུ་གྱུར་པར་བསམ་པས་བྱིན་གྱིས་བརླབས། བདུད་རྩི་བསང་། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་བྷྲཱུཾ་ཆད། བྷཱུྂ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མནྜལ་བྷྲཱུྂ། བདུད་རྩིའི་སྣོད་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་མི་ཤ་དང་། བྱང་སེམས་དཀར་པོ། ཤར་དུ་བ་ལང་གི་ཤ་དང་དྲི་ཆེན། ལྷོར་ཁྱི་ཤ་དང་ཤ་ཆེན། ནུབ་ཏུ་རྟ་ཤ་དང་རཀྟ། བྱང་དུ་གླང་པོ་ཆེའི་ཤ་དང་དྲི་ཆུ་རྣམས་ཀྱི་སྟེང་དུ་རིམ་པ་བཞིན། ཧཱུྃ་མཱུྂ། ༀ་ལཱཾ། སྭཱ་མཱཾ། ཨཱཾ་པཱཾ། ཧཱ་ཏཱཾ་རྣམས་ཀྱིས་མཚན་པར་གྱུར། སྥ༴ སཾ༴ འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ། འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲི། སོ་སོའི་རིགས་ཀྱི་དྲིལ་བུ་རྣམས་སུ་གྱུར། ཧཱུྃ་བཛྲ་དྷྲིཀྲ །མཱུཾ་དྷཱ་ཏྭེ་ཤྭ་རཱི། དབུས་སུ་མི་བསྐྱོད་པ་ཡབ་ཡུམ་མཐིང་ག །ༀ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། ཤར་དུ་རྣམ་སྣང་ཡབ་ཡུམ་དཀར་པོ། སྭཱ་རཏྣ་དྷྲིཀ྄ །མཱཾ་མོ་ཧ་ར་ཏི། ལྷོར་རིན་འབྱུང་ཡབ་ཡུམ་སེར་པོ། ཨཱྂ་ཨཱ་རོ་ལིཀ྄ །བཱཾ་རཱ་ག་ར་ཏི། ནུབ་ཏུ་སྣང་མཐའ་ཡབ་ཡུམ་དམར་པོ། ཧཱཾ་པྲ་ཛྙཱདྷྲིཀ྄ །ཏཱཾ་བཛྲ་ར་ཏི། བྱང་དུ་དོན་གྲུབ་ཡབ་ཡུམ་ལྗང་གུ་རྣམས་སུ་གྱུར། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ་ཧཾ། ཨ་ནུ་རཱ་ག་ཡ་མྱི། ཛཿ་ཧཱུྃ་བཾ་ཧོཿ བོ་དྷི་ཙིཏྟཿ སྥ་ར༴ སཾ་ཧ༴ རིགས་ལྔ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བས་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་ༀ་གྱིས་མཚན་པའི་ཁ་གཅོད་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར། ༀ་པདྨནྟ་ཀྲྀ་ཏ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ། རྟ་མགྲིན་དམར་པོ་པདྨ་དང་རྡོ་རྗེ་རྒྱ་གྲམ་འཛིན་པ་ལྟེ་བ་ཡན་ཆད་ཐོན་པ། རྭ་བཞི་ལ། ཤར་དུ་མི་ཕམ་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོར་ཁྲོ་གཉེར་མ་སེར་མོ་ཞགས་པ༴ ནུབ་ཏུ་རོ་ལངས་མ་དམར་མོ་ལྕགས་སྒྲོག༴ བྱང་དུ་རལ་གཅིག་མ་ལྗང་གུ་དྲིལ་བུ་འཛིན་པ༴ ༀ་གྱི་འོད་ཟེར་གྱིས་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་གྱུར་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། གཡོན་པའི་མཐེབ་སྲིན་གྱི་རྡོ་རྗེས་བདུད་རྩི་ལ་རེག་སྟེ། ༀ་ཨཱཿཧཱུྂ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་རྒྱ་རྩ་ཙམ་བཟླས་ཤིང་། མཐར་གཡོན་བསྐོར་དུ་དཀྲུགས་ཏེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས། ཡུམ་བཞི་བདུད་རྩི་ལ་ཐིམ་པར་བསམ་མོ། །གཏོར་མ་བསང་སྤྱངས། སྟོང་པའི་ངང་ལས་བྷྲཱུྂ་པདྨ་བ་ལིཾ་ཏ་བི་ཤྭ་ཙཀྲ་བྷྲཱུྂ། གཏོར་གཞོང་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ལ་ༀ་གྱིས་མཚན་པར་གྱུར། སྥ༴ སཾ༴ ༀ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏེ་བ་ལ་བཱ་དྱཱ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ལན་བདུན་བརྗོད་པས། གཟུགས་རྡོ་རྗེ་མ་སོགས་ལྷ་མོ་ནམ་མཁའ་གང་བས་འདོད་ཡོན་དཔག་ཏུ་མེད་པར་སྤྲོ་བའི་བདག་ཉིད་དུ་གྱུར་པར་བསམ། རཀྟ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུྂ་བྷཉྫ་ཀ་པཱ་ལ་བྷྲཱུྂ། དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རཀྟ་ལ་ར་ཡིག་དམར་པོས་མཚན་པར་གྱུར། སྥ༴ སཾ༴ ༀ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧཱིུཿཋཱ། ཆགས་མེད་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས་པས་ནམ་མཁའ་གང་བར་བསམ་མོ། །གཉིས་པ་དངོས་གཞི་ལ། ཁྱད་པར་གྱི་སྦྱོར་བ་སེམས་བསྐྱེད་པ་དང་། ཏིང་ངེ་འཛིན་གྱི་རིམ་པ་དངོས་གཉིས། དང་པོ་ལ། ཀུན་རྫོབ་དང་། དོན་དམ་གཉིས་ལས། ཀུན་རྫོབ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དོན་དམ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད༴ རྫོགས་པའི་སངས་རྒྱས༴ འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མའོ༴ རྫོགས་པའི༴ གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མའོ༴ རྫོགས་པའི༴ དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ༴ རྫོགས་པའི༴ འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །གཉིས་པ་ཏིང་ངེ་འཛིན་གྱི་རིམ་པ་དངོས་ལ། ཏིང་འཛིན་གསུམ་གྱིས་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་སྤྲོ་བ། བུམ་པ་སྒྲུབ་པ། བསྐང་བ་བྱ་བ་དང་ལྔ། དང་པོ་ལའང་གསུམ་ལས། དེ་བཞིན་ཉིད་ནི། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་པའོ། །འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བ་སྟོང་པ་ཉིད་དུ་བསྒོམ་པའོ། །ཀུན་སྣང་ནི། དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །དེ་བཞིན་ཉིད་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་པའོ། །རྒྱུའི་ཏིང་འཛིན་ནི། དངོས་པོ་མེད་ལས་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །ཞེས་པས། རང་རིག་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ཨ་དཀར་པོའི་རྣམ་པར་བསྒོམ་པའོ། །གཉིས་པ་ལ། རྟེན་གཞལ་ཡས་ཁང་བསྒོམ་པ་དང་། བརྟེན་པ་ལྷ་བསྒོམ་པ་གཉིས་ཀྱི། དང་པོ་ལ་གསུམ་ལས། དང་པོ་གཞི་དབང་ཆེན་གྱི་དཀྱིལ་འཁོར་བསྒོམ་པ་ནི། སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པར་གསལ་བ་ལས། ཨེ་ཡཾ་ཝཾ་ལཾ་སུཾ་རཾ་རྣམས་ཆད། སྥ༴ སཾ༴ འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཨེ་ལས་ནམ་མཁའ་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་གཡོ་བའི་བ་དན་གྱིས་མཚན་པ། ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། སུཾ་ལས་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྱི་རི་རབ་ཟུར་བཞི་པ། རཾ་ལས་མེའི་ཁོར་ཡུག་ནམ་མཁའི་མཐའ་ཀླས་པར་འབར་བའོ། །གཉིས་པ་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། རི་རབ་ཀྱི་སྟེང་དུ་རྒྱུའི་ཨ་ལས་བྷྲཱུྂ་ཆད། སྥ༴ སཾ༴ བྷྲཱུྂ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྂ། བྷྲཱུྂ་ཡིག་ཡོངས་སུ་གྱུར་པ་ལས་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་ཕྱི་ནང་གཉིས་རིམ་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་མཐིང་དཀར་སེར་དམར་ལྗང་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ་རིན་པོ་ཆེ་སྣ་ཚོགས་པས་བཀྲ་བ་འཕྱར་ཐབས་སུ་བཀོད་པའི་མཐར་མུ་ཏིག་གི་མགུལ་འཁོར་འཕྱང་བ། དེའི་སྟེང་དུ་བྲེ་ཕུལ་གྱི་སྣམ་བུ་ལ་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་མ་ཀ་རའི་ཁ་ནས་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ། དར་དང་རྔ་ཡབ། དྲིལ་བུ་དང་ལེ་ལོང་། ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་མཛེས་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། སྟེང་ངོས་སུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན། དེ་དག་གི་བར་བར་དུ་བུམ་པ་ལ་གནས་པའི་རྒྱལ་མཚན་དང་། བ་དན་བརྒྱད་བརྒྱད་དང་། ཟུར་བཞིར་རྣམ་པར་བཀྲ་བའི་གདུགས་ཀྱིས་བརྒྱན་པ། རིམ་པ་གཉིས་ཀའི་རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་གཟུགས་རྡོ་རྗེ་མ་སོགས་ལྷ་མོ་རྣམས་ཀྱིས་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་བརྒྱན་པ། ཕྱི་མའི་སྒོ་ཁང་ཐེམ་སྐས་དང་བཅས་པའི་སྒོ་ལོགས་ཀྱི་ཟུར་བཞི་ནས་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བརྒྱད་པ་བསིལ་ཁང་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་གདུགས་ཀྱིས་ཕུབ་པ་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། གཞན་ཡང་གདུགས་དང་རྒྱལ་མཚན་བ་དན་སྣ་ཚོགས་པ་དང་གསེར་གྱི་དྲིལ་བུ་ལ་སོགས་པས་བརྒྱན་པ། སྒོའི་གཡས་གཡོན་གྱི་གཞི་ལ་ཏཱ་ལའི་ལྗོན་པ་དང་། དཔག་བསམ་གྱི་ཤིང་ལ་བཀྲ་ཤིས་པའི་བྱ་སྙན་པར་སྒྲོག་པ་སྣ་ཚོགས་གནས་པ། ཤིང་དེ་དག་ཀྱང་གསེར་གྱི་ཐ་གུས་བྲེས་ཤིང་དྲིལ་བུ་དང་གཡེར་ཁ་ཆོས་ཀྱི་སྒྲ་སྙན་པར་འཁྲོལ་བས་མཛེས་པ། ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་རྫིང་བུ་ལ་ལྷ་མོ་སྣ་ཚོགས་བདེ་བར་རྩེ་བ། རིན་པོ་ཆེའི་ཕུང་པོ་འོད་འབར་བ་རེ་རེ་སྟེ་བརྒྱད་དང་། གཞན་ཡང་རིན་པོ་ཆེ་སྣ་བདུན་དང་བཀྲ་ཤིས་པའི་རྫས་བརྒྱད་སོགས་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པར་གང་བའོ། །གཞལ་ཡས་ཁང་གི་ནང་བར་ཁྱམས་གྲུ་བཞི་པ་ཉིས་རིམ་གྱི་ནང་མ་གྲུ་ཆད་དང་བཅས་པའི་ལྟེ་བ་རེའུ་མིག་དགུ་པ་འཁོར་ལོ་སུམ་རིམ་མུ་ཁྱུད་དང་བཅས་པས་བསྐོར་བའི་ཕྱོགས་བཞི་ནས་རིགས་ཀྱི་མཚན་མ་ཅན་གྱི་ཀ་བ་བརྒྱད་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་ཟླུམ་དང་། གདུང་ཆེན་བཞིས་མིག་མང་རིས་སུ་བྲེས་པས་མཛེས་པར་ཕུབ་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པ། ཕྱི་ནང་གཉིས་ཀའི་སྟེང་འོག་ཐམས་ཅད་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བ་དྭངས་ཤིང་སྒྲིབ་པ་མེད་པར་ཀུན་ཏུ་གསལ་བ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་རྫོགས་པ། དེའི་ཕྱི་རོལ་དུ་རཱུ་དྲ་ལོངས་སྤྱོད་དང་བཅས་པར་དབྱིངས་སུ་བསྒྲལ་བའི་དུར་ཁྲོད་ཆེན་པོ་བརྒྱད་དུར་ཁྲོད་ཀྱི་ཆོས་རྣམས་ཀྱིས་འཇིགས་པར་བྱས་པའི་ཕྱིར་ནས་རྡོ་རྗེ་སྲུང་བའི་གུར་ཁང་འབར་བ་མེའི་འོད་ཟེར་ཀུན་ཏུ་འཕྲོ་བས་ཡོངས་སུ་བསྐོར་བའོ། །གསུམ་པ་གདན་བསྐྱེད་པ་ནི། གཞལ་ཡས་ཁང་གི་ལྷ་གནས་སོ་སོར་གདན་གྱི་རིམ་པ་གཙོ་བོ་དང་དེ་བཞིན་གཤེགས་པ་རིགས་ལྔའི་གནས་སུ་སེངྷེ་གླང་པོ་རྟ་མཆོག་རྨ་བྱ་ཤང་ཤང་རྣམས་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་དྲུག་གི་སྟེང་དུ་པད་ཉི་ཟླ་བ་སྟེ་ལྔ་བརྩེགས། ཆེ་མཆོག་དང་ཁྲག་འཐུང་དགུའི་གནས་སུ་པད་ཟླ་ཉི་མའི་སྟེང་དྲེགས་པ་ཅན་ཁྱོ་ཤུགས་ཟུང་རེ། སེམས་དཔའ་བརྒྱད་ཀྱི་གནས་སུ་པད་ཉི་ཟླ་བ། མ་མོ་བཅུ་དྲུག །མཐར་བྱེད་བཞི། སྒོ་སྐྱོང་བཞི་རྣམས་ཀྱི་གནས་སུ་ཉི་མ་དང་ཞིང་གི་གདན་རེ་རེ། ཐུབ་པ་དྲུག་གི་གནས་སུ་པད་རྐྱང་དང་། དབང་མོ་རྣམས་ཀྱི་གནས་སུ་ཞིང་སྐམ་པོའི་གདན་རེ་རེ་གསལ་བར་བསམ་མོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ་གསུམ་སྟེ། ལྷ་བསྐྱེད་པ་དངོས་དང་། དབང་བསྐུར་བ། བྱིན་གྱིས་བརླབ་པའོ། །དང་པོ་ནི། རང་གི་སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པར་གསལ་བ་ལས་ཞི་ཁྲོ་རིགས་བརྒྱའི་ཡི་གེ་འཁོར་ལོའི་སྤྲིན་ཕུང་རིམ་པ་བཞིན་སྤྲོ་བ་ནི། གཙོ་བོའི་གནས་སུ། ༀ་ཨ། རིགས་ལྔའི་གནས་སུ། ཧཱུྃ་ༀ་སྭཱ་ཨཱཾ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཆེ་མཆོག་དང་ཁྲག་འཐུང་དགུའི་གནས་སུ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། སེམས་དཔའ་བརྒྱད་ཀྱི་གནས་སུ། ཀྵཱིཾ་ཏྲཾ་ཧྲཱིཾ་ཛྲིཾ་མེ་ཐླྷིཾ་ཧཱུྃ་མཱུྂ། ཧཱུྂ་ཏྲཾ་ཧྲཱིཾ་ཨཾ་ཛཿཧཱུྃ་བཾ་ཧོཿ གནས་མ་བརྒྱད་ཀྱི་གནས་སུ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ཡུལ་མ་བརྒྱད་ཀྱི་གནས་སུ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཐུག་པ་དྲུག་གི་གནས་སུ། ཀྵཱིཾ་ཏྲཱུཾ་སྲུཾ་པྲཾ་ཀྵཾ་ཡེ། མཐར་བྱེད་གཞིའི་གནས་སུ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྂ་བཾ་ཧོཿ སྒོ་སྐྱོང་བཞིའི་གནས་སུ། ཕཊ་ཕཊ་ཕཊ་ཕཊ། དབང་མོ་རྣམས་ཀྱི་གནས་སུ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། ཉི་ཤུ་རྩ་བརྒྱད་པོ་ཁྱམས་ཕྱི་མའི་ཕྱོགས་རེར་དྲུག་དྲུག་དང་། སྒོ་བཞིར་རེ་རེ་སྟེ། ཐམས་ཅད་ཀྱང་ལྷ་རང་རང་གི་ཁ་དོག་ཏུ་གསལ་བར་གྱུར་པ་ལ། ཨ་ཞེས་བརྗོད་པས་གཞིའི་ཨ་དེ་འོད་དུ་ཞུ་ནས་ཡིག་འབྲུ་རྣམས་ལ་ཁྱབ་པར་ཐིམ་པས་ཤིན་ཏུ་གསལ་ཞིང་འབར་བར་བསམ། སྥ་ར་ཎ་ཕཊ། ཡིག་འབྲུ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། སཾ་ཧ་ར་ཎ་ཧཱུྂ། སླར་འདུས་ནས་ཡིག་འབྲུ་རྣམས་ལ་ཐིམ་པ་འོད་དུ་ཞུ་བ་ལས་ཞི་ཁྲོ་རིགས་བརྒྱའི་དཀྱིལ་འཁོར་གྱི་འཁོར་ལོར་གྱུར་པ་ནི། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ། རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་ཨིནྡྲ་ནཱི་ལའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་འོད་ཟེར་རབ་ཏུ་འབར་བ། ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་རབ་ཏུ་འཛུམ་པའི་མདངས་གསལ་བའི་ཞལ་གྱི་འགྱུར་བ་ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པའི་ཉམས་ཅན་མཚན་དང་དཔེ་བྱད་ཀྱིས་འབར་བ། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་ཅན། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བརྟན་པར་བཞུགས་པའོ། །ཨ་ཨ་ཨ་བཛྲི་བྷ་དྲ་ས་མནྟ་ཨཿ དེའི་ཕང་དུ་ཡུམ་ཀུན་ཏུ་བཟང་མོ་མཐིང་ག་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཉིས་ཀྱིས་ཡབ་ལ་འཁྱུད་ཅིང་པདྨའི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀའང་ལྷ་རྫས་ཀྱི་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་། ཚི་གུའི་སྨད་དཀྲིས། ཁ་དོག་སྣ་ཚོགས་པའི་ཅོད་པན། ཟི་ལྡིར། གར་གྱི་ཕུ་རུང་སྟེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན། སྙན་ཆ། མགུལ་རྒྱན། སེ་མོ་དོ། དོ་ཤལ། སྐ་རགས། ཕྱག་ཞབས་ཀྱི་གདུ་བུ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན་གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན་པ་སྟེ་ཞི་བའི་ཉམས་དགུ་རྒྱས་པ། སངས་རྒྱས་ཀྱི་སྤྲིན་ཕུང་མཐའ་ཡས་པར་འཆར་བའི་འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་ཞིང་འབར་བའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པར་བསམ་ལ། ལྷ་རྣམས་ཀྱི་གསང་སྔགས་བརྗོད་པ་ཙམ་གྱིས་སོ་སོའི་ས་བོན་རྣམས་ལྷ་དེ་དང་དེའི་སྐུར་བཀྲ་ལམ་གྱིས་གསལ་བར་གྱུར་པ་ནི། ཧཱུྃ་བཛྲ་དྷྲིཀ྄ །མཱུཾ་དྷཱ་ཏྭེ་ཤྭ་རཱི། གཙོ་བོའི་གཡས་སུ་མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་གཡོན་རྡོ་རྗེ་ཐུགས་ཀར་འཛིན་པ། དེའི་ཕྱི་རོལ་གྱི་རེའུ་མིག་བཞི་ལ། ༀ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། ཤར་དུ་རྣམ་སྣང་དཀར་པོ་གཡས་འཁོར་ལོ༴ གཡོན་དྲིལ་བུ༴ སྤྱན་མ་དཀར་མོ་གཡས་དྲིལ་བུ༴ གཡོན་འཁོར་ལོ༴ སྭཱཾ་རཏྣ་དྷྲིཀ྄ །མཱཾ་མོ་ཧ་ར་ཏི། ལྷོར་རིན་འབྱུང་སེར་པོ་གཡས་རིན་པོ་ཆེ༴ གཡོན་དྲིལ་བུ༴ མཱ་མ་ཀཱི་སེར་མོ་གཡས་དྲིལ་བུ༴ གཡོན་རིན་པོ་ཆེ༴ ཨཱཾ་ཨཱ་རོ་ལིཀ྄ །པཱཾ་རཱ་ག་ར་ཏི། ནུབ་ཏུ་སྣང་མཐའ་དམར་པོ་གཡས་པདྨ༴ གཡོན་དྲིལ་བུ༴ གོས་དཀར་མོ་དམར་མོ་གཡས་དྲིལ་བུ༴ གཡོན་པདྨ༴ ཧཱཾ་པྲ་ཛྙཱ་དྷྲིཀ྄ །ཏཱཾ་བཛྲ་ར་ཏི། བྱང་དུ་དོན་གྲུབ་ལྗང་གུ་གཡས་རྒྱ་གྲམ༴ གཡོན་དྲིལ་བུ༴ དམ་ཚིག་སྒྲོལ་མ་ལྗང་གུ་གཡས་དྲིལ་བུ༴ གཡོན་རྒྱ་གྲམ་ཐུགས་ཀར་འཛིན་པ། ཡབ་རྣམས་རྫོགས་པའི་སྐྱིལ་མོ་ཀྲུང་དང་། ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་རོལ་པ། ཐམས་ཅད་ཀྱང་རྒྱན་དང་ཆ་ལུགས་གཙོ་བོ་དང་མཚུངས་པའོ། །ༀ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། དཀྱིལ་འཁོར་གྱི་དབུས་ཀྱི་གཙོ་བོའི་མདུན་དུ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན། ཞལ་གཅིག་ཕྱག་གཉིས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་པ། སྨ་ར་དང་སྨིན་མ་དམར་སེར་འབར་ཞིང་དབུ་སྐྲ་གྱེན་དུ་འཁྱིལ་བ། རྡོ་རྗེའི་བ་སྤུ་ཅན། ཕྱག་གཡས་རྡོ་རྗེ་དང་། གཡོན་དམར་གྱིས་གང་བའི་དུང་ཆེན་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། སྒེག་པ་ལ་སོགས་པའི་གར་དགུའི་ཉམས་ཀྱིས་རོལ་པ། ཞིང་ཆེན་གྱི་གཡང་གཞི་དང་། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། སྟག་གི་པགས་པའི་ཤམ་ཐབས་གྲོལ་པ། ཐོད་པ་སྐམ་པོ་ལྔ་རིགས་ལྔའི་རྩེ་ཕྲན་ཅན་གྱི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ། རུས་པའི་རྒྱན་དྲུག་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ། ཁྲག་ཞག་ཐལ་བ་སོགས་དུར་ཁྲོད་འབར་བའི་ཆས་ཅན། ཞབས་གཡོན་བསྐུམ་ཞིང་གཡས་བརྐྱང་པའི་དོར་སྟབས་ཀྱིས་དབང་ཕྱུག་ཁྱོ་ཤུག་གི་མགོ་བོ་དང་ནུ་མ་ནས་བརྫིས་པ། ཡུམ་གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ་གཅེར་བུ་སྐྲ་གྲོལ་ཞིང་ལང་ཚོས་སྒེག་པ། གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་དུང་དམར་སྟོབ་པའི་ཚུལ་དུ་འཛིན་པ། གཟིག་གི་པགས་པའི་ཤམ་ཐབས་སོགས་དུར་ཁྲོད་རོལ་པའི་ཆས་ཅན་ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པས་གཙོ་བོ་དང་དགྱེས་པར་འཁྲིལ་བ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ། བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ། གཙོ་བོའི་གཡོན་དུ་རྡོ་རྗེ་ཁྲག་འཐུང་མཐིང་ནག་གཡས་རྡོ་རྗེ་དང་། གཡོན་དུང་དམར་འཛིན་པ། ཁྲག་འཐུང་དགུའི་ཕྱག་གཡོན་དྲིལ་བུ་འཛིན་པའང་ཡོད་དོ། །རྡོ་རྗེ་ཁྲག་འཐུང་མ་དང་མཉམ་པར་སྦྱོར་ཞིང་དྲེགས་པ་ཕོ་མོའི་གདན་ལ་རོལ་པ། འཁོར་ལོ་ནང་མ་རྩིབས་བརྒྱད་པ་ལ་རིམ་བཞིན། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུྃ། བུདྡྷ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ། ཤར་དུ་སངས་རྒྱས་ཁྲག་འཐུང་སྨུག་ནག་གཡས་འཁོར་ལོ་དང་གཡོན་དུང་དམར་འཛིན་པ། སངས་རྒྱས་ཁྲག་འཐུང་མ་དང་མཉམ་པར་སྦྱོར་ཞིང་ལྷ་ཆེན་ཕོ་མོའི༴ ༀ་རཏྣ་ཤྭཱི་ཧེ་རུ་ཀ་ཧཱུྃ། རཏྣ་ཀྲོ་ཤྭ་རཱི་ཧཱུྃ། ལྷོར་རིན་ཆེན་ཁྲག་འཐུང་སེར་ནག་གཡས་རིན་པོ་ཆེ་དང་གཡོན་དུང་༴ རིན་ཆེན་ཁྲག་འཐུང་མ་དང་མཉམ་པར་སྦྱོར་ཞིང་གཤིན་རྗེ་ཕོ་མོའི༴ ༀ་པདྨ་ཤྭཱི་ཧེ་རུ་ཀ་ཧཱུྃ། པདྨ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ། ནུབ་ཏུ་པདྨ་ཁྲག་འཐུང་དམར་ནག་གཡས་པདྨ་དང་གཡོན་དུང་༴ པདྨ་ཁྲག་འཐུང་མ་དང་མཉམ་པར་སྦྱོར་ཞིང་ཀླུ་དབང་ཕོ་མོའི༴ ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཀརྨ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ། བྱང་དུ་ལས་ཀྱི་ཁྲག་འཐུང་ལྗང་ནག་གཡས་རྒྱ་གྲམ་དང་གཡོན་དུང་༴ ལས་ཀྱི་ཁྲག་འཐུང་མ་དང་མཉམ་པར་སྦྱོར་ཞིང་གནོད་སྦྱིན་ཕོ་མོའི༴ ༀ་རཀྴ་ཤྲཱི་ཧེ་རུ་ཀ་ཧཱུྃ། རཀྵ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ། ཤར་ལྷོར་རཀྴ་ཧེ་རུ་ཀ་མཐིང་ནག་གཡས་དབྱུག་ཏོ་དང་གཡོན་དུང་༴ རཀྴ་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་ཞིང་མེ་ལྷ་ཕོ་མོའི༴ ༀ་ས་ནུ་ཤྲཱི་ཧེ་ཏུ་ཀ་ཧཱུྃ། ས་ནུ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ། ལྷོ་ནུབ་ཏུ་ས་ནུ་ཧེ་རུ་ཀ་སེར་ནག་གཡས་དགྲ་སྟྭ་དང་གཡོན་དུང་༴ ས་ནུ་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་ཞིང་སྲིན་པོ་ཕོ་མོའི༴ ༀ་གུ་ཧྱ་ཤྲཱི་ཧེ་རུ་ཀ་ཧཱུྃ། གུ་ཧྱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ། ནུབ་བྱང་དུ་གུ་ཧྱ་ཧེ་རུ་ཀ་དུད་ཁ་གཡས་རལ་གྲི་དང་གཡོན་དུང༴ གུ་ཧྱ་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་ཞིང་རླུང་ལྷ་ཕོ་མོའི༴ ༀ་ཡཀྴ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཡཀྴ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ། བྱང་ཤར་དུ་ཡཀྴ་ཧེ་རུ་ལྗང་ནག་གཡས་བེ་ཅོན་དང་གཡོན་དུང་དམར་འཛིན་པ། ཡཀྴ་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་ཞིང་དབང་ལྡན་ཕོ་མོའི་གདན་ལ་རོལ་པ། ཡུམ་རྣམས་ཡབ་ཀྱི་མདོག་ཅན་གཡས་དྲིལ་བུ་དང་གཡོན་དུང་དམར་སྟོབ་པའི་ཚུལ་ཅན་ཏེ་ཐམས་ཅད་ཀྱང་གར་དགུའི་རོས་སྒེག་ཅིང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པའོ། །འཁོར་ལོ་བར་མ་རྩིབས་བརྒྱད་པ་ལ་རིམ་བཞིན། ཀྵཱིཾ་ཧི་རཱ་ཛ་ཡ། ཧཱུྃ་ལཱ་སྱེ་མ་ཡ་ཡ་སྟྭཾ། ཤར་དུ་ས་སྙིང་དཀར་པོ་གཡས་རིན་པོ་ཆེའི་མྱུ་གུ་དང་གཡོན་དྲིལ་བུ་འཛིན་པ། སྒེག་མོ་དཀར་མོ་ཁུ་ཚུར་གྱི་རྒྱས་མེ་ལོང་བསྣམས་པ། ཏྲཾ་ཨཱ་གརྦྷ་ཡ། ཏྲཾ་མཱ་ལྱེ་ས་མ་ཡ་ཧོཿ ལྷོར་ནམ་སྙིང་སེར་པོ་གཡས་རལ་གྲི་དང་གཡོན༴ ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ༴ ཧྲཱིཾ་ཧཱ་ཧཱུྃ་པདྨ་པྲ་ད་མ། ཧྲཱིཾ་གཱིརྟི་རཱ་གོ་ཧཾ། ནུབ་ཏུ་སྤྱན་རས་གཟིགས་དམར་པོ་གཡས་པདྨ་དང་གཡོན༴ གླུ་མ་དམར་མོ་པི་ཝཾ། ཛྲིཾ་ཀུ་རུ་པཱ་ཎ། ཨཾ་ནཱི་རྟེ་རཱ་ག་ཡ་མྱེ། བྱང་དུ་ཕྱག་རྡོར་མཐིང་ག་གཡས་རྡོ་རྗེ་དང་གཡོན༴ གར་མ་ལྗང་གུ་གར་རྒྱ་མཛད་པ། མཻ་དྷཱ་ར་ཎི་སྭཱ་ཧཱ། ཛཿདྷཱུ་བེ་པྲ་བེ་ཤ །ཤར་ལྷོར་བྱམས་པ་དཀར་སེར་གཡས་ཀླུ་ཤིང་དང་གཡོན༴ སྤོས་མ་དཀར་སེར་སྤོས་ཁང་༴ ཐླྷིཾ་ནི་སྶ་རཾ་བྷ་ཡེ་སྭཱ་ཧཱ། ཧཱུྃ་པུ ཥྤེ་ཨཱ་བེ་ཤ །ལྷོ་ནུབ་ཏུ་སྒྲིབ་སེལ་དམར་སེར་གཡས་གླེགས་བམ་དང་གཡོན༴ མེ་ཏོག་མ་དམར་སེར་མེ་ཏོག་གི་ཕྲེང་བ༴ ཧཱུྃ་ས་རཱ་ཛ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་གི་རཱི། ནུབ་བྱང་དུ་ཀུན་བཟང་དམར་ལྗང་གཡས་རིན་པོ་ཆེའི་སྙེ་མ་དང་གཡོན༴ མར་མེ་མ་དམར་ལྗང་མར་མེ༴ མཱུཾ་ཤྲཱི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། བྱང་ཤར་དུ་འཇམ་དཔལ་དཀར་ལྗང་གཡས་ཨུཏྤལ་དང་གཡོན་དྲིལ་བུ་འཛིན་པ། དྲི་ཆབ་མ་དཀར་ལྗང་དྲིའི་དུང་ཕོར་བསྣམས་པ་སྟེ། ཡབ་རྣམས་གཡས་བརྐྱང་བའི་ཕྱེད་སྐྱིལ་ལ་ཡུམ་རྣམས་གཡོན་བརྐྱང་བའི་ཕྱེད་སྐྱིལ་གྱིས་འཁྱུད་པ། །ཐམས་ཅད་ཀྱང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །འཁོར་ལོ་ཕྱི་མ་རྩིབས་བཅུ་དྲུག་པའི་ཕྱོགས་མཚམས་བརྒྱད་པོར། ༀ་བཛྲ་ག་རཱི་ཧ། ཤར་དུ་ག་རི་མ་སྔོན་མོ་གཡས་ཞིང་དབྱུག་དང་གཡོན་བྷན་དམར་འཛིན་པ། ༀ་བཛྲ་ཙ་རཱི་ཧ། ལྷོར་ཙ་རཱི་མ་སེར་མོ་མདའ་གཞུ་འགེང ས་བ། ༀ་བཛྲ་པྲ་མོ་ཧེ་ཧཱི་ཧ། ནུབ་ཏུ་པྲ་མོ་དམར་མོ་ཆུ་སྲིན་གྱི་རྒྱལ་མཚན་འཕྱར་བ། ༀ་བཛྲ་བེ་ཏ་ལཱི་ཧ། བྱང་དུ་བེ་ཏ་ལཱི་ནག་མོ་རྡོ་རྗེ་དང་ཞིང་ཆུང་འཛིན་པ། ༀ་བཛྲ་པུཀྐ་སཱི་ཧ། ཤར་ལྷོར་པུཀྐ་སཱི་དམར་སེར་ཞིང་ཆུང་གི་རྒྱུ་མ་འདྲེན་པ། ༀ་བཛྲ་གྷསྨ་རཱི་ཧ། ལྷོ་ནུབ་ཏུ་གྷསྨ་རཱི་ལྗང་གུ་གཡོན་གྱི་དུང་ཁྲག་གཡས་པའི་རྡོ་རྗེས་དཀྲུག་པ། ༀ་བཛྲ་སྨ་ཤ་ནི་ཧ། ནུབ་བྱང་དུ་སྨ་ཤ་མཐིང་ནག་བྱིས་པའི་རོ་བཟུང་ནས་སྙིང་ཟ་བ། ༀ་བཛྲ་ཙཎྜ་ལཱི་ཧ། བྱང་ཤར་དུ་ཙཎྜ་ལཱི་སེར་སྐྱ་ཞིང་ཆུང་གི་མགོ་ལུས་འདྲལ་བ། ཐམས་ཅད་ཀྱང་གཅེར་བུ་ལང་ཚོས་སྒེག་ཅིང་ཁྲོ་འཛུམ་བཞད་པ། དུར་ཁྲོད་རོལ་པའི་ཆས་ཅན། གཡོན་བརྐྱང་བའི་སྟབས་ཀྱིས་གནས་པའོ། །ཕྱོགས་ཀྱི་རྩིབས་བཞིའི་གཡོན་ལོགས་ཀྱི་རྩིབས་རྣམས་སུ་རིམ་པ་བཞིན། ༀ་བཛྲ་སིངྷ་མུ་ཁཱི་ཧེ། སེང་གདོང་མ་སེར་མོ་རོ་ཟ་ཞིང་ལག་གཉིས་ཐུགས་ཀར་བསྣོལ་བ། ༀ་བཛྲ་བྱཱ་གྷྲྀ་མུ་ཁཱི་ཧེ། སྟག་གདོང་མ་དམར་མོ་ལག་གཉིས་མཐུར་དུ་བསྣོལ་བས་རོ་བཟུང་བ། ༀ་བཛྲ་ཤྲཱི་གཱ་ལ་མུ་ཁཱི་ཧེ། ཝ་གདོང་མ་ནག་མོ་ཞིང་ཆུང་ལྕེས་ལྡག་པ། ༀ་བཛྲ་ཤྭ་ན་མུ་ཁཱི་ཧེ། སྤྱང་གདོང་མ་མཐིང་ནག་ཞིང་ཆུང་གི་ཁོག་པ་འདྲལ་བ་སྟེ་མཆེ་བ་ཅན་བཞིའོ། །མཚམས་ཀྱི་རྩིབས་བཞིའི་གཡོན་ལོགས་ཀྱི་རྩིབས་རྣམས་སུ་རིམ་པ་བཞིན། ༀ་བཛྲ་གྲྀ་དྷ་མུ་ཁཱི་ཧེ། རྒོད་གདོང་མ་དམར་མོ་ཞིང་གི་རྒྱུ་མ་འདྲེན་པ། ༀ་བཛྲ་ཀངྐ་མུ་ཁཱི་ཧེ། ཀངྐའི་གདོང་མ་དམར་སྐྱ་བམ་རོ་ཕྲག་པར་ཁུར་བ། ༀ་བཛྲ་ཀཱ་ཀ་མུ་ཁཱི་ཧེ། བྱ་རོག་གདོང་ཅན་ནག་མོ་རལ་གྲི་དང་བྷན་དམར་འཛིན་པ། ༀ་བཛྲ་ཨུ་ལཱུ་ཀཱ་མུ་ཁཱི་ཧེ། འུག་གདོང་མ་མཐིང་ནག་རྡོ་རྗེའི་དབྱུག་པ་འཛིན་པ་སྟེ་གཤོག་པ་ཅན་བཞིའོ། །ཐམས་ཅད་ཀྱང་གཅེར་བུ་རང་རང་ཁྲོས་པའི་ཞལ་ཅན་དུར་ཁྲོད་འབར་བའི་ཆས་དང་ལྡན་པའོ། །ༀ་མུ་ནེ་ཀྲཱིཾ་སྭཱ་ཧཱ། ཁྱམས་ནང་མའི་ཤར་ལྷོར་ལྷའི་ཐུབ་པ་དཀར་པོ་པི་ཝང་འཛིན་པ། ༀ་མུ་ནེ་ཧཱུྃ་ཏྲཱུཾ་སཱ་ཱཧཱ། བྱང་དུ་ལྷ་མིན་གྱི་ཐུབ་པ་མཐིང་ག་གོ་ཆ༴ ༀ་མུ་ནེ་སྲུཾ་སྭཱ་ཧཱ། ལྷོར་མིའི་ཐུབ་པ་སེར་པོ་གསེག་པར༴ ༀ་མུ་ནེ་པྲཾ་སྭཱ་ཧཱ། ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ་དམར་ནག་པུསྟི༴ ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ལྷོ་ནུབ་ཏུ་ཡི་དྭགས་ཀྱི་ཐུབ་པ་སེར་ནག་རིན་པོ་ཆེའི་སྒྲོམ་བུ༴ ༀ་མུ་ནེ་ཡེ་སྭཱ་ཧཱ། བྱང་ཤར་དུ་དམྱལ་བའི་ཐུབ་པ་དུད་ཁ་མེ་ཆུ་འཛིན་པ། ཐམས་ཅད་ཀྱང་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན་འགྲོ་བའི་དོན་ལ་བཞེངས་སྟབས་ཀྱིས་གནས་པའོ། །ཁྱམས་ནང་མའི་སྒོ་ཕུབས་བཞི་ལ། ཧཱུྃ་ཡམཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ཤར་སྒོར་གཤིན་རྗེ་གཤེད་སྨུག་ནག་ནྲྀ་མགོ་གདེངས་པ་འཛིན་པ། ལྕགས་ཀྱུ་མ་སྨུག་ནག་ལྕགས་ཀྱུ་འཛིན་པ་དང་རོལ་པ། ཧཱུྃ་པྲ་ཛྙཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་རཏྣ་དྷ་རོ༴ ལྷོ་སྒོར་སྟོབས་པོ་ཆེ་སེར་ནག་རྡོ་རྗེ༴ ཞགས་པ་མ་སེར་ནག་ཞགས་པ༴ ཧཱུྃ་པདྨཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་པདྨ་དྷ་རོ༴ ནུབ་སྒོར་རྟ་མགྲིན་དམར་ནག་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ༴ ལྕགས་སྒྲོག་མ་དམར་ནག་ལྕགས་སྒྲོག༴ ཧཱུྃ་བིགྷྣཱནྟ་ཀྲྀ་ཕཊ། ༀ་མ་ཧཱ་ཀརྨ་དྷ་རོ༴ བྱང་སྒོར་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ༴ དྲིལ་བུ་མ་ལྗང་ནག་དྲིལ་བུ་འཛིན་པ་དང་རོལ་པ། ཐམས་ཅད་ཀྱང་ཁྲོ་གཏུམ་མི་བཟད་པའི་ཉམས་ཅན་གྱད་ཀྱི་འདོར་སྟབས་སུ་བཞུགས་པའོ། །མཐར་བྱེད་བཞིའི་ཕྱི་ངོས་ཀྱི་སྒོ་གཡབས་བཞི་ལ། ༀ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿ ཤར་སྒོར་རྟ་གདོང་མ་སྔོན་མོ་ལྕགས་ཀྱུ་འཛིན་པ། ༀ་བཛྲ་ཨ་མུ་ཁེ་ཧཱུྃ། ལྷོར་སྒོར་ཕག་གདོང་མ་ནག་མོ་ཞགས་པ༴ ༀ་བཛྲ་ལོ་ཀ་བཾ། ནུབ་སྒོར་སེང་གདོང་མ་དམར་མོ་ལྕགས་སྒྲོག༴ ༀ་བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོཿ །བྱང་སྒོར་སྤྱང་གདོང་མ་ལྗང་གུ་དྲིལ་བུ་འཛིན་པའོ། །དཀྱིལ་འཁོར་ཕྱི་མའི་ཁྱམས་ལ། མ་ནུ་རཀྴ་སཱི་བྷྱོ། པྲཧྨ་ཎཱི་བྷྱོ། ར་ཏྲཱི་བྷྱོ། ཀུ་མཱ་རཱི་བྷྱོ། བེཥྞ་བཻ་བྷྱོ། ཨིནྡྲ་ཎཱི་བྷྱོ། ཤར་སྟོད་ནས་རིམ་པ་བཞིན། སྲིན་མོ་དམར་སེར་གཡག་གདོང་ཏྲི་ཤུལ་འཛིན་པ། ཚངས་མ་དམར་སྐྱ་སྦྲུལ་གདོང་རྡོ་རྗེ་རྩེ་ལྔ༴ འཁྲུག་མོ་སེར་ནག་གཟིག་གདོང་དབྱུག་ཏོ་དང་སྡིགས་མཛུབ། བརྒྱ་བྱིན་མ་དཀར་དམར་སྲེ་མོང་མགོ་ཅན་ཐོད་ཁྲག༴ ཁྱབ་འཇུག་སེེར་མོ་ཕ་ཝང་མགོ་ཅན་འཁོར་ལོ༴ དབང་མོ་དམར་སྐྱ་དྲེད་གདོང་བམ་དབྱུག་འཛིན་པའོ། །བཛྲ་པིངྒ་ལཾ་བྷྱོ། ཨ་མྲྀ་ཏཾ་བྷྱོ། ས་མྱ་བྷྱོ། དཎྜ་དཾ་བྷྱོ། རཀྵ་སཱི་བྷྱོ། བྷཀྵ་སཱི་བྷྱོ། ལྷོ་སྟོད་ནས་རིམ་པ་བཞིན། ཞི་བ་དམར་མོ་དོམ་མགོ་ཅན་རྒྱུ་ཞགས༴ བདུད་རྩི་མ་སྔོན་མོ་ཆུ་སྲིན་མགོ་ཅན་བུམ་པ༴ ཞི་བ་མ་སྔོ་སྐྱ་སྡིག་པའི་མགོ་ཅན་པུཎྜ་རི་ཀ༴ བེ་ཅོན་མ་ནག་མོ་ཁྲ་མགོ་ཅན་ཐོད་རློན༴ སྲིན་མོ་དམར་ནག་ཝ་གདོང་རྒྱུ་ཞགས༴ ཟ་བྱེད་ནག་མོ་སྟག་མགོ་བམ་ཆེན་འཛིན་པའོ། །ར་ཏི་བཛྲ་བྷྱོ། རུ་དྷི་ར་མཏྟཱ་བྷྱོ། ཨེ་ཀ་ཙ་རི་ཎཱི་བྷྱོ། མ་ནོ་ཧ་རཾ་བྷྱོ། སིདྡྷི་ཀཾ་བྷྱོ། ཝ་ཡ་ཝཱི་བྷྱོ། ནུབ་སྟོད་ནས་རིམ་པ་བཞིན། དགའ་བྱེད་དམར་མོ་རྒོད་གདོང་ཁོག་ཆེན༴ ཁྲག་འཐུང་མ་དམར་ནག་རྟ་གདོང་རྡོ་རྗེའི་དབྱུག་པ༴ གཅིག་སྤྱོད་མ་དཀར་དམར་ཁྱུང་གདོང་བྷན་དམར༴ འདོད་པ་དམར་སེར་ཁྱི་གདོང་བྱིས་བམ༴ ནོར་སྲུང་དཀར་དམར་པྲ་ཤུད་མགོ་ཅན་པདྨ༴ རླུང་མོ་དམར་སྐྱ་ཤ་བའི་མགོ་ཅན་བ་དན་འཛིན་པའོ། །མ་ཧཱ་མཱ་ར་ཎ་བཛྲ་བྷྱོ། ཨགྣཱི་བྷྱོ། བཱ་ར་ཧཱི་བྷྱོ། ཙ་མུཎྜཱི་བྷྱོ། སུ་ཏ་ནཾ་བྷྱོ། ཝ་རུ་ནཱི་བྷྱོ། བྱང་སྟོད་ནས་རིམ་པ་བཞིན། གསོད་བྱེད་མ་ལྗང་ནག་སྤྱང་གདོག་རྔེའུ་ཆུང་༴ མ་མོ་དམར་སེར་སྐྱིན་གདོང་མེ་སྒྲོན༴ ཕག་མོ་ལྗང་སེར་ཕག་གདོང་མཆེ་བ༴ རྒན་བྱེད་ལྗང་སྔོན་ཁྭ་ཏའི་མགོ་ཅན་དུང་ཁྲག༴ སྣ་ཆེན་ལྗང་དམར་བ་ལང་མགོ་ཅན་བམ་ཆེན༴ ཆུ་ལྷ་མ་ལྗང་ནག་སྦྲུལ་གདོང་བདུད་རྩིའི་ཐོད་པ་འཛིན་པའོ། །བཛྲ་མ་ཧཱ་ཀཱ་ལི་བྷྱོ། བཛྲ་ཙ་ཀ་ལ་བྷྱོ། བཛྲ་ཀུམྦྷ་ཀརྞ་བྷྱོ། བཛྲ་ལམྦོ་ད་ར་བྷྱོ། ཤར་སྒོར་ནག་མོ་ཆེན་པོ་ཁུ་བྱུག་མགོ་ཅན་ལྕགས་ཀྱུ༴ ལྷོ་སྒོར་རྡོ་རྗེ་ར་མོ་སྔོན་མོ་ར་གདོང་རྒྱུ་ཞགས༴ ནུབ་སྒོར་བུམ་སྣ་མ་དམར་མོ་སེང་གདོང་། ལྕགས་སྒྲོག༴ བྱང་སྒོར་གསུས་འཛིན་མ་ལྗང་ནག་སྐྱ་གའི་མགོ་ཅན་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་དྲག་མོའི་གཟུགས་ཅན་དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན་ཏེ་ཞིང་གི་གདན་ལ་རོལ་པའོ། །གཞན་ཡང་དཀྱིལ་འཁོར་ཆེན་པོའི་ཕྱིའི་ཁོར་ཡུག་ལ་ཁྲོ་བོ་ཆེན་པོ་ཡབ་ཡུམ་བཅུ། རྟག་པའི་རྒྱལ་མོ་ལྔ། དབྱིངས་ཕྱུག་ཡུམ་ཆེན་ལྔ། མཁའ་འགྲོ་སུམ་ཅུ་རྩ་གཉིས། སྤྲུལ་པའི་གིང་ཆེན་ཕོ་མོ། མ་མོ་བདུན། སྲིང་མོ་བཞི། འབར་མ་བརྒྱད་ལ་སོགས་ཏེ་སྤྲུལ་པ་དང་ཡང་སྤྲུལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་མཐའ་ཡས་པ་དང་བཅས་པ་རྣམས་ཀྱང་རང་རང་གི་རྒྱན་དང་ཆ་ལུགས་དང་ལྡན་ཅིང་སོ་སོའི་འཁོར་གྱིས་བསྐོར་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་མངོན་པར་སྣང་བའི་སྒྱུ་འཕྲུལ་གྱི་རོལ་མོ་བསམ་གྱིས་མི་ཁྱབ་པ་དམ་ཚིག་གི་འཁོར་ལོར་རྫོགས་པར་བསམ་མོ། །གཉིས་པ་དབང་བསྐུར་བ་ནི། དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི་སྲོག་གི་གོར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་སོ་སོའི་ཕྱག་མཚན་གྱི་ལྟེ་བར་ས་བོན་ལ་སྔགས་ཕྲེང་གིས་བསྐོར་བས་མཚན་པར་བསམ་ལ། ས་བོན་རྣམས་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བསྐུལ་བས། དེ་རྣམས་གཉིས་སུ་མེད་པར་སྦྱོར་བ་མཛད། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས་ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་བསྒྱུར། ཆུའི་ལྷག་མ་སྦྱིར་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་རང་རིགས་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་མོས་ལ། ཕུང་པོ་ལྔ་དག་པ་རིགས་ལྔའི་སངས་རྒྱས་སུ་ང་རྒྱལ་བྱ། རིགས་ལྔའི་དབང་རྒྱ་གནས་སོ་སོར་འཇོག་ཅིང་དབང་སྔགས་བརྗོད་པའོ། །དེ་ཡང་རྡོ་རྗེའི་རིགས་མི་བསྐྱོད་པ་རིགས་བདག་ཏུ་བྱས་པ་ལ་མཚོན་ན། རྡོ་རྗེ་ཕྱི་བསྡམས་ལས་གུང་མོ་གཉིས་བརྐྱང་པ་སྤྱི་བོར་བཞག་ལ། ༀ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཕྱག་རྒྱ་དེ་ལས་འཛུབ་མོ་གཉིས་བརྐྱང་བ་དཔྲལ་བར་བཞག་ལ། ༀ་མ་ཧཱ་ཨཱ་དར་ཛྙཱ་ན༴ སྲིན་ལག་བརྐྱང་བ་རྣ་ལྟག་གཡས་པར། ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན༴ མཐེ་བོང་བརྐྱང་པ་ལྟག་པར། ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན༴ མཐེའུ་ཆུང་བརྐྱང་པ་རྣ་ལྟག་གཡོན་པར། ༀ་མ་ཧཱ་ཀྲྀ་ཏྱ་ནུཥྛཱ་ན་ཛྙཱ་ན༴ ཞེས་པས་གཙོ་བོ་ཞི་ཁྲོ། མི་བསྐྱོད་པ། རྡོ་རྗེ་ཁྲག་འཐུང་རྣམས་ཡུམ་དང་བཅས་པ་དང་། ཐུབ་པ་དྲུག་ལ་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔའི་ཅོད་པན་གྱིས་དབུ་བརྒྱན་པར་གྱུར། དེས་མཚོན་ནས་རིགས་གཞན་བཞི་ལའང་རིགས་གང་ཡིན་དེའི་སྔགས་དང་པོར་བརྗོད་ཅིང་ཕྱག་རྒྱ་སྤྱི་བོའི་དབུས་སུ་འཇོག་ལ། གང་དབུས་སུ་སོང་བའི་སྔགས་རྒྱ་དང་རིགས་བདག་གི་ཤུལ་དུ་མི་བསྐྱོད་པ་འཇོག་པ་སྟེ། རྣམ་སྣང་གི་དབང་རྒྱ་དང་ཨཱ་ཱདཪྴ་དང་པོར་བརྗོད་པའི་སྔགས་མཚན་ལྔས། རྣམ་སྣང་། སངས་རྒྱས་ཁྲག་འཐུང་། རཀྵ་ཧེ་རུ་ཀ་ས་སྙིང་། བྱམས་པ། གཤིན་རྗེ་གཤེད་རྣམས་ཡུམ་དང་བཅས་པ་ལ་རྣམ་སྣང་བདག་པོར༴ ས་མ་ཏཱ་དང་པོར་བརྗོད་པའི་སྔགས་ཚན་ལྔས། རིན་འབྱུང་། རཏྣ་ཁྲག་འཐུང་། ས་ནུ་ཧེ་རུ་ཀ །ནམ་སྙིང་། སྒྲིབ་སེལ། སྟོབས་པོ་ཆེ་རྣམས་ཡུམ་དང་བཅས་པ་ལ་རིན་འབྱུང་བདག་པོར༴ པྲ་ཏྱ་དང་པོར་བརྗོད་པའི་སྔགས་ཚན་ལྔས། སྣང་མཐའ། པདྨ་ཁྲག་འཐུང་། གུ་ཧྱ་ཧེ་རུ་ཀ །སྤྱན་རས་གཟིགས། ཀུན་བཟང་། རྟ་མགྲིན་རྣམས་ཡུམ་དང་བཅས་པ་ལ་སྣང་མཐའ་བདག་པོར༴ ཀྲྀ་ཏྱཱ་དང་པོད་བརྗོད་སྔགས་ཚན་ལྔས། དོན་གྲུབ། ལས་ཀྱི་ཁྲག་འཐུང་། ཡཀྴ་ཧེ་རུ་ཀ །ཕྱག་རྡོར། འཇམ་དཔལ། བདུད་རྩི་འཁྱིལ་བ་རྣམས་ཡུམ་དང་བཅས་པ་ལ་དོན་གྲུབ་བདག་པོར་གྱུར་པའི་རིགས་ལྔའི་ཅོད་པན་གྱི་དབུ་བརྒྱན་པར་གྱུར། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་སྤྱི་བོར་བཞག་སྟེ་ཤཱུ་ནྱ་ཏཱའི་སྔགས་བརྗོད་པས། གནས་ཡུལ་སྒོ་མ་ཉི་ཤུ་དང་། དབང་མོ་ཉེར་བརྒྱད་ལ་དབང་བསྐུར་བས་སྤྱི་བོར་རྡོ་རྗེ་རྩེ་ལྔ་པ་རེ་རེས་དབུ་བརྒྱན་པར་བསམ་མོ། །གསུམ་པ་བྱིན་གྱིས་བརླབ་པ་ནི། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་གནས་པའི་ༀ་དཀར་པོ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུ་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ༀ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་གྱུར། ༀ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པས་རྒྱས་བཏབ་པར་བསམ་ལ་ང་རྒྱལ་བྱ་ཞིང་རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་གཏུགས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མགྲིན་པར་པདྨ་ལ་གནས་པའི་ཨཱཾ་དམར་པོ། དེའི་འོད་ཟེར་གྱིས༴ གསུང་རྡོ་རྗེའི༴ ཨཱཾ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་༴ ཨཱཾ་ཡོངས་སུ་གྱུར་པ་ལས་སྣང་མཐའ་དམར་པོ་པདྨ༴ རྡོ་རྗེའི་ཕྱག་རྒྱ་མགྲིན་པར༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ །སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ། དེའི་འོད་ཟེར་གྱིས༴ ཐུགས་རྡོ་རྗེའི༴ ཧཱུྃ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་༴ ཧཱུྃ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ༴ རྡོ་རྗེའི་ཕྱག་རྒྱ་སྙིང་གར༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ༴ ཞེས་བརྗོད་ཅིང་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་ང་རྒྱལ་བྱའོ། །གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལ་དྲུག །ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ། མཆོད་པ་འབུལ་བ། བཤགས་པ་བྱ་བ། དངོས་གྲུབ་གསོལ་བ། དམ་བཅའ། ཛཔ྄་བཟླ་བའོ། །དང་པོ་ལ་བཞི་སྟེ། སྙན་གསན་དབབ་པ། སྤྱན་དྲང་བ་དངོས། རིག་པའི་མེ་ཏོག་དོར་བ། དངོས་གྲུབ་བསྐུལ་ཏེ་བསྟིམ་པའོ། །དང་པོ་ནི། རང་གི་ཐུགས་ཀར་དྭངས་མའི་སྲོག་ཧཱུྃ་མཐིང་ག་ཡེ་ཤེས་ལྔའི་རང་བཞིན་རྟག་ཏུ་འཆར་བཞིན་པ། དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་པས། ཆོས་སྐུ་འགྱུར་བ་མེད་པའི་ངང་ལས་གཟུགས་སྐུ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་སད་པར་བསམ་ལ། ལག་གཉིས་ལྕགས་ཀྱུའི་རྒྱ་དང་བཅས་པས། ཧཱུྃ། སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་མཛད་དགོངས་སུ་གསོལ། །རྡོ་རྗེ་སེམས་དཔའ་ཁྱོད་བདག་སྐལ་བཟང་དཔལ། །ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་སྙན་གསན་ཕབ་ལ། གཉིས་པ་ནི། ཧཱུྃ། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡིས། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུྃཿབཾ་ཧོ་རུ་ལུ་རུ་ལུ་ཧཱུྃ། ཞེས་པས་དམ་ཚིག་གི་འཁོར་ལོ་དང་ཉེ་བར་སྤྱན་དྲངས་ཏེ། ༀ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་ལ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །དམ་ཚིག་པའི་ཐུགས་ཀ་ནས་སྤྲོས་པའི་ཛཿཧཱུྃ་བཾ་ཧོཿས་དགུག་བཅིངས་བསྡམས་ལ་དགྱེས་པ་བསྐྱེད་ནས། དམ་ཚིག་གི་དཀྱིལ་འཁོར་དང་མེ་རི་འདབ་འབྱོར་དུ་བཞུགས་པར་བསམ་མོ། །གསུམ་པ་ནི། ༀ་བཛྲ་ས་མ་ཡ་ༀ། ཨཱཾ་བཛྲ་ས་མ་ཡ་ཨཱཾ། ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་མ་ཡ་ཧཱ། ཞེས་དང་། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། ཞེས་རིག་པའི་མེ་ཏོག་དོར་བས། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་རིག་པར་བྱའོ། །བཞི་པ་ནི། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་ཧཱུྃ། ༀ་བཛྲ་ས་མ་ཡ་སྟྭཾ། ཧཱུྃ་བཛྲ་ས་མ་ཡ་ཧོཿ ཞེས་དང་། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། དེ་ཉིད་དུ་ནི་བདག་ལ་སྩོལ། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་སྟཱཾ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་སྐུལ་བས་ཡེ་ཤེས་ཀྱི་འཁོར་ལོ་དང་གཉིས་མེད་དུ་དགྱེས་པ་བསྐྱེད་པ་ལས་དྲིན་ལན་གྱི་ཚུལ་དུ་དམ་ཚིག་པ་ལ། ཨ་ལི་ཨུ་ལི་ཏཱ་ལི་ཏ་པཱ་ལི་དཾཥྚ་གོ་ནཱ་ར་ཏྲི་ཁ་རཾ་ཡོ་གི་ནཱི་ཁཱ་ཧི་ཧོཿ ཞེས་མཆོད་དེ། ཛཿཧཱུྃ་བཾ་ཧོཿ ཧཱུྃ་ཧ་ཧེ་ཕཊ། ཞེས་བརྗོད་པས། དཀྱིལ་འཁོར་གྱི་འཁོར་ལོ་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་གྱུར་ནས་གསལ་ཞིང་བརྟན་པར་བསམ་མོ། །གཉིས་པ་ལ། ཕྱག་དང་། མཆོད་པ་གཉིས་ལས། དེ་གཉིས་ཀའི་ཚེ་ཡང་། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་རང་ཉིད་གཙོ་བོ་གཉིས་པའི་རྣམ་པས་ཐོན་ནས་དཀྱིལ་འཁོར་གྱི་ཤར་སྒོར་འཁོར་དེ། སེམས་ཅན་ཐམས་ཅད་དང་བྱ་བྱེད་ཐུན་མོང་པར་གྱུར་ནས་ཕྱག་དང་མཆོད་པ་སོགས་ལས་ཀྱི་རིམ་པ་ལ་འཇུག་པར་མོས་པའོ། །དེའི་དང་པོ་ཕྱག་འཚལ་བ་ནི། ལུས་ཞིང་རྡུལ་དང་མཉམ་པར་སྤྲུལ་ནས། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་བཤེགས་སྲས་བཅས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་རྩ་བའི་བླ་མ་ལ་ཕྱག་བྱས་ནས། བརྒྱུད་པའི་ཕྱག་འཚལ་ནི། ཀུན་བཟང་ཕྱག་རྡོར་ཀུ་ཀུ་རཱ་ཛ་ཆེ། །ཨིནྡྲ་བྷུ་ཏི་ཤཱཀྱ་པུ་ཏྲིའི་ཞབས། །སིངྷ་རཱ་ཛ་ཨུ་པ་རཱ་ཛ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །གོ་མ་དེ་བི་རྡོ་རྗེ་ཧཱུཾ་མཛད་རྩལ། །སངས་རྒྱས་གསང་བ་བི་མ་ལ་མི་ཏྲ། །གཉགས་ལོ་གཞོན་ནུ་སོག་པོ་ལྷ་དཔལ་ལ། །སྒོ་གསུམ་གུས་པས༴ གནུབས་ཆེན་སངས་རྒྱས་ཡེ་ཤེས་སྲུ་ལེགས་སྒྲོན། །སྲས་མཆོག་གཞོན་སྙིང་ཞུ་སྟོན་བསོད་ནམས་མཚན། །བདེ་གཤེགས་ཟུར་ཆེན་ཟུར་ཆུང་ཤེས་རབ་གྲགས། །སྒོ་གསུམ་གུས་པས༴ གླན་དང་འགར་སྟོན་རྡོ་རྗེ་རྒྱལ་མཚན་དཔལ། །རྡོར་འོད་བསོད་ནམས་རྒྱལ་མཚན་ཆོས་སེང་ཞབས། །སངས་རྒྱས་དཔལ་བ་བསོད་ནམས་མགོན་པོ་ལ། །སྒོ་གསུམ་གུས་པས༴ སྒྲོལ་ཆེན་བསམ་རྡོར་ཐུགས་སྲས་སངས་རིན་ཞབས། །འགོས་ལོ་གཞོན་དཔལ་བསོད་ནམས་རྒྱ་མཚོའི་སྡེ། །སེ་སྟོན་རིན་རྒྱན་རྒྱ་ཧོར་རྡོ་རྗེ་རྩལ། །སྒོ་གསུམ་གུས་པས༴ པཎ་ཆེན་པདྨ་དབང་རྒྱལ་བདུད་འཇོམས་རྗེ། །ཚེ་རིང་དབང་པོ་ངག་དབང་ཕུན་ཚོགས་མཚན། །བརྒྱུད་སྲོལ་ཀུན་འདུས་རིག་འཛིན་གཏེར་བདག་གླིང་། །སྒོ་གསུམ་གུས་པས༴ ལོ་ཆེན་ཆོས་དཔལ་རྒྱལ་སྲས་རིན་རྣམ་ཞབས། །པདྨ་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ། །ཕྲིན་ལས་ཆོས་སྒྲོན་སངས་རྒྱས་ཀུན་དགའི་དཔལ། སྒོ་གསུམ་གུས་པས༴ བསྟན་འཛིན་ནོར་བུ་ཕན་བདེའི་འོད་ཟེར་འབར། །ཁྱབ་བདག་དྲིན་ཆེན་རྩ་བརྒྱུད་བླ་མ་དང་། །རབ་འབྱམས་ཞི་ཁྲོ་དཀྱིལ་འཁོར་འཁོར་ལོའི་ལྷར། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཞེས་བརྒྱུད་པའི་གསོལ་འདེབས་ཀྱི་ཚིགས་རྐང་བཞི་པ་བསྒྱུར་བ་དང་། གཞན་ཡང་བརྒྱུད་ཚུལ་དུ་མ་ཡོད་པ་ལས་གང་མོས་པ་དེ་དང་དེར་བསྒྱུར་བས་ཆོག་གོ། །དཀྱིལ་འཁོར་ལྷའི་ཕྱག་འཚལ་ནི། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །ཞི་ཁྲོ་རབ་འབྱམས་ཚོགས་ལ་ཕྱག་འཚལ་ལོ། །ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པའི། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོར་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ༴ ངོ་འཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་སྲས་བཅས་ཐམས་ཅད་བསྐྱེད་མཛད་མ། །རིག ས་ཀྱི་ཡུམ་གྱུར་རྣམས་ལ༴ རྣམ་ཤེས་དབང་པོ་དག་པས་ཐུགས་དང་གསུང་། །བདེ་བར་གཤེགས་པ་ཀུན་གྱིས་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ལ༴ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ལ༴ བདུག་པ་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ལ༴ དྲག་ཤུལ་ཐུབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང་། །མཐར་བྱེད་སྒོ་བ་བཞི་ལ་ཕྱག༴ རྟག་ཆད་ལྟ་འབྱིན་གསང་བ་ཡུམ་གྱི་ངང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །ཡེ་ཤེས་སྒོ་མ་བཞི་ལ་ཕྱག༴ སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་གཙོ། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོར། །བཅོམ་ལྡན་ཐུབ་པ་དྲུགས་ལ་ཕྱག༴ འཇིག་རྟེན་འདས་པའི་དུས་སུ་སྔོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །དཔལ་ཆེན་ཁྲག་འཐུང་རྣམས་ལ་ཕྱག༴ ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་རྣམས་ལ་ཕྱག་འཚལ། །བསྐལ་བ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་སླས་སུ་བཞུགས། །ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག༴ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་རྒུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག༴ རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་བསྲུང་། །སྒོ་སྐྱོང་ཁྲོ་མོ་བཞི་ལ༴ དཔལ་གྱི་འཁོར་ཚོགས་བཛྲ་ཨ་ར་ལཱི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག༴ ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གནད་སྟེང་ན། །ཡེ་ཤེས་བསྐལ་པ་མེ་དཔུང་འབར་བའི་ཀློང་། །བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག༴ དམིགས་མེད་ཆོད་ཀྱི་སྐུ་ལ་ཕྱག༴ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག༴ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག༴ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག༴ མངོན་པར་བྱང་ཆུབ་སྐུ་ལ་ཕྱག༴ དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏི་པུ་ཧོཿ ཞེས་པ་ཙམ་མམ། འགྲུབ་ཏུ་རུང་ན་ཕྱག་གི་བཀོལ་བྱང་རྒྱས་པ་བཞིན་ཅི་ནུས་སུ་བྱ་བ་གལ་ཆེའོ། །གཉིས་པ་མཆོད་པ་ལ་བཅུ་བཞི་ལས། དང་པོ། ཕྱག་རྒྱའི་མཆོད་པ་ནི། ལག་པ་གཡས་ཀྱི་སོར་མོའི་བྲེ་ཁ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེ། དེ་རྣམས་ཀྱི་སྟེང་དུ་ཧཱུྃ་ༀ་སྭཱ་ཨཱོཾ་ཧཱ། གཡོན་གྱི་སོར་མོའི་བྲེ་ཁ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རེ་རེ། དེ་དག་གི་སྟེང་དུ་མཱུཾ་ལཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པར་བསམ་ལ། ལྔ་གཉིས་ཟུང་དུ་སྤྲད་པ་ལས། །སྦྱར་བའི་ཕྱག་རྒྱ་འབྱུང་བའི་རྒྱུ། །ༀ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །ཧཱུྃ་བཛྲ་དྷྲིཀ྄ །ཞེས་པས་ཕྱག་རྒྱ་མདུན་དུ་བསྒྱུར་ནས་གཡོན་དུ་དགྲོལ། དེའི་ཚེ་ལྷར་གསལ་བ་ཕྱག་ཆེན་ས་བོན་ཆོས་རྒྱ། བཅའ་བ་དམ་རྒྱ། དགྲོལ་བ་ལས་རྒྱའོ། །དེ་ནས་ཁྲོ་བོའི་ཚོགས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ང་རྒྱལ་བྱས་ལ། ཁྲག་འཐུང་རྒྱལ་པོ་གར་ལ་དགྱེས། །སྐུ་མདོག་ཞལ་ནི་རྣམ་པར་འགྱུར། །སྐུ་ཡི་གར་སྟབས་ཀློག་འགྱུ་བའི། །ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །ཞེས་པ་ཙམ་མམ། སྤྲོ་ན་རྔམ་གློག་དང་ཧེ་རུ་འདུས་པར་གསུངས་པའི་ཕྱག་རྒྱ་རྣམས་ལས། དཀྱིལ་འཁོར་འདིའི་ལྷ་གྲངས་དང་མཚུངས་པ་ཙམ་སྦྱར་ན་ཤིན་ཏུའང་སྐབས་སུ་བབས་པར་འགྱུར་རོ། །གཉིས་པ་ཀུན་བཟང་ནི། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ༀ་ཧཱུྃ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། ༀ་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། གསུམ་པ་ཞབས་བསིལ་ནི། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་ན་མཿ ས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། བཞི་པ་བཞི་བསྣོལ་ནི། སོ་སོའི་ཕྱག་རྒྱ་བཅས་ཏེ། ༀ་ཧཱུྃ། སྤོས་ཀྱི་སྤྲིན་ལྡིང་བདུག་པ་མ། །རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས། །བྱམས་པ་ཐབས་དང་ཤེས་རབ་ལས། །བཛྲ་དྷཱུ་པེའི་མཆོད་པར་རོལ། །ༀ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་བེ་དྷཱུ། ཨུཏྤལ་མཐིང་ག་མེ་ཏོག་འཐོར། །སྣ་ཚོགས་རིན་ཆེན་འོད་དུ་འཕྲོ། །སྙིང་རྗེ་ཐབས་དང་༴ བཛྲ་པུཥྤེའི༴ ༀ་པ་ན་སོགས་ནས། པུཥྤེ་པུ། དབང་གི་ཕྱག་ན་སྒྲོན་མ་བསྣམས། །ཆོས་ཀྱི་རྒྱལ་པོ་འབར་བ་འཛིན། །དགའ་བ༴ བཛྲཱ་ལོ་ཀེའི༴ ༀ་པ་ན་སོགས། ཨཱ་ལོ་ཀེ་ཧྲཱིཿཙནྡན་བདུད་རྩིའི་ཆར་འབེབས་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས། །བཏང་སྙོམས། བཛྲ་གནྡྷེའི༴ ༀ་པ་ན་སོགས། གནྡྷེ་གན། ལྷ་མོ་རྣམས་ཀྱིས་དཀྱིལ་འཁོར་པ་རྣམས་མཆོད་ནས་ཤངས་ལ་སོགས་པའི་དབང་པོ་སོ་སོ་ལ་ཐིམ་པར་བསམ་ལ། ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་གྲུབ་པར་མཛོད། །མཆོད་ཆེན་ཐམས་ཅད་དག་ཅིང་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པས་ལྷ་རྣམས་མཉེས། ལྷ་མོ་རྣམས་སླར་བྱུང་སྟེ་རང་གི་གནས་བཞིར་ཐིམ་པས་སྐུ་གསུང་ཐུགས་ཕྲིན་ལས་བཞིའི་དངོས་གྲུབ་ཐོབ་པར་བསམ་མོ། །ལྔ་པ་སྨན་མཆོད་ནི། ༀ་ཧཱུྃ། སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང་། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བ། །དུག་ལྔ་སེལ་བའི་བདུད་རྩི་སྨན། །ཐམས་ཅད་བདུད་རྩིའི་རྣལ་འབྱོར་ཆེ། །བདེ་གཤེགས་ཞི་བའི་ཐུགས་དམ་ཉིད། །ཁྲོ་བོ་རྒྱ་མཚོའི་དངོས་གྲུབ་མཆོག །ཞི་ཁྲོ་རོལ་པའི་དཀྱིལ་འཁོར་འདིར། །བདག་ཅག་དད་པས་འབུལ་གྱིས་བཞེས། །ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་དང་། བརྒྱུད་མཆོད་ནི། ཀུན་བཟང་ཕྱག་རྡོར་ཀུ་ཀུ་རཱ་ཛ་ཆེ། །ཨིནྡྲ་བྷུ་ཏི་ཤཱཀྱ་པུ་ཏྲིའི་ཞབས། །སིངྷ་རཱ་ཛ་ཨུ་པ་རཱ་ཛ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གོ་མ་དེ་བི་རྡོ་རྗེ་ཧཱུཾ་མཛད་རྩལ། །སངས་རྒྱས་གསང་བ་བི་མ་ལ་མི་ཏྲ། །གཉགས་ལོ་གཞོན་ནུ་སོག་པོ་ལྷ་དཔལ་ལ། །སྨན་མཆོད་འབུམ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །གནུབས་ཆེན་སངས་རྒྱས་ཡེ་ཤེས་སྲུ་ལེགས་སྒྲོན། །སྲས་མཆོག་གཞོན་སྙིང་ཞུ་སྟོན་བསོད་ནམས་མཚན། །བདེ་གཤེགས་ཟུར་ཆེན་ཟུར་ཆུང་ཤེས་རབ་གྲགས། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གླན་དང་འགར་སྟོན་རྡོ་རྗེ་རྒྱལ་མཚན་དཔལ། །རྡོར་འོད་བསོད་ནམས་རྒྱལ་མཚན་ཆོས་སེང་ཞབས། །སངས་རྒྱས་དཔལ་བ་བསོད་ནམས་མགོན་པོ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ཱག་ཏཱ་ཡ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྒྲོལ་ཆེན་བསམ་རྡོར་ཐུགས་སྲས་སངས་རིན་ཞབས། །འགོས་ལོ་གཞོན་དཔལ་བསོད་ནམས་རྒྱ་མཆོའི་སྡེ། །སེ་སྟོན་རིན་རྒྱན་རྒྱ་ཧོར་རྡོ་རྗེ་རྩལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཱཧི། པཎ་ཆེན་པདྨ་དབང་རྒྱལ་བདུད་འཇོམས་རྗེ། །ཚེ་རིང་དབང་པོ་ངག་དབང་ཕུན་ཚོགས་མཚན། །བརྒྱུད་སྲོལ་ཀུན་འདུས་རིག་འཛིན་གཏེར་བདག་གླིང་། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ལོ་ཆེན་ཆོས་དཔལ་རྒྱལ་སྲས་རིན་རྣམ་ཞབས། །པདྨ་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ། །ཕྲིན་ལས་ཆོས་སྒྲོན་སངས་རྒྱས་ཀུན་དགའི་དཔལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བསྟན་འཛིན་ནོར་བུ་ཕན་བདེའི་འོད་ཟེར་འབར། །ཁྱབ་བདག་དྲིན་ཆེན་རྩ་བརྒྱུད་བླ་མ་དང་། །རབ་འབྱམས་ཞི་ཁྲོ་དཀྱིལ་འཁོར་འཁོར་ལོའི་ལྷར། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་བསྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཱཧི། ཞེས་བསྒྱུར་བ་སོགས་ཇི་ལྟར་རིགས་པས་ཕུལ་ལ། བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །འགྲོ་བའི་དོན་མཛད་སྤྲུལ་སྐུ་ཐུབ་དྲུག་ལ། །སྨན་མཆོད༴ ༀ་སརྦ༴ ཚོགས་རྗེ་ཚོགས་བདག་ཆེ་མཆོག་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲོ་རྒྱལ་ཡབ་ཡུམ་དང་། །གནས་ཡུལ་ཕྱག་རྒྱ་སྒོ་མ་བཞི་རྣམས་ལ། །སྨན་མཆོད། ༀ་སརྦ༴ མ་ལྟར་བྱམས་ཤིང་སྲིང་ལྟར་རབ་གདུང་མ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །མ་ཚོགས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ། །སྨན་མཆོད༴ ༀ་སརྦ༴ དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས། །ཞིང་སྐྱོང་གཞི་བདག་རིགས་དྲུག་ཕ་མ་སོགས། །སྲིད་གསུམ་ཀ་དག་རྒྱལ་བའི་དཀྱིལ་འཁོར་ལ། །སྨན་མཆོད༴ ༀ་སརྦ་ཏ་ཐཱ༴ ཞེས་གུ་ཧྱ་ལག་གི་ཕྱག་རྒྱས་གཏོར་བས་ཡེ་ཤེས་ཀྱི་བདུད་རྩིའི་ཟེགས་མའི་སྤྲིན་ལས་བདུད་རྩིའི་ཆར་བབས་པས་དཀྱིལ་འཁོར་པ་ཐམས་ཅད་མཉེས་ཤིང་ཚིམས་པར་བསམ་ལ། མཐར་དངོས་གྲུབ་བླང་བ་ནི། རང་གི་ལྕེ་ལ་ཧཱུྃ་ཡིག་དང་། སྨན་གྱི་སྟེང་དུ་འབྲུ་གསུམ་བསྒོམས་ཏེ། ༀ་ཨཱཿཧཱུྃ། རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མྱང་ན་དངོས་གྲུབ་ཐོབ་པར་འགྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིངྔྷི་ༀ། ཝ་ཀ་སིདྡྷི་ཨཱཿ ཙིཏྟ་སིངྔྷི་ཧཱུྃ། ཞེས་རིམ་པར་རེག་སྟེ་ལྕེ་ལ་བཞག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །དྲུག་པ་བདུད་རྩི་གསང་བསྣན་གྱི་མཆོད་པ་ནི། བདུད་རྩིའི་རྒྱུན་བྷཉྫར་ལན་གསུམ་དུ་སྦྲེང་ཞིང་། ༀ་ཨཱཿཧཱུྃ། མི་བསྐྱོད་ཡེ་ཤེས་བདེ་བའི་མཆོག་དང་ལྡན་པའི་རོལ་ལ་བསྣམས་སུ་གསོལ། །ཨ་ལ་ལ་ཧོཿ བྱང་ཆུབ་སེམས་དཔའི་བདེ་མཆོག་དེ་ཉིད་འགོག་པ་རྣམས་ལས་བསླང་བའི་ཕྱིར། །ཆགས་པ་མེད་པའི་བདེ་མཆོག་ཀུན་ཏུ་མྱོང་མཛད་བཞེས་ཤིང་བསྣམས་སུ་གསོལ། །ༀ་ཨཱཿཧཱུྃ། མཆོག་ཏུ་གསང་བའི་བདེ་ལ་རོལ་ཞིང་དམ་བཅས་འཇིག་རྟེན་སྒྲོལ། །བྱང་ཆུབ་སྐྱེ་གནས་བདེ་མཆོག་དབྱིངས་ལས་མི་ཉམས་དགའ་བའི་གར་མཛོད་ཅིག །ཨ་ལ་ལ་ཧོཿ ཞེན་ཅིང་ཆགས་པའི་མཐའ་ལ་ཉོན་མོངས་རྣོ་སྐམས་གཟིར་བ་ཡིས། །མྱོང་བྱེད་བདེ་མཆོག་བརྒྱད་དང་ལྡན་པས་ཐབས་ཀྱི་སྐུ་ལ་སྨྲེ་བར་མཛོད། །འགྲོ་ཀུན་ཚངས་པར་སྤྱོད་པའི་བྱང་ཆུབ་སྒོ་མོར་ལམ་གཏོད་ཅིག །བདེ་མཆོག་བདུད་རྩི་ཁྱད་པར་མེད་པའི་ཚོགས་ལ་བཀའ་སྩོལ་ཅིག །ཨ་ལ་ལ་ཧོཿ ཞེས་པས་དང་པོས་ལྷ་རྣམས་དགྱེས་པ་བསྐྱེད། གཉིས་པས་ཉན་ཐོས་རྣམས་འགོག་པ་ལས་བསླང་། གསུམ་པས་རྒྱལ་སྲས་རྣམས་གཞན་དོན་ལ་བསྐུར་བར་བསམ་མོ། །བདུན་པ་རཀྟའི་མཆོད་པ་ནི། ༀ་ཧཱུྃ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །མཁའ་དབྱིངས་རྣམ་དག་ཡུམ་གྱི་རང་བཞིན་དུ། །ཁམས་གསུམ་དུག་གསུམ་བསྒྲལ་པའི་རཀྟ་མཆོག །ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ཁམས་གསུམ་ཟིལ་གནོན་དངོས་གྲུབ་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ༀ་བཛྲ་ཀྲོ་དྷ་མཎྜ་ལ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། བརྒྱད་པ་གཏོར་མའི་མཆོད་པ་ནི། ༀ་ཧཱུཾ། ཆོས་དབྱིངས་རྣམ་དག་གཏོར་གཞོང་རྒྱ་ཆེན་དུ། །གཏོར་མ་ཡེ་ཤེས་སྣང་བ་རྒྱ་མཚོར་འཁྱིལ། །དཀར་དམར་ཐིག་ལེ་བདུད་རྩིས་རོལ་མཚོར་སྤེལ། །འདོད་ཡོན་ལྷ་མོའི་སྤྲིན་གྱིས་བརྒྱན་པ་འདི། །ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ༀ་ཨཱཿཧཱུྃ་སུ་ར་ཏེ་ཨུ་བ་བྷྱཿཀ་མ་ལ་མཱ་ལ་བཛྲ་ཨ་མྲྀ་ཏ་ཧ་ར་ཎ་པྲ་ཏཱིཙྪ་བྷ་ག་ཝཱན་ཛཿཧཱུཾ་བཾ་ཧོཿ ཨ་ལ་ལ་ཧོཿ ཞེས་དང་། ༀ་བཛྲ་ཀྲོ་དྷ་མཎྜལ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ་བས་འདོད་ཡོན་དྲུག་གི་ལྷ་མོ་མཁའ་ཁྱབ་ཏུ་སྤྲོས་པ་དཀྱིལ་འཁོར་པ་རྣམས་ཀྱི་དབང་པོ་དྲུག་གི་གནས་སུ་ཐིམ་པས་དགྱེས་ཤིང་ཚིམ་པར་བྱས་ནས་གཉིས་མེད་དུ་གྱུར་པར་བསམ་མོ། །དགུ་པ་ཡིད་བྱུང་གི་མཆོད་པ་ནི། ༀ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོན་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིན་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །ཞེས་པའི་ཚིག་གིས་ཇི་ལྟར་སྟོན་པའི་མཆོད་པ་རྣམས་མཁའ་ཁྱབ་ཏུ་སྤྲུལ་ཏེ་དབུལ་ལོ། །བཅུ་པ་བསྒྲལ་མཆོད་ནི། བདག་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་རཾ་དཔག་ཏུ་མེད་པ་ཆད། རཾ་བཛྲ་ཛྭ་ལ་རཾ། རཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་སེམས་ཅན་ཐམས་ཅད་ཀྱི་སྙིང་ནང་ན་གནས་པའི་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་བསྲེགས། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར་བར་བསམ་ཞིང་། ཧཱུྃ། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །བཅུ་གཅིག་པ་སྦྱོར་མཆོད་ནི། རང་དང་དཀྱིལ་འཁོར་པའི་ལྷ་ཡབ་ཡུམ་ཐམས་ཅད་ཀྱི་མཁའ་གསང་། ཧཱུྃ་ཨ། བཛྲ་པདྨ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ་ཧོཿ ཨ་ནུ་རཱ་ག་ཡ་མྱེ། ཛཿཧཱུྃ་བཾ་ཧོཿ བོ་དྷི་ཙིཏྟ་སྥ༴ སཾ༴ རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་སྤྲིན་སྤྲོ་བསྡུའི་སྦྱོར་བས་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་རྒྱས་པ་ལ་བློ་བཞག་ནས། ༀ་ཧཱུྃ། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱ། །མཉམ་པའི་གྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་བྱའོ། །བཅུ་གཉིས་པ་འདོད་ཡོན་རོ་མཉམ་གྱི་མཆོད་པ་ནི། ༀ་ཧཱུྃ། བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །འདོད་ཡོན་གྱི་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་དག་པ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར་པར་བསམ་མོ། །བཅུ་གསུམ་པ་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ནི། ༀ་ཧཱུྃ། བླ་མེད་མཆོག་གི་མཆོད་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཞེས་པས་མཆོད་པའི་རོལ་མོ་ཇི་སྙེད་པ་ཐམས་ཅད་ཀྱིས་འཁོར་གསུམ་ཡེ་ཤེས་སུ་དག་པ་མངོན་དུ་བྱས་ནས། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ལྤ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་བྱ་ཞིང་རོལ་མོ་ཡེ་ཤེས་ཀྱི་སྒྲས་བསྐུལ་ལོ། །བཅུ་བཞི་པ་གླུ་ཡེ་ཤེས་ཀྱི་མཆོད་པ་ནི། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡིས། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས། །ཧོཿ ༀ། རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ། །ཧོཿ ༀ། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ཤེས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ། །ཧོཿ ༀ། མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་སྤྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ། །ཧོཿ ༀ། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཧོཿ ༀ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། །ཧོཿ ཞེས་པས་ཞི་བ་དང་། ཧཱུྃ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟངས་ཡག་ཟ་བྱེད་ཆེ། །ཧོཿ ཧཱུྃ། རྔམས་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ། །ཧོཿ ཧཱུྃ། ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ། །ཧོཿ ཧཱུྃ། ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པས་ཐིག་ལེ་ཆེ། །ཧོཿ ཧཱུྃ། བདུད་ཀུན་གྱི་ནི་བདག་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ། །ཧོཿ ཧཱུྃ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ། ཧོཿ ཞེས་པས་ཁྲོ་བོ་སྟེ། ཆོས་ཉིད་ཀྱི་རང་སྒྲ་བསྟོད་དབྱངས་རྒྱ་མཚོའི་རོལ་མོར་ཀུན་ཏུ་སྒྲོག་པར་བསམ་མོ། །གསུམ་པ་བཤགས་པ་བྱ་བ་ནི། ཡེ་ཤེས་སྐུ་མཆོག་དང་། ཧོཿ སྤྲོས་པ་མེད་པའི་དབྱིངས་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་ལྡན་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔའི་བདེ་བར་གཤེགས་པ་རིགས་མཆོག་གཟུངས་ཀྱི་ཡུམ་གྱི་དབྱིངས་ན་རྣམ་པར་བཞུགས་པ་སེམས་དཔའི་ཚོགས་སེམས་མའི་འཁོར། ཡེ་ཤེས་ཆེན་པོའི་དབང་ཕྱུག་ཐབས་ལ་མཁས་པའི་བདག་ཉིད། སྒྲོལ་བའི་མཁའ་འགྲོ། རང་བཞིན་གྱི་རྣལ་འབྱོར། ངོ་བོ་ཉིད་ཀྱི་སྐུ། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དགོངས་སུ་གསོལ། བདག་ཅག་གསང་བའི་དཀྱིལ་འཁོར་འདིར་ཚོགས་པ་རྣམས་ཀྱིས། དང་པོ་གསང་བ་རྡོ་རྗེ་ཐེག་པའི་སྒོར་ཁས་འཆེས་ཏེ། དམ་ཚིག་གཉན་པོ་མ་ནོར་བར་མནོས་པ་ལས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་དང་འགལ་འཁྲུལ་དུ་གྱུར་པ། ལྷ་ཉེ་བར་མ་བསྒོམས་པ། སྙིང་པོ་དག་པར་མ་བགྲངས་པ། སྦྱོར་བ་མང་པོའི་བར་བསྐུམས་པ། དད་པ་ཅན་གྱི་ཚོགས་བཅག་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། མཆོད་པ་ལོ་ཟླ་ལས་འདས་པ། དམ་རྫས་ལག་ལེན་རྔོ་མ་ཐོགས་པ། ཛཔ྄་བཟླས་བགྲངས་ཉུང་བ། བསྙེན་པ་ཡུན་ཐུང་བ། ཏིང་ངེ་འཛིན་ཐང་ལྷོད་དུ་གྱུར་པ། དེ་བཞིན་གཤེགས་པའི་མཛད་སྤྱོད་དམ་པ་ཀློང་དུ་མ་གྱུར་ཅིང་། སེམས་ཅན་གྱི་སྤྱོད་པ་རང་ཐད་དུ་གྱུར་པ་དང་། ཁྱད་པར་དུ་སྒྲུབ་པའི་དམ་ཚིག་དང་། ཁྱད་པར་གྱི་དམ་ཚིག་གཉན་པོ་མངོན་པར་མནོས་པ་ལས། ཉམས་ཤིང་ཞིག་རལ་དུ་གྱུར་པ་ཅི་མཆིས་པ་ཐམས་ཅད་ཤིན་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས་པར་མཆིས་ན། དབྱིངས་ཉིད་ནམ་མཁའ་དང་འདྲ་བའི་ངང་གིས་སྐུ་བཟོད་པ་ཆེན་པོ་དང་དུ་བཞེས་ནས། ཚངས་པ་མཆོག་ཡིད་བཞིན་དུ་ཐོབ་པར་སྩལ་དུ་གསོལ། བཞི་པ་དངོས་གྲུབ་གསོལ་བ་ནི། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་བླ་མན་ཆད་ནས་དངོས་གྲུབ་ཀྱི་སྐལ་བ་དང་རིགས་བརྒྱུད་གང་ལགས་པ་ཐམས་ཅད་ཕྱི་མར་བསྡད་མི་འཚལ་བར་དུས་ད་ལྟ་ཉིད་དུ་ཐོབ་པར་སྩལ་དུ་གསོལ། རྣལ་འབྱོར་པ་ལ་བར་དུ་གཅོད་པར་བྱེད་པ། སྡང་བའི་དགྲ །གནོད་པའི་བགེགས། གདུག་པའི་དབལ། སྦྱོར་བའི་དུག །རྣོ་བའི་མཚོན། ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། སོ་སོའི་རྨི་ལམ་ངན་པ་དང་ལྟས་ངན་པ། མི་ཤིས་པའི་རྐྱེན་དེ་དག་ཐམས་ཅད་ཕྱིར་བཟློག་ཅིང་མིང་ཙམ་ཡང་མི་གྲགས་པར་ཞི་བ་ཆེན་པོར་མཛད་དུ་གསོལ། གལ་ཏེ་ཞི་བས་བསྒྱུར་དུ་མི་བཏུབ་པ་ཞིག་མཆིས་ན་ཡང་དྲག་པོའི་ཕྲིན་ལས་ཀྱིས་དབང་དུ་བསྡུ་བ་དང་། གཟིར་ཞིང་མནན་པ་དང་། བསྒྲལ་ཞིང་སྤར་བ་ལ་སོགས་ཏེ། ཕྲིན་ལས་དྲག་ཐབས་རྣམ་བཞིས་ཇི་ལྟར་འདུལ་བ་འཚམས་པ་བཞིན་མཛད་ནས་མིང་ཙམ་ཡང་མི་གྲགས་པར་མཛད་དུ་གསོལ། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་གཏུབས་སྡུག་བསྔལ་ལུས་ལ་འབྱུང་བར་མི་འགྱུར་ཡང་། །གྲིབ་མ་ཕོག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པས། །སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་དང་། །གཟི་མདངས་ལུས་ལ་འཇུག་པའི་ཉི་མ་སྟོང་ཕྲག་གི། །འོད་བཞིན་འཇིག་རྟེན་ཁམས་འདིར་རྟག་ཏུ་འབྱུང་བ་དང་། །ལུས་ངག་སེམས་ལ་ཚེ་འདིར་རྡོ་རྗེ་རབ་སྣང་སྟེ། །རེ་སྨོན་ཐམས་ཅན་དུས་འདི་ཉིད་དུ་སྩལ་དུ་གསོལ། །ཞེས་འདོད་པའི་དོན་གསོལ་ལོ། །ལྔ་པ་དམ་བཅའ་བ་ནི། ༀ་ཧཱུྃ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །དྲུག་པ་ཛ྄པ་ལ། ཛ྄པ་ཁང་དབྱེ་བ། ཛ྄པ་དངོས། སྐབས་ཀྱི་འཇུག་བསྡུ་བ་དང་གསུམ་ལས། དང་པོ་ནི། དབྱེ་གཞིའི་དཀྱིལ་འཁོར་གསལ་བཏབ་ནས། བྷྲཱུྂ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿཧཱུྃ་ༀ་སྭཱ་ཨཱཾ་ཧཱཾ་ཕཊ་ཛཿ ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ་ཕཊ་ཛཿ ཞེས་བརྗོད་པས། དམ་ཚིག་འཁོར་ལོ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་མེ་རི་འདབས་འབྱར་གྱི་ཚུལ་དུ་བཞུགས་པར་བསམ་མོ། །གཉིས་པ་ནི། བདག་མདུན་གྱི་ལྷ་རྣམས་ཀྱི་ཐུགས་ཀར་རང་རང་གི་ཕྱག་འཚན་ས་བོན་གྱིས་མཚན་པར་བཟླ་བྱའི་སྔགས་ཀྱིས་བསྐོར་བར་བསམ་ལ། སྔགས་ཟློས་པའི་ཚེ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས་པས་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་དགྱེས་པ་བསྐྱེད། ཐུགས་དམ་གྱི་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པས་བདག་ལ་སྩལ་ཞིང་ཐིམ་པར་དམིགས་ལ། དམ་ཡེ་འཕྲོ་འདུ་སྟེ་གསལ་བ་གསུམ་དང་ལྡན་པའི་ངང་ནས་སྐྱོན་བཅུ་སྤངས་ཏེ། བཟླ་བྱའི་སྔགས་ནི། ཀུན་བཟང་སོགས་ཞི་བ་དང་། ཆེ་མཆོག་སོགས་ཁྲོ་བོ་སོ་སོའི་བསྐྱེད་སྔགས་རྣམས་གཙོ་འཁོར་གྱི་འགྲོས་སྦྱར་ཏེ་ཇི་ལྟར་རིགས་པ་བཟླས་ནས། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་ཞི་བ་སྤྱིའི་སྔགས་དང་། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཅེས་ཁྲོ་བོ་སྤྱིའི་སྔགས་རེ་ཅི་ནུས་སུ་བཟླའོ། །ཏིང་ངེ་འཛིན་ལ་བློ་གོམས་པ་དག་གིས་ནི་ཛཔ྄་ཁང་དབྱེ་བའམ་མ་དབྱེ་བར་རུང་སྟེ། ལུས་བསྒུལ་བསྐྱོད་ཐམས་ཅད་ལྷའི་ཕྱག་རྒྱ། ངག་རླུང་གི་འབྱུང་འཇུག་ཐམས་ཅད་སྔགས་ཀྱི་སྒྲ་གདངས། སེམས་དྲན་རྟོག་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་རྟོགས་པས་བཟླའོ། །གསུམ་པ་སྐབས་ཀྱི་འཇུག་བསྡུ་བ་ལ། བསྟོད་པ། བཤགས་པ། ཛཔ྄་ཁང་བསྡུ་བ་དང་གསུམ་ལས། དང་པོ་ནི། སྔར་བཤད་པའམ། ཡང་ན་ཞི་ཁྲོའི་གཞི་བསྟོད་གཉིས་སྦྲེལ་ནས་བྱ་ཞིང་། བསྡུ་ན། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། གཉིས་པ་ནི། ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལས། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པས། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཞེས་བཟླས་པའི་ཉེས་བྱས་སུ་གྱུར་པ་རྣམས་བཤགས། གསུམ་པ་ནི། དམ་ཡེའི་དཀྱིལ་འཁོར་རང་བཞིན་དབྱེར་མེད་དུ་རྟོགས་པའི་ཕྱིར། ༀ་བཛྲ་ས་མ་ཡ་ༀ། ཞེས་སོགས་ཀྱིས་རིག་པའི་མེ་ཏོག་དོར་ཞིང་དངོས་གྲུབ་བསྐུལ་བ་སྔར་བཞིན་བྱས་ནས། ༀ་བཛྲ་ས་མ་ཡ་ཧཱུྃ། ཞེས་བརྗོད་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་གི་དཀྱིལ་འཁོར་ལ་གཉིས་མེད་དུ་ཐིམ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧོཿ ཛཿཧཱུྃ་བཾ་ཧོཿ ཞེས་པས་གསལ་བརྟན་དབང་དུ་བྱས་ནས་ཡི་གེ་བརྒྱ་བའང་བཟླའོ། །བཞི་པ་དབང་དོན་གྱི་དཀྱིལ་འཁོར་སྤྲོ་བ་ནི། སྔར་བཤམས་པའི་བུམ་པ་གཉིས་ཀྲོ་དྷཱི་ཤཱ་རཱིས་བསང་། ཤཱུ་ནྱ་ཏཱས་སྦྱང་། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་བྷྲཱུྂ་ཡིག་གཉིས་ཆད། བུམ་པ་སོ་སོའི་ནང་དུ་སོང་བ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་བཅིངས་པ། དཔག་བསམ་ཤིང་གི་ཁ་རྒྱན་ཅན། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པའི་ནང་དུ་འཁོར་ལོ་སེར་པོ་རྩིབས་བཞི་པ་སྒོ་བཞི་གློ་འབུར་གྱི་ཚུལ་དུ་གནས་པའི་དབུས་སུ་སེང་གེ། ཤར་དུ་གླང་པོ། ལྷོར་རྟ་མཆོག ནུབ་ཏུ་རྨ་བྱ། བྱང་དུ་ཤང་ཤང་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་ལྔའི་སྟེང་དུ། སླར་ཡང་རང་གི་ཐུགས་ཀ་ནས། ཧཱུྃ་མཱུཾ། ༀ་ལཱཾ། སྭཱ་མཱཾ། ཨཱཾ་པཱ། ཧཱཾ་ཏཱཾ་རྣམས་ཆད་དེ། རྡོ་རྗེ། འཁོར་ལོ། རིན་ཆེན། པདྨ། རལ་གྲི། སོ་སོའི་རིགས་ཀྱི་དྲིལ་བུ་རྣམས་དང་བཅས་པར་གྱུར། ཧཱུྃ་བཛྲ་དྷྲིཀ྄ །མཱུཾ་དྷཱ་ཏྭེ་ཤྭ་རཱི། ཞེས་བརྗོད་པས། དབུས་སུ་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དབྱིངས་ཕྱུག་མ་སྔོན་མོ་རྡོ་རྗེས་མཚན་པའི་དྲིལ་བུ་དང་རྡོ་རྗེ་འཛིན་པ་དང་མཉམ་པར་སྦྱོར་བ། ༀ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། ཤར་དུ་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ༴ སྤྱན་མ་དཀར་མོ་འཁོར་ལོའི་དྲིལ་བུ་དང་འཁོར་ལོ༴ སྭཱ་རཏྣ་དྷྲིཀ྄ །མཱཾ་མོ་ཧ་ར་ཏི། ལྷོར་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ༴ མཱ་མ་ཀཱི་སེར་མོ་རིན་པོ་ཆེའི་དྲིལ་བུ་དང་རིན་པོ་ཆེ། ཨཱཾ་ཨཱ་རོ་ལིཀ྄ །པཱཾ་རཱ་ག་ར་ཏི། ནུབ་ཏུ་སྣང་མཐའ་དམར་པོ་པདྨ་དང་དྲིལ་བུ༴ གོས་དཀར་མོ་དམར་མོ་པདྨའི་དྲིལ་བུ་དང་པདྨ༴ ཧཱཾ་པྲ་ཛྙཱ་དྷཱིཀ྄ །ཏཱཾ་བཛྲ་ར་ཏི་བྱང་དུ་དོན་གྲུབ་ལྗང་གུ་རལ་གྲི་དང་དྲིལ་བུ༴ དམ་ཚིག་སྒྲོལ་མ་ལྗང་གུ་རལ་གྲིའི་དྲིལ་བུ་དང་རལ་གྲི་འཛིན་པ་དང་མཉམ་པར་སྦྱོར་བ། ཡབ་རྣམས་མཉམ་པའི་སྐྱིལ་ཀྲུང་དང་ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་རོལ་པ། ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་ཚུལ་དགུས་བརྗིད་པའོ། །ཁྲུས་བུམ་གྱི་ནང་དུ་པདྨ་འདབ་མ་བརྒྱ་པའི་དཀྱིལ་འཁོར་གྱི་དབུས་སུ་ཨ་ཡིག་དཀར་པོ་དྲི་མ་མེད་པ་ཟླ་བ་ལྟར་གསལ་བ་ལས་རིགས་བརྒྱའི་རང་བཞིན་ཡི་གེའི་སྤྲིན་ཕྱུངས་ནས་པདྨའི་འདབ་མ་དང་པོ་ནས་བརྩམས་ཏེ་རིམ་པ་བཞིན་འཁོར་པ་ནི། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥ྄་ཋ་དྲྀ་ཌྡྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀ྄་ཏོ་མེ་བྷ་ཝ། སར྄་བ་སིད྄྄་དྷི་མེ་པྲ་ཡཙ་ཚ་སར྄་བ་ཀར྄་མ་སུ་ཙ་མེ་ཙིཏ྄་ཏཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སར྄་བ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉ྄་ཙ་བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ། ཞེས་པ་རྣམས་མུ་ཏིག་གི་ཕྲེང་བ་ལྟ་བུར་གསལ་བར་གྱུར། སྥ༴ སཾ༴ ༀ་བཛྲ་སཏྭ་ཨཿ དབུས་སུ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོར་རབ་ཏུ་རྒྱས་པ། གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེང་གེས་བཏེགས་པའི་ཁྲི་པད་ཉི་ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་རོལ་པ། ཁོར་ཡུག་གི་ཡི་གེའི་ཕྲེང་བ་རྣམས་ཀྱང་ཞི་ཁྲོ་རིགས་བརྒྱའི་དཀྱིལ་འཁོར་འཁོར་ལོའི་རྣམ་པ་ཅན་དུ་བཀྲ་ལམ་གྱིས་གསལ་བར་བསམ་ལ། ཤཱུ་ནྱ་ཏཱ་སོགས་ཀྱིས་དབང་བསྐུར། ཀཱ་ཡ་བཛྲ་སོགས་ཀྱིས་བྱིན་གྱིས་བརླབ། བཛྲ་ས་མཱ་ཛཿས་སྙན་གསན་དབབ། ཨེ་ཧྱེ་ཧིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧཾ་ཧོཿས་གཉིས་མེད་དུ་བསྟིམ། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་གྱིས་བརྟན་པར་བྱས། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད་ཅིང་། རྣམ་རྒྱལ་གྱི་ལྷ་ལ། ཆོས་སྐུ་ནམ་མཁའ་མ་དང་། ཁྲུས་བུམ་གྱི་ལྷ་ལ། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། །བརྗོད་མེད་ཤེས་རབ་མི་གཡོ་ཞེས་སོགས་ཀྱིས་བསྟོད་ནས། བདག་གི་སྙིང་ག་ནས་སྔགས་གྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས། བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིར་བབས་པས་བུམ་པ་གང་བར་བསམ་ཞིང་། དབང་བུམ་ལ་དམིགས་ནས་ཞི་བ་རིགས་ལྔ་སོ་སོའི་སྔགས་དང་། སྤྱི་སྔགས་པོ་དྷི་ཙིཏྟ་བརྒྱ་རྩ་སོགས་བཟླས་ལ། སླར་ཡང་ཁྲོ་བོ་རིགས་ལྔའི་བསྐྱེད་སྔགས་རྣམས་བརྗོད་པས། ཞི་བ་རིགས་ལྔ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་གྱི་སྐུར་གྱུར་པར་བསམ་ལ། ཁྲོ་བོ་རིགས་ལྔའི་སྔགས་སོ་སོ་དང་། སྤྱི་སྔགས་རུ་ལུ་ཡང་ཅི་ནུས་བཟླ་ཞིང་། དམིགས་པ་སྔ་མ་ལྟ་བུས་ཁྲུས་བུམ་ལ་དམིགས་ཏེ་ཡེ་གེ་བརྒྱ་པ་ཅི་ནུས་སུ་བཟླས་ནས། གཙོ་བོའི་སྔགས་ཀྱིས་ཐོད་ཆུ་ཕུལ་བས། ལྷ་ཐམས་ཅད་ཆགས་པ་ཆེན་པོས་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །སྤྱིར་ལུགས་འདི་ལ་བུམ་སྒྲུབ་རྩ་བའི་དཀྱིལ་འཁོར་དང་དབྱེར་མེད་དུ་མཛད་ནས་ལོགས་སུ་མི་མཛད་པའང་ཡོད་མོད། ཟུར་དུ་བྱས་ཕྱིན་ཚུལ་འདི་དབང་བུམ་དུ་དམིགས་ཕྱེད་པའི་རྣམ་པ་གསལ་བ་དང་། རྩ་བའི་ཡི་གེའི་དོན་ལ་ཡང་འབྱོར་བར་སེམས་སོ། །འདིར་ལས་སྦྱོར་གྱི་བཟླས་པ་བྱས་ན་སྐབས་སུ་བབ་བར་འགྱུར་ཏེ། དེ་ལྟར་ན། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་། ཐུགས་རྗེའི་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཞིང་དུ་བསྒྲལ་བར་བསམ་ལ། ཡི་གེ་བརྒྱ་པ་སྤེལ་ཚིག་ཅན་བརྒྱ་རྩ་སོགས་བཟླས་པའི་མཐར། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་ཡི་གེ་བརྒྱ་པ་ཞེས་བྱ་བ། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ་འདི་བཟླས་པས། རྣལ་འབྱོར་པ་རྟོག་སྒྲིབ་ཅན། ཉམས་ཆག་ཅན། གསོག་འཇོག་ཅན། བག་ཆགས་ངན་པ་ཅན་ཁྱེད་རྣམས་ཀྱི་ཉམས་ཆག་ཐམས་ཅད་སྐོངས་ཏེ། ངན་སོང་དུ་ལྟུང་བའི་ལས་ཀྱི་སྒྲིབ་པ་ལས་ཐར་བར་འགྱུར་རོ། །ཚེ་འདི་ལ་ཡང་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་དམ་པར་དགོངས་ནས་བསྲུང་ཞིང་སྐྱོབ་བར་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བར་གདོན་མི་ཟའོ། །ཞེས་གནང་བ་བྱིན་པར་བསམ་མོ། །ལྔ་པ་བསྐང་བ་བྱ་བ་ལ་བདུན་ལས། དང་པོ་རྟོགས་སྐོང་ནི། རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་ཀློང་དུ་འཁོར་འདས་རོ་མཉམ་པར་བལྟས་ལ། ཧཱུྃ། བསྐང་ངོ་ཀལྤས་ཐུགས་དམ་བསྐང་། །དངོས་པོ་སྟོང་ཉིད་ཀློང་དུ་བསྐང་། །སྣང་བ་ཡེ་ཤེས་ཀློང་དུ་བསྐང་། །གསལ་བ་ཤེས་རབ་ཀློང་༴ སྡུག་བསྔལ་ཆོས་ཉིད་ཀློང་༴ སྐྱེ་བ་མེད་པའི་དབྱིངས་སུ༴ འགག་པ་མེད་པའི་མཁའ་ལ༴ སྐྱེ་འགག་གཉིས་མེད་ཀློང་དུ༴ ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། །གཉིས་པ་བདུད་རྩིས་བསྐང་བ་ནི། ཧཱུྃ། བསྐང་ངོ་བདུད་རྩིས་ཐུགས་དམ༴ ཀུན་གཞི་ཀློང་ཡངས་བྷཉྫ་རུ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །དམིགས་མེད་ཆོས་སྐུའི་ཐུགས་དམ་བསྐང་། །གདངས་གསལ་འབར༴ ཡེ་ཤེས་སྒྲིབ་མེད༴ འདི་ཡང་༴ ལོངས་སྤྱོད་རྫོགས་སྐུའི༴ མཆོག་གི་འོད་གསལ༴ ཐིག་ལེ་འབར་བའི༴ འདི་ཡང་༴ རྒྱལ་བ་སྤྲུལ་སྐུའི༴ ཡེ་ཤེས་རྩ་ལྔའི༴ སྐྱེ་མེད་ཨ་དཀར༴ འདི་ཡང་༴ ཞི་བའི་ལྷ་ཚོགས༴ དཔའ་བོ་འབྲུ་ལྔའི༴ ཤེས་རབ་རང་གསལ༴ འདི་ཡང་༴ ཁྲོ་བོའི་ལྷ་ཚོགས༴ བདུད་རྩི་སྨན་གྱི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས༴ ཉམས་ཆག༴ དབང་དང་༴ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་བརྗོད་ལ་རོལ་མོའི་བྱའོ། །གསུམ་པ་གཏོར་མས་བསྐང་བ་ནི། ཧཱུྃ། བསྐང་ངོ་གཏོར་མས༴ བྷཉྫ་འབར་བའི་གཏོར་གཞོང་དུ། །ཤངས་ཀྱི་རླུང་སྒྲོམ་དཔལ་བཤོས་བཙུགས། །འཁོར་ལོ་འབར་བའི་མཐེབ་ཀྱུས་བསྐོར། །སྒྲོན་མ་མིག་གི་ཛ་གད་སྩལ། །དབང་པོ་ལྔ་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ ཉི་ཟླ་ཁ་སྦྱོར༴ ཙིཏྟ་འབར་བའི༴ པདྨ་འདབ་བརྒྱད༴ རྣམ་ཤེས་ཚོགས་བརྒྱད༴ རྩ་ཆེན་བཞི་ཡི༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ ཁྱབ་བརྡལ་ལྤགས་པའི༴ རུས་པ་རང་སྣང་༴ རང་སྣང་ཤ་ཡི༴ བཀྲག་དང་མདངས་ཀྱི༴ ཁྲག་དང་ཆུ་སེར༴ འདི་ཡང་༴ བླ་མ༴ ཞི་ཁྲོ་༴ ཁོག་པ་སྟོང་པའི༴ མཆིན་པ་རང་སྣང་༴ གློ་མཚེར་མཁལ་མའི༴ གུ་ཧྱ་ནང་ཁྲོལ༴ རང་སྣང་མཁྲིས་པའི༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ བ་ལིང་འདོད་ཡོན་དམ་ཚིག་འདིས། །མཆོས་འོས༴ ཉམས་ཆག༴ དབང་དང་༴ མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་དང་རོལ་མོ་བྱའོ། །བཞི་པ་རཀྟས་བསྐང་བ་ནི། ཧཱུྃ། བསྐང་ངོ་རཀྟས༴ སྤྱི་བོ་བདེ་ཆེན་བྷཉྫ་རུ། །སྡུག་བསྔལ་རྣམ་རྟོག་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ༴ ཞི་ཁྲོ༴ མགྲིན་པ་ལོངས་སྤྱོད༴ སྣ་ཚོགས་ཡིད་ཀྱི༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ སྙིང་ག་ཆོས་ཀྱི༴ བསམ་པ་བློ་ཡི༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ ལྟེ་བ་སྤྲུལ་པའི༴ ཉོན་མོངས་སྲིད་རྩའི༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ གསང་བ་བདེ་སྐྱོང་༴ བདེ་བ་ཐིག་ལེའི༴ འདི་ཡང་༴ བླ་མ་༴ ཞི་ཁྲོ༴ རཀྟ་འབར་བའི་དམ༴ མཆོད་འོས༴ ཉམས་ཆག༴ དབང་དང་༴ མ་ཧཱ་རཀྟ་ཁཱ་ཧི། ཞེས་རོལ་མོ་བྱ། ལྔ་པ་སྒྲོན་མེས་བསྐང་བ་ནི། ཧཱུྃ། བསྐང་ངོ་སྒྲོན་མེས༴ བརྡལ་ཁྱབ་ལྤགས་པའི་ཀོང་བུ་རུ། །ཁྲག་དང་ཆུ་སེར་མར་ཁུས་གཏམས། །ཤ་དང་རུས་པའི་སྡོང་བུ་ལ། །རང་གསལ་བཀྲག་མདངས་ཞུན་མར་སྤར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ༴ ཞི་ཁྲོ༴ དུང་ཆེན་འབར་བའི༴ གོ་རོ་ཙ་ནའི༴ གསལ་བྱེད་རྩ་ལྔའི༴ དབང་པོ་སྒོ་ལྔའི༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ ཙིཏྟ་འབར་བའི༴ སྙིང་ཚིལ་དཀར་དམར༴ པདྨ་འདབ་བརྒྱད༴ རྣམ་ཤེས་ཚོགས་བརྒྱད༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ ཨ་ཝ་དྷཱུ་ཏིའི༴ རང་གསལ་འོད་ཀྱི༴ འཁོར་ལོ་བདུན་བརྩེགས༴ བྱང་ཆུབ་སེམས་ཀྱི༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ མི་ཤིགས་ཐིག་ལེའི༴ སྐྱེ་མེད་ཡེ་ཤེས༴ རྩ་ཕྲན་བཅུ་གཉིས༴ རིག་པ་རང་བྱུང་༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ ཡེ་ཤེས་རྩ་ལྔའི༴ ཨ་དཀར་རྩ་གཅིག༴ ཡེ་ཤེས་འོད་ཟེར༴ ཤེས་རབ་འབྲུ་ལྔའི༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ མཆོག་གི་འོད་གསལ༴ གདངས་གསལ་འོད་ཀྱི༴ ཐིག་ལེ་འབར་བའི༴ ཡེ་ཤེས་ལྔ་ཡི༴ འདི་ཡང་༴ བླ་མ༴ ཞི་ཁྲོ་༴ ཀུན་གཞི་ཀློང་ཡངས༴ ཆོས་ཀྱི་དབྱིངས་ཀྱི༴ བྱང་ཆུབ་སེམས་ཀྱི༴ སྐུ་ལྔ་ལྷུན་གྲུབ༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ སྒྲོན་མ་འབར་བའི་དམ་ཚིག་འདིས། །མཆོད་འོས༴ ཉམས་ཆག༴ དབང་དང་༴ དཱི་པ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་ཨེ་ཧོཿཤུདྡྷེ་ཤུདྡྷེ། ཡཾ་ཧོཿཤུདྡྷེ༴ བཾ་ཧོཿ༴ ལཾ་ཧོཿ༴ རཾ་ཧོཿ༴ ཨ་ཨཱཿསྭཱ་ཧཱ། ཆག་ཉམས་དང་རྟོག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲུས་བདུན་གྱི་རིག་པ་ལན་བདུན་དུ་བཟླའོ། །དྲུག་པ་ཞི་བ་གནས་དག་གིས་བསྐང་བ་ནི། ༀ། ཡིད་ཀྱི་རྣམ་ཤེས་གནས་དག་པ། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་། །ཆོས་ཀྱི་ངོ་བོ་གནས༴ ཀུན་ཏུ་བཟང་མོའི༴ ཕུང་པོ་ལྔ་པོ་གནས༴ རྒྱལ་བ་ཡབ་ལྔའི༴ འབྱུང་བ་ལྔ་པོ་གནས༴ རྒྱལ་བ་ཡུམ་ལྔའི༴ རྣམ་ཤེས་ཚོགས་བརྒྱད་གནས༴ སེམས་དཔའ་བརྒྱད་ཀྱི༴ རྣམ་ཤེས་ཡུལ་བརྒྱད་གནས༴ སེམས་མ་བརྒྱད་ཀྱི༴ ལུས་ཀྱི་ཆོས་བཞི་གནས༴ ཁྲོ་བོ་བཞི་ཡི༴ རྟག་ཆད་མུ་བཞི་གནས༴ ཁྲོ་མོ་བཞི་ཡི་ཉོན་མོངས་དྲུག་པོ་གནས༴ ཐུབ་པ་དྲུག་གི་ཐུགས་དམ་བསྐང་། །བདུན་པ་ཁྲོ་བོ་གནས་གྱུར་གྱིས་བསྐང་བ་ནི། ཧཱུྃ། ཀུན་གཞི་ཡིད་ཆོས་གནས་གྱུར་པ༴ དཔལ་ཆེན་ཡབ་ཡུམ་ཐུགས་དམ་བསྐང་། །ཉོན་མོངས་དུག་ལྔ་གནས་གྱུར༴ ཁྲག་འཐུང་ཡབ་ལྔའི༴ འབྱུང་བ་ལུས་ལྔ་གནས༴ ཁྲག་འཐུང་ཡུམ་ལྔའི༴ རྣམ་བཞིའི་རྟོག་པ་གནས༴ ཧེ་རུ་ཀ་བཞིའི༴ སྐྱེ་གནས་བཞི་པོ་གནས༴ ཀྲོ་དྷཱི་རིགས་བཞིའི༴ རྣམ་འགྱུར་ཚོགས་བརྒྱད་གནས༴ ཁྲོ་མོ་བརྒྱད་ཀྱི༴ རྣམ་འགྱུར་ཡུལ་བརྒྱད་གནས༴ ཕྲ་མེན་བརྒྱད་ཀྱི༴ རྟག་ཆད་མཐའ་བཞི་གནས༴ སྒོ་མ་བཞི་ཡི༴ སྣ་ཚོགས་རྟོག་པ་གནས༴ དབང་མོ་ཉེར་བརྒྱད༴ མི་ཤིགས་སྐུ་ཡི་ཐུགས༴ འགག་མེད་གསུང་གི༴ འགྱུར་མེད་ཐུགས་ཀྱི༴ ཡོན་ཏན་མི་ཟད༴ ཕྲིན་ལས་རྒྱན་གྱི༴ ཡེ་ཤེས་འཁོར་ལོའི་ཐུགས༴ ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་དག་གྱུར་ཅིག །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཞེས་པས་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་ཐམས་ཅད་འཁོར་གསུམ་མི་རྟོག་པའི་ཡེ་ཤེས་ཀྱི་དབྱིངས་སུ་རོ་མཉམ་པར་བསྐང་ངོ་། །གསུམ་པ་རྗེས་ཀྱི་ཆོ་ག་ལ་ལྔ་སྟེ། ཚོགས་ཀྱི་མཆོད་པ། དབང་བསྐུར་བ། བརྟན་མ་སྐྱོང་བ། དཀྱིལ་འཁོར་བསྡུ་བ། བསྔོ་བ་བྱ་ཞིང་ཤིས་པ་བརྗོད་པའོ། །དང་པོ་ཚོགས་མཆོད་ལ་འང་ལྔ་ལས། དང་པོ་བཤམ་ཞིང་བྱིན་གྱིས་བརླབ་པ་ནི། དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་བཤམས་ནས། ཀྲོ་དྷེ་ཤྭ་རཱིས་བསང་། རཾ་ཡཾ་ཁཾ་གིས་དངོས་འཛིན་ཉེས་སྐྱོན་བསྲེགས་གཏོར་བཀྲུས་ཏེ་དག་པར་བྱས། མ་སཱུརྻ་མཎྜ་ལ། ཞལ་ཟས་ཀྱི་སྣོད་དུ་ཉི་མ་ལ་ཧཱུྃ་ༀ་སྭཱ་ཨཱཾ་ཧཱ་ལས་བཟའ་བཏུང་གི་དངོས་པོ་ཡེ་ཤེས་ལྔའི་རང་བཞིན་བདུད་རྩི་རོ་བརྒྱ་པ་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་སོ་སོའི་ལྷ་མོའི་རོལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པའི་སྤྲིན་འཕྲོ་བར་བསམ་ལ། ཡི་གེ་གསུམ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། གཉིས་པ་ཚོགས་ཞིང་སྤྱན་དྲང་བ་ནི། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི་སོགས་དང་། ༀ་རུ་ལུ་རུ་ལུ་ཧཱུྃ་ཨེ་ཧྱེ་ཧི་ཨཱ་ན་ཡུ་ཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲངས་ལ། ༀ་ཤྲཱི་བཛྲ་རཱ་ག་ཨཾ་ཀུ་ཤ་ཛཿཔཱ་ཤ་ཧཱུྃ། སྥོ་ཊ་བཾ། གྷཎྜེ་ཧོཿ ཞེས་དགུག་གཞུག་བཅིང་མཉེས་བྱ། གསུམ་པ་མཆོད་པ་ལ་གཉིས་ཀྱི། དང་པོ་སྤྱིིར་མཆོད་པ་ནི། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ་སོགས་བཞི་བསྣོལ་དང་། ཧཱུྃ་རྡོ་རྗེ་སྒེག་མོ་རྡོ་རྗེ་ཅན། །སེམས་དཔའ་སྔོན་མོའི་ཡེ་ཤེས་འབེབས། །མེ་ལོང་ལྟ་བུའི་ཡེ་ཤེས་ལས། །བཛྲ་ལཱ་སྱའི་མཆོད་པར་རོལ། །ༀ་ཤྲཱི་བཛྲ་རཱ་ག་ལཱ་སྱ་ཧཱུྃ། ཡིད་བཞིན་རིན་ཆེན་འོད་འབར་མ། །འཇམ་དཔལ་རྣོན་པོའི་དངོས་གྲུབ་འཛིན། །མཉམ་པ་ཉིད་ཀྱི༴ བཛྲ་མཱ་ལེའི༴ མཱ་ལེ་ཏྲཱཾ། པདྨ་དབྱངས་མཁན་རྨ་བྱའི་མགྲིན། །སྤྱན་རས་གཟིགས་ཀྱི་དངོས་གྲུབ་འཛིན། །སོ་སོར་རྟོག་པའི༴ བཛྲ་གཱིརྟིའི༴ གཱིརྟཱི་ཧྲཱིཿ གར་མཁན་འགྱིང་བག་གཟི་སྡན་མ། །ལས་ཀྱི་འཁོར་ལོ་རྣམ་པར་འཇོམས། །བྱ་བ་ནན་ཏན༴ བཛྲ་ནྲྀ་ཏིའི༴ ནྲྀ་ཏི་ཨཱཿ ཞེས་མཆོད། གཉིས་པ་ཁྱད་པར་གྱི་མཆོད་པ་ལ་གསུམ་ལས། ཚོགས་ཕུད་ཆ་གསུམ་མམ་བཞིར་སྤྲོས་ལ། དང་པོ་མཆོད་པ་ནི། ༀ་ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་ལྷ་མོས་ནམ་མཁའ་གང་། །ཞི་ཁྲོ་རྒྱལ་བའི་འཁོར་ལོར་འབུལ། །སྤྱན་སོགས་བདེ་བས་ཚིམ་གྱུར་ཅིག །ༀ་ཨཱཿཧཱུྃ་སུ་ར་ཏ་ཨུ་པ་བྷྱེཿཀཱ་མ་ཧ་ཧཱི་པྲ་ཏཱི ཙྪ ཧོཿ ཞེས་འདོད་ཡོན་ལྔའི་མཆོད་པས་དགྱེས་པར་བསམ་མོ། །བར་པ་བཤགས་པ་ནི། ༀ་ཧཱུྃ། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །རྩ་བ་ཡན་ལག་བཅས་པའི་དམ་ཚིག་ལ། །སེམས་ཅན་དབང་གིས་ནོར་འཁྲུལ་ཅི་མཆིས་པ། །མི་འཆབ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཡི་གེ་བརྒྱ་པའང་བརྗོད་ཅིང་འཁོན་གཅུགས་དག་པར་བསམ་མོ། །ཐ་མ་བསྒྲལ་བ་ནི། ལིངྒ་ལོགས་སུ་མ་བཅས་ན་ཚོགས་ཕུད་ཐ་མ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་ཞེས་རང་ལ་བསྡུས་པའམ། སྔར་བྱིན་རླབས་ཀྱི་གོང་དུ་བཅད་ན་ནི་དེར་ཟད་ལ། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། བདག་ཉིད་རྡོ་རྗེ་ཁྲོ་བོའི་སྐུར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་ལ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿནྲྀ་བཛྲ་ཨངྐུ་ཤ་ཛཿ ཏྲི་ཡཾ་ཛཿཏྲི་བཛྲ་ཨངྐུ་ཤ་ཛཿ ཞེས་ལྕགས་ཀྱུའི་ཕྱག་རྒྱས་བཀུག་ལ། ཛཿཧཱུྃ་བཾ་ཧོཿས་དགུག་བཅིངས་བསྡམས་ནས་མྱོས་པར་བྱས་ཏེ་འདུག་པའི་སྙིང་གར་དྭངས་མ་ཡེ་ཤེས་ཀྱི་ཨ་དཀར་པོ་དང་བཅས་པ། བདག་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། པྲ་བེ་ཤ་ཡ་ཕཊ། གཟས་པོའི་སྙིང་གའི་སྒོ་ཕྱེ། དྭངས་མའི་ཨ་ལ་ཕོག །ཡེ་ཤེས་ལྔར་འབར། དུག་ལྔ་ཡེ་ཤེས་སུ་གནས་གྱུར། དྭངས་མ་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་སྤར་ཏེ་སངས་རྒྱས་པར་གྱུར། ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མཱ་ར་བཛྲ་སརྦ་དུཥྚན་ས་མ་ཡ་མུ་ཏྲ། མ་ཊཾ་ཁ་ཁ་ཁཱ་ཧི། ཧྲི་ད་ཡ་པི་པ་ཧཱུྃ་ཕཊ། སྙིགས་མ་རང་སྣང་སྒྱུ་འཕྲུལ་གྱི་འཁོར་ལོ་ཁྲོ་ཚོགས་འབར་བས་རྡོ་རྗེ་བཟའ་བའི་དམ་ཚིག་ཏུ་སྤྱད་པར་བསམ་ལ། ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ཞེས་བརྗོད་དེ། སརྦ་དུཥྚན་མཱ་ར་ཡ་ཧཱུྃ་ཕཊ་ཀྱིས་ལིངྒའི་གནས་ལྔར་ཕུར་བུ་བཏབ་པས་བསད་ཅིང་བཅད་གཏུབས་ཁོག་པ་ཕྲལ་ཏེ་སྟོབ་ལ། ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁ་ལེ་ལེ་ལེ་ཧཱུྃ་བྷྱོ་ཧཱུྃ་བྷྱོ་ཧཱུྃ་བྷྱོ། ཞེས་བརྗོད་ལ། ཧཱུྃ་སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །རྒོད་དང་གཤེ་དང་འཇིགས་པར་སྟོན་པ་དང་། །སྙིང་རྗེ་རྗམ་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་ཤིན་ཏུ་སྒྱུར་པ་ཡིན། །གར་ཡང་སྒྲུབ་པོ་རྣལ་འབྱོར་ལས། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཱཾ་ས་ལ་སོགས་རོ་མཆོག་གསོལ། །མེ་ཏོག་སོགས་དང་ཙནྡན་དྲི། །བཟང་རྒུ་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །སྒྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུྃ་དང་ཕཊ་གྱི་ལྡན་པར་མཛོད། །ཅེས་པས་བསྒྲལ་མཐའ་སྦྱོར་བའི་དམ་ཚིག་ཆེན་པོར་བསྒྲུབས་པས་ལྷ་ཐམས་ཅད་ཚིམ་པར་བྱས་ལ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ། ཞེས་པས་ཞི་བར་ང་རྒྱལ་འཕོས་ཏེ། གསང་བསྣན་དབུལ་ཞིང་། ༀ་ཧཱུྃ། རྣམ་དག་སྒྲིབ་སྤངས་སྲིད་གསུམ་སྐྱོན་བྲལ་ཞིང་། །སྟོན་ཀའི་ཟླ་ཞལ་དྲི་མེད་ཞལ་མངའ་བ། །བཅོམ་ལྡན་བདེ་གཤེགས་ཐམས་ཅད་བསྐྱེད་པའི་ཡབ། །ཤེས་རབ་ལྷ་མོ་རིགས་ཀྱི་ཡུམ་རྣམས་དང་། །ཕྱག་བརྙན་ཁྲོ་གཏུམ་རྔམ་པའི་ཚོགས་དང་བཅས། །བསོད་ནམས་ཡེ་ཤེས་ཚོགས་ཀྱི་ཞིང་རབ་རྫོགས། །དགྱེས་པར་རོལ་ཅིག་མཆོད་པ་དམ་པ་འདི། །བཞེས་ཏེ་ཨ་ལ་ལ་ཡིས་དགྱེས་པར་མཛོད། །ༀ་བཛྲ་ཨེ་ས་ཧུ། བེ་ས་ཧུ། ས་མ་ཡ་བྷ་ཀྵ་ཧུ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཛཿ ཧཱུྃ་བཾ་ཧོཿ ༀ་པྲ་ཏཱི་ཙྪ་ཧོཿ ཞེས་འཁོར་གསུམ་བདེ་བ་ཆེན་པོར་རོ་མཉམ་མོ། །བཞི་པ་ཚོགས་ལ་རོལ་བ་དང་། ལྔ་པ་ལྷག་མ་གཏོང་བ་ནི་བླ་མ་རྣམས་ཀྱི་ཕྱག་ལེན་ལ་དབང་གི་མཐར་མཛད་ལ། ཆོས་སྐྱོང་སྤྱི་སྒོས་དང་འཇིག་རྟེན་པའི་གཏོར་མ་བསྔོ་བ་རྣམས་ནི་འདིར་བྱས་ན་སྐབས་སུ་བབ་པར་འགྱུར་རོ། །གཉིས་པ་དབང་བསྐུར་བ་ནི། ཆོ་གའི་དོན་འགངས་ཆེ་ཤོས་གཅིག་ཡིན་པའི་ཕྱིར་དངོས་གཞིའི་ཁོངས་སུ་བསྡེབས་ནས། ཚོགས་མཆོད་མན་ཆད་རྗེས་ཀྱི་རྩིས་འགོས་བསྡུས་ནའང་ལེགས་མོད་ཀྱི། སྐབས་འདིར་ཡང་འགལ་པ་མེད་པས། དེ་ལྟར་ན་གོང་མའི་ཕྱག་ལེན་བཞིན་འདིར་བྱ་སྟེ། དེ་ལ་བདག་ཉིད་འཇུག་པ་དང་། གཞན་ལ་དབང་བསྐུར་བ་གཉིས་ཀྱི། དང་པོ་ནི། རྩ་བའི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་དབང་ལེན་པའི་ཡུལ་དུ་བྱས་ནས། དབང་གི་བྱ་བ་རྣམས་གཙོ་བོ་ལས་ཕྱེ་བའི་རྒྱལ་ཐེབས་ཀྱིས་མཛད་པས་མོས་ཏེ་དབང་རྣམས་རྫོགས་པར་ལེན་པའམ། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་བསྒོམས་ནས་རིག་པའི་མེ་ཏོག་དོར་བ་ཉིད་དོན་གྱི་དཀྱིལ་འཁོར་དུ་ཞུགས་པའང་ཡིན་པས། གཞན་ལ་དབང་བསྐུར་དང་འབྲེལ་ན་ཕྱི་མ་དང་། མ་འབྲེལ་ན་སྔ་མ་ལྟར་བྱས་པས་གནས་སྐབས་སུ་སྤྲོས་པ་འཚམས་པར་འགྱུར་རོ། །གཞན་ལ་དབང་བསྐུར་ན། དེ་གཉིས་གང་གི་མཐར་ཡང་དཀྱིལ་འཁོར་ལ་ཐལ་མོ་སྦྱོར་བས་བཏུད་དེ། ༀ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ་མོ། །གཉིས་པ་སློབ་མར་དབང་བསྐུར་བ་ལ་གསུམ་གྱི། དང་པོ་འཇུག་པ་ལ་དགུ་ལས། དང་པོ་ཁྲུས་སོགས་བྱ་བ་ནི། དཀྱིལ་འཁོར་ཁང་པའི་ཕྱི་རོལ་དུ་ཁྲུས་བྱས། བགེགས་བསྐྲད། ཕྱག་དང་མཎྜལ་ཕུལ་ནས། ༀ་ཨཱཿཧཱུྃ་གིས་མིག་དར་བཅིང་། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གཏད། གཉིས་པ་གསོལ་བ་གདབ་པ་ནི། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་ལན་གསུམ། གསུམ་པ་སྣང་བ་བྱིན་པ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ན་རག་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་བརྗོད་ལ་ཡོལ་བའི་ནང་དུ་དྲང་། བཞི་པ་བཤགས་པ་ནི། ཉེས་བྱས་ལ་བཤགས་སྡོམ་གྱི་བསམ་པ་དྲག་པོས། ཀྱེ་མ་ཀྱི་ཧུད་བདག་འདྲ་བས། །ལས་ངན་རྣམ་སྨིན་མྱོང་འགྱུར་ན། །ཉེས་བྱས་འགྱོད་པས་མཐོལ་ལོ་བཤགས། ། མགོན་པོའི་ཐུགས་རྗེས་བདག་སྒྲོལ་ཅིག །ལྔ་པ་སེམས་བསྐྱེད་པ་ལ་གཉིས་ལས། ཀུན་རྫོབ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཞེས་སོགས་དང་། དོན་དམ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། སོགས་མཚར་ལྔའོ། །དྲུག་པ་མེ་ཏོག་དོར་བ་ནི། སྔར་གཏད་པའི་མེ་ཏོག་ཐལ་མོས་བཟུང་སྟེ། ཧཱུྃ། སློབ་དཔོན་སྐུ་ཡི་དཀྱིལ་འཁོར་དུ། །རིན་ཆེན་མེ་ཏོག་འདི་དོར་བས། །རྣམ་པར་དག་པའི་ལས་གང་གིས། །ཐུགས་རྗེ་མཉེས་པར་འགྱིད་མཛད་ལྷ། །གང་ཡིན་དེ་ལ་འབབ་པར་ཤོག །ༀ་པྲ་ཏི་གྲྀཧྞ་ཧཱུྃ། པྲ་ཏི་ས་མ་ཡ་སྟྭཾ། བོ་དྷི་ཙིཏྟ་ས་མ་ཡ་སྟྭཾ། ཞེས་སློབ་དཔོན་གྱི་སྐུ་ལ་འདོར་དུ་བཅུག་ནས་དབུ་ལ་སོགས་པ་སྐུའི་གནས་སོ་སོ་དང་ཉེ་རིང་ལས་མཚོན་ཏེ་མཆོག་དང་རབ་འབྲིང་ཐ་མའི་དངོས་གྲུབ་ལས་འདི་འགྲུབ་པར་འགྱུར་ཞེས་བརྡ་སྤྲད། བདུན་པ་མེ་ཏོག་གི་དབང་ནི། ཧཱུྃ། དམ་ཚིག་བདེན་པ་ཆེན་པོའི་མཐུ། །སྔོན་སྦྱངས་ལས་ཀྱིས་འབྲེལ་བ་དང་། །གཉིས་སུ་མེད་པའི་མཐུ་སྟོབས་ཀྱིས། །མཉམ་པར་བྱིན་རླབས་མཛད་དུ་གསོལ། །ཧཱུྃ་བཛྲ་ས་ཏྭ་ཨ་བེ་ཤ་ཡ་ཨཱཿ ཞེས་མེ་ཏོག་གི་ཕྲེང་བ་མགོ་བོར་བཅིང་། བརྒྱད་པ་མིག་དབྱེ་བ་ནི། ཧཱུྃ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །མ་རིག་ལྡོངས་པ་བསལ་བ་ལྟར། །རྡོ་རྗེ་སེམས་དཔའ་རིགས་ཀྱི་ལྷས། །སྐལ་ལྡན་བུ་ཁྱོད་མིག་དབྱེའོ། །བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་པས་མིག་དབྱེ་ཞིང་གདོང་གཡོགས་དགྲོལ། དགུ་པ་མཐོང་བ་བསྟན་པ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་རོ། །ཞེས་བསྟན་པས། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་བསམ་མོ། །གཉིས་པ་དབང་གི་དངོས་གཞི་ལ། སྦྱོར་བ་སྡིག་སྒྲིབ་དག་བྱེད་དང་། དངོས་གཞི་ཡོན་ཏན་ཡར་འཕེལ་གྱི་དབང་གཉིས་ཀྱི། དང་པོ་ལ་བདུན་ལས། དང་པོ་ནི། སློབ་མ་ཁྲུས་སའི་སྟན་ལ་བཞག་སྟེ། ཐུགས་ཀ་ནས་སྤྲོས་པའི་ཁྲོད་པའི་ཚོགས་དང་། བི་ཤྭ་བཛྲ་གྱི་སྔགས་བརྗོད་པས་བགེགས་རྣམས་བསྐྲད་བར་བསམ་ལ་ཡུངས་ཐུན་གྱིས་བྲབ་པ་སོགས་བྱའོ། །གཉིས་པ་ནི། སློབ་བུས་ཚེ་རབས་ཐོགས་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་གསང་གནས་སུ་དུ། ལྟེ་བར་ཏྲི། སྙིང་གར་པྲེ་རྣམས་ཀྱི་རྣམས་པར་གནས་པའི་སོ་སོའི་སྟེང་དུ་རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ་གསུམ་དུ་གསལ་བར་བསམ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་གསང་གནས་ཀྱི་དུ་བསྲེགས་གཏོར་སྦྱངས་པར་བསམ་ལ། རཾ་སྥ་ར་ཎ་ཕཊ། ཡཾ་སྥ་ར༴ ཁཾ་སྥ་ར༴ ཅེས་སྦྱངས། གསུམ་པ་ནི། སློབ་དཔོན་གྱི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུྃ་ༀ་སྭཱ་ཨཱཾ་ཧཱ། གཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པར་བསམ་ལ། ༀ་སུ་ར་ཏ་སྟྭཾ། ཞེས་ཐལ་མོ་སྦྱོར། བཛྲ་ཨཉྩ་ལི་ས་སོར་མོ་བསྣོལ། བཛྲ་བནྡྷ་བཾ། ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམ་ལ། བདེན་པའི་སྟོབས་བརྗོད་ཅིང་ཐལ་མོ་དཀྲོལ་ནས། ན་ར་ཀ་ཤུདྡྷ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་དཀྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་དམྱལ་བར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་བསམ་མོ། །བཞི་པ་ནི། སྔོན་ལས་ལ་འགྱོད་ཅིང་བཤགས་སྡོམ་གྱི་བསམ་པས། ཀྱེ་མ་གྱི་ཧུད་རྡོ་རྗེ་འཛིན། །ཞེས་སོགས་ཀྱི་གསོལ་བ་གདབ། ལྔ་པ་ནི། བུ་འདིར་ཤོག་ཅིག༴ རང་གི༴ ན་རག་གནས༴ སྐྱོབ་ཕྱིར༴ ཞེས་དབང་སྟེགས་སུ་དྲངས། དྲུག་པ་ནི། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་བཟླ་ཞིང་། ཡུངས་ཀར་གྱིས་བྲབ། བདུན་པ་ནི། ཁྲུས་བུམ་གྱིས་དབང་བསྐུར་ལ། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཅེས་དང་། ཞི་ཁྲོའི་ཡིག་བརྒྱའི་མཐར། ༀ་ད་ཧ་ད་ཧ་སོགས་བཏགས་པ་བརྗོད་བཞིན་དུ་བཀྲུས་ནས། རིགས་ཀྱི་བུ་འདིས་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཁྲུས་བྱའོ། །དེ་བཞིན་དུ་ས་བཅད་གཉིས་པ་མན་ཆད་ཀྱི་སྒོས་ཆོས་བྱེ་བྲག་པ་རྣམས་འདོན་པ་སྤོས་ནས་བྱ་སྟེ། སློབ་དཔོན་གྱི་ཐུགས་ཀའི་འོད་དང་རཾ་ཡཾ་ཁཾ་གིས་སྙིང་གའི་པྲེ་སྦྱངས། ཐལ་མོ་བསྡམས་དགྲོལ་གྱིས། པྲེ་ཏ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཡི་དྭགས་སུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས། ཀྱེ་མ་ཀྱི་ཧུད་ཀྱིས་གསོལ་བ་གདབ། བུ་འདིར་སོགས་ཀྱི་རྐང་པ་གསུམ་པ། པྲེ་ཏའ་ིགནས་སུ་ལྟུང་བ་ལས། ཞེས་བསྒྱུར་བས་དྲངས། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏཱུཾ་ཧཱུཾ་ཕཊ། ཅེས་བྲབ། ཁྲུས་བུམ་གྱིས་སྔར་བཞིན་བཀྲུ་བ་ལས། པ་ཙའི་སྔགས་དང་། ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་ཞེས་སྦྱར། དེ་བཞིན་དུ། ཐུགས་ཀའི་འོད་དང་རཾ་ཡཾ་ཁཾ་གིས་ལྟེ་བའི་ཏྲེ་སྦྱངས། ཐལ་མོ་བསྡམས་དགྲོལ་གྱིས། ཏིརྻ་ཀ་ག་ཏེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། དུད་འགྲོར་སྐྱེ་བའི་ས་ནོན་བག་ཆགས་དང་བཅས་པ་སྦྱངས། ཀྱེ་མ་ཀྱི་ཧུད་ཀྱིས་གསོལ་བ་གདབ། དུད་འགྲོའི་གནས་སུ་ལྟུང་བ་ལས། ཞེས་བསྒྱུབ་བས་དྲངས། ༀ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་བྲབ། ཁྲུས་བུམ་གྱིས་སྔར་བཞིན་བཀྲུ་བ་ལས། མ་ཐའི་སྔགས་དང་། ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་ཞེས་སྦྱར་བ་དང་། བསྐབས་འདིར་རྣམ་སྣང་དང་མི་འཁྲུགས་པའི་གཟུངས་སྔགས་བཟླ་བའང་བླ་མ་རྣམས་ཀྱི་ཕྱག་ལེན་གྱི་རྒྱུན་ལ་སྣང་བས་དེ་ལྟར་ཡང་བྱ་ཞིང་། མཐར། རིགས་ཀྱི་བུས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉོན་མོངས་བག་ཆགས་སྐལ་བ་ངན་པ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཉེ་བར་ཞི་སྟེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད་དོ། །དེ་དག་ནི་ངན་སོང་གནས་འདྲེན་གྱི་དབང་ཞེས་བྱ་སྟེ། བཅུད་ཁྱད་པར་ཅན་བླུག་པ་ལ་སྔོན་དུ་སྣོད་དག་པར་བྱེད་པ་བཞིན་ནོ། །གཉིས་པ་ཡོན་ཏན་ཡར་འཕེལ་གྱི་དབང་བསྐུར་བ་ལ་བཞི་ལས། དང་པོ་རྡོ་རྗེ་སེམས་དཔའི་བུམ་པའི་དབང་གིས་ལུས་ཀྱི་དྲི་མ་སྦྱང་བ་ནི། སློབ་མ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་རྡོ་རྗེ་སེམས་དཔའ་ཡུམ་དང་བཅས་པའི་རྣམ་པས་འཁོད་པ་ཉིད་ཀྱིས། ཡེ་ཤེས་རྒྱལ་པོ་སོགས་ཀྱིས་གསོལ་བ་བཏབ་པར་གྱུར་པ་ལ། སློབ་དཔོན་གྱིས་རྣམ་པར་རྒྱལ་བའི་བུམ་པ་སྤྱི་བོར་བཞག་སྟེ། སྐུ་གསུམ་དམ་ཚིག་ལས་བྱུང་བ། །ཉོན་མོངས་ཞེ་སྔང་མཇོམས་པ་ཡིས། །ལྷ་ཡི་བདུད་རྩི་དག་པ་འདིས། །མི་བསྐྱོད་པ་རུ་དབང་བསྐུར་རོ། །ༀ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་ཨ་བྷི་ཥིཉྩ་མི། ཞེས་བུམ་ཆུ་སྤྱི་བོར་གཏིགས་པས། མི་བསྐྱོད་པའི་རང་བཞིན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་བ་ལས་མི་བསྐྱོད་པ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་བསམ་ལ། དེ་ལྟ་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་ཞེ་སྡང་དག །རྣམ པར་ཤེས་པའི་ཕུང་པོ་མི་བསྐྱོད་པར་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་བཞིན་དུ་རྣ་ལྟག་གཡས་སུ་བུམ་ཆུ་གཏིགས་ལ། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །སེར་སྣའི་རྟོག་པ་རྣམ་པར་འཇོམས། །རྟག་ཏུ་ཆགས་མེད་སྦྱིན་པ་འདིས། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ༀ་མ་ཧཱ་ས་མ་ཏཱ༴ རིན་འབྱུང་གི་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས༴ འཁྱིལ་བ་ལས་རིན་འབྱུང་༴ སེར་སྣ་དག །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན༴ མཉམ་པ་ཉིད་ཀྱི་ཡེ་ཤེས༴ ཞེས་སོགས་ཀྱི་ཁྱད་པར་མ་གཏོགས་སྔར་ལྟར་ཤེས་པར་བྱས་ནས། ལྟག་པར་བུམ་ཆུ༴ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །མི་ཕྱེད་རྡོ་རྗེ་གསང་བ་ལས། །འདོད་ཆགས་རྟོག་པ་རྣམ་པར་འཇོམས། །རྡོ་རྗེ་ཆོས་སུ་དབང་བསྐུར་རོ། །ༀ་མ་ཧཱ་པྲ་ཏྱ་བེཀྵ་ན༴ སྣང་བ་མཐའ་ཡས་ཀྱི་རང་བཞིན་སོ་སོར་རྟོག་པའི་ཡེ་ཤེས༴ སྣང་བ་མཐའ་ཡས༴ འདོད་ཆགས་དག །འདུ་ཤེས་ཕུང་པོ་སྣང་བ་མཐའ་ཡས༴ སོ་སོར་རྟོག་པའི་ཡེ་ཤེས༴ རྣ་ལྟག་གཡོན་དུ་བུམ་ཆུ༴ ཐབས་དང་ཤེས་རབ་ལྡན་པ་ཡི། །འགྲོ་དོན་མཉམ་པ་མེད་པ་ཡིས། །ཕྲག་དོག་རྟོག་པ་རྣམ་པར་འཇོམས། །གཉིས་སུ་མེད་པར་དབང་བསྐུར་རོ། །ༀ་མ་ཧཱ་ཀྲྀ་ཏྱ༴ དོན་ཡོད་གྲུབ་པའི་རང་བཞིན་བྱ་བ་གྲུབ་པའི་ཡེ་ཤེས༴ དོན་གྲུབ༴ ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར༴ བྱ་བ་གྲུབ་པའི་ཡེ་ཤེས༴ བུམ་ཆུ་དཔྲལ་བར༴ རྡོ་རྗེ་མིང་གི་དབང་བསྐུར་བས། །གཏི་མུག་རྟོག་པ་རྣམ་པར་འཇོམས། །ཅིས་ཀྱང་མི་ཆོད་མི་ཤིགས་པའི། །རྡོ་རྗེའི་མིང་དུ་རབ་ཏུ་གྲགས། །ༀ་མ་ཧཱ་ཨཱ་དཪྴ༴ རྣམ་པར་སྣང་མཛད་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས༴ རྣམ་སྣང་༴ གཏི་མུག་དག །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ༴ མེ་ལོང་ལྟ་བུའི་ཡེ་ཤེས༴ ཞེས་རྟོགས་པ་བསྐྱེད། སྐབས་སུ་བབ་ན་དབུ་རྒྱན་བཅིང་བ་དང་། རྡོར་དྲིལ་གཏོད་པ་རྣམས་བྱས་ནས། དེ་དང་དེའི་མཐར་ཆུས་ཀྱང་དབང་བསྐུར་བ་སྔར་ལྟར་བྱའོ། །དེའི་མཐར་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་པ་ནི། སྐུའམ་ཕྱག་མཚན་ནམ་ཕྱག་རྒྱ་གནས་གསུམ་དུ་བཞག་ལ། སྤྱི་བོར་ཟླ་བ་ལ་གནས་པའི་ༀ་དཀར་པོ། སོགས་ནས། ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པའི་བར་གཞན་སྔར་དང་འདྲ་བ་ལས་སྔགས་ཚན་སོ་སོའི་གོང་དུ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །དེང་བདག་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ། །ཞེས་དང་། གསུང་དང་ཐུགས་ཀྱང་དེ་བཞིན་དུ་བསྒྱུར་བས་སོ། །དེ་ལྟར་སློབ་མ་མཆོད་པའི་ཡུལ་དུ་གྱུར་པ་ལ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད་པར་བྱའོ། །གཉིས་པ་མཁའ་འགྲོ་མ་གཏོར་མའི་དབང་གིས་གསང་བའི་ཡེ་ཤེས་བྱིན་དབབ་པ་ནི། སློབ་བུ་གཅེར་བུར་ཕྱུངས། རྐང་རྟིང་སྤྲད་ནས་རྩེ་མོ་བཙུགས། པུས་མོ་ཕྱིར་དགྱེད། ལག་གཉིས་གྲུ་མོ་ཕྱིར་བརྒྱངས་པས་སྤྱི་བོར་གཏོར་མ་བཟུང་། རྩ་དང་ཉྭ་བཞི་གྲིམ་གྱིས་སྒྲིམ་པ་ནི་ལུས་ཀྱི་ལས་སོ། །ངག་གི་ལས། སརྦ་རཱུ་པ་བ་ལིཾ་ཏ་ཕཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པའམ། གང་ཤར་རྩོལ་མེད་དུ་ཀློད་ལ་སྨྲར་གཞུག །སེམས་ཀྱི་ལས་སྣོད་ཀྱི་འཇིག་རྟེན་བྷཉྫ་འབར་བའི་གཏོར་གཞོང་དུ་རྒྱ་ཚད་མེད་པའི་ཟླ་བ་ལ་གནས་པའི་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད། ཕུང་ཁམས་ཀྱི་ཆོས་ཅན་རང་བཞིན་ལྷུན་གྲུབ་དམ་ཚིག་གི་རྫས་སུ་དག་པ་ལ་སྤྱི་བོའི་གཏོར་མ་ཡེ་ཤེས་ལྔ་ཡི་རང་བཞིན་བདུད་རྩིའི་དྭངས་མ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་རོ་མཉམ་པ་ཆུ་བོའི་རྒྱུན་བཞིན་དུ་བབས་ནས་རོ་གཅིག་ཏུ་འདྲེས་པའི་བདུད་རྩིའི་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤེལ་བས། འཁོར་འདས་ཐམས་ཅད་མཆོད་ཡུལ་དུ་དག་པའི་སྐུ་གསུང་ཐུགས་ཀྱི་གསང་བ་རང་བཞིན་དབྱིངས་ཀྱི་མཁའ་འགྲོ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་སློབ་མའི་ལུས་ངག་ཡིད་གསུམ་རོ་གཅིག་པ་བདེ་བ་ཆེན་པོར་འབར་བ་ལ་སེམས་འཛིན་དུ་བཅུག་ལ། ཅང་ཏེའུ་སོགས་རོལ་མོའི་སྒྲ་སྦྱར་ཞིང་། ཤ་ཆེན་གྱི་སྤོས་བསྲེག་པ་དང་བཅས་པས་འཁོར་འདས་ཐམས་ཅད་དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ཡོངས་སུ་སད་པར་བྱས་ལ། བླ་མ་བརྒྱུད་པའི་མཚན་ཤར་དང་ཡི་དམ་ཞི་ཁྲོའི་སྔགས་རྣམས་བརྗོད་པའི་མཐར། ན་མོ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་། ཡི་དམ་ཞི་ཁྲོ་རབ་འབྱམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་མཁའ་འགྲོ། དམ་ཅན་ཆོས་སྐྱོང་། རིགས་དྲུག་གི་སེམས་ཅན་ལྷའི་འཁོར་ལོར་དག་པ་དང་བཅས་པ་ཐམས་ཅད་ལ། སློབ་བུའི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་སྲིད་ཞི་དབྱེར་མེད་ཀྱི་བདུད་རྩི་ཆེན་པོར་སྦྱར་ཞིང་སྤེལ་བ་འདི་འབུལ་ཞིང་མཆིས་ན་གཉིས་སུ་མེད་པར་བཞེས་ཏེ་གནས་སྐབས་དང་མཐར་ཐུག་གི་ཕྱི་ནང་གསང་བའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་པ་ཙམ་མམ། བླ་མ་བརྒྱུད་པ། ཡི་དམ་ཞི་ཁྲོ། མཁའ་འགྲོ་ཆོས་སྐྱོང་། རིགས་དྲུག་གི་སེམས་ཅན་ལྷའི་འཁོར་ལོར་དག་པ་རྣམས་ལ་ཞེས་ཐ་དད་དུ་ཕྱེ་ནའང་ལེགས་པར་འགྱུར་རོ། །དེའི་ཚེ་ལུས་འཕར་ཞིང་གཡོ་བ་དང་། ངག་སྨྲ་ཞིང་དགོད་པ་དང་། སེམས་རྟོག་མེད་འོད་གསལ་གྱི་དབྱིངས་སུ་གྲོལ་བའི་ཉམས་རྣམས་བྱུང་རྒྱལ་དུ་བསྐྱང་དུ་གཞུག །གཏོར་མ་གནས་སུ་བཞག་ནས་བླ་མ་ལ་སྤྱི་བོས་གཏུགས་པའི་ཕྱག་བྱ་ཡོན་དབུལ་ལོ། །གསུམ་པ་ཀུན་ཏུ་བཟང་པོ་རིག་པ་རྩལ་གྱི་དབང་གིས་ལྷག་པའི་ཡེ་ཤེས་ངོ་སྤྲད་པ་ལ་གསུམ་ལས། དང་པོ་རྟགས་ཀུན་ཏུ་བཟང་པོ་མཚོན་པར་བྱེད་པ་ནི། སློབ་བུས་མཎྜལ་ཕུལ་ནས་ཐལ་མོ་སྦྱར་ལ། ཀྱེ། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །རྡོ་རྗེ་བླ་མ་དགོངས་སུ་གསོལ། །ཡང་དག་དོན་གྱི་མཆོག་དམ་པ། །བདག་ལ་མངོན་དུ་གྱུར་པར་མཛོད། །ཅེས་གསོལ་བ་གདབ། དེ་ནས་སློབ་བུས་སྟན་བདེ་བ་ལ་རྣམ་སྣང་གི་ཆོས་བདུན་བཅས་ལ། སེམས་ཀྱི་རྟེན་སྙིང་གར་ཀུན་ཏུ་བཟང་པོ་མཐིང་ག་མཉམ་གཞག་གི་ཕྱག་རྒྱ་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསྐྱེད་ལ། ཨེ་ཧྱེ་ཧིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་མེད་དུ་བསྟིམ་ལ། རྡོ་རྗེ་རྩེ་ལྔ་པ་གཏད་དེ། འདི་ནི་རང་རིག་འགྱུར་བ་མེད་པའི་དོན་ཡེ་ཤེས་ལྔར་མཚོན་པའི་རྟགས་ཡིན་ནོ། །ཞེས་བརྡ་སྤྲད་དོ། །གཉིས་པ་དོན་ཀུན་ཏུ་བཟང་པོ་ངོ་སྤྲད་པ་ནི། ཧཱུྃ། བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །ཀུན་ཏུ་བཟང་པོས་སྟོན་པར་དཀའ། །མིང་ཙམ་འདི་ཞེས་བརྗོད་པ་འདི། །རྡོ་རྗེ་སེམས་དཔས་མཚོན་དུ་མེད། །རིག་པ་སེམས་ཀྱི་ངོ་བོ་ཉིད། །སྤྲོས་མེད་རྣམ་དག་ཡེ་ཤེས་ཡིན། །ཀུན་གཞི་ཡེ་ནས་མ་བཅོས་པ། །བདེ་ཆེན་རང་ཤར་ཀློང་དུ་ཞོག །ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་སེམས་སྐད་ཅིག་མ་གང་སྐྱེས་དེ་ཀ་རྩོལ་བྲལ་བསལ་བཞག་མེད་པར་གཞག་ལ། སེམས་ཀྱི་གཤིས་གང་དུའང་མ་གྲུབ་པ་མདངས་བདེ་ཆེན་དུ་མ་འགག་པ། རྩལ་སྣ་ཚོགས་སུ་སྣང་བ། བསྒོམ་བྱ་སྒོམ་བྱེད་ཐམས་ཅད་ལས་འདས་པའི་གསལ་རིག་རྗེན་ནེ་བ་སྤྲོས་པ་དང་བྲལ་བ་དེ་ཀ་ཡེ་ཤེས་ལྔའི་རང་བཞིན་དོན་ཀུན་ཏུ་བཟང་པོ་ཡིན་ནོ། ། ཞེས་ངོ་སྤྲད། གསུམ་པ་ཉམས་ཀུན་ཏུ་བཟང་པོ་བསྐྱང་དུ་གཞུག་པ་ནི། ཨ། སྣང་སྟོང་དབྱེར་མེད་ཆོས་སྐུ་ལ། །རིག་སྟོང་བདེ་བ་ཆེན་པོར་ཤར། །ཟུང་འཇུག་སྤྲོས་དང་བྲལ་བ་དེ། །ཀུན་ཏུ་བཟང་པོའི་ངོ་བོའོ། །ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་པས་རྗེས་ཤེས་གང་ཤར་གྱི་སྐྱེ་འགག་གནས་གསུམ་གྱི་རང་ངོ་ལ་བལྟས་པས་རང་གྲོལ་གྱི་ཡེ་ཤེས་གསལ་ལ་མི་རྟོག་པ་ནི་ཉམས་ཀུན་ཏུ་བཟང་པོ་ཡིན་ཏེ། ནམ་མཁའ་ཆེ་ལས། སྔར་རྗེས་མི་བཅད་འདས་པའི་འདུ་ཤེས་དོར། །ཕྱིས་སྡུན་མི་བསུ་་ཡིད་ཀྱི་འབྲེལ་ཐག་བཅད། །བར་དུ་འཛིན་མེད་ནམ་མཁའི་ངང་ལ་བཞག །ཅེས་པ་ལྟར་བསྐྱང་དུ་གཞུག་གོ། །བཞི་པ་དམ་པ་རིགས་བརྒྱའི་ཕྱག་རྒྱའི་དབང་གིས་དག་པའི་སྣང་བ་རབ་འབྱམས་སུ་བསྟན་པ་ནི། སློབ་བུ་སེང་གེས་བཏེགས་པའི་ཁྲི་ལ་བཅོམ་ལྔན་འདས་དཔལ་ཀུན་ཏུ་བཟང་པོ་ཡུམ་དང་བཅས་པའི་རྣམ་པས་འཁོད་པ་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་རིམ་བཞིན་བྱོན་ནས་གཉིས་མེད་དུ་ཐིམ་པར་བསམ་ལ། རྒྱས་པར་ན་ཕྱག་གི་བཀོལ་བྱང་ལས་འབྱུང་བ་བཞིན་ལ་འདོན་པ་བསྒྱུར་བའི་མཐར་སོ་སོའི་སྔགས་དང་བཅས་པས་རེ་རེ་བཞིན་དུ་བསྐུར་ཞིང་། འབྲིང་དུ་ཚིགས་བཅད་ཀྱིས་བསྡུས་པ་བཞིན་སྡེ་ཚན་དུ་བྱས་ནས་དང་། ཤིན་ཏུ་བསྡུས་པ་ནི་བུམ་པ་གཙོ་བོའི་ཕྱག་རྒྱ་དང་བཅས་པ་སྤྱི་བོར་བཞག་ལ། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །ཞི་ཁྲོ་རབ་འབྱམས་རྒྱལ་བས་དབང་བསྐུར་རོ། །ཞེས་དང་། ཡི་གེ་བརྒྱ་པའི་མཐར། བཛྲི་བྷ་ཝ་ཨ་བྷི་ཥིཉྩ་མི། ཞེས་དབང་བསྐུར་བས། འདི་ལྟར་ཆོས་ཐམས་ཅད་དམ་པ་རིགས་བརྒྱའི་ངོ་བོར་དག་ཅིང་། དེ་ཡང་སེམས་ལྷག་པ་བདེན་གཉིས་དབྱེར་མེད་གསང་ཆེན་རིགས་གཅིག་ཏུ་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །གསུམ་པ་རྗེས་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན། སློབ་མའི་ཁར་ཞུགས་ཏེ་སྙིང་གར་ཐིམ་པར་བསམ་ལ། ཞི་ཁྲོའི་སྤྱི་སྔགས་དང་ཡིག་བརྒྱའི་རྗེས་ཟློས་ལན་གསུམ་དུ་བྱས་ནས་སྒོམ་བཟླས་ཀྱི་དམ་བཅའ་བླང་། སློབ་མས་པཎྜལ་ཕུལ་ཏེ་ཕྱག་བཙལ་ནས་ཐལ་མོ་སྦྱར་ལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་དམ་བཅས་ཏེ་ཡོན་གྱི་དངོས་པོ་ཅི་འབྱོར་པ་དབུལ་ལོ། །ཚོགས་མཆོད་ཀྱི་ནང་ཚན་བཞི་པ་ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེ་ཕྱག་སྔོན་དུ་འགྲོ་བས་ཐབས་ཤེས་རྫས་རྣམས་བསྣོལ་མར་སྟོབ་ཅིང་། མཉམ་ཉིད་མི་གཡོ་མཉམ་པའི་སངས་རྒྱས་དཔལ། །ལོག་རྟོག་མཚན་མའི་སྤྲོས་པ་ངང་གིས་ཞི། །དམ་ཚིག་བཞིན་ལས་ཅི་བདེར་སྤྱད་ནས་ཀྱང་། །མཉམ་རྫོགས་ཆེན་པོའི་མཆོད་པ་བཞེས་སུ་གསོལ། །ཞེས་སློབ་དཔོན་ལ་ཕུལ། དེས་ཀྱང་པདྨའི་ཕྱག་རྒྱ་བསྐོར་ཞིང་། ཨ་ལ་ལ་ཧོ། ཞེས་བླང་། འདུས་པ་ཐམས་ཅད་ལ་བྲིམས་ཏེ། ནང་གི་སྦྱིན་སྲེག་གིས་རོལ་པའི་མཐར། ཧོཿ བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས་ཛ་གད་དཔའ་བོ་གསོལ་བས་འགྲོ་བ་མ་ལུས་པ་དབང་དུ་འདུ་བར་གྱུར་ཅིག །མ་ཧཱ་མཱཾ་ས་གསོལ་བས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་ཅིག །རྡོ་རྗེའི་ཚེ་གསོལ་བས་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་ལ་མངའ་བརྙེས་པར་གྱུར་ཅིག །ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བས་ཞི་ཁྲོའི་ཕྲིན་ལས་ཀྱི་རྫུ་འཕྲུལ་སྣ་ཚོགས་ལ་དབང་འབྱོར་པར་གྱུར་ཅིག །ཅེས་སྨོན་ལམ་ག དབ་བོ། །ལྔ་པ་ལྷག་མ་བཏང་བ་ནི། ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས་པ་དང་། སྔར་གྱི་ཕུད་ལྷག་བཅས་དཀྱིལ་འཁོར་གྱི་ཤར་ལྷོར་དྲིའི་མཎྜལ་གྱི་ཁར་བཞག །སློབ་དཔོན་གྱི་ལྕེ་ལ་རྟ་མགྲིན་ཡབ་ཡུམ་རོལ་པ་མཛད་པའི་བྱང་སེམས་བདུད་རྩིར་ཕབ་པར་བསམ་ལ། མཁའ་དབྱིངས་ཀྱི་རྒྱས་ཛ་གད་ཀྱི་ཁ་ཕྲུ་བཏབ་ལ། ༀ་གུ་རུ་ཀྲོ་དྷ་རཏྣ་ས་མ་ཡ་པྲཱི་ཤ་པུརྦ་བུདྡྷ་ཀྵེ་ཏྲ་པཱ་ལ་ཀྵོ་བྷ་ཀ་ར་ཧཱུྃ་ཕཊ། ཅེས་པས་བྱིན་བརླབ། ཧཱུྃ་ལས་ཀྱི་རྡོ་རྗེ་བྱེད་པར་དབང་བསྐུར་བའི། །མཁའ་འགྲོ་ལྷག་སྡུད་མ་སྲིང་གིང་གི་ཚོགས། །ལྷག་མ་ཁ་ཆུའི་དམ་ལ་གཏོགས་པ་རྣམས། །དམ་ཚིག་བཞིན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཛཿཧཱུྃ་བཾ་ཧོཿཌཱ་ཀི་ནཱི་ཧཱུྃ་ཛཿ ཞེས་བས་སྤྱན་དྲངས། ཧཱུྃ་མཁའ་འགྲོ་གིང་དང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས། །དཔལ་གྱི་ཕམ་ཕབས་འདི་གསོལ་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །མཁའ་འགྲོ་མ་སུམ་ཅུ་རྩ་གཉིས། གིང་ཆེན་བཅོ་བརྒྱད། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། དཔལ་ལྡན་ནག་མོ་རེ་མ་ཏཱི། མ་མོ་བདུན། སྲིང་མོ་བཞི། འབར་མ་བརྒྱད། ཕོ་ཉ་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་རྣམས་ཀྱི་ཞལ་དུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལི་ཏཾ་ཁཱ་ཧི། ཞེས་སྨན་རག་ཀྱང་སྦྲེང་། ཧོཿ ལྷག་སྡུད་གྱི་དམ་ཚིག་ལ་གཏོགས་པའི་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ལྷག་མའི་དམ་ཚིག་འདིས་ཚིམ་ཞིང་དགྱེས་པར་གྱུར་ཏེ། །དམ་ཚིག་ཉམས་ཆག་ཐམས་ཅད་སྐོངས་ནས་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་གྲོགས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། ཡ་ཧི་གཙྪ། ཞེས་པས་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ་ལ་ལྷག་མ་དོར་ཞིང་དཀྱིལ་འཁོར་བསྡུའོ། །གསུམ་པ་བརྟན་མ་སྐྱོང་བ་ནི། ཕྱི་རོལ་དུ་བརྟན་མའི་གཏོར་མ་སྨན་ཕུད་ཀྱིས་བྲན་ལ། ཏྲཾ་རཏྣ་ཏྲཻ་ལོ་ཀྱ་ཕཊ། ཅེས་བརྗོད་པས། གཏོར་མའི་རྡུལ་ཕྲ་རབ་རེ་རེ་ཞིང་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། འབྲུ་གསུམ་གྱི་བྱིན་གྱིས་བརླབ། ཧཱུྃ་ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བོད་ཁམས་སྐྱོང་བའི་ཆེ་ཞེ་ཆེན་མོ་རྣམས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །འདིར་སྤྱོན་དམ་སྐོང་ཕྲིན་ལས་མཛོད། །ཆེ་ཞེ་ཆེན་མོ་ཁྱེད་རྣམས་ཀྱང་། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང་། །རླངས་ཆེན་དཔལ་གྱི་སེང་གེ་ཡེས། །ཞིང་ཆེན་སྟན་ལ་བཀོད་ནས་ཀྱང་། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །དབང་བསྐུར་གསང་བའི་མཚན་ནས་བ རྗོད། །རྡོ་རྗེ་འཆང་གི་གྲལ་དུ་བཞག །བོད་ཁམས་བསྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱ་ཞེས། །ཇི་ལྟར་ཁས་བླངས་དམ་བཅས་པའི། །གཡར་དམ་གཉན་པོ་རྗེས་དགོངས་པ། །དམ་རྫས་བཀའ་ཡི་གཏོར་མ་ལོངས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ༀ་ལ་ལ། ལེ་ལེ། ཏཾ་ཏཾ། ཏེ་ཏེ། ཁ་རཀྨ། མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ། ཞེས་དང་། མ་ཧཱ་པཉྩ་སོགས་སྨན་རཀ་གཏོར་གསུམ་གྱིས་མཆོད་ཅིང་། སྨན་རག་ཀྱང་སྦྲེང་། བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ་ནས། ཡ་ཧི་གཙྪ་གཤེགས་སུ་གསོལ་ནས་གཏོར་མ་གཙང་སར་སྐྱེལ་ལོ། །བཞི་པ་དཀྱིལ་འཁོར་བསྡུ་བ་ནི། གཏང་རག་གི་མཆོད་པ་བཤམས་ཤིང་བྱིན་གྱིས་བརླབས་ཏེ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ། སྨན་གཏོར་རཀྟ་བཅས་པས་མཆོད་ཅིང་བསྟོད་ནས། ༀ་ཧཱུྃ། ཡི་དམ་ཞི་ཁྲོ་རིགས་གཅིག་དཀྱིལ་འཁོར་དུ། །སྒྲུབ་རྫས་དམན་ཞིང་ཏིང་འཛིན་ཆོ་ག་ཉམས། །འགལ་འཁྲུལ་ནོངས་པ་ཅི་མཆིས་བཟོད་པར་གསོལ། །ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཞེས་དང་། ཡི་གེ་བརྒྱ་པ་བཟླས་པས་བཟོད་གསོལ་བྱས་ལ། རས་བྲིས་ཡིན་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདའ་བའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུའང་རས་བྲིས་ཀྱི་དཀྱིལ་འཁོར་འདི་ཉིད་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་རྩལ་དུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས་པས་བརྟན་བཞུགས་བྱས་ལ། བྷྲཱུྂ་བི་ཤྭ་བི་ཤུདྡྷེ་ཧཱུྃ་ༀ་སྭཱ་ཧཱ་ཧཱུྃ་ཧ་ཧེ་ཕཊ་བྷྱོ། ཞེས་པས་དམ་ཚིག་གི་འཁོར་ལོ་གསལ་བཏབ་ལ། བཛྲ་པདྨ་ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ་ཧཾ། ཨ་ནུ་རཱ་ག་ཡ་མྱེ། ཛཿཧཱུྃ་བཾ་ཧོཿ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་སྤྲིན་འཕྲོས་པས་སྣོད་བཅུད་ཐམས་ཅད་དག་ཅིང་འོད་གསལ་བར་བྱས། སཾ་ཧ་ར་ཎ་ཧཱུྃ། དག་པའི་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ། དེ་འཁོར་རྣམས་ལ་ཐིམ། འཁོར་རྣམས་རིམ་བཞིན་གཙོ་བོ་ཡབ་ཡུམ་ལ། ཡུམ་ཡབ་ལ། དེ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་འཛིན་སེམས་དཔའ་ལ། དེ་ཧཱུྃ་ལ། ཧཱུྃ་གྱེན་རྫོགས་ནཱ་དའི་བར་དུ་ཐིམ་ནས་རྣམ་པར་རྟོག་མེད་ལྷུན་གྲུབ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག་ཅིང་། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ། ཞེས་པས་ཐུན་མཚམས་ཀྱི་ལྷར་ལངས་ཏེ། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རང་བཞིན་དུ་ཤེས་པར་བྱས་ནས། གོ་བགོ་ལུས་བསྲུང་ནི། རང་གི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་རྣམས་ཀྱིས་མཚན་པར་བསམ་ལ། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། ཞེས་པས། ལུས་རྡོ་རྗེའི་གོ་ཆས་ཞུ་ལུགས་སུ་གཡོགས་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་བསམ་ཞིང་། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །ཅེས་བརྗོད་ཅིང་ང་རྒྱལ་བྱའོ། །རྡུལ་ཚོན་གྱི་ཆོ་ག་ཞག་སྦྲེལ་དུ་བྱེད་པའི་ཉིན་སྔ་མ་རྣམས་ལའང་དེ་ཁོ་ན་དང་། ནུབ་ཐ་མ་ལ། བེ་གཱ་ཀྲ་མ་ཡཾ། ཞེས་པས། ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁར་བཏེགས་ནས། གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་བྱས་ནས། ༀ། ཁྱོད་ཀྱིས་སེམས་ཅན་དོན་ཀུན་བཛད། །སོགས་ཀྱི་མཐར། ཛྙཱ་ན་མཎྜ་ལ་བཛྲ་མུཿ ཞེས་པས་གཤེགས་སུ་གསོལ་ལ། དམ་ཚིག་གི་དཀྱིལ་འཁོར་བསྡུ་ཚུལ་སྔར་བཞིན་བྱས་ནས། དུས་དེ་ཉིད་དམ་ནངས་པར་ལྷའི་ང་རྒྱལ་དང་ལྡན་པས། ཨ་ཀཱ་རོ་བཟླ་ཞིང་རྡོ་རྗེ་དང་བཅས་པའི་ལག་གིས་ཐོག་མར་ལྷ་མཚན་རྣམས་བསྡུས་ལ་ཅུང་ཟད་མགོ་བོར་བཀོད། དེ་ནས་དབང་ལྡན་ནས་བརྩམས་ཏེ་གཙོ་བོའི་གནས་ཀྱི་བར་རིམ་གྱིས་ཕྱགས་ལ་ཅུང་ཟད་གཞན་ལའང་སྦྱིན། ལྷག་མ་རྣམས་སྣོད་བཟང་པོར་བླུགས་ནས་མཆོད་པ་དང་བཀུར་སྟི་ཆེན་པོས་ཆུ་ཀླུང་དུ་དོར། བུམ་ཆུ་ལྷག་མ་ལ་སོགས་པས་ཀྱང་གཞན་ལ་ཕན་པར་བྱའོ། །ལྔ་པ་བསྔོ་བ་ཤིས་བརྗོད་བྱ་བ་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་བ་དང་། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་བ་མངོན་གྱུར་ཤོག །ཉམས་ཆག་རྟོག་སྒྲིབ་མ་སྤངས་གནས་སུ་དག །ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་སྐོངས། །གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག །ཐིག་ལེ་ཆེན་པོར་སྐུ་དང་ཞིང་ཁམས་རྫོགས། །དམ་ཚིག་ཆེན་པོར་སྤང་བླང་མཚན་མ་དག །ཁྱབ་བརྡལ་ཆེན་པོར་རེ་དོགས་མདུད་པ་གྲོལ། །རྫོགས་པ་ཆེན་པོར་ཆོས་སྐུ་མངོན་གྱུར་ཤོག །བརྒྱུད་པ་གསུམ་གྱི་བྱིན་རླབས་སྙིང་ལ་ཞུགས། །སྒྱུ་འཕྲུལ་དྲྭ་བའི་ལམ་གསང་སེམས་ལ་རྫོགས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །མུ་མཐའ་མེད་པའི་འགྲོ་བ་སྒྲོལ་བར་ཤོག །ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུང་སྟོན་ཅིང་། །མཁའ་འགྲོ་རྣམས་ཀྱིས་བུ་བཞིན་སྐྱོང་བ་དང་། །ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་གྲུབ། །མ་ལུས་སྐྱེ་རྒུའི་འགལ་རྐྱེན་ཀུན་ཞི་ཞིང་། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་དང་། གཞན་ཡང་ཤིས་བརྗོད་དང་། དགའ་སྟོན་བྱ་བ་སོགས་མཐའ་རྒྱས་ཀྱི་ཆོ་ག་རྣམས་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱའོ། །ཆོ་ག་འདི་ལ་རྒྱུད་དང་མན་ངག་གི་གཞུང་སོ་སོ་ལ་བརྟེན་པའི་ལུགས་སྲོལ་ཐ་དད་འགའ་ཞིག་མཆིས་ཏེ། རང་གཞུང་ཚུགས་པའི་དབང་དུ་བྱས་པ་གསུམ་དང་། དཀྱིལ་འཁོར་གཞན་ལ་སྦྱར་བ་སྟེ་བཞི་ལས། དང་པོ་ཁྲོམ་དཀྲུགས། གཉིས་པ་གནས་བསྒྱུར། གསུམ་པ་རིགས་བསྡུས། བཞི་བ་གཞན་ལ་སྦྱར་བའོ། །དང་པོ་ནི། གླང་པོ་ཆེ་རབ་འབོགས་ཀྱི་རྟོག་པ་གཅིག་ཁོལ་དུ་ཕྱུངས་པ་དྲི་མེད་བཤགས་པའི་རྒྱུད་ཉིད་ཀྱི་དོན་གུ་རུས་མཛད་པའི་གདམས་ངག་གི་ལས་ཐོ་སོགས་ཀྱིས་བཀྲལ་བ་དང་། གཉིས་པ་ནི། བཤགས་རྒྱུད་དུ་ཞི་ཁྲོའི་ལེའུ་གསུངས་ཚུལ་གྱི་གོ་རིམ་བཞིན་སྒྲུབ་པ་དང་། གསུམ་པ་ནི། ཡི་གེ་བརྒྱ་བ་དབང་མཆོག་རྒྱལ་པོའི་རྒྱུད་ལ་བརྟེན་པ་སྟེ་གཞན་དུ་བཤད་པ་ལྟར་དང་། བཞི་པ་ནི། སྒྱུ་འཕྲུལ་ཞི་ཁྲོའམ། ཡང་དག་ཞི་ཁྲོ་སོགས་བཀོལ་རྒྱུད་འདིས་ཁ་སྐོང་བ་སྟེ། དེ་དག་ཀྱང་བསྙེན་སྒྲུབ་ཡན་ལག་བཞིས་འཆིང་བ་དང་། གླེང་གཞི་བདུན་གྱིས་མཆིང་བ་སོགས་ལུགས་ཐ་དད་པར་གྲགས་ཀྱང་། དོན་གྱི་གནད་གཅིག་ཏུ་འབབ་པ་ལྟ་བུར་ཡོད་ཅིང་། དབང་བཀའ་དང་བྱིན་རླབས་ཀྱི་རྒྱུན་ཡང་ཆད་མེད་དུ་ཡོད་བཞིན་པ་ཡིན་ཀྱང་། འདིར་བཀོད་དེ་ཐམས་ཅད་ལས་ཀྱང་ཕུལ་དུ་བྱུང་བའི་ངོ་མཚར་དང་ལྡན་པ་ཡིན་ཏེ། གང་ལ་བརྟེན་བྱའི་རྒྱུད་ཀྱི་དངོས་སུ་བསྟན་པའི་དོན་ལ་འབྱོར་ཞིང་མ་འཁྲུགས་པ་དང་། དེའི་གསལ་བྱེད་སློབ་དཔོན་གྱིས་མཛད་པའི་མན་ངག་སུམ་ཅུ་རྩ་དྲུག་པའི་ནང་ཚན་མན་ངག་ཉེར་བཞི་པ་སོགས་རྒྱ་བོད་ཀྱི་གཞུང་རྙིང་ཁུངས་ཚད་དུ་མས་གསལ་པོར་བཀྲལ་བ་དང་། དཔལ་སངས་རྒྱས་གསང་བའི་མན་ངག་བི་མ་ལ་དང་གཉགས་ལོ་ནས་བརྒྱུད་པའི་བཀའ་སྲོལ་ཉམས་པ་མེད་པའི་དངོས་བསྟན་ཉིད་དེ། ཟུར་པ་ཡབ་སྲས་དང་། གླན་དང་། གཡུང་སྟོན་ཆེན་པོ་སོགས་ཚད་མར་གྲུབ་པའི་སྔགས་འཆང་ཆེན་པོ་བརྒྱུད་མར་བྱོན་པ་རྣམས་ཀྱི་ཕྱག་བཞེས་ཀྱི་གཙོ་བོ་ཡང་འདི་ལ་མཛད་པ་དང་། བརྒྱུད་པའི་ཁྱད་པར་དུ་མའི་དབང་གི་བཀའ་མ་ཆད་པའི་བྱིན་རླབས་ཀྱི་ཆུ་བོའི་རྒྱུན་ཡང་འདུས་ཆེ་བ་དང་། ཆོ་གའི་ཁྲིགས་བཀོད་ཀྱང་ཚིག་དོན་མ་འཛིངས་ཤིང་རྣམ་པར་གསལ་བ་དང་། ལག་ལེན་གྱི་འཇུག་པ་བདེ་བ་སོགས་ཁྱད་པར་དུ་གྱུར་པ་ཡིན་མོད་ཀྱི། འོན་ཀྱང་ལས་ཁྲིགས་གཞུང་རྙིང་རྣམས་ནི་ཧ་ཅང་བསྡུས་ཤིང་མི་གསལ་བ་དང་། བར་སྐབས་སུ་བྱོན་པའི་མཁས་པ་དག་གིས་མཛད་པ་ཡང་ལུགས་སྲོལ་ཐ་དད་པའི་ནང་གསེས་ཅུང་ཟད་འདྲེས་པ་ལྟར་སྣང་བ་དང་། འགའ་ཞིག་ནི་ཧ་ཅང་རྒྱས་ཆེས་པ་དང་ཡིག་སྣ་མང་དུ་བསྡུས་པས་སྙིང་པོའི་དོན་ལ་སྒྲིབ་པ་སོགས་དུས་མཐའི་འགྲོ་བ་ལ་ཕན་པ་ཆེ་བར་མ་མཐོང་ནས། འདིར་བཀོད་གང་ལ་བརྟེན་བྱའི་ཁུངས་དང་འབྱོར་ཞིང་སྙིང་པོའི་དོན་ཚང་ལ་འདྲིལ་བ་དང་། ཁ་སྐོང་བར་འོས་པ་རྣམས་ཀྱང་ཆོ་ག་ནང་མཐུན་པ་རྣམས་ཀྱིས་དོན་ཐོབ་ཇི་ལྟར་ཡོད་པ་བཞིན་བསྐངས་ནས་བཀླག་ཆོག་གཙང་དག་ཏུ་བྱས་པ་ཡིན་ལ། སྤྱིར་འདི་ཉིད་ཡོ་ག་རྣམ་པ་གསུམ་ཀ་དང་འབྲེལ་བའི་གསང་བ་སྤྱིའི་ཆོ་ག་ལྟ་བུ་ཡིན་མོད་ཀྱང་། ཁྱད་པར་ལུང་ཨ་ནུ་ཡོ་གའི་ནང་ཚན་དུ་གནས་པ་སྟེ། གོ་དོན་དང་ལག་ལེན་གྱི་ཟུར་འདེབས་ཕྱོགས་མཐོང་ཙམ་ཞིག་འཆད་པར་ཡང་འགྱུར་རོ། །ན་རག་དོང་སྤྲུགས་རྣལ་འབྱོར་སྤྱི་ཁྲུས་ཀྱི། །རྣམ་དག་ཆོ་གའི་སྒྲུབ་ཐབས་ཟླ་མེད་པས། །འཇིགས་རུང་འཁོར་བའི་མཚོ་ལས་འགྲོ་བ་ཀུན། །ཐར་མཆོག་ཞིང་དུ་སྒྲོལ་བྱེད་འདི་ཁོ་ན། །སྲིད་མཚོ་བརྒལ་བའི་ཐབས་ལས་གཞན་གྱུར་པའི། །འདོད་དོན་བསྒྲུབ་བྱ་ཐར་འདོད་རྣམས་ལ་མེད། །དེ་ཕྱིར་རྣམ་དག་མྱུར་བའི་ལམ་བཟང་གི། །ཐབས་ཚུལ་འདི་ལ་ཀུན་ཏུ་འབད་པ་གཅེས། །རྒྱུད་དོན་མན་ངག་ལག་ལེན་ལྡན་པའི་ཁྲིགས། །ཕྱོགས་ཙམ་བརྗོད་པའི་དགེ་བ་གང་ཐོབ་དེས། །འགྲོ་ཀུན་སྲིད་ཞིའི་མཐའ་ལས་རྣམ་གྲོལ་བའི། །རྫོགས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་བ སྔོ། །ན་རག་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་ཆེན་པོའི་ཆོ་ག་འཁོར་བ་ཀུན་སྒྲོལ་ཞེས་བྱ་བ་འདི་ནི། རྩེ་ལེ་ཆོས་རྗེ་མཐུ་སྟོབས་རྣམ་པར་རྒྱལ་བ་དང་། མདོ་ཁམས་གོ་འཇོ་བ་སྡོམ་བརྩོན་ཤེས་རབ་འོད་ཟེར་སོགས་དོན་གཉེར་ཅན་དུ་མས་སྔ་ཕྱིར་ནན་ཏན་དུ་བསྐུལ་བ་ལས། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་རང་ལོ་ཞེ་དགུ་པ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་དགེ་གནས་སུ་སྦྱར་བའི་ཡི་གེ་པ་ནི་མཁན་ཆེན་ལོ་ཙཱ་བ་དྷརྨ་ཤྲཱིའོ།། །།

ན་རག་དོང་སྤྲུགས་ཀྱི་ཆོ་ག་འཁོར་བ་ཀུན་སྒྲོལ་གྱི་ཟུར་འདེབས་ལྷན་ཐབས་ངོ་མཚར་རིན་ཆེན་ཕྲེང་བ།

ན་རག་དོང་སྤྲུགས་ཀྱི་ཆོ་ག་འཁོར་བ་ཀུན་སྒྲོལ་གྱི་ཟུར་འདེབས་ལྷན་ཐབས་ངོ་མཚར་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །བླ་མ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདིར་ཞི་ཁྲོ་དམ་པ་རིགས་བརྒྱའི་སྒྲུབ་ཐབས་ན་རག་དོང་སྤྲུགས་འཁོར་བ་ཀུན་སྒྲོལ་གྱི་ཆོ་གའི་ལྷན་ཐབས་ཅུང་ཟད་སྤྲོས་པ་ངོ་མཚར་རིན་ཆེན་ཕྲེང་བ་ཞེས་བྱ་བ་འདི་ལ་དོན་གསུམ། ཕྱག་རྒྱའི་མཆོད་པ་དང་། ཛཔ྄་བཟླས་ཀྱི་བཅུ་ཆ་བརྩི་ཚུལ། གཞི་བསྟོད་བྱ་བའོ། །དང་པོ་ནི། ཕྱག་རྒྱའི་མཆོད་པའི་སྐབས་སུ་རྒྱས་པར་འདོད་ན་དཀྱིལ་འཁོར་འདིའི་ལྷ་གྲངས་དང་མཉམ་པའི་ཕྱག་རྒྱའི་མཆོད་པ་སྤྲོས་ཆོག་པར་གསུངས་པས། དེའི་ཕྱིར་དུ་ཆོ་ག་ཤིན་ཏུ་རྒྱས་པ་ལ་མོས་པ་དག་གི་བཞེད་པ་སྐོང་ཕྱིར་དུ་སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོ་དང་། ཁྲོ་བོ་བསྡུས་པའི་ལས་གཞུང་གཉིས་ལ་བརྟེན་ནས་ཅུང་ཟད་འབྲི་བ་ལ་གཉིས། ཞི་བ་དང་། ཁྲོ་བོའི། དང་པོ་ཞི་བའི་ཕྱག་རྒྱལའང་སྤྱི་དང་ཁྱད་བར་གཉིས་ལས། དང་པོ་ནི། ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་རྡོ་རྗེ་དང་དྲིལ་བུ་བཟུང་ལ། ལག་པ་གཡས་ཀྱི་སོར་མོའི་བྲེ་ཁ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེ། དེ་རྣམས་ཀྱི་སྟེང་དུ་ཧཱུྃ་ༀ་སྭཱ་ཨཱཾ་ཧཱ། གཡོན་གྱི་སོར་མོའི་བྲེ་ཁ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རེ་རེ། དེ་དག་གི་སྟེང་དུ་མཱུཾ་ལཱཾ་མཱཾ་བཱཾ་ཏཱཾ་རྣམས་ཀྱིས་མཚན་པར་གྱུར། ཧཱུཾ་སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །གསང་བ་དེ་ཉིད་ངེས་པ་ཡི། །སྙིང་པོའི་ཕྱག་རྒྱ་འདའ་ཀའོ། །མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ལྔ་གཉིས་ཟུང་དུ་སྤྲད་པ་ལས། །སྦྱོར་བའི་ཕྱག་རྒྱ་འབྱུང་བའི་རྒྱུ། །ༀ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །གཉིས་པ་ནི། དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ། །ཀུན་བཟང་མཉམ་གཞག་ཡེ་ཤེས་འཕྲོ། །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ། ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །ཡུམ་འགྱུར་མཉམ་རྫོགས་པདྨོའི་དཀྱིལ། །ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུྃ་སྒྲེང་རྩེ་མོ་རྡོ་རྗེ་འབར། །ཟླ་བཏུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ཧཱུྃ་བཛྲ་དྷྲིཀ྄ །འབྲུ་བཞི་སྦས་ནས༴ མཱུཾ་སྒྲེང་རྩེ་མོ་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་གྱིས་བལྟ། །མཱུྂ་དྷཱ་ཏྭེ་ཤྭ་རཱི། འབྲུ་བཞི༴ ༀ་སྒྲེང་རྩེ་མོར་འཁོར་ལོ་འབར། །ཟླ་བཏུལ་འབྲུ་སྦས༴ འཁྲིལ་བའི་ཚུལ་གྱིས༴ ༀ་ཛི་ན་ཛིཀྲ །འབྲུ་བཞི༴ ལཱཾ་སྒྲེང་རྩེ་མོར་དྲིལ༴ ཉི་མ་འབྲུ་ལྔ༴ བཏུད་དེ་འཛུམ་པའི༴ ལཱཾ་དྭེ་ཥ་ར་ཏི། འབྲུ་བཞི༴ སྭཱ་སྒྲེང་རྩེ་མོ་རིན་ཆེན་འབར། །ཟླ་བཏུལ༴ འཁྲིལ་བའི༴ སྭཱ་རཏྣ་དྷྲིཀ྄ །འབྲུ་བཞི༴ མཱཾ་སྒྲེང་རྩེ་མོར༴ ཉི་མ་བཏུད་དེ༴ མཱཾ་མོ་ཧ་ར་ཏི། འབྲུ་བཞི༴ ཨཱཾ་སྒྲེང་རྩེ་མོར་པདྨ་འབར། །ཟླ་བཏུལ༴ འཁྲིལ་བའི༴ ཨཱཾ་ཨ་རོ་ལིཀ྄ །འབྲུ་བཞི༴ བཱཾ་སྒྲེང་རྩེ་མོར༴ ཉི་མ༴ བཏུད་དེ༴ པཱཾ་ར་ག་ར་ཏི། འབྲུ་བཞི༴ ཧཱ་སྒྲེང་རྩེ་མོར་རལ་གྲི་འབར། །ཟླ་བཏུལ༴ འཁྲིལ་བའི༴ ཧཱ་པྲ་ཛྙ་དྷྲིཀ྄ །འབྲུ་བཞི༴ ཏཱཾ་སྒྲེང་རྩེ་མོ༴ ཉི་མ༴ བཏུད་དེ༴ ཏཱཾ་བཛྲ་ར་ཏི༴ ནང་སེམས་བཞི་ཡི་ཕྱག་རྒྱ་ནི། །རིན་ཆེན་མྱུ་གུ་རལ་གྲི་འབར། །པདྨ་དཀར་པོ་རྡོ་རྗེ་འབར། །ལས་ལ་འཁྲིལ་ཞིང་ཆོས་ལ་བརྟེན། །ནང་སེམས་ཡུམ་གྱི་ཕྱག་རྒྱ་ནི། །གཟུགས་མཛེས་རིན་ཆེན་ཕྲེང་བ་དང་། །པི་ཝང་གར་མཁན་མཆོག་དེ་ཉིད། །དབུ་རྣམས་འཇོ་ཞིང་འདུད་པའི་ཚུལ། །པདྨའི་གདན་ལ་བཞེངས་ནས་ཀྱང་། །མཆོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ། །ཨ་ལ་ལ་ཧོཿ ཕྱི་སེམས་བཞི་ཡི་ཕྱག་རྒྱ་ནི། །ཀླུ་ཤིང་ཡལ་ག་གླེགས་བམ་དང་། །རིན་ཆེན་སྙེ་མ་ཨུཏྤལ་འཛིན། །ལས་ལ་འཁྲིལ་ཞིང་༴ ཕྱི་སེམས་ཡུམ་བཞིའི་ཕྱག་རྒྱ་ནི། །མེ་ཏོག་ཕྲེང་དང་སྤོས་མཆོད་མ། །མར་མེ་བྱུག་པ་ལ་སོགས་མཛིན། །དབུ་རྣམས་འཇོ་ཞིང་འདུད་པའི་ཚུལ། །པདྨའི་༴ མཆོད་བཞེས་༴ ཨ་ལ་ལ་ཧོཿ ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ། །མདོར་བསྡུས་ཕྱག་རྒྱ་དྲུག་ཡིན་ནོ། །གསེག་པར་པི་ཝང་གོ་ཆ་དང་། །རིན་ཆེན་སྒྲོམ་བུ་མེ་ཆུ་འཛིན། །པདྨའི༴ མཆོད་བཞེས༴ ཨ་ལ་ལ་ཧོཿ སྒོ་བཞི་ཁྲོ་བོའི་ཕྱག་རྒྱ་ནི། ནྲྀ་མགོ་་གདེངས་དང་རྡོ་རྗེ་གནོན། །ཐོད་སྦྲུལ་ཆེན་པོར་གནོན་པ་དང་། །རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན། །ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོཿ འབར་བའི་གདན་ལ༴ མཆོད་བཞེས༴ ཨ་ལ་ལ་ཧོཿ འདི་ནི་རྒྱལ་བ་ཐམས་ཅད་ཀུན། །དགྱེས་པ་ཆེན་པོ་བསྐྱེད་པའི་ཕྱིར། །ཕྱག་རྒྱའི་མཆོད་པ་ཆེན་པོ་ཡིན། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །གཉིས་པ་ཁྲོ་བོའི་ཕྱག་རྒྱ་ལའང་སྤྱི་དང་ཁྱད་པར་གཉིས་ལས། དང་པོ་ནི། ཁྲག་འཐུང་རྒྱལ་པོ་གར་ལ་དགྱེས། །སྐུ་མདོག་ཞལ་ནི་རྣམ་པར་འགྱུར། །སྐུ་ཡི་གར་སྟབས་གློག་འགྱུ་བ། །ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །གཉིས་པ་ནི། ཧཱུྃ། རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །དབུས་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་རྩེ་ལྔ་འཛིན། །གཡོན་པ་དུང་དམར་ཡུམ་ལ་འཁྱུད། །དཔལ་ཆེན་ཆེ་མཆོག་ཐབས་ཀྱི་རྒྱ། །གནམ་ཞལ་དབྱིངས་ཕྱུག་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་ཤེས་རབ་ཐབས་ལ་བརྟེན། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཀྲོ་དྷཱི་ཤྭ་རཱི་དབྱིངས་ཀྱི་རྒྱ། །འབར་བའི་གདན་ལ༴ མཆོད་བཞེས༴ ཨ་ལ་ལ་ཧོཿ རིགས་ཀྱི་ཁྲོ་བོའི་ཕྱག་རྒྱ་ལས། །བཛྲ་ཧེ་རུ་ཀའི་ཕྱག་རྒྱ་ནི། །མཐིང་ནག་རྡོ་རྗེ་དུང་དམར་འཛིན། །དཔལ་ཆེན་བཛྲ་ཐབས་ཀྱི་རྒྱ། །བུདྡྷ་ཧེ་རུ་ཀའི་ཕྱག་རྒྱ་ནི། །སྨུག་ནག་འཁོར་ལོ་དུང་དམར་འཛིན། །དཔལ་ཆེན་བུདྡྷ་ཐབས་ཀྱི་རྒྱ། །རཏྣ་ཧེ་རུ་ཀའི་ཕྱག་རྒྱ་ནི། །སེར་ནག་རིན་ཆེན་དུང་དམར་འཛིན། །དཔལ་ཆེན་རཏྣ་ཐབས༴ པདྨ་ཧེ་རུ་ཀའི་ཕྱག་རྒྱ་ནི། །དམར་ནག་པདྨ་དུང་དམར་འཛིན། །དཔལ་ཆེན་པདྨ་ཐབས༴ ཀརྨ་ཧེ་རུ་ཀའི་ཕྱག་རྒྱ་ནི། །ལྗང་ནག་རྒྱ་གྲམ་དུང་དམར་འཛིན། །དཔལ་ཆེན་ཀརྨ་ཐབས༴ རཀྴ་ཧེ་རུ་ཀའི་ཕྱག་རྒྱ་ནི། །མཐིང་ནག་རྡོ་རྗེ་དུང་དམར་འཛིན། །དཔལ་ཆེན་རཀྴ་ཐབས༴ ས་ནུ་ཧེ་རུ་ཀའི་ཕྱག་རྒྱ་ནི། །སེར་ནག་དགྲ་སྟྭ་དུང་དམར་འཛིན། །དཔལ་ཆེན་ས་ནུ་ཐབས༴ གུ་ཧྱ་ཧེ་རུ་ཀའི་ཕྱག་རྒྱ་ནི། །དུད་ཁ་རལ་གྲི་དུང་དམར་འཛིན། །དཔལ་ཆེན་གུ་ཧྱ་ཐབས༴ ཡཀྴ་ཧེ་རུ་ཀའི་ཕྱག་རྒྱ་ནི། །ལྗང་ནག་བེ་ཅོན་དུང་དམར་འཛིན། །དཔལ་ཆེན་ཡཀྴ་ཐབས༴ རིགས་ཀྱི་ཡུམ་རྣམས་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་རིགས་ཀྱི་མདོག །གཡས་པས་ཤེས་རབ་ཐབས་ལ་བརྟེན། །གཡོན་པས་དུང་དམར་གཙོ་ལ་སྟོབ། །ཀྲོ་དྷཱི་རིགས་རྣམས་དབྱིངས་ཀྱི་རྒྱ། །འབར་བའི༴ མཆོད་བཞེས༴ ཨ་ལ་ལ་ཧོཿ གནས་མ་བརྒྱད་ཀྱི་ཕྱག་རྒྱ་ནི། །ཀ་རཱི་བྷན་དམར་ཞིང་དབྱུག་སྔོ། །ཙ་རཱི་མདའ་གཞུ་འགེངས་མ་སེར། པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །བེ་ཏ་བྱིས་ཟ་རྡོར་འཕྱར་ནག །པུཀྐ་དམར་སེར་བྱིས་རྒྱུ་འདྲེན། །གྷསྨ་དུང་དམར་དཀྲུགས་འཐུང་ལྗང་། །སྨ་ཤ་མཐིང་ནག་བྱིས་སྙིང་ཟ། །ཙཎྜ་སེར་སྐྱ་མཆོག་ལུས་འདྲལ། །འབར་བའི༴ མཆོད་བཞེས༴ ཨ་ལ་ལ་ཧོཿ ཡུལ་མ་བརྒྱད་ཀྱི་ཕྱག་རྒྱ་ནི། །སིདྷ་ཁ་རོ་བསྣོལ་སེར་སེང་། །བྱ་གྷྲི་གནས་བལྟ་བསྣོལ་མར་སྟག །སྲི་གལ་ནག་མོ་བྱིས་ལྡག་ཝ། །ཤྭ་ན་འདྲལ་བལྟ་མཐིང་ག་སྤྱང་། །གྷྲྀ་ཌྡྷ་མགྲིན་དམར་རྒྱུ་འདྲེན་རྒོད། །ཀངྐ་ཀང་ཕྲག་སྣ་མགོ་རིང་། །ཀཱ་ཀ་ཁ་རོག་བྷན་གྲི་ནག །ཨུ་ལཱུ་ལྕགས་ཀྱུ་མཐིང་ཚོགས་འུག །འབར་བའི༴ མཆོད་བཞེས༴ ཨ་ལ་ལ་ཧོཿ སྒོ་མ་བཞི་ཡི་ཕྱག་རྒྱ་ནི། །རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན། །ཕག་གདོང་ནག་མོ་མཆེ་ཞགས་ཅན། །སེང་གདོང་དམར་མོ་ལྕགས་སྒྲོག་སྡོམ། །སྤྱང་གདོང་ལྗང་ནག་དྲིལ་འཁྲོལ་དགྱེས། །འབར་བའི༴ མཆོད་བཞེས༴ ཨ་ལ་ལ་ཧོཿ འཇིག་རྟེན་འདས་དང་མ་འདས་པའི། །ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཚངས་པ་དམར་སེར་པདྨ་བསྣམས། །ལྷ་ཆེན་དཀར་ལྗང་ཏྲི་ཤུ་ལ། །རྟོགས་འདོད་སྔོན་མོ་འཁོར་ལོ་འཆང་། །གཞོན་ནུ་དམར་མོ་མདུང་ཐུང་འཕེན། །བརྒྱ་བྱིན་དཀར་མོ་ཨིནྡྲ་གདེངས། །རྡོ་རྗེ་སེར་མོ་ཙནྡན་འཐུང་། །བདུད་རྩི་དམར་མོ་པདྨ་བསྣམས། །ཟླ་བ་དཀར་མོ་པུཎྜ་རི། །བེ་ཅོན་ལྗག་ནག་དབྱུག་ཏོ་ཕྱར། །སྲིན་མོ་དམར་མོ་དུང་ཁྲག་འཐུང་། །ཟ་བ་ལྗང་ནག་བ་སུ་འདྲེན། །དགའ་བ་དམར་མོ་ཀ་དར་ཕྱར། །སྟོབས་ཆེན་དཀར་མོ་གཤོལ་མདའ་འཛིན། །རྡོ་རྗེ་སེར་མོ་སྤུ་གྲིས་གཅོད། །འདོད་པ་དམར་མོ་མདའ་གཞུ་འགེངས། །ནོར་སྲུང་དམར་མོ་བུམ་པ་འཛིན། །རླུང་ལྷ་སྔོན་མོ་བ་དན་ཕྱར། །གསོད་བྱེད་དཀར་མོ་རལ་གྲི་འཛིན། །མ་མོ་དམར་མོ་གསལ་ཤིང་ཕྱར། །ཕག་གདོང་ནག་མོ་མཆེ་ཞགས་ཅན། །རྒན་བྱེད་དམར་མོ་ཞིང་ཆུང་ཟ། །སྣ་ཆེན་དཀར་ལྗང་ཐོད་ཁྲག་འཐུང་། །ཆུ་ལྷ་སྔོན་མོ་སྦྲུལ་ཞགས་ཅན། །རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན། རྡོ་རྗེ་སེར་མོ་ར་མགོ་ཞགས། །རྡོ་རྗེ་དམར་མོ་ལྕགས་སྒྲོག་སྡོམ། །རྡོ་རྗེ་ལྗང་ནག་དྲིལ་འཁྲོལ་དགྱེས། །འབར་བའི༴ མཆོད་བཞེས༴ ཨ་ལ་ལ་ཧོཿ འདི་ནི་རྒྱལ་བ་ཐམས་ཅད་ཀུན། །དགྱེས་པ་ཆེན་པོ་བསྐྱེད་པའི་ཕྱིར། །ཕྱག་རྒྱའི་མཆོད་པ་ཆེན་པོ་ཡིན། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཅེས་རིམ་པ་བཞིན་ལྷ་སོ་སོའི་ཕྱག་རྒྱ་བྱ་བ་སྟེ། དེ་ཡང་ཕྱག་རྒྱ་མདུན་དུ་བསྒྱུར་ནས་ཡབ་གཡོན་དང་ཡུམ་གཡས་སུ་འགྲོལ། དེའི་ཚེ་ལྷ་གང་དང་གང་གི་སྐུ་སྒྱུ་མ་ལྷ་བུར་གསལ་བ་ཕྱག་ཆེན། ས་བོན་བརྗོད་པ་ཆོས་རྒྱ། བཅའ་བ་དམ་རྒྱ། དགྲོལ་བ་ལས་རྒྱ་སྟེ་ཕྱག་རྒྱ་བཞིའོ། །དེ་ཡང་ཇི་སྐད་དུ་གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོའོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། ཀུན་བཟང་སོགས་ཞི་བ་དང་། ཆེ་མཆོག་སོགས་ཁྲོ་བོ་སོ་སོའི་བསྐྱེད་སྔགས་རྣམས་གཙོ་འཁོར་གྱི་འགྲོས་སྦྱར་ཏེ་ཇི་ལྟར་རིགས་པ་བཟླས་ནས། ཞེས་གསུངས་པ་ལ་བཟླས་པའི་གྲངས་ཀྱི་བཅུ་ཆ་བརྩི་ཚུལ་ནི། དཔེར་ན་བསྙེན་པ་ལྟ་བུའི་དུས་གཙོ་བོ་ཀུན་བཟང་ཡབ་ཡུམ་དང་། ཆེ་མཆོག་ཡབ་ཡུམ་རྣམས་འབུམ་ཚོ་རེ་རེ་ཙམ་ལ། རིགས་ལྔ་ཡབ་ཡུམ་དང་། ཁྲོ་བོ་ཡབ་ཡུམ་དགུ་ལ་ཁྲི་ཚོ་རེ་རེ་ཙམ་དང་། སེམས་དཔའ་བརྒྱད་ལ་སྟོང་ཕྲག་ལྔ་རེ། དེ་ཕྱིན་ཐམས་ཅད་སྟོང་ཕྲག་རེ། ཞི་ཁྲོ་སྤྱི་སྔགས་སོ་སོར་ཆིག་འབུམ་ཙམ་སྟེ་ཅི་ནུས་བཟླའོ། །ཡང་ཉིན་ཆོག་རྐྱང་པ་ལྟ་བུའི་སྐབས། གཙོ་བོ་ཡབ་ཡུམ་དང་། ཆེ་མཆོག་ཡབ་ཡུམ་བརྒྱ་རྩ་རེ། རིགས་ལྔ་དང་། ཁྲོ་བོ་དགུ་སུམ་ཅུ་རེ། སེམས་དཔའ་བརྒྱད་ཉི་ཤུ་རེ། དེ་ཕྱིན་ཐམས་ཅད་བཅུ་ཕྲག་རེ། ཞི་ཁྲོ་སྤྱི་སྔགས་ཅི་ནུས་རེ་བཟླས་བརྗོད་བྱའོ། །གསུམ་པ་ནི། བཟླས་པའི་སྐབས་ཀྱི་མཇུག་བསྡུའི་བསྟོད་པ་ལ། ཡང་ན་ཞི་ཁྲོའི་གཞི་བསྟོད་གཉིས་སྦྲེལ་ནས་བྱ་ཞིང་གསུངས་བ་སྤྲོ་བར་འདོད་ན་དེ་ལ་གཉིས། ཞི་བ་དང་། ཁྲོ་བོའོ། །དང་པོ་ནི། ཧཱུྃ། ཆོས་ཉིད་སྟོང་པའི་ངང་ལས་མ་གཡོས་ཀྱང་། །ཆོས་ཉིད་ཀུན་ཏུ་བཟང་པོ་འདུ་འབྲལ་མེད། །ཆོས་ཉིད་ཁྱབ་བརྡལ་ཆེན་པོའི་ཡེ་ཤེས་ཀྱི། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད། །རྣམ་ཤེས་རྣམ་དག་བཅོམ་ལྡན་རྡོ་རྗེ་སེམས། །ཞེ་སྡང་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང་། །མཐིང་ག་ཕྱག་ན་རྡོ་རྗེ་འབར་བ་བསྣམས། །ཐུགས་མཆོག་རྡོ་རྗེ་སེམས་ལ་ཕྱག༴ གཟུགས་ཕུང་རྣམ་དག་བཅོམ་ལྡན་རྣམ་སྣང་མཛད་། །གཏི་མུག་རྣམ་དག་མེ་ལོང་ཡེ་ཤེས་ངང་། །དུང་མདོག་ཕྱག་ན་འཁོར་ལོ་འབར་བ་བསྣམས། །སྐུ་མཆོག་རྣམས་སྣང་མཛད་ལ་ཕྱག༴ ཚོར་བ་རྣམ་དག་བཅོམ་ལྡན་རིན་ཆེན་འབྱུང་། །ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ངང་། །གསེར་མདོག་ཕྱག་ན་རིན་ཆེན་འབར་བ་བསྣམས། །ཡོན་ཏན་རིན་ཆེན་འབྱུང་ལ༴ འདུ་ཤེས་རྣམ་དག་བཅོམ་ལྡན་སྣང་མཐའ་ཡས། །འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་ངང་། །ལེ་བརྒན་ཕྱག་ན་པདྨ་འབར་བ་སྣམས། །གསུང་མཆོག་སྣང་མཐའ་ཡས་ལ༴ འདུ་བྱེད་རྣམ་དག་བཅོམ་ལྡན་དོན་ཡོད་གྲུབ། །ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ངང་། །ལྗང་གུ་ཕྱག་ན་རལ་གྲི་འབར་བ་བསྣམས། །ཕྲིན་ལས་དོན་ཡོན་གྲུབ་ལ༴ འབྱུང་བ་རྣམ་དག་རིགས་ཀྱི་ཡུམ་ཆེན་ལྔ། །ཀུན་བཟང་སྤྱན་མ་མཱ་ཀཱི་གོས་དཀར་སྒྲོལ། །ཐབས་ཀྱི་སྐུ་ལ་ཤེས་རབ་དགྱེས་འཁྲིལ་མ། །རིགས་ཀྱི་ཡུམ་ཆེན་ལྔ་ལ་ཕྱག༴ བསྐལ་བཟང་བྱང་ཆུབ་སེམས་དཔའ་བརྒྱད་རྣམས་ནི། །བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ། །ཡོན་ཏན་མི་ཟད་སྤྲུལ་པ་བསམ་ཡས་པའི། །སེམས་དཔའ་ཆེན་པོ་བརྒྱད་ལ༴ སྒེག་མོ་ཕྲེག་ཐོགས་རིན་ཆེན་གླུ་གར་ཅན། །བདུག་པ་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་བརྒྱད་ལ༴ ཡེ་ཤེས་སྒོ་བ་ཆེན་པོ་ཡབ་ཡུམ་བརྒྱད། །གཤིན་རྗེ་སྟོབས་ཆེན་རྟ་མགྲིན་བདུད་རྩི་འཁྱིལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །སྒོ་བ་ཡབ་ཡུམ་བརྒྱད་ལ༴ ཡེ་ཤེས་བཞི་ལས་རིགས་བཞིའི་ཕྲིན་ལས་ཀྱིས། །འཇིག་རྟེན་དྲུག་གི་བྱེ་བ་ཕྲག་བརྒྱ་རུ། །སྤྲུལ་པ་བྱེ་བ་ཕྲག་བརྒྱས་འགྲོ་དྲུག་གི། །དོན་མཛད་ཐུབ་པ་དྲུག་ལ༴ རྒྱལ་བ་སྲས་བཅས་བཞི་བཅུ་རྩ་གཉིས་ཀྱི། །ཆེ་བའི་ཡོན་ཏན་བརྗོད་ཀྱིས་མི་ལང་ཡང་། །ཡོན་ཏན་ཆ་ཤས་བརྗོད་པའི་བྱིན་རླབས་ཀྱིས། །རིག་འཛིན་སྔགས་འཆང་རྣལ་འབྱོར་བདག་ཅག་གི། །ལས་དང་ཉོན་མོངས་བག་ཆགས་གཏན་སྦྱངས་ནས། །ཚེ་འདི་ཉིད་ལ་རིག་འཛིན་ས་ཐོབ་སྟེ། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག །གཉིས་པ་ནི། ཧཱུྃ། ཆོས་ཉིད་མི་འགྱུར་ཀུན་གཞིའི་ཡེ་ཤེས་སྐུ། །ཡེ་ཤེས་གནས་གྱུར་ཆེ་མཆོག་ཧེ་རུ་ཀ །སྟོང་ཉིད་ཆོས་ཀྱི་དབྱིངས་ཕྱུག་གནམ་ཞལ་ཡུམ། །ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །དུས་གསུམ་མི་འགྱུར་རྣམ་ཤེས་རྡོ་རྗེའི་སྐུ། །ཞེ་སྡང་མཐར་ཕྱིན་བཛྲ་ཧེ་རུ་ཀ །དབྱིངས་ནས་རྒྱས་འདེབས་བཛྲ་ཁྲོས་པའི་ཡུམ། །བཛྲ་ཧེ་རུ་ཀ་ལ༴ མ་འགགས་རང་གསལ་གཟུགས་ཕུང་ཆོས་ཀྱི་སྐུ། །གཏི་མུག་མཐར་ཕྱིན་བུདྷ་ཧེ་རུ་ཀ །དབྱིངས་ནས་རྨོངས་སེལ་བུདྡྷ་ཁྲོས་པའི་ཡུམ། །བུདྡྷ་ཧེ་རུ་ཀ་ལ༴ ཟ་བྱེད་གཏེར་ཚོགས་ཚོར་བ་རིན་འབྱུང་སྐུ། །ང་རྒྱལ་མཐར་ཕྱིན་རཏྣ་ཧེ་རུ་ཀ །དབྱིངས་ནས་ཚེ་འཕེལ་རཏྣ་ཁྲོས་པའི་ཡུམ། །རཏྣ་ཧེ་རུ་ཀ་ལ༴ ཆགས་མེད་དག་པ་འདུ་ཤེས་པདྨའི་སྐུ། །འདོད་ཆགས་མཐར་ཕྱིན་པདྨ་ཧེ་རུ་ཀ །དབྱིངས་ནས་རྫོགས་བྱེད་པདྨ་ཁྲོས་པའི་ཡུམ། །པདྨ་ཧེ་རུ་ཀ་ལ༴ དོན་རྣམས་མཐར་ཕྱིན་འདུ་བྱེད་སྤྲུལ་པའི་སྐུ། །ཕྲག་དོག་མཐར་ཕྱིན་ཀརྨ་ཧེ་རུ་ཀ །དབྱིངས་ནས་ཟ་བྱེད་ཀརྨ་ཁྲོས་པའི་ཡུམ། །ཀརྨ་ཧེ་རུ་ཀ་ལ༴ སྐྱེ་གནས་རྣམ་བཞིའི་རྟོག་པ་གནས་གྱུར་སྐུ། །ཉོན་མོངས་མཐར་ཕྱིན་ཁྲག་འཐུང་རྣམ་པ་བཞི། །དབྱིངས་ནས་འཛིན་ཞེན་འཇོམས་མཛད་དབྱིངས་ཕྱུག་ཡུམ། །ཧེ་རུ་ཀ་བཞིའི་སྐུ་ལ༴ འཇིག་རྟེན་བཞད་པའི་དུར་ཁྲོད་གནས་བརྒྱད་ནས། །ཐུགས་མཆོག་རྣམ་དག་ཡེ་ཤེས་དཀར་མོའི་ཚོགས། །ཐུགས་རྗེ་ཆེན་པོས་རྣལ་འབྱོར་གྲོགས་མཛད་མ། །གནས་ཀྱི་ཀ་རཱི་བརྒྱད་ལ༴ ཡོན་ཏན་རྟགས་ཀྱི་དུར་ཁྲོད་གནས་བརྒྱད་ནས། །འཇིགས་བྱེད་རྩལ་འཕགས་སེང་གདོང་ཕྲ་མེན་ཚོགས། །ཐུགས་རྗེ་ཆེན་པོས་རྣལ་འབྱོར་གྲོགས་མཛད་མ། །ཡུལ་གྱི་ཕྲ་མེན་བརྒྱད་ལ༴ ཕྱིན་ཅི་ལོག་བཞི་དུར་ཁྲོད་གནས་བཞི་ནས། །ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་པའི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །ཡེ་ཤེས་སྒོ་མ་བཞི་ལ༴ ལྷ་ཆེན་རྣམས་ཀྱི་ཆུང་མ་དབང་མོའི་ཚོགས། །འཁོར་བའི་ཆོས་ལ་མངའ་བརྙེས་སྲིན་མོའི་གཟུགས། །མྱ་ངན་འདས་པ་སྤྲུལ་སྐུ་མགོ་བརྙན་ཅན། །དབང་ཕྱུག་ཉི་ཤུ་བརྒྱད་ལ༴ ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་འབར་བའི་སྐུར་སྟོན་པ། །ཁྲག་འཐུང་རོལ་པའི་ལྷ་ཚོགས་ལྔ་བཅུ་བརྒྱད། །གདོད་ནས་མ་སྐྱེས་རང་བྱུང་གྲུབ་པའི་ལྷ། །ཚེ་རབས་སྔོན་ནས་བསྒྲུབ་པའི་འཕྲོ་མཆིས་ཀྱི། །ད་ལྷ་ཉིད་དུ་བདག་ལ་མངོན་གྱུར་ཅིག། །།

ན་རག་དོང་སྤྲུགས་ཀྱི་ཆོ་ག་བདེ་ཆེན་ལམ་བཟང་། འགྱུར་མེད་རྡོ་རྗེ།

ན་རག་དོང་སྤྲུགས་ཀྱི་ཆོ་ག་བདེ་ཆེན་ལམ་བཟང་ཞེས་བྱ་བ་བཞུགས་སོ། །ན་རག་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་ཆེན་པོའི་ཆོ་ག་བདེ་ཆེན་ལམ་བཟང་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །དྲིན་ཆེན་བླ་མ་མཆོག་དང་དབྱེར་མེད་གང་། །བགྲང་ཡས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷར། །མངོན་པར་སྣང་མཛད་དེ་ལ་ཕྱག་འཚལ་ལོ། །ཐེག་མཆོག་གསང་ཆེན་ལྷ་སྔགས་རྣལ་འབྱོར་གྱིས། །སྤང་བྱའི་སྒྲིབ་ཀུན་སྦྱངས་ནས་ཡེ་ཤེས་ལྷའི། །འཁོར་ལོར་རྒྱས་འདེབས་བྱེད་པ་རྣལ་འབྱོར་སྤྱིའི། །ཆོ་ག་བདེ་ཆེན་ལམ་བཟང་འདིར་གསལ་བྱ། །དེ་ལ་འདིར་དཔལ་རྡོ་རྗེ་སེམས་དཔའ་གསང་ཆེན་རིགས་གཅིག་གི་སྒོ་ནས་ཉམས་སུ་ལེན་པའི་ཚུལ་ལ་དོན་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས་ཏེ། ཐུན་མོང་དང་། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ལའང་ལྔ་ལས། དང་པོ་བསང་ཆུ་སྒྲུབ་པ་ནི། བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ། མ་སཱུརྻ་མཎྜ་ལ། ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ་ཕཊ། འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ༀ་བཛྲ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། ཁྲོ་མོ་དབྱིངས་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ༀ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཱཾ་ཤོ་དྷ་ཡ་ༀ་ཨཱཿཧཱུྃ་ཧྲཱིཿཋཱ། བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པས། ཁྲོ་མོ་དབྱིངས་ཕྱུག་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམས། ༀ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཱཾ་ཤྭ་དྷ་ཡ་ཧཱུྃ་ཕཊ། ཅེས་བདག་དང་གནས་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱ་ཞིང་། ཐོག་མཐའ་ཀུན་ཏུ་གསང་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། །གཉིས་པ་གཞི་བགེགས་ཀྱི་གཏོར་མ་ནི། གཏོར་མ་དཀར་དམར་རྒྱན་ལྡན་གཉིས་བཤམས་པ་བསང་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ་ལ། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། གཏོར་མ་དང་པོ། སྠ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱོན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་གསོལ། གཏོར་མ་གཉིས་པ། ༀ་སརྦ་བིགྷྣཱཾ་ནམཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ཀྱིས་བསྔོས་ལ། ཧཱུྃ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བསྐངས་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་ཁྲོ་བོའི་ཚོགས་རྣམས་ཀྱིས། །དེ་མ་ཐག་ཏུ་བཀས་ནས་ནི། །བདུན་བརྒྱུད་རིགས་ཀྱང་བརླག་པར་འགྱུར། །ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་སོགས་བརྗོད་ཅིང་། ཐུན་གྱིས་བྲབ། གུ་གུལ་གྱིས་བདུག །རོལ་མོའི་ཚམ་རྔམས་དང་བཅས་པས་བསྐྲད་དེ་གཏོར་མ་ཕྱིར་དོར། གསུམ་པ་རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ་ནི། དཀྱིལ་འཁོར་གྱི་གཞི་ལ་བ་བྱུང་གིས་བྱུག །དྲི་བཟང་དང་བདུད་རྩི་ལྔས་ཆག་ཆག་བཏབ་ལ། ཐིག་སྐུད་དྲི་ཞིམ་པའི་ཐིག་ཆལ་གྱིས་སྤགས་པ་འདུ་བྱས་ནས། བདག་ཉིད་དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་དུ་གསལ་བ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཐིག་སྐུད་དང་རོ་གཅིག་པ་ཡེ་ཤེས་ལྔའི་ངོ་བོར་སྤྲོས་པར་བསམ་ཞིང་། ༀ་ཨཱཿཧཱུྃ་ཧཱུཾ་ༀ་སྭཱ་ཨཱཾ་ཧཱ། ཞེས་བརྗོད་ཅིང་གཏད་ལ། དང་པོར་ཤར་ནུབ་གྱི་ཚངས་ཐིག་གདབ་པ་ནས་བཟུང་ཐིག་ཆེན་བརྒྱད་པོ་དཀྱིལ་འཁོར་གྱི་མཁའ་ལ་གདབ་ཅིང་། དེ་བཞིན་དུ་ས་ལ་ཡང་གདབ་སྟེ། སྔགས་ནི། ༀ་ཛྙཱ་ན་ཙཀྲ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་པ་ཁོ་ནས་སོ། །ཚུལ་དེས་གཞལ་ཡས་ཁང་ཕྱིའི་ཁོག་རྟ་བབས་བརྒྱད་པ་སྒྱུ་འཕྲུལ་ཞི་བ་ལྟར་ལས། འོག་གཞི་འཁོར་ལོའི་དོན་དུ་སྣ་ཚོགས་རྡོ་རྗེ་དང་། རྡོ་རའི་ནང་དུ་དུར་ཁྲོད་ཀྱི་འཁོར་ཡུག་བསྐོར་ཞིང་། ནང་གི་ལྷ་གནས་ལྟེ་བ་ནས་རྩ་ཐིག་གི་བར་ཆ་དྲུག་ཏུ་བགོས་པའི་དུམ་བུ་དང་པོ་པདྨའི་ལྟེ་བ་མུ་ཁྱུད་དང་བཅས་པ། གཉིས་པ་འདབ་བཞི། གསུམ་པ་འདབ་བརྒྱད། བཞི་པ་བཅུ་དྲུག །ལྔ་པ་སོ་གཉིས། དྲུག་པ་བཞི་བཅུ་མུ་ཁྱུད་དང་བཅས་པ་སྟེ་པད་མ་འདབ་བརྒྱའི་དཀྱིལ་འཁོར་བྱ་བ་རྣམས་ནི་ཁྱད་པར་རོ། །དེ་ནས་ཚོན་ལྔ་མདོག་རིགས་སྡེབས་པ། སོ་སོའི་གནས་སུ་ཧཱུྃ་ༀ་སྭཱ་ཨཱཾ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་གྱུར་པ་རྣམས་བདག་ཉིད་ཀྱི་སྐུ་ལ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ཚོན་རྩི་རྣམས་ལ་ཐིམ་པར་གྱུར། ས་བོན་བཅུ་པོ་དང་། ༀ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུྃ་ཧཱུྃ། ཞེས་ཅི་ནུས་བཟླས་པའི་མཐར། ཧཱུྃ་ཞེས་བརྗོད་པས་རིན་པོ་ཆེའི་རྡུལ་ཕྲ་རབ་ཀྱི་རྡུལ་ཚོན་འབར་བར་བསམ་ནས། དབུས་ཀྱི་ལྟེ་བ་མཐིང་ག་ཟེའུ་འབྲུ་ལྗང་གུ་ལ་འདབ་བཞི་དཀར་སེར་དམར་ལྗང་སྟེ་ཕྱོགས་ཚོན། འདབ་བརྒྱད་ནས་འདབ་མ་བཞི་བཅུ་པའི་བར་ཐམས་ཅད་ལྷ་སོ་སོའི་ཁ་དོག་གམ་མཛེས་ཚོན། མུ་ཁྱུད་སྟེང་གི་གདུང་ཟླུམ་མཚོན་བྱེད་ཀྱི་མཐིང་ག་རྡོ་རྗེའི་ཕྲེང་བ་ཅན། འོག་གཞིའི་སྣ་ཚོགས་རྡོ་རྗེའི་ར་ཕྱོགས་མདོག །དུར་ཁྲོད་ཀྱི་གཞི་ནག་པོ་ལ་དེའི་ཆོས་ཀྱིས་འཇིགས་པར་བཀྲ་བ། ཚོན་ཐོབ་ལྷག་མ་སྒྱུ་འཕྲུལ་ཞི་བ་དང་མཐུན་པར་བྱ་ཞིང་། ལྷའི་གནས་རྣམས་སུ་སྐུའམ་ཡིག་འབྲུ་ཕྱག་མཚན་ནམ་ཐིག་ལེ་རྣམས་ལྷའི་ཁ་དོག་དང་། མཐུན་པར་ཇི་ལྟར་རིགས་པ་དགོད། ཐིག་ཚོན་གྱི་ལས་ཟིན་པ་ན་ཡེ་ཤེས་པ་མཆོད་ནས་བཛྲ་མུཿས་གཤེགས་སུ་གསོལ། དེ་དག་ནི་དཀྱིལ་འཁོར་གྱི་ཁང་པ་རྙིང་པར་སྐབས་འགའ་ཞིག་ཏུ་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་བདེ་བའི་དབང་དུ་བྱས་པའོ། །བཞི་པ་བུམ་པ་བཤམ་པ་ནི། དཀྱིལ་འཁོར་གྱི་དབུས་བུམ་པ་ནང་བཅུད་ཅན་མགུལ་ཆིངས་སོགས་ཆས་སུ་བཅུག་པ་ཁ་རྒྱན་དང་བཅས་མཉྫའི་སྟེང་དུ་དགོད་དོ། །ལྔ་པ་མཆོད་རྫས་བཤམ་པ་ནི། དཀྱིལ་འཁོར་གྱི་མཐའི་ནང་རིམ་ལ་སྨན་གཏོར་རཀྟ་མར་མེ་སྟེ་བསྐང་རྫས་རྣམས་བརྒྱ་ཡན་ཆད་ཀྱི་ཕྲེང་བ། དེའི་ཕྱི་རིམ་ལ་བདུག་སྤོས། མེ་ཏོག །མར་མེ། དྲི་ཆབ་རྣམས་ཀྱང་ལྷ་གྲངས་དང་མཉམ་པའམ་ཇི་ཙམ་འབྱོར་པ་དང་། གཞན་ཡང་རིགས་བརྒྱའི་གཏོར་ཟླུམ་མཐེབ་ཀྱུས་བསྐོར་བ་དང་བཀའ་སྲུང་སྤྱི་སྒོས་ཀྱི་གཏོར་མ་དང་བཅས་པའི་གཡས་གཡོན་དུ་སྨན་རག །མཁའ་འགྲོ་མ་གཏོར་མའི་དབང་གི་ཟླུམ་གཏོར་རྒྱན་ཅན་ཞིག་ཀྱང་སྟེགས་ལ་བཀོད། ཉེ་འཁོར་ཀུན་ཏུ་ཚོགས་ཀྱི་ཡོ་བྱད། རོལ་མོའི་ཁྱད་པར། བླ་རེ། རྒྱལ་མཚན་བ་དན་སོགས་བཀོད་པས་མཛེས་པར་བརྒྱན། སློབ་བུ་གཅིག་དོང་སྤྲུགས་འདོན་དུའང་གཞུག །གྲལ་ཕྱག་དང་ཚུལ་ཕྱག་སྔོན་དུ་འགྲོ་བས་སྒྲུབ་པ་པོ་ཐམས་ཅད་སྟན་ལ་འདུག་སྟེ་རོལ་མོས་བྱིན་དབབ་པ་རྣམས་བྱའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་དྲུག་ལས། དང་པོ་རྒྱུད་སྦྱང་བ་ནི། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿས་སད་པར་བྱས་ལ། བདག་དང་མཁའ་མཉམ་སེམས་ཅན་རྣམས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱིས་ལུས་དབུལ་ལོ། །ཚེ་རབས་འགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་ལ་སོགས་པས་རྒྱུད་དག་པར་བྱས་ནས། ཚོགས་ཞིང་རྣམས་རང་ལ་བསྡུས་ཏེ་ཆོས་དབྱིངས་ཀ་དག་གི་ཀློང་དུ་མཉམ་པར་བཞག་གོ། །གཉིས་པ་མཚམས་བཅད་པ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི །དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་དང་དྲིལ་བུ། གཉིས་པས་རྩེ་ལྔ་དང་བྷཉྩ། གསུམ་པས་ཞིང་དབྱུག་དང་འཇིག་རྟེན་འདེགས་པའི་ཚུལ་ཅན། ཞབས་བཞི་གཡས་བརྐྱང་པའི་དོར་སྟབས་ཀྱིས་རུ་དྲ་ཕོ་མོ་བྱི་ཆིངས་སུ་བསྣོལ་བ་མནན་པ། ཡུམ་རྡོ་རྗེ་ཁྲོ་མོའི་དབང་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་པས་དུང་ཁྲག་ཞལ་དུ་སྟོབ་པ། ཞིང་གི་གཡང་གཞི། གླང་ཆེན་གྱི་ཀོ་རློན། སྟག་ལྤགས་ཀྱི་ཤམ་ཐབས། ཀླུ་རིགས་ལྔའི་སྦྲུལ་རྒྱན། ཐོད་པ་སྐམ་རློན་ཚལ་བུའི་དབུ་རྒྱན་སེ་རལ་དཔུང་རྒྱན་དང་བཅས་པ། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། སྨིན་མཚམས་སུ་རཀྟའི་ཐིག་ལེ། །མགྲིན་པར་ཞག་གི་ཟོ་རིས་ཏེ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་སྤྲས་པ། ཁྱད་པར་ཡུམ་ལ་གཟིག་གི་པགས་པའི་ཤམ་ཐབས་ཅན། ཤིན་ཏུ་གཏུམ་ཞིང་ཁྲོས་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་བརྗོད་པས། ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་ཁྲོ་བོོ་འཆོལ་པ་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པ་དཔག་ཏུ་མེད་པ་སྤྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་གང་། བདུད་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་ཟིལ་གྱིས་མནན་པས་ཐམས་ཅད་འཇིགས་ཤིང་སྐྲག་ནས་བག་འཁུམས་ཏེ་གནས་པར་གྱུར་པ་ལ། ཧཱུྃ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །ཞེས་པ་ནས། བདུན་བརྒྱུད་རིགས་ཀྱང་བརླག་པར་འགྱུར། །ཞེས་པའི་བར་དང་། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་ས རྦ་དུཥྚཱཎྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་བསྐུལ་བས། ཁྲོ་བོའི་ཚོགས་ནམ་མཁའ་གང་བ་རྣམས་ཀྱིས་གསང་སྤྱོད་བལྟ་བར་མི་དབང་བའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་བསྡིགས་བསྐྲད་བརླག་པར་བྱས། བཛྲ་པཉྩ་རཾ་ཡཾ་ཁཾ། ཁྲོ་བོའི་ཚོགས་རྣམས་སླར་འདུས། ཁྲོ་བོའི་རང་བཞིན་གྱི་རྡོ་རྗེའི་གུར་ཁང་ཆེན་པོར་གཏམས་པའི་ཕྱི་རོལ་ཀུན་ནས་བསྐལ་པའི་མེ་དཔུང་། དུས་མཐའི་རླུང་ནག །རྒྱ་མཚོའི་རྦ་རླབས་འཁྲུགས་པའི་རྭ་བ་གསུམ་རིམ་གྱིས་ཕྱོགས་ཀུན་གང་བས་མཚམས་བཅད་དེ་ཅིས་ཀྱང་མི་ཤིགས་པར་གྱུར། གསུམ་པ་བཤགས་པ་བྱ་བ་ནི། བཛྲ་ས་མཱ་ཛཿས་བཤགས་ཡུལ་རྒྱལ་བ་ཞི་ཁྲོ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བཤགས་སྡོམ་གྱིས་བསམ་པ་རྩེ་གཅིག་པས། ཧཱུྃ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་རབ་འབྱམས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པ། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་གྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་པ་ལ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཧཱུྃ་ཐུགས་རྗེ་གདུང་འཚོབ་རིག་འཛིན་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་ནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་། །དོན་ལས་གོལ་ཞིག་ལྡོག་སེམས་མ་མཆིས་ཀྱང་། །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་ལས་བྱུང་ཞིང་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་པ་དང་། །མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི། །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱིས་སྒྲིབ་གྱུར་རྣམས། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་བརྩེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ། །དམིགས་མེད་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །དོན་དམ་དམིགས་མེད་སྤྲོས་ལས་འདས་པས་ན། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང་། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པར་མཆིས་ན་རབ་གནོང་བཟོད་པར་གསོལ། །ཞེས་པས་སྡིག་སྒྲིབ་ཐམས་ཅད་ཡེ་ནས་རང་བཞིན་མེད་པའི་དབྱིངས་སུ་དག་པར་བསམ་མོ། །བཞི་པ་དམ་བཅའ་བ་ནི། རྡོ་རྗེ་རྩེ་གཅིག་པའི་རྒྱ་སྙིང་གར་བཅིངས་ཏེ་ལྷག་པའི་བསམ་པ་བརྟན་པོས། ༀ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་བདག་སྒྲུབ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པ། །སུན་པར་མི་བགྱི་མགོན་ཁྱོད་བསླུ་མ་ལགས། །སྙིང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབ་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱེད་ནི་ཡོངས་མི་སྤོང་། །རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང་། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུང་། །འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་གནས་པར་སྤྲོ། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི། །སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན། །ཇི་སྲིད་ངན་སོང་སྟོངས་པར་མ་གྱུར་པ། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཤེས་རབ་ཐབས་ཀྱི་འགྲོ་བའི་དོན་བགྱིད་པ། །སྙིང་རྗེའི་ལོངས་སྤྱོད་དེ་ལས་མ་མཆིས་པས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང་། །ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །འགྲོ་ལ་ཐུགས་རྗེ་དཔལ་གྱི་མགུར་ནས་གསུངས། །རྣལ་འབྱོར་དམ་ཆོས་བདུད་རྩི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུག་པར་མ་མཆིས་པར། །ཇི་ལྟར་འཚམས་པ་བཞིན་དུ་རྒྱས་པར་བགྱི། །སྲིད་པར་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང་། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མི་མིན་གདུག་པ་གང་ཡང་རུང་། །བདག་གིས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་མེད་དང་། །རྡོ་རྗེ་རྒྱལ་པོ་ཁྱོད་ལ་བརྟེན་ནས་ནི། །སངས་རྒྱས་ཞིང་སྦྱང་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །བདག་ནི་འཕགས་མཆོག་ཕྱག་རྒྱར་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། །ཁྱེད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་སོགས་མེ་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་དུ་བདག་མཆི་ན། །དམ་པ་རྣམས་ནུས་ཀྱིས་མཐུ་སྩལ་དུ་གསོལ། །ལྔ་པ་བྱིན་དབབ་ནི། ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་མཁའ་ཁྱབ་ཏུ་སད་པར་བྱས་ཏེ། ༀ་ཧཱུྃ་ཨ་ལ་ལ་ཧོཿ བྷ་ག་ཝཱན་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པའི་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་པའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །སྤོས་སྲེག་ཅིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བསྡུས་པས། མཁའ་ཁྱབ་ཀྱི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་རྣམས་ལ་ཐིམ་སྟེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་བྱིན་གྱིས་བརླབ་པར་བསམ་མོ། དྲུག་པ་མཆོད་རྫས་བྱིན་གྱིས་རློབ་པ་ནི། མཆོད་རྫས་རྣམས། ༀ་མ་ཧཱ་ཀྲོ་དྷཱི་ཤྭ་རཱིས་བསང་། ༀ་མ་ཧཱ་ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་རང་ཉིད་རྡོར་སེམས་སུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཨ། དྷཱུ། པུ། ཨཱ། གན་རྣམས་འཕྲོས། སྥ་ར་ཎ་ཕཊ། ནམ་མཁའི་ཁམས་ཐམས་ཅད་ཁྱབ། སཾ་ཧ་ར་ཎ་ཧཱུྃ། འཁོར་འདས་ཀྱི་རྩི་བཅུད་ཐམས་ཅད་བསྡུས་ནས་མཆོད་རྫས་རྣམས་ལ་ཐིམ་པར་གྱུར། ན་མཿས་མནྟ་བུདྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སཱ་ཧཱ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲིཿ གནྡྷེ་གན། བདེ་མཆོག་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རོལ་པ་ལས། རྡོ་རྗེ་ཞབས་བསིལ་མ་ལ་སོགས་པ་མཆོད་པའི་ལྷ་མོ་ཁྲུས་གཞོང་དང་། སྤོས་ཁང་མནྡྷ་རའི་མེ་ཏོག་ལ་སོགས་པ་ཐོགས་པ་ནམ་མཁའ་གང་བ་རྣམས་སུ་གྱུར་པར་བསམ་པས་བྱིན་གྱིས་བརླབས། བདུད་རྩི་བསང་། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་བྷྲཱུཾ་ཆད། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུཾ། བདུད་རྩིའི་སྣོད་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་མི་ཤ་དང་བྱང་སེམས་དཀར་པོ། ཤར་དུ་བ་ལང་གི་ཤ་དང་དྲི་ཆེན། ལྷོར་ཁྱི་ཤ་དང་ཤ་ཆེན། ནུབ་ཏུ་རྟ་ཤ་དང་རཀྟ། བྱང་དུ་གླང་པོ་ཆེའི་ཤ་དང་དྲི་ཆུ་རྣམས་ཀྱི་སྟེང་དུ་རིམ་པ་བཞིན། ཧཱུཾ་མཱུཾ། ༀ་ལཱཾ། སྭཾ་མཱཾ། ཨཱཾ་པཱཾ། ཧཱ་ཏཱཾ་རྣམས་ཀྱིས་མཚན་པར་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་བ་ལས། རྡོ་རྗེ། འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲི། སོ་སོའི་རིགས་ཀྱི་དྲིལ་བུ་རྣམས་སུ་གྱུར། ཧཱུཾ་བཛྲ་དྷྲིཀ྄ །མཱུཾ་དྷཱ་ཏྭེ་ཤྭ་རཱི། དབུས་སུ་མི་བསྐྱོད་པ་ཡབ་ཡུམ་མཐིང་ག །ༀ་ཛིན་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། ཤར་དུ་རྣམ་སྣང་ཡབ་ཡུམ་དཀར་པོ། སྭཱཾ་རཏྣ་དྷྲིཀ྄ །མཱཾ་མོ་ཧ་ར་ཏི། ལྷོར་རིན་འབྱུང་ཡབ་ཡུམ་སེར་པོ། ཨཱཾ་ཨཱ་རོ་ལིཀ྄ །པཱཾ་རཱ་ག་ར་ཏི། ནུབ་ཏུ་སྣང་མཐའ་ཡབ་ཡུམ་དམར་པོ། ཧཱཾ་པྲ་ཛྙཱ་དྷྲིཀ྄ །ཏཱཾ་བཛྲ་ར་ཏི། བྱང་དུ་དོན་གྲུབ་ཡབ་ཡུམ་ལྗང་ཁུ་རྣམས་སུ་གྱུར། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ་ཧཾ། ཨ་ནུ་རཱ་ག་མྱེ། ཛཿ་ཧཱུཾ་བཾ་ཧོཿ བོ་དྷི་ཙིཏྟ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། རིགས་ལྔ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བས་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་ༀ་གྱིས་མཚན་པའི་ཁ་གཅོད་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར། ༀ་པདྨཱནྟ་ཀྲྀཏ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧཱུཾ་ཕཊ། རྟ་མགྲིན་དམར་པོ་པདྨ་དང་རྡོ་རྗེ་རྒྱ་གྲམ་འཛིན་པ་ལྟེ་བ་ཡན་ཆད་ཐོན་པ། རྭ་བཞི་ལ། ཤར་དུ་མི་ཕམ་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོར་ཁྲོ་གཉེར་མ་སེར་མོ་ཞགས་པ་འཛིན་པ། ནུབ་ཏུ་རོ་ལངས་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་དུ་རལ་གཅིག་མ་ལྗང་གུ་དྲིལ་བུ་འཛིན་པ། ༀ་གྱི་འོད་ཟེར་གྱིས་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བཀུག །དམ་ཚིག་ནི་བདུད་རྩི་དང་གཉིས་སུ་མེད་པར་གྱུར་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། གཡོན་པའི་མཐེབ་སྲིན་གྱི་རྡོ་རྗེས་བདུད་རྩི་ལ་རེག་སྟེ། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ། ཞེས་བརྒྱ་རྩ་ཙམ་བཟླས་ཤིང་མཐར་གཡོན་བསྐོར་དུ་དཀྲུགས་ཏེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་པས། ཡུམ་བཞི་བདུད་རྩི་ལ་ཐིམ་པར་བསམ་མོ། །གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་པདྨ་བ་ལིཾ་ཏ་བི་ཤྭ་ཙཀྲ་བྷྲཱུཾ། གཏོར་གཞོང་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ལ་ༀ་གྱིས་མཚན་པར་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ༀ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བཱ་དྱཱ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ལན་བདུན་བརྗོད་པས། གཟུགས་རྡོ་རྗེ་མ་ལ་སོགས་ལྷ་མོ་ནམ་མཁའ་གང་བས་འདོད་ཡོན་དཔག་ཏུ་མེད་པར་སྤྲོ་བའི་བདག་ཉིད་དུ་གྱུར་པར་བསམ། རཀྟ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་བྷཉྫ་ཀ་པཱ་ལ་བྷྲཱུཾ། དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རཀྟ་ལ་ར་ཡིག་དམར་པོས་མཚན་པར་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ༀ་མ་ཧཱ་རཀྟ་ཛྭ་ལ་མཎྜ ལ་ཧཱུཾ་ཧྲཱིཿཋཱ། ཆགས་མེད་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུག་པས་ནམ་མཁའ་གང་བར་བསམ་མོ། །གཉིས་པ་དངོས་གཞི་ལ། ཁྱད་པར་གྱི་སྦྱོར་བ་སེམས་བསྐྱེད་པ་དང་། ཏིང་ངེ་འཛིན་གྱི་རིམ་པ་དངོས་གཉིས། དང་པོ་ལ། ཀུན་རྫོབ་དང་། དོན་དམ་གཉིས་ལས། ཀུན་རྫོབ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ཤེས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དོན་དམ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་ཀྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་པས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱིས་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །གཉིས་པ་ཏིང་ངེ་འཛིན་གྱི་རིམ་པ་དངོས་ལ། སྡིག་སྒྲིབ་སྦྱོང་བའི་རིམ་པ་དང་། ཚོགས་བསག་པའི་རིམ་པ་གཉིས། དང་པོ་ལ། ཏིང་ངེ་འཛིན་གྱིས་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། རང་བཞིན་གྱི་དཀྱིལ་འཁོར་དང་གཉིས་མེད་དུ་བྱ་བ། སྡིག་སྒྲིབ་སྦྱོང་བའི་ལས་ལ་སྦྱར་བའོ། །དང་པོ་ལའང་གསུམ་ལས། དེ་བཞིན་ཉིད་ནི། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་པའོ། །འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བ་སྟོང་པ་ཉིད་དུ་བསྒོམ། ཀུན་སྣང་ནི། དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །དེ་བཞིན་ཉིད་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་པའོ། །རྒྱུའི་ཏིང་འཛིན་ནི། དངོས་པོ་མེད་ལས་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །ཞེས་པས། རང་རིག་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ཨ་དཀར་པོའི་རྣམ་པར་བསྒོམ་པའོ། །གཉིས་པ་ལ། རྟེན་གཞལ་ཡས་ཁང་བསྒོམ་པ་དང་། བརྟེན་པ་ལྷ་བསྒོམ་པ་གཉིས་ལས། དང་པོ་ནི། སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པར་གསལ་བ་ལས། ཨེ་ཡཾ་ཝཾ་ལཾ་སུཾ་རཾ་རྣམས་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཨེ་ལས་ནམ་མཁའ་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་གཡོ་བའི་བ་དན་གྱིས་མཚན་པ། ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། སུཾ་ལས་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྱི་རི་རབ་ཟུར་བཞི་པ། རཾ་ལས་མེའི་ཁོར་ཡུག་ནམ་མཁའི་མཁའ་ཀླས་པར་འབར་བའོ། །རི་རབ་ཀྱི་སྟེང་དུ་རྒྱུའི་ཨ་ལས་བྷྲཱུཾ་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བྷྲཱུཾ་བི་ཤྭ་བི་ཤུདྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜལ་བྷྲཱུཾ། བྷྲཱུཾ་ཡིག་ཡོངས་སུ་གྱུར་པ་ལས་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་མཐིང་དཀར་སེར་དམར་ལྗང་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་རིན་པོ་ཆེ་སྣ་ཚོགས་པས་བཀྲ་བ་འཕྱར་ཐབས་སུ་བཀོད་པའི་མཐར་མུ་ཏིག་གི་མགུལ་འཁོར་འཕྱང་བ། དེའི་སྟེང་དུ་བྲེ་ཕུལ་གྱི་སྣམ་བུ་ལ་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་མ་ཀ་རའི་ཁ་ནས་རིན་པོ་ཆེའི་དྲྭ་བ་དང་དྲ་བ་ཕྱེད་པ། དར་དང་རྔ་ཡབ། དྲིལ་བུ་དང་མེ་ལོང་། ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་མཛེས་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། སྟེང་ངོས་སུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན། དེ་དག་གི་བར་བར་དུ་བུམ་པ་ལ་གནས་པའི་རྒྱལ་མཚན་དང་། བ་དན་བརྒྱད་བརྒྱད་དང་། ཟུར་བཞིར་རྣམ་པར་བཀྲ་བའི་གདུགས་ཀྱིས་བརྒྱན་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་གཟུགས་རྡོ་རྗེ་མ་སོགས་ལྷ་མོ་རྣམས་ཀྱིས་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་བརྒྱན་པ། སྒོ་ལོགས་ཀྱི་ཕྱི་ཟུར་བཞི་ནས་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བརྒྱད་པ་བསིལ་ཁང་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་གདུགས་ཀྱིས་ཕུབ་པ་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། གཞན་ཡང་གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་པ་དང་། གསེར་གྱི་དྲིལ་བུ་ལ་སོགས་པས་བརྒྱན་པ། སྒོའི་གཡས་གཡོན་གྱི་གཞི་ལ་ཏཱ་ལའི་ལྗོན་པ་དང་། དཔག་བསམ་གྱི་ཤིང་ལ་བཀྲ་ཤིས་པའི་བྱ་སྙན་པར་སྒྲོག་པ་སྣ་ཚོགས་གནས་པ། ཤིང་དེ་དག་ཀྱང་གསེར་གྱི་ཐ་གུས་བྲེས་ཤིང་དྲིལ་བུ་དང་གཡེར་ཁ་ཆོས་ཀྱི་སྒྲ་སྙན་པར་འཁྲོལ་བ ས་མཛེས་པ། ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་རྫིང་བུ་ལ་ལྷ་མོ་སྣ་ཚོགས་བདེ་བར་རྩེ་བ། རིན་པོ་ཆེའི་ཕུང་པོ་འོད་འབར་བ་རེ་རེ་སྟེ་བརྒྱད་དང་། གཞན་ཡང་རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་པའི་རྫས་བརྒྱད་སོགས་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པར་བྱས་པའོ། །གཞལ་ཡས་ཁང་གི་ནང་བར་ཁྱམས་གྲུ་བཞི་པ་གྲུ་ཆད་དང་བཅས་པས་བསྐོར་བའི་ཕྱོགས་བཞི་ནས་རིགས་ཀྱི་མཚན་མ་ཅན་གྱི་ཀ་བ་གཉིས་གཉིས་ཏེ་བརྒྱད་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་ཟླུམ་དང་། གདུང་ཆེན་བཞིས་མིག་མང་རིས་སུ་བྲིས་པས་མཛེས་པར་ཕུབ་པའི་དབུས་ཕྱུར་བུར་རྩེ་མོ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པ། སྟེང་འོག་ཐམས་ཅད་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བ་དྭངས་ཤིང་སྒྲིབ་པ་མེད་པར་ཀུན་ཏུ་གསལ་བ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་རྫོགས་པ། དེའི་ཕྱི་རོལ་དུ་རྡོ་རྗེ་བསྲུང་བའི་གུར་ཁང་འབར་བ་མེའི་འོད་ཟེར་ཀུན་ཏུ་འཕྲོ་བས་ཡོངས་སུ་བསྐོར་བའོ། །གཞལ་ཡས་ཁང་གི་དབུས་སུ་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ། པཾ་པདྨ་མཎྜལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜལ། པད་ཉི་ཟླ་བའི་གདན་ཆ་ཤས་ཡོངས་སུ་རྫོགས་པར་བསམ་མོ། །གཉིས་པ་བརྟེན་པ་ལྷ་བསྒོམ་པ་ལ། ལྷ་བསྐྱེད་པ་དངོས་དང་། བྱིན་གྱིས་བརླབ་པ། དབང་བསྐུར་བའོ། །དང་པོ་ནི། རང་གི་སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པར་གསལ་བ་ཟླ་བའི་གདན་གྱི་སྟེང་དུ་བབས། དེ་ཡོངས་སུ་གྱུར་པ་ལས་ཧཱུྃ་ཡིག་མཐིང་ག་ཡེ་ཤེས་ལྔའི་འོད་ཟེར་འབར་བ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲི་ཧཱུྃ། དེ་རྡོ་རྗེར་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཧཱུཾ་བཛྲ་དྷྲིཀ྄ །རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས། རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ཀ །མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི། གཡས་དང་པོ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དང་པོ་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། བར་པ་གཉིས་འཁོར་ལོ་དང་རིན་པོ་ཆེ། ཐ་མ་གཉིས་ཀྱིས་པདྨ་དང་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། ཞབས་གཉིས་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཡབ་ཀྱི་ཐུགས་ཀ་ནས་མཱུཾ་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། གྷཎྜ། དེ་དྲིལ་བུར་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། མཱུཾ་དྷཱ་ཏྭེ་ཤྭ་རཱི། ཡབ་ཀྱི་གཡོན་ཕྱོགས་ཉེ་བའི་འཕང་དུ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ་ཕྱག་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་རྡོ་རྗེ་ཐུགས་ཀར་འཛིན་པ། བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀའང་ལྷ་རྫས་ཀྱི་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་། ཚི་གུའི་སྨད་དཀྲིས། ཁ་དོག་སྣ་ཚོགས་པའི་ཅོད་པན། ཟི་ལྡིར། གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན། སྙན་ཆ། མགུལ་རྒྱན། སེ་མོ་དོ། དོ་ཤལ། སྐ་རགས། ཕྱག་ཞབས་ཀྱི་གདུ་བུ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན་གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན་པ་སྟེ་ཞི་བའི་ཉམས་དགུས་རྒྱས་པ། སངས་རྒྱས་ཀྱི་སྤྲིན་ཕུང་མཐའ་ཡས་པར་འཆར་བའི་འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་ཞིང་འབར་བའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའོ། །རང་ཉིད་གཞི་ལུས་ཀྱི་རྡོར་སེམས་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་གཙུག་ཏོར་གྱི་རྩེ་ལ། ༀ་ཛི་ན་ཛིཀ྄ །རྣམ་སྣང་དཀར་པོ་གཡས་འཁོར་ལོ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ལག་པ་གཉིས་ཀྱི་འདོམ་རྩའི་གཡས་ཀྱི་ཆ་ལ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ། ཀུན་ཏུ་བཟང་པོ་མཐིང་ག་མཉམ་གཞག་གི་ཕྱག་རྒྱ་ཅན། གཡོན་གྱི་ཆ་ལ། སྭཱ་རཏྣ་དྷཱིཀ྄ །རིན་འབྱུང་སེར་པོ་གཡས་རིན་པོ་ཆེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། རྐང་པ་གཉིས་ཀྱི་འདོམ་རྩའི་གཡས་ཀྱི་ཆ་ལ། ཧཱཾ་པྲ་ཛྙཱ་དྷྲིཀ྄ །དོན་གྲུབ་ལྗང་གུ་གཡས་རྒྱ་གྲམ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། གཡོན་གྱི་ཆ་ལ། ཨཱཾ་ཨཱ་རོ་ལི ཀ྄ །སྣང་མཐའ་དམར་པོ་གཡས་པདྨ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཀུན་ཏུ་བཟང་པོ་རྡོ་རྗེའི་སྐྱིལ་མོ་ཀྲུང་དང་། གཞན་རྣམས་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །མིག་གི་འདོམ་རྩའི་གཡས་ཀྱི་ཆ་ལ། ཀྵཱིཾ་ཧི་རཱ་ཛ་ཡ། ས་སྙིང་དཀར་པོ་གཡས་རིན་པོ་ཆེའི་མྱུ་གུ་དང་གཡོན་དྲིལ་བུ་འཛིན་པ། གཡོན་གྱི་ཆ་ལ། མཻ་དྷཱ་ར་ཎི་སཱ་ཧཱ། བྱམས་པ་དཀར་སེར་གཡས་ཀླུ་ཤིང་དང་གཡོན་དྲིལ་བུ་འཛིན་པ། རྣ་བའི་གཡས་ཀྱི་ཆ་ལ། ཛྲིཾ་ཀུ་རུ་པཱ་ཎི། ཕྱག་རྡོར་མཐིང་ག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ། གཡོན་གྱི་ཆ་ལ། ཐླྷིཾ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། སྒྲིབ་སེལ་དམར་སེར་གཡས་གླེགས་བམ་དང་གཡོན་དྲིལ་བུ་འཛིན་པ། སྣའི་གཡས་ཀྱི་ཆ་ལ། ཧྲཱཾ་ཨཱ་གརྦྷ་ཡ། ནམ་སྙིང་སེར་པོ་གཡས་རལ་གྲི་དང་གཡོན་དྲིལ་བུ་འཛིན་པ། གཡོན་གྱི་ཆ་ལ། ཧཱུཾ་ས་རཱ་ཛ་ཡ་སྭཱ་ཧཱ། ཀུན་བཟང་དམར་ལྗང་གཡས་རིན་པོ་ཆེའི་སྙེ་མ་དང་གཡོན་དྲིལ་བུ་འཛིན་པ། ལྕེའི་འདོམ་རྩའི་གཡས་ཀྱི་ཆ་ལ། ཧྲཱི་ཧཱ་ཧཱུཾ་པདྨ་པྲ་ད་མ། སྤྱན་རས་གཟིགས་དམར་པོ་གཡས་པདྨ་དང་གཡོན་དྲིལ་བུ་འཛིན་པ། གཡོན་གྱི་ཆ་ལ། མཱུཾ་ཤྲཱི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། འཇམ་དཔལ་དཀར་ལྗང་གཡས་ཨུ ཏྤལ་དང་གཡོན་དྲིལ་བུ་འཛིན་པ། བརྒྱད་ཀའང་གཡས་བརྐྱང་བའི་ཕྱེད་སྐྱིལ་གྱིས་བཞུགས་པའོ། །ལག་མཐིལ་གཡས་ལ། ཧཱུཾ་ཡ་མཱནྟ་ཀྲྀ་ཏ་ཕཊ། གཤིན་རྗེ་གཤེད་སྨུག་ནག་ནྲྀ་མགོ་གདེངས་པ་འཛིན་པ། གཡོན་ལ། ཧཱུྂ་པྲ་ཛྙནྟ་ཀྲྀཏ་ཕཊ། སྟོབས་པོ་ཆེ་སེར་ནག་རྡོ་རྗེ་འཛིན་པ། རྐང་མཐིལ་གཡས་ལ། ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ། བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་འཛིན་པ། གཡོན་ལ། ཧཱུཾ་པདྨནྟ་ཀྲིཾཏ་ཕཊ། རྟ་མགྲིན་དམར་ནག་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་འཛིན་པ། བཞི་ཀའང་གཡས་བརྐྱང་བའི་གྱད་ཀྱི་འདོར་སྟབས་སུ་བཞུགས་པའོ། །མཚོག་མར། ༀ་མུ་ནེ་ཀྲཱིཾ་སྭཱ་ཧཱ། ལྷའི་ཐུབ་པ་དཀར་པོ་པི་ཝཾ་འཛིན་པ། སྟ་ཟུར་ལ། ༀ་མུ་ནེ་ཧཱུཾ་ཏྲཱུཾ་སྭཱ་ཧཱ། ལྷ་མིན་གྱི་ཐུབ་པ་མཐིང་ག་གོ་ཆ་འཛིན་པ། སྙིང་གར། ༀ་མུ་ནེ་སྲུཾ་སཱ་ཱཧཱ། མིའི་ཐུབ་པ་སེར་པོ་གསེག་པར་འཛིན་པ། མགྲིན་པར། ༀ་མུ་ནེ་བྲེཾ་སཱ་ཧཱ། བྱོལ་སོང་གི་ཐུབ་པ་དམར་ནག་པུསྟི་འཛིན་པ། ལྟེ་བར། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ཡི་དྭགས་ཀྱི་ཐུབ་པ་སེར་ནག་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། གསང་བར། ༀ་མུ་ནེ་ཡེ་སཱ་ཧཱ། དམྱལ་བའི་ཐུབ་པ་དུད་ཁ་མེ་ཆུ་འཛིན་པ། དྲུག་ཀའང་འགྲོ་བའི་དོན་ལ་བཞེངས་སྟབས་ཀྱིས་གནས་པའོ། །ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་གཙུག་ཏོར་གྱི་རྩེ་ལ། ལཱཾ་དྭེ་ཥ་ར་ཏི། སྤྱན་མ་དཀར་མོ་གཡས་དྲིལ་བུ་དཀུར་བརྟེན་ཅིང་གཡོན་འཁོར་ལོ་ཐུགས་ཀར་འཛིན་པ། ལག་པ་གཉིས་ཀྱི་འདོམ་རྩའི་གཡས་ཀྱི་ཆ་ལ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨཿ ཀུན་ཏུ་བཟང་མོ་མཐིང་ག་ཐལ་མོ་ཐུགས་ཀར་སྦྱར་བ། གཡོན་གྱི་ཆ་ལ། མཱཾ་མོ་ཧ་ར་ཏི། མཱ་མ་ཀཱི་སེར་མོ་གཡས་དྲིལ་བུ་དཀུར་བརྟེན་ཅིང་གཡོན་རིན་པོ་ཆེ་ཐུགས་ཀར་འཛིན་པ། རྐང་པ་གཉིས་ཀྱི་འདོམ་རྩའི་གཡས་ཀྱི་ཆ་ལ། ཏཱཾ་བཛྲ་ར་ཏི། དམ་ཚིག་སྒྲོལ་མ་ལྗང་གུ་གཡས་དྲིལ་བུ་དཀུར་བརྟེན་ཅིང་གཡོན་རྒྱ་གྲམ་ཐུགས་ཀར་འཛིན་པ། གཡོན་གྱི་ཆ་ལ། པཱཾ་རཱ་ག་ར་ཏི། གོས་དཀར་མོ་དམར་མོ་གཡས་དྲིལ་བུ་དཀུར བརྟེན་ཅིང་གཡོན་པདྨ་ཐུགས་ཀར་འཛིན་པ། ཀུན་ཏུ་བཟང་མོ་པདྨའི་སྐྱིལ་མོ་ཀྲུང་དང་། བཞན་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །མིག་གི་འདོམ་རྩའི་གཡས་ཀྱི་ཆ་ལ། ཧཱུཾ་ལཱ་སྱ་ས་མ་ཡ་སྟྭཾ། སྒེག་མོ་དཀར་མོ་ཁུ་ཚུར་གྱི་རྒྱས་མེ་ལོང་བསྣམས་པ་གཡོན་གྱི་ཆ་ལ། ཛཿདྷཱུ་པེ་པྲ་བེ་ཤ །སྤོས་མ་དཀར་སེར་སྤོས་ཁང་བསྣམས་པ། རྣ་བའི་གཡས་ཀྱི་ཆ་ལ། ཏྲཱཾ་མཱ་ལེ་ས་མ་ཡ་ཧོཿ ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་སྣམས་པ། གཡོན་གྱི་ཆ་ལ། ཧཱུཾ་པུཥྤེ་ཨཱ་བེ་ཤ །མེ་ཏོག་མ་དམར་སེར་མེ་ཏོག་གི་ཕྲེང་བ་བསྣམས་པ། སྣའི་གཡས་ཀྱི་ཆ་ལ། ཧྲཱིཾ་གཱི་ཏཱི་རཱ་གོ་ཧཾ། གླུ་མ་དམར་མོ་པི་ཝཾ་བསྣམས་པ། གཡོན་གྱི་ཆ་ལ། བཾ་དཱི་བ་སུ་གི་རཱི། མར་མེ་མ་དམར་ལྗང་མར་མེ་སྣམས་པ། ལྕེའི་འདོམ་རྩའི་གཡས་ཀྱི་ཆ་ལ། ཨཾ་ནིརྟེ་རཱ་ག་ཡ་མྱེ། གར་མ་ལྗང་གུ་གར་རྒྱ་མཛད་པ། གཡོན་གྱི་ཆ་ལ། ཧོཿགནྡྷེ་ཙིཏྟ། དྲི་ཆབ་མ་དཀར་ལྗང་དྲིའི་དུང་ཕོར་བསྣམས་པ། བརྒྱད་ཀའང་གཡོན་བརྐྱང་བའི་ཕྱེད་སྐྱིལ་གྱིས་བཞུགས་པའོ། །ལག་མཐིལ་གཡས་ལ། ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལཱི་ནི་ཧཱུཾ་ཕཊ། ལྕགས་ཀྱུ་མ་སྨུག་ནག་ལྕགས་ཀྱུ་འཛིན་པ། །གཡོན་ལ། ༀ་མ་ཧཱ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལཱི་ནི་ཧཱུཾ་ཕཊ། ཞགས་པ་མ་སེར་ནག་ཞགས་པ་འཛིན་པ། རྐང་མཐིལ་གཡས་ལ། ༀ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལཱི་ནི་ཧཱུཾ་ཕཊ། དྲིལ་བུ་མ་ལྗང་ནག་དྲིལ་བུ་འཛིན་པ། གཡོན་ལ། ༀ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལཱི་ནི་ཧཱུཾ་ཕཊ། ལྕགས་སྒྲོག་མ་དམར་ནག་ལྕགས་སྒྲོག་འཛིན་པ། བཞི་ཀའང་གཡོན་བརྐྱང་བའི་གྱད་ཀྱི་འདོར་སྟབས་སུ་བཞུགས་པ། གཤེགས་པ་གཤེགས་མ། སེམས་དཔའ་སེམས་མ། ཀུན་བཟང་ཡབ་ཡུམ་རྣམས་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་། ཚུལ་དགུའི་ཉམས་ཀྱི་རྒྱས་པ། ཐུགས་པ་དྲུག་མཆོག་གི་སྤྲུལ་སྐུའི་ཆ་བྱད་དང་། མཐར་བྱེད་ཡབ་ཡུམ་ཁྲོ་གཏུམ་མི་བཟད་པའི་ཉམས་ཅན་དུར་ཁྲོད་འབར་བའི་ཆས་དང་ལྡན་པ། ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའ་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་རང་བཞིན་གྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་རྣམ་པར་དག་པའོ། །དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི་སྲོག་གི་གོར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་སོ་སོའི་ས་བོན་གྱིས་མཚན་པར་བསམ་མོ། །གཉིས་པ་བྱིན་གྱིས་བརླབ་པ་ནི། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་གནས་པའི་ༀ་དཀར་པོ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུ་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ༀ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་གྱུར། ༀ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པས་རྒྱས་བཏབ་པར་བསམ་ལ། ང་རྒྱལ་བྱ་ཞིང་རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་གཏུགས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ས་ཨཱཏྨ་ཀོ྅་ཧཾ། མགྲིན་པར་པདྨ་ལ་གནས་པའི་ཨཱཾ་དམར་པོ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། གསུང་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ཨཱཾ་ལ་ཐིམ། དེ་གཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དང་གཉིས་སུ་མེད་པར་གྱུར། ཨཱཾ་ཡོངས་སུ་གྱུར་པ་ལས་སྣང་མཐའ་དམར་པོ་པདྨ་འཛིན་པས་རྒྱས་བཏབ་པར་བསམ་ལ། རྡོ་རྗེའི་ཕྱག་རྒྱ་མགྲིན་པར༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ཧཱུཾ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པར་གྱུར། ཧཱུཾ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པས་རྒྱས་བཏབ་པར་བསམ་ལ། རྡོ་རྗེའི་ཕྱག་རྒྱ་སྙིང་གར༴ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་ང་རྒྱལ་བྱའོ། །གསུམ་པ་དབང་བསྐུར་བ་ནི། ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་རྣམས་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བསྐུལ་བས། དེ་རྣམས་གཉིས་སུ་མེད་པར་སྦྱོར་བ་མཛད། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བར་བསམ་ཞིང་། རྡོ་རྗེ་ཕྱི་བསྡམས་ལས་གུང་མོ་གཉིས་བརྐྱང་བ་སྤྱི་བོར་བཞག་སྟེ། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་མཛུབ་མོ་བརྐྱང་བ་དཔྲལ་བར། ༀ་མ་ཧཱ་ཨཱ་ཱདཪྴ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྲིན་ལག་བརྐྱང་བ་རྣ་ལྟག་གཡས་པར། ༀ་མ་ཧཱ་ས་མ་ཏཱ་ཱཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མཐེ་བོང་བརྐྱང་བ་ལྟག་པར། ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱུཏྨ་ཀོ྅་ཧཾ། མཐེའུ་ཆུང་བརྐྱང་བ་རྣ་ལྟག་གཡོན་པར། ༀ་མ་ཧཱ་ཀྲྀ་ཏྱ་ནུཥྛཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་དབང་བསྐུར་བས་ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་བསྒྱུར། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱི་དབུ་བརྒྱན་པར་གྱུར་པར་མོས་ལ། ཕུང་པོ་ལྔ་དག་པ་རིགས་ལྔའི་སངས་རྒྱས་སུ་ང་རྒྱལ་བྱའོ། །གོང་མ་འགའ་ཞིག །རྣམ་གྲངས་སྤྲོས་པ་སངས་རྒྱས་སྟོང་གི་དཀྱིལ་འཁོར་ལ་བསླབ་པའི་སྐབས་འདིར་ཡང་། དཀྱིལ་འཁོར་སྤྲོས་པའི་སྐབས་ལྟར་བསྐུར་བ་ཉིད་བྱིན་རླབས་ཀྱི་སྔོན་དུ་མཛད་པར་སྣང་ནའང་འཐད་པར་མ་མཐོང་སྟེ། སྐུ་གསུང་ཐུགས་ཀྱི་ལྷ་རྒྱ་ཉི་ཤུ་ལའང་དབུ་རྒྱན་གྱི་ལྷ་ལྔ་ལྔ་མ་བསྒོམས་ན་རྩ་ལྷ་ཡབ་ཡུམ་གཉིས་ལ་ཡན་ལག་གི་ལྷ་སྟོང་བསྒོམ་པར་གསུངས་པའི་གྲངས་འཇིག་པའི་ཕྱིར་རོ། །གསུམ་པར་རང་བཞིན་གྱི་དཀྱིལ་འཁོར་དང་གཉིས་མེད་དུ། བྱ་བ་ལ་བཞི་ལས། དང་པོ་སྙན་གསན་དབབ་པ་ནི། གཞི་ལུས་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀར་དྭངས་མའི་སྲོག་ཧཱུྃ་མཐིང་ག་ཡེ་ཤེས་ལྔའི་རང་བཞིན་རྟག་ཏུ་འཆར་བཞིན་པ། དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་བས། ཆོས་སྐུ་འགྱུར་བ་མེད་པའི་ངང་ལས་གཟུགས་སྐུ་བཞི་བཅུ་རྩ་གཉིས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་སད་པར་བསམ་ལ། ལག་གཉིས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་པས། ཧཱུྃ། སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་མཛད་དགོངས་སུ་གསོལ། །རྡོ་རྗེ་སེམས་དཔའ་ཁྱོད་བདག་བསྐལ་བཟང་དཔལ། །ༀ་ཨེ་ཧྱེ་ཧི་བྷ་ག་ཝཱ་ན་མ་ཧ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། གཉིས་པ་སྤྱན་དྲངས་པ་ནི། ༀ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉ་གནས་བསྐྱོད་ལ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །དམ་ཚིག་པའི་ཐུགས་ཀ་ནས་སྤྲོས་པའི་ཛཿཧཱུཾ་བཾ་ཧོཿས་ཡེ་ཤེས་པ་དགུག་བཅིངས་བསྡམས་ལ་དགྱེས་པ་བསྐྱེད་ནས། དམ་ཚིག་གི་དཀྱིལ་འཁོར་དང་མེ་རི་འདབ་འབྱོར་དུ་བཞུགས་པར་བསམ་མོ། གསུམ་པ་རིག་པའི་མེ་ཏོག་དོར་བ་ནི། ༀ་བཛྲ་ས་མ་ཡ་ༀ། ཨཱཾ་བཛྲ་ས་མ་ཡ་ཨཱཾ། ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་རིག་པའི་མེ་ཏོག་དོར་བས། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་གཉིས་སུ་མེད་པར་རིག་པར་བྱའོ། །བཞི་པ་དངོས་གྲུབ་བསྐུལ་ཏེ་བསྟིམ་པ་ནི། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྱིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་ཧཱུྃ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཧོཿ ཞེས་དངོས་གྲུབ་བསྐུལ་ནས། ཛཿཧཱུཾ་བཾ་ཧོཿཞེས་ཕྱག་རྒྱ་བཞིས་དཀྱིལ་འཁོར་གྱི་འཁོར་ལོ་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་གྱུར་པར་བསམ་མོ། །བཞི་པ་སྡིག་སྒྲིབ་སྦྱོང་པའི་ལས་ལ་སྦྱར་བ་ནི། གཞི་ལུས་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་དྭངས་མའི་སྲོག་ཧཱུྃ་ཡིག་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་མཐར་གཡས་བསྐོར་དུ་རིགས་བརྒྱའི་རང་བཞིན་གྱིས་ཡི་གེ་བརྒྱ་པ་ཁ་དོག་དཀར་པོ་འོད་འབར་བ། སྥ་ར་ཎ་ཕཊ། དེ་ལས་བྱུང་བའི་འོད་ཟེར་གྱིས་ཚོམ་བུ་སྟོང་གི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུའི་ཆ་ཐམས་ཅད་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་རང་བཞིན་གྱི་འོད་ཟེར་དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་ལ་ཕོག་པས། བག་ཆགས་དང་བཅས་པའི་ལས་དང་ཉོན་མོངས་པ་དང་སྡུག་བསྔལ་ཐམས་ཅད་དང་། ཁྱད་པར་ན་ར་ཀ་ལ་སོགས་པའི་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་ཆོས་ཅན་གྱི་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་དོང་ནས་སྤྲུགས་ཏེ། རང་བཞིན་རྡོ་རྗེ་སེམས་དཔར་གནས་པ་མངོན་དུ་གྱུར་པའི་གོ་འཕང་བཀོད། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་རོ་གཅིག་ཏུ་གྱུར། སཾ་ཧ་ར་ཎ་ཧཱུཾ། འོད་ཟེར་དེ་རྣམས་སླར་འདུས་ཏེ་རང་ལ་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་དུ་ལྷག་པར་གནས་པར་བསམ་ལ། ༀ་བཛྲ་ས་ཏྭ་སོགས་ཡིག་བརྒྱའི་འཛབ་དང་། ༀ་བོ་བྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་ཞི་བ་སྤྱི་སྔགས་ཀྱང་བཟླ་ཞིང་དགོས་པ་ཁྱད་པར་ཅན་གྱི་སླད་དུ་སྤྲོ་ན་ཡིག་བརྒྱའི་ཤམ་བུར། ༀ་ད་ཧ་ད་ཧ་སོགས་ངན་སོང་སྦྱོང་པའི་སྔགས་སྦྲིལ་བའང་ཅུང་ཟད་རེ་བཟླའོ། །ཐུན་བསྡུ་བའི་ཚེ། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རེག་པས་དག་པའི་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རྡོར་སེམས་ཚོམ་བུ་སྟོང་གི་ལྷ་ཚོགས་དང་བཅས་པ་ལ་ཐིམ། དེ་ཐམས་ཅད་ཡེ་ཤེས་སེམས་དཔའ་ལ། དེ་དྭངས་མའི་སྲོག་ཧཱུཾ་ལ། དེ་གྱེན་རྫོགས་ནཱ་དའི་བར་དུ་ཐིམ་ནས་མི་དམིགས་པའི་ངང་ལ་ཉམས་པར་བཞགས་ཅིང་། སླར་ཡང་ཐུན་མཚམས་ཀྱི་ལྷར་ལྡང་བར་བྱའོ། །གཉིས་པ་ཚོགས་བསགས་པའི་རིམ་ལ་ལ། ཚོགས་ཞིང་སྒྲུབ་པ་དང་། ཚོགས་བསགས་པ་དངོས་གཉིས་དང་པོ་ལ། ཏིང་ངེ་འཛིན་རྣམ་གསུམ་བསྒོམ་པ་ཚོགས་རྟེན་གྱི་དཀྱིལ་འཁོར་བསྐྱེད་པ། རང་བཞིན་གྱི་དཀྱིལ་དང་གཉིས་མེད་དུ་བྱ་བའོ། །དང་པོ་ནི། བཤད་མ་ཐག་གི། དེ་གྱེན་རྫོགས་ནཱ་དའི་བར་དུ་ཐིམ། ཞེས་མི་རྟོག་པ་དེའི་ངང་ལས། དངོས་རྣམས་ཉིད་ན་དངོས་མེད་པ། །ཞེས་པ་ནས། རང་རིག་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ཨ་དཀར་པོའི་རྣམ་པར་བསྒོམ་པའི་བར་གོང་བཞིན། གཉིས་པ་ལ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། དབང་དོན་གྱི་དཀྱིལ་འཁོར་སྤྲུལ་པ། ཐུན་མོང་དུ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པའོ། །དང་པོ་ལ་གཉིས་ལས། དང་པོ་རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པར་གསལ་བ་ལས། ཞེས་པ་ནས། འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པར་གང་བའོ། །ཞེས་པའི་བར་གོང་བཞིན་ལས། ནང་གི་ཕྱོགས་བཞི་ནས་རིགས་ཀྱི་མཚན་མ་ཅན་གྱི་ཀ་བ་གཉིས་གཉིས་ཏེ། ཞེས་པ་ནས། སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་རྫོགས་པ། དེའི་ཕྱི་རོལ་དུ་རཱུ་དྲ་ལོངས་སྤྱོད་དང་བཅས་པ་དབྱིངས་སུ་བསྒྲལ་བའི་དུར་ཁྲོད་ཆེན་པོ་བརྒྱད། དུར་ཁྲོད་ཀྱི་ཆོས་རྣམས་ཀྱིས་འཇིགས་པར་བྱས་པའི་ཕྱི་ནས་རྡོ་རྗེ་བསྲུང་བའི་གུར་ཁང་འབར་བ་མེའི་འོད་ཟེར་ཀུན་ཏུ་འཕྲོ་བས་ཡོངས་སུ་བསྐོར་བའོ། །གཞལ་ཡས་ཁང་གི་དབུས་སུ། པཾ་པདྨ་མཎྜལ། ཁ་དོག་སྣ་ཚོགས་པའི་པདྨ་འདབ་མ་བརྒྱ་པའི་འཁོར་ལོ། མ་སཱུརྻ་མཎྜལ། ཐུབ་པ་དྲུག་དང་དབང་མོ་ཉེར་བརྒྱད་མ་གཏོགས་པའི་ལྷའི་གནས་ཐམས་ཅད་དུ་ཉི་མའི་དཀྱིལ་འཁོར་རེ་རེ། ཨ་ཙནྡྲ་མཎྜ་ལ། མཐར་བྱེད་ཡབ་ཡུམ། མ་མོ་བཅུ་དྲུག །སྒོ་སྐྱོང་བཞི་རྣམས་ཀྱི་གནས་མ་གཏོགས་པའི་ཉི་གདན་ཐམས་ཅད་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རེ་རེ་གསལ་བར་བསམ་མོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ནི། རང་གི་སེམས་ཉིད་ཨ་ཡིག་དཀར་པོ་དྲི་མ་མེད་པ་ཟླ་བ་ལྟར་གསལ་བ་ལས་རིགས་བརྒྱའི་རང་བཞིན་གྱི་ཡི་གེའི་སྤྲིན་ཕྱུངས་ནས་པདྨའི་ལྟེ་བ་ནས་བརྩམས་ཏེ་རིམ་བཞིན་གཡས་བསྐོར་དུ་འཁོད་པ་ནི། གཙོ་བོའི་གནས་པདྨའི་ལྟེ་བའི་གདན་ལ། ༀ་བ་འདབ་མ་བཞིའི་ཤར་ནས། ཛྲ་ས་ཏྭ་ས་འདབ་མ་བརྒྱད་ལ། མ་ཡ་མ་ནུ་པཱ་ལ་ཡ་བ། འདབ་མ་བཅུ་དྲུག་ལ། ཛྲ་ས་ཏྭ་ཏྭ་ནོ་པ་ཏི་ཥ་ཋ་དྲྀ་ཌྷོ་མེ་བྷ་ཝ་སུ་ཏོ་ཥྱོ། འདབ་མ་སོ་གཉིས་ལ། མེ་བྷ་ཝ་སུ་པོ་ཥྱོ་མེ་བྷ་ཝ་ཨ་ནུ་རཀ་ཏོ་མེ་བྷ་ཝ་སར་བ་སིད་དྷི་མེ་པྲ་ཡཿཙ་སར་བ་ཀར་མ་སུ་ཙ་མེ་ཙིཏ྄། འདབ་མ་བཞི་བཅུ་ལ། ཏཾ་ཤྲེ་ཡཿཀུ་རུ་ཧཱུྂ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སར྄་བ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉ་ཙ་བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏཱ་ཨཱཿཧཱུྂ་ཕཊཿ ཅེས་མུ་ཏིག་གི་ཕྲེང་བ་ལྟ་བུར་གསལ་བར་གྱུར་པ་ལ། ཨ་ཞེས་བརྗོད་པས་གཞིའི་ཨ་དེ་འོད་དུ་ཞུ་ནས་ཡིག་འབྲུ་རྣམས་ལ་ཁྱབ་པར་ཐིམ་པས་ཤིན་ཏུ་གསལ་ཞིང་འབར་བར་བསམ། སྥ་ར་ཎ་ཕཊ། ཡིག་འབྲུ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། སཾ་ཧ་ར་ཎ་ཧཱུཾ། སླར་འདུས་ནས་ཡིག་འབྲུ་རྣམས་ལ་ཐིམ་པ་འོད་དུ་ཞུ་བ་ལས་ཞི་ཁྲོ་རིགས་བརྒྱའི་དཀྱིལ་འཁོར་གྱི་འཁོར་ལོར་གྱུར་པ་ནི། ཧཱུཾ་བཛྲ་ས་ཏྭ། རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི། ཞེས་པ་ནས། ཞབས་གཉིས་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཞེས་པའི་བར་དང་། མཱུཾ་དྷཱ་ཏྭེ་ཤྭ་རཱི། ཡབ་ཀྱི་གཡོན་ཕྱོགས་ཉེ་བའི་ཕང་དུ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། ཞེས་པ་ནས། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའོ། །ཞེས་པའི་བར་གོང་བཞིན། དེའི་ཕྱི་རོལ་གྱི་འདབ་མ་བཞི་ལ། ཧཱུྃ་བཛྲ་དྷྲིཀ྄ །ཤར་དུ་མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། །མཱུཾ་དྷཱ་དྭེ་ཤྭ་རཱི། ལྷོར་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་དཀུར་བརྟེན་ཅིང་གཡོན་རྡོ་རྗེ་ཐུགས་ཀར་འཛིན་པ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ནུབ་ཏུ་ཀུན་ཏུ་བཟང་པོ་མཐིང་ག་མཉམ་བཞག་གི་ཕྱག་རྒྱ་ཅན། ཨ་ཨ་ཨ་བཛྲི་བྷ་དྲ་ས་མནྟ་ཨཿ བྱང་དུ་ཀུན་ཏུ་བཟང་མོ་མཐིང་ག་ཐལ་མོ་ཐུགས་ཀར་སྦྱར་བའོ། །དེའི་ཕྱི་རོལ་གྱི་འདབ་མ་བརྒྱད་ལ་ཤར་ནས་རིམ་པ་བཞིན། ༀ་ཛི་ན་ཛིཀ྄ །རྣམ་སྣང་དཀར་པོ་གཡས་འཁོར་ལོ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ལཱཾ་དྭེ་ཥ་ར་ཏིཿ སྤྱན་མ་དཀར་མོ་གཡས་དྲིལ་བུ་དཀུར་བརྟེན་ཅིང་གཡོན་འཁོར་ལོ་ཐུགས་ཀར་འཛིན་པ། སྭཱ་རཏྣ་དྷྲིཀ྄ །རིན་འབྱུང་སེར་པོ་གཡས་རིན་ཆེན་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། མཱཾ་མོ་ཧ་ར་ཏི། མཱ་མ་ཀཱི་སེར་མོ་གཡས་དྲིལ་བུ་དཀུར་བརྟེན་ཅིང་གཡོན་རིན་ཆེན་ཐུགས་ཀར་འཛིན་པ། ཨཱཾ་ཨཱ་རོ་ལིཀ྄ །སྣང་མཐའ་དམར་པོ་གཡས་པདྨ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། པཱཾ་རཱ་ག་རི་ཏི། གོས་དཀར་མོ་དམར་མོ་གཡས་དྲིལ་བུ་དཀུར་བརྟེན་ཅིང་གཡོན་པདྨ་ཐུགས་ཀར་འཛིན་པ། ཧཱཾ་པྲ་ཛྙཱ་དྷྲིཀ྄ །དོན་གྲུབ་ལྗང་གུ་གཡས་རྒྱ་གྲམ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཏཱཾ་བཛྲ་ར་ཏི། དམ་ཚིག་སྒྲོལ་མ་ལྗང་ཁུ་གཡས་དྲིལ་བུ་དཀུར་བརྟེན་ཅིང་གཡོན་རྒྱ་གྲམ་ཐུགས་ཀར་འཛིན་པ། རིགས་ལྔ་ཡབ་རྣམས་རྫོགས་པའི་སྐྱིལ་མོ་ཀྲུང་དང་ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་། ཀུན་ཏུ་བཟང་པོ་རྡོ་རྗེའི་སྐྱིལ་ཀྲུང་དང་བཟང་མོ་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཐམས་ཅད་ཀྱང་རྒྱན་དང་ཆ་ལུགས་གཙོ་བོ་དང་མཚུངས་པའོ། །དེའི་ཕྱི་རོལ་གྱི་འདབ་མ་བཅུ་དྲུག་ལ། ཀྵཱིཾ་ཧི་རཱ་ཛ་ཡ། ས་སྙིང་དཀར་པོ་གཡས་རིན་པོ་ཆེའི་མྱུ་གུ་དང་གཡོན་དྲིལ་བུ་འཛིན་པ། ཧཱུཾ་ལཱ་སྱ་ས་མ་ཡ་སྟྭཾ། སྒེག་མོ་དཀར་མོ་ཁུ་ཚུར་གྱི་རྒྱས་མེ་ལོང་བསྣམས་པ། ཏྲཱཾ་ཨཱ་གརྦྷ་ཡ། ནམ་སྙིང་སེར་པོ་གཡས་རལ་གྲི་དང་གཡོན་དྲིལ་བུ་འཛིན་པ། ཏྲཱཾ་མཱ་ལེ་ས་མ་ཡ་ཧོཿ ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་བསྣམས་པ། ཧྲཱིཾ་ཧཱ་ཧཱུྃ་པདྨ་པྲ་ད་མ། སྤྱན་རས་གཟིགས་དམར་པོ་གཡས་པདྨ་དང་གཡོན་དྲིལ་བུ་འཛིན་པ། ཧྲི་གཱི་ཏཱི་ར་གོ་ཧཾ། གླུ་མ་དམར་མོ་པི་ཝཾ་བསྣམས་པ། ཛྲིཾ་ཀུ་རུ་པཱ་ཎ། ཕྱག་རྡོར་མཐིང་ག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ། ཨཱཾ་ནིརྟི་རཱ་ག་ཡ་མྱེ། གར་མ་ལྗང་གུ་གར་རྒྱ་མཛད་པ། མཻ་དྷཱ་ར་ཎི་སྭཱ་ཧཱ། བྱམས་པ་དཀར་སེར་གཡས་ཀླུ་ཤིང་དང་གཡོན་དྲིལ་བུ་འཛིན་པ། ཛཿདྷཱུ་པེ་པྲ་བེ་ཤ །སྤོས་མ་དཀར་སེར་སྤོས་ཁང་བསྣམས་པ། ཐླྷིཾ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། སྒྲིབ་སེལ་དམར་སེར་གཡས་གླེགས་བམ་དང་གཡོན་དྲིལ་བུ་འཛིན་པ། ཧཱུྂ་པུཥྤེ་ཨཱ་བེ་ཤ །མེ་ཏོག་མ་དམར་སེར་མེ་ཏོག་གི་ཕྲེང་བ་བསྣམས་པ། ཧཱུཾ་སྭཱ་རཱ་ཛ་ཡ་སྭཱ་ཧཱ། ཀུན་བཟང་དམར་ལྗང་གཡས་རིན་པོ་ཆེའི་སྙེ་མ་དང་གཡོན་དྲིལ་བུ་འཛིན་པ། བཾ་དཱི་པ་སུ་གི་རཱི། མར་མེ་མ་དམར་ལྗང་མར་མེ་བསྣམས་པ། མཱུཾ་ཤྲཱི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། འཇམ་དཔལ་དཀར་ལྗང་གཡས་ཨུཏྤལ་དང་གཡོན་དྲིལ་བུ་འཛིན་པ། ཧོཿགན་དྷེ་ཙིཏྟ། དྲི་ཆབ་མ་དཀར་ལྗང་དྲིའི་དུང་ཕོར་བསྣམས་པ་སྟེ། ཡབ་རྣམས་གཡས་བརྐྱང་བའི་ཕྱེད་སྐྱིལ་དང་། ཡུམ་རྣམས་གཡོན་བརྐྱང་བའི་ཕྱེད་སྐྱིལ་གྱིས་བཞུགས་པ། ཐམས་ཅད་ཀྱང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །དེའི་ཕྱི་རོལ་གྱི་འདབ་མ་སོ་གཉིས་ལ། ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ། གཤིན་རྗེ་གཤེད་སྨུག་ནག་ནྲྀ་མགོ་གདེངས་པ་འཛིན་པ། ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུཾ་ཕཊ། ལྕགས་ཀྱུ་མ་སྨུག་ནག་ལྕགས་ཀྱུ་འཛིན་པ། ཧཱུཾ་པྲ་ཛྙཱནྟ་ཀྲྀཏ་ཕཊ། སྟོབས་པོ་ཆེ་སེར་ནག་རྡོ་རྗེ་འཛིན་པ། ༀ་མ་ཧཱ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུཾ་ཕཊ། ཞགས་པ་མ་སེར་ནག་ཞགས་པ་འཛིན་པ། ཧཱུཾ་པདྨཱནྟ་ཀྲྀ་ཏ་ཕཊ། རྟ་མགྲིན་དམར་ནག་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་འཛིན་པ། ༀ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུཾ་ཕཊ། ལྕགས་སྒྲོག་མ་དམར་ནག་ལྕགས་སྒྲོག་འཛིན་པ། ཧཱུཾ་བིགྷྣནྟ་ཀྲྀཏ་ཕཊ། བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་འཛིན་པ། ༀ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྂ་ཕཊ། དྲིལ་བུ་མ་ལྗང་ནག་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་ཁྲོ་གཏུམ་མི་བཟད་པའི་ཉམས་ཅན་གྱད་ཀྱི་དོར་སྟབས་སུ་བཞུགས་པའོ། །ༀ་མུ་ནེ་ཀྲཱིཾ་སྭ་ཧཱ། ལྷའི་ཐུབ་པ་དཀར་པོ་པི་ཝཾ་འཛིན་པ། ༀ་མུ་ནེ་ཧཱུཾ་ཏྲཱུཾ་སྭཱ་ཧཱ། ལྷ་མིན་གྱི་ཐུབ་པ་མཐིང་ག་གོ་ཆ་འཛིན་པ། ༀ་མུ་ནེ་སྲུཾ་སྭཱ་ཧཱ། མིའི་ཐུབ་པ་སེར་པོ་གསེག་པར་འཛིན་པ། ༀ་མུ་ནེ་པྲེཾ་སྭཱ་ཧཱ། བྱོལ་སོང་གི་ཐུབ་པ་དམར་ནག་པུསྟི་འཛིན་པ། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ཡི་དྭགས་ཀྱི་ཐུབ་པ་སེར་ནག་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། ༀ་མུ་ནེ་ཡེ་སྭཱ་ཧཱ། དམྱལ་བའི་ཐུབ་པ་དུད་ཁ་མེ་ཆུ་འཛིན་པ། ཐམས་ཅད་ཀྱང་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན་འགྲོ་བའི་དོན་ལ་བཞེངས་སྟབས་ཀྱིས་གནས་པའོ། །ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུ་ཱུཾཕཊ། རྡོ་རྗེ་ཁྲག་འཐུང་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་དང་དྲིལ་བུ། ལྷག་མ་གཡས་གཉིས་རྩེ་ལྔ་དང་ཏི་ར། གཡོན་གཉིས་དུང་དམར་དང་འཇིག་རྟེན། ཞབས་བཞི་རཱུ་ཏྲ་ཕོ་མོའི་གདན་ལ་རོལ་པ། ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནི་ཧཱུྂ་ཕཊ། རྡོ་རྗེ་ཁྲག་འཐུང་མ་སྔོན་མོ་གཡས་དྲིལ་བུ་དང་གཡོན་དུང་དམར་སྟོབ་པ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། སངས་རྒྱས་ཁྲག་འཐུང་སྨུག་ནག་སྨུག་ལྗང་སེར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་འཁོར་ལོ་དང་དྲིལ་བུ། ལྷག་མ་གཡས་གཉིས་རྡོ་རྗེ་དང་ཏི་ར། གཡོན་གཉིས་དུང་དམར་དང་ཁ་ཊྭཱཾ་ཀ །ཞབས་བཞི་དྲི་ཟ་ཕོ་མོའི་གདན་ལ་རོལ་པ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་སརྦ་དུཥྚཱནྟ་ཧཱུཾ་ཕཊ། སངས་རྒྱས་ཁྲག་འཐུང་མ་སྨུག་ནག་གཡས་དྲིལ་བུ་དང་གཡོན་དུང་དམར་སྟོབ་པ། ༀ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། རིན་ཆེན་ཁྲག་འཐུང་སེར་ནག་སེར་སྨུག་དམར་པའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རིན་པོ་ཆེ་དང་དྲིལ་བུ། ལྷག་མ་གཡས་གཉིས་རྡོ་རྗེ་དང་ཏི་ར། གཡོན་གཉིས་དུང་དམར་དང་དགྲ་སྟྭ། ཞབས་བཞི་གཤིན་རྗེའི་གདན་ལ་རོལ་པ། ༀ་མ་ཧཱ་སཱུརྱ་རཏྣ་མ་ཧ་ཀྲོ་དྷེ་ཤྭ་རཱི་བི་ད་མ་ཧཱུཾ་ཕཊ། རིན་ཆེན་ཁྲག་འཐུང་མ་སེར་ནག་གཡས་དྲིལ་བུ་དང་གཡོན་དུང་དམར་སྟོབ་པ། ༀ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་བརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། པདྨ་ཁྲག་འཐུང་དམར་ནག་དམར་སེར་ལྗང་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་པདྨ་དང་དྲིལ་བུ། ལྷག་མ་གཡས་གཉིས་རྡོ་རྗེ་དང་ཏི་ར། གཡོན་གཉིས་དུང་དམར་དང་རྔེའུ་ཆུང་། ཞབས་བཞི་ཀླུ་དབང་གི་གདན་ལ་རོལ་པ། ༀ་ཧྲཱི་ཤཱུ་ཏ་ས་མ་ཏ་པདྨ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཁཱ་ཧི་ཧཱུཾ་ཕཊ། པདྨ་ཁྲག་འཐུང་མ་དམར་ནག་གཡས་དྲིལ་བུ་དང་གཡོན་དུང་དམར་སྟོབ་པ། ༀ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ལས་ཀྱི་ཁྲག་འཐུང་ལྗང་ནག་ལྗང་དམར་སྨུག་པའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རྒྱ་གྲམ་དང་དྲིལ་བུ། ལྷག་མ་གཡས་གཉིས་རྡོ་རྗེ་དང་ཏི་ར། གཡོན་གཉིས་དུང་དམར་དང་ཐོང་གཤོལ། ཞབས་བཞི་གནོད་སྦྱིན་གྱི་གདན་ལ་རོལ་པ། ༀ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་བི་ཤྭ་ཧཱུཾ་ཕཊ། ལས་ཀྱི་ཁྲག་འཐུང་མ་ལྗང་ནག་གཡས་དྲིལ་བུ་དང་གཡོན་དུང་དམར་སྟོབ་པ། ཡབ་རྣམས་ཞབས་གཡས་བརྐྱང་དང་ཡུམ་རྣམས་གཡོན་བརྐྱང་བའི་དོར་སྟབས་ཀྱི་ཚུལ་ཅན། ཐམས་ཅད་ཀྱང་གར་དགུའི་རོས་སྒེག་ཅིང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པའོ། །ༀ་བཛྲ་ག་རཱི་ཧཿ ག་རཱི་སྔོན་མོ་གཡས་ཞིང་དབྱུག་དང་གཡོན་བྷན་དམར་འཛིན་པ། ༀ་བཛྲ་ཙ་རཱི་ཧཿ ཙ་རཱི་མ་སེར་མོ་མདའ་གཞུ་འགེངས་པ། ༀ་བཛྲ་པྲ་མོ་ཧེ་ཧཿ པྲ་མོ་དམར་མོ་ཆུ་སྲིན་གྱི་རྒྱལ་མཚན་འཕྱར་པ། ༀ་བཛྲ་བཻ་ཏ་ལི་ཧཿ བཻ་ཏ་ལཱི་ནག་མོ་རྡོ་རྗེ་དང་ཞིང་ཆུང་འཛིན་པ། ༀ་བཛྲ་པུཀྐ་སཱི་ཧཿ པུཀྐ་སཱི་དམར་སེར་ཞིང་ཆུང་གི་རྒྱུ་མ་འདྲེན་པ། ༀ་བཛྲ་གྷསྨ་རཱི་ཧཿ གྷསྨ་རཱི་ལྗང་ཁུ་གཡོན་གྱི་དུང་ཁྲག་གཡས་པའི་རྡོ་རྗེས་དཀྲུག་པ། ༀ་བཛྲ་སྨ་ཤ་ནཱི་ཧཿ སྨ་ཤ་མཐིང་ནག་བྱིས་པའི་རོ་བཟུང་བས་སྙིང་ཟ་བ། ༀ་བཛྲ་ཙཎྜ་ལཱི་ཧཿ ཙཎྜ་ལཱི་སེར་སྐྱ་ཞིང་ཆུང་གི་མགོ་ལུས་འདྲལ་བ། ཐམས་ཅད་ཀྱང་གཅེར་བུ་ལང་ཚོས་སྒེག་ཅིང་ཁྲོ་འཛུམ་བཞད་པ་དུར་ཁྲོད་རོལ་པའི་ཆས་ཅན་གཡོན་བརྐྱང་བའི་སྟབས་ཀྱིས་གནས་པའོ། །དེའི་ཕྱི་རོལ་གྱི་འདབ་མ་བཞི་བཅུ་ལ། ༀ་བཛྲ་སིངྷ་མུ་ཁཱི་ཧེ། སེང་གདོང་སེར་མོ་རོ་ཟ་ཞིང་ལག་གཉིས་ཐུགས་ཀར་བསྣོལ་བ། ༀ་བཛྲ་བྱཱ་གྷྲྀ་མུ་ཁཱི་ཧེ། སྟག་གདོང་མ་དམར་མོ་ལག་གཉིས་མཐུར་དུ་བསྣོལ་བས་རོ་བཟུང་བ། ༀ་བཛྲ་ཤྲི་གཱ་ལ་མུ་ཁཱི་ཧེ། ཝ་གདོང་མ་ནག་མོ་ཞིང་ཆུང་ལྕེས་ལྡག་པ། ༀ་བཛྲ་ཤྭ་ན་མུ་ཁཱི་ཧེ། སྤྱང་གདོང་མ་མཐིང་ནག་ཞིང་ཆུང་གི་ཁོག་པ་འདྲལ་བ་སྟེ་མཆེ་བ་ཅན་བཞི། ༀ་བཛྲ་གྲྀ་དྡྷ་མུ་ཁཱི་ཧེ། རྒོད་གདོང་མ་དམར་མོ་ཞིང་གི་རྒྱུ་མ་འདྲེན་པ། ༀ་བཛྲ་ཀངྐ་མུ་ཁཱི་ཧེ། ཀངྐའི་གདོང་མ་དམར་སྐྱ་བམ་རོ་ཕྲག་པར་འཁུར་བ། ༀ་བཛྲ་ཀཱ་ཀ་མུ་ཁཱི་ཧེ། བྱ་རོག་གདོང་ཅན་ནག་མོ་རལ་གྲི་དང་བྷན་དམར་འཛིན་པ། ༀ་བཛྲ་ཨུ་ལཱུ་ཱཀ་མུ་ཁཱི་ཧེ། འུག་གདོང་མ་མཐིང་ནག་རྡོ་རྗེའི་དབྱུག་པ་འཛིན་པ་སྟེ་གཤོག་པ་ཅན་བཞིའོ། །ༀ་བཛྲ་ཨཱརྱ་ཏེ་ཛ་ཏེ་ང་ཛཿ རྟ་གདོང་མ་སྔོན་མོ་ལྕགས་ཀྱུ་འཛིན་པ། ༀ་བཛྲ་ཨ་མུ་ཁེ་ཧཱུཾ། ཕག་གདོང་མ་ནག་མོ་ཞགས་པ་འཛིན་པ། ༀ་བཛྲ་ལོ་ཀ་བཾ། སེང་གདོང་མ་དམར་མོ་ལྕགས་སྒྲོག་འཛིན་པ། ༀ་བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོཿ སྤྱང་གདོང་མ་ལྗང་གུ་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་གཅེར་བུ་རང་རང་ཁྲོས་པའི་ཞལ་ཅན་དུར་ཁྲོད་འབར་བའི་ཆས་དང་ལྡན་པའོ། །མ་ནུ་རཀྵ་སཱི་བྷྱོ། བྲཧྨ་ཎཱི་བྷྱོ། ར་དྲི་བྷྱོ། ཀུ་མཱ་རཱི་བྷྱོ། བེཥྞ་བཻ་བྷྱོ། ཨིནྡྲ་ཎཱི་བྷྱོ། སྲིན་མོ་དམར་སེར་གཡག་གདོང་ཏྲི་ཤུལ་འཛིན་པ། ཚངས་མ་དམར་སྐྱ་སྦྲུལ་གདོང་རྡོ་རྗེ་རྩེ་ལྔ་འཛིན་པ། འཁྲུག་མོ་སེར་ནག་གཟིག་གདོང་དབྱུག་ཏོ་དང་སྡིགས་མཛུབ། བརྒྱ་བྱིན་མ་དཀར་དམར་སྲེ་མོང་མགོ་ཅན་ཐོད་ཁྲག་འཛིན་པ། ཁྱབ་འཇུག་སེར་མོ་ཕ་ཝཾ་མགོ་ཅན་འཁོར་ལོ་འཛིན་པ། དབང་མོ་དམར་སྐྱ་དྲེད་གདོང་བམ་དབྱུག་འཛིན་པའོ། །བཛྲ་པིངྒ་ལཾ་བྷྱོ། ཨ་མྲྀ་ཏཾ་བྷྱོ། ས་མྱ་བྷྱོ། དཎྜ་དཾ་བྷྱོ། རཀྵསཱི་བྷྱོ། བྷཀྵ་སཱི་བྷྱོ། ཞི་བ་དམར་མོ་དོམ་མགོ་ཅན་རྒྱུ་ཞགས་འཛིན་པ། བདུད་རྩི་མ་སྔོན་མོ་ཆུ་སྲིན་མགོ་ཅན་བུམ་པ་འཛིན་པ། ཞི་བ་མ་སྔོ་སྐྱ་སྡིག་པའི་མགོ་ཅན་པུཎྜ་རི་ཀ་འཛིན་པ། བེ་ཅོན་མ་ནག་མོ་ཁྲ་མགོ་ཅན་ཐོད་རློན་འཛིན་པ། སྲིན་མོ་དམར་ནག་ཝ་གདོང་རྒྱུ་ཞགས་འཛིན་པ། ཟ་བྱེད་ནག་མོ་སྟག་མགོ་བམ་ཆེན་འཛིན་པའོ། །ར་ཏི་བཛྲ་བྷྱོ། རུ་དྷི་ར་མཏྟ་བྷྱོ། ཨེ་ཀ་ཙ་རི་ཎི་བྷྱོ། མ་ནོ་ཧ་རཾ་བྷྱོ། སིདྡྷི་ཀཾ་བྷྱོ། ཝཱ་ཡ་ཝཱི་བྷྱོ། དགའ་བྱེད་དམར་མོ་རྒོད་གདོང་ཁོག་ཆེན་འཛིན་པ། ཁྲག་འཐུང་མ་དམར་ནག་རྟ་གདོང་རྡོ་རྗེའི་དབྱུག་པ་འཛིན་པ། གཅིག་སྤྱོད་མ་དཀར་དམར་ཁྱུང་གདོང་བྷན་དམར་འཛིན་པ། འདོད་པ་དམར་སེར་ཁྱི་གདོང་བྱིས་བམ་འཛིན་པ། ནོར་སྲུང་དཀར་དམར་པྲ་ཤུད་མགོ་ཅན་པདྨ་འཛིན་པ། རླུང་མོ་དམར་སྐྱ་ཤ་བའི་མགོ་ཅན་བ་དན་འཛིན་པའོ། །མ་ཧཱ་མཱ་ར་ཎ་བཛྲ་བྷྱོ། ཨགྣི་བྷྱོ། ཝཱ་ར་ཧཱི་བྷྱོ། ཙ་མུཎྜཱི་བྷྱོ། སུ་ཏ་ནཾ་བྷྱོ། ཝ་རུ་ཎཱི་བྷྱོ། གསོད་བྱེད་མ་ལྗང་ནག་སྤྱང་གདོང་རྔེའུ་ཆུང་འཛིན་པ། མེ་མོ་དམར་སེར་སྐྱིན་གདོང་མེ་སྒྲོན་འཛིན་པ། ཕག་མོ་ལྗང་སེར་ཕག་གདོང་མཆེ་བ་འཛིན་པ། རྒན་བྱེད་ལྗང་སྔོན་ཁྭ་ཏའི་མགོ་ཅན་དུང་ཁྲག་འཛིན་པ། སྣ་ཆེན་ལྗང་དམར་བ་ལང་མགོ་ཅན་བམ་ཆེན་འཛིན་པ། ཆུ་ལྷ་མ་ལྗང་ནག་སྦྲུལ་གདོང་བདུད་རྩིའི་ཐོད་པ་འཛིན་པའོ། །བཛྲ་མ་ཧཱ་ཀཱ་ལི་བྷྱོ། བཛྲ་ཙ་ཀཱ་ལ་བྷྱོ། བཛྲ་ཀུམྦྷ་ཀརྞ་བྷྱོ། བཛྲ་ལམྦོ་ད་ར་བྷྱོ། ནག་མོ་ཆེན་མོ་ཁུ་བྱུག་མགོ་ཅན་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ར་མོ་སྔོན་མོ་ར་གདོང་རྒྱུ་ཞགས་འཛིན་པ། བུམ་སྣ་མ་དམར་མོ་སེང་གདོང་ལྕགས་སྒྲོག་འཛིན་པ། གསུས་འཛིན་མ་ལྗང་ནག་སྐྱ་ཀའི་མགོ་ཅན་དྲིལ་བུ་འཛིན་པ་ཐམས་ཅད་ཀྱང་དྲག་མོའི་གཟུགས་ཅན་དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན་ཏེ་ཞིང་གི་གདན་ལ་རོལ་པའོ། །གཞན་ཡང་དཀྱིལ་འཁོར་ཆེན་པོའི་ཕྱིའི་འཁོར་ཡུག་ལ་སྤྲུལ་པ་དང་ཡང་སྤྲུལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་མཐའ་ཡས་པ་དང་བཅས་པ་རྣམས་ཀྱང་རང་རང་གི་རྒྱན་དང་ཆ་ལུགས་དང་ལྡན་ཅིང་སོ་སོའི་འཁོར་གྱིས་བསྐོར་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་མངོན་པར་སྣང་བའི་སྒྱུ་འཕྲུལ་གྱི་རོལ་མོ་བསམ་གྱིས་མི་ཁྱབ་པ་དམ་ཚིག་གི་འཁོར་ལོར་རྫོགས་པར་བསམ་མོ། །གཉིས་པ་དབང་དོན་གྱི་དཀྱིལ་འཁོར་སྤྲུལ་པ་ནི། གཙོ་བོ་རྡོར་སེམས་སུ་གསལ་བའི་ཐུགས་ཀ་ནས་བྷྲཱུྂ་ཡིག་ཆད་དེ་བུམ་པའི་ནང་དུ་སོང་། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བུམ་པ་རིན་པོ་ཆེའི་རང་བཞིན་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་བཅིངས་པ། དཔག་བསམ་ཤིང་གི་ཁ་རྒྱན་ཅན། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་ནང་དུ། འཁོར་ལོོ་སེར་པོ་རྩིབས་བཞི་པ་སྒོ་བཞི་གློ་འབུར་གྱི་ཚུལ་དུ་གནས་པའི་དབུས་སུ་སེང་གེ། ཤར་དུ་གླང་པོ། ལྷོར་རྟ་མཆོག །ནུབ་ཏུ་རྨ་བྱ། བྱང་དུ་ཤང་ཤང་གིས་བཏེགས་པའི་རིན་པོ་ཆེའི་ཁྲི། སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་ལྔའི་སྟེང་དུ། སླར་ཡང་གི་རང་གི་ཐུགས་ཀ་ནས། ཧཱུཾ་མཱུཾ། ༀ་ལཱཾ། སྭཱ་མཱཾ། ཨཱཾ་པཱཾ། ཧཱཾ་ཏཱཾ་རྣམས་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། རྡོ་རྗེ། འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲི། སོ་སོའི་རིགས་ཀྱི་དྲིལ་བུ་རྣམས་དང་བཅས་པར་གྱུར། སྥར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཧཱུཾ་བཛྲ་དྷྲིཀ྄ །མཱུཾ་དྷཱ་ཏྭེ་ཤྭ་རཱི། དབུས་སུ་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དབྱིངས་ཕྱུག་མ་སྔོན་མོ་རྡོ་རྗེས་མཚན་པའི་དྲིལ་བུ་དང་རྡོ་རྗེ་འཛིན་པ་དང་མཉམ་པར་སྦྱོར་བ། ༀ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི། ཤར་དུ་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། སྤྱན་མ་དཀར་མོ་འཁོར་ལོའི་དྲིལ་བུ་དང་འཁོར་ལོ་འཛིན་པ་དང་མཉམ་པར་སྦྱོར་བ། སྭཱཾ་རཏྣ་དྷྲིཀ྄ །མཱཾ་མོ་ཧ་ར་ཏི། ལྷོར་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། མཱ་མ་ཀཱི་སེར་མོ་རིན་པོ་ཆེའི་དྲིལ་བུ་དང་རིན་པོ་ཆེ་འཛིན་པ་དང་མཉམ་པར་སྦྱོར་བ། ཨཱཾ་ཨཱ་རོ་ལྀ་ཀ྄ །པཱཾ་རཱ་ག་ར་ཏི། ནུབ་ཏུ་སྣང་མཐའ་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། གོས་དཀར་མོ་དམར་མོ་པདྨའི་དྲིལ་བུ་དང་པདྨ་འཛིན་པ་དང་མཉམ་པར་སྦྱོར་བ། ཧཱཾ་པྲ་ཛྙཱ་དྷྲི་ཀ྄ །ཏཱཾ་བཛྲ་ར་ཏི། བྱང་དུ་དོན་གྲུབ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པ། དམ་ཚིག་སྒྲོལ་མ་ལྗང་གུ་རལ་གྲིའི་དྲིལ་བུ་དང་རལ་གྲི་འཛིན་པ་དང་། མཉམ་པར་སྦྱོར་བ། ཡབ་རྣམས་མཉམ་པའི་སྐྱིལ་ཀྲུང་དང་ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་རོལ་པ། ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་ཚུལ་དགུས་བརྗིད་པའོ། །གསུམ་པ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་ནི། དེ་ལྟར་གསལ་བའི་ཚོགས་རྟེན་དང་བུམ་པའི་ལྷ་ཐམས་ཅད་ཀྱི་སྲོག་གི་གོར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་སོ་སོའི་ས་བོན་གྱིས་མཚན་པར་བསམ་ལ། ས་བོན་རྣམས་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བསྐུལ་བས། དེ་རྣམས་གཉིས་སུ་མེད་པར་སྦྱོར་བ་མཛད་པ། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུརབས་ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་བསྒྱུར། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་རང་རིགས་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་རྒྱན་པར་མོས་ལ། ཕུང་པོ་ལྔ་དག་པ་རིགས་ལྔའི་སངས་རྒྱས་སུ་ང་རྒྱལ་བྱ། རིགས་ལྔ་སོ་སོའི་དབང་རྒྱ་སྔར་ལྟར་བཅིངས་པ་གནས་སོ་སོར་འཇོག་ཅིང་དབང་སྔགས་བརྗོད་པ་སྟེ། དེའང་རིགས་གང་ཡིན་གྱི་སྔགས་དང་པོར་བརྗོད་ཅིང་ཕྱག་རྒྱ་སྤྱི་བོའི་གནས་སུ་འཇོག་ལ། གང་དབུས་སུ་སོང་བའི་སྔགས་རྒྱ་དང་རིགས་བདག་གི་ཤུལ་དུ་མི་བསྐྱོད་པ་སྤོ་བ་ངེས་པར་བྱས་ནས། མི་བསྐྱོད་པའི་དབང་རྒྱ་དང་ཤཱུ་ནྱ་ཏཱ་དང་པོར་བྱས་པའི་སྔགས་ཚན་ལྔས། གཙོ་བོ་རྡོར་སེམས། མི་བསྐྱོད་པ། ཀུན་བཟང་། རྡོ་རྗེ་ཁྲག་འཐུང་རྣམས་ཡུམ་དང་བཅས་པ་དང་། ཐུབ་པ་དྲུག་ལ་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔའི་ཅོད་པན་གྱིས་དབུ་བརྒྱན་པར་གྱུར། རྣམ་སྣང་གི་དབང་རྒྱ་དང་ཨ་དཪྴ་དང་པོར་བརྗོད་པས་སྔགས་ཚན་ལྔས། རྣམ་སྣང་། ས་སྙིང་། བྱམས་པ། གཤིན་རྗེ་གཤེད། སངས་རྒྱས་ཁྲག་འཐུང་རྣམས་ཡུམ་དང་བཅས་པ་ལ་རྣམ་སྣང་བདག་པོར་གྱུར་པའི་རིགས་ལྔའི་ཅོད་པན་གྱིས་དབུ་བརྒྱན་པར་གྱུར། དེ་བཞིན་དུ་ས་མ་ཏཱ་དང་པོར། རིན་འབྱུང་། ནམ་སྙིང་། སྒྲིབ་སེལ། སྟོབས་པོ་ཆེ། རིན་ཆེན་ཁྲག་འཐུང་རྣམས་ཡུམ་དང་བཅས་པ་ལ་རིན་འབྱུང་བདག་པོར་གྱུར་པའི་རིགས་ལྔའི་ཅོད་པན་གྱིས་དབུ་བརྒྱན་པར་གྱུར། པྲ་ཏྱ་དང་པོར། སྣང་མཐའ། སྤྱན་རས་གཟིགས། ཀུན་བཟང་། རྟ་མགྲིན། པདྨ་ཁྲག་འཐུང་རྣམས་ཡུམ་དང་བཅས་པ་ལ་སྣང་མཐའ་བདག་པོར་གྱུར་པའི་རིགས་ལྔའི་ཅོད་པན་གྱིས་དབུ་བརྒྱན་པར་གྱུར། ཀྲྀ་ཏྱཱ་དང་པོར། དོན་གྲུབ། ཕྱག་རྡོར། འཇམ་དཔལ། བདུད་རྩི་འཁྱིལ་པ། ལས་ཀྱི་ཁྲག་འཐུང་རྣམས་ཡུམ་དང་བཅས་པ་ལ་དོན་གྲུབ་བདག་པོར་གྱུར་པའི་རིགས་ལྔའི་ཅོད་པན་གྱིས་དབུ་བརྒྱན་པར་གྱུར། དེ་ནས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་དང་ཤཱུ་ནྱ་ཏཱའི་སྔགས་བརྗོད་པས། གནས་ཡུལ་སྒོ་མ་ཉི་ཤུ་དང་། དབང་མོ་ཉེར་བརྒྱད་ལ་དབང་བསྐུར་བས་སྤྱི་བོར་རྡོ་རྗེ་རྩེ་ལྔ་པ་རེ་རེས་དབུ་བརྒྱན་པར་བསམ་མོ། །བྱིན་གྱིས་བརློབ་པ་ནི། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་གནས་པའི་ༀ༴ ཞེས་སོགས་ནས། ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པའི་བར་སྔར་བཞིན་ནོ། །གསུམ་པ་རང་བཞིན་གྱི་དཀྱིལ་འཁོར་དང་གཉིས་མེད་དུ་བྱ་བ་ལ་བཞི་ལས། དང་པོ་སྙན་གསན་དབབ་པ་ནི། རང་གི་ཐུགས་ཀར་དྭངས་མའི་སྲོག་ཡིག་ཡེ་ཤེས་ལྔའི་རང་བཞིན་རྟག་ཏུ་འཆར་བཞིན་པ། ཞེས་པ་ནས། གཟུགས་སྐུ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་སད་པར་བསམ་ལ། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། ཧཱུྃ། སྟོང་པ་ཤིན་ཏུ་ཞེས་སོགས་ནས། ས་མ་ཡ་སྟྭཾ་གྱི་བར་རོ། །གཉིས་པ་སྤྱན་དྲང་བ་ནི། ཧཱུཾ། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུཾ་བཾ་ཧོཿ རུ་ལུ་རུ་ལུ་ཧཱུཾ། ཞེས་པས་དམ་ཚིག་གི་འཁོར་ལོ་དང་ཉེ་བར་སྤྱན་དྲངས་ཏེ། ༀ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །ཞེས་པ་ནས། མེ་རི་འདབ་འབྱོར་དུ་བཞུགས་པར་བསམ་པའི་བར་སྔར་བཞིན་ནོ། །གསུམ་པ་རིག་པའི་མེ་ཏོག་དོར་བ་ནི། ༀ་བཛྲ་ས་མ་ཡ་ༀ། ཞེས་པ་ནས། ས་མ་ཡ་ཧཱའི་བར་དང་། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། ཞེས་མེ་ཏོག་དོར་ནས། དམ་ཚིག་པ་དང་ཞེས་སོགས་ནས། གཉིས་སུ་མེད་པར་རིག་པར་བྱའོ། །ཞེས་པའི་བར་རོ། །བཞི་པ་དངོས་གྲུབ་བསྐུལ་ཏེ་བསྟིམ་པ་ནི། ༀ་ཡེ་ཤེས་རྒྱལ་པོ་ཞེས་སོགས་ནས། ༀ་བཛྲ་ས་མ་ཡ་ཧོཿའི་བར་དང་། ༀ་ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་བས་ཡེ་ཤེས་ཀྱི་འཁོར་ལོ་དང་གཉིས་མེད་དུ་དགྱེས་པ་བསྐྱེད་པ་ལས་དྲིན་ལན་གྱི་ཚུལ་དུ་དམ་ཚིག་པ་ལ། ཨ་ལི་ཨུ་ལི་ཏཱ་ལི་ཏ་བཱ་ལི་དཾཥྚ་གོ་ནཱ་རོ་ཏྲི་ཁ་རཾ་ཡོ་གི་ནཱི་ཁཱ་ཧི་ཧོཿ ཞེས་མཆོད་དེ། ཛཿཧཱུཾ་བཾ་ཧོཿ ཧཱུཾ་ཧ་ཧེ་ཕཊ། ཞེས་བརྗོད་པས་དཀྱིལ་འཁོར་གྱི་འཁོར་ལོ་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་གྱུར་ནས་གསལ་ཞིང་བརྟན་པར་བསམ་མོ། གཉིས་པ་ཚོགས་བསགས་པ་དངོས་ལ། ཕྱག་བྱ་བ། མཆོད་པ་འབུལ་པ། བཤགས་པ་བྱ་བ། དངོས་གྲུབ་གསོལ་བ། དམ་བཅའ་བ། འཛབ་བཟླ་བ། ཐུགས་དམ་བསྐང་བའོ། །དང་པོ་ནི། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་རང་ཉིད་གཙོ་བོ་གཉིས་པའི་རྣམ་པས་ཐོན་ནས་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་དེ། སེམས་ཅན་ཐམས་ཅད་དང་བྱ་བྱེད་ཐུན་མོང་པར་གྱུར་ནས་ཕྱག་དང་མཆོད་པ་སོགས་ལས་ཀྱི་རིམ་པ་ལ་འཇུག་པར་མོས་ལ། ལུས་ཞིང་རྡུལ་དང་མཉམ་པར་སྤྲུལ་ནས། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་རྩ་བའི་བླ་མ་ལ་ཕྱག་བྱས་ནས། བརྒྱུད་པའི་ཕྱག་འཚལ་ནི། ཀུན་བཟང་ཕྱག་རྡོར་ཀུ་ཀུ་རཱ་ཛ་ཆེ། །ཨིནྡྲ་བྷུ་ཏི་ཤཱཀྱ་པུ་ཏྲིའི་ཞབས། །སིངྷ་རཱ་ཛ་ཨུ་པ་རཱ་ཛ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །གོ་མ་དེ་བི་རྡོ་རྗེ་ཧཱུཾ་མཛད་རྩལ། །སངས་རྒྱས་གསང་བ་བི་མ་ལ་མི་ཏྲ། །གཉགས་ལོ་གཞོན་ནུ་སོག་པོ་ལྷ་དཔལ་ལ། །སྒོ་གསུམ་གུས་པས༴ གནུབས་ཆེན་སངས་རྒྱས་ཡེ་ཤེས་སྲུ་ལེགས་སྒྲོན། །སྲས་མཆོག་གཞོན་སྙིང་ཞུ་སྟོན་བསོད་ནམས་མཚན། །བདེ་གཤེགས་ཟུར་ཆེན་ཟུར་ཆུང་ཤེས་རབ་གྲགས། །སྒོ་གསུམ་གུས་པས༴ སྒྲོལ་ཆེན་བསམ་རྡོར་ཐུགས་སྲས་སངས་རིན་ཞབས། །འགོས་ལོ་གཞོན་དཔལ་བསོད་ནམས་རྒྱ་མཚོའི་སྡེ། །སེ་སྟོན་རིན་རྒྱན་རྒྱ་ཧོར་རྡོ་རྗེ་རྩལ། །སྒོ་གསུམ་གུས་པས༴ པཎ་ཆེན་པདྨ་དབང་རྒྱལ་བདུད་འཇོམས་རྗེ། །ཚེ་རིང་དབང་པོ་ངག་དབང་ཕུན་ཚོགས་མཚན། །བརྒྱུད་སྲོལ་ཀུན་འདུས་རིག་འཛིན་གཏེར་བདག་གླིང་། །སྒོ་གསུམ་གུས་པས༴ ལོ་ཆེན་ཆོས་དཔལ་རྒྱལ་སྲས་རིན་རྣམ་ཞབས། །པདྨ་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ། །ཕྲིན་ལས་ཆོས་སྒྲོན་སངས་རྒྱས་ཀུན་དགའི་དཔལ། །སྒོ་གསུམ་གུས་པས༴ བསྟན་འཛིན་ནོར་བུ་ཕན་བདེའི་འོད་ཟེར་འབར། །ཁྱབ་བདག་དྲིན་ཆེན་རྩ་བརྒྱུད་བླ་མ་དང་། །རབ་འབྱམས་ཞི་ཁྲོ་དཀྱིལ་འཁོར་འཁོར་ལོའི་ལྷར། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཞེས་བརྒྱུད་པའི་གསོལ་འདེབས་ཀྱི་ཚིགས་རྐང་བཞི་པ་བསྒྱུར་པ་དང་། གཞན་ཡང་བརྒྱུད་ཚུལ་དུ་མ་ཡོད་པ་ལས་གང་མོས་པ་དེ་དང་དེར་བསྒྱུར་བས་ཆོག་གོ། །དཀྱིལ་འཁོར་ལྷའི་ཕྱག་འཚལ་ནི། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པའི། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་སྲས་བཅས་ཐམས་ཅད་བསྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཤེས་དབང་པོ་དག་པས་ཐུགས་དང་གསུང་། །བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །བདུག་པ་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ལ་ཕྱག་བཚལ་ལོ། །དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང་། །མཐར་བྱེད་སྒོ་བ་བཞི་ལ་ཕྱག་འཚལ་ལོ། །རྟག་ཆད་ལྟ་འབྱིན་གསང་བ་ཡུམ་གྱི་ངང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་ལོ། །སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་གཙོ། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང་། །བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདས་པའི་དུས་སུ་སྔོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །དཔལ་ཆེན་ཁྲག་འཐུང་རྣམས་ལ་ཕྱག་འཚལ་ལོ། །ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་རྣམས་ལ་ཕྱག་འཚལ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་སླས་སུ་བཞུགས། །ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་པའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་བསྲུང་། །སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ། །དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་ར་ལཱི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་ན། །ཡེ་ཤེས་བསྐལ་པ་མེ་དཔུང་འབར་བའི་ཀློང་། །བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚོལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡིས། །ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏི་པུ་ཧོཿ ཞེས་པ་ཙམ་མམ། འགྲུབ་ཏུ་རུང་ན་ཕྱག་གི་བཀོལ་བྱང་རྒྱས་པ་བཞིན་ཅི་ནུས་སུ་བྱ་བ་གལ་ཆེའོ། །གཉིས་པ་མཆོད་པ་ལ་བཅུ་བཞི་ལས། དང་པོ་ཕྱག་རྒྱའི་མཆོད་པ་ནི། ལག་པ་གཡས་ཀྱི་སོར་མོའི་བྲེ་ཁ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེ། དེ་རྣམས་ཀྱི་སྟེང་དུ་ཧཱུྃ་ༀ་སྭཱ་ཨཱཾ་ཧཱ། གཡོན་གྱི་སོར་མོའི་བྲེ་ཁ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རེ་རེ། དེ་དག་གི་སྟེང་དུ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པར་བསམ་ལ། ལྔ་གཉིས་ཟུང་དུ་སྤྲད་པ་ལས། །སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། །ༀ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྤྱིན་པའི་རྒྱ། །ཧཱུྃ་བཛྲ་དྷྲི་ཀ྄ །ཞེས་པས་ཕྱག་རྒྱ་མདུན་དུ་བསྒྱུར་ནས་གཡོན་དུ་དགྲོལ། དེའི་ཚེ་ལྷ་གསལ་བ་ཕྱག་ཆེན། ས་བོན་ཆོས་རྒྱ། བཅའ་བ་དམ་རྒྱ། དགྲོལ་བ་ལས་རྒྱའོ། །དེ་ནས་ཁྲོ་བོའི་ཚོགས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ང་རྒྱལ་བྱས་ལ། ཁྲག་འཐུང་རྒྱལ་པོ་གར་ལ་དགྱེས། །སྐུ་མདོག་ཞལ་ནི་རྣམ་པར་འགྱུར། །སྐུ་ཡི་གར་སྟབས་གློག་འགྱུ་བའི། །ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །ཞེས་པ་ཙམ་མམ། སྤྲོ་ན་རྔམས་གློག་དང་ཧེ་རུ་ཀ་འདུས་པར་གསུང་པའི་ཕྱག་རྒྱ་རྣམས་ལས་དཀྱིལ་འཁོར་འདིའི་ལྷ་གྲངས་དང་མཚུངས་པ་ཙམ་སྦྱར་ན་ཤིན་ཏུའང་སྐབས་སུ་བབ་པར་འགྱུར་རོ། །གཉིས་པ་ཀུན་བཟང་ནི། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ༀ་ཧཱུཾ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། གསུམ་པ་ཞབས་བསིལ་ནི། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཱུཛི་ཏེ་ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། བཞི་པ་བཞི་བསྣོལ་ནི། སོ་སོའི་ཕྱག་རྒྱ་བཅས་ཏེ། ༀ་ཧཱུཾ། སྤོས་ཀྱི་སྤྲིན་ལྡིང་བདུག་པ་མ། །རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས། །བྱམས་པ་ཐབས་དང་ཤེས་རབ་ལས། །བཛྲ་དྷཱུ་པེའི་མཆོད་པར་རོལ། །ༀ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ཨུ ཏྤལ་མཐིང་ག་མེ་ཏོག་འཐོར། །སྣ་ཚོགས་རིན་ཆེན་འོད་དུ་འཕྲོ། །སྙིང་རྗེ་ཐབས་དང་ཤེས་རབ་ལས། །བཛྲ་པུཥྤེའི་མཆོད་པར་རོལ། །ༀ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སི་དྡྷི་ཧུ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ༀ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། དབང་གི་ཕྱག་ན་སྒྲོན་མ་བསྣམས། །ཆོས་ཀྱི་རྒྱལ་པོ་འབར་བ་འཛིན། །དགའ་བ་ཐབས་དང་ཤེས་རབ་ལས། །བཛྲ་ལོ་ཀེའི་མཆོད་པར་རོལ། །ༀ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ༀ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ཙནྡན་བདུད་རྩིའི་ཆར་འབེབས་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས། །བཏང་སྙོམས་ཐབས་དང་ཤེས་རབ་ལས། །བཛྲ་གནྡྷེའི་མཆོད་པར་རོལ། །ༀ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ༀ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ལྷ་མོ་རྣམས་ཀྱིས་དཀྱིལ་འཁོར་བ་རྣམས་མཆོད་ནས་ཤངས་ལ་སོགས་པའི་དབང་པོ་སོ་སོ་ལ་ཐིམ་པར་བསམ་ལ། ༀ་ཨཱཿཧཱུཾ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་གྲུབ་པར་མཛོད། །མཆོད་ཆེན་ཐམས་ཅད་དག་ཅིང་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པས་ལྷ་རྣམས་མཉེས། ལྷ་མོ་རྣམས་སླར་བྱུང་སྟེ་རང་གི་གནས་བཞིར་ཐིམ་པར་སྐུ་གསུང་ཐུགས་ཕྲིན་ལས་བཞིའི་དངོས་གྲུབ་ཐོབ་པར་བསམ་མོ། །ལྔ་པ་སྨན་མཆོད་ནི། ༀ་ཧཱུཾ། སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང་། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བ། །དུག་ལྔ་སེལ་བའི་བདུད་རྩི་སྨན། །ཐམས་ཅད་བདུད་རྩིའི་རྣལ་འབྱོར་ཆེ། །བདེ་གཤེགས་ཞི་བའི་ཐུགས་དམ་ཉིད། །ཁྲོ་བོ་རྒྱ་མཚོས་དངོས་གྲུབ་མཆོག །ཞི་ཁྲོ་རོལ་པའི་དཀྱིལ་འཁོར་འདིར། །བདག་ཅག་དད་པས་འབུལ་གྱིས་བཞེས། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་དང་། བརྒྱུད་མཆོད་ནི། ཀུན་བཟང་ཕྱག་རྡོར་ཀུ་ཀུ་རཱ་ཛ་ཆེ། །ཨིནྡྲ་བྷུ་ཏི་ཤཱཀྱ་པུ་ཏྲིའི་ཞབས། །སིདྷ་རཱ་ཛ་ཨུ་པ་རཱ་ཛ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གོ་མ་དེ་བི་རྡོ་རྗེ་ཧཱུཾ་མཛད་རྩལ། །སངས་རྒྱས་གསང་བ་བི་མ་ལ་མི་ཏྲ། །གཉགས་ལོ་གཞོན་ནུ་སོག་པོ་ལྷ་དཔལ་ལ། །སྨན་མཆོད་འབུལ་ལོ༴ ༀ་སརྦ་ཏ་ཐཱ༴ གནུབས་ཆེན་སངས་རྒྱས་ཡེ་ཤེས་སྲུ་ལེགས་སྒྲོན། །སྲས་མཆོག་གཞོན་སྙིང་ཞུ་སྟོན་བསོད་ནམས་མཚན། །བདེ་གཤེགས་ཟུར་ཆེན་ཟུར་ཆུང་ཤེས་རབ་གྲགས། །སྨན་མཆོད༴ ༀ་སརྦ༴ གླན་དང་འགར་སྟོན་རྡོ་རྗེ་རྒྱལ་མཚན་དཔལ། །རྡོར་འོད་བསོད་ནམས་རྒྱལ་མཚན་ཆོས་སེང་ཞབས། །སངས་རྒྱས་དཔལ་བ་བསོད་ནམས་མགོན་པོ་ལ། །སྨན་མཆོད༴ ༀ་སརྦ༴ སྒྲོལ་ཆེན་བསམ་རྡོར་ཐུགས་སྲས་སངས་རིན་ཞབས། །འགོས་ལོ་གཞོན་དཔལ་བསོད་ནམ་རྒྱ་མཚོའི་སྡེ། །སེ་སྟོན་རིན་རྒྱན་རྒྱ་ཧོར་རྡོ་རྗེ་རྩལ། །སྨན་མཆོད༴ ༀ་སརྦ༴ པཎ་ཆེན་པདྨ་དབང་རྒྱལ་བདུད་འཇོམས་རྗེ། །ཚེ་རིང་དབང་པོ་ངག་དབང་ཕུན་ཚོགས་མཚན། །བརྒྱུད་སྲོལ་ཀུན་འདུས་རིག་འཛིན་གཏེར་བདག་གླིང་། །སྨན་མཆོད༴ ༀ་སརྦ༴ ལོ་ཆེན་ཆོས་དཔལ་རྒྱལ་སྲས་རིན་རྣམ་ཞབས། །པདྨ་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ། །ཕྲིན་ལས་ཆོས་སྒྲོན་སངས་རྒྱས་ཀུན་དགའི་དཔལ། །སྨན་མཆོད༴ ༀ་སརྦ༴ བསྟན་འཛིན་ནོར་བུ་ཕན་བདེའི་འོད་ཟེར་འབར། །ཁྱབ་བདག་དྲིན་ཆེན་རྩ་བརྒྱུད་བླ་མ་དང་། །རབ་འབྱམས་ཞི་ཁྲོ་དཀྱིལ་འཁོར་འཁོར་ལོའི་ལྷར། །སྨན་མཆོད༴ ༀ་སརྦ༴ ཞེས་བསྒྱུར་བ་སོགས་ཇི་ལྟར་རིགས་པས་ཕུལ་ལ། བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །འགྲོ་བའི་དོན་མཛད་སྤྲུལ་སྐུ་ཐུབ་དྲུག་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ༴ ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲོ་རྒྱལ་ཡབ་ཡུམ་དང་། །གནས་ཡུལ་ཕྱག་རྒྱ་སྒོ་མ་བཞི་རྣམས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་བསྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ལྷར་བྱམས་ཤིང་སྲིང་ལྟར་རབ་གདུང་མ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །མ་ཚོགས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ། །སྨན་མཆོད༴ ༀ་སརྦ༴ དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས། །ཞིང་སྐྱོང་གཞི་བདག་རིགས་དྲུག་ཕ་མ་སོགས། །སྲིད་གསུམ་ཀ་དག་རྒྱལ་བའི་དཀྱིལ་འཁོར་ལ། །སྨན་མཆོད༴ ༀ་སརྦ་ཏ་ཐཱ་ག་ཏ༴ ཞེས་གུ་ཧྱ་ལག་གི་ཕྱག་རྒྱས་གཏོར་བས་ཡེ་ཤེས་ཀྱི་བདུད་རྩིའི་ཟེགས་མའི་སྤྲིན་ལས་བདུད་རྩིའི་ཆར་བབས་པས་དཀྱིལ་འཁོར་པ་ཐམས་ཅད་མཉེས་ཤིང་ཚིམ་པར་བསམ་ལ། མཐར་དངོས་གྲུབ་བླང་བ་ནི། རང་གི་ལྕེ་ལ་ཧཱུཾ་ཡིག་དང་། སྨན་གྱི་སྟེང་དུ་འབྲུ་གསུམ་བསྒོམས་ཏེ། ༀ་ཨཱཿཧཱུཾ། རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མྱང་ན་དངོས་གྲུབ་ཐོབ་པར་འགྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨ། ཙིཏྟ་སིདྡྷི་ཧཱུཾ། ཞེས་རིམ་པར་བླངས་ཏེ་ལྕེ་ལ་བཞག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །དྲུག་པ་བདུད་རྩི་གསང་བསྣན་གྱི་མཆོད་པ་ནི། བདུད་རྩིའི་རྒྱུན་བྷཉྫར་ལན་གསུམ་དུ་སྦྲེང་ཞིང་། ༀ་ཨཱཿཧཱུཾ། མི་བསྐྱོད་ཡེ་ཤེས་བདེ་བའི་མཆོག་དང་ལྡན་པའི་རོལ་ལ་བསྣམས་སུ་གསོལ། །ཨ་ལ་ལ་ཧོཿ བྱང་ཆུབ་སེམས་དཔའི་བདེ་མཆོག་དེ་ཉིད་འགོག་པ་རྣམས་ལས་བསླང་བའི་ཕྱིར། །ཆགས་པ་མེད་པའི་བདེ་མཆོག་ཀུན་ཏུ་མྱོང་མཛད་བཞེས་ཤིང་བསྣམས་སུ་གསོལ། །ༀ་ཨཱཿཧཱུཾ། མཆོག་ཏུ་གསང་བའི་བདེ་ལ་རོལ་ཞིང་དམ་བཅས་འཇིག་རྟེན་སྒྲོལ། །བྱང་ཆུབ་སྐྱེ་གནས་བདེ་མཆོག་དབྱིངས་ལས་མི་ཉམས་དགའ་བའི་གར་མཛོད་ཅིག །ཨ་ལ་ལ་ཧོཿ ཞེན་ཅིང་ཆགས་པའི་མཐའ་ལ་ཉོན་མོངས་རྣོ་སྐམས་གཟིར་བ་ཡིས། །མྱོང་བྱེད་བདེ་མཆོག་བརྒྱད་དང་ལྡན་པས་ཐབས་ཀྱི་སྐུ་ལ་སྨྲེ་པར་མཛོད། །འགྲོ་ཀུན་ཚངས་པར་སྤྱོད་པའི་བྱང་ཆུབ་སྒོ་མོར་ལམ་གཏོད་ཅིག །བདེ་མཆོག་བདུད་རྩི་ཁྱད་པར་མེད་པའི་ཚོགས་ལ་བཀའ་སྩོལ་ཅིག །ཨ་ལ་ལ་ཧོཿ ཞེས་པས་དང་པོས་ལྷ་རྣམས་དགྱེས་པ་བསྐྱེད། གཉིས་པས་ཉན་ཐོས་རྣམས་འགོག་པ་ལས་བསླང་། གསུམ་པས་རྒྱལ་སྲས་རྣམས་གཞན་དོན་ལ་བསྐུལ་བར་བསམ་མོ། །བདུན་པ་རཀྟའི་མཆོད་པ་ནི། ༀ་ཧཱུཾ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །མཁའ་དབྱིངས་རྣམ་དག་ཡུམ་གྱི་རང་བཞིན་དུ། །ཁམས་གསུམ་དུག་གསུམ་བསྒྲལ་བའི་རཀྟ་མཆོག །ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ཁམས་གསུམ་ཟིལ་གནོན་དངོས་གྲུབ་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ༀ་བཛྲ་ཀྲོ་དྷ་མཎྜ་ལ་མ་ཧཱ་རཀྟ་ཁ་རཾ་ཧཱ་ཧི། བརྒྱད་པ་གཏོར་མའི་མཆོད་པ་ནི། ༀ་ཧཱུཾ། ཆོས་དབྱིངས་རྣམ་དག་གཏོར་གཞོང་རྒྱ་ཆེན་དུ། །གཏོར་མ་ཡེ་ཤེས་སྣང་བ་རྒྱ་མཚོར་འཁྱིལ། །དཀར་དམར་ཐིག་ལེ་བདུད་རྩིའི་རོལ་མཚོར་སྤེལ། །འདོད་ཡོན་ལྷ་མོའི་སྤྲིན་གྱིས་བརྒྱན་པ་འདི། །ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། ༀ་ཨཱཿཧཱུཾ་སུ་ར་ཏེ་ཨུ་པ་བྷྱཿ ཀ་མ་ལ་མཱ་ལ་བཛྲ་ཨ་མྲྀ་ཏ་ཧ་ར་ཎ་པྲ་ཏཱིཙྪ་བྷ་ག་ཝཱན་ཛཿཧཱུཾ་བཾ་ཧོཿ ཨ་ལ་ལ་ཧོཿ ཞེས་དང་། ༀ་བཛྲ་ཀྲོ་དྷ་མཎྜ་ལ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ་བས་འདོད་ཡོན་དྲུག་གི་ལྷ་མོ་མཁའ་ཁྱབ་ཏུ་སྤྲོས་པ་དཀྱིལ་འཁོར་བ་རྣམས་ཀྱི་དབང་པོ་དྲུག་གི་གནས་སུ་ཐིམ་པས་དགྱེས་ཤིང་ཚིམ་པར་བྱས་ནས་གཉིས་མེད་དུ་གྱུར་པར་བསམ་མོ། །དགུ་པ་ཡིད་བྱུང་གི་མཆོད་པ་ནི། ༀ་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བ རྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །ཞེས་པས་ཚིག་གི་ཇི་ལྟར་སྟོན་པའི་མཆོད་པ་རྣམས་མཁའ་ཁྱབ་ཏུ་སྤྲུལ་ཏེ་དབུལ་ལོ། །བཅུ་པ་བསྒྲལ་མཆོད་ནི། བདག་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་རཾ་དཔག་ཏུ་མེད་པ་ཆད། རཾ་བཛྲ་ཛྭ་ལ་རཾ། རཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་སེམས་ཅན་ཐམས་ཅད་ཀྱི་སྙིང་ནང་ན་གནས་པའི་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་བསྲེགས། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར་བར་བསམ་ཞིང་། ཧཱུྃ། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །བཅུ་གཅིག་པ་སྦྱོར་མཆོད་ནི། རང་དང་དཀྱིལ་འཁོར་གྱི་ལྷ་ཡབ་ཡུམ་ཐམས་ཅད་ཀྱི་མཁའ་གསང་། ཧཱུཾ་ཨ། བཛྲ་པདྨ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ་ཧཾ། ཨ་ནུ་རཱ་ག་ཡ་མྱེ། ཛཿཧཱུཾ་བཾ་ཧོཿ བོདྷི་ཙིཏྟ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་སྤྲིན་སྤྲོ་བསྡུའི་སྦྱོར་བས་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་རྒྱས་པ་ལ་བློ་བཞག་ནས། ༀ་ཧཱུཾ། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱ། །མཉམ་པའི་གྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་འབུལ། །ༀ་ས་རྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་བྱའོ། །བཅུ་གཉིས་པ་འདོད་ཡོན་རོ་མཉམ་གྱི་མཆོད་པ་ནི། ༀ་ཧཱུཾ། བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །འདོད་ཡོན་གྱི་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་དག་པ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བདེ་བ་ཆེན་པོ་རོ་གཅིག་ཏུ་གྱུར་པར་བསམ་མོ། །བཅུ་གསུམ་པ་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ནི། ༀ་ཧཱུཾ། བླ་མེད་མཆོག་གི་མཆོད་པ་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཞེས་པས་མཆོད་པའི་རོལ་མོ་ཇི་སྙེད་པ་ཐམས་ཅད་ཀྱི་འཁོར་གསུམ་ཡེ་ཤེས་སུ་དག་པ་མངོན་དུ་བྱས་ནས། ༀ་སརྦ་ཏ་ཐཱ་ཱག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱས་བྱ་ཞིང་རོལ་མོ་ཡེ་ཤེས་ཀྱི་སྒྲས་བསྐུལ་ལོ། །བཅུ་བཞི་པ་གླུ་ཡེ་ཤེས་ཀྱི་མཆོད་པ་ནི། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས། །ཧོཿ ༀ། རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ། །ཧོཿ ༀ། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ། །ཧོཿ ༀ། མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་སྤྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ། །ཧོཿ ༀ། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐན་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཧོཿ ༀ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། །ཧོཿ ཞེས་པས་ཞི་བ་དང་། ཧཱུྃ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟངས་ཡག་ཟ་བྱེད་ཆེ། །ཧོཿ ཧཱུཾ། རྔམས་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །སྤྱུགས་པའི་འཐོར་རླུང་གཡེངས་པ་ཆེ། །ཧོཿ ཧཱུཾ། ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་པའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ། །ཧོཿ ཧཱུཾ། ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ། །ཧོཿ ཧཱུཾ། བདུད་ཀུན་གྱི་ནི་བདག་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ། །ཧོཿ ཧཱུཾ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ། །ཧོཿ ཞེས་པས་ཁྲོ་བོ་སྟེ། ཆོས་ཉིད་ཀྱི་རང་སྒྲ་བསྟོད་དབྱངས་རྒྱ་མཚོའི་རོལ་མོར་ཀུན་ཏུ་སྒྲོག་པར་བསམ་མོ། །གསུམ་པ་བཤགས་པ་བྱ་བ་ནི། ཡེ་ཤེས་སྐུ་མཆོག་དང་། ཧོཿ སྤྲོས་པ་མེད་པའི་དབྱིངས་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་ལྡན་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔའི་བདེ་བར་གཤེགས་པ་རིགས་མཆོག་གཟུངས་ཀྱི་ཡུམ་གྱི་དབྱིངས་ན་རྣམ་པར་བཞུགས་པ་སེམས་དཔའི་ཚོགས་སེམས་མའི་འཁོར། ཡེ་ཤེས་ཆེན་པོའི་དབང་ཕྱུག་ཐབས་ལ་མཁས་པའི་བདག་ཉིད། སྒྲོལ་བའི་མཁའ་འགྲོ། རང་བཞིན་གྱི་རྣལ་འབྱོར། ངོ་བོ་ཉིད་ཀྱི་སྐུ་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དགོངས་སུ་གསོལ། བདག་ཅག་གསང་བའི་དཀྱིལ་འཁོར་འདིར་ཚོགས་པ་རྣམས་ཀྱིས། དང་པོ་གསང་བ་རྡོ་རྗེ་ཐེག་པའི་སྒོར་ཁས་འཆེས་ཏེ། དམ་ཚིག་གཉན་པོ་མ་ནོར་བར་མནོས་པ་ལས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་དང་འགལ་འཁྲུལ་དུ་གྱུར་པ། ལྷ་ཉེ་བར་མ་བསྒོམས་པ། སྙིང་པོ་དག་པར་མ་བགྲངས་པ། སྦྱོར་བ་མང་པོའི་བར་བསྐུམས་པ། དད་པ་ཅན་གྱི་ཚོགས་བཅག་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། མཆོད་པ་ལོ་ཟླ་ལས་འདས་པ། དམ་རྫས་ལག་ལེན་རྔོ་མ་ཐོགས་པ། འཛབ་བཟླས་གྲངས་ཉུང་བ། བསྙེན་པ་ཡུན་ཐུང་བ། ཏིང་ངེ་འཛིན་ཐང་ལྷོད་དུ་གྱུར་པ། དེ་བཞིན་གཤེགས་པའི་མཛད་སྤྱོད་དམ་པ་ཀློང་དུ་མ་གྱུར་ཅིང་། སེམས་ཅན་གྱི་སྤྱོད་པ་རང་ཐད་དུ་གྱུར་པ་དང་། ཁྱད་པར་དུ་སྒྲུབ་པའི་དམ་ཚིག་དང་། ཁྱད་པར་གྱི་དམ་ཚིག་གཉན་པོ་མངོན་པར་མནོས་པ་ལས། ཉམས་ཤིང་ཞིག་རལ་དུ་གྱུར་པ་ཅི་མཆིས་པ་ཐམས་ཅད་ཤིན་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས་པར་མཆིས་ན། དབྱིངས་ཉིད་ནམ་མཁའ་དང་འདྲ་བའི་ངང་གི་སྐུ་བཟོད་པ་ཆེན་པོ་དང་དུ་བཞེས་ནས། ཚངས་པ་མཆོག་ཡིད་བཞིན་དུ་ཐོབ་པར་སྩལ་དུ་གསོལ། །བཞི་པ་དངོས་གྲུབ་གསོལ་བ་ནི། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་བླ་མན་ཆད་ནས་དངོས་གྲུབ་ཀྱི་སྐལ་བ་དང་རིགས་བརྒྱུད་གང་ལགས་པ་ཐམས་ཅད་ཕྱི་མར་བསྡད་མི་འཚལ་བར་དུས་ད་ལྟ་ཉིད་དུ་ཐོབ་པར་སྩལ་དུ་གསོལ། རྣལ་འབྱོར་པ་ལ་བར་དུ་གཅོད་པར་བྱེད་པ། སྡང་བའི་དགྲ །གནོད་པའི་བགེགས། གདུག་པའི་དབལ། སྦྱོར་བའི་དུག །རྣོ་བའི་མཚོན། ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། སོ་སོའི་རྨི་ལམ་ངན་པ་དང་ལྟས་ངན་པ་དང་མི་ཤེས་པའི་རྐྱེན་དེ་དག་ཐམས་ཅད་ཕྱིར་བཟློག་ཅིང་མིང་ཙམ་ཡང་མི་གྲགས་པར་ཞི་བ་ཆེན་པོ་མཛད་དུ་གསོལ། གལ་ཏེ་ཞི་བས་བསྒྱུར་དུ་མི་བཏུབ་པ་ཞིག་མཆིས་ན་ཡང་། དྲག་པོའི་ཕྲིན་ལས་ཀྱིས་དབང་དུ་བསྡུ་བ་དང་། གཟིར་ཞིང་མནན་པ་དང་། བསྒྲལ་ཞིང་སྤར་བ་ལ་སོགས་ཏེ། ཕྲིན་ལས་དྲག་ཐབས་རྣམ་བཞིས་ཇི་ལྟར་འདུལ་བ་འཚམས་པ་བཞིན་མཛད་ནས་མིང་ཙམ་ཡང་མི་གྲགས་པར་མཛད་དུ་གསོལ། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་གཏུབས་སྡུག་བསྔལ་ལུས་ལ་འབྱུང་བར་མི་འགྱུར་ཡང་། །གྲིབ་མ་ཕོག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པས། །སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་དང་། །གཟི་མདངས་ལུས་ལ་འཇུག་པའི་ཉི་མ་སྟོང་ཕྲག་གི། །འོད་བཞིན་འཇིག་རྟེན་ཁམས་འདིར་རྟག་ཏུ་འབྱུང་བ་དང་། །ལུས་ངག་སེམས་ལ་ཚེ་འདིར་རྡོ་རྗེ་རབ་སྣང་སྟེ། །རེ་སྨོན་ཐམས་ཅད་དུས་འདི་ཉིད་དུ་སྩལ་དུ་གསོལ། །ཞེས་འདོད་པའི་དོན་གསོལ་ལོ། །ལྔ་པ་དམ་བཅའ་བ་ནི། ༀ་ཧཱུཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །དྲུག་པ་འཛབ་ལ་གསུམ་ལས། དང་པོ་ཉམས་ཆག་སྦྱང་ཞིང་དངོས་གྲུབ་བླང་བའི་འཛབ་ལའང་། འཛབ་ཁང་དབྱེ་བ། འཛབ་དངོས། སྐབས་ཀྱི་འཇུག་བསྡུ་བ་དང་གསུམ་ལས། དང་པོ་ནི་དབྱེ་བཞིའི་དཀྱིལ་འཁོར་གསལ་བཏབ་ནས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿ ཧཱུཾ་ༀ་སྭཱ་ཨཱཾ་ཧཱ་ཕཊ་ཛཿ ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ་ཕཊ་ཛཿ ཞེས་བརྗོད་པས། དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་མེ་རི་འདབས་འབྱར་གྱི་ཚུལ་དུ་བཞུགས་པར་བསམ་མོ། །གཉིས་པ་ནི། བདག་མདུན་གྱི་དམ་པ་རིགས་བརྒྱ་ཁྱབ་བྱེད་ཀྱི་རིགས་གཙོ་བོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་བཅས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ་སོ་སོའི་ཐུགས་ཀར་ཡི་གེ་བརྒྱ་པའི་ཡི་གེ་རེ་རེ་ཞིང་རང་རང་གི་ཏིང་འཛིན་སེམས་དཔའི་ངོ་བོར་གསལ་བར་བ སམ་ལ། སྔགས་ཟློས་པའི་ཚེ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས་པས་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་དགྱེས་པ་བསྐྱེད། ཐུགས་དམ་གྱི་རྒྱུད་བསྐུལ། སྥ་ར་ཎ་ཕཊ། ཡི་གེ་སོ་སོ་ལས་བྱུང་བའི་འོད་ཟེར་ནམ་མཁའ་གང་བར་འཕྲོས། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐུལ། སཾ་ཧ་ར་ཎ་ཧཱུཾ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་བསྡུས། མདུན་བསྐྱེད་ཀྱི་ལྷ་རྣམས་ལ་ཐིམ། གཟི་བྱིན་མཆོག་ཏུ་འབར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས་པ་བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་རྟོག་སྒྲིབ་ཉམས་ཆག་ཐམས་ཅད་དག །དངོས་གྲུབ་ཐམས་ཅད་ཐོབ། རང་སྣང་ཡེ་ཤེས་ཀྱི་འཁོར་ལོར་གཉིས་མེད་དུ་གྱུར་པར་བསམ་ལ། དམ་ཡེ་འཕྲོ་འདུ་སྟེ་གསལ་བ་གསུམ་དང་ལྡན་པའི་ངང་ནས་སྐྱོན་བཅུ་སྤངས་ཏེ། ༀ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏཱ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་སཏཱ་ཨཱཿཧཱུཾ་ཕཊ། ཅེས་བརྒྱ་སྟོང་སོགས་ཅི་ནུས་བཟླའོ། །ཡང་ན་འཛབ་ཁང་མ་ཕྱེ་བར། སྔར་རང་ཉིད་གཙོ་བོ་གཉིས་པའི་རྣམ་པར་ཐོན་པའི་ལས་ཀྱི་རྡོ་རྗེ་སེམས་དཔའ་དེ་ཉིད་སེམས་དཔའ་སུམ་བརྩེགས་ཀྱི་རྣམ་པར་བསྒོམས་པའི་ཏིང་འཛིན་སེམས་དཔའ་ཧཱུཾ་གི་མཐར་ཡིག་བརྒྱའི་སྔགས་ཕྲེང་བཀོད་པ་ལས་འཕྲོས་པའི་འོད་ཀྱིས་ཚོགས་རྟེན་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་བསྐུལ་བ་སོགས་ཀྱི་ཕྱག་ལེན་ཀྱང་སྣང་སྟེ་དོན་གྱི་གནད་གཅིག་གོ། །ཏིང་ངེ་འཛིན་ལ་བློ་གོམས་པ་དག་གིས་ནི། འཛབ་ཁང་དབྱེའམ་མ་དབྱེ་ཡང་རུང་སྟེ། ལུས་ཀྱི་སྒུལ་བསྐྱོད་ཐམས་ཅད་ལྷའི་ཕྱག་རྒྱ། ངག་རླུང་འབྱུང་འཇུག་ཐམས་ཅད་སྔགས་ཀྱི་སྒྲ་གདངས། སེམས་དྲན་རྟོག་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་རྟོགས་པས་ཟླའོ། །གསུམ་པ་སྐབས་ཀྱི་འཇུག་བསྡུ་བ་ལ། བསྟོད་པ། བཤགས་པ། འཛབ་ཁང་བསྡུ་བ་དང་གསུམ་ལས། དང་པོ་ནི། སྔར་བཤད་པ་ལྟར་རམ། ཡང་ན་ཞི་ཁྲོའི་གཞི་བསྟོད་གཉིས་སྦྲེལ་ནས་བྱས་ཀྱང་རུང་ཞིང་། བསྡུས་པ་ལ་དགའ་ན། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེན་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། གཉིས་པ་ནི། ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལས། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པས། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ། །ཞེས་བཟླས་པའི་ཉེས་བྱས་སུ་གྱུར་པ་རྣམས་བཤགས། གསུམ་པ་ནི། དམ་ཡེའི་དཀྱིལ་འཁོར་རང་བཞིན་དབྱེར་མེད་དུ་རྟོགས་པའི་ཕྱིར། ༀ་བཛྲ་ས་མ་ཡ་ༀ། ཞེས་སོགས་ཀྱིས་ཞི་ཁྲོའི་རིག་པའི་མེ་ཏོག་དོར་ཞིང་དངོས་གྲུབ་བསྐུལ་བ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཞེས་པའི་བར་དང་། ཛཿཧཱུཾ་བཾ་ཧོཿས་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་གི་དཀྱིལ་འཁོར་ལ་གཉིས་མེད་དུ་བསྟིམ་ནས་གསལ་བརྟན་དབང་དུ་བྱས་ཏེ་ཡི་གེ་བརྒྱ་པའང་བཟླའོ། །གཉིས་པ་བུམ་པའི་འཛབ་ནི། སླར་ཡང་རང་ཉིད་གཙོ་བོ་གཉིས་པའི་རྣམ་པར་ཕྱེ་ལ་བུམ་པར་གཟུངས་ཐག་གཏད་དེ། བདག་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་། བུམ་པའི་ལྷ་རིགས་ལྔ་ཡབ་ཡུམ་སོ་སོའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་མཱུཾ་སོགས་ས་བོན་སོ་སོའི་མཐར་གཡས་བསྐོར་དུ་རིགས་སོ་སོའི་ཁ་དོག་ཅན་དུ་འཁོད། ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཡེ་ཤེས་ལྔའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དམ་བསྐུལ། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས། བུམ་པའི་ལྷ་ལ་ཐིམ་པས་སྐུའི་ཆ་ཐམས་ཅད་དང་སྦྱོར་མཚམས་ནས་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིར་བབས་པས་བུམ་པ་ག ང་བར་བསམ་ཞིང་རིགས་ལྔ་སོ་སོ་ལ་དམིགས་པའི་ཡིག་བརྒྱ་མང་དུ་བཟླས་པའི་མཐར། རིགས་ལྔ་སོ་སོའི་སྔགས་སམ་སྤྱི་སྔགས་བོདྡྷི་ཙིཏྟ་ཡང་བཟླའོ། །སླར་ཡང་ཁྲོ་བོ་རིགས་ལྔའི་བསྐྱེད་སྔགས་རྣམས་བརྗོད་པས། ཞི་བ་རིགས་ལྔ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་གྱི་སྐུར་གྱུར་པ་སོ་སོའི་ཐུགས་ཀར་ཧཱུཾ་ཡིག་ཧེ་རུ་ཀའི་ཡིག་བརྒྱས་བསྐོར་བར་བསམ་ལ། ༀ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་ཞེས་པ་ནས། ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀོ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ། ཅེས་པ་ཅི་འགྲུབ་དང་། ཁྲག་འཐུང་ཡབ་ཡུམ་སོ་སོའི་སྔགས་སམ། སྤྱི་སྔགས། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་པའང་བཟླ་ཞིང་། གཙོ་སྔགས་ཀྱི་མཐར་ཆུ་ཕུལ་བས། ལྷ་ཐམས་ཅད་ཆགས་པ་ཆེན་པོས་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །གསུམ་པ་ལས་སྦྱོར་གྱི་བཟླས་པ་ནི། ཚོགས་རྟེན་ལ་བརྟེན་ནས་ཚོགས་བསགས་པ་གཙོ་བོར་བྱེད་པའི་སྐབས་འདིར་ལས་སྦྱོར་གྱི་བཟླས་པ་མ་བྱས་ནའང་ཆད་པའི་སྐྱོན་མེད་ལ། འོན་ཀྱང་དམིགས་ཡུལ་ལ་ཕན་གདགས་པ་སོགས་ཀྱི་དགོས་པ་ཁྱད་པར་ཅན་གྱི་སླད་དུ་བཟླས་པར་སྤྲོ་ན། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་། ཐུགས་རྗེའི་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས ། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་བསམ་ལ། ཡིག་བརྒྱའི་ཤམ་བུར། ༀ་ད་ཧ་ད་ཧ་སོགས་ངན་སོང་སྦྱོང་བའི་ལས་སྔགས་བཏགས་པ་བརྒྱ་རྩ་སོགས་བཟླས་པའི་མཐར། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་ཡི་གེ་བརྒྱ་པ་ཞེས་བྱ་བ་ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ་འདི་བཟླས་པས། རྣལ་འབྱོར་པ་རྟོག་སྒྲིབ་ཅན། ཉམས་ཆག་ཅན། གསོག་འཇོག་ཅན་བག་ཆགས་ངན་པ་ཅན་ཁྱེད་རྣམས་ཀྱི་ཉམས་ཆག་ཐམས་ཅད་སྐོངས་ཏེ། ངན་སོང་དུ་ལྟུང་པའི་ལས་ཀྱི་སྒྲིབ་པ་ལས་ཐར་བར་འགྱུར་རོ། །ཚེ་འདི་ལ་ཡང་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་དམ་པར་དགོངས་ནས་བསྲུང་ཞིང་སྐྱོབ་པར་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བར་གདོན་མི་ཟའོ། །ཞེས་གནང་བ་བྱིན་པར་བསམ་མོ། །བདུན་པ་བསྐང་བ་བྱ་བ་བདུན་ལས། དང་པོ་རྟོགས་སྐོང་ནི། རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་ཀློང་དུ་འཁོར་འདས་རོ་མཉམ་པར་བལྟས་ལ། ཧཱུཾ། བསྐང་ངོ་ཀལྤས་ཐུགས་དམ་བསྐང་། །དངོས་པོ་སྟོང་ཉིད་ཀློང་དུ་བསྐང་། །སྣང་བ་ཡེ་ཤེས་ཀློང་དུ༴ གསལ་བ་ཤེས་རབ༴ སྡུག་བསྔལ་ཆོས་ཉིད༴ སྐྱེ་བ་མེད་པའི་དབྱིངས་སུ༴ འགག་པ་མེད་པའི་མཁའ་ལ༴ སྐྱེ་འགག་གཉིས་མེད་ཀློང་དུ༴ ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། །གཉིས་པ་བདུད་རྩིས་བསྐང་བ་ནི། ཧཱུྃ། བསྐང་ངོ་བདུད་རྩིས་ཐུགས་དམ་བསྐང་། །ཀུན་གཞི་ཀློང་ཡངས་བྷཉྫ་རུ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་བསྐང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །དམིགས་མེད་ཆོས་སྐུའི་ཐུགས་དམ་བསྐང་། །གདངས་གསལ་འབར་བའི་བྷཉྫ་རུ། །ཡེ་ཤེས་སྒྲིབ་མེད་བདུད་རྩིས་བསྐང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་། །མཆོག་གི་འོད་གསལ་བྷཉྫ་རུ། །ཐིག་ལེ་འབར་བའི་བདུད་རྩིས་བསྐང་། །འདི་ཡང་རང་བྱུང་༴ རྒྱལ་བ་སྤྲུལ་སྐུའི་ཐུགས་དམ་བསྐང་། །ཡེ་ཤེས་རྩ་ལྔའི་བྷཉྫ་རུ། །སྐྱེ་མེད་ཨ་དཀར་བདུད་རྩིས་བསྐང་། །འདི་ཡང་རང་བྱུང་༴ ཞི་བའི་ལྷ་ཚོགས་ཐུགས་དམ༴ །དཔའ་བོ་འབྲུ་ལྔའི་བྷཉྫ་རུ། །ཤེས་རབ་རང་གསལ་བདུད་རྩིས་བསྐང་། །འདི་ཡང་རང་བྱུང་༴ ཁྲོ་བོའི་ལྷ་ཚོགས་ཐུགས་དམ༴ བདུད་རྩི་སྨན་གྱི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ༴ ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་བརྗོད་ལ་རོལ་མོ་བྱའོ། །གསུམ་པ་གཏོར་མས་བསྐང་བ་ནི། ཧཱུྃ། བསྐང་ངོ་གཏོར་མས་ཐུགས་དམ་བསྐང་། །བྷཉྫ་འབར་བའི་གཏོར་གཞོང་དུ། །ཤངས་ཀྱི་རླུང་སྒྲོམ་དཔལ་བཤོས་བཙུགས། །འཁོར་ལོ་འབར་བའི་མཐེབ་ཀྱུས་བསྐོར། །སྒྲོན་མ་མིག་གི་ཛ་གད་སྩལ། །དབང་པོ་ལྔ་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཉི་ཟླ་ཁ་སྦྱོར་གཏོར་གཞོང་དུ། །ཙིཏྟ་འབར་བའི་དཔལ་བཤོས་བཙུགས། །པདྨ་འདབ་བརྒྱད་མཐེབ་ཀྱུས་བསྐོར། །རྣམ་ཤེས་ཚོགས་བརྒྱད་ཛ་གད་སྩལ། །རྩ་ཆེན་བཞི་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཁྱབ་བརྡལ་པགས་པའི་གཏོར་གཞོང་དུ། །རུས་པ་རང་སྣང་དཔལ་བཤོས་བཙུགས། །རང་སྣང་ཤ་ཡི་མཐེབ་ཀྱུས་བསྐོར། །བཀྲག་དང་མདངས་ཀྱི་ཛ་གད་སྩལ། །ཁྲག་དང་ཆུ་སེར་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཁོག་པ་སྟོང་པའི་གཏོར་གཞོང་དུ། །མཆིན་པ་རང་སྣང་དཔལ་བཤོས་བཙུགས། །གློ་མཚེར་མཁལ་མའི་མཐེབ་ཀྱུས་བསྐོར། །གུ་ཧྱ་ནང་ཁྲོལ་ཛ་གད་སྩལ། །རང་སྣང་མཁྲིས་པའི་རཀྟས་བརྒྱན། །འདི་ཡང་རང་བྱུང་༴ བླ་མ་རིག་འཛིན༴ ཞི་ཁྲོ་རབ་འབྱམས༴ བ་ལིཾ་འདོད་ཡོན་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོངས་ཤིང་༴ དབང་དང་དངོས་གྲུབ༴ མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་དང་རོལ་མོ་བྱའོ། །བཞི་པ་རཀྟས་བསྐང་བ་ནི། ཧཱུྃ། བསྐང་ངོ་རཀྟས་ཐུགས་དམ་བསྐང་། །སྤྱི་བོ་བདེ་ཆེན་བྷཉྫ་རུ། །སྡུག་བསྔལ་རྣམ་རྟོག་རཀྟས་བསྐང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན༴ ཞི་ཁྲོ༴ མགྲིན་པ་ལོངས་སྤྱོད་བྷཉྩ་རུ། །སྣ་ཚོགས་ཡིད་ཀྱི་རཀྟས༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ སྙིང་ག་ཆོས་ཀྱི༴ བསམ་པ་བློ་ཡི༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ ལྟེ་བ་སྤྲུལ་པའི༴ ཉོན་མོངས་སྲིད་རྩའི༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ གསང་བ་བདེ་སྐྱོང་༴ བདེ་བ་ཐིག་ལེའི༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ རཀྟ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི༴ ཉམས་ཆག་སྐོངས་ཤིང་༴ །དབང་དང་དངོས་གྲུབ༴ །མ་ཧཱ་རཀྟ་ཁཱ་ཧི། ཞེས་རོལ་མོ་བྱ། ལྔ་པ་སྒྲོན་མེས་བསྐང་བ་ནི། ཧཱུཾ། བསྐང་ངོ་སྒྲོན་མེས་ཐུགས་དམ་བསྐང་། །བརྡལ་ཁྱབ་པགས་པའི་ཀོང་བུ་རུ། །ཁྲག་དང་ཆུ་སེར་མར་ཁུས་གཏམས། །ཤ་དང་རུས་པའི་སྡོང་བུ་ལ། །རང་གསལ་བཀྲ་མདངས་ཞུན་མར་སྤར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ༴ ཞི་ཁྲོ༴ དུང་ཆེན་འབར་བའི་ཀོང་༴ གོ་རོ་ཙ་ནའི་མར༴ གསལ་བྱེད་རྩ་ལྔའི་སྡོང་༴ དབང་པོ་སྒོ་ལྔའི་ཞུན༴ འདི་ཡང་རང་བྱུང་སྒྲོན༴ བླ་མ༴ ཞི་ཁྲོ༴ ཙིཏྟ་འབར་བའི༴ སྙིང་ཚིལ་དཀར་དམར༴ པདྨ་འདབ་བརྒྱད༴ རྣམ་ཤེས་ཚོགས་བརྒྱད་ཞུན༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ ཨ་ཝ་དྷཱུ་ཏིའི༴ རང་གསལ་འོད་ཀྱི༴ འཁོར་ལོ་བདུན་བརྩེགས༴ བྱང་ཆུབ་སེམས་ཀྱི༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ མི་ཤིགས་ཐིག་ལེའི༴ སྐྱེ་མེད་ཡེ་ཤེས༴ རྩ་ཕྲན་བཅུ་གཉིས༴ རིག་པ་རང་བྱུང་༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ ཡེ་ཤེས་རྩ་ལྔའི༴ ཨ་དཀར་རྩ་གཅིག༴ ཡེ་ཤེས་འོད་ཟེར་༴ ཤེས་རབ་འབྲུ་ལྔའི༴ འདི་ཡང་༴ བླ་མ༴ ཞི་ཁྲོ༴ མཆོག་གི་འོད་གསལ༴ གངས་གསལ་འོད་ཀྱི༴ ཐིག་ལེ་འབར་བའི་༴ ཡེ་ཤེས་ལྔ་ཡི༴ འདི་ཡང་༴ བླ་མ༴ ཞི་ཁྲོ་༴ ཀུན་གཞི་ཀློང་ཡངས་༴ ཆོས་ཀྱི་དབྱིངས་ཀྱི༴ བྱང་ཆུབ་སེམས་ཀྱི༴ སྐུ་ལྔ་ལྷུན་གྲུབ་༴ འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན༴ ཞི་ཁྲོ་རབ་འབྱམས༴ སྒྲོན་མ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི༴ ཉམས་ཆག་སྐོངས་ཤིང་༴ དབང་དང་དངོས་གྲུབ་སྩལ་དུ་གསོལ། །དཱི་པ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་ཨེ་ཧོཿ ཤུདྡྷེ་ཤུདྷེ། ཡཾ་ཧོཿ ཤུདྡྷེཤུདྡྷེ། བཾ་ཧོཿ ཤུདྡྷེ་ཤུདྡྷེ། ལཾ་ཧོཿ ཤུདྡྷེཤུདྡྷེ། རཾ་ཧོཿཤུདྷེ་ཤུདྡྷེ། ཨ་ཨཱཿསྭཱ་ཧཱ། ཆག་ཉམས་དང་རྟོག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲུས་བདུན་གྱི་རིག་པ་ལན་བདུན་དུ་བཟླའོ། །དྲུག་པ་ཞི་བ་གནས་དག་གིས་བསྐང་བ་ནི། ༀ། ཕུང་པོ་ལྔ་པོ་གནས་དག་པ། །རྒྱལ་བ་ཡབ་ལྔའི་ཐུགས་དམ་བསྐང་། །འབྱུང་བ་ལྔ་པོ་གནས་དག་པ། །རྒྱལ་བ་ཡུམ་ལྔའི༴ ཡིད་ཆོས་གཉིས་པོ༴ ཀུན་བཟང་ཡབ་ཡུམ༴ རྣམ་ཤེས་ཚོགས་བརྒྱད༴ སེམས་དཔའ་བརྒྱད་ཀྱི་ཐུགས་དམ༴ རྣམ་ཤེས་ཡུལ་བརྒྱད་གནས་དག་པ། །སེམས་མ་བརྒྱད་ཀྱི༴ ལུས་ཀྱི་ཆོས་བཞི་གནས༴ ཁྲོ་བོ་བཞི་ཡི༴ རྟག་ཆད་མུ་བཞི་གནས༴ ཁྲོ་མོ་བཞི་ཡི༴ ཉོན་མོངས་དྲུག་པོ་གནས༴ ཐུབ་པ་དྲུག་གི༴ བདུན་པ་ཁྲོ་བོ་གནས་གྱུར་གྱིས་བསྐང་བ་ནི། ཧཱུཾ། ཉོན་མོངས་དུག་ལྔ་གནས་གྱུར་པ། །ཁྲག་འཐུང་ཡབ་ལྔའི་ཐུགས་དམ་བསྐང་། །འབྱུང་བ་ལུས་ལྔ་གནས་གྱུར་པ། །ཁྲག་འཐུང་ཡུམ་ལྔའི་༴ རྣམ་འགྱུར་ཚོགས་བརྒྱད་གནས༴ ཁྲོ་མོ་བརྒྱད་ཀྱི༴ རྣམ་འགྱུར་ཡུལ་བརྒྱད༴ ཕྲ་མེན་བརྒྱད་ཀྱི༴ རྟག་ཆད་མཐའ་བཞི་གནས༴ སྒོ་མ་བཞི་ཡི༴ སྣ་ཚོགས་རྟོག་པ༴ དབང་མོ་ཉེར་བརྒྱད༴ མི་ཤིགས་སྐུ་ཡི་ཐུགས་དམ་བསྐང་། །འགག་མེད་གསུང་གི་ཐུགས༴ འགྱུར་མེད་ཐུགས་ཀྱི་ཐུགས༴ ཡོན་ཏན་མི་ཟད་ཐུགས༴ ཕྲིན་ལས་རྒྱན་གྱི་ཐུགས༴ ཡེ་ཤེས་འཁོར་ལོའི་ཐུགས་དམ་བསྐང་། །ཉམས་ཆག་ཐམས་ཅད་སྐོངས་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་དག་གྱུར་ཅིག །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཞེས་པས་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་ཐམས་ཅད་འཁོར་གསུམ་མི་རྟོག་པའི་ཡེ་ཤེས་ཀྱི་དབྱིངས་སུ་རོ་མཉམ་པར་བསྐང་པའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་ལྔ་སྟེ། ཚོགས་ཀྱི་མཆོད་པ། དབང་བསྐུར་བ། བརྟན་མ་སྐྱོང་བ། དཀྱིལ་འཁོར་བསྡུ་བ། བསྔོ་བ་བྱ་ཞིང་ཤིས་པ་བརྗོད་པའོ། །དང་པོ་ཚོགས་མཆོད་ལ་ཡང་ལྔ་ལས། དང་པོ་བཤམ་ཞིང་བྱིན་གྱིས་བརླབ་པ་ནི། དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་བཤམས་ནས། ཀྲོ་དྷེ་ཤྭ་རཱིས་བསང་། རཾ་ཡཾ་ཁཾ་གིས་དངོས་འཛིན་ཉེས་སྐྱོན་བསྲེགས་གཏོར་བཀྲུས་ཏེ་དག་པར་བྱས། མ་སཱུརྱ་མཎྜལ། ཞལ་ཟས་ཀྱི་སྣོད་དུ་ཉི་མ་ལ་ཧཱུཾ་ༀ་སྭཱ་ཨཱཾ་ཧཱ་ལས་བཟའ་བཏུང་གི་དངོས་པོ་ཡེ་ཤེས་ལྔའི་རང་བཞིན་བདུད་རྩི་རོ་བརྒྱ་པ་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་སོ་སོའི་ལྷ་མོའི་རོལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པའི་སྤྲིན་འཕྲོ་བར་བསམ་ལ། ཡི་གེ་གསུམ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། གཉིས་པ་ཚོགས་ཞིང་སྤྱན་དྲང་བ་ནི། ༀ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་སོགས་དང་། ༀ་རུ་ལུ་རུ་ལུ་ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུཾ་བཾ་ཧོཿ ཞེས་པས་སྤྱན་དྲངས་ལ། ༀ་ཤྲཱི་བཛྲ་རཱ་ག་ཨཾ་ཀུ་ཤ་ཛཿ པཱ་ཤ་ཧཱུཾ། སྥོ་ཊ་བཾ། གྷཎྜེ་ཧོཿ ཞེས་དགུག་གཞུག་བཅིང་མཉེས་བྱ། གསུམ་པ་མཆོད་པ་ལ་གཉིས་ཀྱི། དང་པོ་སྤྱིར་མཆོད་པ་ནི། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ་སོགས་བཞི་བསྣོལ་དང་། ཧཱུཾ། རྡོ་རྗེ་སྒེག་མོ་རྡོ་རྗེ་ཅན། །སེམས་དཔའ་སྔོན་མོའི་ཡེ་ཤེས་འབེབས། །མེ་ལོང་ལྟ་བུའི་ཡེ་ཤེས་ལས། །བཛྲ་ལཱ་སྱའི་མཆོད་པ་རོལ་ༀ་ཤྲཱི་རཱ་ག་ལཱ་སྱ་ཧཱུཾ། ཡིད་བཞིན་རིན་ཆེན་འོད་འབར་མ། །འཇམ་དཔལ་རྣོན་པོའི་དངོས་གྲུབ་འཛིན། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལས། །བཛྲ་མཱ་ལེའི་མཆོད༴ མཱ་ལེ་ཏྲཱཾ། པདྨ་དབྱངས་མཁན་རྨ་བྱའི་མགྲིན། །སྤྱན་རས་གཟིགས་ཀྱི་དངོས་གྲུབ་འཛིན། །སོ་སོར་རྟོག་པའི་ཡེ༴ བཛྲ་གཱི་ཏིའི་མཆོད༴ གཱི་ཏི་ཧྲཱིཿ གར་མཁན་འགྱིང་བག་གཟི་ལྡན་མ། །ལས་ཀྱི་འཁོར་ལོ་རྣམ་པར་འཇོམས། །བྱ་བ་ནན་ཏན་ཡེ་ཤེས་ལས། །བཛྲ་ནྲྀ་ཏིའི་མཆོད་པར་རོལ། །ནྲྀ་ཏི་ཨཱཿཞེས་མཆོད། གཉིས་པ་ཁྱད་པར་གྱི་མཆོད་པ་ལ་གསུམ་ལས། ཚོགས་ཕུད་ཆ་གསུམ་མམ་བཞིར་སྤྲོས་ལ། དང་པོ་མཆོད་པ་ནི། ༀ་ཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་ལྷ་མོས་ནམ་མཁའ་གང་། །ཞི་ཁྲོ་རྒྱལ་བའི་འཁོར་ལོར་འབུལ། །སྤྱན་སོགས་བདེ་བས་ཚིམ་གྱུར་ཅིག །ༀ་ཨཱཿཧཱུཾ་སུ་ཏ་ར་ཏ་ཨུ་པ་བྷྱཿཀཱ་མ་ཧཱ་ཧཱི་པྲ་ཏཱི ཙྪ་ཧོཿ ཞེས་འདོད་ཡོན་ལྔའི་མཆོད་པས་དགྱེས་པར་བསམ་མོ། །བར་བ་བཤགས་པ་ནི། ༀ་ཧཱུཾ། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །རྩ་བ་ཡན་ལག་བཅས་པའི་དམ་ཚིག་ལ། །སེམས་ཅན་དབང་གིས་ནོར་འཁྲུལ་ཅི་མཆིས་པ། །མི་འཆབ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཡི་གེ་བརྒྱ་པའང་བརྗོད་ཅིང་འཁོན་གཅུགས་དག་པར་བསམ་མོ། །ཐ་མ་བསྒྲལ་བ་ནི། ལིདྒ་ལོགས་སུ་མ་བཅས་ན་ཚོགས་ཕུད་ཐ་མ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུཾ་ཞེས་རང་ལ་བསྡུས་པའམ། སྔར་བྱིན་རླབས་ཀྱི་གོང་དུ་བཅད་ན་ནི་དེར་ཟད་ལ། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། བདག་ཉིད་རྡོ་རྗེ་ཁྲོ་བོའི་སྐུར་གྱུར། །ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་བའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ཏྲི་ཡཾ་ཛཿཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་ལྕགས་ཀྱུའི་ཕྱག་རྒྱས་བཀུག་ལ། ཛཿཧཱུཾ་བཾ་ཧོཿས་དགུག་བཅིངས་བསྡམས་ནས་མྱོས་པར་བྱས་ཏེ་འདུག་པའི་སྙིང་གར་དྭངས་མ་ཡེ་ཤེས་ཀྱི་ཨ་དཀར་པོ་དང་བཅས་པ། བདག་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། པྲ་བེ་ཤ་ཡ་ཕཊ། གཟས་པོའི་སྙིང་གའི་སྒོ་ཕྱེ། དྭངས་མའི་ཨ་ལ་ཕོག །ཡེ་ཤེས་ལྔར་འབར། དུག་ལྔ་ཡེ་ཤེས་སུ་གནས་གྱུར། དྭངས་མ་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་སྤར་ཏེ་སངས་རྒྱས་པར་གྱུར། ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མཱ་ར་བཛྲ་སརྦ་དུཥྚན། ས་མ་ཡ་མུ་ཏ། མ་ཊཾ་ཁ་ཁ་ཁཱ་ཧི། ཧྲི་ད་ཡ་བི་པ་ཧཱུཾ་ཕཊ། སྙིགས་མ་རང་སྣང་སྒྱུ་འཕྲུལ་གྱི་འཁོར་ལོ་ཁྲོ་ཚོགས་འབར་བས་རྡོ་རྗེ་བཟའ་བའི་དམ་ཚིག་ཏུ་སྤྱད་པར་བསམ་ལ། ཧཱུཾ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ཞེས་བརྗོད་དེ། སརྦ་དུཥྚན་མཱ་ར་ཡ་ཧཱུཾ་ཕཊ་ཀྱིས་ལིདྒའི་གནས་ལྔར་ཕུར་བུ་བཏབ་པས་བསད་ཅིང་བཅད་གཏུབས་ཁོག་པ་ཕྲལ་ཏེ་སྟོབ་ལ། ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁ་ལེ་ལེ་ལེ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། ཞེས་བརྗོད་ལ། ཧཱུཾ། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །རྒོད་དང་གཤེ་དང་འཇིག་པར་སྟོན་པ་དང་། །སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་ཤིན་ཏུ་སྒྱུར་པ་ཡིན། །གར་ཡང་སྒྲུབ་པོ་རྣལ་འབྱོར་ལས། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཱཾ་ས་ལ་སོགས་རོ་མཆོག་གསོལ། །མེ་ཏོག་ལ་སོགས་ཙནྡན་དྲི། །བཟང་རྒུ་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །སྒྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །ཅེས་པས་བསྒྲལ་མཐའ་སྦྱོར་བའི་དམ་ཚིག་ཆེན་པོར་བསྒྲུབས་པས་ལྷ་ཐམས་ཅད་ཅད་ཚིམ་པར་བྱས་ལ། ཧཱུྃ་བཛྲ་དྷྲི་ཀྲ །ཅེས་པས་ཞི་བར་ང་རྒྱལ་འཕོས་ཏེ། གསང་བསྣན་དབུལ་ཞིང་། ༀ་ཧཱུཾ། རྣམ་དག་སྒྲིབ་སྤངས་སྲིད་གསུམ་སྐྱོན་བྲལ་ཞིང་། །སྟོན་ཀའི་ཟླ་གསལ་དྲི་མེད་ཞལ་མངའ་བ། །བཅོམ་ལྡན་བདེ་གཤེགས་ཐམས་ཅད་བསྐྱེད་པའི་ཡབ། །ཤེས་རབ་ལྷ་མོ་རིགས་ཀྱི་ཡུམ་རྣམས་དང་། །ཕྱག་བརྙན་ཁྲོ་གཏུམ་རྔམས་པའི་ཚོགས་དང་བཅས། །བསོད་ནམས་ཡེ་ཤེས་ཚོགས་ཀྱི་ཞིང་རབ་རྫོགས། །དགྱེས་པར་རོལ་ཅིག་མཆོད་པ་དམ་པ་འདི། །བཞེས་ཏེ་ཨ་ལ་ལ་ཡིས་དགྱེས་པར་མཛོད། །ༀ་བཛྲ་ཨེ་ས་ཧུ། བེ་ས་ཧུ། ས་མ་ཡ་བྷཀྵ་ཧུ། རུ་ལུ་རུ་ལུ་ཧཱུཾ། བྷྱོ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ ༀ་བྲ་ཏཱིཙྪ་ཧོཿ ཞེས་འཁོར་གསུམ་བདེ་བ་ཆེན་པོར་རོ་མཉམ་མོ། །བཞི་པ་ཚོགས་ལ་རོལ་པ་དང་། ལྔ་པ་ལྷག་མ་གཏོང་བ་ནི། བླ་མ་རྣམས་ཀྱི་ཕྱག་ལེན་ལ་དབང་གི་མཐར་མཛད་ལ། ཆོས་སྐྱོང་སྤྱི་སྒོས་དང་འཇིག་རྟེན་པའི་གཏོར་མ་བསྔོ་བ་རྣམས་ནི་འདིར་བྱས་ན་སྐབས་སུ་བབ་པར་འགྱུར་རོ། །གཉིས་པ་དབང་བསྐུར་བ་ནི། ཆོ་གའི་དོན་འགངས་ཆེ་ཤོས་གཅིག་ཡིན་པའི་ཕྱིར་དངོས་གཞིའི་ཁོངས་སུ་བསྡེབས་ནས། ཚོགས་མཆོད་མན་ཆད་རྗེས་ཀྱི་རྩིས་འགོས་བསྡུས་ནང་ལེགས་མོད་ཀྱི། སྐབས་འདིར་ཡང་འགལ་བ་མེད་པས། དེ་ལྟར་གོང་མའི་ཕྱག་ལེན་བཞིན་འདིར་བྱ་སྟེ། དེ་ལ་བདག་ཉིད་འཇུག་པ་དང་། གཞན་ལ་དབང་བསྐུར་གཉིས་ཀྱི། དང་པོ་ནི། རྩ་བའི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་དབང་ལེན་པའི་ཡུལ་དུ་བྱས་ནས། དབང་གི་བྱ་བ་རྣམས་གཙོ་བོ་ལས་ཕྱེ་བའི་རྒྱལ་ཐེབས་ཀྱིས་མཛད་པར་མོས་ཏེ་དབང་རྣམས་རྫོགས་པར་ལེན་པའམ། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་བསྒོམས་ནས་རིག་པ འི་མེ་ཏོག་དོར་བ་ཉིད་དོན་གྱི་དཀྱིལ་འཁོར་དུ་ཞུགས་པའང་ཡིན་པས། གཞན་ལ་དབང་བསྐུར་དང་འབྲེལ་ན་ཕྱི་མ་དང་། མ་འབྲེལ་ན་སྔ་མ་ལྟར་བྱས་པས་གནས་སྐབས་སུ་སྤྲོས་པ་འཚམས་པར་འགྱུར་རོ། །གཞན་ལ་དབང་བསྐུར་ན། དེ་གཉིས་གང་གི་མཐར་ཡང་དཀྱིལ་འཁོར་ལ་ཐལ་མོ་སྦྱོར་བས་བཏུད་དེ། ༀ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ་མོ། །གཉིས་པ་སློབ་མར་དབང་བསྐུར་བ་ལ་གསུམ་གྱི། དང་པོ་འཇུག་པ་ལ་དགུ་ལས། དང་པོ་ཁྲུས་སོགས་བྱ་བ་ནི། དཀྱིལ་འཁོར་ཁང་པའི་ཕྱི་རོལ་དུ་ཁྲུས་བྱས། བགེགས་བསྐྲད། ཕྱག་དང་མཎྜལ་ཕུལ་ནས། ༀ་ཨཱཿཧཱུཾ་གིས་མིག་དར་བཅིང་། ཨཱ་ཁཾ་ཝཱི་ར་ཧཱུཾ་གིས་མེ་ཏོག་གཏད། གཉིས་པ་གསོལ་བ་གདབ་པ་ནི། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་ལན་གསུམ། གསུམ་པ་གནང་བ་བྱིན་པ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ན་རགས་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་བརྗོད་ལ་ཡོལ་བའི་ནང་དུ་དྲང་། བཞི་པ་བཤགས་པ་ནི། ཉེས་བྱས་བཤགས་སྡོམ་གྱི་བསམ་པ་དྲག་པོས། ཀྱེ་མ་ཀྱི་ཧུད་བདག་འདྲ་བས། །ལས་ངན་རྣམ་སྨིན་མྱོང་འགྱུར་ན། །ཉེས་བྱས་འགྱོད་པས་མཐོལ་ལོ་བཤགས། །མགོན་པོའི་ཐུགས་རྗེས་བདག་སྒྲོལ་ཅིག །ལྔ་པ་སེམས་བསྐྱེད་པ་ལ་གཉིས་ལས། ཀུན་རྫོབ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཞེས་སོགས་དང་། དོན་དམ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། སོགས་མཚར་ལྔའོ། །དྲུག་པ་མེ་ཏོག་དོར་བ་ནི། སྔར་གཏད་པའི་མེ་ཏོག་ཐལ་མོས་བཟུང་སྟེ། ཧཱུྃ། སློབ་དཔོན་སྐུ་ཡི་དཀྱིལ་འཁོར་དུ། །རིན་ཆེན་མེ་ཏོག་འདི་དོར་བས། །རྣམ་པར་དག་པའི་ལས་གང་གིས། །ཐུགས་རྗེས་མཉེས་པར་བགྱིད་མཛད་ལྷ། །གང་ཡིན་དེ་ལ་འབབ་པར་ཤོག །ༀ་པྲ་ཏི་གྲྀ་ཧྞ་ཧཱུཾ། པྲ་ཏི་ས་མ་ཡ་སྟྭཾ། བོ་དྷི་ཙིཏྟ་ས་མ་ཡ་སྟྭཾ། ཞེས་སློབ་དཔོན་གྱི་སྐུ་ལ་འདོར་དུ་བཅུག་ནས་དབུ་ལ་སོགས་པ་སྐུའི་གནས་སོ་སོ་དང་ཉེ་རིང་ལས་མཚོན་ཏེ་མཆོག་དང་རབ་འབྲིང་ཐ་མའི་དངོས་གྲུབ་ལས་འདི་འགྲུབ་པར་འགྱུར་ཞིས་བརྡ་སྤྲད། བདུན་པ་མེ་ཏོག་གི་དབང་ནི། ཧཱུྃ། དམ་ཚིག་བདེན་པ་ཆེན་པོའི་མཐུ། །སྔོན་སྦྱངས་ལས་ཀྱིས་འབྲེལ་བ་དང་། །གཉིས་སུ་མེད་པའི་མཐུ་སྟོབས་ཀྱིས། །མཉམ་པར་བྱིན་རླབས་མཛད་དུ་གསོལ། །ཧཱུྃ་བཛྲ་སཏྭ་ཨཱ་བེ་ཤ་ཡ་ཨཱཿ ཞེས་མེ་ཏོག་གི་ཕྲེང་བ་མགོ་བོར་བཅིང་། བརྒྱད་པ་མིག་དབྱེ་བ་ནི། ཧཱུྃ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །མ་རིག་ལྡོངས་པ་བསལ་བ་ལྟར། །རྡོ་རྗེ་སེམས་དཔའ་རིགས་ཀྱི་ལྷས། །སྐལ་ལྡན་བུ་ཁྱོད་མིག་དབྱེའོ། །བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་པས་མིག་དབྱེ་ཞིང་གདོང་གཡོགས་དགྲོལ། དགུ་པ་མཐོང་བ་སྟན་པ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་རོ། །ཞེས་བསྟན་པས། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་བསམ་མོ། །གཉིས་པ་དབང་གི་དངོས་གཞི་ལ། སྦྱོར་བ་སྡིག་སྒྲིབ་དག་བྱེད་དང་། དངོས་གཞི་ཡོན་ཏན་ཡར་འཕེལ་ཀྱི་དབང་གཉིས་ཀྱི་དང་པོ་ལ་བདུན་ལས། དང་པོ་ནི། སློབ་མ་ཁྲུས་སའི་སྟན་ལ་བཞག་སྟེ། ཐུགས་ཀ་ནས་སྤྲོས་པའི་ཁྲོ་བོའི་ཚོགས་དང་། བི་ཤྭ་བཛྲ་གྱི་སྔགས་བརྗོད་པས་བགེགས་རྣམས་བསྐྲད་པར་བསམ་ལ་ཡུངས་ཐུན་གྱིས་བྲབ་པ་སོགས་བྱའོ། །གཉིས་པ་ནི། སློབ་བུས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་གསང་གནས་སུ་དུ། ལྟེ་བར་ཏྲི། སྙིང་གར་པྲེ་རྣམས་ཀྱི་རྣམ་པར་གནས་པ་སོ་སོའི་སྟེང་དུ་རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ་གསུམ་དུ་གསལ་བར་བསམ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་གསང་གནས་ཀྱི་དུ་བསྲེགས་གཏོར་སྦྱངས་པར་བསམ་ལ། རཾ་སྥ་ར་ཎ་ཕཊ། ཡཾ་སྥ༴ ཁཾ་སྥ༴ ཅེས་སྤྱངས། གསུམ་པ་ནི། སློབ་དཔོན་གྱི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུཾ་ༀ་སྭཱ་ཨཱཾ་ཧཱ། ཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པར་བསམ་ལ། ༀ་སུ་ར་ཏ་སྟྭཾ། ཞེས་ཐལ་མོ་སྦྱར། བཛྲ་ཨཉྩ་ལིས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ། ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམ་ལ། བདེན་པའི་སྟོབས་བརྗོད་ཅིང་ཐལ་མོ་དཀྲོལ་ནས། ན་ར་ཀ་ཤུདྡྷ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་དཀྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་དམྱལ་བར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་བསམ་མོ། །བཞི་པ་ནི། སྔོན་ལས་ལ་འགྱོད་ཅིང་བཤགས་སྡོམ་གྱི་བསམ་པས། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །ཞེས་སོགས་ཀྱིས་གསོལ་བ་གདབ། ལྔ་པ་ནི། བུ་འདིར་ཤོག་ཅིག༴ རང་གི་ཉམས༴ ན་རག་གནས་སུ༴ སྐྱོབ་ཕྱིར༴ ཞེས་དབང་སྟེགས་སུ་དྲང་། དྲུག་པ་ནི། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་བཟླ་ཞིང་ཡུངས་ཀར་གྱིས་བྲབ། བདུན་པ་ནི། བུམ་བས་དབང་བསྐུར་ལ། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཅེས་དང་། ཞི་ཁྲོའི་ཡིག་བརྒྱའི་མཐར། ༀ་ད་ཧ་ད་ཧ་སོགས་བཏགས་པ་བརྗོད་བཞིན་དུ་བཀྲུས་པས། རིགས་ཀྱི་བུ་འདིས་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཁྲུས་བྱའོ། །དེ་བཞིན་དུ་ས་བཅད་གཉིས་པ་མན་ཆད་ཀྱི་སྒོས་ཆོས་བྱེ་བྲག་པ་རྣམས་འདོན་པ་སྤོས་ནས་བྱ་སྟེ། སློབ་དཔོན་གྱི་ཐུགས་ཀའི་འོད་དང་རཾ་ཡཾ་ཁཾ་གིས་སྙིང་གའི་པྲེ་སྦྱངས། ཐལ་མོ་བསྡམས་དགྲོལ་གྱིས། པྲེ་ཏ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཡི་དྭགས་སུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས། ཀྱེ་མ་ཀྱི་ཧུད་ཀྱིས་གསོལ་བ་གདབ། བུ་འདིར་སོགས་ཀྱིས་རྐང་པ་གསུམ་པ། པྲེ་ཏའི་གནས་སུ་ཞེས་བསྒྱུར་བས་དྲང་། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་བྲབ། ཁྲུས་བུམ་གྱིས་སྔར་བཞིན་བཀྲུ་བ་ལས། པ་ཙའི་སྔགས་དང་། ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་ཞེས་སྦྱར། དེ་བཞིན་དུ། ཐུགས་ཀའི་འོད་དང་རཾ་ཡཾ་ཁཾ་གིས་ལྟེ་བའི་ཏྲི་སྦྱངས། ཐལ་མོ་བསྡམས་དགྲོལ་གྱིས། ཏིརྻ་ཀ་ག་ཏེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། དུད་འགྲོར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས། ཀྱེ་མ་ཀྱི་ཧུད་ཀྱིས་གསོལ་བ་གདབ། དུད་འགྲོའི་གནས་སུ་ལྟུང་བ་ལས། ཞེས་བསྒྱུར་བས་དྲང་། ༀ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་བྲབ། ཁྲུས་བུམ་གྱིས་སྔར་བཞིན་བཀྲུ་བ་ལས། མ་ཐའི་སྔགས་དང་། ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་ཞེས་སྦྱར་བ་དང་། སྐབས་འདིར་རྣམ་སྣང་དང་མི་འཁྲུགས་པའི་གཟུངས་སྔགས་བཟླ་བའང་བླ་མ་རྣམས་ཀྱི་ཕྱག་ལེན་གྱི་རྒྱུན་ལ་སྣང་བས་དེ་ལྟ་ཡང་བྱ་ཞིང་། མཐར། རིགས་ཀྱི་བུས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉོན་མོངས་བག་ཆགས་སྐལ་བ་ངན་པ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཉེ་བར་ཞི་སྟེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད་དོ། །དེ་དག་ནི་ངན་སོང་གནས་འདྲེན་གྱི་དབང་ཞེས་བྱ་སྟེ། བཅུད་ཁྱད་པར་ཅན་བསྒྲུབ་པ་ལ་སྔོན་དུ་སྣོད་དག་པར་བྱེད་པ་བཞིན་ནོ། །གཉིས་པ་ཡོན་ཏན་ཡར་འཕེལ་གྱི་དབང་བསྐུར་བ་ལ་བཞི་ལས། དང་པོ་རྡོ་རྗེ་སེམས་དཔའི་བུམ་པའི་དབང་གིས་ལུས་ཀྱི་དྲི་མ་སྦྱང་བ་ནི། སློབ་མ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་རྡོ་རྗེ་སེམས་དཔའ་ཡུམ་དང་བཅས་པའི་རྣམ་པས་འཁོད་པ་ཉིད་ཀྱིས། ཡེ་ཤེས་རྒྱལ་པོ་སོགས་ཀྱིས་གསོལ་བ་བཏབ་པར་གྱུར་པ་ལ། སློབ་དཔོན་གྱི་རྣམ་པར་རྒྱལ་བའི་བུམ་པ་སྤྱི་བོར་བཞག་སྟེ། སྐུ་གསུམ་དམ་ཚིག་ལས་བྱུང་བ། །ཉོན་མོངས་ཞེ་སྡང་འཇོམས་པ་ཡིས། །ལྷ་ཡི་བདུད་རྩི་དག་པ་འདིས། །མི་བསྐྱོད་པ་རུ་དབང་བསྐུར་རོ། །ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་ཨ་བྷི་ཥིཉྩ་མི། ཞེས་བུམ་ཆུ་སྤྱི་བོར་གཏིགས་པས། མི་བསྐྱོད་པའི་རང་བཞིན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་བ་ལས་མི་བསྐྱོད་པ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་བསམ་ལ། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པར་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་བཞིན་དུ་རྣ་ལྟག་གཡས་སུ་བུམ་ཆུ་གཏིགས་པ་ལ། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །སེར་སྣའི་རྟོག་པ་རྣམ་པར་འཇོམས། །རྟག་ཏུ་ཆགས་མེད་སྦྱིན་པ་འདིས། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ༀ་མ་ཧཱ་ས་མ་ཏཱ༴ རིན་འབྱུང་གི་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས༴ འཁྱིལ་བ་ལས་རིན་འབྱུང་༴ སེར་སྣ་དག །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན༴ མཉམ་པ་ཉིད་ཀྱི་ཡེཤེས་ཞེས་སོགས་ཀྱི་ཁྱད་པར་མ་གཏོགས་སྔར་ལྟར་ཤེས་པར་བྱས་ནས། ལྟག་པར་བུམ་ཆུ༴ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །མི་ཕྱེད་རྡོ་རྗེ་གསང་བ་ལས། །འདོད་ཆགས་རྟོག་པ་རྣམ་པར་འཇོམས། །རྡོ་རྗེ་ཆོས་སུ་དབང་བསྐུར་རོ། །ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎ༴ སྣང་བ་མཐའ་ཡས་ཀྱི་རང་བཞིན་སོ་སོར་རྟོག་པའི་ཡེ་ཤེས༴ སྣང་བ་མཐའ་ཡས༴ འདོད་ཆོགས་དག །འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་སུ༴ སོ་སོར་རྟོག་པའི་ཡེ་ཤེས༴ རྣ་ལྟག་གཡོན་དུ་བུམ་ཆུ༴ ཐབས་དང་ཤེས་རབ་ལྡན་པ་ཡི། །འགྲོ་དོན་མཉམ་པ་མེད་པ་ཡིས། །ཕྲག་དོག་རྟོག་པ་རྣམ་པར་འཇོམས། །གཉིས་སུ་མེད་པར་དབང་བསྐུར་རོ། །ༀ་མ་ཧཱ་ཀྲྀ་ཏྱཱ༴ དོན་ཡོད་གྲུབ་པའི་རང་བཞིན་བྱ་བ་གྲུབ་པའི་ཡེ་ཤེས༴ དོན་གྲུབ༴ ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར༴ བྱ་བ་གྲུབ་པའི་ཡེ་ཤེས༴ བུམ་ཆུ་དཔྲལ་བར༴ རྡོ་རྗེ་མིང་གི་དབང་བསྐུར་བས། །གཏི་མུག་རྟོག་པ་རྣམ་པར་འཇོམས། །ཅིས་ཀྱང་མི་ཆོད་མི་ཤིགས་པའི། །རྡོ་རྗེའི་མིང་དུ་རབ་ཏུ་གྲགས། ༀ་མ་ཧཱ་ཨཱ་དཪྴ༴ རྣམ་པར་སྣང་མཛད་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས༴ རྣམ་སྣང་༴ གཏི་མུག་དག་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ༴ མེ་ལོང་ལྟ་བུའི་ཡེ་ཤེས༴ ཞེས་རྟོགས་པ་བསྐྱེད། སྐབས་སུ་བབ་ན་དབུ་རྒྱན་བཅིང་བ་དང་། རྡོར་དྲིལ་གཏོད་པ་རྣམས་བྱས་ནས། དེ་དང་དེའི་མཐར་ཆུས་ཀྱང་དབང་བསྐུར་བ་སྔར་ལྟར་བྱའོ། །དེའི་མཐར་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་པ་ནི། སྐུའམ་ཕྱག་མཚན་ནམ་ཕྱག་རྒྱ་གནས་གསུམ་དུ་བཞག་ལ། སྤྱི་བོར་ཟླ་བ་ལ་གནས་པའི་ༀ་དཀར་པོ་སོགས་ནས། ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པའི་བར་གཞན་སྔར་དང་འདྲ་བ་ལས་སྔགས་ཚན་སོ་སོའི་གོང་དུ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །དེང་བདག་སངས་རྒྱས་ཐམས་ཅད་ཀྱིས། །སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ། །ཞེས་དང་། གསུང་དང་ཐུགས་ཀྱང་དེ་བཞིན་དུ་བསྒྱུར་བས་སོ། །དེ་ལྟར་སློབ་མ་མཆོད་པའི་ཡུལ་དུ་གྱུར་པ་ལ་ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱིས་མཆོད་པར་བྱའོ། །གཉིས་པ་མཁའ་འགྲོ་མ་གཏོར་མའི་དབང་གིས་གསང་བའི་ཡེ་ཤེས་བྱིན་དབབ་པ་ནི། སློབ་བུ་གཅེར་བུར་ཕྱུངས། རྐང་རྟིང་སྤྲད་ནས་རྩེ་མོ་བཙུགས། པུས་མོ་ཕྱིར་དགྱེད། ལག་གཉིས་གྲུབ་མོ་ཕྱིར་བརྒྱངས་པས་སྤྱི་བོར་གཏོར་མ་བཟུང་། རྩ་དང་ཉྭ་བཞི་གྲིབ་གྱིས་སྒྲིམ་པ་ནི་ལུས་ཀྱི་ལས་སོ། །ངག་གི་ལས། སརྦ་རཱུ་པ་བ་ལིཾ་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི། ཞེས་པའམ། གང་ཤར་རྩོལ་མེད་དུ་ཀློད་ལ་སྨྲར་གཞུག །སེམས་ཀྱི་ལས་སྣོད་ཀྱི་འཇིག་རྟེན་བྷཉྫ་འབར་བའི་གཏོར་གཞོང་དུ་རྒྱ་ཚད་མེད་པའི་ཟླ་བ་ལ་གནས་པའི་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད། ཕུང་ཁམས་ཀྱི་ཆོས་ཅན་རང་བཞིན་ལྷུན་གྲུབ་དམ་ཚིག་གི་རྫས་སུ་དག་པ་ལ་སྤྱི་བོའི་གཏོར་མ་ཡེ་ཤེས་ལྔའི་རང་བཞིན་བདུད་རྩིའི་དྭངས་མ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་རོ་མཉམ་པ་ཆུ་བོའི་རྒྱུན་བཞིན་དུ་བབས་ནས་རོ་གཅིག་ཏུ་འདྲེས་པའི་བདུད་རྩིའི་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤེལ་བས། འཁོར་འདས་ཐམས་ཅད་མཆོད་ཡུལ་དུ་དག་པའི་སྐུ་གསུང་ཐུགས་ཀྱི་གསང་བ་རང་བཞིན་དབྱིངས་ཀྱི་མཁའ་འགྲོ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་སློབ་མའི་ལུས་ངག་ཡིད་གསུམ་རོ་གཅིག་པ་བདེ་བ་ཆེན་པོར་འབར་པ་ལ་སེམས་འཛིན་དུ་བཅུག་ལ། ཅང་ཏེའུ་སོགས་རོལ་མོའི་སྒྲ་སྦྱར་ཞིང་། ཤ་ཆེན་གྱི་སྤོས་སྲེག་པ་དང་བཅས་པས་འཁོར་འདས་ཐམས་ཅད་དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ཡོངས་སུ་སད་པར་བྱས་ལ། བླ་མ་བརྒྱུད་པའི་མཚན་ཤར་དང་ཡི་དམ་ཞི་ཁྲོའི་སྔགས་རྣམས་བརྗོད་པའི་མཐར། ན་མོ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་ཡི་དམ་ཞི་ཁྲོ་རབ་འབྱམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་མཁའ་འགྲོ། དམ་ཅན་ཆོས་སྐྱོང་། རིགས་དྲུག་གི་སེམས་ཅན་ལྷའི་འཁོར་ལོར་དག་པ་དང་བཅས་པ་ཐམས་ཅད་ལ། སློབ་བུའི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་སྲིད་ཞི་དབྱེར་མེད་ཀྱི་བདུད་རྩི་ཆེན་པོར་སྦྱར་ཞིང་སྤེལ་བ་འདི་འབུལ་ཞིང་མཆིས་ན་གཉིས་སུ་མེད་པར་བཞེས་ཏེ་གནས་སྐབས་དང་མཐར་ཐུག་གི་ཕྱི་ནང་གསང་བའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་པ་ཙམ་མམ། བླ་མ་བརྒྱུད་པ། ཡི་དམ་ཞི་ཁྲོ། མཁའ་འགྲོ་ཆོས་སྐྱོང་། རིགས་དྲུག་གི་སེམས་ཅན་ལྷའི་འཁོར་ལོར་དག་པ་རྣམས་ལ་ཞེས་ཐ་དད་དུ་ཕྱེ་ནའང་ལེགས་པར་འགྱུར་རོ། །དེའི་ཚེ་ལུས་འཕར་ཞིང་གཡོ་བ་དང་། ངག་སྨྲ་ཞིང་རྒོད་པ་དང་། སེམས་རྟོག་མེད་འོད་གསལ་གྱི་དབྱིངས་སུ་གྲོལ་བའི་ཉམས་རྣམས་བྱུང་རྒྱལ་དུ་བསྐྱང་དུ་གཞུག །གཏོར་མ་གནས་སུ་བཞག་ནས་བླ་མ་ལ་སྤྱི་བོས་གཏུགས་པའི་ཡོན་དབུལ་ལོ། །གསུམ་པ་ཀུན་ཏུ་བཟང་པོའི་རིག་པ་རྩལ་གྱི་དབང་གིས་ལྷག་པའི་ཡེ་ཤེས་ངོ་སྤྲད་པ་ལ་གསུམ་ལས། དང་པོ་རྟགས་ཀུན་ཏུ་བཟང་པོ་མཚོན་པར་བྱེད་པ་ནི། སློབ་བུས་མཎྜལ་ཕུལ་ནས་ཐལ་མོ་སྦྱར་ལ། ཀྱེ། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །རྡོ་རྗེ་བླ་མ་དགོངས་སུ་གསོལ། །ཡང་དག་དོན་གྱི་མཆོག་དམ་པ། །བདག་ལ་མངོན་དུ་གྱུར་པར་མཛོད། །ཅེས་གསོལ་བ་གདབ། དེ་ནས་སློབ་བུས་སྟན་བདེ་བ་ལ་རྣམ་སྣང་གི་ཆོས་བདུན་བཅས་ལ། སེམས་ཀྱི་རྟེན་སྙིང་གར་ཀུན་ཏུ་བཟང་པོ་མཐིང་ག་མཉམ་བཞག་གི་ཕྱག་རྒྱ་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསྐྱེད་ལ། ཨེ་ཧྱེ་ཧིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་མེད་དུ་བསྟིམ་ལ། རྡོ་རྗེ་རྩེ་ལྔ་པ་གཏད་དེ། འདི་ནི་རང་རིག་འགྱུར་བ་མེད་པའི་དོན་ཡེ་ཤེས་ལྔ་མཚོན་པའི་རྟགས་ཡིན་ནོ། །ཞེས་བརྡ་སྤྲད་དོ། །གཉིས་པ་དོན་ཀུན་ཏུ་བཟང་པོ་ངོ་སྤྲད་པ་ནི། ཧཱུཾ། བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །ཀུན་ཏུ་བཟང་པོས་སྟོན་པར་དཀའ། །མིང་ཙམ་འདི་ཞེས་བརྗོད་པ་འདི། །རྡོ་རྗེ་སེམས་དཔས་མཚོན་དུ་མེད། །རིག་པ་སེམས་ཀྱི་ངོ་བོ་ཉིད། །སྤྲོས་མེད་རྣམ་དག་ཡེ་ཤེས་ཡིན། །ཀུན་གཞི་ཡེ་ནས་མ་བཅོས་པ། །བདེ་ཆེན་རང་ཤར་ཀློང་དུ་ཞོག །ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་སེམས་སྐད་ཅིག་མ་གང་སྐྱེས་དེ་ཀ་རྩོལ་བྲལ་བསལ་བཞག་མེད་པར་བཞག་ལ། སེམས་ཀྱི་གཤིས་གང་དུའང་མ་གྲུབ་པ། མདངས་བདེ་ཆེན་དུ་མ་འགག་པ། རྩལ་སྣ་ཚོགས་སུ་སྣང་བ། བསྒོམ་བྱ་སྒོམ་བྱེད་ཐམས་ཅད་ལས་འདས་པའི་གསལ་རིག་རྗེན་ནེ་བ་སྤྲོས་པ་དང་བྲལ་བ་དེ་ཀ་ཡེ་ཤེས་ལྔའི་རང་བཞིན་དོན་ཀུན་ཏུ་བཟང་པོ་ཡིན་ནོ། །ཞེས་ངོ་སྤྲད། གསུམ་པ་ཉམས་ཀུན་ཏུ་བཟང་པོ་བསྐྱང་དུ་གཞུགས་པ་ནི། ཨ་སྣང་སྟོང་དབྱེར་མེད་ཆོས་སྐུ་ལ། །རིག་སྟོང་བདེ་བ་ཆེན་པོར་ཤར། །ཟུང་འཇུག་སྤྲོས་དང་བྲལ་བ་དེ། །ཀུན་ཏུ་བཟང་པོའི་ངོ་བོའོ། །ༀ་བོདྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་པས་རྗེས་ཤེས་གང་ཤར་གྱི་སྐྱེ་འགག་གནས་གསུམ་གྱི་རང་ངོ་ལ་བལྟས་པས་རང་གྲོལ་གྱི་ཡེ་ཤེས་གསལ་ལ་མི་རྟོག་པ་ནི་ཉམས་ཀུན་ཏུ་བཟང་པོ་ཡིན་ཏེ། ནམ་མཁའ་ཆེ་ལས། སྔར་རྗེས་མི་དཔྱད་འདས་པའི་འདུ་ཤེས་དོར། །ཕྱིས་སྔུན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད། །བར་དུ་འཛིན་མེད་ནམ་མཁའི་ངང་ལ་བཞག །ཅེས་པ་ལྟར་བསྐྱང་དུ་གཞུག་གོ། །བཞི་པ་དམ་པ་རིགས་བརྒྱ་ཕྱག་རྒྱའི་དབང་གིས་དག་པའི་སྣང་བ་རབ་འབྱམས་སུ་བསྟན་པ་ནི། སློབ་བུ་སེང་གེས་བཏེགས་པའི་ཁྲི་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཡུམ་དང་བཅས་པའི་རྣམ་པས་འཁོད་པ་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་རིམ་བཞིན་བྱོན་ནས་གཉིས་མེད་དུ་ཐིམ་པར་བསམ་ལ། རྒྱས་པར་ན་ཕྱག་གི་བཀོལ་བྱང་ལས་འབྱུང་བ་བཞིན་ལ་འདོན་པ་བསྒྱུར་བའི་མཐར་སོ་སོའི་སྔགས་དང་བཅས་པས་རེ་རེ་བཞིན་དུ་བསྐུར་ཞིང་། འབྲིང་དུ་ཚིགས་བཅད་ཀྱིས་བསྡུས་པ་བཞིན་སྡེ་ཚན་དུ་བྱས་ནས་དང་། ཤིན་ཏུ་བསྡུས་པ་ནི། བུམ་པ་གཙོ་བོའི་ཕྱག་རྒྱ་དང་བཅས་པས་སྤྱི་བོར་བཞག་ལ། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་རིགས་བརྒྱས་དབང་བསྐུར་རོ། །ཞེས་དང་། ཡིག་བརྒྱའི་མཐར། བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་མཱི། ཞེས་པས་དབང་བསྐུར་བས། འདི་ལྟར་ཆོས་ཐམས་ཅད་དམ་པ་རིགས་བརྒྱའི་ངོ་བོར་དག་ཅིང་། དེ་ཡང་རང་སེམས་ལྷག་པ་བདེན་གཉིས་དབྱེར་མེད་གསང་ཆེན་རིགས་གཅིག་ཏུ་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །གསུམ་པ་རྗེས་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན། སློབ་མའི་ཁར་ཞུགས་ཏེ་སྙིང་གར་ཐིམ་པར་བསམ་ལ། ཞི་ཁྲོའི་སྤྱི་སྔགས་དང་ཡིག་བརྒྱའི་རྗེས་ཟློས་ལན་གསུམ་དུ་བྱས་ནས། སྒོམ་བཟླས་ཀྱི་དམ་བཅའ་བླང་། སློབ་མས་མཎྜལ་ཕུལ་ཏེ་ཕྱག་བཙལ་ནས་ཐལ་མོ་སྦྱར་ལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་དམ་བཅས་ཏེ་ཡོན་གྱི་དངོས་པོ་ཅི་འབྱོར་བ་དབུལ་ལོ། །ཚོགས་མཆོད་ཀྱི་ནང་ཚན་བཞི་བ་ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས་ཕྱག་སྔོན་དུ་འགྲོ་བས་ཐབས་ཤེས་ཀྱི་རྫས་རྣམས་བསྣོལ་མར་སྟོབ་ཅིང་། མཉམ་ཉིད་མི་གཡོ་མཉམ་པའི་སངས་རྒྱས་དཔལ། །ལོག་རྟོག་མཚན་མའི་སྤྲོས་པ་ངང་གིས་ཞི། །དམ་ཚིག་བཞིན་ལས་ཅི་བདེར་སྤྱད་ནས་ཀྱང་། །མཉམ་རྫོགས་ཆེན་པོའི་མཆོད་པ་བཞེས་སུ་གསོལ། །ཞེས་སློབ་དཔོན་ལ་ཕུལ། དེས་ཀྱང་པདྨའི་ཕྱག་རྒྱས་བསྐོར་ཞིང་། ཨ་ལ་ལ་ཧོ། ཞེས་བླང་། འདུས་པ་ཐམས་ཅད་ལ་བྲིམས་ཏེ། ནང་གི་སྦྱིན་སྲེག་གིས་རོལ་བའི་མཐར། ཧོཿ བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས་ཛ་གད་དཔའ་བོ་གསོལ་བས་འགྲོ་བ་མ་ལུས་པ་དབང་དུ་འདུ་བར་གྱུར་ཅིག །མ་ཧཱ་མཱཾ་ས་གསོལ་བས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་ཅིག །རྡོ་རྗེའི་ཚེ་གསོལ་བས་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་ལ་མངའ་བརྙེས་པར་གྱུར་ཅིག །ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བས་ཞི་ཁྲོའི་ཕྲིན་ལས་ཀྱི་རྫུ་འཕྲུལ་སྣ་ཚོགས་ལ་དབང་འབྱོར་བར་གྱུར་ཅིག །ཅེས་སྨོན་ལམ་གདབ་བོ། །ལྔ་པ་ལྷག་མ་བཏང་བ་ནི། ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས་པ་དང་། སྔར་གྱི་ཕུད་ལྷག་བཅས་དཀྱིལ་འཁོར་གྱི་ཤར་ལྷོར་དྲིའི་མཎྜལ་གྱི་ཁར་བཞག །སློབ་དཔོན་གྱི་ལྕེ་ལ་རྟ་མགྲིན་ཡབ་ཡུམ་རོལ་པ་མཛད་པའི་བྱང་སེམས་བདུད་རྩིར་བབ་པར་བསམ་ལ། མཁའ་དབྱིངས་ཀྱི་རྒྱས་ཛ་གད་ཀྱི་ཁ་ཕྲུ་བཏབ་ལ། ༀ་གུ་རུ་ཀྲོ་དྷ་རཏྣ་ས་མ་ཡ་པྲཱི་ཤ་པུརྦ་བུདྡྷ་ཀྵེ་ཏྲ་པཱ་ལ་ཀྵོ་བྷ་ཀ་ར་ཧཱུཾ་ཕཊ། ཅེས་པས་བྱིན་གྱིས་བརླབ། ཧཱུཾ། ལས་ཀྱི་རྡོ་རྗེ་བྱེད་པར་དབང་བསྐུར་བའི། །མཁའ་འགྲོ་ལྷག་སྡུད་མ་སྲིང་གིང་གི་ཚོགས། །ལྷག་མ་ཁ་ཆུའི་དམ་ལ་གཏོགས་པ་རྣམས། །དམ་ཚིག་བཞིན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿཧཱུཾ་བཾ་ཧོཿ ཌཱ་ཀི་ནི་ཧཱུཾ་ཛཿ ཞེས་པས་སྤྱན་དྲངས། ཧཱུཾ། འཁའ་འགྲོ་གིང་དང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས། །དཔལ་གྱི་ཕམ་ཕབས་འདི་གསོལ་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །མཁའ་འགྲོ་མ་སུམ་ཅུ་རྩ་གཉིས། །གིང་ཆེན་བཅོ་བརྒྱད། དབང་ཕྱུག་མ་ཉི་ཤུ་བརྒྱད། དཔལ་ལྡན་ནག་པོ་རེ་མ་ཏཱི། མ་མོ་བདུན། སྲིང་མོ་བཞི། འབར་མ་བརྒྱད། ཕོ་ཉ་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་རྣམས་ཀྱི་ཞལ་དུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིདྷ་ཁཱ་ཧི། ཞེས་སྨན་རག་ཀྱང་སྦྲེང་། ཧོཿ ལྷག་སྡུད་ཀྱི་དམ་ཚིག་ལ་གཏོགས་པའི་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ལྷག་མའི་དམ་ཚིག་འདིས་ཚིམ་ཞིང་དགྱེས་པར་གྱུར་ཏེ། དམ་ཚིག་ཉམས་ཆག་ཐམས་ཅད་སྐོངས་ནས་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་གསོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་གྲོགས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། ཡ་ཧི་གཙྪ། ཞེས་པས་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ་ལ་ལྷག་མ་དོར་ཞིང་དཀྱིལ་འཁོར་བསྡུའོ། །གསུམ་པ་བརྟན་མ་བསྐྱང་བ་ནི། ཕྱི་རོལ་ཏུ་བརྟན་མིའི་གཏོར་མ་སྨན་ཕུད་ཀྱིས་བྲན་ལ། ཏྲཾ་རཏྣ་ཏྲཻ་ལོ་ཀྱ་ཕཊ། ཅེས་བརྗོད་པས། གཏོར་མའི་རྡུལ་ཕྲ་རབ་རེ་རེ་ཞིང་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། འབྲུ་གསུམ་གྱི་བྱིན་གྱིས་བརླབ། ཧཱུཾ། ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བོད་ཁམས་སྐྱོང་བའི་ཆེ་ཞེ་ཆེན་མོ་རྣམས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །ཆེ་ཞེ་ཆེན་མོ་ཁྱེད་རྣམས་ཀྱང་། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང་། །རླངས་ཆེན་དཔལ་གྱི་སེང་གེ་ཡིས། །ཞིང་ཆེན་སྟན་ལ་བཀོད་ནས་ཀྱང་། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །དབང་བསྐུར་གསང་བའི་མཚན་ནས་བརྗོད། །རྡོ་རྗེ་འཆང་གི་གྲལ་དུ་བཞག །བོད་ཁམས་བསྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱ་ཞེས། །ཇི་ལྟར་ཁས་བླངས་དམ་བཅས་པའི། །གཡར་དམ་གཉན་པོ་རྗེས་དགོངས་ལ། །དམ་རྫས་བཀའ་ཡི་གཏོར་མ་ལོངས། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ༀ་ལ་ལ། ལེ་ལེ། ཏཾ་ཏཾ། ཏེ་ཏེ། ཁ་རཀྨ། མ་མ་སྲིཾ་འགྲོ་མ་ཧཱུཾ་བྷྱོ་ཧཱུཾ་ཧཱུཾ། ཞེས་དང་། མ་ཧཱ་པཉྩ་སོགས་སྨན་རག་གཏོར་གསུམ་གྱིས་མཆོད་ཅིང་། སྨན་རཀ་ཀྱང་སྦྲེང་། བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ་ནས། ཡ་ཧི་གཙྪས་གཤེགས་སུ་གསོལ་ནས་གཏོར་མ་གཙང་སར་བསྐྱལ་ལོ། །བཞི་པ་དཀྱིལ་འཁོར་བསྡུ་བ་ནི། བཏང་རག་གི་མཆོད་པ་བཤམས་ཤིང་བྱིན་གྱིས་བརླབས་ཏེ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ། སྨན་གཏོར་རཀྟར་བཅས་པས་མཆོད་ཅིང་བསྟོད་ནས། ༀ་ཧཱུཾ། ཡི་དམ་ཞི་ཁྲོ་རིགས་གཅིག་དཀྱིལ་འཁོར་དུ། །སྒྲུབ་རྫས་དམན་ཞིང་ཏིང་འཛིན་ཆོ་ག་ཉམས། །འགལ་འཁྲུལ་ནོངས་པ་ཅི་མཆིས་བཟོད་པར་གསོལ། །ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཞེས་དང་། ཡི་གེ་བརྒྱ་པ་བཟླས་པས་བཟོད་གསོལ་བྱས་ལ། རས་བྲིས་ཡིན་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུའང་རས་བྲིས་ཀྱི་དཀྱིལ་འཁོར་འདི་ཉིད་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། །བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས་པས་བརྟན་བཞུགས་བྱས་ལ། བྷྲཱུཾ་བི་ཤྭ་བི་ཤུདྷེ་ཧཱུཾ། ༀ་སྭཱ་ཨཱཾ་ཧཱ་ཧཱུཾ་ཧ་ཧེ་ཕཊ་བྷྱོ། ཞེས་པས་དམ་ཚིག་གི་འཁོར་ལོ་གསལ་བཏབ་ལ། བཛྲ་པདྨ་ས་མ་ཡ་སྟྭཾ། ས་མ་ཡ་ཧཾ། ཨ་ནུ་རཱ་གོ་ཧཾ། ཨ་ནུ་རཱ་ག་ཡ་མྱེ། ཛཿཧཱུཾ་བཾ་ཧོཿ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་སྤྲིན་འཕྲོས་པས་སྣོད་བཅུད་ཐམས་ཅད་དག་ཅིང་གསལ་བར་བྱས། སཾ་ཧ་ར་ཎ་ཧཱུཾ། དག་པའི་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ། དེ་འཁོར་རྣམས་ལ་ཐིམ། འཁོར་རྣམས་རིམ་བཞིན་གཙོ་བོ་ཡབ་ཡུམ་ལ། ཡུམ་ཡབ་ལ་དེ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་འཛིན་སེམས་དཔའ་ལ། དེ་ཧཱུཾ་ལ། ཧཱུཾ་གྱེན་རྫོགས་ནཱ་དའི་བར་དུ་ཐིམ་ནས་རྣམ་པར་རྟོག་མེད་ལྷུན་གྲུབ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག་ཅིང་། ཧཱུཾ་བཛྲ་དྷྲིཀ྄ །ཅེས་པས་ཐུན་མཚམས་ཀྱི་ལྷར་ལངས་ཏེ། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རང་བཞིན་དུ་ཤེས་པར་བྱས་ནས། གོ་བགོ་ལུས་བསྲུང་ནི། རང་གི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ་ཡིག་རྣམས་ཀྱིས་མཚན་པར་བསམ་ལ། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། ཞེས་པས། ལུས་རྡོ་རྗེའི་གོ་ཆས་ཞུ་ལུགས་སུ་གཡོགས་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་བསམ་ཞིང་། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །ཅེས་བརྗོད་ཅིང་ང་རྒྱལ་བྱའོ། །རྡུལ་ཚོན་གྱི་ཆོ་ག་ཞག་སྦྲེལ་དུ་བྱེད་བའི་ཉིན་སྔ་མ་རྣམས་ལའང་དེ་ཁོ་ན་དང་། ནུབ་ཐ་མ་ལ། བེ་གཱ་ཀྲ་མ་ཡཾ། ཞེས་པས། ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁར་བཏེགས་ནས། གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་བྱས་ནས། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་མཐར། ཛྙཱ་ན་མཎྜལ་བཛྲ་མུཿ ཞེས་པས་གཤེགས་སུ་གསོལ་ལ། དམ་ཚིག་གི་དཀྱིལ་འཁོར་བསྡུ་ཚུལ་སྔར་བཞིན་བྱས་ནས། དུས་དེ་ཉིད་དམ་ནང་པར་ལྷའི་ང་རྒྱལ་དང་ལྡན་པས། ཨ་ཀཱ་རོ་བཟླ་ཞིང་། རྡོ་རྗེ་དང་བཅས་པའི་ལག་གིས་ཐོག་མར་ལྷ་མཚན་རྣམས་བསྡུས་ལ་ཅུང་ཟད་མགོ་བོར་བཀོད། དེ་ནས་དབང་ལྡན་ནས་བརྩམས་ཏེ་གཙོ་བོའི་གནས་ཀྱི་བར་རིམ་གྱིས་ཕྱགས་ལ་ཅུང་ཟད་ཙམ་གཞན་ལའང་བྱིན། ལྷག་མ་རྣམས་སྣོད་བཟང་པོར་བླུགས་ནས་མཆོད་པ་དང་བཀུར་སྟི་ཆེན་པོས་ཆུ་ཀླུང་དུ་བོར་རོ། །བུམ་ཆུ་ལྷག་མ་ལ་སོགས་བས་ཀྱང་གཞན་ལ་ཕན་པར་བྱའོ། །ལྔ་པ་བསྔོ་བ་ཤིས་བརྗོད་བྱ་བ་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་བ་དང་། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམ་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་པ་མངོན་གྱུར་ཤོག །ཉམས་ཆག་རྟོགས་སྒྲིབ་མ་སྤངས་གནས་སུ་དག །ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་བསྐངས། །གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག །ཐིག་ལེ་ཆེན་པོར་སྐུ་དང་ཞིང་ཁམས་རྫོགས། །དམ་ཚིག་ཆེན་པོར་སྤང་བླང་མཚན་མ་དག །ཁྱབ་གདལ་ཆེན་པོར་རེ་དོགས་མདུད་པ་གྲོལ། །རྫོགས་པ་ཆེན་པོར་ཆོས་སྐུ་མངོན་གྱུར་ཤོག །བརྒྱུད་པ་གསུམ་གྱི་བྱིན་རླབས་སྙིང་ལ་ཞུགས། །སྒྱུ་འཕྲུལ་དྲཱ་བའི་ལམ་གསང་སེམས་ལ་རྫོགས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །མུ་མཐའ་མེད་པའི་འགྲོ་བ་སྒྲོལ་བར་ཤོག །ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུང་སྟོན་ཞིང་། །མཁའ་འགྲོ་རྣམས་ཀྱིས་བུ་བཞིན་སྐྱོང་བ་དང་། །ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་གྲུབ། །མ་ལུས་སྐྱེ་དགུའི་འགལ་རྐྱེན་ཀུན་ཞི་ཞིང་། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་དང་། གཞན་ཡང་ཤིས་བརྗོད་དང་། དགའ་སྟོན་བྱ་བ་སོགས་མཐའ་རྒྱས་ཀྱི་ཆོ་ག་རྣམས་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱའོ། །རིགས་རྒྱའི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །ཐུགས་རྗེའི་རྣམ་འཕྲུལ་མཐའ་ཡས་འགྲོ་རྒྱུད་ཀྱི། །སྡུག་བསྔལ་རྒྱུ་བཅས་བསལ་ནས་སྐུ་བཞི་ཡི། །བདེ་ཆེན་མཆོག་ལ་འགོད་བྱེད་མྱུར་བའི་ལམ། །རྩ་བའི་མདོ་དང་རྗེས་འབྲེལ་གཞུང་རྣམས་ཀྱི། །དགོངས་དོན་རྒྱ་བོད་མཁས་གྲུབ་ཇི་སྙེད་པས། །གསལ་བར་མཛད་པའི་གསུང་གི་སྙིང་པོའི་དོན། །བརྗོད་བདེའི་ངག་གིས་ཁྲིགས་སུ་འདིར་བསྡེབས་སོ། །བསོད་ནམས་བླ་མེད་སྟོན་ཟླ་ལྟར་དཀར་བས། །འགྲོ་འདིའི་སྒྲིབ་གཉིས་མུན་པ་ཡོངས་བསལ་ནས། །བདེ་ཆེན་སྣང་བ་འབྱམས་ཀླས་རིགས་བརྒྱ་ཡི། །ཡེ་ཤེས་འཁོར་ལོ་གཅིག་ཏུ་འགྲུབ་གྱུར་ཅིག །དཔལ་རྡོ་རྗེ་སེམས་དཔའ་གསང་ཆེན་རིགས་བསྡུས་ཀྱི་ཆོ་ག་བདེ་ཆེན་ལམ་བཟང་ཞེས་བྱ་བ་འདི་ནི། ཤིང་རྟ་ཆེན་པོ་སངས་རྒྱས་གསང་བ་དང་བི་མ་ལ་མི་ཏྲའི་མན་ངག་གི་བཀའ་སྲོལ་བཞིན་སྔར་ཁྲིགས་སུ་བཀོད་པ་ལས་དོན་གཅིག་ཚིག་གི་བརྗོད་པ་ཐ་དད་པ་རྣམས་འདོན་བདེ་བའི་སླད་དུ་ཕྱིས་ཁྲོམ་སྤྲུགས་ཀྱི་ཆོག་ཁྲིགས་བཀོད་པ་དང་མཐུན་པར་བྱས་ནས། སླར་ཡང་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཇི་ལྟར་བཀོད་པ་བཞིན་དུ་གནས་བརྟན་ལོ་ཙཱ་བ་ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོས་གཙང་དག་ཏུ་སྤེལ་བ་སྟེ། ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་དུ་རྣམ་གནོན་གྱི་ལོ་ཆོ་འཕྲུལ་ཆེན་པོའི་དུས་ཆེན་ལ་གྲུབ་པར་བགྱིས་པའོ།། །།

ན་རཀ་དོང་སྤྲུགས་ལས་ཕྱག་གི་བཀོལ་བྱང་།

ན་རཀ་དོང་སྤྲུགས་ལས་ཕྱག་གི་བཀོལ་བྱང་བཞུགས་སོ། །ཧོཿ ཀློང་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི། དོན་དམ་པར་ཆོས་ཀྱི་དབྱིངས་ཡུམ་གྱི་མཁའ་བྷ་ག་ཡངས་པའི་ཀློང་། རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན་བཞུགས་པའི་བདེ་བར་གཤེགས་པ་འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། ཀུན་གཞི་གསང་པ་དག་པའི་དབྱིངས་ནས། རང་རིག་པ་རང་བྱུང་གི་ཡེ་ཤེས། རང་ཤེས་རིག་གི་རྒྱལ་པོ། ཡིད་བྱེད་པ་པོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡབ། ཆགས་མེད་སྐྱོན་དང་བྲལ་བས་གདན་པདྨ་ལ་བཞུགས་པ། སངས་རྒྱས་དང་སེམས་ཅན་མཉམ་པར་མཁྱེན་པས་ཕྱག་མཉམ་པའི་ཕྱག་རྒྱ་ཅན། དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་དོན་དམ་པར་ཆོས་ཀྱི་དབྱིངས་སུ་སྡུད་མ། ཆོས་ཅན་མཚན་མའི་སྐྱོན་གྱིས་མ་གོས་པས་གདན་པདྨ་ལ་བཞུགས་པ། ཀུན་ལ་ཁྱབ་པར་གནས་པས་ཕྱག་མཉམ་པའི་ཕྱག་ཚན། ཆོས་བྱ་བ་མོ། དཀྱིལ་འཁོར་ཐམས་ཅད་བསྐྱེད་པའི་ཡུམ་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པའི། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པའི་ཐུགས་ཀྱི་བདག་ཉིད། མི་འཇིགས་པ་སེང་གེའི་ཁྲི་ཅན། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སྐྱེ་ཤི་དང་འཕོ་འགྱུར་གྱི་རྟོག་པ་མི་མངའ་བས། ཕྱག་རྒྱ་རྡོ་རྗེ་ཅན། བཅོམ་ལྡན་འདས་དཔལ་རྡོ་རྗེ་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་གཟུགས་ཀྱི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པའི་སྐུའི་བདག་ཉིད། སྟོབས་གླང་པོ་ཆེའི་ཁྲི་ཅན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཀུན་ལ་དབང་སྒྱུར་བས། ཕྱག་རྒྱ་འཁོར་ལོ་ཅན། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ཚོར་བའི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་བདག་ཉིད། ཤུགས་འཆང་རྟའི་ཁྲི་ཅན། མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་མ་གཡོས་པར་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བས། ཕྱག་རྒྱ་རིན་པོ་ཆེ་འབར་བ་ཅན། བཅོམ་ལྡན་འདས་དཔལ་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པའི་གསུང་གི་བདག་ཉིད། མཛེས་བྱེད་རྨ་བྱའི་ཁྲི་ཅན། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་གསལ་ལ་མ་ཆགས་པར་གཟིགས་པས་ཕྱག་རྒྱ་པདྨ་ཅན། བཅོམ་ལྡན་འདས་དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱི་བདག་ཉིད། ཅང་བྱེད་ཤང་ཤང་ཏེའུའི་ཁྲི་ཅན། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་ཕྲིན་ལས་མཐར་ཕྱིན་པར་མཛད་པས། ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ཅན། བཅོམ་ལྡན་འདས་དཔལ་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་ནམ་མཁའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་ཀུན་ཏུ་བཟང་མོ། དུས་གསུམ་གྱིས་རྒྱལ་བ་ཐམས་ཅད་འབྱུང་བའི་གནས། ཡུམ་ཆེན་མོ་ནམ་མཁའ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་སའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་སངས་རྒྱས་སྤྱན་མ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསྐྱེད་པའི་གཞི། ཡུམ་ཆེན་མོ་བུདྡྷ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་ཆུའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་མཱ་མ་ཀཱི། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་ཡོན་ཏན་གྱི་གཏེར་འཛིན་མ། ཡུམ་ཆེན་མོ་རིན་ཆེན་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་མེའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་ན་བཟའ་དཀར་མོ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་གསུང་མཆོག་མ། ཡུམ་ཆེན་མོ་པདྨ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་རླུང་གི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་དམ་ཚིག་སྒྲོལ་མ། འགྲོ་བ་རྣམས་འཕགས་པའི་ས་བཅུར་སྒྲོལ་མ། ཡུམ་ཆེན་མོ་ལས་ཀྱི་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་སྲས་བཅས་ཐམས་ཅད་བསྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིག་གི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སའི་སྙིང་པོ། འགྲོ་བ་རྣམས་བླ་ན་མེད་པའི་གནས་སུ་བསྐྱེད་པར་བྱེད་པས། ཕྱག་རྒྱ་རིན་པོ་ཆེའི་མྱུ་གུ་ཅན། ཤར་ཕྱོགས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ། ཉོན་མོངས་པའི་རྒྱུན་སྐད་ཅིག་ལ་གཅོད་པས། ཕྱག་རྒྱ་རལ་གྲི་ཅན། ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་སྣའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག །ཉོན་མོངས་པའི་སྐྱོན་གྱི་མ་གོས་པས། ཕྱག་རྒྱ་པདྨ་ཅན། ནུབ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེའི་རྣམ་པར་ཤེས་པར་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ། ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པས། ཕྱག་རྒྱ་རྡོ་རྗེ་ཅན། བྱང་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིག་གི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་བྱམས་པ། ཉོན་མོངས་པའི་གདུང་བ་ལས་སྐྱོབ་པས། ཕྱག་རྒྱ་ཀླུ་ཤིང་མགོ་ལྕོག་ཅན། ཤར་ལྷོ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ། ཉོན་མོངས་པ་ཆོས་ཉིད་དུ་མཁྱེན་པས། ཕྱག་རྒྱ་པོ་ཏི་ཅན། ལྷོ་ནུབ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་སྣའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ། ཉོན་མོངས་པ་གནས་སུ་དག་པ་ལས། དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བས། ཕྱག་རྒྱ་རིན་པོ་ཆེའི་སྙེ་མ་ཅན། ནུབ་བྱང་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ། ཉོན་མོངས་པའི་ཟུག་རྔུ་མི་མངའ་བར་ཤིན་ཏུ་མཛེས་པས། ཕྱག་རྒྱ་མེ་ཏོག་ཨཱུཏྤལ་ཅན། བྱང་ཤར་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཤེས་དབང་པོ་དག་པས་ཐུགས་དང་གསུང་། །བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིག་གི་ཡུལ། གཟུགས་སུ་སྣང་བ་གནས་སུ་དག་པ། བཛྲ་ལཱ་སྱ་སྟེ། སྐུའི་མཆོད་པས་མཉེས་པར་མཛད་པ་ལ་མི་འགྱུར་བས། ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་ཅན། རྡོ་རྗེ་སྒེག་མོ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་སྣའི་ཡུལ་དྲི་སྣོམ་པ་གནས་སུ་དག་པ་བཛྲ་མཱ་ལྱེ་སྟེ། དྲིའི་མཆོད་པ་རྒྱུན་མི་ཆད་པར་བྱེད་པས། ཕྱག་རྒྱ་རིན་པོ་ཆེའི་ཕྲེང་བ་ཅན། རྡོ་རྗེ་ཕྲེང་བ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་ཡུལ་སྒྲར་གྲགས་པ་གནས་སུ་དག་པ། བཛྲ་གཱིརྟི་སྟེ། སྒྲའི་མཆོད་པས་མཉེས་པར་བྱེད་པས། ཕྱག་རྒྱ་པི་ཝཾ་ཅན། རྡོ་རྗེ་སྒྲ་དབྱངས་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེའི་ཡུལ་རོ་བྲོ་བ་གནས་སུ་དག་པ། བཛྲ་ནཱིརྟི་སྟེ། རོའི་མཆོད་པས་མཉེས་པར་བྱེད་པས། ཕྱག་རྒྱ་གར་སྒྱུར་ཅན། རྡོ་རྗེ་གར་སྒྱུར་མ་ལ་ཕྱག་འཚལ་ལོ། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་འདས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་དྷཱུ་པེ་སྟེ། ཤངས་ཀྱི་མཆོད་པས་མཉེས་པར་མཛད་པས། ཕྱག་རྒྱ་སྤོས་ཁང་ཅན། རྡོ་རྗེ་བདུག་པ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་ད་ལྟ་བ་ཞེས་བྱ་བ་གནས་སུ་དག་པ། བཛྲ་པུཥྤེ་སྟེ། སྐུ་ཡི་མཆོད་པས་མཉེས་པར་མཛད་པས། ཕྱག་རྒྱ་མེ་ཏོག་ཅན། རྡོ་རྗེ་མེ་ཏོག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་མ་འོངས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་ཨཱ་ལོ་ཀེ་སྟེ། སྤྱན་གྱི་མཆོད་པས་མཉེས་པར་མཛད་པས། ཕྱག་རྒྱ་མར་མེ་ཅན། རྡོ་རྗེ་མར་མེ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་མ་ངེས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་གནྡྷེ་སྟེ། ལྗགས་བྱུག་པའི་མཆོད་པས་མཉེས་པར་མཛད་པས། ཕྱག་རྒྱ་བྱུག་པ་ཅན། རྡོ་རྗེ་དྲི་ཆབ་མ་ལ་ཕྱག་འཚལ་ལོ། །བདུག་པ་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རྣམ་པར་ཤེས་པ་གནས་སུ་དག་པ། །ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོ་སྟེ། བྱམས་པ་ཆེན་པོས་འགྲོ་བའི་དོན་ཞེ་སྡང་ཚར་གཅོད་པར་མཛད་པས། ཕྱག་རྒྱ་ནྲྀ་མགོ་གདེངས་པ་ཅན་། ཤར་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་བྱ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་སྟེ། སྙིང་རྗེ་ཆེན་པོས་འགྲོ་བའི་དོན་དུག་ལྔ་ཡེ་ཤེས་ལྔས་འཇོམས་པར་མཛད་པས། ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་ཅན། ལྷོ་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་དབང་པོ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་རྟ་མགྲིན་ཏེ། དགའ་བ་ཆེན་པོས་འགྲོ་བའི་དོན་ཐུགས་རྗེས་མི་གཏོང་བར་མཛད་པས། ཕྱག་རྒྱ་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་ཅན། ནུབ་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་བྱ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་སྟེ། བཏང་སྙོམས་ཆེན་པོས་འགྲོ་བའི་དོན་མཐར་ཕྱིན་པར་མཛད་པས། ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ཅན། བྱང་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་བསྲུང་། མཐར་བྱེད་སྒོ་བ་བཞི་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་རྟག་པར་ལྟ་བ་གནས་སུ་དག་པ། བཛྲ་ཨཾ་གུ་ཤ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེ་འཛིན་པར་བྱེད་པས། ཕྱག་རྒྱ་ལྕགས་ཀྱུ་ཅན། རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་ཆད་པར་ལྟ་བ་གནས་སུ་དག་པ། བཛྲ་པཱ་ཤ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་འཆིང་བར་བྱེད་པས། ཕྱག་རྒྱ་ཞགས་པ་ཅན། རྡོ་རྗེ་ཞགས་པ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་བདག་ཏུ་ལྟ་བ་གནས་སུ་དག་པ། བཛྲ་སྥོ་ཊ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་མི་འཆོར་བར་མཛད་པས། ཕྱག་རྒྱ་ལྕགས་སྒྲོག་ཅན། རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་མཚན་མར་ལྟ་བ་གནས་སུ་དག་པ། བཛྲ་གཎྜེ་སྟེ། འཁོར་བའི་ཉོན་མོངས་པ་ཐལ་བར་རློག་པར་མཛད་པས། ཕྱག་རྒྱ་དྲིལ་བུ་ཅན། རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ། །རྟག་ཆད་ལྟ་འབྱིན་གསང་བ་ཡུམ་གྱི་ངང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་ལྷའི་འཇིག་རྟེན་དུ་ལྟ་བ་གནས་དུ་དག་པ། ལྷའི་ཐུབ་པ་སྟེ། ཉོན་མོངས་པ་ང་རྒྱལ་གནས་སུ་དག་པར་མཛད་པས། ཕྱག་རྒྱ་པི་ཝཾ་ཅན། ལྷའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་ལྷ་མ་ཡིན་གྱི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། ལྷ་མ་ཡིན་གྱི་ཐུབ་པ་སྟེ། ཉོན་མོངས་པ་ཕྲག་དོག་གནས་སུ་དག་པར་མཛད་པས། ཕྱག་རྒྱ་གོ་ཆ་ཅན་། ལྷ་མ་ཡིན་གྱི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་མིའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། མིའི་ཐུབ་པ་སྟེ། ཉོན་མོངས་པ་འདོད་ཆགས་གནས་སུ་དག་པར་མཛད་པས། ཕྱག་རྒྱ་གསེག་ཤང་པར་བུ་ཅན། མིའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་བྱོལ་སོང་གི་འཇིག་རྟེན་དུ་ལྟ་བ་གནས་དུ་དག་པ། བྱོལ་སོང་གི་ཐུབ་པ་སྟེ། ཉོན་མོངས་པ་གཏི་མུག་གནས་སུ་དག་པར་མཛད་པས། ཕྱག་རྒྱ་གླེགས་བམ་པུ་ཏི་ཅན། བྱོལ་སོང་གི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་ཡི་དྭགས་ཀྱི་འཇིག་རྟེན་དུ་ལྟ་བ་གནས་དུ་དག་པ། ཡི་དྭགས་ཀྱི་ཐུབ་པ་སྟེ། ཉོན་མོངས་པ་སེར་སྣ་གནས་སུ་དག་པར་མཛད་པས། ཕྱག་རྒྱ་རིན་པོ་ཆེའི་སྒྲོམ་བུ་ཅན། ཡི་དྭགས་ཀྱི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་དམྱལ་བའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། དམྱལ་བའི་ཐུབ་པ་སྟེ། ཉོན་མོངས་པ་ཞེ་སྡང་གནས་སུ་དག་པར་མཛད་པས། ཕྱག་རྒྱ་མེ་ཆུ་ཅན། དམྱལ་བའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་གཙོ། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང་། །བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །ཧོ། རང་རིག་པ་ཐབས་ཀྱི་རྒྱལ་པོ་ཁྲོ་བོ་ཐམས་ཅད་ཀྱི་རྗེ་བཙན་ཆེན་པོ། སངས་རྒྱས་ཐམས་ཅད་ཀྱི་སྤྱི་དཔལ། བཅོམ་ལྡན་འདས་བླ་ན་མེད་པའི་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལྟ་བུའི་སྐུ་དུས་གསུམ་དུ་འགྱུར་བ་མི་མངའ་བ། ཞེ་སྡང་ཆེན་པོ་ཐབས་ལ་མཁས་པས་དྲེགས་པ་ཕོ་མོའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྟོང་པ་ཉིད་ཀྱི་དབྱིངས་ནས་སྐྱེ་བ་མེད་པའི་སྐུ་བ རྙེས་པ། གཏི་མུག་ཐབས་ལ་མཁས་པས་མ་ཧཱ་དེ་ཝའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་སྐུའི་བདག་ཉིད་བུདྡྷ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་ཉིད་བྱང་ཆུབ་སེམས་ལས་ལོངས་སྤྱོད་རྫོགས་པའི་སྐུ་བརྙེས་པ། ང་རྒྱལ་ཆེན་པོ་ཐབས་ལ་མཁས་པས་གཤིན་རྗེའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད་རཏྣ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་ཉིད་ཆགས་པ་མེད་པའི་དབྱིངས་ནས་བྱང་ཆུབ་ཆེན་པོའི་སྐུ་བརྙེས་པ། འདོད་ཆགས་ཐབས་ལ་མཁས་པས་ཀླུའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་གསུང་གི་བདག་ཉིད་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཕྲིན་ལས་གྲུབ་པའི་དབྱིངས་ནས་སྤྲུལ་པ་མཆོག་གི་སྐུ་བརྙེས་པ། ཕྲག་དོག་ཐབས་ལ་མཁས་པས་གནོད་སྦྱིན་གྱི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད་ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྦྱོར་པའི་དབྱིངས་ནས་ཕྱིན་ཅི་ལོག་གི་ལྟ་བ་འཇོམས་པའི་སྐུ་བརྙེས་པ། ག་ཎའི་ཐབས་ལ་མཁས་པས་དྲང་སྲོང་གི་གདན་ལ་བཞུགས་པ། རཀྴ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དམ་ཚིག་གི་དབྱིངས་ནས་མྱོང་བྱེད་ཀྱི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། ཉམས་པ་བསྐང་བའི་ཐབས་ལ་མཁས་པས་སྲིན་པོའི་གདན་ལ་བཞུགས་པ། ས་ནུ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གསང་བའི་དབྱིངས་ནས་སྐྱེ་གནས་ཀྱི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། མཚན་མའི་ཐབས་ལ་མཁས་པས་རླུང་ལྷའི་གདན་ལ་བཞུགས་པ། གུ་ཧྱ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྒྲོལ་བའི་དབྱིངས་ནས་རེག་བྱའི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། ཏ་ནའི་ཐབས་ལ་མཁས་པས། བགེགས་ཀྱི་གདན་ལ་བཞུགས་པ། ཡཀྴ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །དཔལ་ཆེན་ཁྲག་འཐུང་རྣམས་ལ་ཕྱག་འཚལ་ལོ། །རང་བཞིན་དག་པའི་དབྱིངས་ནས་ཡུམ་ཆེན་མོའི་སྐུ་བརྙེས་པ། སྐུ་དཔལ་དུ་འབར་བས་རྔམ་པའི་ཆ་ལུགས་ཅན། གསུང་དཔལ་དུ་འབར་བས་རྔམ་པའི་གདངས་སྐད་ཅན། ཐུགས་དཔལ་དུ་འབར་བས་ཐུགས་རྗེ་ཆེན་པོ་ཅན། དཔལ་འབར་ཁྲོས་པའི་རྒྱལ་མོ་ཁྲོ་མོ་གནམ་ཞལ་མ་ལ་ཕྱག་འཚལ་ལོ། །ཆོས་ཉིད་དབྱིངས་ཀྱི་ཕྱག་རྒྱ་ལས་རྣམ་པར་ཐར་བའི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་བོ་དང་མཐུན་པ། བཛྲ་ཀྲོ་དྷི་ཤྭ་རྭི་མ་ལ་ཕྱག་འཚལ་ལོ། །མཉམ་ཉིད་བླང་དོར་མེད་པའི་དབྱིངས་ནས་རོལ་པ་ཡེ་ཤེས་ཀྱི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་བོ་དང་མཐུན་པ། བུདྷཀྲོ་དྷི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །བྱམས་མགོན་ཆོས་ཀྱི་དབྱིངས་ནས་ཐུགས་རྗེ་ཡེ་ཤེས་ཀྱི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་བོ་དང་མཐུན་པ། རཏྣ་ཀྲོ་དྷི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །ཆོས་ཉིད་པདྨའི་དབྱིངས་ནས་སྐྱོན་བྲལ་པདྨའི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་བོ་དང་མཐུན་པ། པདྨ་ཀྲོ་དྷི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །ལས་རབ་རོལ་བའི་དབྱིངས་ནས་དོན་གྲུབ་མཆོག་གི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་བོ་དང་མཐུན་པ། ཀརྨ་ཀྲོ་དྷི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །དྲོད་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། རཀྴ་ཀྲོ་དྷི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །མངལ་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། ས་ན་ཀྲོ་དྷི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །བརྫུས་ནས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། གུ་ཧྱ་ཀྲོ་དྷི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །སྒོ་ང་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། ཡཀྴ་ཀྲོ་དྷི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་རྣམས་ལ་ཕྱག་འཚལ། །ཁྲོ་མོ་སྔོན་མོ་བམ་དབྱུག་འཛིན། །ག་རཱི་མ་ལ་ཕྱག་འཚལ་ལོ། །ཁྲོ་མོ་སེར་མོ་མདའ་གཞི་འཛིན། །ཙ་རཱི་མ་ལ་ཕྱག་འཚལ་ལོ། །ཁྲོ་མོ་དམར་མོ་ཆུ་སྲིན་འཛིན། །པྲ་མོ་ཧཱ་ལ་ཕྱག་འཚལ་ལོ། །ཁྲོ་མོ་མཐིང་ནག་རྡོ་རྗེ་འཛིན། །བཻ་ཏ་ལཱི་ལ་ཕྱག་འཚལ་ལོ། །ཁྲོ་མོ་དམར་སེར་བྱིས་རྒྱུ་འཛིན། །པུཀྐ་སཱི་ལ་ཕྱག་འཚལ་ལོ། །ཁྲོ་མོ་ལྗང་གུ་དུང་ཁྲག་འཐུང་། །གྷསྨ་རཱི་ལ་ཕྱག་འཚལ་ལོ། །ཁྲོ་མོ་ནག་མོ་བྱིས་སྙིང་ཟ། །སྨ་ཤ་ནཱི་ལ་ཕྱག་འཚལ་ལོ། །ཁྲོ་མོ་སེར་སྐྱ་མཆོག་ལུས་འདྲལ། །ཙཎྜ་ལཱི་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་སླས་སུ་བཞུགས། །ཁྲོ་མོ་ཆེན་མོ་བརྒྱད་ལ༴ སིདྷ་ཁ་རོ་བསྣོལ་སེར་སེང་། །སེང་གདོང་མ་ལ༴ བྱཱ་གྷྲི་གནས་ལྟ་བསྣོལ་དམར་སྟག །སྟག་གདོང་མ་ལ༴ སྲི་གཱལ་ནག་མོ་བྱིས་ལྡག་ཝ། །ཝ་གདོང་མ་ལ༴ ཤྭ་ན་འདྲལ་ལྟ་མཐིང་ག་སྤྱང་། སྤྱང་གདོང་མ་ལ༴ གྲྀ་ཌྷ་མགྲིན་དམར་རྒྱུ་འདྲེན་རྒོད། །རྒོད་གདོང་མ་ལ༴ ཀངྐ་ཞིང་ཕྲག་སྣར་མགོ་རིང་། དུར་བྱའི་གདོང་མར༴ ཀཱ་ཀ་ཁ་རོ་བྷན་གྲི་ནག །བྱ་རོག་གདོང་མར་ཕྱག༴ ཨུ་ལཱུ་རྡོར་དབྱུག་མཐིང་ཚོགས་འུག༴ འུག་གདོང་མ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མེན་ཆེན་མོ་བརྒྱད་ལ༴ སྒོ་མ་སྔོན་མོ་ལྕགས་ཀྱུ་འཛིན། །རྟ་གདོང་མ་ལ༴ སྒོ་མ་ནག་མོ་ཞགས་པ་འཛིན། །ཕག་གདོང་མ་ལ༴ སྒོ་མ་དམར་མོ་ལྕགས་སྒྲོག་འཛིན། །སེང་གདོང་མ་ལ༴ སྒོ་མ་ལྗང་གུ་དྲིལ་བུ་འཛིན། །སྤྱང་གདོང་མ་ལ༴ རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་བསྲུང་། །སྒོ་སྐྱོང་ཁྲོ་མོ་བཞི་ལ༴ རྣལ་འབྱོར་དམར་སེར་ཏྲི་ཤུལ་འཛིན། །གཡག་གདོང་མ་ལ༴ རྣལ་འབྱོར་དམར་སྐྱ་རྩེ་ལྔ་འཛིན། །སྦྲུལ་གདོང་མ་ལ༴ རྣལ་འབྱོར་སེར་ནག་དབྱུག་སྡིགས་འཛིན། །གཟིག་གདོང་མ་ལ༴ རྣལ་འབྱོར་དཀར་དམར་དུང་དམར་འཛིན། །སྲེ་མོང་གདོང་མར༴ རྣལ་འབྱོར་སེར་མོ་འཁོར་ལོ་འཛིན། །ཕ་ཝཾ་གདོང་མར༴ རྣལ་འབྱོར་དམར་སྐྱ་བམ་དབྱུག་འཛིན། །དྲེད་གདོང་མ་ལ༴ རྣལ་འབྱོར་དམར་མོ་རྒྱུ་ཞགས་འཛིན། །དོམ་གྱི་གདོང་དམར༴ རྣལ་འབྱོར་སྔོན་མོ་བུམ་པ་འཛིན། །ཆུ་སྲིན་གདོང་མར༴ རྣལ་འབྱོར་སྔོ་སྐྱ་པུཎྜ་འཛིན། །སྡིག་པའི་གདོང་མར༴ རྣལ་འབྱོར་ནག་མོ་ཐོད་རློན་འཛིན། །ཁྲ་གདོང་མ་ལ༴ རྣལ་འབྱོར་དམར་ནག་རྒྱུ་ཞགས་འཛིན། །ཝ་གདོང་མ་ལ༴ རྣལ་འབྱོར་ནག་མོ་བམ་ཆེན་འཛིན། །སྟག་གདོང་མ་ལ༴ རྣལ་འབྱོར་དམར་མོ་ཁོག་ཆེན་འཛིན། །རྒོད་གདོང་མ་ལ༴ རྣལ་འབྱོར་དམར་ནག་རྡོར་དབྱུག་འཛིན། །རྟ་གདོང་མ་ལ༴ རྣལ་འབྱོར་དཀར་དམར་བྷནྡྷ་འཛིན། །ཁྱུང་གདོང་མ་ལ༴ རྣལ་འབྱོར་དམར་སེར་བྱིས་བམ་འཛིན། །ཁྱི་གདོང་མ་ལ༴ རྣལ་འབྱོར་དཀར་དམར་པདྨ་འཛིན། །པུ་ཤུད་གདོང་མར༴ རྣལ་འབྱོར་དམར་སྐྱ་བ་དན་འཛིན། །ཤ་བའི་གདོང་མར༴ རྣལ་འབྱོར་ལྗང་ནག་རྔེའུ་ཆུང་འཛིན། །སྤྱང་གདོང་མ་ལ༴ རྣལ་འབྱོར་དམར་སེར་མེ་སྒྲོན་འཛིན། །སྐྱིན་གདོང་མ་ལ༴ རྣལ་འབྱོར་ལྗང་སེར་མཆེ་བ་འཛིན། །ཕག་གདོང་མ་ལ༴ རྣལ་འབྱོར་ལྗང་སྔོན་དུང་ཁྲག་འཛིན། །ཁྭ་གདོང་མ་ལ༴ རྣལ་འབྱོར་དམར་ལྗང་བམ་ཆེན་འཛིན། བ་ལང་གདོང་མར༴ རྣལ་འབྱོར་ལྗང་ནག་བདུད་རྩི་འཛིན། །སྦྲུལ་གདོང་མ་ལ༴ རྣལ་འབྱོར་ནག་མོ་ལྕགས་ཀྱུ་འཛིན། །ཁུ་བྱུག་གདོང་མར༴ རྣལ་འབྱོར་སྔོན་མོ་རྒྱུ་ཞགས་འཛིན། །ར་གདོང་མ་ལ༴ རྣལ་འབྱོར་དམར་མོ་ལྕགས་སྒྲོག་འཛིན། །སེང་གདོང་མ་ལ༴ རྣལ་འབྱོར་ལྗང་ནག་དྲིལ་བུ་འཛིན། །སྐྱ་ཀའི་གདོང་མར༴ དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་ར་ལཱི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣམ་འབྱོར་ཉི་ཤུ་བརྒྱད་ལ༴ འདོད་པའི་སྐྱོན་སྤངས་སྐྱེ་ལ་དབང་མཛད་པའི། །ཁྲོ་ཆེན་ཧཱུཾ་ཀཱ་ར་ལ༴ མ་བྱིན་ལེན་སྤངས་ཡོ་བྱད་དབང་མཛད་པའི། །ཁྲོ་ཆེན་རྣམ་པར་རྒྱལ་ལ༴ སྲོག་གཅོད་སྐྱོན་སྤངས་ཚེ་ལ་དབང་མཛད་པ། །ཁྲོ་ཆེན་གཤིན་རྗེ་གཤེད་ལ༴ ཕྲ་མའི་སྐྱོན་སྤངས་ཆོས་ལ་དབང་མཛད་པ། །ཁྲོ་ཆེན་རྟ་མཆོག་དཔལ་ལ༴ ངག་རྩུབ་སྐྱོན་སྤངས་ལས་ལ་དབང་མཛད་པ། །ཁྲོ་ཆེན་བདུད་རྩི་འཁྱིལ་ལ༴ ལོག་ལྟའི་སྐྱོན་སྤངས་ཡེ་ཤེས་དབང་མཛད་པ། །ཁྲོ་ཆེན་དབྱུག་སྔོན་ཅན་ལ༴ རྫུན་གྱི་སྐྱོན་སྤངས་ཆོས་ལ་དབང་མཛད་པ། །ཁྲོ་ཆེན་མི་གཡོ་མགོན་ལ༴ ངག་འཁྱལ་སྐྱོན་སྤངས་སེམས་ལ་དབང་མཛད་པ། །ཁྲོ་ཆེན་འདོད་པའི་རྒྱལ་ལ་ཕྱག༴ གནོད་སེམས་སྐྱོན་སྤངས་རྫུ་འཕྲུལ་དབང་མཛད་པ། །ཁྲོ་ཆེན་ཁམས་གསུམ་རྒྱལ་ལ་ཕྱག༴ བརྣབ་སེམས་སྐྱོན་སྤངས་སྨོན་ལམ་དབང་མཛད་པ། །ཁྲོ་ཆེན་སྟོབས་པོ་ཆེ་ལ༴ ཡེ་ཤེས་ཕ་རོལ་ཕྱིན་མ་སྟེ། །སྒྲ་འབྱིན་མ་ལ་ཕྱག༴ ཤེས་རབ་ཕ་རོལ་ཕྱིན་མ་སྟེ། །རྣམ་སྙེམས་མ་ལ་ཕྱག༴ ཚུལ་ཁྲིམས་ཕ་རོལ་ཕྱིན་མ་སྟེ། །རྡོ་རྗེ་སྡེར་ལ་ཕྱག༴ བསམ་གཏན་ཕ་རོལ་ཕྱིན་མ་སྟེ། །དུར་ཁྲོད་མ་ལ་ཕྱག༴ ཐབས་ཀྱི་ཕ་རོལ་ཕྱིན་མ་སྟེ། །གཏུན་ཁུང་མ་ལ་ཕྱག༴ བརྩོན་འགྲུས་ཕ་རོལ་ཕྱིན་མ་སྟེ། །རབ་གཏུམ་མ་ལ་ཕྱག༴ སྦྱིན་པའི་ཕ་རོལ་ཕྱིན་མ་སྟེ། །མདའ་སྙེམས་མ་ལ་ཕྱག༴ སྨོན་ལ མ་ཕ་རོལ་ཕྱིན་མ་སྟེ། །བསྐྱོད་བྱེད་མ་ལ་ཕྱག༴ སྟོབས་ཀྱི་ཕ་རོལ་ཕྱིན་མ་སྟེ། །གསོད་བྱེད་མ་ལ་ཕྱག༴ བཟོད་པའི་ཕ་རོལ་ཕྱིན་མ་སྟེ། །བསྐུལ་བྱེད་མ་ལ་ཕྱག༴ ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་ན། །ཡེ་ཤེས་བསྐལ་པ་མེ་དཔུང་འབར་བའི་ཀློང་། །བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག༴ དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག༴ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག༴ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག༴ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག༴ མངོན་པར་བྱང་ཆུབ་སྐུ་ལ་ཕྱག༴ དུས་གསུམ་རྒྱལ་བ་རྣམས་ཀྱིས་བསྒྲུབས་པ་ཡིས། །ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག༴ འབྱུང་བ་ལྔ་ལས་སྐུར་བཞེངས་པ། །རྟག་པའི་རྒྱལ་མོ་ལྔ་ལ་ཕྱག༴ རང་བཞིན་དབྱིངས་ལས་གྲུབ་པ་མོ། །དབྱིངས་ཕྱུག་ལྔ་ལ་ཕྱག༴ རྒྱུ་འབྲས་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ། །མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་ལོ། ག་ཎ་པ་ཏིའི་སྤྲུལ་པ་སྟེ། །གིང་ཕོ་རྣམས་ལ་ཕྱག་འཚལ་ལོ། །ལྷ་མོ་དཔལ་མོའི་སྤྲུལ་པ་སྟེ། །གིང་མོ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཁམས་ལ་མངའ་མཛད་མ། །འཇིགས་བྱེད་དཔལ་འབར་རལ་པ་ཅན། །འདོད་པའི་རོ་ལ་ཆགས་པ་མོ། །མ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏི་པུ་ཧོཿ ཞེས་བཤགས་པའི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ལས་ཕྱག་གི་རིམ་པ་ཁོལ་འདོན་དུ་བཀོལ་བའོ།། །།

ན་རཀ་དོང་སྤྲུགས་ཀྱི་སྔོན་འགྲོ་བླ་མའི་རྣལ་འབྱོར། ཛྙཱ་ན།

ན་རཀ་དོང་སྤྲུགས་ཀྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་གཉུག་མའི་ལྷར་གསལ་བའི་ཐུགས་ཀའི་འོད་ཀྱིས་རེག་པས་སྣོད་བཅུད་མི་དམིགས་པར་སྦྱངས། སྟོང་པའི་ངང་ལས་གནས་ཁང་དག་པའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་བར་གྱུར། མདུན་གྱི་ནམ་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ། རང་གི་རྩ་བའི་བླ་མ་དེ་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དུས་གསུམ་གྱི་བླ་མ་དཀོན་མཆོག་ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྱན་དྲངས་ནས་བླ་མ་ལ་བསྟིམ། བླ་མ་ཡབ་ཡུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་བཞུགས་པར་མོས་ལ། བ་སྤུ་ལྡང་ཞིང་མཆི་མ་འཁྲུག་པའི་མོས་གུས་ཀྱིས་གསོལ་བ་གདབ་པ་ནི། བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས། བླ་མ་སྤྲུལ་པའི་སྐུ་ལ༴ རྒྱལ་བ་དགོངས་བརྒྱུད་བླ་མ་ལ༴ རིག་འཛིན་བརྡ་བརྒྱུད་བླ་མ༴ གང་ཟག་སྙན་བརྒྱུད་བླ་མ་ལ༴ དབྱེར་མེད་རྡོ་རྗེ་སེམས་དཔའ་ལ༴ འགལ་རྐྱེན་སྤྲོས་པ་ཆོད་པར་བྱིན་གྱིས་རློབས། །མཐུན་རྐྱེན་མངོན་དུ་འགྱུར་བར་བྱིན༴ སེམས་ལྔ་རྒྱུད་ལ་སྐྱེ་བར༴ དབང་བཞི་ཉམས་སུ་ལོངས་པར༴ ཏིང་འཛིན་རྣམ་གསུམ་རྟོགས་པ་སྐྱེ་བར༴ ཅིར་སྣང་ལྷ་སྐུའི་འཁོར་ལོར་འཆར་བར༴ གྲགས་པ་བརྗོད་བྲལ་སྔགས་སྒྲར་འཆར་བར༴ འགྱུ་བ་རང་རིག་བདེ་བ་ཆེན་པོར་འཆར་བར༴ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་དག་པར༴ སྲིད་ཞི་མཉམ་པ་ཉིད་དུ་རྟོགས་པར༴ ལྷག་པ་བདེན་པ་དབྱེར་མེད་ཀྱི་གནས་ལུགས་རྟོགས་པར༴ སྐུ་ལྔ་ཡེ་ཤེས་ལྔ་ལྡན་ཀུན་བཟང་རྡོ་རྗེ་སེམས་དཔའི་གོ་འཕང་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་རློབས་ཤིག །ཅེས་གསོལ་བ་ཅི་མང་བཏབ་པས། བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པ་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྒོ་གསུམ་གྱི་དྲི་མ་དག །བུམ་གསང་ཤེར་དབང་གསུམ་ཐོབ་པས་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐོབ་པའི་རྟེན་འབྲེལ་བསྒྲིགས། བླ་མ་ཡབ་ཡུམ་བདེ་བའི་ངོ་བོར་ཞུ་བ་རང་གི་སྙིང་གར་བབས་པས་སྒོ་གསུམ་ཕྲ་བའི་སྒྲིབ་པ་དག །གཉིས་སུ་མེད་པ་ཡེ་ཤེས་རྡོ་རྗེའི་རང་བཞིན་ཚིག་དབང་རིན་པོ་ཆེ་རང་འཁྲུངས་སུ་ཐོབ་པས། ཡེ་ཤེས་རྡོ་རྗེའི་དངོས་གྲུབ་ལ་དབང་འབྱོར་བར་བསམ་ལ་དར་ཅིག་ཀློད་དེ་མཉམ་པར་གཞག་གོ། །ཞེས་པའང་ཁྲིད་ཡིག་ལས་ཛྙཱ་ནས་བཀོལ་བའོ།། །།

ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ཟབ་དོན་ཉིང་ཁུ། དྷརྨ་ཤྲཱི།

ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ཟབ་དོན་ཉིང་ཁུ་ཞེས་བྱ་བཞུགས་སོ། །ན་རག་གདོང་སྤྲུགས་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ཟབ་དོན་ཉིང་ཁུ་ཞེས་བྱ་བ། རྣམ་འགྱུར་སྲིད་ཞིའི་ཆོས་ཀུན་ཟག་མེད་ཀྱི། །ལྷན་སྐྱེས་བདེ་ཆེན་རྡོ་རྗེར་རོ་མཉམ་གང་། །རབ་འབྱམས་ཞི་ཁྲོའི་འཁོར་ལོར་སྣང་མཛད་པའི། །ཁྱབ་བདག་བླ་མར་དངོས་ཀུན་དང་བས་འདུད། །འདིར་རྣལ་འབྱོར་སྤྱིའི་སྐོང་བཤགས་ན་རག་དོང་སྤྲུགས་ཀྱི་སྒྲུབ་ཐབས་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་གཅིག་པའི་སྒོ་ནས་ཉམས་སུ་ལེན་པར་འདོད་པས། ཡིད་དང་མཐུན་ཞིང་ཤིས་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། ཐོག་མར་རྒྱུད་སྦྱང་བ་ནི། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ ཞེས་པས་མཁའ་ཁྱབ་ཏུ་སད་པར་མོས་ཏེ། བདག་དང་མཁའ་མཉམ་སེམས་ཅན་རྣམས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བརྗོད་ལ། ཚོགས་ཞིང་རྣམས་རང་ལ་བསྡུས་ཏེ། སེམས་ཉིད་ནམ་མཁའ་ལྟ་བུའི་ངང་ལ་རྩོལ་བྲལ་བསལ་བཞག་མེད་པར་དར་ཅིག་བཞག་གོ། །དེ་ནས་སྲུང་འཁོར་ནི། སྟོང་ཉིད་དེའི་ངང་ལས། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །ཞེས་བརྗོད་པས། བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དུང་ཁྲག་འཛིན་པ་ཡུམ་དང་བཅས་པའི་སྐུར་གྱུར། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་བརྗོད་པས་ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་ཁྲོ་བོ་འཆོལ་བ་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པ་དཔག་ཏུ་མེད་པ་སྤྲོས། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བསྐུར་བས། ཁྲོ་བོའི་ཚོགས་ནམ་མཁའ་གང་བ་རྣམས་ཀྱིས་བགེགས་ཐམས་ཅད་བསྡིགས་བསྐྲད་བརླག་པར་བྱས། བཛྲ་པཉྩ་ར་རཾ་ཡཾ་ཁཾ། ཁྲོ་བོའི་ཚོགས་རྣམས་སླར་འདུས། ཁྲོ་བོའི་རང་བཞིན་གྱི་རྡོ་རྗེའི་གུར་ཁང་ཆེན་པོས་གཏམས་པའི་ཕྱི་རོལ་ཀུན་ཏུ་བསྐལ་པའི་མེ་དཔུང། དུས་མཐའི་རླུང་ནག །རྒྱ་མཚོའི་རྦ་རླབས་འཁྲུག་པའི་རྭ་བ་གསུམ་རིམ་གྱིས་ཕྱོགས་ཀུན་གང་བས་མཚམས་བཅད་དེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །དེ་དག་ནི་སྔོན་འགྲོའོ། །དངོས་གཞི་ལ་གཉིས་ཀྱི། དང་པོ་སྦྱོར་བ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པ་ལས། ཀུན་རྫོབ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་སྐྱེད་དོ། །དོན་དམ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །དེ་བཞིན་དུ་སྐྱེ་བའི་གནས་སུ་འགག་པ་དང་། གནས་པ་དང་། དམིགས་པ་དང་། འགྲོ་འོང་རྣམས་བཅུག་གོ། །གཉིས་པ་ཏིང་ངེ་འཛིན་གྱི་རིམ་པ་ལ་གཉིས་ཏེ། དངོས་དང་། ཞར་བྱུང་ངོ་། །དང་པོ་ལའང་དྲུག་ལས། དང་པོ་ཏིང་ངེ་འཛིན་གསུམ་བསྒོམ་པ་ནི། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་པའོ། །འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བ་སྟོང་པ་ཉིད་དུ་བསྒོམ་པ་ནི་དེ་ཏིང་ངོ་། །དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །དེ་བཞིན་ཉིད་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་སྒོམ་པ་ནི་ཀུན་སྣང་ངོ་། །དངོས་པོ་མེད་ལས་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །རང་རིག་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ཨ་དཀར་པོའི་རྣམ་པར་བསྒོམ་པ་ནི་རྒྱུའི་ཏིང་ངེ་འཛིན་ནོ། །གཉིས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པར་གསལ་བ་ལས། ཨེ་ཡཾ་ཝཾ་ལཾ་སུཾ་རཾ་རྣམས་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྂ། འཕྲོ་འདུས་ཡོངས་སུ་གྱུར་བ་ལས། ཨེ་ལས་ནམ་མཁའ་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་གཡོ་བའི་བ་དན་གྱིས་མཚན་པ། ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། སུཾ་ལས་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྱི་རི་རབ་ཟུར་བཞི། རཾ་ལས་མེའི་ཁོར་ཡུག་ནམ་མཁའི་མཐའ་ཀླས་པར་འབར་བའོ། །རི་རབ་ཀྱི་སྟེང་དུ་རྒྱུའི་ཨ་ལས་བྷྲུྂ་ཆད། སྥ་ར༴ སཾ་ཧ༴ བྷྲུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲུཾ། བྷྲུཾ་ཡིག་ཡོངས་སུ་གྱུར་པ་ལས། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་སྤྱིར་གྲུ་བཞིར་གྱུར་པ། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་སོ་སོ་མ་ཡིན་ཞིང་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་བ། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་གཞི་དང་རྒྱན་དང་ཁ་དོག་དང་། བཀོད་པ་ཚད་མེད་པས་འཕགས་པ། ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ཐམས་ཅད་ཀྱིས་ནམ་མཁའི་མཐའ་ཀླས་པར་གང་བའི་དབུས་སུ། སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ། པཾ་པདྨ་མཎྜལ། མ་སཱུརྱ་མཎྜལ། ཨ་ཙཎྡྲ་མཎྜལ། པད་ཉི་ཟླ་བའི་གདན་ཆ་ཤས་ཡོངས་སུ་རྫོགས་པར་གྱུར། རང་གི་སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པར་གསལ་བ་ཟླ་བའི་གདན་གྱི་སྟེང་དུ་བབས། དེ་ཡོངས་སུ་གྱུར་པ་ལས་ཧཱུྃ་ཡིག་མཐིང་ག་གསལ་ཞིང་འབར་བ། སྥ་ར༴ དེ་ལས་འོད་ཟེར་འཕྲོས་སངས་རྒྱས་ཀྱི་མཛད་པ་བསྒྲུབས། སཾ་ཧ༴ སླར་འདུས་ཧཱུྂ་ལ་ཐིམ། ཧཱུྃ་ཡོངས་སུ་གྱུར་པ་ལས། ཧཱུྃ་བཛྲ་དྷྲྀཾ་ཀ྄ །རང་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་ཨིནྡྲ་ནཱི་ལའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་འོད་ཟེར་རབ་ཏུ་འབར་བ། ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་རབ་ཏུ་འཛུམ་པའི་མདངས་གསལ་བའི་ཞལ་གྱི་འགྱུར་བ་ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པའི་ཉམས་ཅན། མཚན་དང་དཔེ་བྱད་ཀྱིས་འབར་བ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། དབུ་སྐྲ་རལ་བའི་ཐོར་ཚུགས་ཅན། ཞབས་གཉིས་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བརྟན་པར་བཞུགས་པའོ། །ཡབ་ཀྱི་ཐུགས་ཀ་ནས་མཱུཾ་ཆད། སྥ་ར༴ སཾ་ཧ༴ འཕྲོ་འདུས་ཡོངས་སུ་གྱུར་པ་ལས། མཱུཾ་དྷཱ་ཏྭེ་ཤྭ་རཱི། ཡབ་ཀྱི་གཡོན་ཕྱོགས་ཉེ་བའི་པང་དུ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་རྡོ་རྗེ་ཐུགས་ཀར་འཛིན་པ། བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀའང་ལྷ་རྫས་ཀྱི་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་། ཚི་གུའི་སྨད་དཀྲིས། ཁ་དོག་སྣ་ཚོགས་པའི་ཅོད་པན། ཟི་ལྡིར། གར་གྱི་ཕུ་རུང་སྟེ་དར་གྱི་ཆོས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན། སྙན་ཆ། མགུལ་རྒྱན། སེ་མོ་དོ། དོ་ཤལ། སྐ་རགས། ཕྱག་ཞབས་ཀྱི་གདུ་བུ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན་པ་སྟེ། ཞི་བའི་ཉམས་དགུ་རྒྱས་པ། སངས་རྒྱས་ཀྱི་སྤྲིན་ཕུང་མཐའ་ཡས་པར་འཆར་བའི་འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་ཞིང་འབར་བའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པ་ཡབ་ཡུམ་གཉིས་ཀའི་སྲོག་གི་གོར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་མཱུཾ་གྱིས་མཚན་པར་བསམ་མོ། གསུམ་པ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་ནི། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བསྐུལ་བས། དེ་རྣམས་གཉིས་སུ་མེད་པར་སྦྱོར་བ་མཛད། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བར་གྱུར། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་གཤིབས་ནས་བརྐྱང་པ་སྤྱི་བོར་བཞག་ལ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་མཛུབ་མོ་བརྐྱང་བ་དཔྲལ་བར། ༀ་མ་ཧཱ་ཨཱ་དཪྴ༴ སྲིན་ལག་བརྐྱང་པ་རྣ་ལྟག་གཡས་པར། ༀ་མ་ཧཱ་ས་མ་ཏཱ། མཐེ་བོང་བརྐྱང་པ་ལྟག་པར། ཨོཾ་མ་ཧཱ་པྲ་ཏྱ་བཻ་ཀྵ་ཎ༴ མཐེ་ཆུང་བརྐྱང་པ་རྣ་ལྟག་གཡོན་པར། ༀ་མ་ཧཱ་ཀྲྀ་ཏྱ་ནུཥྛཱ་ན༴ ཞེས་དབང་བསྐུར་བས་ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུའ་ིལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་བསམ་ལ། ཕུང་པོ་ལྔ་དག་པ་རིགས་ལྔའི་སངས་རྒྱས་སུ་ང་རྒྱལ་བྱའོ། །དེ་ནས་བྱིན་གྱིས་རློབ་པ་ནི། སྤྱི་བོར་ཟླ་བ་ལ་གནས་པའི་ༀ་དཀར་པོ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུ་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ༀ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་གྱུར། ༀ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པས་རྒྱས་བཏབ་པར་བསམ་ལ། རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་གཏུགས་པ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མགྲིན་པར་པདྨ་ལ་གནས་པའི་ཨཱཾ་དམར་པོ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། གསུང་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ཨཱཾ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དང་གཉིས་སུ་མེད་པར་གྱུར། ཨཱཾ་ཡོངས་སུ་གྱུར་པ་ལས་སྣང་མཐའ་དམར་པོ་པདྨ་འཛིན་པས་རྒྱས་བཏབ་པར་བསམ་ལ། རྡོ་རྗེའི་རྒྱ་མགྲིན་པར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་སྦྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ཧཱུྃ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པར་གྱུར། ཧཱུྃ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པས་རྒྱས་བཏབ་པར་བསམ་ལ། རྡོ་རྗེའི་རྒྱ་སྙིང་གར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་རྡོ་རྗེ་གསུམ་དུ་ང་རྒྱལ་བྱའོ། །བཞི་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བྱ་བ་ལ་བཞི་ལས། དང་པོ་སྙན་གསན་དབབ་པ་ནི། རང་གི་ཐུགས་ཀར་དྭངས་མའི་སྲོག་ཧཱུྃ་མཐིང་ག་ཡེ་ཤེས་ལྔའི་རང་བཞིན་རྟག་ཏུ་འཆར་བཞིན་པ། དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་བས། ཆོས་སྐུ་འགྱུར་བ་མེད་པའི་ངང་ལས་གཟུགས་སྐུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སད་པར་བསམ་ལ། ལག་གཉིས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་པས། ཧཱུྃ་སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གནས། །བདེ་བཤེགས་བདེ་བར་གཤེགས་མཛད་དགོངས་སུ་གསོལ། །རྡོ་རྗེ་སེམས་དཔའ་ཁྱོད་བདག་སྐལ་བཟང་དཔལ། །ༀ་ཡེ་ཤེས་ཨེ་ཧྱེ་ཚུར་བྱོན་ཧི་ཚུར་བྱོན་བྷ་ག་ཝཱན་བཅོམ་ལྡན་འདས། མ་ཧཱ་ཀཱ་རུ་ཎི་ཀ །ཐུགས་རྗེ་ཆེན་པོ་དང་ལྡན་པ། དྲྀ་ཤྱ་གཟིགས་ཤིག །ཧོཿ ས་མ་ཡ་སྟྭཾཿ དུས་ལ་བབ་པོ་གཉིས་པ་སྤྱན་དྲང་བ་ནི། ༀ། ཐུགས་རྗེ་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉ་གནས་བསྐྱོད་ལ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །དམ་ཚིག་པའི་ཐུགས་ཀ་ནས་སྤྲོས་པའི་ཛཿཧཱུྃ་བཾ་ཧོཿས་ཡེ་ཤེས་པ་དགུག་བཅིངས་བསྡམས་ལ་དགྱེས་པ་སྐྱེད་ནས། དམ་ཚིག་གི་དཀྱིལ་འཁོར་དང་མེ་རི་འདབ་འབྱོར་དུ་བཞུགས་པར་བསམ་མོ། །གསུམ་པ་རིག་པའི་མེ་ཏོག་དོར་བ་ནི། ༀ་བཛྲ་ས་མ་ཡ་ༀ། ཨཱཾ་བཛྲ༴ ཧཱུྃ་བཛྲ༴ སྭཱ་བཛྲ༴ ཧཱ་བཛྲ༴ ཞེས་དོར་བས། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་བསམ་མོ། །བཞི་པ་དངོས་གྲུབ་བསྐུལ་ཞིང་བསྟིམ་པ་ནི། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་ཧཱུྃ། གཉིས་སུ་མེད་པར་བསྡུས་ཤིག །ༀ་བཛྲ་ས་མ་ཡ་སྟྭཾ། བྱིན་གྱིས་རློབས་པའི་དུས་ལ་བབ་བོ། །ཨོཾ་བཛྲ་ས་མ་ཡ་ཧོཿ བདག་ལ་མཉེས་པར་མཛོད་ཅིག །ཅེས་བསྐུལ་ནས། ཛཿཧཱུྃ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་དཀྱིལ་འཁོར་གྱི་འཁོར་ལོ་ཆུ་ལ་ཆུ་བཞགས་པ་བཞིན་དབྱེར་མེད་དུ་གྱུར་པར་བསམ་མོ། །ལྔ་པ་བཟླས་པ་བྱ་བ་ནི། རང་དམ་ཚིག་སེམས་དཔའ་རྡོར་སེམས་སུ་གསལ་བའི་སྲོག་གི་གོར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཟླ་བ་ལ་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ཡིག་གི་མཐར་གཡས་བསྐོར་དུ་ཡི་གེ་བརྒྱ་པའི་སྔགས་ཕྲེང་ཁ་དོག་དཀར་པོ་འོད་འབར་བ། སྥ་ར༴ དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། བདག་དང་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་། ཐུགས་རྗེའི་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ། སཾ་ཧ༴ འོད་ཟེར་རྣམས་སླར་འདུས་ཏེ་རང་ལ་ཐིམ་པས་སྣོད་བཅུད་ཐམས་ཅད་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་སད་པར་མོས་ལ། ༀ་བཛྲ་ས་ཏྭ་ས་མ་ཡ། སོགས་ཡིག་བརྒྱའི་ཛཔ྄་བརྒྱ་སྟོང་ལ་སོགས་པ་སྟེ། ཐ་མ་ཡང་ཉེར་གཅིག་ལས་མི་ཉུང་བཟླའོ། །ཡང་དགོས་པ་ཁྱད་པར་ཅན་གྱི་སླད་དུ་ལས་སྦྱོར་གྱི་བཟླས་པ་བྱེད་པར་སྤྲོ་ན། ཡིག་བརྒྱའི་ཤམ་བུར། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་སོགས་ངན་སོང་སྦྱོང་བའི་སྔགས་སྦྲེལ་བའང་ཅུང་ཟད་རེ་བཟླ་ཞིང་། གནས་ལུང་ལྟ་བུ་དང་འབྲེལ་ན་ཕྱིར་ཟློག་གི་བྲབ་རྫས་ལ་བསྔགས་སོ། །དྲུག་པ་བསྡུ་ཞིང་ལྡང་བ་ནི། ཉལ་བའམ་མཐུན་སྡུ་བའི་ཚེ། སྥ་ར༴ ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་གྱི་སྤྲིན་འཕྲོས་པས་སྣོད་བཅུད་ཐམས་ཅད་དག་ཅིང་འོད་གསལ་བར་བྱས་སཾ་ཧ༴ དག་པའི་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ། དེ་དམ་ཚིག་སེམས་དཔའ་ཡབ་ཡུམ་ལ་ཐིམ། ཡུམ་ཡབ་ལ། དེ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ལ། ཧཱུྃ་གྱེན་རྫོགས་ནཱ་དའི་བར་དུ་ཐིམ་ནས་རྣམ་པར་རྟོག་མེད་ལྷུན་གྲུབ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག །ཉལ་བ་ལས་ལྡང་བའམ། ཐུན་ལས་ལྡང་བ་ནི། ཧཱུྃ་བཛྲ་དྷྲྀཀ྄་ཅེས་བརྗོད་པས། སྐད་ཅིག་གིས་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་ལངས་ཏེ། སྣང་གྲགས་འགྱུ་གསུམ་ལ་ལྷ་སྔགས་འོད་གསལ་གྱི་འཁོར་ལོས་རྒྱས་བཏབ་ནས་ཐུན་མཚམས་ཐམས་ཅད་དོན་ཡོད་པར་སྤྱད། དེ་ཡང་ལངས་མ་ཐག །དེ་ལྟར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་གིས་མཚན་པར་བསམ་ལ། སྤྱི་བོར་ཁུ་ཚུར་གཉིས་མདུད་ཅིང་། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། ཞེས་པས། ལུས་རྡོ་རྗེའི་གོ་ཆས་ཞུ་ལུགས་སུ་གཡོགས་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་བསམ་ཞིང་། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །ཅེས་བརྗོད་ཅིང་ང་རྒྱལ་བྱ། བསྔོ་བ་དང་ཤིས་པ་བརྗོད་པས་མཐའ་བརྒྱན་ནོ། །འདི་ནི་ཡོ་ག་རྣམ་པ་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་སྦྱོང་བའི་སྤྱི་ཁྲུས་རྨད་དུ་བྱུང་བ་ཡིན་པས་ན་རྒྱུན་གྱི་ཉམས་ལེན་ལ་ཕན་ཕྱིར་བྲིས་པ་སྟེ། རྡོ་རྗེ་སེམས་དཔའ་བུམ་པའི་དབང་གིས་ལུས་ཀྱི་དྲི་མ་སྦྱོང་བ་དང་། ལྷ་དབང་གིས་དག་པའི་སྣང་བ་རབ་འབྱམས་སུ་བསྟན་པ་འཐའ་བརྟེན་བཟླས་ལུང་དང་བཅས་པའི་དབང་དང་རྗེས་སུ་འབྲེལ་བའི་ཉམས་ལེན་ནོ། །གཞན་ཡང་མཁའ་འགྲོའི་གཏོར་དབང་དང་འབྲེལ་བར་གཏན་པ་མེད་པའི་མཆོད་སྦྱིན་ལ་བརྟེན་ནས་རང་བཞིན་དབྱིངས་ཀྱི་མཁའ་འགྲོ་དང་གཉིས་སུ་མེད་པར་བྱ་བའི་གདམས་པ་དང་། རྩལ་དབང་དང་རྗེས་སུ་འབྲེལ་བར་ལྷག་པའི་ཡེ་ཤེས་ངོས་བཟུང་ཞིང་བསྐྱང་བའི་གདམས་པ་རྣམས་ཀྱང་ཉམས་སུ་ལེན་པར་སྤྲོ་ན་ཁྲིད་ཡིག་བཀོལ་བྱང་ལྟར་ཤེས་པར་བྱའོ། །ཡང་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་བསྒོམ་པར་མི་ནུས་པའམ་མི་སྤྲོ་བ་དག །ཕྱག་རྒྱ་གཅིག་པ་ཙམ་ལ་བསྙེན་པ་བྱེད་པར་འདོན་ནའང་། འདི་ཉིད་ཐུན་བཞིར་བཅད་ནས་བསྒོམ་ཞིང་ལྷ་སྔགས་འོད་གསལ་གྱི། འཁོར་ལོ་ལས་མི་འདའ་བས། ཡིག་བརྒྱ་འབུམ་ཕྲག་གསུམ་མམ་ཐ་མའང་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་ལས་མི་ཉུང་བ་བཟླ་ཞིང་། དུས་བསྙེན་ནི་ཟླ་དྲུག་མ་ནས་ཟླ་གཅིག་གི་བར་རོ། །གཉིས་པ་ཞར་བྱུང་ནི། ཉེར་མཁོའི་ཆོ་ག་སྦྱར་ཚུལ་ཏེ། དེ་ལ་གནས་ལུང་དང་། སྦྱིན་སྲེག་གཉིས་ལས། དང་པོ་ནི། སྔོན་འགྲོ་བསང་ཆུ་སྒྲུབ་པ་ནས་མཆོད་རྫས་བྱིན་རླབས་ཀྱི་བར་དོང་སྤྲུགས་ཀྱི་ཆོ་ག་རྒྱས་པ་བཞིན་བྱ་བ་ཡིན་མོད། མ་ཁོམ་ན་སྲུང་འཁོར་འདིར་བཤད་པ་དང་། བཤགས་པ་ཡེ་ནས་མཉམ་ཉིད། དམ་བཅའ་ཀུན་ཏུ་བཟང་པོའི་ཤོ་ལོ་ཀ་གཅིག །མཆོད་པ་བསང་སྦྱང་བྱིན་རླབས་ནི་སྔགས་རྣམས་བརྗོད་པ་ཙམ་ལ་བསྡུས་ཀྱང་རུང་ལ། དངོས་གཞི་ཀུན་རྫོབ་སེམས་བསྐྱེད་ནས་བཟླས་པའི་བར་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་འདིར་བསྟན་ལྟར་བྱས་རྗེས། བུམ་པ་བསྐྱེད་སྔགས་ཙམ་གྱིས་ཞི་བ་རིགས་ལྔ་བསྐྱེད་ནས། བསྐུར། རློབ། དབབ། དྲང་། བསྟིམ། བརྟན། མཆོད་ཅིང་བསྟོད་དེ་ཡིག་བརྒྱ་བཟླས་ལ་བཞུ་བརྟུལ་བྱ། དེ་ནས་གནས་ལུང་གི་ཆོ་ག་གཞན་འདྲ་བ་ལས་སྐྱབས་འགྲོའི་རྗེས་སུ་འཇུག་པ་རྒྱས་བསྡུས་ཇི་ལྟར་རིགས་པས་དཀྱིལ་འཁོར་དུ་བཅུག་ནས། ངན་སོང་གནས་འདྲེན་གྱི་དབང་དང་། རྡོར་སེམས་སུ་བསྐྱེད་པ་ལ་ཡེ་ཤེས་ལྔའི་དབང་དང་། སྐུ་གསུང་ཐུགས་དབང་རྣམས་དཀྱུས་ལྟར་རམ། བསྡུ་ན་ཡེ་ཤེས་ལྔ་དང་རྡོ་རྗེ་གསུམ་གྱིས་དབང་སྔགས་རྒྱ་ཙམ་གྱིས་བསྐུར་ཀྱང་ཆད་པའི་སྐྱོན་མེད་དོ། །གཉིས་པ་སྦྱིན་སྲེག་ནི། འདིར་ཉེར་མཁོ་རྒྱུགས་ཆེ་བའི་དབང་དུ་བྱས་ནས་ཞི་བའི་སྲེག་བླུགས་ལ་སྦྱོར་ཏེ། དེ་ཡང་སྔོན་འགྲོ་རྒྱས་བསྡུས་ཀྱི་འདོར་ལེན་བཤད་མ་ཐག་པ་ལྟར་དང་། དངོས་གཞི་བདག་བསྐྱེད་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་བཟླས་པའི་བར་བྱས་རྗེས་དཀྱིལ་འཁོར་བསྡུས་ཏེ་ཐུན་མཚམས་ཀྱི་ལྷར་ལངས་ནས་སྦྱིན་སྲེག་གི་ཆོ་ག་ལ་འཇུག་གོ། །དེ་ལ་འདས་པའི་མེ་ལྷའི་སྐབས། དཀྱིལ་འཁོར་རྒྱས་པ་སྒོམ་པའི་ལུགས་ལ་ཁྲོམ་དཀྲུགས་དང་རིགས་བསྡུས་གང་ལ་བརྟེན་ཀྱང་རུང་སྟེ། ཏིང་འཛིན་གསུམ་བསྒོམ་ན་རྒྱུའི་ཨ་ལས་ས་བོན་སྤྲོས་ཏེ། ཐབ་ཀྱི་མེའི་དབུས་སུ་འབྱུང་བ་རིམ་བརྩེགས་ནས་བརྩམས་ཏེ་བསྒོམ་ཞིང་། ཏིང་འཛིན་གསུམ་མ་སྒོམ་ན། འཇིག་རྟེན་པ་མཆོད་པའི་མཇུག་གི་མེ་ལྷ་འབར་བའི་རྣམ་པར་བསྒྱུར་རྗེས། ཐབ་ཀྱི་མེའི་དབུས་སུ་ཨེ་ལས་ནམ་མཁའ་སོགས་ནས་བསྟོད་པའི་བར་བདག་མདུན་གྱི་ཁྱད་པར་གྱི་ཚིག་བསྒྱུར་ཚུལ་དང་། སྦྱིན་སྲེག་གི་ལས་ཆོག་གང་ལ་བརྟེན་པའི་སྒོས་ཆོས་ཕྲ་མོ་མ་གཏོགས་གཞན་དཀྱུས་ལྟར་བྱ་བ་ཡིན་ཞིང་། བྱོན་ཟན་དང་གཤེགས་སྐྱེམ་ཀྱི་ཚེ། ༀ་བཛྲ་ས་ཏྭ་ཨཱཿ ཞེས་པ་བདུན་གྱིས་བཀང་ནས། ཡིག་བརྒྱ་སྤེལ་ཚིག་དང་བཅས་པས་འབུལ་ཏེ། རྡོར་སེམས་ནི་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་ཡིན་པས་ཁྱབ་བྱ་དཀྱིལ་འཁོར་གྱི་གཙོ་བོའི་སྔགས་ཀྱིས་དགང་པ་དང་། དབུལ་བ་ལས་ཁྱབ་ཆེ་བ་ཡིན་ལ། དེ་བཞིན་དུ་རྫས་གཞན་རྣམས་ལའང་བཅུ་ཚན་རེ་རེའི་ཐོག་མར་ཡིག་བརྒྱ་ཚར་རེ་བརྗོད་པས་འགོ་དྲངས་ནས་རྫས་སྔགས་སོ་སོས་འབུལ་ལོ། །རོ་སྲེག་ལྟ་བུའི་ཚེ་སྤྲོ་ན་རྫས་རྫོགས་རྗེས་ཞུན་མར་གྱི་སྐོང་དག་གྱུར་དང་བཅས་པའང་མཛད་ཅིང་། སྦྱིན་སྲེག་གང་གི་ཚེ་ཡང་ཚོགས་མཆོད་འགྲུབ་ན་བྱ་སྟེ། མ་འགྲུབ་ནའང་ཆད་པའི་སྐྱོན་མེད་དོ། །གལ་ཏེ་འདས་པའི་མེ་ལྷ་ཡང་ཕྱག་རྒྱ་གཅིག་པ་ལ་བརྟེན་པར་སྤྲོ་ན་སྦྱར་བས་ཆོག་སྟེ། དེའི་ཚུལ་ནི་བཤད་མ་ཐག་པའི་འགྲོས་ཀྱིས་ཤེས་མོད། དེ་ལྟར་ནའང་མཆོད་པ་རྒྱས་བསྡུས་ཇི་ལྟ་རིགས་པས་འཁོར་བ་ཀུན་གྲོལ་ལྟ་བུ་ནས་བླངས་རྗེས། མི་རྟོག་རྡོ་རྗེས་བསྟོད་པ་ཙམ་ཁྱད་པར་རོ། །དེ་ལྟར་ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་སྒོ་ནས་ཉམས་སུ་ལེན་ཚུལ་འདི་ཉིད་ལྷ་ཀུན་བཟང་ལ་སྦྱར་ཡང་མི་འགལ་མོད། འདིར་ནི་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་རྡོ་རྗེ་སེམས་དཔའ་ལ་སྦྱར་བ་ཡིན་ཞིང་། བཤགས་རྒྱུད་ཀྱི་དཔེ་ཕལ་ཆེ་བར། གདན་ཡང་བྱང་ཆུབ་སེམས་དཔའ་བརྒྱད་གླང་པོ་ཆེར་སྤྲུལ་པ་བརྒྱད་ཀྱིས། ཞེས་དང་། ལ་ལར། སེང་གེར་སྤྲུལ་པ་བརྒྱད་ཀྱིས་ཞེས་མི་འདྲ་བ་གཉིས་བྱུང་བ་གང་དག་ཁ་ཚོན་ཆོད་དཀའ་ནའང་། འདིར་བརྒྱུད་པའི་མན་ངག་དབང་བཙན་དུ་བྱས་ནས་གདན་སེང་གེར་བྱས་པ་ཡིན་ལ། ཞབས་ཀྱི་བཞུགས་ཚུལ་ཡང་མན་ངག་ལས་རྫོགས་སྐྱིལ་དུ་གསུངས་པ་ལྟར་བཀོད་པ་སྟེ། དེ་ལ་བཤགས་རྒྱུད་དུ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཞེས་འབྱུང་བ་དང་འགལ་ལམ་སྙམ་ན་མི་འགལ་ཏེ། སྒྱུ་འཕྲུལ་མཁན་པོ་རྣམས་ཞབས་གཡས་དང་གཡོན་གང་རིགས་ཅུང་ཟད་བརྐྱང་པའི་ཕྱེད་སྐྱིལ་ལ་སེམས་སྐྱིལ་དུ་མཛད་ནས། ལོང་བུ་གཉིས་མདུད་པའི་ཡོངས་གྲགས་ཀྱི་སེམས་སྐྱིལ་ལ་རྫོགས་པའི་སྐྱིལ་ཀྲུང་ཞེས་ཐ་སྙད་འདོགས་པའི་གནད་ཀྱིས་དོན་ལ་འདྲ་བ་ཡིན་ནོ། །ངག་ཚིག་འདི་ལ་བྱིས་བློའི་དབང་གྱུར་པའི། །ཉེས་ཀུན་ཆོས་ཀྱི་སྤྱན་ལྡན་རྣམས་ལ་བཤགས། །ལེགས་ཆའི་དགེ་བ་ཉིན་བྱེད་དཔལ་འབར་བས། །སྒྲིབ་གཉིས་མུན་པའི་དཔུང་ཚོགས་མཐར་བྱེད་ཤོག །ཅེས་པ་འདི་ཡང་རྗེ་བཙུན་བླ་མ་དམ་པ་བཀའ་དྲིན་མཚུངས་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའི་གནང་བ་ལེགས་པར་ཐོབ་པ་ལ་བརྟེན་ནས། གང་གི་བཀའ་དྲིན་ཁོ་ནས་འཚོ་བའི་གཉོས་བཙུན་དྷརྨ་ཤྲཱིས་ཆུ་ལུག་ནག་ཟླའི་ཆོས་བརྒྱད་ཀྱི་ཉིན་མོ་སྟན་ཐོག་གཅིག་ལ་རྫོགས་པར་སྤེལ་བའོ། །སརྦྦ་དིཀྐཱ་མེའུ་ཤྲཱེ་ཡསྟུ།། །།

ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་རྒྱུན་ཁྱེར་ཡང་ཟབ་སྙིང་པོ། ཡེ་ཤེས་རྡོ་རྗེ།

ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་རྒྱུན་ཁྱེར་ཡང་ཟབ་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ཤིན་ཏུ་བསྡུས་པའི་ཚུལ་གྱི་ཉམས་སུ་ལེན་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལའང་སྐྱབས་སེམས་གཉིས་ལས། དང་པོ་སྐྱབས་འགྲོ་ནི། མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་སེམས་དཔའ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པར་བསམ་ལ། ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཞེས་སྐྱབས་སུ་འགྲོ་བ་ཀུན་རྫོབ་དང་། མཐར་བླ་མ་རང་ལ་བསྡུས་ཏེ་འཁོར་གསུམ་མི་དམིགས་པའི་ངང་དུ་མཉམ་པར་འཇོག་པ་དོན་དམ་མོ། །གཉིས་པ་སེམས་བསྐྱེད་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གཞན་དོན་དུ་སེམས་བསྐྱེད་པ་ཀུན་རྫོབ་དང་། སེམས་བསྐྱེད་པའི་སེམས་དེ་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བའི་ངང་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་དོན་དམ་མོ། །གཉིས་པ་དངོས་གཞི་ལ་གཉིས། ལྷ་སྒོམ་པ་དང་། སྔགས་བཟླ་བའོ། །དང་པོ་ལྷ་སྒོམ་པ་ནི། ༀ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བའོ། །དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་སྤྲོས། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རིག་ཨ་ཡིག་དཀར་པོ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གསལ་བ་ལས། ཧཱུྃ་གི་སྒྲ་གདངས་ནམ་མཁའ་གང་བར་སྤྲོས་པ་ལས་རྡོ་རྗེའི་ས་གཞིར་གུར་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པའི་སྲུང་པའི་འཁོར་ལོར་གྱུར་པའི་ནང་དུ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཨ་དཀར་པོ་གསལ་བ་བབས། དེ་ཡོངས་སུ་གྱུར་པ་ལས་ཧཱུྂ་ཡིག་སྔོན་པོ་གསལ་ཞིང་འབར་བ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། སླར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། དེ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཐབས་ཀྱི་ཆ་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་རབ་ཏུ་འཛུམ་པའི་མདངས་གསལ་བའི་ཞལ་གྱི་འགྱུར་བ་ཏིང་ངེ་འཛིན་གྱི་རྣམ་པར་རོལ་པའི་ཉམས་ཅན། མཚན་དང་དཔེ་བྱད་ཀྱིས་འབར་བ། ཕྱག་གཡས་རྡོ་རྗེེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། ཞབས་གཉིས་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བརྟན་པར་བཞུགས་པ། ཡབ་ཀྱི་ཐུགས་ཀ་ནས་མཱུྂ་ཆད། འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་དྲིལ་བུ། དེ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཤེས་རབ་ཀྱི་ཆ་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། ཡབ་ཀྱི་གཡོན་ཕྱོགས་ཉེ་བའི་པང་དུ་ཡུམ་རྡོ་རྗེ་དབྱིངས་ཕྱུགས་མ་སྔོན་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་རྡོ་རྗེ་རང་གི་ཐུགས་ཀར་འཛིན་པ། བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀ་འང་ཞི་བའི་རྒྱན་ཆས་བཅུ་གསུམ་གྱི་སྤྲས་ཤིང་། ཞི་བའི་ཉམས་དགུ་རྒྱས་པ། འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེའང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་བའི་ཀློང་ན་བཞུགས་པ། ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་དང་མཱུྂ་ཡིག་སྔོན་པོ་རྟག་ཏུ་འཆར་བཞིན་པ། དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཆུ་ལ་ཆུ་བཞག་པ་ལྟར་རང་ལུས་ལ་དབྱེར་མེད་དུ་འདྲེས། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། རིགས་ལྔ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་མཛད། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས་ལུས་ཐམས་ཅད་གང་། ཉོན་མོངས་པ་ལྔ་སྦྱངས་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བ རྒྱན་པར་བསམ། སླར་ཡང་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་ཉི་མ་ལ་ཧཱུྃ་སྔོན་པོ། དེ་གསུམ་ལས་འཕྲོས་པའི་འོད་ཟེར་ཀྱིས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས་ཏེ་ཡི་གེ་སོ་སོ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་གཉིས་སུ་མེད་པར་གྱུར། ཡི་གེ་སོ་སོ་ཡོངས་སུ་གྱུར་པ་ལས། སྤྱི་བོར་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ། མགྲིན་པར་གསུང་རྗོ་རྗེ་དམར་པོ་པདྨ། སྙིང་གར་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་འཛིན་པ་རྣམས་ཀྱིས་རྒྱས་བཏབ་པར་བསམ། སླར་ཡང་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་མཁའ་ཁྱབ་ཏུ་སད་པ་རང་ལ་དབྱེར་མེད་དུ་འདྲེས་པར་བསམ་ལ་ཡང་ཡང་བཟླ་བ་ནི་ཡེ་ཤེས་སེམས་དཔའ་བསྐྱར་བསྣན་གྱི་སྦྱོར་བ་དང་། དེ་ནས་ལྷ་སྐུའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་བཟུང་ཞིང་། རེས་ཞུ་བདེས་དྲངས་པའི་བདེ་སྟོང་གི་ལྷ་སྐུར་འཆར་བ་ལ་སློབ་པ་དང་། ཡང་རང་སེམས་ལྷག་པ་བདེན་གཉིས་དབྱེར་མེད་ཀྱི་ལྷའི་སྐུར་རྣམ་པར་དག་པའི་ངེས་ཤེས་བསྐྱེད་ལ་བསྐྱང་ངོ་། །གཉིས་པ་སྔགས་བཟླ་བ་ནི། ཐུགས་ཀའི་ཧཱུྃ་ཡིག་གི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་ཁ་དོག་དཀར་པོ་གཡས་བསྐོར་དུ་འཁོར་བ། དེ་ལས་བྱུང་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་བསྐུལ། བདག་དང་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ལས་དང་ཉོན་མོངས་པ་ཐམས་ཅད་སྦྱངས། ན་རག་སོགས་ངན་སོང་གི་གནས་རྣམས་དོང་ནས་སྤྲུགས་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ། འོད་ཟེར་རྣམས་སླར་འདུས་ཏེ་སྔགས་ཕྲེང་ལ་ཐིམ། སྣང་གྲགས་འགྱུ་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་སད་པར་མོས་ལ། ཡིག་བརྒྱའི་ཛཔ྄་ཉེར་གཅིག་ལས་མི་ཉུང་བར་བཟླའོ། །གསུམ་པ་རྗེས་ལ་གཉིས། བསྡུ་ལྡང་དང་། བསྔོ་བའོ། །དང་པོ་ཐུན་བསྡུ་བ་ནི། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་འོད་དུ་ཞུ་བ་རང་ལ་ཐིམ། རང་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ལ། ཧཱུྃ་གྱེན་རྫོགས་ནཱ་དའི་བར་དུ་ཐིམ་ནས་རྣམ་པར་རྟོག་མེད་ལྷུན་གྲུབ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག །ཐུན་ལས་ལྡང་བ་ན། སླར་ཡང་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་གྱུར་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་གིས་མཚན་པ། ལུས་རྡོ་རྗེའི་གོ་ཆས་ཞུ་ལུགས་སུ་གཡོགས་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་བསམ་ཞིང་ང་རྒྱལ་བྱ། སྤྱོད་ལམ་ཐམས་ཅད་ལྷའི་སྐུ་གསུང་ཐུགས་ཀྱི་རོལ་པར་སྤྱད་དོ། །གཉིས་པ་བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བ་བསྔོ། ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་། རྒྱའི་སྔགས་སྟོན་བསོད་ནམས་ཆོས་ཀྱི་རྒྱལ་མཚན་ནས་བསྐུལ་བར་མཛད་པ་ལས་དོང་སྤྲུགས་རྩ་བའི་ཁྲིད་ཡིག་གི་སྙིང་པོ་དོན་གྱི་བཅུད་ཕྱུངས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།

ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་ཁྲིད་ཡིག་ཟབ་ལམ་སྣང་བྱེད། དྷརྨ་ཤྲཱི།

ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་ཁྲིད་ཡིག་ཟབ་ལམ་སྣང་བྱེད་ཅེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། རྣམ་འགྱུར་ཆོས་ཀུན་ལྷག་པ་བདེན་པ་གཉིས། །དབྱེར་མེད་ཆོས་སྐུ་ཆེན་པོར་བྱང་ཆུབ་པ། །བླ་མ་རྡོ་རྗེ་སེམས་དཔའི་ཞབས་བཏུད་ནས། །དོང་སྤྲུགས་ཁྲིད་ཡིག་ཟབ་ལམ་སྣང་བྱེད་བརྩམ། །འདིར་བསྐྱེད་རྫོགས་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་སྤྱི་ཁྲུས་ན་རག་དོང་སྤྲུགས་ཀྱི་ལམ་ཟབ་མོ་ཉམས་སུ་ལེན་པའི་རིམ་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ། འགལ་རྐྱེན་གྱི་སྤྲོས་པ་བཅད་པ་དང་། མཐུན་རྐྱེན་གྱི་ཡན་ལག་མངོན་དུ་བྱ་བ་གཉིས། དང་པོ་ནི། འཁོར་བའི་བྱ་བ་ངན་པ་ལ་ཞེན་པའི་གཉེན་པོར་དལ་འབྱོར་རྙེད་དཀའ་བསམ་པ་དང་། ཚེ་འདིར་སྤྱོད་ཡུལ་ལ་ཆགས་པ་དང་ལེ་ལོ་སྙོམས་ལས་ཀྱི་གཉེན་པོར་འཆི་བ་མི་རྟག་པར་བསམ་པ་དང་། སྲིད་པའི་བདེ་བ་ལ་ཆགས་ཤིང་ཞེན་པའི་གཉེན་པོར་འཁོར་བའི་སྡུག་བསྔལ་བཟོད་གླགས་མེད་པར་བསམ་པའི་སྐྱོ་ཤས་ཀྱིས་ཡིད་བསྐུལ་ཏེ་ཐར་འདོད་ཀྱི་བློ་བཅོས་མ་མ་ཡིན་པར་བསྐྱེད་པར་བྱ་བའོ། །གཉིས་པ་ལ་གཉིས་ཏེ། ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། །དང་པོ་ལའང་། སྐྱབས་འགྲོ་དང་། སེམས་བསྐྱེད་གཉིས་ལས། དང་པོ་སྐྱབས་འགྲོ་ལ་ཀུན་རྫོབ་དང་དོན་དམ་གཉིས་ཀྱི། དང་པོ་ནི། གནས་ཁང་དག་པའི་ཞིང་དུ་མོས་ཏེ། མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ། བླ་མ་རྡོ་རྗེ་སེམས་དཔའི་རྣམ་པ་ཅན་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བསམ་ལ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན་ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པས། ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཞེས་རྣམ་རྟོག་གཞན་གྱི་སེལ་མ་ཞུགས་པར་མང་དུ་བཟླ། གཉིས་པ་ནི། བླ་མ་འོད་དུ་ཞུ་བ་རང་ལ་བསྟིམ་སྟེ་འཁོར་གསུམ་མི་དམིགས་པའི་ངང་ནས་བླ་མའི་རྡོ་རྗེ་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་ལ་རྩེ་གཅིག་མཉམ་པར་འཇོག །གཉིས་པ་སེམས་བསྐྱེད་ལའང་ཀུན་རྫོབ་དང་དོན་དམ་གཉིས་ལས། དང་པོ་ནི། རང་གཞན་སེམས་ཅན་ཐམས་ཅད་གདོད་མ་ནས་རང་བཞིན་རྣམ་དག་གི་སངས་རྒྱས་ཡིན་ཀྱང་། དེ་ལྟར་མ་རྟོགས་པའི་དབང་གིས་འཁོར་བར་སྡུག་བསྔལ་བ་རྣམས་ལ་ཚུགས་ཐབས་མེད་པའི་སྙིང་རྗེ་ཆེན་པོས། དེ་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཟབ་མོའི་ལམ་བསྒོམ་པར་བྱའོ་སྙམ་པས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་བཟླ་ཞིང་དོན་བསམ། གཉིས་པ་དོན་དམ་སེམས་བསྐྱེད་ནི། དེ་ལྟར་སེམས་བསྐྱེད་པའི་སེམས་དེ་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བའི་ངང་ལ་རྩེ གཅིག་ཏུ་མཉམ་པར་འཇོག །ཅུང་ཟད་སྤྲོ་ན། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །དེ་བཞིན་དུ་སྐྱེ་བའི་གནས་སུ། འགག་པ་དང་། གནས་པ་དང་། དམིགས་པ་དང་། འགྲོ་འོང་རྣམས་བཅུག་སྟེ། ཚིག་དང་མཐུན་པར་དོན་བསམ་ཞིང་སླར་ཡང་མཉམ་པར་འཇོག་གོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། མཆོད་པ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་སྟོབས་སུ་བྱ་བ་དང་། དབང་གི་ཡེ་ཤེས་གསལ་བཏབ་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་སྟོབས་སུ་བྱ་བ་གཉིས། དང་པོ་ནི། རང་ཉིད་གཉུག་མའི་ལྷར་གསལ་བའི་ཐུགས་ཀའི་འོད་ཀྱིས་རེག་པས་སྣོད་བཅུད་ཐམས་ཅད་མི་དམིགས་པར་སྦྱངས། སྟོང་པའི་ངང་ལས་གནས་ཁང་དག་པའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་བར་གྱུར། རང་གི་མདུན་གྱི་ནམ་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ། རང་གི་རྩ་བའི་བླ་མ་དེ་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དུས་གསུམ་གྱི་བླ་མ་དཀོན་མཆོག་གསུམ་ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྱན་དྲངས་ནས་བླ་མ་ལ་བསྟིམ། དེ་ལ་ཕྱི་མཆོད་ཀུན་བཟང་། ཞབས་བསིལ། བཞི་བསྣོལ་རྣམས་དབུལ། ནང་མཆོད་ནི། བདུད་རྩི་བྱིན་གྱིས་བརླབས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་མཐེབ་སྲིན་གྱིས་ཕུལ་བས་བདུད་རྩི་རོ་བརྒྱ་ལྡན་པའི་རྒྱུན་བླ་མ་ཡབ་ཡུམ་གྱི་ཞལ་དུ་གསོལ་བར་བསམ། གསང་མཆོད་ནི། རང་གི་ཐུགས་ཀ་ནས་རིག་མ་མཚན་ཉིད་དང་ལྡན་པ་སྤྲོས་ཏེ་བླ་མའི་ཡུམ་ལ་ཐིམ་ནས་སྙོམས་འཇུག་མཛད་པའི་བདེ་བའི་ཉམས་བསྐྱངས་ཏེ་མཉམ་པར་བཞག །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། རང་ཉིད་ཀྱང་བླ་མའི་ཡུམ་ལ་ཐིམ་ནས་སྙོམས་པར་ཞུགས་ཏེ་བདེ་བའི་ཉམས་སྐྱེས་པ་དེ་ཀའི་ངང་ལ་ཁྲུག་ཆིལ་གྱིས་གྱུར་པར་བལྟའོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་སྟོབས་སུ་བྱ་བ་ནི། བླ་མའི་ཐུགས་ཀ་ནས་རང་ཉིད་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ངོ་བོ་རྡོ་རྗེ་སེམས་དཔའ་ལ་རྣམ་པ་ཐ་མལ་པའི་ཚུལ་དུ་ཐོན་པར་བསམ་ལ། བཛྲ་ས་མཱ་ཛཿས་མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རང་གི་སྤྱི་བོར་སྤྱན་དྲངས་ལ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་ག་ཡཱ་མི། ཨ་ནུ་རཱ་གོ྅ཧཾ། ཞེས་བརྡ་བཞིས་བསྐུལ་བས། ཡབ་ཡུམ་སྦྱོར་བ་མཛད། སྥ་ར་ཎ་ཕཊ་ཅེས་སྦྱོར་མཚམས་ནས་འོད་ཟེར་སྤྲོས། སེམས་ཅན་ཐམས་ཅད་ཀྱི་མ་དག་པའི་རྒྱུད་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་དམ་བསྐུལ་ཏེ། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་ཐབས་ཀྱི་ཆ་ཐམས་ཅད་ཡབ་དང་། ཤེས་རབ་ཀྱི་ཆ་ཐམས་ཅད་ཡུམ་ལ་བསྡུས་ནས། བླ་མ་ཡབ་ཡུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་མོས་ལ་བ་སྤུ་ལྡང་ཞིང་མཆི་མ་འཁྲུག་པའི་མོས་གུས་ཀྱི་གསོལ་བ་གདབ་པ་ནི། བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་བདེབས། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ༴ བླ་མ་སྤྲུལ་པའི་སྐུ་ལ༴ རྒྱལ་བ་དགོངས་བརྒྱུད་བླ་མ་ལ༴ རིག་འཛིན་བརྡ་བརྒྱུད་བླ་མ་ལ༴ གང་ཟག་སྙན་བརྒྱུད་བླ་མ་ལ༴ དབྱེར་མེད་རྡོ་རྗེ་སེམས་དཔའ་ལ༴ འགལ་རྐྱེན་སྤྲོས་པ་ཆོད་པར་བྱིན་གྱིས་རློབས། །མཐུན་རྐྱེན་མངོན་དུ་འགྱུར་བར་བྱིན༴ སེམས་ལྔ་རྒྱུད་ལ་སྐྱེ་བར༴ དབང་བཞི་ཉམས་སུ་ལོངས་པར༴ ཏིང་འཛིན་རྣམ་གསུམ་རྟོགས་པ་སྐྱེ་བར༴ ཅིར་སྣང་ལྷ་སྐུའི་འཁོར་ལོར་འཆར་བར༴ གྲགས་པ་བརྗོད་བྲལ་སྔགས་སྒྲར་འཆར་བར༴ འགྱུ་བ་རང་རིག་བདེ་བ་ཆེན་པོར་འཆར་བར༴ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་དག་པ༴ སྲིད་ཞི་མཉམ་པ་ཉིད་དུ་རྟོགས་པར༴ ལྷག་པ་བདེན་པ་དབྱེར་མེད་ཀྱི་གནས་ལུགས་རྟོགས་པར༴ སྐུ་ལྔ་ཡེ་ཤེས་ལྔ་ལྡན་ཀུན་བཟང་རྡོ་རྗེ་སེམས་དཔའི་གོ་འཕང་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་རློབས་ཤིག །ཅེས་གསོལ་བ་ཅི་མང་བཏབ་པས་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པ་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྒོ་གསུམ་གྱི་དྲི་མ་དག །བུམ་གསང་ཤེར་དབང་གསུམ་ཐོབ་པས་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐོབ་པའི་རྟེན་འབྲེལ་བསྒྲིགས། བླ་མ་ཡབ་ཡུམ་བདེ་བའི་ངོ་བོར་ཞུ་བ་རང་གི་སྙིང་གར་བབས་པས་སྒོ་གསུམ་ཕྲ་བའི་སྒྲིབ་པ་དག །གཉིས་སུ་མེད་པ་ཡེ་ཤེས་རྡོ་རྗེའི་རང་བཞིན་ཚིག་དབང་རིན་པོ་ཆེ་རང་འཁྲུངས་སུ་ཐོབ་པས། ཡེ་ཤེས་རྡོ་རྗེའི་དངོས་གྲུབ་ལ་དབང་འབྱོར་བར་བསམ་ལ་དར་ཅིག་ཀློད་དེ་མཉམ་པར་བཞག་གོ། །གཉིས་པ་དངོས་གཞི་ལ་བཞི། རྡོ་རྗེ་སེམས་དཔའ་བུམ་པའི་དབང་གི་ཉམས་ལེན་བསྒོམ་བཟླས་ལ་བརྟེན་ནས་ཉམས་ཆག་དང་རྟོག་སྒྲིབ་སྦྱོང་བའི་མན་ངག །མཁའ་འགྲོ་མ་གཏོར་མའི་དབང་གི་ཉམས་ལེན་གཏན་པ་མེད་པའི་མཆོད་སྤྱིན་ཆེན་པོ་ལ་བརྟེན་ནས་རང་བཞིན་དབྱིངས་ཀྱི་མཁའ་འགྲོ་དང་གཉིས་སུ་མེད་པར་བྱ་བའི་མན་ངག །རིག་བའི་རྩལ་དབང་གི་ཉམས་ལེན་ལྷག་པའི་ཡེ་ཤེས་ངོས་བཟུང་བའི་མན་ངག །དམ་པ་རིགས་བརྒྱ་ཕྱག་རྒྱའི་དབང་གི་ཉམས་ལེན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དག་པའི་སྣང་བ་རབ་འབྱམས་སུ་བསྟན་པའི་མན་ངག་གོ། །དང་པོ་ནི། ཤུ་ནྱ་ཏཱའི་སྔགས་ཀྱིས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྦྲོས་པ་དང་བྲལ་བའི་ངང་ལ་དར་ཅིག་མཉམ་པར་འཇོག་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་སྒོམ་པ་ནི་ཀུན་སྣང་གི་ཏིང་ངེ་འཛིན། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རིག་ཨ་ཡིག་དཀར་པོ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་སྒོམ་པ་ནི་རྒྱུའི་ཏིང་ངེ་འཛིན་ཏེ། ཐོག་མར་དེ་གསུམ་ལ་ཉམས་ལྔའི་རིམ་པ་དང་སྦྱར་ནས་སྒོམ། དེ་ནས་རང་གི་སེམས་ཉིད་ཨ་ཡིག་ལས་ཧཱུྃ་གི་སྒྲ་གདངས་ནམ་མཁའ་གང་བར་སྤྲོས་པ་ལས་རྡོ་རྗེའི་ས་གཞི་རྭ་གུར་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་ཕྱོགས་ཀུན་གཏམ་ཏེ་ཅིས་ཀྱང་མི་ཤིགས་པའི་སྲུང་བའི་འཁོར་ལོར་གྱུར་པའི་ནང་དུ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཨ་དཀར་བབས། དེ་ཡོངས་སུ་གྱུར་པ་ལས་ཧཱུྃ་ཡིག་སྔོན་པོ་གསལ་ཞིང་འབར་བ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། སླར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཐབས་ཀྱི་ཆ་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་རབ་ཏུ་འཛུམ་པའི་མདངས་གསལ་བའི་ཞལ་གྱི་འགྱུར་བ་ཏིང་ངེ་འཛིན་གྱི་རྣམ་པར་རོལ་པའི་ཉམས་ཅན་མཚན་དང་དཔེ་བྱད་ཀྱིས་འབར་བ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། ཞབས་གཉིས་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བརྟན་པར་བཞུགས་པ། ཡབ་ཀྱི་ཐུགས་ཀ་ནས་མཱུཾ་ཆད། འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་དྲིལ་བུ། དེ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཤེས་རབ་ཀྱི་ཆ་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། ཡབ་ཀྱི་གཡོན་ཕྱོགས་ཉེ་བའི་པང་དུ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་རྡོ་རྗེ་རང་གི་ཐུགས་ཀར་འཛིན་པ། བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀའང་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་ཤིང་། ཞི་བའི་ཉམས་དགུ་རྒྱས་པ། འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེའང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་བའི་ཀློང་ན་བཞུགས་པ། ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་དང་མཱུཾ་ཡིག་སྔོན་པོ་རྟག་ཏུ་འཆར་བཞིན་པ། དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཆུ་ལ་ཆུ་བཞག་པ་ལྟར་རང་ལུས་ལ་དབྱེར་མེད་དུ་ཁྲུག་གིས་བསྲེ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། རིགས་ལྔ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་མཛད། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས་ལུས་ཐམས་ཅད་གང་། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུ་ལྷག་མ་སྤྱི་བོར་བརྟན་པ་ལས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་བསམ། སླར་ཡང་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཾ་དམར་པོ། སྙིང་གར་ཉི་མ་ལ་ཧཱུྂ་སྔོན་པོ། དེ་གསུམ་ལས་འཕྲོས་པའི་འོད་ཟེར་གྱིས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས་ཏེ་ཡི་གེ་སོ་སོ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་གཉིས་སུ་མེད་པར་གྱུར། ཡི་གེ་སོ་སོ་ཡོངས་སུ་གྱུར་པ་ལས། སྤྱི་བོར་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ། །མགྲིན་པར་གསུང་རྡོ་རྗེ་དམར་པོ་པདྨ། སྙིང་གར་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་འཛིན་པ་རྣམས་ཀྱིས་རྒྱས་བཏབ་པར་བསམ། སླར་ཡང་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་མཁའ་ཁྱབ་ཏུ་སད་པར་བྱས་ཏེ། རང་ལ་དབྱེར་མེད་དུ་ཁྲུག་གིས་འདྲེས་པར་བསམ་པ་ཡང་ནས་ཡང་དུ་བཟླ་བ་ནི་ཡེ་ཤེས་སེམས་དཔའ་བསྐྱར་བསྣན་གྱི་སྦྱོར་བའོ། །དེ་ནས་སྐུའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་བཞག །མི་གསལ་ན་འཕྲོ་བཅད་ལ་ཝལ་གྱིས་གསལ་འདེབས། གསལ་ན་དེ་ཀའི་རྒྱུད་ལ་ཡུད་ཙམ་སེམས་བཞག་སྟེ་འཕྲོ་བཅད། ཡང་བསྒོམ་པ་སོགས་ཡང་ཡང་གསལ་བཏབ་ལ་སེམས་བཟུང་། ལྷ་སྐུའི་རྣམ་པ་སྤྱི་དང་བྱེ་བྲག་སོ་སོར་སྦྱངས་བས་གསལ་སྣང་ཐོན་མཚམས་ནས་ལྷ་སྐུ་དྭངས་གསལ་རྙོག་པ་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ཤར་བ་ལྟ་བུ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག །རེས་ཞུ་བདེས་དྲངས་ནས་དེ་གའི་རང་ངོ་ལ་ཅེ་རེ་བལྟས་ཏེ་བདེ་སྟོང་གི་ལྷ་སྐུར་འཆར་བ་ལ་སློབ་ཅིང་། ཡང་རང་སེམས་ལྷག་པ་བདེན་གཉིས་དབྱེར་མེད་ཀྱི་ལྷའི་སྐུར་རྣམ་པར་དག་པའི་ངེས་ཤེས་བསྐྱེད་ལ་བསྐྱང་བར་བྱ་སྟེ། ཉམས་ལྔ་ཅི་རིགས་མ་སྐྱེས་ཀྱི་བར་དུ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །གལ་ཏེ་སྒོམ་པས་སྐྱོ་ན་ཐུགས་ཀའི་ཧཱུྃ་ཡིག་གི་མཐར་ཡི་གེ་བརྒྱ་བའི་སྔགས་ཕྲེང་ཁ་དོག་དཀར་པོ་གཡས་བསྐོར་དུ་འཁོར་བ་ལ་སེམས་བཟུང་སྟེ་བཟླས་པས། སྔགས་ཕྲེང་ལས་བྱུང་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང བཅས་པའི་ཐུགས་དམ་བསྐུལ། བདག་དང་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ལས་དང་ཉོན་མོངས་པ་ཐམས་ཅད་སྦྱངས། ན་རཀ་སོགས་ངན་སོང་གི་གནས་རྣམས་དོང་ནས་སྤྲུགས་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ། འོད་ཟེར་རྣམས་སླར་འདུས་ཏེ་སྔགས་ཕྲེང་ལ་ཐིམ། སྣང་གྲགས་འགྱུ་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་སྦྱངས་ཏེ། ཡིག་བརྒྱ་ཉེར་གཅིག་ལས་མི་ཉུང་བ་བཟླའོ། །ཐུན་བསྡུ་བ་ན། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་འོད་དུ་ཞུ་བ་སྤྱི་བོའི་རིགས་བདག་ལ་ཐིམ། རིགས་བདག་ཀྱང་རང་ལ་ཐིམ། རང་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་འཛིན་སེམས་དཔའ་ཧཱུྃ་ལ། ཧཱུྃ་གི་ཨཱུ་ཧ་ལ། ཧ་མགོ་ལ། མགོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། དེ་ཡང་མི་དམིགས་པར་ཐིམ་ནས་རྣམ་པར་རྟོག་མེད་ལྷུན་གྲུབ་ནམ་མཁའ་ལྟ་བུའི་ངང་ལ་ཀློད་དེ་མཉམ་པར་བཞག་གོ། །ཐུན་ལས་ལྡང་བ་ན་རྡོ་རྗེ་སེམས་དཔའ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་ལངས་ཏེ་སྣང་གྲགས་འགྱུ་གསུམ་ལ་ལྷ་སྔགས་འོད་གསལ་གྱི་འཁོར་ལོས་རྒྱས་བཏབ་སྟེ། སྤྱོད་ལམ་ཐམས་ཅད་ལྷའི་སྐུ་གསུང་ཐུགས་ཀྱི་རོལ་པར་སྤྱད་པར་བྱའོ། །གཉིས་པ་ནི། རྣམ་པར་མི་རྟོག་པ་ཀ་དག་དེ་ཁོ་ན་ཉིད་ཀྱི་ངང་ལས། དེ་ལྟར་མ་རྟོགས་པའི་མཁའ་ཁྱབ་ཀྱི་སེམས་ཅན་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་བསྐྱེད། དེའི་ངང་ལས་སྣོད་ཀྱི་འཇིག་རྟེན་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་ནམ་མཁའ་དང་མཉམ་པ། དེའི་ནང་དུ་རྒྱ་ཚད་མེད་པའི་ཟླ་བའི་དཀྱིལ་འཁོར་སྐྱ་འཁྱིལ་ལ་བ། དེའི་སྟེང་དུ་བཅུད་རང་གཞན་སེམས་ཅན་ཐམས་ཅད་ཀྱི་གནས་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པའི་དམ་ཚིག་གི་རྫས་ཤ་ལྔ་བདུད་རྩི་ལྔའི་ངོ་བོར་ཕུང་གིས་སོང་བ་ལ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་རོ་མཉམ་པའི་བདུད་རྩིའི་དྭངས་མ་ཆུ་བོའི་རྒྱུན་བཞིན་དུ་བབས་པ་རོ་གཅིག་ཏུ་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་མེར་གྱིས་སོང་བར་བསམ། དེ་ནས་མཁའ་ཁྱབ་ཀྱི་འཁོར་ལོར་བཞུགས་པའི་མཆོད་ཡུལ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱང་དག་པའི་སྣང་བ་འབའ་ཞིག་ཏུ་སད་པས། འཁོར་འདས་ཐམས་ཅད་མཆོད་ཡུལ་དུ་དག་པའི་སྐུ་གསུང་ཐུགས་ཀྱི་གསང་བ་རང་བཞིན་དབྱིངས་ཀྱི་མཁའ་འགྲོ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་རང་གི་ལུས་ངག་ཡིད་གསུམ་རོ་གཅིག་པ་བདེ་བ་ཆེན་པོར་འབར་བ་ལ་སེམས་མཉམ་པར་བཞག་སྟེ། ངག་ཏུ། རྩ་བརྒྱུད་ཀྱི་བླ་མ་དམ་པ་ཡི་དམ་ཞི་ཁྲོ་རབ་འབྱམས། སངས་རྒྱས་དང་བྱང་སེམས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་། རིགས་དྲུག་གི་སེམས་ཅན་ལྷའི་འཁོར་ལོར་དག་པ་དང བཅས་པ་ཐམས་ཅད་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བསྔོས་ལ། ལུས་ངག་ཡིད་གསུམ་གྱི་ཉམས་བྱུང་རྒྱལ་དུ་བསྐྱང་བར་བྱ་སྟེ། སྲིད་ཞི་རོ་མཉམ་པའི་སྦྱོར་བས་བྱའོ། །གསུམ་པ་ནི། སྟན་བདེ་བ་ལ་ལུས་གནད་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་མཉམ་གཞག །སྒལ་ཚིགས་བསྲང་། མགྲིན་པ་ཅུང་ཟད་དགུག །ལྕེ་རྐན་ལ་སྦྱར། སོ་མཆུལ་བར་ཡོད་པར་བྱས། མིག་རྫི་མ་འཐབ་རྡེབ་དང་མིག་འབྲས་མི་འགུལ་བར་ཅེ་རེ་བལྟ། ངག་གནད་རླུང་རང་བབས་སུ་བཞག །སེམས་གནད་རང་གི་སྙིང་གར་ཟླ་བ་ལ་ཀུན་ཏུ་བཟང་པོ་མཐིང་ག་རྡོར་སྐྱིལ་མཉམ་གཞག་གི་ཕྱག་རྒྱ་ཅན། སྐུ་དྭངས་ཤིང་སྒྲིབ་པ་མེད་པ་འོད་ཀྱི་རང་བཞིན་ཅན་ཅིག་གསལ་བཏབ་པ་ལ་ཆེད་འཛིན་མེད་པར་ཡིད་གཏད་དེ། མ་བསྒྲིམ། མ་ཀློད། དུས་གསུམ་གྱི་རྟོག་པ་གང་ཡང་ཡིད་ལ་མི་བྱེད་པར་རང་བབས་སུ་མཉམ་པར་འཇོག་ཅིང་། དེ་གའི་རང་ངོ་ལ་ཅེ་རེ་བལྟ། དེ་ལྟར་བལྟས་པས་གང་དུའང་ངོས་བཟུང་མེད་ཅིང་། བློའི་ཡུལ་ལས་འདས་པའི་གསལ་རིག་རྗེན་པ་སྤྲོས་པ་དང་བྲལ་བ་ཞིག་འཆར་བས། དེ་ཀ་ཡེ་ཤེས་ལྔའི་རང་བཞིན་ཀུན་ཏུ་བཟང་པོའི་ཐུགས་ཏེ། དེ་ཀའི་ངང་རྩོལ་བྲལ་བསལ་བཞག་མེད་པར་བསྐྱང་བར་བྱ་སྟེ། ནམ་མཁའ་ཆེ་ལས། སྔར་རྗེས་མི་བཅད་འདས་པའི་འདུ་ཤེས་དོར། །ཕྱིས་སྔུན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད། །བར་དུ་འཛིན་མེད་ནམ་མཁའི་ངང་ལ་བཞག །ཅེས་དང་། དབང་ཚིག་ལས། རིག་པ་སེམས་ཀྱི་ངོ་བོ་ཉིད། སྤྲོས་མེད་རྣམ་དག་ཡེ་ཤེས་ཡིན། །ཀུན་གཞི་ཡེ་ནས་མ་བཅོས་པ། །བདེ་ཆེན་རང་ཤར་ཀློང་དུ་ཞོག །ཅེས་གསུངས། གཞན་ཡང་དེའི་ཚེ་སེམས་ཀྱི་གཤིས་སྣང་རིག་ངོས་བཟུང་བྲལ་བ་ལ་རང་གདངས་བདེ་ཆེན་དུ་མ་འགགས་ཤིང་། རྩལ་ཅི་ཡང་འཆར་བ། བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་ཡུལ་མེད་རང་གསལ་དུ་ཆམ་གདལ་བ་སྟེ། དེ་ལས། སྣང་སྟོང་དབྱེར་མེད་ཆོས་སྐུ་ལ། །རིག་སྟོང་བདེ་བ་ཆེན་པོར་ཤར། །ཟུང་འཇུག་སྤྲོས་དང་བྲལ་བ་དེ། །ཀུན་ཏུ་བཟང་པོའི་ངོ་བོའོ། །ཞེས་གསུངས། དེ་ཀ་ལ་གནས་ན་ལེགས། གལ་ཏེ་རྣམ་རྟོག་འཕྲོ་ན་གང་ཤར་དེ་ཀའི་རང་ངོ་ལ་ཅེ་རེ་བལྟས་པས། སྐྱེས་ཟིན་སྐྱེ་འགྱུར་སྐྱེ་བཞིན་པའི་རྟོག་པ་ཐམས་ཅད་ཝལ་ཁྱུག་གིས་སོང་ནས། རང་ཤར་རང་གྲོལ་གྱི་ཡེ་ཤེས་གསལ་བ་མི་རྟོག་པར་རྗེན་ལྷག་གིས་འཆར་ཏེ། དེ་ཀའི་ངང་ལ་ཆེད་འཛིན་མེད་པར་ཤིགས་སེ་རང་ལུགས་སུ་བསྐྱང་བར་བྱའོ། །དེ་ལྟར་མཉམ་རྗེས་ཐམས་ཅད་ལ་དྲན་པ་བདག་པོར་གྱུར་པའི་སྒོ་ནས་སྐད་ཅིག་ཀྱང་ཡེངས་པ་མེད་པར་བྱར་མེད་བློ་འདས་གཉུག་མའི་ཡེ་ཤེས་ཀྱི་ངང་ལ་གནས་ཤེས་པའི་ཐག་ཆོད་སྐྱེ་ཞིང་། དགེ་སྦྱོར་རྐྱེན་ཐུབ་སྐྱོང་བདེ་མོར་འགྲོ་བ་ལ་ཚེགས་མེད་དོ། །བཞི་པ་ནི། འདི་ལྟར་སྣང་བ་སྣ་ཚོགས་སུ་སྣང་བ་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ནམ་གཤིས་ཚུལ་ཡེ་གདོད་མ་ནས་རྣམ་པར་དག་པ་ཡིན་ཀྱང་། དེ་ལྟར་མ་རྟོགས་ཏེ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་འདི་དག་ལ་བཅོས་མིན་གྱི་སྙིང་རྗེ་ཆེན་པོ་བསྐྱེད། དོན་དམ་པར་འཁོར་འདས་རྒྱུད་གཅིག་ཏུ་ཤེས་པས་སྣོད་བཅུད་དག་སྣང་གི་འཁོར་ལོ་སངས་རྒྱས་ཐམས་ཅད་དང་རོ་གཅིག་ཏུ་བལྟ། དེ་ཐམས་ཅད་རང་སེམས་ལྷག་པ་བདེན་གཉིས་དབྱེར་མེད་ཀྱི་རང་བཞིན་གཅིག་ཏུ་ཤེས་པས། ཆོས་ཐམས་ཅད་ཞི་ཁྲོ་རིགས་བརྒྱའི་འཁོར་ལོར་དག་ཅིང་། དེ་ཡང་གསང་ཆེན་རིགས་གཅིག་ཏུ་རྣམ་པར་དག་པ་ལས། བཟླས་བརྗོད་ཏིང་ངེ་འཛིན་སོགས་ཅི་བྱེད་ཐམས་ཅད་ཀྱང་འཁོར་འདས་རྒྱ་ཐག་གི་རོལ་པ་ཆེན་པོར་སྤྱད་པར་བྱ་བ་ཡིན་ནོ། །དེ་ལྟར་སློབ་བུའི་བློའི་རིམ་པ་དང་སྦྱར་ཏེ་ཁྲིད་ལ། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔའི་ཉམས་དང་རྟོགས་པ་སྐྱེད་རིམ་ནས་ངོ་སྤྲོད་པ་དང་གེགས་སེལ་བོགས་འདོན་རྣམས་ཉམས་མྱོང་ཅན་གྱིས་ལེགས་པར་གདམས་ཏེ་ཁྲིད་པས་ཉམས་རྟོགས་ཡར་ངོའི་ཟླ་བ་ལྟར་འཕེལ་ཏེ་རིམ་པར་ཚོགས་སྦྱོར་གྱི་ལམ་བགྲོད་ནས། སློབ་པའི་ཟུང་འཇུག་རིག་འཛིན་བཞི་དང་། མི་སློབ་པའི་ཟུང་འཇུག་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་སྦྱོར་བར་གདོན་མི་ཟའོ། །ངག་བརྗོད་བསམ་པའི་ཡུལ་འདས་དབང་བཞིའི་དོན། །ཚུལ་བཞིན་ཉམས་བླངས་ལྷག་པ་ཆོས་ཀྱི་སྐུ། །ཟུང་འཇུག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །གོ་འཕང་བླ་མེད་ཐོབ་ཕྱིར་འདི་བསྔོའོ། །ཞེས་ན་རག་དོང་སྤྲུགས་ཀྱི་དབང་དོན་ཇི་ལྟར་ཉམས་སུ་ལེན་པའི་ཁྲིད་ཡིག་འདི་ཡང་བློ་ལྡན་དགེ་སློང་ཨོ་རྒྱན་བསོད་ནམས་ཀྱིས་བསྐུལ་བའི་ངོར། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་འཚོ་བའི་གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་སྦྱར་བའི་ཡི་གེ་པ་ནི་ལེགས་གླིང་ཆོས་མཛད་དགེ་སློང་འགྱུར་མེད་མཆོག་གྲུབ་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།

ན་རག་དོང་སྤྲུགས་ཀྱི་དབང་གི་ཆོ་ག་མཚམས་སྦྱོར་གྱིས་བརྒྱན་པ་བདེ་ཆེན་ལམ་བཟང་། རྒྱལ་སྲས་གཞན་ཕན་མཐའ་ཡས།

ན་རག་དོང་སྤྲུགས་ཀྱི་དབང་གི་ཆོ་ག་མཚམས་སྦྱོར་གྱིས་བརྒྱན་པ་བདེ་ཆེན་ལམ་བཟང་ཞེས་བྱ་བ་བཞུགས་སོ། །ན་རག་དོང་སྤྲུག་རྣལ་འབྱོར་སྤྱི་ཁྲུས་ཆེན་པོའི་དབང་གི་མཚམས་སྦྱོར་བདེ་ཆེན་ལམ་བཟང་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །རབ་འབྱམས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །སྲིད་ཞི་ཀུན་ལ་དབང་བསྒྱུར་འཁོར་ལོའི་མགོན། །མཉམ་མེད་གཏེར་ཆེན་བླ་མར་ཕྱག་འཚལ་ལོ། །མཁའ་མཉམ་འགྲོ་ལ་ཚད་མེད་ཐུགས་རྗེ་ཡིས། །མ་རིག་དུག་ལྔའི་སྙིང་བོ་ཀུན་བཅོམ་ནས། །སྲིད་མཚོ་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ། །རྣམ་གྲོལ་སྐུ་བཞིར་སྨིན་མཛད་དེད་དཔོན་མཆོག །གང་ཐུགས་ཡེ་ཤེས་གཅིག་ཉིད་སྒྱུ་འཕྲུལ་གྱིས། །འཁོར་འདས་ཀུན་ལ་རྒྱས་འདེབས་དཀྱིལ་འཁོར་ལྷའི། །གོ་འཕང་མངོན་དུ་བྱེད་པའི་ཐབས་ཀྱི་སྒོ། །དབང་གི་མཚམས་སྦྱོར་བདེ་ཆེན་ལམ་བཟང་བཤད། །དེ་ཡང་རྟེན་གྱི་གང་ཟག་རང་གཞན་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་སྒྲིབ་གཉིས་སྦྱོང་ཞིང་ཚོགས་གཉིས་ཕུལ་དུ་བྱུང་བ་དང་དངོས་གྲུབ་ཀྱི་སྐལ་བ་ཅན་དུ་བྱེད་པ། ཐར་འདོད་རྣམས་ཀྱི་ལམ་འདིར་འཇུག་པར་བྱའོ། །དེ་ལ་ཡང་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། གང་དུ་བྱ་བའི་གནས་ཁང་ཉིད་བྱི་དོར་ལེགས་པར་བྱས་ལ། དེར་རྡུལ་ཚོན་གྱི་དཀྱིལ་འཁོར་ཆོ་ག་བཞིན་དུ་བཞེངས་པའམ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པ་གང་རུང་བྱ། རྣམ་རྒྱལ་བུམ་པ་དང་ལས་བུམ་གཉིས་ཁ་རྒྱན་མགུལ་ཆིངས་ནང་བཅུད་སོགས་སྤྱི་དང་མཐུན་པར་བཤམས་པའི་རྣམ་བུམ་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་སྟེང་དུ་བཀོད་པའི་ཁར་སྐུ་ཙཀ་དང་གཟུངས་རྡོར་བཞག །དཀྱིལ་འཁོར་གྱི་མདུན་ལྟ་བུར་སྨན་གཏོར་རཀྟ་དང་། དེའི་ཕྱི་རིམ་ལ་བདུག་སྤོས། མེ་ཏོག །མར་མེ། དྲི་ཆབ་རྣམས་ལྷ་གྲངས་དང་མཉམ་པ་སོགས་ཅི་ཙམ་འབྱོར་པ་བཤམས། གཞན་ཡང་ཚོགས་ཀྱི་ཡོ་བྱད། རོལ་མོའི་ཁྱད་པར། སྐུ་རྟེན། དར་འཕན་རྒྱལ་མཚན་སོགས་ཀྱིས་ཁོར་ཡུག་ཐམས་ཅད་མཛེས་པར་བརྒྱན་ཅིང་། སློབ་དཔོན་གྱི་མདུན་དུ་ནང་མཆོད། ལས་བུམ། བསང་ཆུའི་དུང་ཞལ། འཐོར་ནས། རྡོ་དྲིལ། ཌཱ་མ་རུ། རིགས་ལྔ་རྣམས་དང་། ཉེ་ལོགས་སུ་གུ་གུལ། ཨ་ཀ་རུ་ཐུན། མིག་དར། མེ་ཏོག་མཎྜལ་གྱི་ར་བ། མིག་ཐུར་སྨན་བཅས། སློབ་མར་མཆོད་པ། མཎྜལ་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཕྱག་བཞེས་མཐོང་བརྒྱུད་བཞིན་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་དངོས་གཞི་ལ། སྒྲུབ་མཆོད་དང་དབང་གི་ཆོ་ག་གཉིས་ལས། དང་པོ་སྒྲུབ་མཆོད་ནི། རྗེས་བླ་མས་མཛད་པའི་ཆོ་ག་འཁོར་པ་ཀུན་སྒྲོལ་ལྟར་བྱའོ། །གཉིས་པ་དབང་གི་ཆོ་ག་ལ། རྩ་རྒྱུད་ལས། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་འཇུག་པར་བྱ། །ཞེས་གསུང་པ་ལྟར་སློབ་དཔོན་རང་ཉིད་འཇུག་པ་དང་། སློབ་མ་འཇུག་པའི་ཆོས་གཉིས་ལས། དང་པོ་སློབ་དཔོན་རང་ཉིད་སློབ་མ་འཇུག་པ་ལྟར་དཀྱིལ་འཁོར་དུ་ཞུགས་ཏེ། བདག་འཇུག་གི་ཚུལ་དུ་དབང་རྫོགས་པར་ལེན་པའང་། མི་ནུས་ན་དཀྱིལ་གྱི་ཤར་སྒོར་གུས་བས་འདུག་སྟེ། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་དབྱེར་མེད་དུ་བསྒོམས་ནས་རིག་པའི་མེ་ཏོག་དོར་ལ། ༀ་བཛྲ་ས་མ་ཡ་ༀ། ཨཱཾ་བཛྲ་ས་མ་ཡ་ཨཱཾ། ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་དང་། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། ཞེས་མེ་ཏོག་དོར་བས། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་བསམ་ནས། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་དང་། ༀ་བཛྲ་ས་མ་ཡ་ཧཱུཾ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ་པའོ། །གཉིས་པ་སློབ་མ་གཞུག་པར་བཟོད་གསོལ་གནང་བ་ཞུ་བ་ནི། དཀྱིལ་འཁོར་ལ་ཐལ་མོ་སྦྱར་བས་བཏུད་དེ། ༀ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བ་བཏབ་པས་གནང་བ་སྦྱིན་པར་བསམ། དེ་ལྟར་ལེགས་པར་ཚར་ནས་དཀྱིལ་འཁོར་ཡོལ་བས་སྒྲིབ་ལ་འཇོག་གོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ། གསུམ་གྱི། དང་པོ་འཇུག་པ་ལའང་དགུ་ལས། དང་པོ་ནི། སློབ་མ་རྣམས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཇི་ལྟར་བལྟམས་པ་སོགས་ཀྱིས་ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་། དེ་ནས་ཕྱག་བྱས་ལ་གྲལ་དུ་འཁོད་པ་དང་། སྔོན་གཏོར་ༀ་མ་ཧཱ་ཀྲོ་དྷཱིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ་ལ། ༀ་ཨཱཿཧཱུཾཿགིས་བྱིན་གྱིས་བརླབ། ༀ་སརྦ་བྷུ་ཏ་ཨ་ཀཪྵ་ཡ་ཛཿས་མགྲོན་རྣམས་བཀུག །ༀ་སརྦ་བིགྣཱན་སོགས་ཀྱི་བསྔོས་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས༴ སོགས་ཀྱི་བདེན་སྟོན་སྔོན་དུ་འགྲོ་བའི་མཐར། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་སོགས་ཀྱི་དྲག་སྔགས་བཟླ་ཞིང་ཐུན་གྱི་བྲབས་ཏེ་སྤོས་རོལ་དང་བཅས་ཚམ་རྔམས་ཀྱིས་བགེགས་རྣམས་ཕྱིར་བསྐྲད་པར་བསམ། དེ་ནས་ༀ་བཛྲ་རཀྵ་རཀྵ་ཧཱུཾ་ཞེས་བརྗོད་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་བསྲུང་བའི་ར་བ་དྲྭ་བ་གུར་བླ་བྲེས་ཡེ་ཤེས་ཀྱི་མེ་དཔུང་། དུས་མཐའི་རླུང་ནག་རྒྱ་མཚོའི་རྦ་རླབས་འཁྲུག་པའི་ར་བ་གསུམ་རིམ་གྱིས་ཕྱོགས་ཀུན་ཁྱབ་པས་མཚམས་བཅད་པར་བསམ་ལ་སྲུང་འཁོར་གསལ་གདབ། དེ་ནས་ལས་ཀྱི་རྡོ་རྗེ་མེ་ཏོག་བཀྲམ་བསྡུ་བྱ་ཞིང་། སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་སྐུ་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེ་མ་ཐོབ་ཀྱི་བར་དུ་ཡང་ལམ་སྒྲུབ་པའི་འགལ་རྐྱེན་བར་གཅོད་ཀྱི་རྩ་བ་སྡིག་པ་དང་དམ་ཚིག་ཉམས་ཆག་རྣམས་ཀྱི་གཉེན་པོར་དཔལ་རྡོ་རྗེ་སེམས་དཔའ་རིགས་བརྒྱའི་དཀྱིལ་འཁོར་ཆེན་པོར་རྣལ་འབྱོར་སྤྱིའི་ཉམས་ཆག་སྐོང་བའི་ཐབས་ཕུལ་དུ་བྱུང་བ་ན་རག་དོང་སྤྲུགས་ཀྱི་དབང་ཟབ་མོ་ཞུ་སྙམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་། སྐྱེས་རབས་ལས། རབ་ཏུ་དམའ་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །ཞེས་སོགས་གསུངས་པ་ལྟར་དགེ་བའི་གཤེས་གཉེན་ལ་དད་གུས་དང་ལྡན་པས་ཀུན་ཏུ་སྤྱོད་པ་བག་དང་ལྡན་པའི་སྒོ་ནས་གསན་པར་ཞུ་འཚལ། དེ་ལ་འོ་སྐོལ་གྱི་སྟོན་པ་མཉམ་མེད་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། སྐལ་བའི་ཁྱད་པར་དང་རྗེས་སུ་མཐུན་པར་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པར་མཛད་པ་རྣམས་ཀྱང་ཉོན་མོངས་པའི་གཉེན་པོ་ལ་དགོངས་ཏེ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་བློའི་རིམ་པ་ལ་དགོངས་ཏེ་ཐེག་པའི་རིམ་པ་དགུར་བསྡུས་ཏེ་གསུངས་པ་ལས། ཐེག་པ་དེ་ཡང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སམ། ཡང་ན་ཀུན་བྱེད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུས་པར་གསུངས་པ་ལས། ད་རེས་འདིར་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་འབྲས་བུ་རྡོ་རྗེའི་ཐེག་པ་ཡིན། དེ་ལ་ཡང་ཕྱི་རྒྱུད་ནང་རྒྱུད་གཉིས་ལས་འདིར་ནང་རྒྱུད། དེའང་གངས་ཅན་གྱི་ལྗོངས་འདིར་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པ་ལས། འདིར་གསར་མ་ལས་ཆེ་བ་དྲུག་གིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྙིང་མ། དེ་ལ་ཡང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟམ་མོ་དག་སྣང་སྟེ་སྐོར་ཚོ་གསུམ་ལས་འདིར་བཀའ་མ་ཡིན། དེ་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས་རྒྱུད་སྡེ། དེ་ལའང་རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་ག་སྟེ་གསུམ་ལས། འདི་ཉིད་ཨ་ནུ་ཡོ་གའི་ནང་ནས་བསྐྱེད་རྫོགས་རྣམ་པ་གསུམ་གྱིས་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་སྦྱོང་བ་དང་། སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་དྲངས་ནས་བླ་ན་མེད་པའི་དངོས་གྲུབ་ཀྱི་སྐལ་བ་ཅན་དུ་བྱེད་པའི་ཐབས་མཆོག་རྨད་དུ་བྱུང་བ་རྣལ་འབྱོར་སྤྱི་ཁྲུས་ན་རག་དོང་སྤྲུགས་མཚམས་མེད་ལྔ་སྦྱོང་གི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེ་ལ་ཡང་རྒྱུད་དང་མན་ངག་སོ་སོའི་དགོངས་པ་ལ་སློབ་དཔོན་སོ་སོའི་བཞེད་པའི་དབང་གིས་བཞི་སྟེ། འདི་ལྟར་གླང་པོ་ཆེ་རབ་འབོགས་ཀྱི་རྟོགས་པ་གཅིག་ཁོལ་དུ་ཕྱུངས་པ་ཀལྤ་དུམ་བུའི་རྒྱུད་དམ་བཤགས་པའི་རྒྱུད་ཀྱི་ལེའུ་གསུམ་པ་གུ་རུས་མཛད་པའི་གདམས་ངག་གི་ལས་ཐོ་སོགས་ཀྱིས་བཀྲལ་བ་ཞི་ཁྲོ་ཁྲོམ་དཀྲུགས་སུ་གྲགས་པ་དང་། གུ་རུས་མཛད་པའི་སྒྲུབ་ཐབས་རྒྱ་ཞང་ཁྲོམ་གྱི་གཏེར་མའི་རྗེས་སུ་འབྲངས་ཏེ་བཤགས་རྒྱུད་དུ་ཞི་ཁྲོའི་ལེའུ་གསུངས་ཚུལ་གྱི་གོ་རིམ་བཞིན་དུ་སྒྲུབ་པ་ཞི་ཁྲོ་གནས་བསྒྱུར་དང་། ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ལ་བརྟེན་པ་ཞི་ཁྲོ་རིགས་བསྡུས་སམ་པདྨ་བརྒྱ་ལྡན་དང་། སྒྱུ་འཕྲུལ་ཞི་ཁྲོ་སོགས་རང་གཞུང་ལ་བཀོལ་རྒྱུད་འདི་ཉིད་ཀྱི་ཁ་བསྐང་བ་ཞི་ཁྲོ་རབ་འབྱམས་སུ་གྲགས་པ་རྣམས་ལས། འདིར་ཞི་ཁྲོ་ཁྲོམ་དཀྲུགས་ཀྱི་ལུགས་ཏེ། དེ་ཡང་འགྱོད་ཚངས་ཀྱི་རྒྱལ་པོ་འདི་ཉིད་ཇི་ལྟར་བྱུང་བའི་ཁུངས་དང་གླེང་བཞིའི་དབང་དུ་བགྱིས་ན། སྔོན་འདོད་ཁམས་ཀྱི་གནས་འདི་ན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་བྱང་བ་ཞིག་ལ་སློབ་མ་རྒྱལ་པོའི་བུ་ཞིག་ཡོད་པ་དེས་སློབ་སྦྱོང་རྣམས་མཐར་ཕྱིན་པ་ན་ད་ནི་ངའི་གོང་ན་རིག་པར་སྨྲ་བ་སློབ་དཔོན་འདི་ཙམ་དུ་ཟད་པས། འདི་ཉིད་གོང་དུ་མི་གཏོང་སྙམ་དུ་བསམ་ནས་སློབ་དཔོན་ལ་མི་འཚམས་པའི་ལས་རྔམས་པོ་ཆེས་ཐོ་བརྩམས་ཤིང་། སློབ་དཔོན་གྱིས་ཀྱང་རང་གི་སློབ་མ་རྒྱལ་པོའི་ཕྲུ་གུ་དེས་ཕྲག་དོག་གི་སྦྱོར་བ་བྱས་པར་ཤེས་ཏེ་ཞེ་སྡང་གིས་དམོད་བོར་བས་ལས་དེས་གཉིས་ཀ་ངན་སོང་དུ་ལྟུང་ནས་སྡུག་བསྔལ་དྲག་པོས་ཉམ་ཐག་པར་གྱུར་ཏོ། །དེའི་ཚེ་རྒྱལ་བ་རྣམས་ཀྱི་དེ་ཉིད་འདུལ་བའི་དུས་ལ་བབ་པར་དགོངས་ཏེ། ཀུན་ཏུ་བཟང་པོའི་བྱིན་རླབས་ལས་དཔལ་རྡོ་རྗེ་སེམས་དཔར་སྤྲུལ་ནས་དེ་ལ་འགྱོད་ཚངས་ཀྱི་བཤགས་པ་དང་ཡི་གེ་བརྒྱ་པའི་སྔགས་བསྟན་པས་སྔོན་གྱི་བག་ཆགས་དང་། རྣམ་སྨིན་དྲན་ཏེ་འགྱོད་པ་དྲག་པོ་སྐྱེས་པ་ལ། རྣམ་པར་སྣང་མཛད་ཀྱི་བྱིན་རླབས་ཀྱིས་བཅོམ་འདས་གསང་བའི་བདག་པོ་མངོན་པར་སྤྲུལ་ནས་ཕྱི་ནང་གསང་བའི་དབང་བསྐུར་བས། བྲམ་ཟེ་དང་རྒྱལ་བུ་དེའི་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་སུ་གྱུར་པ་སླར་ཡང་གསོས་ནས་ཀུན་གཞི་བྱང་ཆུབ་ཀྱི་སེམས་དང་འཕྲད་དེ་འབད་བས་རིག་འཛིན་གྱི་ས་ལ་རིམ་གྱིས་གནས་པར་གྱུར་ཏོ། །དེ་ལྟ་བུའི་ཉམས་ཆག་སྦྱོང་བའི་ཐབས་ཕུལ་དུ་བྱུང་བ་འདི་ཉིད་མིའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་ཡང་། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་གསང་བདག་གིས་རི་མ་ལ་ཡའི་རྩེར་རིགས་ཅན་དྲྭ་མ་ལྔ་ལ་ཆོས་འཁོར་བསྐོར་བའི་བྱིན་རླབས་ཀྱིས་རྒྱལ་པོ་ཛཿལ་རྨི་ལྟས་བདུན་མངོན་དུ་སྣང་བ་ལས་དངོས་སུ་པུསྟི་གླེགས་བམ་གྱི་ཆར་བབས་སོ། །དེའི་ནང་ནས་གླང་པོ་ཆེ་རབ་འབོགས་ཀྱི་ལེའུ་ཁོལ་དུ་ཕྱུང་བ་ཀལྤ་དུམ་བུའི་རྒྱུད་འདི་ཉིད་རྒྱལ་པོ་ཛཿས་ཀུ་ཀུ་རཱ་ཛ་ལ་བཤད། དེ་ནས་རིམ་པར་ཧཱུཾ་ཀཱ་ར། སངས་རྒྱས་གསང་བ། པྲ་ཧསྟི། བྲམ་ཟེ་ཉི་མ། སློབ་དཔོན་པདྨ། བི་མ་ལ་མི་ཏྲ་སོགས་ཀྱིས་རྒྱ་གར་གྱི་ཡུལ་དུ་དར་བར་མཛད། དེ་ནས་བོད་ཡུལ་འདིར་བི་མ་ལ་མི་ཏྲས་ཛྙཱ་ན་ཀུ་མཱ་ལ་གསུངས། དེ་ནས་རིམ་པར་སོག་པོ་ལྷ་དཔལ། གནུབ་སངས་རྒྱས་ཡེ་ཤེས། སྲུ་ལེགས་སྒྲོན། ཞུ་སྟོན་གཞོན་ནུ་སྙིང་པོ། སྲས་བསོད་ནམས་ཤཱཀྱ། ཟུར་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། གསང་བདག་སྒྲོ་ཕུག་པ་ཤཱཀྱ་སེང་གེ་ནས་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ཀྱི་བར་དུ་བརྒྱུད་དེ་གཏེར་ཆེན་བླ་མ་ལ་བཀའ་བབས་པ་དང་། ཡང་ན་བི་མ་ལ་ནས་ཉང་ཏིང་འཛིན་བཟང་པོ། དེ་ནས་སྦས་བློ་གྲོས་དབང་ཕྱུག་སོགས་སྙིང་ཏིག་བརྒྱུད་པ་ལྟར་རམ། ཡང་ན་བི་མ་ལས་མེ་ལོང་རྡོ་རྗེ་ལ་གསུངས་པའི་ཉེ་བརྒྱུད་རྨད་དུ་བྱུང་བ་སྟེ་འདི་དག་ནི་བརྒྱུད་པའི་ལོ་རྒྱུས་ཀྱི་དབང་དུ་བྱས་པའོ། །དེ་ལས་བྱུང་བའི་གདམས་པ་ལའང་རྟོག་ཚོགས་ལྷའི་རང་བཞིན་དུ་གདོད་མ་ནས་རྣམ་པར་དག་པའི་བསྒྲུབ་གཞི་ཉིད་དམ་ཚིག་གི་དཀྱིལ་འཁོར་དུ་གསལ་བཏབ་པ་མཁའ་ཁྱབ་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དབྱེར་མེད་དུ་བྱེད་པའི་ཐབས་ལ་བརྟེན་ནས་ནང་ཕུང་པོ་རྟེན་གྱི་བཤགས་པ་དང་། ཕྱག་གི་བཀོལ་བྱང་ལ་བརྟེན་ནས་སྨྲེ་འགྱོད་ཚིག་གི་བཤགས་དང་། སྐོང་ཆེན་བཞི་དག་གྱུར་ཚོགས་མཆོད་དང་བཅས་པའི་ཕྱི་ཡོ་བྱད་ཚོགས་ཀྱི་བཤགས་པ་དང་། བདག་འཇུག་དང་འབྲེལ་བར་མཁའ་འགྲོ་མ་གཏོར་མའི་དབང་དང་རིག་པའི་རྩལ་དབང་བརྟེན་ནས་གསང་བ་བྱང་ཆུབ་སེམས་ཀྱི་བཤགས་པ་སྟེ། དེ་ལྟར་བཤགས་པའི་ཐབས་རྨད་དུ་བྱུང་བ་རྣམ་པ་བཞི་དང་། དེ་ཐམས་ཅད་ཐུན་མོང་དུ་འགྲུབ་པར་བྱེད་པའི་རིག་སྔགས་ལྷ་སོ་སོའི་བཟླས་པས་ཐུགས་རྒྱུད་བསྐུལ་ནས། ལས་སྦྱོར་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་སྤྲོ་བསྡུ་དང་སྦྱར་ཏེ་ཡི་གེ་བརྒྱ་པའི་ཤམ་བུར་ངན་སོང་སྦྱོང་བའི་ལས་སྔགས་བཏགས་པ་བཟླས་པས་སྡིག་སྒྲིབ་སྦྱོང་བ་རྣམས་ཀྱི་ཐབས་མཆོག་ཕུལ་དུ་བྱུང་བ་དང་། དབང་བསྐུར་བའི་རིམ་པ་གཉིས་སུ་ཡོད་པ་ལས། འདིར་དབང་བསྐུར་བ་དེ་སྐབས་སུ་བབས་པ་ཡིན། དེ་ཡང་ཇི་སྐད་དུ། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བ། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་པས་དབང་བསྐུར་བ་དེ་ཡང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན། དེ་ལ་དཀྱིལ་འཁོར་ཀྱི་ངོ་བོ་ནི། ཐུགས་ཐིག་ལས། གནས་སྐབས་བདུན་དུ་སྙིང་པོ་ལེན། །བཀོད་པ་གང་རྫོགས་དེ་ངོ་བོ། །ཞེས་པས་འཀོད་པ་ལྷའི་འཁོར་ལོར་རྫོགས་པར་སྣང་བའོ། །ངེས་ཚིག་ནི། མཎྜ་ལའི་སྒྲ་ལས་སྙིང་པོ་འཛིན་པའམ་སྙིང་པོ་ལེན་པའི་དོན་དང་། ཡང་ན་ཟླུམ་པོའང་བསྐོར་བའི་དོན་གྱིས་དཀྱིལ་འཁོར་ཞེས་བྱ། དབྱེ་ན་སྐབས་འདིར་རྒྱས་པ་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་བདུན་དུ་གསུངས་པ་ལས། འདིར་འཇུག་བྱའི་དཀྱིལ་འཁོར་ནི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཉིད་སྒྲུབ་པ་སྐབས་སུ་བབས་པ་ཡིན། དེ་ལའང་སློབ་དཔོན་གྱི་བགྱི་འོས་དང་། སློབ་མའི་བགྱི་འོས་ལས། སློབ་དཔོན་གྱི་བགྱི་འོས་ནི་ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོས་རྒྱུད་སྦྱང་ཞིང་ཚོགས་བསགས་པ། དངོས་གཞི་ལ། སྦྱང་གཞི་ཁམས་བདེ་བར་གཤེགས་པའི་སྙིང་པོ་གཉུག་མ་མི་ཤིགས་པའི་རྡོ་རྗེ་གསུམ་གྱི་ངོ་བོར་གནས་པ་དང་། སྦྱང་བྱ་གནས་ལུགས་ཀྱི་རང་ངོ་མ་ཤེས་པས་བདག་དང་བདག་གིར་འཛིན་པའི་ལོག་རྟོག་དེ་ཉིད། སྦྱོང་བྱེད་བསྐྱེད་རྫོགས་ཟུང་འཇུག་གི་ལམ་རིམ་པ་གཉིས་ཀྱིས་སྤྱོད་པའི་ཐབས་ལྷ་སྔགས་ཡེ་ཤེས་ཏིང་འཛིན་གྱི་དཀྱིལ་འཁོར་ལ་བརྟེན་པ། དེ་ཡང་འདིར་བདག་མདུན་ཐ་མི་དད་གྱི་ཚུལ་དུ་ཐོག་མར་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། དེ་ལ་དབང་བསྐུར་ཞིང་བྱིན་གྱིས་རློབ་པ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་ཞིང་བསྟིམ་པ། ཐུགས་ཀ་ནས་ཕྱེ་བའི་ལྷས་འཕྲུལ་དགའི་ཚུལ་གྱིས་ཕྱག་དང་མཆོད་བསྟོད་སོགས་ལས་ཀྱི་རིམ་པས་མཉེས་པ་སྒྲུབ་པ། ཛཔ྄་ཁང་ཕྱེ་ནས་བཟླས་པས་ཐུགས་རྒྱུད་བསྐུལ་བ། དབང་དོན་དུ་བུམ་པ་སྒྲུབ་པ། སློབ་དཔོན་རང་ཉིད་ལྷ་ལ་དབང་མི་ཟ་བའི་ཕྱིར་བདག་དོན་དུ་དབང་བླང་ཞིག་གཞན་དོན་སློབ་མ་འཇུག་པར་བཟོད་གསོལ་གནང་བ་ཞུ་བ་དང་བཅས་པ་རྣམས་བླ་མ་དམ་པའི་ཕྱག་བཞེས་ལས་ཇི་ལྟར་བྱུང་བ་བཞིན་ཆད་ལྷག་མེད་པར་གོང་དུ་སོང་གྲུབ། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ལྷ་དང་སྐལ་བ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ནུགས་ནས་དབང་ནོད་པའི་བྱ་བ་གཉིས་ལས། འདིར་འཇུག་པའི་བྱ་བ་ཁྲུས་དང་བགེགས་བསལ་བ་སྔོན་དུ་སོང་ནས། ད་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་འཇུག །དེ་ནས་དཀྱིལ་འཁོར་དུ་གཞུག་པའི་ཕྱིར་ཆས་སུ་གཞུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོངས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་མཚོན་བྱེད་དུ་རས་དམར་པོ་རེས་གདོང་གཡོགས་པའི་མོས་པ་མཛོད། ཅེས་ༀ་ཨཱཿཧཱུཾ་གིས་མིག་དར་བཅིངས། དེ་ནས་དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་དུ་མཇལ་མི་རུང་བས་ཕྱག་ཏུ་ཨུ་དུམ་ཝ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བའི་མོས་པ་མཛོད། ཅེས་ཨཱ་ཁཱཾ་ཝཱི་ར་ཧཱུཾ་ཱུགིས་མེ་ཏོག་གཏད། གཉིས་པ་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། དེ་ཡང་ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ་གང་ལ་དབང་ཞུ་བའི་ཡུལ་དུ་གྱུར་པའི་སློབ་དཔོན་ཉིད་ཀྱང་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཅོས་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དངོས་ཡིན་སྙམ་པའི་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་སྙིམ་པ་ཏེ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་བོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་ལན་གསུམ། གསུམ་པ་གནང་བ་སྦྱིན་པ་ནི། དེ་ལྟར་སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་ཀྱིས་གསོལ་བ་བཏབ་པར་གྱུར་པ་ལ་འདོད་དོན་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ན་རག་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་བརྗོད་ལ། དེ་ལྟར་སློབ་བུ་ལས་ཀྱི་རྡོ་རྗེས་དཀྱིལ་འཁོར་གྱི་ནང་དུ་དྲངས་པར་མོས་སུ་འཇུག་ཅིང་ཡོལ་བ་བསལ། བཞི་པ་བཤགས་པ་བྱ་བ་ནི། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པའི་སྤྱན་སྔར་ཉེས་བྱས་ཀྱི་སྡིག་ལྟུང་རྣམས་བཤགས་སྡོམས་ཀྱི་བསམ་པས་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛོད། ཀྱེ་མ་ཀྱེ་ཧུད་བདག་འདྲ་བས། །ལས་ངན་རྣམ་སྨིན་མྱོང་འགྱུར་ན། །ཉེས་བྱས་འགྱོད་པས་མཐོལ་ལོ་བཤགས། །མགོན་པོའི་ཐུགས་རྗེས་བདག་སྒྲོལ་ཅིག །ཅེས་བརྗོད། ལྔ་པ་སེམས་བསྐྱེད་པ་ལ་གཉིས་ལས། དང་པོ་ཀུན་རྫོབ་སེམས་བསྐྱེད་ནི། འདི་ལྟར་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་ཡིན་པ་ལ་མ་རིག་འཁྲུལ་པའི་དབང་གིས་མེད་སྣང་འཇིགས་རུང་འཁོར་བའི་གནས་ན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་པར་སྤྱོད་པ་འདི་རྣམས་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཀུན་རྫོབ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་ལན་གསུམ་བརྗོད། གཉིས་པ་དོན་དམ་སེམས་བསྐྱེད་ནི། དེ་ལྟར་རང་སེམས་ལྷག་པ་བདེན་གཉིས་ཟུང་འཇུག་དབྱེར་མེད་ཀྱི་དོན་ལ་བློ་འབྱོར་བའམ་སྐྱེ་བའི་ཆེད་དུ་དོན་དམ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགགས། །འགགས་པ་ཉིད་ན་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མ་འོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་བརྗོད། དྲུག་པ་མེ་ཏོག་དོར་བ་ནི། སྔར་གཏད་པའི་མེ་ཏོག་ཉིད་ཐལ་མོའི་བར་དུ་བཟུང་བ་ཉིད་སློབ་དཔོན་གྱི་ལུས་གདོད་ནས་རིགས་ལྔའི་དཀྱིལ་འཁོར་དུ་བཞུགས་པ་ལ་འདོར་བར་གསུངས་ཀྱང་། འདིར་འཇུག་པ་བདེ་ཕྱིར་མཎྜལ་གྱི་ར་བ་འདི་ཉིད་རིགས་ལྔའི་ལྷར་བཞུགས་པ་ལ། དེ་ཡང་ངོ་བོ་ཡེ་ཤེས་གཅིག་ལས་གཙོ་འཁོར་གྱི་རྣམ་པར་ཤར་བ་མ་གཏོགས་དོན་ལ་བཟང་ངན་མེད་ཀྱང་རང་གི་སྔོན་ལས་ཀྱིས་འབྲེལ་བའི་ལྷ་དེ་ལ་འབབ་པར་ཤོག་སྙམ་དུ་འདིའི་རྗེས་ཟློས་མཛོད། ཧཱུྃ། སློབ་དཔོན་སྐུ་ཡི་དཀྱིལ་འཁོར་དུ། །རིན་ཆེན་མེ་ཏོག་འདི་དོར་བས། རྣམ་པར་དག་པའི་ལས་གང་གིས། ཐུགས་རྗེས་མཉེས་པར་བགྱིད་མཛད་ལྷ། །གང་ཡིན་དེ་ལ་འབབ་པར་ཤོག །ༀ་པྲ་ཏི་གྲྀ་ཧྣ་ཧཱུཾ། པྲ་ཏི་ས་མ་ཡ་སྟྭཾ། བོ་དྷི་ཙིཏྟས་མ་ཡ་སྟཾ། ཞེས་མེ་ཏོག་དོར་ཏུ་བཅུག་ནས་གང་ལ་བབས་པའི་རིགས་ངེས་པར་བྱས་ཏེ། དབུས་སུ་བབས་ན་རྡོ་རྗེའི་རིགས། ཤར་དུ་དེ་བཞིན་གཤེགས་པའི་རིགས། ལྷོ་རུ་རིན་ཆེན་རིགས། ནུབ་ཏུ་པདྨའིརིགས་། བྱང་དུ་ལས་ཀྱི་རིགས་ཏེ་རིགས་གང་ཡིན་ངོས་བཟུང་ནས། གསང་མཚན་ནི། དབུས་སུ་བབས་ན་རྡོ་རྗེ་སྙིང་པོ་རྩལ། རྡོ་རྗེ་ཡང་དག་རྩལ། རྡོ་རྗེ་ཐུགས་མཆོག་རྩལ། རྡོ་རྗེ་འགྱུར་མེད་རྩལ། རྡོ་རྗེ་དྲག་པོ་རྩལ། ཞེས་སོགས་དང་། མོ་རྣམས་ལ། རྡོ་རྗེ་དབྱིངས་ཕྱུག་རྩལ་ལྟ་བུ། ཤར་དུ་བབས་ན། རྡོ་རྗེ་སྐུ་མཆོག་རྩལ། རྡོ་རྗེ་བདེ་གཤེགས་རྩལ། རྡོ་རྗེ་ལྷུན་གྲུབ་རྩལ། རྡོ་རྗེ་བཻ་རོ་ཙ་ན་རྩལ། ཞེས་སོགས་དང་། མོ་རྣམས་ལ། དེ་བཞིན་དབྱིངས་ཕྱུག་རྩལ། ཞེས་པ་ལྟ་བུ། ལྷོ་རུ་བབས་ན། རྡོ་རྗེ་ཡོན་ཏན་གཏེར་འབྱུང་རྩལ། རྡོ་རྗེ་དཔལ་མཆོག་རྩལ། རྡོ་རྗེ་རིན་ཆེན་སྙིང་པོ་རྩལ། ཞེས་སོགས་དང་། མོ་རྣམས་ལ། རིན་ཆེན་དབྱིངས་ཕྱུག་རྩལ། ཞེས་པ་ལྷ་བུ། ནུབ་ཏུ་བབས་ན། རྡོ་རྗེ་གསུང་མཆོག་རྩལ། རྡོ་རྗེ་མྱུ་གུ་རྩལ། རྡོ་རྗེ་མ་ཆགས་པདྨ་རྩལ། རྡོ་རྗེ་དྲི་མེད་རྩལ། ཞེས་སོགས་དང་། མོ་རྣམས་ལ། པདྨ་དབྱིངས་ཕྱུག་རྩལ། ཞེས་པ་ལྟ་བུ། བྱང་དུ་བབས་ན། རྡོ་རྗེ་ལས་རབ་རྩལ། རྡོ་རྗེ་ཁྱུང་གཤོག་རྩལ། རྡོ་རྗེ་ཐོགས་མེད་རྩལ། རྡོ་རྗེ་བདུད་འཇོམ་རྩལ། ཞེས་སོགས་དང་། མོ་རྣམམ་ལ། ལས་ཀྱི་དབྱིངས་ཕྱུག་རྩལ། ཞེས་པ་ལྟ་བུ་རིགས་དང་མཐུན་པའི་མིང་གདགས། བདུན་པ་མེ་ཏོག་གི་དབང་ནི། དེ་ནས་སྔར་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་གང་ལ་བབས་པའི་ལྷ་དེས་སླར་ཡང་དབང་། རྟགས་ཅོད་པན་གྱི་ཚུལ་དུ་དབང་བསྐུར་བར་བསམ་ལ། ཧཱུཾ། དམ་ཚིག་བདེན་པ་ཆེན་པོའི་མཐུས། །སྔོན་སྦྱངས་ལས་ཀྱི་འབྲེལ་བ་དང་། །གཉིས་སུ་མེད་པའི་མཐུ་སྟོབས་ཀྱིས། །མཉམ་པར་བྱིན་རླབས་མཛད་དུ་གསོལ། །ཧཱུཾ། བཛྲ་ས་ཏཱ་ཨ་བེ་ཤ་ཡ་ཨཱཿ ཞེས་མེ་ཏོག་གི་ཕྲེང་བ་མགོ་བོར་བཅིང་། བརྒྱད་པ་མིག་དབྱེ་བ་ནི། དེ་ནས་མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་ཅིག་ཏུ་བསལ་བའི་མོས་པ་མཛོད། ཧཱུཾ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །མ་རིག་ལྡོངས་པ་བསལ་བ་ལྟར། །རྡོ་རྗེ་སེམས་དཔའ་རིགས་ཀྱི་ལྷས། །སྐལ་ལྡན་བུ་ཁྱོད་མིག་ཕྱེའོ། །ཞེས་པའི་མཐར། བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ལ་གསེར་ཐུར་ཐོགས་ཏེ་མིག་དབྱེ་བའི་རྒྱས་གདོང་གཡོགས་བསལ། དགུ་པ་མཐོང་བ་བསྟན་པ་ནི། ཧོ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་རོ། །ཞེས་བརྗོད་ལ། དེ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པ་བལྟ་བར་བསྐུལ་བ་ནི། དེ་ཡང་འོག་གཞི་འབྱུང་བ་རིམ་བརྩེགས་དང་བཅས་པའི་རི་རབ་ཀྱི་སྟེང་དུ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་ཕྱི་ནང་གཉིས་རིམ་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་གཞིན་མཐིང་དཀར་སེར་དམར་ལྗང་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེ་སྣ་ཚོགས་པས་བཀྲ་བ་འཕྱར་སྟབས་སུ་བཀོད་པའི་མཐར་མུ་ཏིག་གི་མགུལ་འཁོར་འཆང་བ། དེའི་སྟེང་དུ་བྲེ་ཕུལ་གྱི་སྣམ་བུ་ལ་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་མ་ཀ་རའི་ཁ་ནས་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ། དར་དང་རྔ་ཡབ་དྲིལ་བུ་དང་མེ་ལོང་། ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་མཛེས་པ། དེའི་ཕྱི་ངོས་སུ་བྱ་འདབས་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། སྟེང་ངོས་སུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན། དེ་དག་གི་བར་བར་དུ་བུམ་པ་ལ་གནས་པའི་རྒྱལ་མཚན་དང་། ཟུར་བཞིར་རྣམ་པར་བཀྲ་བའི་གདུགས་ཀྱིས་བརྒྱན་པ། རིམ་པ་གཉིས་ཀའི་རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་གཟུགས་རྡོ་རྗེ་ལ་སོགས་ལྷ་མོ་རྣམས་ཀྱིས་མཆོད་སྤྲིན་རབ་འབྱམས་སྤྲོ་བ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་བརྒྱན་པ། ཕྱི་མའི་སྒོ་ཁང་ཐེམ་སྐས་དང་བཅས་པའི་སྒོ་ལོགས་ཀྱི་ཟུར་བཞི་ནས་བུམ་པ་ལ་གནས་པའི་ཀ་བ་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བརྒྱད་པ་བསིལ་ཁང་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་གདུགས་ཀྱིས་ཕུབ་པ་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། གཞན་ཡང་གདུགས་དང་རྒྱལ་མཚན། བ་དན་སྣ་ཚོགས་པ་དང་གསེར་གྱི་དྲིལ་བུ་ལ་སོགས་པས་བརྒྱན་པ། སྒོའི་གཡས་གཡོན་གྱི་གཞི་ལ་ཏྭ་ལའི་ལྗོན་པ་དང་དཔག་བསམ་གྱི་ཤིང་ལ་བཀྲ་ཤིས་པའི་བྱ་སྙན་པར་སྒྲོག་པ་སྣ་ཚོགས་གནས་པ། ཤིང་དེ་དག་ཀྱང་གསེར་གྱི་ཐ་གུས་བྲེས་ཤིང་དྲིལ་བུ་དང་གཡེར་ཁ་ཆོས་ཀྱི་སྒྲ་སྙན་པར་ཁྲོལ་བས་མཛེས་པ། ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་རྫིང་བུ་ལ་ལྷ་མོ་སྣ་ཚོགས་བདེ་བར་རྩེ་བ། རིན་པོ་ཆེའི་ཕུང་པོ་འོད་འབར་བ་རེ་རེ་སྟེ་བརྒྱད་དང་། གཞན་ཡང་རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་པའི་རྫས་བརྒྱད་སོགས་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པར་གང་བའོ། །གཞལ་ཡས་ཁང་གི་ནང་བར་ཁྱམས་གྲུ་བཞི་པ་ཉིས་རིམ་གྱི་ནང་མ་གྲུ་ཆད་དང་བཅས་པའི་ལྟེ་བ་རེའུ་མིག་དགུ་པ་འཁོར་ལོ་སུམ་རིམ་མུ་ཁྱུད་དང་བཅས་པས་བསྐོར་བའི་ཕྱོགས་བཞི་ནས་རིགས་ཀྱི་མཚན་མ་ཅན་གྱི་ཀ་བ་བརྒྱད་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་ཟླུམ་དང་། གདུང་ཆེན་བཞིས་མིག་མང་རིས་སུ་བྲིས་པས་མཛེས་པར་ཕུབ་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པ། ཕྱི་ནང་གཉིས་ཀའི་སྟེང་འོག་ཐམས་ཅད་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བ་དྭངས་ཤིང་སྒྲིབ་པ་མེད་པ་ཀུན་ཏུ་གསལ་བ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་རྫོགས་པ། དེའི་ཕྱི་རོལ་དུ་རཱུ་དྲ་ལོངས་སྤྱོད་དང་བཅས་པ་དབྱིངས་སུ་བསྒྲལ་བའི་དུར་ཁྲོད་ཆེན་པོ་བརྒྱད། དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་འཇིགས་པར་བྱས་པའི་ཕྱི་ནས་རྡོ་རྗེ་སྲུང་བའི་གུར་ཁང་འབར་བ་མེའི་འོད་ཟེར་ཀུན་ཏུ་འཕྲོ་བས་ཡོངས་སུ་བསྐོར་བའི་ལྷ་གནས་སོ་སོར་གདན་གྱི་རིམ་པ་ནི། གཙོ་བོ་དང་དེ་བཞིན་གཤེགས་པ་རིགས་ལྔའི་གནས་སུ་སེང་གེ། གླང་པོ། རྟ་མཆོག །རྨ་བྱ། ཤང་ཤང་རྣམས་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་དྲུག་གི་སྟེང་དུ་པད་ཉི་ཟླ་བ་སྟེ་ལྔ་བརྩེགས། ཆེ་མཆོག་དང་ཁྲག་འཐུང་དགུའི་གནས་སུ་པད་ཟླ་ཉི་མའི་སྟེང་དྲེགས་པ་ཅན་ཁྱོ་ཤུགས་ཟུང་རེ། སེམས་དཔའ་བརྒྱད་ཀྱི་གནས་སུ་པད་ཉི་ཟླ་བ། མ་མོ་བཅུ་དྲུག །མཐར་བྱེད་བཞི། སྒོ་སྐྱོང་བཞི་རྣམས་ཀྱི་གནས་སུ་ཉི་མ་དང་ཞིང་གི་གདན་རེ་རེ། ཐུབ་པ་དྲུག་གི་གནས་སུ་པད་རྐྱང་དང་། དབང་མོ་རྣམས་ཀྱི་གནས་སུ་ཞིང་སྐམ་པོའི་གདན་རེ་རེ་སྟེ། དེ་རྣམས་ནི་རྟེན་དཀྱིལ་འཁོར་རོ། །བརྟེན་པ་ལྷའི་དཀྱིལ་འཁོར་ནི། དེ་ལྟ་བུའི་གཞལ་ཡས་ཁང་གི་དབུས་ཀྱི་གདན་ལ་ཡིད་ཀྱི་རྣམ་ཤེས་གནས་སུ་དག་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་ཨིནྡྲ་ནཱི་ལའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་འོད་ཟེར་རབ་ཏུ་འབར་བ་ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་རབ་ཏུ་འཛུམ་པའི་མདངས་གསལ་བའི་ཞལ་གྱི་འགྱུར་པ་ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པའི་ཉམས་ཅན་མཚན་དང་དཔེ་བྱད་ཀྱིས་འབར་བ། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་ཅན། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཆོས་ཀྱི་ངོ་བོ་གནས་སུ་དག་པ་ཡུམ་ཀུན་ཏུ་བཟང་མོ་མཐིང་ག་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཉིས་ཀྱིས་ཡབ་ལ་འཁྱུད་ཅིང་པདྨའི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀའང་ལྷ་རྫས་ཀྱི་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་ཚི་ཀུའི་སྨད་དཀྲིས་ཁ་དོག་སྣ་ཚོགས་པའི་ཅོད་པན། ཟི་ལྡིར། གར་གྱི་ཕུ་དུང་སྟེ། དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། སེ་མོ་དོ། དོ་ཤལ། སྐ་རགས། ཕྱག་ཞབས་ཀྱི་གདུ་བུ་སྟེ། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྟུག་གཟི་བྱིན་ལྡན་པ་སྟེ། ཞི་བའི་ཉམས་དགུ་རྒྱས་པ། སངས་རྒྱས་ཀྱི་སྤྲིན་ཕུང་མཐའ་ཡས་པར་འཆར་བའི་འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་འཕྲོ་ཞིང་འབར་བའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའོ། གཙོ་བའི་གཡས་སུ་རྣམ་ཤེས་ཀྱི་ཕུང་པོ་དག་འབྱུང་བ་ནམ་མཁའི་ཁམས་གནས་སུ་དག་པ་ཐུགས་རྡོ་རྗེའི་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེའི་མི་བསྐྱོད་པ་དང་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ། དེའི་ཕྱི་རོལ་གྱི་རེའུ་མིག་ལ། ཤར་དུ་གཟུགས་ཕུང་དང་འབྱུང་བ་སའི་ཁམས་གནས་སུ་དག་པ་སྐུ་རྡོ་རྗེ་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་ཡུམ་སངས་རྒྱས་སྤྱན་མ། ལྷོ་རུ་ཚོར་ཕུང་དང་འབྱུང་བ་ཆུའི་ཁམས་གནས་སུ་དག་པ་ཡོན་ཏན་རྡོ་རྗེའི་བདག་ཉིད་བཅོམ་ལྡན་འདས་རིན་ཆེན་འབྱུང་གནས་དང་ཡུམ་མཱ་མ་ཀཱི། ནུབ་ཏུ་འདུ་ཤེས་ཀྱི་ཕུང་པོ་དང་འབྱུང་བ་མེའི་ཁམས་གནས་སུ་དག་པ་གསུང་རྡོ་རྗེའི་བདག་ཉིད་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དང་ཡུམ་གོས་དཀར་མོ། བྱང་དུ་འདུ་བྱེད་ཀྱི་ཕུང་པོ་དང་འབྱུང་བ་རླུང་གི་ཁམས་གནས་སུ་དག་པ་ཕྲིན་ལས་རྡོ་རྗེའི་བདག་ཉིད་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དང་ཡུམ་དམ་ཚིག་སྒྲོལ་མ་སྟེ། ཡབ་རྣམས་རྫོགས་པའི་སྐྱིལ་མོ་ཀྲུང་དང་ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་རོལ་པ། ཐམས་ཅད་ཀྱང་རྒྱན་དང་ཆ་ལུགས་གཙོ་བོ་དང་མཚུངས་པའོ། །དཀྱིལ་འཁོར་གྱི་དབུས་ཀྱི་གཙོ་བོའི་མདུན་དུ་ཀུན་གཞིའི་རྣམ་ཤེས་གནས་སུ་དག་པ་དཔལ་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན་ཞལ་གཅིག་ཕྱག་གཉིས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་པ། སྨ་ར་དང་སྨི ན་མ་དམར་སེར་འབར་ཞིང་དབུ་སྐྲ་གྱེན་དུ་འཁྱིལ་པ། རྡོ་རྗེའི་བ་སྤུ་ཅན། ཕྱག་གཡས་རྡོ་རྗེ་དང་གཡོན་དམར་གྱིས་གང་བའི་དུང་ཆེན་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། སྒེག་པ་ལ་སོགས་པ་གར་དགུའི་ཉམས་ཀྱི་རོལ་པ། ཞིང་ཆེན་གྱི་གཡང་གཞི་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། ཐོད་པ་སྐམ་པོ་ལྔ་རིགས་ལྔའི་རྩེ་ཕྲན་ཅན་གྱི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ། རུས་པའི་རྒྱན་དྲུག་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ། ཁྲག་ཞག་ཐལ་བ་སོགས་དུར་ཁྲོད་འབར་བའི་ཆས་ཅན། ཞབས་གཡོན་བསྐུམ་ཞིང་། གཡས་བརྐྱང་པའི་དོར་སྟབས་ཀྱིས་དབང་ཕྱུག་ཁྱོ་ཤུག་གི་མགོ་དང་ནུ་མ་ནས་བརྫིས་པའི་ཕང་དུ་ཡིད་ཆོས་གནས་སུ་དག་པ་ཡུམ་གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ་གཅེར་བུ་སྐྲ་གྲོལ་ཞིང་ལང་ཚོས་སྒེག་པ། གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་གཡོན་དུང་དམར་སྟོབས་པའི་ཚུལ་དུ་འཛིན་པ། གཟིག་གི་པགས་པའི་ཤམ་ཐབས་སོགས་དུར་ཁྲོད་རོལ་པའི་ཆས་ཅན། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པས་གཙོ་བོ་དང་དགྱེས་པར་འཁྲིལ་བ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ཅན། ཡེ་ཤེས་ཀྱི་མེ་དཔུང་འབར་པའི་ཀློང་ན་བཞུགས་པའོ། །གཙོ་བོའི་གཡོན་དུ་ཞེ་སྡང་དང་མཁའ་སེམས་དག་པ་ཐུགས་རྡོ་རྗེའི་བདག་ཉིད་རྡོ་རྗེ་ཁྲག་འཐུང་ཡབ་ཡུམ། འཁོར་ལོ་ནང་མ་བརྩིབས་བརྒྱད་པ་ལ་རིམ་བཞིན། ཤར་དུ་གཏི་མུག་དང་ཤ་ཁམས་དག་པ་སྐུ་རྡོ་རྗེའི་བདག་ཉིད་སངས་རྒྱས་ཁྲག་འཐུང་ཡབ་ཡུམ། ལྷོ་རུ་ང་རྒྱལ་དང་ཁྲག་ཁམས་དག་པ་ཡོན་ཏན་རྡོ་རྗེའི་བདག་ཉིད་རིན་ཆེན་ཁྲག་འཐུང་ཡབ་ཡུམ། ནུབ་ཏུ་འདོད་ཆགས་དང་དྲོད་ཁམས་དག་པ་གསུང་རྡོ་རྗེའི་བདག་ཉིད་པདྨ་ཁྲག་འཐུང་ཡབ་ཡུམ། བྱང་དུ་ཕྲག་དོག་དང་དབུགས་ཁམས་དག་པ་ཕྲིན་ལས་རྡོ་རྗེའི་བདག་ཉིད་ལས་ཀྱི་ཁྲག་འཐུང་ཡབ་ཡུམ། ཤར་ལྷོར་ཕྱིན་ཅི་ལོག་གི་ལྟ་བ་དང་དྲོད་སྐྱེས་ཀྱི་རྟོག་པ་འཇོམས་པའི་བདག་ཉིད་རཀྴ་ཧེ་རུ་ཀ་ཡབ་ཡུམ། ལྷོ་ནུབ་ཏུ་མྱོང་བྱེད་དང་མངལ་སྐྱེས་ཀྱི་རྟོག་པ་འཇོམས་པའི་བདག་ཉིད་ས་ནུ་ཧེ་རུ་ཀ་ཡབ་ཡུམ། ནུབ་བྱང་དུ་སྐྱེ་གནས་དང་བརྫུས་སྐྱེས་ཀྱི་རྟོག་པ་འཇོམས་པའི་བདག་ཉིད་གུ་ཧྱ་ཧེ་རུ་ཀ་ཡབ་ཡུམ། བྱང་ཤར་དུ་རེག་བྱ་དང་སྒོང་སྐྱེས་རྟོག་པ་འཇོམས་པའི་བདག་ཉིད་ཡཀྴ་ཧེ་རུ་ཀ་ཡབ་ཡུབ་སྟེ། ཐམས་ཅད་ཀྱང་གར་དགུའི་རོས་སྒེག་ཅིང་དུར་ཁྲོད་རོལ་བའི་ཆས་ཀྱིས་བརྒྱན་པའོ། །འཁོར་ལོ་བར་མ་རྩིབས་བརྒྱད་པ་ལ་རིམ་བཞིན། ཤར་དུ་མིག་ཤེས་དང་ཡུལ་གཟུགས་གནས་སུ་དག་པ་ས་སྙིང་ཡབ་ཡུམ། ལྷོ་རུ་རྣ་བའི་རྣམ་ཤེས་དང་ཡུལ་སྒྲ་གནས་སུ་དག་པ་ནམ་སྙིང་ཡབ་ཡུམ། ནུབ་ཏུ་སྣའི་རྣམ་ཤེས་དང་ཡུལ་དྲི་གནས་སུ་དག་པ་སྤྱན་རས་གཟིགས་ཡབ་ཡུམ། བྱང་དུ་ལྕེའི་རྣམ་ཤེས་དང་ཡུལ་རོ་གནས་སུ་དག་པ་ཕྱག་རྡོར་ཡབ་ཡུམ། ཤར་ལྷོར་མིག་དབང་དང་འདས་པའི་དུས་གནས་སུ་དག་པ་བྱམས་པ་ཡབ་ཡུམ། ལྷོ་ནུབ་ཏུ་རྣ་བའི་དབང་པོ་དང་ད་ལྟར་གྱི་དུས་གནས་སུ་དག་པ་སྒྲིབ་སེལ་ཡབ་ཡུམ། ནུབ་བྱང་དུ་སྣའི་དབང་པོ་དང་མ་འོངས་པའི་དུས་གནས་སུ་དག་པ་ཀུན་བཟང་ཡབ་ཡུམ། བྱང་ཤར་དུ་ལྕེའི་དབང་པོ་དང་མ་ངེས་པའི་དུས་གནས་སུ་དག་པ་འཇམ་དཔལ་ཡབ་ཡུམ་སྟེ། ཡབ་རྣམས་གཡས་བརྐྱང་བའི་ཕྱེད་སྐྱིལ་ལ་ཡུམ་རྣམས་གཡོན་བརྐྱང་ཕྱེད་སྐྱིལ་གྱིས་འཁྱུད་པ། ཐམས་ཅད་ཀྱང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །འཁོར་ལོ་ཕྱི་མ་རྩིབས་བཅུ་དྲུག་པའི་ཕྱོགས་མཚམས་བརྒྱད་པོར་རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་རྟགས་སུ་ཤར་དུ་ཀ་རཱི་མ། ལྷོ་རུ་ཙ་རཱི་མ། ནུབ་ཏུ་པྲ་མོ་ཧཱ། བྱང་དུ་བེ་ཏ་ལཱི། ཤར་ལྷོར་པུཀྐ་སཱི། ལྷོ་ནུབ་ཏུ་གྷསྨ་རཱི། ནུབ་བྱང་དུ་སྨེ་ཤ །བྱང་ཤར་དུ་ཙཎྜ་ལཱི་སྟེ་གནས་ཀྱི་མ་མོ་བརྒྱད། དེ་ཐམས་ཅད་ཀྱང་གཅེར་བུ་ལང་ཚོས་སྒེག་ཅིང་ཁྲོ་འཛུམ་བཞད་པ། དུར་ཁྲོད་རོལ་པའི་ཆས་ཅན་གཡོན་བརྐྱང་བའི་སྟབས་ཀྱིས་གནས་པའོ། །ཕྱོགས་ཀྱི་རྩིབས་བཞིའི་གཡོན་ལོགས་ཀྱི་རྩིབས་རྣམས་སུ་རིམ་པ་བཞིན། རྣམ་ཤེས་བརྒྱད་ཀྱི་ཡུལ་བརྒྱད་གནས་སུ་དག་པའི་རྟགས་སུ་སེང་གདོང་མ། སྟག་གདོང་མ། ཝ་གདོང་མ། སྤྱང་གདོང་མ་སྟེ་མཆེ་བ་ཅན་བཞི་དང་། མཚམས་ཀྱི་རྩིབས་བཞིའི་གཡོན་ལོགས་ཀྱི་རྩིབས་རྣམས་སུ་རིམ་པ་གཞིན་རྒོད་གདོང་མ། ཀངྐའི་གདོང་མ། བྱ་རོག་གདོང་མ། འུག་གདོང་མ་སྟེ་གཤོག་པ་ཅན་བཞི་སྟེ་ཡུལ་གྱིས་ཕྲ་མེན་བརྒྱད། དེ་ཐམས་ཅད་ཀྱང་གཅེར་བུ་རང་རང་ཁྲོས་པའི་ཞལ་ཅན་དུར་ཁྲོད་འབར་བའི་ཆས་དང་ལྡན་པའོ། །དཀྱིལ་འཁོར་ནང་མའི་ཁྱམས་ལ། ཤར་ལྷོར་ང་རྒྱལ་གནས་སུ་དག་པ་ལྷའི་ཐུབ་པ། བྱང་དུ་ཕྲག་དོག་གནས་སུ་དག་པ་ལྷ་མིན་གྱི་ཐུབ་པ། ལྷོ་རུ་འདོད་ཆགས་གནས་དུ་དག་པ་མིའི་ཐུབ་པ། ནུབ་བྱང་དུ་གཏི་མུག་གནས་སུ་དག་པ་བྱོལ་སོང་གི་ཐུབ་པ། ལྷོ་ནུབ་ཏུ་སེར་སྣ་གནས་སུ་དག་པ་ཡི་དྭགས་ཀྱི་ཐུབ་པ། བྱང་ཤར་དུ་ཞེ་ལྡང་གནས་སུ་དག་པ་དམྱལ་བའི་ཐུབ་པ་སྟེ། ཐམས་ཅད་ཀྱང་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན་འགྲོ་བའི་དོན་ལ་བཞེངས་ལྟབས་ཀྱིས་གནས་པའོ། །ཁྱམས་ནང་མའི་སྒོ་ཕུབ་བཞི་ལ། ཤར་སྒོར་རེག་ཤེས་དང་རྟག་པར་ལྟ་བ་གནས་སུ་དག་པ་གཤིན་རྗེ་གཤེད་ཡབ་ཡུམ། ལྷོ་སྒོར་རེག་བྱ་དང་ཆད་པར་ལྟ་བ་གནས་སུ་དག་པ་སྟོབས་པོ་ཆེ་ཡབ་ཡུམ། ནུབ་སྒོར་རེག་བྱེད་དང་བདག་ཏུ་ལྟ་བ་གནས་སུ་དག་པ་རྟ་མགྲིན་ཡབ་ཡུམ། བྱང་སྒོར་རེག་པ་དང་མཚན་མར་ལྟ་བ་གནས་སུ་དག་པ་བདུད་རྩི་འཁྱིལ་པ་ཡབ་ཡུམ་སྟེ། ཐམས་ཅད་ཀྱང་ཁྲོ་གཏུམ་མི་བཟད་པའི་ཉམས་ཅན་གྱད་ཀྱི་འདོར་སྟབས་སུ་བཞུགས་པའོ། །མཐར་བྱེད་བཞིའི་ཕྱི་ངོས་ཀྱི་སྒོ་གཡབ་བཞི་ལ་ཕྱིན་ཅི་ལོག་བཞི་གནས་སུ་དག་པའི་རྟགས་སུ་ཤར་སྒོར་རྟ་གདོང་མ། ལྷོ་སྒོར་ཕག་གདོང་མ། ནུབ་སྒོར་སེང་གདོང་མ། བྱང་སྒོར་སྤྱང་གདོང་མ་དང་། དཀྱིལ་འཁོར་ཕྱི་མའི་ཁྱམས་དང་སྒོ་བཞིར་སྒལ་ཚིགས་ཉེར་བརྒྱད་དང་སྣ་ཚོགས་རྟོག་པ་གནས་སུ་དག་པའི་རྟགས་སུ་ཤར་སྟོད་ནས་རིམ་པ་བཞིན་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ཚངས་པ་དང་། འཁྲུག་མོ་དང་། བརྒྱ་བྱིན་མ་དང་། ཁྱབ་འཇུག་མ་དང་། དབང་མོ་དང་། ལྷོ་སྟོད་ནས་རིམ་བཞིན་ཞི་བ་མོ་དང་། བདུད་རྩི་མོ་དང་། ཞི་བ་མ་དང་། བེ་ཅོན་མོ་དང་། སྲིན་མོ་དང་། ཟ་བྱེད་མོ་དང་། ནུབ་སྟོད་ནས་རིམ་བཞིན་དཀའ་བྱེད་མོ་དང་། ཁྲག་འཐུང་མ་དང་། གཅིག་སྤྱོད་མ་དང་། འདོད་པ་མོ་དང་། ནོར་སྲུང་མ་དང་། རླུང་ལྷ་མོ་དང་། བྱང་སྟོད་ནས་རིམ་བཞིན་གསོད་བྱེད་མོ་དང་། མི་མོ་དང་། ཕག་མོ་དང་། རྒན་བྱེད་མོ་དང་། སྣ་ཆེན་མོ་དང་། ཆུ་ལྷ་མོ་དང་། ཤར་སྒོར་ནག་མོ་ཆེན་མོ་དང་། ལྷོ་སྒོར་རྡོ་རྗེ་མོ་དང་། ནུབ་སྒོར་བུམ་སྣ་མོ་དང་། བྱང་སྒོར་གསུས་འཛིན་མ་སྟེ། ཐམས་ཅད་ཀྱང་དྲག་མོའི་གཟུགས་ཅན་དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན་ཏེ་ཞིང་གི་གདན་ལ་རོལ་པའོ། །གཞན་ཡང་དཀྱིལ་འཁོར་ཆེན་པོའི་ཕྱིར་འཁོར་ཡུག་ལ་ཁྲོ་བོ་ཆེན་པོ་ཡབ་ཡུམ་བཅུ། རྟག་པའི་རྒྱལ་མོ་ལྔ། དབྱིངས་ཕྱུག་ཡུམ་ཆེན་ལྔ། མཁའ་འགྲོ་སུམ་ཅུ་རྩ་གཉིས། སྤྲུལ་པའི་གིང་ཆེན་ཕོ་མོ། མ་མོ་བདུན། སྲིང་མོ་བཞི། འབར་མ་བརྒྱད་ལ་སོགས་ཏེ་སྤྲུལ་པ་དང་ཡང་སྤྲུལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་མཐའ་ཡས་པ་དང་བཅས་པ་རྣམས་ཀྱང་རང་རང་གི་རྒྱན་དང་ཆ་ལུགས་དང་ལྡན་ཞིང་སོ་སོའི་འཁོར་གྱིས་བསྐོར་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་མངོན་པར་སྣང་བའི་སྒྱུ་འཕྲུལ་གྱི་རོལ་མོ་བསམ་གྱིས་མི་ཁྱབ་པས་ཡོངས་སུ་བསྐོར་བ་སྟེ། དེ་ལྟར་ན་ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་ཆེན་པོའི་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཇལ་བར་གྱུར་སྙམ་དུ་དགའ་བ་དང་སྤྲོ་བ་ཡང་དག་པར་བསྐྱེད་མཛོད། ཅེས་ཕྱག་ཤིང་གིས་དཀྱིལ་འཁོར་བསྟན་ནས་ངོ་སྤྲོད་པའོ། །དེ་དག་གིས་ནི་ལྷ་དང་སྐལ་བ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་སོང་ལ། དེ་ལྟར་ཞུགས་པའི་ཕན་ཡོན་ཀྱང་། མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་མངོན་དུ་མཐོང་བ་ཡི། །བསོད་ནམས་བརྟགས་པ་གང་ཡིན་པ། །ཕྱིས་བྱས་པ་ཡང་དེ་བཞིན་ནོ། །ཞེས་པས་སྔོན་འོག་མིན་དུ་མཐར་ལམ་པ་ཞུགས་པ་དང་སྐལ་བ་མཉམ་པ་ཡིན་ནོ། །དེ་འདྲའི་དབང་བསྐུར་བ་དེ་ཡང་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་ཅིང་སྒོ་གསུམ་གྱི་དྲི་མ་འཁྲུད་པར་བྱེད་པ་སྟེ། ཧེ་རུ་ཀ་འདུས་པ་ལས། རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་གསུངས། དེ་ལ་སྦྱོར་བ་སྡིག་སྒྲིབ་དག་བྱེད་དང་། དངོས་གཞི་ཡོན་ཏན་ཡར་འཕེལ་གྱི་དབང་གཉིས་ལས། དང་པོ་སྦྱོར་བ་སྡིག་སྒྲིབ་དག་བྱེད་དེ་ལའང་བདུན་གྱི་དང་པོ་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སློབ་བུ་པདྨ་འདབ་བརྒྱད་ཀྱི་ཁྲུས་སའི་གདན་ལ་འཁོད་པ་ལས་སློབ་དཔོན་གྱི་ཐུགས་ཀ་ནས་ཁྲོ་ཚོགས་མཚོན་ཆའི་ཆར་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་སྡིག་སྒྲིབ་སྦྱོང་ཞིང་དབང་བསྐུར་བ་ལ་བར་དུ་གཅོད་པའི་གདོན་བགེགས་ལོག་འདྲེན་ཐམས་ཅད་ཕྱིར་བསྐྲད་པར་མོས་སུ་བཅུག་ལ། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ། ཞེས་བཟླ་ཞིང་ཡུངས་ཐུན་གྱིས་བྲབ། སྤོས་རོལ་དང་བཅས་པས་ཚམ་རྔམས་བྱའོ། །གཉིས་པ་ནི། སློབ་བུས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་གསང་གནས་སུ་དུ། ལྟེ་བར་ཏྲི། སྙིང་གར་པྲེ་རྣམས་ཀྱི་རྣམ་པར་གནས་པ་སོ་སོའི་སྟེང་དུ་རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ་གསུམ་དུ་གསལ་བའི་མོས་པ་མཛོད། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་གསང་གནས་ཀྱི་དུ་བསྲེགས་གཏོར་སྦྱངས་པའི་མོས་པ་མཛོད། རཾ་སྥ་ར་ཎ་ཕཊ། ཡཾ་སྥ་ར་ཎ་ཕཊ། ཁཾ་སྥ་ར་ཎ་ཕཊ། ཅེས་བརྗོད་ཅིང་སྦྱངས། གསུམ་པ་ནི། དེ་ནས་སློབ་དཔོན་གྱི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུཾ་ༀ་སྭཱ་ཧཱ། གཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པར་བསམ་ལ། ༀ་སུ་ར་ཏ་སྟྭཾ། ཞེས་ཐལ་མོ་སྦྱར། བཛྲ་པཉྩ་ལིས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ། ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོ་བར་བསམ་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི༴ བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ན་ར་ཀ་ཤུདྡྷ་ཙཀྵུ་པྲ་བེ་ཤ་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་སྤྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས། སློབ་བུ་ལ་ཕོག་པས་དམྱལ་བར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པའི་མོས་པ་མཛོད། བཞི་པ་ནི། སླར་ཡང་སྔོན་ལས་ཀྱི་སྡིག་ལྟུང་རྣམས་ལ་གནོང་འགྱོད་བཤགས་སྡོམ་གྱི་བསམ་པ་དང་ལྡན་པས་གསོལ་པ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ། ལྔ་པ་ནི། དེ་ལྟར་འདོད་དོན་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ན་རཀ་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་དབང་སྟེགས་སུ་དྲངས་པར་བསམ། དྲུག་པ་ནི། སློབ་དཔོན་གྱིས། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་བཟླ་ཞིང་ཡུངས་ཐུན་གྱིས་བྲབ། དེ་ལྟར་ཐུན་རྣམས་མེ་མཚོན་དུ་གྱུར་ཏེ་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་བཞུ་བ་བཞིན་སྦྱངས་པའི་མོས་པ་མཛོད། བདུན་པ་ནི། དེ་ནས་སློབ་དཔོན་གྱིས་ཁྲུས་བུམ་གྱི་དབང་བསྐུར་བས་བདུད་རྩིའི་ཆུ་རྒྱུན་གྱིས་སློབ་བུའི་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་སངས་ཀྱིས་སྦྱངས་ཏེ་ལུས་ཤེལ་གོང་ཕྱིས་པ་ལྟར་གྱུར་པའི་མོས་པ་མཛོད། ཅེས་ཁྲུས་བུམ་ཐོགས་ལ། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བའི་བུམ་པ་བཟུང་ནས་ནི། །དེ་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཅེས་དང་། ཞི་ཁྲོའི་ཡིག་བརྒྱའི་མཐར་ༀ་ད་ཧ་ད་ཧ་སོགས་བཏགས་པ་བརྗོད་བཞིན་དུ་བཀྲུས་ནས། རིགས་ཀྱི་བུ་འདིས་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཁྲུས་བྱའོ། །དེ་བཞིན་དུ་ལག་པ་བྱིན་རླབས་དོར་བ་ལས་ས་བཅད་གཉིས་པ་མན་ཆད་ཀྱི་སྒོས་ཆོས་བྱེ་བྲག་པ་རྣམས་འདོན་པ་སྤོས་ནས་བྱ་སྟེ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་སྙིང་གའི་པྲེ་བསྲེགས་གཏོར་སྦྱངས་པའི་མོས་པ་མཛོད། རཾ་སྥ་ར་ཎ་ཕཊ། ཡཾ་སྥ་ར་ཎ་ཕཊ། ཁཾ་སྥ་ར་ཎ་ཕཊ། ཅེས་བརྗོད་ཅིང་སྦྱངས། གསུམ་པ་ནི། ༀ་སུ་ར་ཏ་སྟྭཾ། ཞེས་ཐལ་མོ་སྦྱར། བཛྲ་ཨཉྩ་ལིས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ་ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམ་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག༴ ཆོས་ཅན་རྒྱུ་འབྲས་བསླུ་བ༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་༴ བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་པྲེ་ཏ་ཀ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་སྤྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས། སློབ་བུ་ལ་ཕོག་པས་ཡི་དྭགས་སུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པའི་མོས་པ་མཛོད། བཞི་པ་ནི། སླར་ཡང་སྔོན་ལས་ཀྱི་སྡིག་ལྟུང་རྣམས་ལ་གནོང་འགྱོད་ཀྱི་བསམ་པ་དང་ལྡན་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ། ལྔ་པ་ནི། དེ་ལྟར་འདོད་དོན་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་ར་གདའ། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །པྲེ་ཏ་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་དབང་སྟེགས་སུ་དྲངས་པར་བསམ། དྲུག་པ་ནི། སློབ་དཔོན་གྱིས། ༀ་པ་ཙ་པ་ཙ་ས རྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་བཟླ་ཞིང་ཡུངས་ཐུན་གྱིས་བྲབ། དེ་ལྟར་ཐུན་རྣམས་མེ་མཚོན་དུ་གྱུར་ཏེ་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་བཞུ་བ་བཞིན་སྦྱངས་པའི་མོས་པ་མཛོད། བདུན་པ་ནི། དེ་ནས་སློབ་དཔོན་གྱིས་ཁྲུས་བུམ་གྱི་དབང་བསྐུར་བས་བདུད་རྩིའི་ཆུ་རྒྱུན་གྱིས་སློབ་བུའི་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་ཕྱིར་སངས་ཀྱིས་སྦྱངས་ཏེ་ལུས་ཤེལ་གོང་ཕྱིས་པ་ལྟར་གྱུར་པའི་མོས་པ་མཛོད། ཅེས་ཁྲུས་བུམ་ཐོགས་ལ། ཏིལ་གྱི་གང་བུ་བཞིན་གང་པའི། །རྒྱལ་བའི་བུམ་པ་བཟུང་ནས་ནི། །དེ་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཞི་ཁྲོའི་ཡིག་བརྒྱའི་མཐར། ༀ་པ་ཙ་པ་ཙ་སོགས་བཏགས་པ་བརྗོད་བཞིན་དུ་བཀྲུས་ནས། རིགས་ཀྱི་བུ་འདིས་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཁྲུས་བྱའོ། །དེ་བཞིན་དུ་གཉིས་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་ལྟེ་བའི་ཏྲི་བསྲེགས་གཏོར་སྦྱངས་པའི་མོས་པ་མཛོད། རཾ་སྥ་ར་ཎ་ཕཊ། ཡཾ་སྥ་ར་ཎ་ཕཊ། ཁཾ་སྥ་ར་ཎ་ཕཊ། ཅེས་སྦྱངས། གསུམ་པ་ནི། ༀ་ས་ར་ཏ་སྟྭཾ། ཞེས་ཐལ་མོ་སྦྱར། བཛྲ་ཨཉྩ་ལི་ས་ཐལ་མོ་བསྣོལ། བཛྲ་བྷནྡྷ་བཾ། ཞེས་རིགས་ལྔ་ཡབ་ཡུབ་སྦྱོར་བར་བསམ་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བདེན༴ ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི༴ བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཏིརྻ་ཀ་ག་ཏེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་སྤྲུགས་ལ། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་སློབ་བུ་ལ་ཕོག་པས་དུད་འགྲོར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པའི་མོས་པ་མཛོད། བཞི་པ་ནི། སླར་ཡང་སྔོན་ལས་གྱི་སྡིག་ལྟུང་རྣམས་ལ་གནོང་འགྱོད་བཤགས་སྡོམ་གྱི་བསམ་པ་དང་ལྡན་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་གདབ། ལྔ་པ་ནི། དེ་ལྟར་འདོད་དོན་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །དུད་འགྲོའི་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་དབང་སྟེགས་སུ་དྲངས་པར་བསམ། དྲུག་པ་ནི། སློབ་དཔོན་གྱིས། ༀ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་བཟླ་ཞིང་ཡུངས་ཐུན་གྱིས་བྲབ། དེ་ལྟར་ཐུན་རྣམས་མེ་མཚོན་དུ་གྱུར་ཏེ་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་བཞུ་བ་བཞིན་སྦྱངས་པའི་མོས་པ་མཛོད། བདུན་པ་ནི། དེ་ནས་སློབ་དཔོན་གྱི་ཁྲུས་བུམ་གྱིས་དབང་བསྐུར་བས་བདུད་རྩིའི་ཆུ་རྒྱུན་གྱིས་སློབ་མའི་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་སངས་ཀྱིས་སྦྱངས་ཏེ་ལུས་ཤེལ་གོང་ཕྱིས་པ་ལྟར་གྱུར་པའི་མོས་པ་མཛོད། ཅེས་ཁྲུས་བུམ་ཐོགས་ལ། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བའི་བུམ་པ་བཟུང་ནས་ནི། །དེ་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཅེས་དང་། ཞི་ཁྲོའི་ཡིག་བརྒྱའི་མཐར། ༀ་མ་ཐ་མ་ཐ་སོགས་བཏགས་པ་བརྗོད་བཞིན་དུ་བཀྲུས་ནས། རིགས་ཀྱི་བུ་འདིས་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བརྗོད། སྐབས་འདིར་རྣམ་སྣང་དང་མི་འཁྲུགས་པའི་གཟུངས་སྔགས་བཟླ་བའང་བླ་མ་རྣམས་ཀྱི་ཕྱག་ལེན་གྱི་རྒྱུན་ལ་སྣང་བས་དེ་བཞིན་དུ་སྒྲུབ་པ་ནི། ༀ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛ་ཡ་ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་ས མྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎི་བི་ཤུདྡྷེ་སྭཱ་ཧཱ། ཞེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པཱ་ར་ཎི་མེ་སརྦ་ས་ཏྭ་ནཉྩ་སྭཱ་ཧཱ། ཞེས་བཟླས་མཐར། རིགས་ཀྱི་བུས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉོན་མོངས་བག་ཆགས་སྐལ་བ་ངན་པ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཉེ་བར་ཞི་སྟེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད་དོ། །དེ་དག་ནི་ངན་སོང་གནས་འདྲེན་གྱི་དབང་ཞེས་བྱ་སྟེ། བཅུད་ཁྱད་པར་ཅན་སྒྲུབ་པ་ལ་སྔོན་དུ་སྣོད་དག་པར་བྱེད་པ་བཞིན་ནོ། །གཉིས་པ་ཡོན་ཏན་ཡར་འཕེལ་གྱི་དབང་བསྐུར་བ་ལ་བཞི་ལས། དང་པོ་རྡོ་རྗེ་སེམས་དཔའ་བུམ་པའི་དབང་གིས་ལུས་ཀྱི་དྲི་མ་སྦྱང་བ་ནི། སློབ་བུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་རྡོ་རྗེ་སེམས་དཔའ་ཡུམ་དང་བཅས་པའི་རྣམ་པས་འཁོད་པའི་མོས་པ་མཛོད། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །འདི་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་དེ་ལྟར་གསོལ་བ་བཏབ་པར་གྱུར་པ་ལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས། དེ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་མི་བསྐྱོད་པའི་ངོ་བོར་སྟོང་པ་ཉིད་ཀྱི་རང་བཞིན་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར་བར་མོས་ལ། རྣམ་རྒྱལ་བུམ་པ་ཐོགས་ཏེ། སྐུ་གསུམ་དང་ཚིག་ལས་བྱུང་བ། །ཉོན་མོངས་ཞེ་སྡང་འཇོམས་པ་ཡི། །ལྷ་ཡི་བདུད་རྩི་དག་པ་འདིས། །མི་བསྐྱོད་པ་རུ་དབང་བསྐུར་རོ། །ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་ཨ་བྷི་ཥིཉྩ་མི། ཞེས་བུམ་ཆུ་སྤྱི་བོར་གཏིགས་ལ་དབང་བསྐུར་ཞིང་བུམ་ཆུ་བླུད་དོ། །དེ་ལྟར་མི་བསྐྱོད་པའི་རང་བཞིན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱི་དབང་བསྐུར་བས་ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་བ་ལས་མི་བསྐྱོད་པ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་བསམ་ལ། དེ་ལྟར་ན་སྐལ་སྡན་རིག་པ་འ ཛིན་པ་ཁྱོད་ཀྱི་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པར་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་བཞིན་དུ། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རིན་འབྱུང་གི་ངོ་བོར་མཉམ་པ་ཉིད་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་བར་མོས་ལ། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །སེར་སྣའི་རྟོག་པ་རྣམ་པར་འཇོམས། །རྟག་ཏུ་ཆགས་མེད་སྦྱིན་པ་འདིས། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ༀ་མ་ཧཱ་ས་ན་ཏཱ་ཛྙཱ་ན་ཨ་བྷི་ཥིཉྩ་མི། ཞེས་དབུ་རྒྱན་མགོ་བོར་བཀོན་ཞིང་། རྣ་ལྟག་གཡས་སུ་བུམ་ཆུ་གཏིགས། དེ་ལྟར་རིན་འབྱུང་གི་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱི་དབང་བསྐུར་བས་ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་བ་ལས་རིན་འབྱུང་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་བསམ་ལ། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་སེར་སྣ་དག །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དུ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ནས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྣང་མཐའི་ངོ་བོར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་བར་མོས་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །མི་ཕྱེད་རྡོ་རྗེའི་གསང་བ་ལས། །འདོད་ཆགས་རྟོག་པ་རྣམ་པར་འཇོམས། །རྡོ་རྗེ་ཆོས་སུ་དབང་བསྐུར་རོ། །ༀ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་ཨ་བྷི་ཥིཉྩ་མི། ཞེས་རྡོ་རྗེ་ལག་གཡས་སུ་གཏད་ཅིང་ལྟག་པར་བུམ་ཆུ་གཏིགས། དེ་ལྟར་སྣང་བ་མཐའ་ཡས་ཀྱི་རང་བཞིན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་བས་ལུས་ཀྱི་ནང་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་བ་ལས་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་བསམ་ལ། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་སུ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ནས། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དོན་གྲུབ་ཀྱི་ངོ་བོར་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་བར་མོས་ལ། ཐབས་དང་ཤེས་རབ་ལྡན་པ་ཡི། །འགྲོ་དོན་མཉམ་པ་མེད་པ་ཡིས། །ཕྲག་དོག་རྟོག་པ་རྣམ་པར་འཇོམས། །གཉིས་སུ་མེད་པར་དབང་བསྐུར་རོ། །ༀ་མ་ཧཱ་ཀྲྀ་ཏྱཱ་ནུཥྛཱ་ན་ཛྙཱ་ན་ཨ་བྷི་ཥིཉྪ་མི། ཞེས་ལག་གཡོན་དུ་དྲིལ་བུ་གཏད་ཅིང་རྣ་ལྟག་གཡོན་དུ་བུམ་ཆུ་གཏིགས། དེ་ལྟར་དོན་ཡོད་གྲུབ་པའི་རང་བཞིན་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་བས་ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་བ་ལས་དོན་གྲུབ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་བསམ་ལ། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣམ་སྣང་གི་ངོ་བོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་བར་མོས་ལ། རྡོ་རྗེ་མིང་གི་དབང་བསྐུར་བས། །གཏི་མུག་རྟོག་པ་རྣམ་པར་འཇོམས། །ཅིས་ཀྱང་མི་ཆོད་མི་ཤིགས་པའི། །རྡོ་རྗེའི་མིང་དུ་རབ་ཏུ་གྲགས། །ༀ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་ཨ་བྷི་ཥི་ཉྩ་མི། ཞེས་རྡོར་དྲིལ་ལག་གཡས་གཡོན་དུ་གཏད་ཅིང་བུམ་ཆུ་དཔྲལ་བར་གཏིགས། དེ་ལྟར་རྣམ་པར་སྣང་མཛད་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་བས་ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་བ་ལས་རྣམ་པར་སྣང་་མཛད་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་བསམ་ལ། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་གཏི་མུག་དག །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གན ས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །དེའི་མཐར་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་པ་ནི། སྐུའམ་ཕྱག་མཚན་ནམ་ཕྱག་རྒྱ་གནས་གསུམ་དུ་བཞག་ལ། སློབ་བུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གསལ་བའི་སྤྱི་བོར་ཟླ་བ་ལ་གནས་པའི་ༀ་དཀར་པོ། དེ་ཡི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུ་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ༀ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་གྱུར། ༀ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པས་རྒྱས་བཏབ་པའི་མོས་པ་མཛོད། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །དེང་བདག་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་དབང་བསྐུར། དེ་བཞིན་དུ། མགྲིན་པར་པདྨ་ལ་གནས་པའི་ཨཱཾ་དམར་པོ། དེའི་འོད་ཟེར་གྱིས་དེ་གཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། གསུང་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ཨཱཾ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དང་གཉིས་སུ་མེད་པར་གྱུར། ཨཱཾ་ཡོངས་སུ་གྱུར་པ་ལས་མཐའ་དམར་པོ་པདྨ་འཛིན་པས་རྒྱས་བཏབ་པའི་མོས་པ་མཛོད། དཔལ་ལྡན་སངས་རྒྱས་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་གསུང་། །དེང་བདག་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་དབྱིག་ཏུ་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་ཝ་ཨཱ་ཏྨ་ཀོ྅་ཧཾ། ཞེས་དབང་བསྐུར། སྙིང་ཁར་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུར། ཐུགས་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ཧཱུྃ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པར་གྱུར། ཧཱུྃ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པས་རྒྱས་བཏབ་པའི་མོས་པ་མཛོད། དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས། །དེང་བདག་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་དབང་བསྐུར་ཞིང་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་ང་རྒྱལ་བྱའོ། །དེ་ལྟར་དབང་བསྐུར་བས་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་གྱུར་པ་ཉིད་མཆོད་པའི་ཡུལ་དུ་བཟང་བ་ཡིན་པས་མངའ་གསོལ་བའི་མོས་པ་མཛོད། ཅེས་ཀུན་བཟང་། ཞབས་བསིལ། བཞི་བསྣོལ་རྣམས་དབུལ་ལོ། །གཉིས་པ་མཁའ་འགྲོ་མ་གཏོར་མའི་དབང་གིས་གསང་བའི་ཡེ་ཤེས་བྱིན་དབབ་པ་ནི། སློབ་བུ་ལུས་ཀྱི་གནད་གཅེར་བུར་ཕྱུངས། རྐང་པ་རྟིང་སྤྲད་ནས་རྩེ་མོ་བཙུགས། པུས་མོ་ཕྱིར་དགྱེད། ལག་གཉིས་གྲུ་མོ་ཕྱིར་བརྒྱངས་པས་སྤྱི་བོར་གཏོར་མ་བཟུང་། རྩ་དང་ཉྭ་བཞི་གྲིམ་གྱིས་སྒྲིམ་པ་ནི་ལུས་ཀྱི་ལས་སོ། །ངག་གི་ལས། སརྦ་རཱུ་པ་བ་ལིཾ་ཏ་པཱུ་ཛ་ཁ་ཁ་ཁཱ་ཏི་ཁཱ་ཧི། ཞེས་སམ། གང་ཤར་རྩོལ་མེད་དུ་ཀློད་ལ་སྨྲར་གཞུག །སེམས་ཀྱི་ལས་སྣོད་ཀྱི་འཇིག་རྟེན་བྷཉྫ་འབར་བའི་གཏོར་གཞོང་དུ་རྒྱ་ཚད་མེད་པའི་ཟླ་བ་ལ་གནས་པའི་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད། ཕུང་ཁམས་ཀྱི་ཆོས་ཅན་རང་བཞིན་ལྷུན་གྲུབ་དམ་ཚིག་གི་རྫས་སུ་དག་པ་ལ། སྤྱི་བོའི་གཏོར་མ་ཡེ་ཤེས་ལྔའི་རང་བཞིན་བདུད་རྩིའི་དྭངས་མ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་རོ་མཉམ་པ་ཆུ་བོའི་རྒྱུན་བཞིན་དུ་བབས་ནས་རོ་གཅིག་ཏུ་འདྲེན་པའི་བདུད་རྩིའི་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤེལ་བས་འཁོར་འདས་ཐམས་ཅད་མཆོད་ཡུལ་དུ་དག་པའི་སྐུ་གསུང་ཐུགས་ཀྱི་གསང་བ་རང་བཞིན་དབྱིངས་ཀྱི་མཁའ་འགྲོ་མི་ཟད་རྒྱན་གྱི་འཁོར་ལོ་དང་། སློབ་མའི་ལུང་ངག་ཡིད་གསུམ་རོ་གཅིག་པ་བདེ་བ་ཆེན་པོའི་ཡེ་ཤེས་འབར་བ་ལ་སེམས་རྩེ་གཅིག་ཏུ་མ་ཡེངས་པ་མཛོད། ཅེས་བརྗོད་ལ་ཅང་ཏེའུ་སོགས་རོལ་མོའི་སྒྲ་དལ་བྲེལ་སྤེལ་མ་དང་། ཤ་ཆེན་གྱི་སྤོས་སྲེག་པ་དང་བཅས་པས་འཁོར་འདས་ཐམས་ཅད་དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ཡོངས་སུ་སད་པར་བྱས་ལ། ༀ་ཨཱཿཧཱུྂ། ཀུན་བཟང་ཕྱག་རྡོར་ཀུ་ཀུ་རཱ་ཛ་ཆེ། །ཨིནྡྲ་བྷུ་ཏི་ཤཀྱ་པུ་ཏྲའི་ཞབས། །སིདྷ་རཱ་ཛ་ཨུ་པ་རཱ་ཛ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གོ་མ་དེ་བི་རྡོ་རྗེ་ཧཱུཾ་མཛད་རྩལ། །སངས་རྒྱས་གསང་བ་བི་མ་ལ་མི་ཏྲ། །གཉགས་ལོ་གཞོན་ནུ་སོག་པོ་ལྷ་དཔལ་ལ། །གསོལ་བ༴ གནུབས་ཆེན་སངས་རྒྱས་ཡེ་ཤེས་སྲུ་ལེགས་སྒྲོན། །སྲས་མཆོག་གཞོན་སྙིང་ཞུ་སྟོན་བསོད་ནམས་མཚན། །བདེ་གཤེགས་ཟུར་ཆེན་ཟུར་ཆུང་ཤེས་རབ་གྲགས། །གསོལ་བ༴ གླན་དང་འགར་སྟོན་རྡོ་རྗེ་རྒྱལ་མཚན་དཔལ། །རྡོར་འོད་བསོད་ནམས་རྒྱལ་མཚན་ཆོས་སེང་ཞབས། །སངས་རྒྱས་དཔལ་བ་བསོད་ནམས་མགོན་པོ་ལ། །གསོལ་བ༴ སྒྲོལ་ཆེན་བསམ་རྡོར་ཐུགས་སྲས་སངས་རིན་ཞབས། །འགོས་ལོ་གཞོན་དཔལ་བསོད་ནམས་རྒྱ་མཚོའི་སྡེ། །སེ་སྟོན་རིན་རྒྱན་རྒྱ་ཧོར་རྡོ་རྗེ་རྩལ། །གསོལ༴ པཎ་ཆེན་པདྨ་དབང་རྒྱལ་བདུད་འཇོམས་རྗེ། །ཚེ་རིང་དབང་པོ་ངག་དབང་ཕུན་ཚོགས་མཚན། །བརྒྱུད་སྲོལ་ཀུན་འདུས་རིག་འཛིན་གཏེར་བདག་གླིང་། །གསོལ་བ༴ ལོ་ཆེན་ཆོས་དཔལ་རྒྱས་སྲས་རིན་རྣམ་ཞབས། །པདྨ་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ། །ཕྲིན་ལས་ཆོས་སྒྲོན་སངས་རྒྱས་ཀུན་དགའི་དཔལ། །གསོལ་བ༴ བསྟན་འཛིན་ནོར་བུ་ཕན་བདེའི་འོད་ཟེར་འབར། །ཁྱབ་དག་དྲིན་ཆེན་རྩ་བརྒྱུད་བླ་མ་དང་། །རབ་འབྱམས་ཞི་ཁྲོ་དཀྱིལ་འཁོར་འཁོར་ལོའི་ལྷར། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ༀ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་ཱསུ་ཁ་ཛྙཱ་ན་དྷཱ་ཏུ་ཨཿ ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ཅེས་བླ་མ་བརྒྱུད་པའི་མཚན་ཤར་དང་། ཡི་དམ་ཞི་ཁྲོའི་སྔགས་བརྗོད་པའི་མཐར། ན་མོ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་ཡི་དམ་ཞི་ཁྲོ་རབ་འབྱམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་མཁའ་འགྲོ། དམ་ཅན་ཆོས་སྐྱོང་རིགས་དྲུག་གི་སེམས་ཅན་ལྷའི་འཁོར་ལོར་དག་པ་དང་བཅས་པ་ཐམས་ཅད་ལ་སློབ་བུའི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་སྲིད་ཞི་དབྱེར་མེད་ཀྱི་བདུད་རྩི་ཆེན་པོར་སྦྱར་ཞིང་སྤེལ་བ་འདི་འབུལ་ཞིང་མཆིས་ན་གཉིས་སུ་མེད་པར་བཞེས་ཏེ་གནས་སྐབས་དང་མཐར་ཐུག་གི་ཕྱི་ནང་གསང་བའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །ཞེས་པ་ཙམ་མམ། བླ་མ་བརྒྱུད་པ། ཡི་དམ་ཞི་ཁྲོ། མཁའ་འགྲོ་ཆོས་སྐྱོང་། རིགས་དྲུག་གི་སེམས་ཅན་ལྷའི་འཁོར་ལོར་དག་པ་རྣམས་ལ་ཞེས་ཐ་དད་དུ་ཕྱེ་ནའང་ལེགས་པར་འགྱུར་རོ། །དེ་ལྟར་བྱིན་ཕབས་པས་ལུས་འཕར་ཞིང་གཡོ་བ་དང་། ངག་སྨྲ་ཞིང་རྒོད་པ་དང་སེམས་རྟོག་མེད་འོད་གསལ་གྱི་དབྱིངས་སུ་གྲོལ་བའི་ཉམས་རྣམས་བྱུང་རྒྱལ་དུ་བསྐྱང་དུ་གཞུག་ཅིང་། དེ་ནས་གཏོར་མ་གནས་སུ་བཞག་ནས་བླ་མ་ལ་སྤྱི་བོས་གཏུགས་པའི་ཕྱག་བྱ་ཞིང་ཡོན་དབུལ་ལོ། །གསུམ་པ་ཀུན་ཏུ་བཟང་པོ་རིག་པ་རྩལ་གྱི་དབང་གིས་ལྷག་པའི་ཡེ་ཤེས་ངོ་སྤྲོད་པ་ལ་གསུམ་ལས། དང་པོ་རྟགས་ཀུན་ཏུ་བཟང་པོ་མཚོན་པར་བྱེད་པ་ནི། སློབ་བུས་མཎྜལ་ཕུལ་ནས། ཐལ་མོ་སྦྱར་བ་དང་བཅས་འདིའི་རྗེས་ཟློས་མཛོད། ཀྱཻ། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །རྡོ་རྗེ་བླ་མ་དགོངས་སུ་གསོལ། །ཡང་དག་དོན་གྱི་མཆོག་དམ་པ། །བདག་ལ་མངོན་དུ་འགྱུར་བར་མཛོད། །ཅེས་གསོལ་བ་གདབ། དེ་ནས་སློབ་བུ་སྟན་བདེ་བ་ལ་ལུས་རྣམ་སྣང་གི་ཆོས་བདུན་བཅས་ལ། སེམས་ཀྱི་རྟེན་སྙིང་གར་ཀུན་ཏུ་བཟང་པོ་མཐིང་ག་མཉམ་གཞག་གི་ཕྱག་རྒྱ་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་པད་ཟླ་ལ་བཞུགས་པར་བསྐྱེད་ལ། ཨེ་ཧྱེ་ཧི། ཞེས་པས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་མེད་དུ་བསྟིམ་ལ། རྡོ་རྗེ་རྩེ་ལྔ་པ་གཏད་དེ། འདིར་ནི་རང་རིག་འགྱུར་བ་མེད་པའི་དོན་ཡེ་ཤེས་ལྔར་མཚོན་པའི་རྟགས་ཡིན་ནོ། །ཞེས་བརྡའ་སྤྲད་དོ། །གཉིས་པ་དོན་ཀུན་ཏུ་བཟང་པོ་ངོ་སྤྲད་པ་ནི། ཧཱུཾ། བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །ཀུན་ཏུ་བཟང་པོས་སྟོན་པར་དཀའ། །མིང་ཙམ་འདི་ཞེས་བརྗོད་པ་ནི། །རྡོ་རྗེ་སེམས་དཔས་མཚོན་དུ་མེད། །རིག་པ་སེམས་ཀྱི་ངོ་བོ་ཉིད། །སྤྲོས་མེད་རྣམ་དག་ཡེ་ཤེས་ཡིན། །ཀུན་གཞི་ཡེ་ནས་མ་བཅོས་པ། །བདེ་ཆེན་རང་ཤར་ཀློང་དུ་ཞོག །ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད། དེ་ལྟར་སེམས་སྔ་མ་འགགས། ཕྱི་མ་མ་སྐྱེས་པའི་ད་ལྟར་གྱི་ཤེས་པ་སྐད་ཅིག་མ་གང་སྐྱེས་དེ་ཀ་བསལ་བཞག་མེད་པར་ཞོག་ཅིག །ཅེས་དང་། དེ་ལྟར་བཞག་པས་སེམས་ཀྱི་གཤིས་གང་དུའང་མ་གྲུབ་པ། མདངས་བདེ་ཆེན་དུ་མ་འགགས་པ། རྩལ་སྣ་ཚོགས་སུ་སྣང་བ་བསྒོམ་བྱ་སྒོམ་བྱེད་ཐམས་ཅད་ལས་འདས་པའི་གསལ་རིག་རྗེན་ནེ་བ་སྤྲོས་པ་དང་བྲལ་བ་དེ་ཀ་ཡེ་ཤེས་ལྔའི་རང་བཞིན་དོན་ཀུན་ཏུ་བཟང་པོ་ཡིན་ནོ། །ཞེས་ངོ་སྤྲོད། གསུམ་པ་ཉམས་ཀུན་ཏུ་བཟང་པོ་བསྐྱང་དུ་གཞུག་པ་ནི། ཨ། སྣང་སྟོང་དབྱེར་མེད་ཆོས་སྐུ་ལ། །རིག་སྟོང་བདེ་བ་ཆེན་པོར་ཤར། །ཟུང་འཇུག་སྤྲོས་དང་བྲལ་བ་འདི། །ཀུན་ཏུ་བཟང་པོའི་ངོ་བོའོ། །ༀ་བོདྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་པས་རྗེས་ཤེས་གང་ཤར་གྱི་སྐྱེ་འགག་གནས་གསུམ་གྱི་རང་ངོ་ལ་བལྟས་པས་རང་གྲོལ་གྱི་ཡེ་ཤེས་གསལ་ལ་མི་རྟོག་པ་ནི་ཉམས་ཀུན་ཏུ་བཟང་པོ་ཡིན་ཏེ། ནམ་མཁའ་ཆེ་ལས། སྔར་རྗེས་མི་བཅད་འདས་པའི་འདུ་ཤེས་དོར། །ཕྱིས་སྔུན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད། །བར་དུ་འཛིན་མེད་ནམ་མཁའི་ངང་དུ་བཞག །ཅེས་གསུངས་སོ། །དེ་ལྟར་གསུམ་གྱི་དང་པོས་མཚོན་བྱ་དོན་གྱི་ཡེ་ཤེས་ཉིད་མཚོན་བྱེད་དཔེའམ་རྟགས་ལ་བརྟེན་ནས་ངོ་སྤྲོད་པ་དང་། གཉིས་པས་རང་གནས་ཀྱི་ཡེ་ཤེས་དེ་ཉིད་ད་ལྟར་གྱི་སེམས་སྐད་ཅིག་མ་བཞི་ཆ་གསུམ་བྲལ་གྱི་སྟེང་དུ་རིག་པ་གཅེར་བུ་ཟང་ཐལ་རྗེན་པར་ངོ་སྤྲད་ནས། གསུམ་པས་དོན་དེ་ཉིད་རྗེས་ཤེས་ཀྱི་སྣང་བས་བསལ་བཞག་སྐྱེ་འགག་འགྲོ་འོང་མེད་པར་ཆུ་བོའི་རྒྱུན་བཞིན་བསྐྱངས་པས་འབྲས་བུ་གཞི་ཐོག་ཏུ་རང་གྲོལ་དུ་བསྟན་པའོ། །བཞི་པ་དམ་པ་རིགས་བརྒྱའི་ཕྱག་རྒྱའི་དབང་གིས་དག་པའི་སྣང་བ་རབ་འབྱམས་སུ་བསྟན་པ་ནི། སློབ་བུ་སེང་གེས་བཏེགས་པའི་ཁྲི་ལ་བཅོམ་ལྔན་འདས་དཔལ་ཀུན་ཏུ་བཟང་པོ་ཡུམ་དང་བཅས་པའི་རྣམ་པས་འཁོད་པ་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་རིམ་བཞིན་བྱོན་ནས་སོ་སོའི་གནས་སུ་གཉིས་མེད་དུ་ཐིམ་པའི་མོས་པ་མཛོད། ཅེས་བརྗོད་ལ་སྐུ་རྣམས་རིམ་གྱིས་ཐོགས་ལ་དབང་བསྐུར་བ་ནི། ཧོ། ཀུན་གཞི་གསང་བ་དག་པའི་དབྱིངས་ནས་ཡིད་རང་བྱུང་གི་ཡེ་ཤེས་རང་ཤེས་རིག་གི་རྒྱལ་པོ། ཡིད་བྱེད་པ་པོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡབ། ཆགས་མེད་སྐྱོན་དང་བྲལ་བས་གདན་པདྨ་ལ་བཞུགས་པ། སངས་རྒྱས་དང་སེམས་ཅན་མཉམ་པར་མཁྱེན་པས་ཕྱག་མཉམ་པའི་ཕྱག་རྒྱ་ཅན། དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་དབང་བསྐུར་རོ། །འདི་ལྟར་སྣང་བའི་ཆོས་ཐམས་ཅད་དོན་དམ་པར་ཆོས་ཀྱི་དབྱིངས་སུ་སྡུད་མ་ཆོས་ཅན་མཚན་མའི་སྐྱོན་གྱིས་མ་གོས་པས་གདན་པདྨ་ལ་བཞུགས་པ། ཀུན་ལ་ཁྱབ་པར་གནས་པས་ཕྱག་མཉམ་པའི་ཕྱག་རྒྱ་ཅན། ཆོས་བྱ་བ་མོ་དཀྱིལ་འཁོར་ཐམས་ཅད་བསྐྱེད་པའི་གཞི། ཡུམ་ཀུན་ཏུ་བཟང་མོའི་དབང་བསྐུར་རོ། །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨཿ ཨ་བྷི་ཥིཉྩ་མི། དོན་དམ་པར་སེམས་ཅན་གྱི་རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད། མི་འཇིགས་པ་སེང་གེའི་ཁྲི་ཅན། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སྐྱེ་ཤི་དང་འཕོ་འགྱུར་གྱི་རྟོག་པ་མི་མངའ་བས། ཕྱག་རྒྱ་རྡོ་རྗེ་ཅན། བཅོམ་ལྡན་འདས་དཔལ་རྡོ་རྗེ་མི་སྐྱོད་པའི་དབང་བསྐུར་རོ། །དོན་དམ་པར་འབྱུང་བ་ནམ་མཁའི་ངོ་བོ་གནས་སུ་དག་པ་ཡུམ་ཆེན་མོ་ཀུན་ཏུ་བཟང་མོ། །དུས་གསུམ་གྱི་རྒྱལ་བ་ཐམས་ཅད་འབྱུང་བའི་གནས། ཡུམ་ཆེན་མོ་ནམ་མཁའ་དབྱིངས་ཕྱུག་མའི་དབང་བསྐུར་རོ། །ཧཱུཾ་བཛྲ དྷྲིཀ྄ །མུཾ་དྷཱ་ཏྭེ་ཤྭ་རཱི་ཨ་བྷི་ཥི་ཉྩ་མི། དོན་དམ་པར་སེམས་ཅན་གྱི་གཟུགས་ཀྱི་ཕུང་པོ་གནས་སུ་དག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད་སྟོབས་གླང་པོ་ཆེའི་ཁྲི་ཅན། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཀུན་ལ་དབང་བསྒྱུར་བས་ཕྱག་རྒྱ་འཁོར་ལོ་ཅན། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཀྱི་དབང་བསྐུར་རོ། །དོན་དམ་པར་འབྱུང་བ་སའི་ངོ་བོ་གནས་སུ་དག་པ་ཡུམ་ཆེན་མོ་སངས་རྒྱས་སྤྱན་མ། དུས་གསུམ་ཀྱི་རྒྱལ་བ་ཐམས་ཅད་བསྐྱེད་པའི་གཞི། ཡུམ་ཆེན་མོ་བུདྡྷ་དབྱིངས་ཕྱུག་མའི་དབང་བསྐུར་རོ། །ༀ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་ར་ཏི་ཨ་བྷི་ཥིཉྩ་མི། དོན་དམ་པར་སེམས་ཅན་གྱི་ཚོར་བའི་ཕུང་པོ་གནས་སུ་དག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད་ཤུགས་འཆང་རྟའི་ཁྲི་ཅན། མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་མ་གཡོས་པར་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བས་ཕྱག་རྒྱ་རིན་པོ་ཆེ་འབར་བ་ཅན། བཅོམ་ལྡན་འདས་དཔལ་རིན་ཆེན་འབྱུང་ལྡན་གྱི་དབང་བསྐུར་རོ། །དོན་དམ་པར་འབྱུང་བ་ཆུའི་ངོ་བོ་གནས་སུ་དག་པ་ཡུམ་ཆེན་མོ་མཱ་མ་ཀཱི །དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་གྱི་གཏེར་འཛིན་མ། ཡུམ་ཆེན་མོ་རིན་ཆེན་དབྱིངས་ཕྱུག་མའི་དབང་བསྐུར་རོ། །སྭཱཾ་རཏྣ་དྷྲི་ཀ྄ །མཱཾ་མོ་ཧ་ར་ཏི། ཨ་བྷི་ཥིཉྩ་མི། དོན་དམ་པར་སེམས་ཅན་གྱི་འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བདག་ཉིད་མཛེས་བྱེད་རྨ་བྱའི་ཁྲི་ཅན། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་གསལ་ལ་མ་ཆགས་པར་གཟིགས་པས་ཕྱག་རྒྱ་པདྨ་ཅན། བཅོམ་ལྡན་འདས་དཔལ་སྣང་བ་མཐའ་ཡས་ཀྱི་དབང་བསྐུར་རོ། །དོན་དམ་པར་འབྱུང་བ་མེའི་ངོ་བོ་གནས་སུ་དག་པ་ཡུམ་ཆེན་མོ་ན་བཟའ་དཀར་མོ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་གསུང་མཆོག་མ། ཡུམ་ཆེན་མོ་པདྨ་དབྱིངས་ཕྱུག་མའི་དབང་བསྐུར་རོ། །ཨཱཾ་ཨཱ་རོ་ལི་ཀ྄ །པཱཾ་རཱ་ག་ར་ཏི་ཨ་བྷི་ཥཉྩ་མི། དོན་དམ་པར་སེམས་ཅན་གྱི་འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད་ཅང་ཤེས་ཤང་ཤང་ཏེའུའི་ཁྲི་ཅན། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཕྲིན་ལས་མཐར་ཕྱིན་པར་མཛད་པས་ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ཅན། བཅོམ་ལྡན་འདས་དཔལ་དོན་ཡོད་གྲུབ་པའི་དབང་བསྐུར་རོ། །དོན་དམ་པར་འབྱུང་བ་རླུང་གི་ངོ་བོ་གནས་སུ་དག་པ་ཡུམ་ཆེན་མོ་དམ་ཚིག་སྒྲོལ་མ། འགྲོ་བ་རྣམས་འཕགས་པའི་ས་བཅུར་སྒྲོལ་མ། ཡུམ་ཆེན་མོ་ལས་ཀྱི་དབྱིངས་ཕྱུག་མའི་དབང་བསྐུར་རོ། །ཧཱཾ་པྲ་ཛྙཱ་དྷྲི་ཀ྄ །ཏཱཾ་བཛྲ་ར་ཏི་ཨ་བྷི་ཥིཉྩ་མི། དོན་དམ་པར་སེམས་ཅན་གྱི་མིག་གི་རྣམ་པར་ཤེས་པ་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ། འགྲོ་བ་རྣམས་བླ་ན་མེད་པའི་གནས་སུ་སྐྱེད་པར་མཛད་པས་ཕྱག་རྒྱ་རིན་པོ་ཆེའི་མྱུ་གུ་ཅན། ཤར་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་བསྐུར་རོ། །དོན་དམ་པར་སེམས་ཅན་གྱི་མིག་གི་ཡུལ་གཟུགས་སུ་སྣང་བ་གནས་སུ་དག་པ་བཛྲ་ལཱ་སྱ་སྟེ། སྐུའི་མཆོད་པས་མཉེས་པར་མཛད་པ་ལས་མི་འགྱུར་བས་ཕྱག་རྒྱ་རྡོ་རྗེ་ཁ་ཚུར་ཅན། རྡོ་རྗེ་སྒེག་མོ་མའི་དབང་བསྐུར་རོ། །ཀྵཱིཾ་ཧི་རཱ་ཛ་ཡ། ཧཱུཾ་ལཱ་སྱ་ས་མ་ཡ་སྟྭཾ། ཨ་བྷི་ཥིཉྩ་མི། དོན་དམ་པར་སེམས་ཅན་གྱི་རྣ་བའི་རྣམ་པར་ཤེས་པ་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ། ཉོན་མོངས་པའི་རྒྱུན་སྐད་ཅིག་ལ་གཅོད་པས་ཕྱག་རྒྱ་རལ་གྲི་ཅན། ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི༴ དོན་དམ་པར་སེམས་ཅན་གྱི་སྣའི་ཡུལ་དྲིར་སྣོམ་པ་གནས་སུ་དག་པ་བཛྲ་མཱ་ལེ་སྟེ། དྲིའི་མཆོད་པ་རྒྱུན་མི་ཆད་པར་བྱེད་པས་ཕྱག་རྒྱ་རིན་པོ་ཆེའི་ཕྲེང་བ་ཅན། རྡོ་རྗེ་ཕྲེང་བ་མའི་དབང་༴ ཏྲཾ་ཨཱ་གརྦྷ་ཡ། ཏྲཾ་མཱ་ལེ་ས་མ་ཡ་ཧོཿ ཨ་བྷི༴ དོན་དམ་པར་སེམས་ཅན་གྱི་སྣའི་རྣམ་པར་ཤེས་པ་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག །ཉོན་མོངས་པའི་སྐྱོན་གྱིས་མ་གོས་པས་ཕྱག་རྒྱ་པདྨ་ཅན། ནུབ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་༴ དོན་དམ་པར་སེམས་ཅན་གྱི་རྣ་བའི་ཡུལ་སྒྲར་གྲགས་པ་གནས་སུ་དག་པ་བཛྲ་གཱིརྟི་སྟེ། སྒྲའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་པི་ཝཾ་ཅན། རྡོ་རྗེ་སྒྲ་དབྱངས་མའི་དབང་༴ ཧྲཱིཾ་ཧཱ་ཧཱུཾ་པདྨ་པྲ་ད་མ། ཧྲཱིཾ་གཱི་ཏི་རཱ་གོ་ཧཾ། ཨ་བྷི༴ དོན་དམ་པར་སེམས་ཅན་གྱི་ལྕེའི་རྣམ་པར་ཤེས་པ་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ། ཉོན་མོངས་ཐམས་ཅད་འཇོམས་པར་བྱེད་པས་ཕྱག་རྒྱ་རྡོ་རྗེ་ཅན། བྱང་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་༴ དོན་དམ་པར་སེམས་ཅན་གྱི་ལྕེའི་ཡུལ་རོ་བྲོ་བ་གནས་སུ་དག་པ་བཛྲ་ནཱིརྟི་སྟེ། རོའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་གར་བསྒྱུར་ཅན། རྡོ་རྗེ་གར་བསྒྱུར་མའི་དབང་༴ ཛྲིཾ་ཀུ་རུ་པཱ་ན། ཨཾ་ནཱིརྟི་རཱ་ག་ཡ་མྱེ། ཨ་བྷི༴ དོན་དམ་པར་སེམས་ཅན་གྱི་མིག་གི་དབང་པོ་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་བྱམས་པ། ཉོན་མོངས་པའི་གདུང་བ་ལས་སྐྱོབས་པས་ཕྱག་རྒྱ་ཀླུ་ཤིང་མགོ་ལྕོག་ཅན། ཤར་ལྷོའི་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི༴ དོན་དམ་པར་སེམས་ཅན་གྱི་དུས་འདས་པ་ཞེས་བྱ་བ་གནས་སུ་དག་པ་བཛྲ་དྷཱུ་པེ་སྟེ། ཤངས་ཀྱི་མཆོད་པས་མཉེས་པར་མཛད་པས་ཕྱག་རྒྱ་སྤོས་ཁང་ཅན། རྡོ་རྗེ་བདུག་པ་མའི་དབང་། མཻ་ཏྲི་དྷཱ་ར་ཎི་སྭཱ་ཧཱ། ཛཿདྦྷུ་པེ་པྲ་བེ་ཤ །ཨ་བྷི༴ དོན་དམ་པར་སེམས་ཅན་གྱི་རྣ་བའི་དབང་པོ་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ། ཉོན་མོངས་པ་ཆོས་ཉིད་དུ་མཁྱེན་པས་ཕྱག་རྒྱ་པུསྟི་ཅན། ལྷོ་ནུབ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་༴ དོན་དམ་པར་སེམས་ཅན་གྱི་དུས་ད་ལྟ་ཞེས་བྱ་བ་གནས་སུ་དག་པ་བཛྲ་པུཥྤེ་སྟེ། སྐུའི་མཆོད་པས་མཉེས་པར་མཛད་པས་ཕྱག་རྒྱ་མེ་ཏོག་ཅན། རྡོ་རྗེ་མ་ེཏོག་མའི་དབང་༴ ཐླྷིཾ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨ་བེ་ཤ །ཨ་བྷི༴ དོན་དམ་པར་སེམས་ཅན་གྱི་སྣའི་དབང་པོ་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ། ཉོན་མོངས་པ་གནས་དུས་དག་པ་ལས་དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བས་ཕྱག་རྒྱ་རིན་པོ་ཆེའི་སྙེ་མ་ཅན། ནུབ་བྱང་མཚམས་ཀྱི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ། ཉོན་མོངས་པ་གནས་སུ་དག་པ་ལས་དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བས་ཕྱག་རྒྱ་རིན་པོ་ཆེའི་སྙེ་མ་ཅན། ནུབ་བྱང་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི༴ དོན་དམ་པར་སེམས་ཅན་གྱི་དུས་མ་འོངས་པ་ཞེས་བྱ་བ་གནས་སུ་དག་པ་བཛྲ་ཨཱ་ལོ་ཀེ་སྟེ། སྤྱན་གྱི་མཆོད་པས་མཉེས་པར་མཛད་པས་ཕྱག་རྒྱ་མར་མེ་ཅན། རྡོ་རྗེ་མར་མེ་མའི་དབང་༴ ཧཱུཾ་ས་རཱ་ཛ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་གི་རཱི། ཨ་བྷི༴ དོན་དམ་པར་སེམས་ཅན་གྱི་ལྕེའི་དབང་པོ་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་འཇམ་དཔལ། ཉོན་མོངས་པའི་ཟུག་རྔུ་མི་མངའ་བས་ཤིན་ཏུ་མཛེས་པས་ཕྱག་རྒྱ་མེ་ཏོག་ཨུཏྤལ་ཅན། བྱང་ཤར་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི༴ དོན་དམ་པར་སེམས་ཅན་གྱི་དུས་མ་ངེས་པ་ཞེས་བྱ་བ་གནས་སུ་དག་པ་བཛྲ་གནྡྷེ་སྟེ། ལྗགས་བྱུགས་པའི་མཆོད་པས་མཉེས་པར་མཛད་པས་ཕྱག་རྒྱ་བྱུགས་པ་ཅན། རྡོ་རྗེ་དྲི་ཆབ་མའི་དབང་༴ མུཾ་ཤྲཱི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། ཨ་བྷི༴ དོན་དམ་པར་སེམས་ཅན་གྱི་ལྷའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ་ལྷའི་ཐུབ་པ་སྟེ། ཉོན་མོངས་པ་ང་རྒྱལ་གནས་སུ་དག་པར་མཛད་པས་ཕྱག་རྒྱ་བི་པཾ་ཅན། ལྷའི་བཅོམ་ལྡན་འདས་ཀྱི་དབང་བསྐུར་རོ། །ༀ་མུ་ནེ་ཀྲཱཾ་སྭཱ་ཧཱ། ཨ་བྷི༴ དོན་དམ་པར་སེམས་ཅན་གྱི་ལྷ་མ་ཡིན་གྱི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ་ལྷ་མ་ཡིན་གྱི་ཐུབ་པ་སྟེ། ཉོན་མོངས་པ་ཕྲག་དོག་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གོ་ཆ་ཅན། ལྷ་མ་ཡིན་གྱི་བཅོམ་ལྡན་འདས་ཀྱི་དབང་༴ ༀ་མུ་ནེ་ཧཱུཾ་ཏྲཱུཾ་སྭཱ་ཧཱ། ཨ་བྷི༴ དོན་དམ་པར་སེམ་ཅན་གྱི་མིའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ་མིའི་ཐུབ་པ་སྟེ། ཉོན་མོངས་པ་འདོད་ཆགས་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གསེག་ཤང་པར་བུ་ཅན། མིའི་བཅོམ་ལྡན་འདས་ཀྱི་དབང་༴ ༀ་མུ་ནེ་སྲུཾ་སྭཱ་ཧཱ། ཨ་བྷི༴ དོན་དམ་པར་སེམས་ཅན་གྱི་བྱོལ་སོང་གི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ་བྱོལ་སོང་གི་ཐུབ་པ་སྟེ། ཉོན་མོངས་པ་གཏི་མུག་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གླེགས་བམ་པུསྟི་ཅན། བྱོལ་སོང་གི་བཅོམ་ལྡན་འདས་ཀྱི་དབང་༴ ༀ་མུ་ནེ་བྲཾ་སྭཱ་ཧཱ། ཨ་བྷི༴ དོན་དམ་པར་སེམས་ཅན་གྱི་ཡི་དྭགས་ཀྱི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ་ཡི་དྭགས་ཀྱི་ཐུབ་པ་སྟེ། ཉོན་མོངས་པ་སེར་སྣ་གནས་སུ་དག་པར་མཛད་པས་ཕྱག་རྒྱ་རིན་པོ་ཆེའི་སྒྲོམ་བུ་ཅན། ཡི་དྭགས་ཀྱི་བཅོམ་ལྡན་འདས་ཀྱི་དབང་༴ ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ཨ་བྷི༴ དོན་དམ་པར་སེམས་ཅན་གྱི་དམྱལ་བའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ་དམྱལ་བའི་ཐུབ་པ་སྟེ། ཉོན་མོངས་པ་ཞེ་སྡང་གནས་སུ་དག་པར་མཛད་པས་ཕྱག་རྒྱ་མེ་ཆུ་ཅན། དམྱལ་བའི་བཅོམ་ལྡན་འདས་ཀྱི་དབང་༴ ༀ་མུ་ནེ་ཡེ་སྭཱ་ཧཱ། ཨ་བྷི༴ དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རྣམ་པར་ཤེས་པ་གནས་སུ་དག་པ་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོ་སྟེ། བྱམས་པ་ཆེན་པོས་འགྲོ་བའི་དོན་ཞེ་སྡང་ཚར་གཅོད་པར་མཛད་པས་ཕྱག་རྒྱ་ནྲྀ་མགོ་གདེངས་པ་ཅན། ཤར་སྒོའི་བདག་པོའི་དབང་༴ དོན་དམ་པར་སེམས་ཅན་གྱི་རྟག་པར་ལྟ་བ་གནས་སུ་དག་པ་བཛྲ་ཨཾ་ཀུ་ཤ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་འཛིན་པར་བྱེད་པས་ཕྱག་རྒྱ་ལྕགས་ཀྱུ་ཅན། རྡོ་རྗེེ་ལྕགས་ཀྱུ་མའི་དབང་བསྐུར་རོ། །ཧཱུཾ་ཡ་མཱནྟ་ཀྲྀ ཏ་ཕཊ། ༀ་མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལཱི་ནི་ཧཱུཾ་ཕཊ། ཨ་བྷི༴ དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་བྱ་གནས་སུ་དག་པ་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་སྟེ། སྙིང་རྗེ་ཆེན་པོས་འགྲོ་བའི་དོན་དུག་ལྔ་ཡེ་ཤེས་ལྔས་འཇོམས་པར་མཛད་པས་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་ཅན། ལྷོ་སྒོའི་བདག་པོའི་དབང་༴ དོན་དམ་པར་སེམས་ཅན་གྱི་ཆད་པར་ལྟ་བ་གནས་སུ་དག་པ་བཛྲ་པཱ་ཤ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་འཆིང་བར་མཛད་པས་ཕྱག་རྒྱ་ཞགས་པ་ཅན། རྡོ་རྗེ་ཞགས་པ་མའི་དབང་༴ ཧཱུཾ་པྲ་ཛྙཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་རཏྣ་དྷ་རོ་མ་ཧཱ་ཀྲོ་དྡྷཱི༴ ཨ་བྷི༴ དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་དབང་པོ་གནས་སུ་དག་པ་ཁྲོ་བོ་ཆེན་པོ་རྟ་མགྲིན་ཏེ། དགའ་བ་ཆེན་པོས་འགྲོ་བའི་དོན་ཐུགས་རྗེས་མི་གཏོང་བར་མཛད་པས་ཕྱག་རྒྱ་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་ཅན། ནུབ་སྒོའི་བདག་པོའི་དབང་༴ དོན་དམ་པར་སེམས་ཅན་གྱི་བདག་ཏུ་ལྟ་བ་གནས་སུ་དག་པ་བཛྲ་སྥོ་ཊ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་མི་འཆོར་བར་མཛད་པས་ཕྱག་རྒྱ་ལྕགས་སྒྲོག་ཅན། རྡོ་རྗེ་ལྕགས་སྒྲོག་མ་ཡི་དབང་བསྐུར༴ ཧཱུཾ་པདྨནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་པདྨ་དྷ་རོ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལཱི་ནི་ཧཱུཾ་ཕཊ། ཨ་བྷི༴ དོན་དམ་པར་སེམས་ཅན་གྱི་ལུས་གྱི་རེག་པ་གནས་སུ་དག་པ་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་སྟེ། བཏང་སྙོམས་ཆེན་པོས་འགྲོ་བའི་དོན་ཐུགས་རྗེས་མཐར་ཕྱིན་པར་མཛད་པས་ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ཅན། བྱང་སྒོའི་བདག་པོའི་དབང་བསྐུར༴ དོན་དམ་སེམས་ཅན་གྱི་མཚན་མར་ལྟ་བ་གནས་སུ་དག་པ་བཛྲ་གྷཎྜེ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་ཐལ་བར་རློག་པར་མཛད་པས་ཕྱག་རྒྱ་དྲིལ་བུ་ཅན། རྡོ་རྗེ་དྲིལ་བུ་མ་ཡི་དབང་བསྐུར༴ ཧཱུཾ་བིགྷྣཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་ཀརྨ་དྷ་རོ༴ ཨ་བྷི༴ ཧོཿ རང་རིག་པ་ཐབས་ཀྱི་རྒྱལ་པོ་ཁྲོ་བོ་ཐམས་ཅད་ཀྱི་རྗེ་བཙན་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་དཔལ། བཅོམ་ལྡན་འདས་བླ་ན་མེད་པའི་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་དབང་བསྐུར་རོ། །རང་བ ཞིན་དག་པའི་དབྱིངས་ནས་ཡུམ་ཆེན་ཁྲོ་མོའི་སྐུ་བརྙེས་པ། སྐུ་དཔལ་དུ་འབར་བས་རྔམས་པའི་ཆ་ལུགས་ཅན། གསུང་དཔལ་དུ་འབར་བས་རྔམས་པའི་གདངས་སྐད་ཅན། ཐུགས་དཔལ་དུ་འབར་བས་ཐུགས་རྗེ་ཆེན་པོ་ཅན། དཔལ་འབར་ཁྲོས་པའི་རྒྱལ་མོ་ཆེན་མོ་གནམ་ཞལ་དབྱིངས་ཕྱུག་མའི་དབང་༴ ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨ་བྷི༴ རྡོ་རྗེ་ལྟ་བུའི་སྐུ་དུས་གསུམ་དུ་འགྱུར་བ་མི་མངའ་བ། ཞེ་སྡང་ཆེན་པོས་ཐབས་ལ་མཁས་པས་དྲེགས་པ་ཕོ་མོའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་བཛྲ་ཧེ་རུ་ཀའི་དབང་བསྐུར་རོ། །ཆོས་ཉིད་དབྱིངས་ཀྱི་ཕྱག་རྒྱ་ལས་རྣམ་པར་ཐར་པའི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། བཛྲ་ཀྲོ་དྷཱི་ཤྭ་རཱི་མའི་དབང་བསྐུར་རོ། །ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ། བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཨ་བྷི༴ ཆོས་ཉིད་སྟོང་པ་ཉིད་ཀྱི་དབྱིངས་ནས་སྐྱེ་བ་མེད་པའི་སྐུ་བརྙེས་པ། གཏི་མུག་ཆེན་པོའི་ཐབས་ལ་མཁས་པས་མ་ཧཱ་དེ་ཝའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་སྐུའི་བདག་ཉིད་བུདྡྷ་ཧེ་རུ་ཀའི་དབང༴ མཉམ་ཉིད་བླང་དོར་མེད་པའི་དབྱིངས་ནས་རོལ་པ་ཡེ་ཤེས་ཀྱི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། བུདྡྷ་ཀྲོ་དྷཱི་ཤྭ་རཱི་མའི་དབང་༴ ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། བུདྡྷ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཨ་བྷི༴ ཆོས་ཉིད་བྱང་ཆུབ་སེམས་ལས་ལོངས་སྤྱོད་རྫོགས་པའི་སྐུ་བརྙེས་པ། ང་རྒྱལ་ཆེན་པོའི་ཐབས་ལ་མཁས་པས་གཤིན་རྗེའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད་རཏྣ་ཧེ་རུ་ཀའི་དབང་༴ བྱམས་མགོན་ཆོས་ཀྱི་དབྱིངས་ནས་ཐུགས་རྗེ་ཡེ་ཤེས་ཀྱི་སྐུ་བསྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། རཏྣ་ཀྲོ་དྷཱི་ཤྭ་རཱི་མའི་དབང༴ ༀ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུཾ། རཏྣ་ཀྲོ་དྷཱི་ཤྭ་རི་ཧཱུཾ། ཨ་བྷི༴ ཆོས་ཉིད་ཆགས་པ་མེད་པའི་དབྱིངས་ནས་བྱང་ཆུབ་ཆེན་པོའི་སྐུ་བརྙེས་པ། འདོད་ཆགས་ཆེན་པོའི་ཐབས་ལ་མཁས་པས་ཀླུའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་གསུང་གི་བདག་ཉིད་པདྨ་ཧེ་རུ་ཀའི་དབང་༴ ཆོས་ཉིད་པདྨའི་དབྱིངས་ནས་སྐྱོན་བྲལ་པདྨའི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། པདྨ་ཀྲོ་དྷཱི་ཤྭ་རཱི་མའི་དབང་༴ ༀ་པདྨ་ཤྭཱི་ཧེ་རུ་ཀ་ཧཱུཾ། པདྨ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཨ་བྷི༴ ཕྲིན་ལས་གྲུབ་པའི་དབྱིངས་ནས་སྤྲུལ་པ་མཆོག་གི་སྐུ་བརྙེས་པ། ཕྲག་དོག་ཆེན་པོའི་ཐབས་ལ་མཁས་པས་གནོད་སྦྱིན་གྱི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད་ཀརྨ་ཧེ་རུ་ཀའི་དབང་༴ ལས་རབ་རོལ་པའི་དབྱིངས་ནས་དོན་གྲུབ་མཆོག་གི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། ཀརྨ་ཀྲོ་དྷཱི་ཤྭ་རཱི་མའི་དབང་༴ ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཀརྨ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཨ་བྷི༴ སྦྱོར་བའི་དབྱིངས་ནས་ཕྱིན་ཅི་ལོག་གི་ལྟ་བ་འཇོམས་པའི་སྐུ་བརྙེས་པ། ག་ཎའི་ཐབས་ལ་མཁས་པས་དྲང་སྲོང་གི་གདན་ལ་བཞུགས་པ། རཀྴ་ཤྲཱི་ཧེ་རུ་ཀའི་དབང་བསྐུར་རོ། །དྲོད་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། རཀྴ་ཀྲོ་དྷཱི་ཤྭ་རཱི་མའི་དབང་༴ ༀ་རཀྴ་ཤྲཱི་ཧེ་རུ་ཀ་ཧཱུཾ། རཀྴ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཨ་བྷི༴ དམ་ཚིག་གི་དབྱིངས་ནས་མྱོང་བྱེད་ཀྱི་རྟོག་པ་འཇོམས་པའི་སྐུ་བསྙེས་པ། ཉམས་པ་སྐོང་བའི་ཐབས་ལ་མཁས་པས་སྲིན་པོའི་གདན་ལ་བཞུགས་པ། ས་ནུ་ཧེ་རུ་ཀའི་དབང་༴ མངལ་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། ས་ནུ་ཀྲོ་དྷཱི་ཤྭ་རཱི་མའི་དབང་༴ ༀ་ས་ནུ་ཤྲཱི་ཧེ་རུ་ཀ་ཧཱུཾ། ༀ་ས་ནུ་ཀྲོ་དྷཱིི་ཤ་རཱི་ཧཱུཾ། ཨ་བྷི༴ གསང་བའི་དབྱིངས་ནས་སྐྱེ་གནས་ཀྱི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། མཚན་མའི་ཐབས་ལ་མཁས་པས་རླུང་ལྷའི་གདན་ལ་བཞུགས་པ། གུ་ཧྱ་ཧེ་རུ་ཀའི་དབང༴ བརྫུས་ནས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། གུ་ཧྱ་ཀྲོ་དྷཱི་ཤྭ་རཱི་མའི་དབང་༴ ༀ་གུ་ཧྱ་ཤྲཱི་ཧེ་རུ་ཀ་ཧཱུཾ། གུ་ཧྱ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཨ་བྷི༴ སྒྲོལ་བའི་དབྱིངས་ནས་རེག་བྱའི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། ཏ་ནའི་ཐབས་ལ་མཁས་པས་བགེགས་ཀྱི་གདན་ལ་བཞུགས་པ། ཡཀྴ་ཧེ་རུ་ཀའི་དབང་༴ སྒོ་ང་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། ཡཀྴ་ཀྲོ་དྷཱི་ཤྭ་རཱི་མའི་དབང་༴ ༀ་རཀྴ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཡཀྴ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཨ་བྷི༴ ཁྲོ་མོ་སྔོན་མོ་བམ་དབྱུག་འཛིན། །ག་རཱི་མ་ཡི་དབང་བསྐུར་རོ། །ༀ་བཛྲ་ག་རཱི་ཧ། ཨ་བྷི༴ ཁྲོ་མོ་སེར་མོ་མདའ་གཞུ་འཛིན། །ཙ་རཱི་མ་ཡི་དབང་བསྐུར་རོ། །ༀ་བཛྲ་ཙ་རཱི་ཧ། ཨ་བྷི༴ ཁྲོ་མོ་དམར་མོ་ཆུ་སྲིན་འཛིན། །པྲ་མོ་ཧ་ཡི་དབང་བསྐུར་རོ། །ༀ་བཛྲ་པྲ་མོ་ཧཱི་ཧ། ཨ་བྷི༴ ཁྲོ་མོ་མཐིང་ནག་རྡོ་རྗེ་འཛིན། །བཻ་ཏ་ལཱི་ཡི་དབང་༴ ༀ་བཛྲ་བཻ་ཏ་ལཱི་ཧ། ཨ་བྷི༴ ཁྲོ་མོ་དམར་སེར་བྱིས་རྒྱུ་འཛིན། །པུཀྐ་སཱི་ཡི་དབང་༴ ༀ་བཛྲ་པུཀྐ་སཱི་ཧ། ཨ་བྷི༴ ཁྲོ་མོ་ལྗང་གུ་དུང་ཁྲག་འཐུང་། །གྷསྨ་རཱི་ཡི་དབང་༴ ༀ་བཛྲ་གྷསྨ་རཱི་ཧ། ཨ་བྷི༴ ཁྲོ་མོ་ནག་མོ་བྱིས་སྙིང་ཟ། །སྨ་ཤ་ནཱི་ཡི་དབང་༴ ༀ་བཛྲ་སྨ་ཤ་ནཱི་ཧ། ཨ་བྷི༴ ཁྲོ་མོ་སེར་སྐྱ་མཆོག་ལུས་འདྲལ། །ཙཎྜ་ལཱི་ཡི་དབང་༴ ༀ་བཛྲ་ཙཎྜ་ལཱི་ཧ། ཨ་བྷི༴ སེང་ཧ་ཁ་རོ་བསྣོལ་སེར་སེང་། །སེང་གདོང་མ་ཡི་དབང་༴ ༀ་བཛྲ་སེང་ཧ་མུ་ཁཱི་ཧེ། ཨ་བྷི༴ བྱཱ་གྷྲི་གནས་ལྟ་བསྣོལ་དམར་སྟག །སྟག་གདོང་མ་ཡི་དབང་༴ ༀ་བཛྲ་བྱཱ་གྷྲི་མུ་ཁཱི་ཧེ། ཨ་བྷི༴ སྲི་གལ་ནག་མོ་བྱིས་ལྡག་ཝ། །ཝ་གདོང་མ་ཡི་དབང་༴ ༀ་བཛྲ་ཤྲཱི་གཱ་ལ་མུ་ཁཱི་ཧེ། ཨ་བྷི༴ ཤྭ་ན་འདྲལ་ལྟ་མཐིང་ག་སྤྱང་། །སྤྱང་གདོང་མ་ཡི་དབང་༴ ༀ་བཛྲ་ཤྭ་ན་མུ་ཁཱི་ཧེ། ཨ་བྷི༴ གྲྀཌྜྷ་མགྲིན་དམར་རྒྱུ་འདྲེན་རྒོད། །རྒོད་གདོང་མ་ཡི་དབང་༴ །ༀ་བཛྲ་གྲྀ་ཌྜྷ་མུ་ཁཱི་ཧེ། ཨ་བྷི༴ ཀངྐ་ཞིང་ཕྲག་སྣ་མགོ་རིང་། །དུར་བྱའི་གདོང་མའི་དབང་༴ ༀ་ཀངྐ་མུ་ཁཱི་ཧེ། ཨ་བྷི༴ ཀཱ་ཀ་ཁ་རོ་བྷན་གྲི་ནག །བྱ་རོག་གདོང་མའི་དབང་༴ ༀ་བཛྲ་ཀཱ་ཀ་མུ་ཁཱི་ཧེ། ཨ་བྷི༴ ཨུ་ལཱུ་རྡོར་དབྱུག་མཐིང་ཚོགས་འུག །འུག་གདོང་མ་ཡི་དབང་༴ ༀ་བཛྲ་ཨུ་ལཱུ་ཀཱ་མུ་ཁཱི་ཧེ། ཨ་བྷི༴ སྒོ་མ་སྔོན་མོ་ལྕགས་ཀྱུ་འཛིན། །རྟ་གདོང་མ་ཡི་དབང་༴ ༀ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛཿ ཨ་བྷི༴ སྒོ་མ་ནག་མོ་ཞགས་པ་འཛིན། །ཕག་གདོང་མ་ཡི་དབང་༴ ༀ་བཛྲ་ཨ་མུ་ཁཱི་ཧཱུཾ། ཨ་བྷི༴ སྒོ་མ་དམར་མོ་ལྕགས་སྒྲོག་འཛིན། །སེང་གདོང་མ་ཡི་དབང་༴ ༀ་བཛྲ་ལོ་ཀ་བཾ། ཨ་བྷི༴ སྒོ་མ་ལྗང་གུ་དྲིལ་བུ་འཛིན། །སྤྱང་གདོང་མ་ཡི་དབང་བསྐུར་རོ། །ༀ་བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོཿ ཨ་བྷི༴ རྣལ་འབྱོར་དམར་སེར་ཏྲི་ཤུལ་འཛིན། །གཡག་གདོང་མ་ཡི་དབང་བསྐུར་རོ། །མ་ནུ་རཀྵ་སཱི་བྷྱོ་ཨ་བྷི༴ རྣལ་འབྱོར་དམར་སྐྱ་རྩེ་ལྔ་འཛིན། །སྦྲུལ་གདོང མ་ཡི་དབང་༴ བྲཧྨ་ཎཱི་བྷྱོ་ཨ༴ རྣལ་འབྱོར་སེར་ནག་དབྱུག་སྡིག་འཛིན། །གཟིག་གདོང་མ་ཡི་དབང་བསྐུར་རོ། །རོ་ཏྲཱི་བྷྱོ་ཨ་བྷི༴ །རྣལ་འབྱོར་དཀར་དམར་དུང་དམར་འཛིན། །སྲེ་མོང་གདོང་གི་དབང་༴ ཀུ་མཱ་རཱི་བྷྱོ་ཨ༴ རྣལ་འབྱོར་སེར་མོ་འཁོར་ལོ་འཛིན། །ཕ་ཝཾ་གདོང་གི་དབང་༴ བེཥྞ་བཻ་བྷྱོ་ཨ༴ རྣལ་འབྱོར་དམར་སྐྱ་བམ་དབྱུག་འཛིན། །དྲེད་གདོང་མ་ཡི་དབང་༴ ཨིནྡྲ་ཎཱི་བྷྱོ་ཨ་བྷི༴ རྣལ་འབྱོར་དམར་མོ་རྒྱུ་ཞགས་འཛིན། །དོམ་གྱི་གདོང་མའི༴ བཛྲ་བིངྒ་ལཾ་བྷྱོ་ཨ་བྷི༴ རྣལ་འབྱོར་སྔོན་མོ་བུམ་པ་འཛིན། །ཆུ་སྲིན་གདོང་གི་དབང་༴ ཨ་མྲྀ་ཏཾ་བྷྱོ་ཨ་བྷི༴ རྣལ་འབྱོར་སྔོ་སྐྱ་པུཎྜ་འཛིན། །སྡིག་པའི་གདོང་གི་དབང་བསྐུར་རོ། །ས་མྱེ་བྷྱོ་ཨ་བྷི༴ རྣལ་འབྱོར་ནག་མོ་ཐོད་རློན་འཛིན། །ཁྲ་གདོང་མ་ཡི་དབང་༴ དཎྜ་དཾ་བྷྱོ་ཨ་བྷི༴ རྣལ་འབྱོར་དམར་ནག་རྒྱུ་ཞགས་འཛིན། །ཝ་གདོང་མ་ཡི༴ རཀྵ་སཱི་བྷྱོ་ཨ༴ རྣལ་འབྱོར་ནག་མོ་བམ་ཆེན་འཛིན། །སྟག་གདོང་མ་ཡི་དབང་༴ བྷ་ཀྵ་སཱི་བྷྱོ་ཨ་བྷི༴ རྣལ་འབྱོར་དམར་མོ་ཁོག་ཆེན་འཛིན། །རྒོད་གདོང་མ་ཡི་དབང་༴ ར་ཏི་བཛྲ་བྷྱོ་ཨ་བྷི༴ རྣལ་འབྱོར་དམར་སེར་རྡོར་དབྱུག་འཛིན། །རྟ་གདོང་མ་ཡི་དབང་༴ རུ་དྷི་ར་མཏྟཱ་བྷྱོ་ཨ་བྷི༴ རྣལ་འབྱོར་དཀར་དམར་བྷནྡྷ་འཛིན། །ཁྱུང་གདོང་མ་ཡི༴ ཨེ་ཀ་ཙ་རི་ཎཱི་བྷྱོ་ཨ༴ རྣལ་འབྱོར་དམར་སེར་བྱིས་བམ་འཛིན། །ཁྱི་གདོང་མ་ཡི་དབང་བསྐུར་རོ། །མ་ནོ་ཧ་རཾ་བྷྱོ་ཨ་བྷི༴ རྣལ་འབྱོར་དཀར་དམར་པདྨ་འཛིན། །པུ་ཤུད་གདོང་གི༴ སིདྡྷི་ཀཾ་བྷྱོ་ཨ་བྷི༴ རྣལ་འབྱོར་དམར་སྐྱ་བ་དན་འཛིན། །ཤ་བའི་གདོང་གི་དབང་༴ ཝཱ་ཡ་ཝཱེ་བྷྱོ་ཨ་བྷི༴ རྣལ་འབྱོར་ལྗང་ནག་རྔེའུ་ཆུང་འཛིན། །སྤྱང་གདོང་མ་ཡི་དབང་༴ མ་ཧཱ་མཱ་ཎ་བཛྲ་བྷྱོ་ཨ་བྷི༴ རྣལ་འབྱོར་དམར་སེར་མེ་སྒྲོན་འཛིན། །སྐྱིན་གདོང་མ་ཡི་དབང་༴ ཨགྞཱི་བྷྱོ་ཨ་བྷི༴ རྣལ་འབྱོར་ལྗང་སེར་མཆེ་བ་འཛིན། །ཕག་གདོང་མ་ཡི་དབང་༴ ཝཱ་ར་ཧཱི་བྷྱོ་ཨ་བྷི༴ རྣལ་འབྱོར་ལྗང་སྔོན་དུང་ཁྲག་འཛིན། །ཁྭ་གདོང་མ་ཡི་དབང་༴ ཙ་མུཎྜཱི་བྷྱོ་ཨ་བྷི༴ རྣལ་འབྱོར་དམར་ལྗང་བམ་ཆེན་འཛིན། །བ་ལང་གདོང་གི་དབང་༴ སུ་ཏ་ནཾ་བྷྱོ་ཨ་བྷི༴ རྣལ་འབྱོར་ལྗང་ནག་བདུད་རྩི་འཛིན། །སྦྲུལ་གདོང་མ་ཡི་དབང་༴ ཝཱ་རུ་ཎཱི་བྷྱོ་ཨ་བྷི༴ རྣལ་འབྱོར་ནག་མོ་ལྕགས་ཀྱུ་འཛིན། །ཁུ་བྱུག་གདོང་མའི་དབང་༴ བཛྲ་མ་ཧཱ་ཀཱ་ལི་བྷྱོ་ཨ་བྷི༴ རྣལ་འབྱོར་སྔོན་མོ་རྒྱུ་ཞགས་འཛིན། །ར་གདོང་མ་ཡི་དབང་བསྐུར༴ བཛྲ་ཙ་ཀཱ་ལ་བྷྱོ་ཨ་བྷི༴ རྣལ་འབྱོར་དམར་མོ་ལྕགས་སྒྲོག་འཛིན། །སེང་གདོང་མ་ཡི་དབང་༴ བཛྲ་ཀུམྦྷ་ཀརྣ་བྷྱོ་ཨ་བྷི༴ རྣལ་འབྱོར་ལྗང་ནག་དྲིལ་བུ་འཛིན། །སྐྱ་ཀའི་གདོང་གི་དབང་བསྐུར་རོ། །བཛྲ་ལམྦྷོ་དྷ་ར་བྷྱོ་ཨ་བྷི་ཥིཉྩ་མི། ཞེས་དབང་བསྐུར་བས། འདི་ལྟར་ཆོས་ཐམས་ཅད་དམ་པ་རིགས་བརྒྱའི་ངོ་བོར་དག་ཅིང་། དེ་ཡང་རང་སེམས་ལྷག་པ་བདེན་གཉིས་དབྱེར་མེད་གསང་ཆེན་རིགས་གཅིག་ཏུ་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གསུམ་པ་རྗེས་ཀྱི་རིམ་པ་ལ་གཉིས་ལས། དང་པོ་བཟླས་པའི་ལུང་ནི། དེ་ནས་དམིགས་པ་འདི་བཞིན་མཛོད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུ ལ་དུ་ཞལ་ནས་ཐོན། སློབ་མའི་ཞལ་དུ་ཞུགས། དྭངས་མའི་སྲོག་ཡིག་གི་མཐར་ཕྲེང་བ་ལྟར་འཁོད་པར་མོས་ལ་འདིའི་རྗེས་ཟློས་མཛོད། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་ཞི་བ་སྤྱི་སྔགས་དང་། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ཅེས་ཁྲོ་བོའི་སྤྱི་སྔགས་ཏེ། དེ་གཉིས་ལན་གསུམ་རེ་དང་། ཡིག་བརྒྱ་ལན་གཅིག་གི་རྗེས་ཟློས་བྱའོ། །གཉིས་པ་དམ་བཅའ་བླང་བ་ནི། དེ་ཡང་དམ་པ་རིགས་བརྒྱ་གསང་ཆེན་རིགས་གཅིག་གི་སྒོམ་བཟླས་ཉིད་རབ་ཆུ་བོའི་རྒྱུན་བཞིན་དང་། འབྲིང་ཉིན་མཚན་དུས་དྲུག་གམ། ཐ་མས་ཀྱང་ཉིན་ཞག་རེར་རང་གི་བློ་ནུས་དང་འཚམས་པར་བསྒྲུབ་པའི་དམ་བཅས་ཏེ་འདིའི་རྗེས་ཟློས་མཛོད། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ། དཔལ་རྡོ་རྗེ་སེམས་དཔའ་ཉིད་ཡི་དམ་གྱི་ལྷར་བཟུང་ནས། དེའི་སྒོམ་བཟླས་ལ་བརྩོན་པར་དམ་བཅའ་ལགས་སོ། །ཞེས་ལན་གསུམ་གྱིས་དམ་བཅའ་བླང་བར་བྱའོ། །དེ་རྣམ་ཀྱིས་རྣལ་འབྱོར་སྤྱི་ཁྲུས་ན་རག་དོང་སྤྲུགས་ཞི་ཁྲོ་ཁྲོམ་དཀྲུགས་ཀྱི་དཀྱིལ་འཁོར་དུ་དབང་རྣམས་ལེགས་པར་བསྐུར་གྲུབ་པ་ཡིན་པས། དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་རྣམས་སྲོག་གི་ཕྱིར་ཡང་མི་གཏོང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་ལན་གསུམ། དེ་ལྟར་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། ཅེས་བརྗོད་ལ། མཎྜལ་ཕུལ་ནས། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པའང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་ནས་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནསབརྩམ་སྟེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱིས་ཀྱང་བཞེས་སུ་གསོལ། །ཞེས་དང་། དེ་ལྟར་ཐོབ་པའི་དགེ་བ་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡིས་སོགས་ཀྱིས་དགེ་བ་བསྔོའོ། །གསུམ་པ་རྗེས་ཀྱི་རིམ་པ་རྣམས་ལས་བྱང་བཞིན་མཐར་འབྱུང་བར་བྱའོ། །རྣལ་འབྱོར་སྤྱི་ཁྲུས་ཕན་བདེའི་ཆུ་རྒྱུན་གྱིས། །མཚམས་མེད་ལྔ་སྦྱོང་ཐར་པའི་སྒོ་དབྱེ་བའི། །ཐབས་མཆོག་ན་རག་དོང་སྤྲུགས་དབང་ཆོག་གི། །མཚམས་སྦྱོར་བདེ་ཆེན་ལམ་བཟང་ཞེས་བྱ་འདི། །སྐྱབས་ཀུན་སྙིང་པོ་གཏེར་ཆེན་བླ་མ་ཡི། །ཞབས་ཟུང་གཙུག་ནོར་བསྟེན་པའི་གསོལ་འདེབས་པ། །གཉོས་བཙུན་དགེ་བསྙེན་མི་འགྱུར་དཔལ་སྒྲོན་གྱིས། །རང་མཉམ་ཀུན་ལ་ཕན་སེམས་དག་པས་སྤེལ། །དགེ་སྒྲུབ་དེ་ཡི་བསོད་ནམས་མཐུས། །མཁའ་མཉམ་འགྲོ་དང་ལྷན་ཅིག་ཏུ། །ཡང་དག་སྙིང་པོའི་དོན་རྟོགས་ནས། །གཞན་དོན་རླབས་ཆེན་སྤྱོད་པར་ཤོག །དེ་ལྟར་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་རྩ་བའི་དབང་ཆོག་ལ། རྗེ་བཙུན་མི་འགྱུར་དཔལ་སྒྲོན་གྱིས་མཛད་པའི་མཚམས་སྦྱོར་ལྷན་ཐབས་ཉིད་འཇུག་བདེ་བཀླག་ཆོག་མའི་དབང་དུ་གཞུང་དཀྱུས་སུ་བསྡེབས་པར་མཛད་པ་པོ་ནི་རྒྱལ་སྲས་གཞན་ཕན་མཐའ་ཡས་ཏེ། ད་ལྟ་སྔ་འགྱུར་བཀའ་མའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡུ་བའི་སྐབས་སུ་སླར་ཡང་ཡིག་རྙིང་དང་ཕྱག་རྒྱུན་སོགས་ལ་བསྟུན་ཏེ་ཞི བ་མོར་དཔྱད་པའི་སྒོ་ནས་ཞུས་ཞིང་དག་པར་བྱེད་པ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ། །འདིས་ཀྱང་བསྟན་པའི་སྙིང་པོ་མི་ནུབ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་ཞི་བའི་སྦྱིན་སྲེག པྲ་ཛྙཱ།

ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་ཞི་བའི་སྦྱིན་སྲེག་བཞུགས་སོ། །ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པ་ལ་བརྟེན་པའི་ཞི་བའི་སྦྱིན་སྲེག་བཀླག་ཆོག་ནག་འགྲོས་སུ་བཀོད་པར། བདག་གི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་ཉེར་བསྡུའི་བར་སོང་རྗེས། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ། མ་སཱུརྱ་མཎྜ་ལ། ཉི་མ་ལ་གནས་པའི་ཧཱུྂ་ཡིག་དམར་པོ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ༀ་བཛྲ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུྃ་ཕཊ། ཁྲོ་མོ་དབང་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར་པར་བསམ་ཞིང་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ༀ་མ་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་དྲ་བྱཱཾ་ཤྭ་དྷ་ཡ་ༀ་ཨཱཿཧཱུྃ་ཧཱིཿཋཱ། བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པས། ཁྲོ་མོ་དབང་ཕྱུག་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། ༀ་མ་ཧཱ་ཀྲོ་དྷི་ཤ་རཱི་སརྦ་དྲ་བྱཱཾ་ཤྭ་དྷ་ཡ་ཧཱུྃ་ཕཊ། ཅེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱ་ཞིང་། ཐོག་མཐའ་ཀུན་ཏུ་བསང་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། །གང་དུ་བྱ་བའི་ས་ཆོག་དང་ཞི་བའི་ཐབ་དཀྱིལ་སྤྱི་ལྟར་ལ། ཤར་ལྷོར་མེ་ཚང་བཅའ། གཡས་ཕྱོགས་རྫས་སྟེགས་པད་དཀར་འདབ་བརྒྱད་ཀྱི་ལྟེ་བར་བ་ལས་བྱུང་བའི་མར་ཁུ་དགང་བླུགས་ཀྱི་གཟར་བུ་ཁ་སྦྱར་དང་བཅས་པ། མདུན་གྱི་འདབ་མར་འོ་མ་ཅན་གྱི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་མཐོ་གང་བ་རྩེ་གཉིས་མར་ཁུས་ཉུག་པ། པད་འདབ་ལྷག་མ་བདུན་ལ་ཏིལ་དཀར། མངར་གསུམ། འབྲས་སོགས་འབྲུར་དཀར་པོ། ནས་དཀར་དང་འབྲས་དཀར་གྱི་ཆན་སོགས་ཁ་ཟས་དཀར་པོ་དང་། ཙནྡན་དཀར་པོ་སོགས་དྲི་དཀར་པོའི་རིགས་དང་། ཙམ་པ་ཀ་སོགས་མེ་ཏོག་དཀར་པོའི་རིགས་ཏེ་ཐམས་ཅད་རང་བཞིན་ནམ་བཅོས་པས་དཀར་པ། ཐུགས་དམ་བསྐུར་བའི་རྫས་ཡུངས་ཀར་རྣམས་རིན་པོ་ཆེ་དཀར་པོའི་སྣོད་དུ་བཤམ། གཡོན་ཕྱོགས་མཆོད་སྟེགས་པད་དཀར་འདབ་བརྒྱད་ལྟེ་བར། འོ་མ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་དང་བསྲེས་པའི་མར་དཀར་ཀྱི་འདས་གཏོར་ཟླུམ་པོ་རིལ་བུ་དྲུག་གིས་བསྐོར་བ་མཉྫིའི་སྟེང་བཀོད་པའི་མདུན་དུ་རྒྱུ་དེ་ལས་འཇིག་རྟེན་པའི་གཏོར་མ་དཀར་ཟླུམ། མདུན་གྱི་པད་འདབ་ལ་རྡོར་དྲིལ། དེའི་གཡས་གཡོན་གྱི་འདབ་མར་སྨན་རཀ །པད་འདབ་ལྷག་མ་ལྔ་ལ་ཞབས་བསིལ་དང་བཞི་བསྣོལ་ཀྱི་མཆོད་རྫས་རང་བཞིན་ནམ་བཅོས་པས་དཀར་བ་གཡས་བསྐོར་དུ་བཤམ། ཆོ་ག་དངོས་ནི། ཐབ་ཀྱི་མདུན་དུ་སྟན་དཀར་ཞིང་འཇམ་པ་ལ་སློབ་དཔོན་ཆས་གོས་དང་རིན་པོ་ཆེའི་རྒྱན་དཀར་པོས་བརྒྱན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་ཤིང་པའི་ཕྱོགས་སུ་ཁ་བལྟས་པས་འདུག་ནས། དོན་གྱི་སེམས་ཆོས་ཐམས་ཅད་ཀྱི་གཤིས་ལུགས་ལྷག་པ་བདེན་པ་དབྱེར་མེད་ཀྱི་ལྟ་བ་རྟོགས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཀུན་སློང་སྟངས་ཀྱི་སེམས་བཅས་དང་རང་བཞིན་གྱི་སྡིག་ལྟུང་དམ་ཚིག་ཉམས་ཆག་རྣམས་སྦྱོང་བར་འདོད་པའི་སེམས་ཞི་ཞིང་དང་བའི་སྒོ་ནས། ངག་སྔགས་རྣམས་ཕྲ་ཞིང་ཞིབ་ལ་རྒྱུན་མི་འཆད་པར་བཟླ་བའི་ཚུལ་གྱི་ཆོ་གའི་ལས་ལ་འཇུག་སྟེ། རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ༀ་མ་ཧཱ་བཛྲ་ཧཱུྃ། བཛྲ་གཎྜེ་ཨཱཿ ༀ་སརྦ་ཏ་ཐཱ་སོགས་ཀྱིས་སྔགས་རྒྱས་དམ་ཚིག་གསུམ་དྲན་པར་བྱའོ། །དེ་ནས་ཕྱི་མཆོད་རྣམས་བསང་སྦྱང་། སྟོང་པའི་ངང་ལས་མཆོད་སྣོད་དབྱིངས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་འཁོར་འདས་ཀྱི་རྩི་བཅུད་ཐམས་ཅད་བསྡུས་ནས་མཆོད་རྫས་རྣམས་ལ་ཐིམ་པར་གྱུར། ན་མཿསམནྟ་སོགས་བཞི་བསྣོལ་སྔགས་བཅས་དང་། སྨན་རཀ་གཉིས་སྔགས་ཙམ་གྱིས་བྱིན་གྱིས་བརླབ་བོ། །ལས་གཏོར་སྲེག་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་། ༀ་མ་ཧཱ་ཀྲོ་དྷི་ཤྭ་རཱི་སོགས་དང་། སྭ་བྷཱ་ཝས་བསང་སྦྱང་། སྟོང་པའི་ངང་ལས་མ་དང་ཨ་ལས་ཉི་ཟླའི་གའུའི་སྣོད་དུ་རང་གི་ཐུགས་ཀ་ནས་གཏོར་མའི་གནས་སུ་འབྲུ་གསུམ་དང་སྲེག་རྫས་ཀྱི་གནས་སུ་འབྲུ་ལྔ་སྤྲོས་ཏེ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཞི་བའི་ལས་གཏོར་རིན་པོ་ཆེའི་མཆོད་སྡོང་འོད་ཟེར་དཀར་པོ་འཕྲོ་བ་དང་། སྲེག་རྫས་རྣམས་རོ་བརྒྱ་ལྡན་པའི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ནམ་མཁའ་གང་བས་ཞི་བའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར་བར་བསམ་ལ། ༀ་ཨཱཿཧཱུྃ། ༀ་ཧཱུྃ་སྭཱཾ་ཨཱཾ་ཧཱཾ། ཞེས་བཟླས་པས་བྱིན་གྱིས་བརླབ། དེ་ནས་ཐབ་བསང་སྦྱང་། སྟོང་པའི་ངང་ལས་མདུན་ན་ཧཱུྃ་ལས་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་པ་ཁ་ཁྱེར་བང་རིམ་གསུམ་དང་ལྡན་པ་འོད་ཟེར་དཀར་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་ཡེ་ཤེས་ཀྱི་མེ་འོད་དཀར་པོ་འབར་བར་བསམ་ལ། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་རྒྱུན་བཞག་གམ་གཙུབ་ཤིང་ལས་བྱུང་བའི་མེ་དུ་བ་མེད་པ་སྦར་ལ། ཐབ་གྱི་མེའི་དབུས་སུ་མ་དང་དིཿལས་བྱུང་བའི་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ༀ་ཡིག་དཀར་པོ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཨགྣི་དེ་ཝ་རྀ་ཥི་ཧཱུྃ། ཞི་བའི་མེ་ལྷ་དཀར་པོ་ཞི་ཞིང་འཛུམ་པ་དྲང་སྲོང་གི་ཆ་བྱད་ཅན་གུནྡྷེ་དང་བགྲང་འཕྲེང་འཛིན་པའི་སྐུར་གྱུར། ཨཱ་དཪྴ་སོགས་ཀྱིས་བསྐུར། ༀ་སརྦ་ཏ་ཐ་སོགས་བརླབ། ཐུགས་ཀའི་ཧཱུྂ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམ་ལ། ཨགྣེ་དེ་ཝ་ས་མ་ཡ་ཧཱུྃ་ཛཿ ཞེས་སེ་གོལ་བསྣོལ་མར་གདབ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་རྒྱ་དང་བཅས། ཨགྣེ་དེ་ཝ་རྀ་ཥི་ཛཿཛཿས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་གྱི་མཆོད། མེ་ལྷ་ཞལ་ཅུང་ཟད་གདངས་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམ་ལ་ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་དུ་བྱས་པས་དགང་བླུགས་བཟུང་ནས། ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་རྗེས་གཟར་བུ་ཁ་སྦྱར་ཏེ་པུས་མོའི་ནང་ལས་མི་འདའ་བར་གཡས་བསྐོར་གྱིས། ༀ་ཨགྣི་དེ་ཝ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་དམ་ཚིག་ཉམས་ཆག་རྟོག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དགང་བླུགས་ཕུལ། དེ་རྗེས་སྔགས་དེ་ཁོ་ནས་ཡམ་ཤིང་། མར་ཁུ། སྲེགས་རྫས་རྣམས་རེ་རེ་ནས་སྔགས་འདོད་གསོལ་བཅས་ལྔའམ་བདུན་སོགས་ཇི་ལྟར་རིགས་པ་ཕུལ་ལ། ཧཱུྃ། དེ་བཞིན་རིགས་ལས་གྲུབ་པ་ཡི། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཕྲིན་ལས་ཀུན་གྱི་དཔང་པོ་འཛད། །སྟངས་འཛིན་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ། ཡུངས་ཀར་ཐབ་ཏུ་འཐོར་ཞིང་། མ་མོ་རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྟོག་སྒྲིབ་དམ་ཚིག་ཉམས་ཆག་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་འདོད་དོན་གསོལ། ༀ་ཨགྣེ་སོགས། མེ་ལྷ་འབར་བའི་རྣམ་པར་བསམ། དེ་དག་སྦྱིན་ལྷ་སྟེ་འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་གའོ། །དེ་ནས་སྲེག་ལྷ་ཞེས་འདས་པའི་མེ་ལྷ་མཆོད་པ་ནི། ཕྱག་རྒྱ་གཅིག་པའི་གཞུང་ལྟར། ཐབ་ཀྱི་མེའི་དབུས་སུ་ཨེ་ལས་ནམ་མཁའ་སོགས་ནས། ཆ་ཤས་ཡོངས་སུ་རྫོགས་པར་གྱུར། བར་དང་། བདག་གི་ཐུགས་ཀ་ནས་ཨ་དཀར་པོ་དྲི་མ་མེད་པ་དྭངས་ཤིང་གསལ་བ་སྤྲོས་ཟླ་བའི་གདན་གྱི་སྟེང་དུ་བབས་སོགས། མེ་ལྷ་བཅོམ་ལྡན་འདས་སོགས་ནས། བྱིན་གྱིས་བརླབ་པའི་བར་བྱ། བདག་མདུན་གྱི་ཐུགས་ཀར་དྭངས་མའི་སྲོག་སོགས། སྟོང་བ་ཤིན་ཏུ་སོགས། ཐུགས་རྗེའི་ལྕགས་ཀྱུ་སོགས། ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་པ་དང་དབྱེར་མེད་གྱུར། ༀ། དངོས་སུ་འབྱོར་དང་༴ ཀུན་ཏུ་བཟང་པོ༴ མཁའ་དབྱིངས་རྣམ་དག༴ ཕྱི་ནང་གསང་བའི༴ སོགས་ཀྱིས་སྤྱིར་མཆོད་ནས། བྱེ་བྲག་ཏུ་ཀུན་བཟང་། ཞབས་བསིལ། བཞི་བསྣོལ། སྨན་རཀ་གཏོར་མ་སྔགས་ཙམ་གྱིས་འབུལ། མི་རྟོག་རྡོ་རྗེས་བསྟོད། དཀྱིལ་འཁོར་གྱི་ལྷ་ཅུང་ཟད་འཛུམ་པའི་ལྗགས་རྡོ་རྗེ་འོད་ཀྱི་སྦུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམ་ལ། ༀ་བཛྲ་ས་ཏྭ་ཨཱཿ ཞེས་པ་བདུན་གྱི་བཀང་ནས་ཡིག་བརྒྱ་ལ། གསོན་པོའི་དོན་དུ། བདག་དང་སེམ་ཅན་ཐམས་ཅད་དང་ཁྱད་པར་སྦྱིན་པའི་བདག་པོའི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཉེས་ལྟུང་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། གཤིན་དོན་ལ། ༀ་ད་ཧ་ད་ཧ་སོགས་ངན་སོང་གནས་འདྲེན་སྔགས་དང་། དམིགས་ཡུལ་ཚེ་ལས་འདས་པའི་ཉམས་ཆག་སྡིག་ལྟུང་སྦྱང་ཞིང་འཁོར་བ་དང་ངན་འགྲོའི་འཇིགས་པ་ལས་བསྐྱབ་པར་མཛད་དུ་གསོལ། ཞེས་སྤེལ་ཚིག་དང་བཅས་པས་ལན་གསུམ་འབུལ། དེ་ནས་ཡམ་ཤིང་མར་ཁུ་སོགས་བསྲེག་རྫས་གཞན་རྣམས་ཡིག་བརྒྱ་ལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བཏགས་པས་གྲངས་བསགས་མཐར་སྤེལ་ཚིག་སྔར་ལྟར་སྦྱར་ནས་འབུལ་ཏེ། དབང་མཆོག་རྒྱལ་པོའི་རྒྱུད་གྱི་སྦྱིན་སྲེག་སྐབས། ཐུགས་སྒྲུབ་ཕྲིན་ལས་རྣམ་བཞི་ལ། །ན་རག་དོང་སྤྲུགས་གདོན་པར་བྱ། །ཀུན་ཀྱང་དེ་རུ་འདུས་པ་ཡིན། །ལྷ་བརྒྱ་སྔགས་བརྒྱ་བཤགས་པ་ཚང་། །རྒྱ་བར་ཤཱནྟིཾ་ཀུ་རུ་གདགས། །ཞེས་སོ། །རོ་སྲེག་ལྟ་བུའི་ཚེ་ཞུན་མར་གྱི་སྐོང་མཛད་ཅིང་། ཚོགས་མཆོད་འགྲུབ་ན་བྱ། མ་འགྲུབ་ནའང་ཆད་པའི་སྐྱོན་མེད་དོ། །དེ་རྗེས། ༀ་བཛྲ་སཏྭ་ཨཱཿལ་གཏོར་སྔགས་བཏགས་པས་ལས་གཏོར་དང་། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་སྨན་རཀ་ཕུལ་ནས་སྔར་བཞིན་བསྟོད་ལ། ཐབ་ཏུ་ཡུངས་ཀར་འཐོར་ཞིང་། ༀ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འབུལ། །བདག་གི་ཞི་བའི་ཕྲིན་ལས་མཐར་ཕྱིན་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མཛོད། །ཅེས་གསོལ་བ་བཏབ་ནས། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས་བསྒྲུབ་བྱ་ལ་རེག་པས་དམ་ཚིག་ཉམས་ཆག་རྟོག་སྒྲིབ་ཐམས་ཅད་ཞི་བར་བསམ་མོ། །དེ་ནས་གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་བྱས་ལ་ཡེ་ཤེས་པ། ༀ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་བསམ་། སླར་ཡང་། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཅེས་བླུགས་གཟར་གྱི་མར་ཁུས་མེ་གསོས་ཏེ་འཇིག་རྟེན་པའི་མེ་ལྷ་སྔར་བཞིན་གསལ་བར་བསམ་ལ་། ༀ་ཨགྣེ་དེ་ཝ་རྀ་ཥི་ཧ་བྱ་སོགས་ཀྱིས་བསྲེག་རྫས་ལྷག་རྣམས་འབུལ། ཀུནབཟང་སོགས་ཀྱིས་མཆོད། སྔགས་མཐར་ལས་གཏོར་དང་སྨན་རཀ་འབུལ། མེ་སྟེ་བསྲེག་བྱས་བསྟོད། ཡིག་བརྒྱས་ནོངས་པ་བཤགས། བཛྲ་མུཿས་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་ལས་ཀྱི་རྗེས་བསྡུ་ཞིང་བསྔོ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །ཞེས་ཉེར་འཁོའི་བཀླག་ཆོག་ཏུ་བློ་གྲོས་ནས་བསྐུལ་བཞིན། པྲ་ཛྙཱས་གཞུང་ཟིན་ལྟར་བསྒྲིགས་པ་དགེ་ལེགས་འཕེལ། །བཀྲ་ཤིས།། །།

དོང་སྤྲུགས་ཕྱག་རྒྱ་གཅིག་པའི་ཞི་བའི་སྦྱིན་སྲེག་སྙིང་པོར་དྲིལ་བ། ཡེ་ཤེས་རྡོ་རྗེ།

དོང་སྤྲུགས་ཕྱག་རྒྱ་གཅིག་པའི་ཞི་བའི་སྦྱིན་སྲེག་སྙིང་པོར་དྲིལ་བ་བཞུགས་སོ། །ༀ་སྭ་སྟི། དོང་སྤྲུགས་ཕྱག་རྒྱ་གཅིག་པ་ལ་བརྟེན་ནས་ཞི་བའི་སྦྱིན་སྲེག་ཤིན་ཏུ་བསྡུས་པའི་ཚུལ་གྱིས་སྒྲུབ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། ཟླ་བའི་དཀར་ཕྱོགས་ཀྱི་སྔ་དྲོའི་ཆར་ཤིས་པའི་ས་ལས་ཐབ་སྟེགས་གྲུ་བཞི་པའི་སྟེང་དུ་རྡུལ་ཚོན་དཀར་པོས་ཐབ་ཁུང་ཇི་ལྟར་འཚམས་པ་ཟླུམ་པོར་བསྐོར་བ་ལ་པདྨ་འདབ་མ་བརྒྱད་ལྟེ་བར་རྡོ་རྗེ་རྂ་ཡིག་གིས་མཚན་པ། དེ་རྒྱབ་མཆུ་དང་ཁ་ཁྱེར་སོར་བཞི་ཏེ་བསྐོར་བར་མེ་རི་གཡས་བསྐོར་དུ་འབར་བ་དང་རྡོ་རྗེའི་ཕྲེང་བ། དེ་རྒྱ་བ་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རེ་རེ་མགོ་ཕྱིར་བསྟན་དུ་བྲིས་ལ་མེ་ཏོག་དཀར་པོ་གཅལ་དུ་བཀྲམ། འཕྲལ་མགྱོགས་ལྟ་བུར་བྲིས་ཐབ་མི་འགྲུབ་ན་ཐབ་སྟེགས་དཀར་པོ་ཟླུམ་པོའི་དབུས་སུ་མེ་ཏོག་དཀར་པོའི་ཚོམ་བུ་གཅིག་བཀོད་པས་ཀྱང་རུང་། གང་ལྟར་ཡང་དེར་ཚེར་མ་མེད་པའི་བུད་ཤིང་སྐམ་པོས་ཟླུམ་པོར་བརྩིག་ལ་མེ་ཚང་བཅའ། གཡས་ཕྱོགས་རྫས་སྟེགས་པད་དཀར་འདབ་བརྒྱད་ཀྱི་ལྟེ་བར་བ་ལས་བྱུང་བའི་མར་ཁུ་དགང་བླུགས་ཀྱི་གཟར་བུ་ཁ་སྦྱར་བ་དང་བཅས་པ། མདུན་གྱི་འདབ་མར་འོ་མ་ཅན་གྱི་རྩེ མོའི་ཆ་ལས་བྱུང་བའི་ཡམ་ཤིང་མཐོ་གང་བ་རྩེ་གཉིས་མར་ཁུས་ཉུག་པ། པད་འདབ་ལྷག་མ་བདུན་ལ་ཏིལ་དཀར། མངར་གསུམ། འབྲས་སོགས་འབྲུ་དཀར་པོ། ནས་དཀར་དང་འབྲས་དཀར་གྱི་ཆན་སོགས་ཁ་ཟས་དཀར་པོའི་རིགས། ཙམ་པ་ཀ་སོགས་མེ་ཏོག་དཀར་པོའི་རིགས། ཐུགས་དམ་བསྐུལ་བའི་རྫས་ཡུངས་ཀར་རྣམས་རིན་པོ་ཆེའི་དཀར་པོའི་སྣོད་དུ་བཤམ། གཡོན་ཕྱོགས་མཆོད་སྟེགས་པད་དཀར་འདབ་བརྒྱད་ལྟེ་བར། འོ་མ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་དང་བསྲེས་པའི་མར་དཀར་གྱི་གཏོར་མ་ཟླུམ་པོ་རིལ་བུ་དྲུག་གིས་བསྐོར་བ། བདུན་གྱི་པད་འདབ་ལ་རྡོ་དྲིལ། དེའི་གཡས་གཡོན་གྱི་འདབ་མར་སྨན་རཀ །པད་འདབ་ལྷག་མ་ལྔ་ལ་ཞབས་བསིལ་བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་བཅས་གཡས་བསྐོར་དུ་བཤམ། རང་གི་མདུན་དུ་བསང་ཆུ་དང་མེ་ཏོག་གི་སྣོད་སོགས་འདུ་བྱས་ལ། ཆས་གོས་དཀར་པོ་བགོས་ཏེ་གཙང་མའི་སྟན་ལ་ཁ་ཤར་དུ་ཕྱོགས་པས་སྐྱིལ་ཀྲུང་གིས་ཞི་ཞིང་དགའ་བའི་སེམས་ཀྱིས་འཁོད་དེ་ལས་རིམ་ལ་འཇུག་གོ། །གཉིས་པ་དངོས་གཞི་ནི། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། བསང་ཆུའི་ནང་དུ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོའི་འཕྲོ་འདུས་ཁྲོ་མོ་དབང་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པ་གསལ་ལ། ༀ་མ་ཧཱ་ཀྲོ་དྷི་ཤྭ་རི་སརྦ་དྲ་བྱཱཾ་ཤྭ་དྷ་ཡ་ༀ་ཨཱཿཧཱུྃ་ཧྲཱིཿཋ ཞེས་ཉེར་གཅིག་བཟླས་པས་བྱིན་གྱིས་བརླབས་པས། ཁྲོ་མོ་དབང་ཕྱུག་མའི་རང་བཞིན་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། ༀ་མ་ཧཱ་བཛྲ་ཧཱུྂ་གིས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་། ༀ་བཛྲ་གཎྜེ་ཨཱཿས་དྲིལ་བུ་གསིལ་ཞིང་དཀུར་བརྟེན། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ་གིས་རྡོ་དྲིལ་བསྣོལ་བའི་འཁྱུད་རྒྱ་དང་བཅས་དམ་ཚིག་གསུམ་བཟུང་། ཕྱི་མཆོད་རྣམས་ཀྲོ་དྷི་ཤྭ་རཱིས་བསང་། སྭ་བྷཱ་ཝ་ས་སྦྱང་། སྟོང་པའི་ངང་ལས་མཆོད་སྣོད་དབྱིངས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་འཁོར་འདས་ཀྱི་རྩི་བཅུད་ཐམས་ཅད་བསྡུས་ནས་མཆོད་རྫས་ལ་ཐིམ་པར་གྱུར། །ན་མཿས་མཎྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷུ། ༀ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། ༀ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་གེ་ཧྲཱིཿༀ་ཤྲཱི་བཛྲ་རཱ་ག་གཎྡྷེ་གན། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ། ཞེས་དང་། ལས། གཏོར་དང་སྲེག་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་མ་དང་ཉི་ཟླའི་གའུའི་སྣོད་དུ་རང་གི་ཐུགས་ཀ་ནས་གཏོར་མའི་གནས་སུ་འབྲུ་གསུམ་དང་སྲེག་རྫས་ཀྱི་གནས་སུ་འབྲུ་ལྔ་སྤྲོས་ཏེ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཞི་བའི་ལས་གཏོར་རིན་པོ་ཆེའི་མཆོད་སྡོང་འོད་ཟེར་དཀར་པོ་འཕྲོ་བ་དང་། སྲེག་རྫས་རྣམས་རོ་བརྒྱ་ལྡན་པའི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ནམ་མཁའ་གང་བས་ཞི་བའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར་པར་བསམ་ལ། ༀ་ཨཱཿཧཱུྃ། ༀ་ཧཱུྂ་སྭཱ་ཨཱཾ་ཧཱ། ཞེས་བཟླས་པས་བྱིན་གྱིས་བརླབ། དེ་ནས་ཐབ་བསང་སྦྱང་། སྟོང་པའི་ངང་ལས་མདུན་དུ་ཧཱུྃ་ལས་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་པ་མཚན་ཉིད་ཡོངས་སུ་རྫོགས་པ་འོད་ཟེར་དཀར་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ཡེ་ཤེས་ཀྱི་མེ་འོད་དཀར་པོ་འབར་བར་བསམ་ཞིང་། ༀ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཅེས་རྒྱུན་བཞག་གམ་གཙུབ་ཤིང་ལས་བྱུང་བའི་མེ་དུ་བ་མེད་པ་སྦར་ལ། ཐབ་ཀྱི་མེའི་ནང་དུ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ་བདག་གི་ཐུགས་ཀ་ནས་ཨ་དཀར་པོ་སྤྲོས་པ་ཟླ་བའི་གདན་གྱི་སྟེང་དུ་བབས། དེ་ཡོངས་སུ་གྱུར་པ་ལས་ཧཱུྃ་ཡིག་སྔོན་པོ་གསལ་ཞིང་འབར་བ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། སླར་འདུས་ཡོངས་སུ་གྱུར་པ་ལས་མེ་ལྷ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔལ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་རབ་ཏུ་འཛུམ་པའི་མདངས་གསལ་བའི་ཞལ་གྱི་འགྱུར་བ་ཏིང་ངེ་འཛིན་གྱི་རྣམ་པར་རོལ་པའི་ཉམས་ཅན། མཚན་དང་དཔེ་བྱད་ཀྱིས་འབར་བ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། ཞབས་གཉིས་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བརྟན་པར་བཞུགས་པ། ཡབ་ཀྱི་ཐུགས་ཀ་ནས་མཱུྂ་ཆད། འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཡབ་ཀྱི་གཡོན་ཕྱོགས་ཉེ་བའི་པང་དུ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་རྡོ་རྗེ་རང་གི་ཐུགས་ཀར་འཛིན་པ། བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀའང་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་ཤིང་། ཞི་བའི་ཉམས་དགུ་རྒྱས་པ། འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེའང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་བའི་ཀློང་ན་བཞུགས་པ། ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་ཟླ་བ་ལ་ཧཱུྂ་དང་མཱུྂ་ཡིག་སྔོན་པོ་རྟག་ཏུ་འཆར་བཞིན་པ། དེ་ལས་བྱུང་བའི་འོད་ཟེར་གྱིས་དབང་གི་ལྷ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། རིགས་ལྔ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་མཛད། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་སྤྱི་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས་ལུས་ཐམས་ཅད་གང་། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན། སླར་ཡང་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱྃ་དམར་པོ། སྙིང་གར་ཉི་མ་ལ་ཧཱུྂ་སྔོན་པོ། དེ་གསུམ་ལས་འཕྲོས་པའི་འོད་ཟེར་གྱིས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས་ཏེ་ཡི་གེ་སོ་སོ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་གཉིས་སུ་མེད་པར་གྱུར། ཡི་གེ་སོ་སོ་ཡོངས་སུ་གྱུར་པ་ལས། སྤྱི་བོར་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ། མགྲིན་པར་གསུང་རྡོ་རྗེ་དམར་པོ་པདྨ། སྙིང་གར་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་འཛིན་པ་རྣམས་ཀྱིས་རྒྱས་བཏབ་པར་གྱུར། སླར་ཡང་སྙིང་གའི་ཧཱུྂ་གི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུར་བས། ཆོས་སྐུ་འགྱུར་བ་མེད་པའི་ངང་ལས་གཟུགས་སྐུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿ། ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་པ་དང་དབྱེར་མེད་པར་གྱུར། ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭ་ཧཱ། ༀ་ཨ་ཧ་ར་ཨ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷ་ནཾ་ག་ག་ན་ཁཾ་ས་མ་ཡེ་སྭ་ཧཱ། ༀ་ཤྲཱི་བཛྲ་རཱ་ག་དྷུ་པེ་དྷུ། ༀ་ཤྲཱི་བཛྲ་རཱ་ཱག་པུཥྤེ་པུ། ༀ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ༀ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི། ཞེས་མཆོད། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་རྡོ་རྗེ་སེམས་དཔའོ། །ཞེས་བསྟོད། དཀྱིལ་འཁོར་གྱི་ལྷ་ཅུང་ཟད་འཛུམ་པའི་ལྗགས་རྡོ་རྗེ་འོད་ཀྱི་སྦུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམ་ལ། ༀ་བཛྲ་སཏྭ་ཨཱཿ ཞེས་པ་བདུན་གྱིས་གཟར་བུའི་མར་ཁུས་དགང་གཟར་བཀང་ཡིག་བརྒྱའི་མཐར། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་སྤེལ་ཚིག་དང་བཅས་པས་ལན་གསུམ་འབུལ། དེ་ནས་ཡམ་ཤིང་མར་ཁུ་སོགས་སྲེག་རྫས་གཞན་རྣམས་ཡིག་བརྒྱ་ལ། ཤིནྟཾ་ཀུ་རུ་སྭཱ་ཧཱ་བཏགས་པས་གྲངས་བསགས་ཤིང་སྤེལ་ཚིག་སྔར་ལྟར་ལས། ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ་ཞེས་སྦྱར་ནས་འབུལ། རྫས་རྣམས་རྫོགས་ནས། ༀ་བཛྲ་སཏྭ་ཨཿ ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་ལས་གཏོར་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་སྨན་རཀ་འབུལ། ཐབ་ཏུ་ཡུངས་དཀར་འཐོར་ཞིང་སྔར་དགང་བླུགས་སྐབས་བཞིན་འདོད་དོན་གསོལ། དེ་ལྟར་སྲེག་རྫས་བདུད་རྩིའི་དྭངས་མ་དགྱེས་པ་ཆེན་པོས་བཞེས་ཏེ་མཉེས་ཤིང་ཚིམས་ནས་འབར་བའི་འོད་ཟེར་དཀར་པོ་ཟླ་བའི་རྩི་ལྟ་བུ་མཁའ་ཁྱབ་ཏུ་སྤྲོ་བ་དང་བསྡུ་བའི་སྒོ་ནས་བདག་གཞན་གྱི་ཉམས་ཆག་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་ལྷག་མེད་དུ་སངས་ཀྱིས་བསལ་བར་མོས། སླར་ཡང་གོང་བཞིན་དགང་བླུགས་ལན་གསུམ་དུ་ཕུལ་ཞིང་གཏང་རག་གི་མཆོད་བསྟོད་བྱ། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདི་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡིག་བརྒྱས་ནོངས་པ་བཤགས། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་བསམ་མོ། །གསུམ་པ་རྗེས་ནི། མེ་རང་ཞིར་བཏང་བའམ་འོ་མ་དང་དྲི་བཟང་གི་ཆུས་གཞིལ་ལ་ཐལ་སོལ་རྣམས་ཆུ་ཀླུང་དུ་སྦྱང་། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པའོ། །ཞེས་པའང་རྒྱའི་སྔགས་སྟོན་བསོད་ནམས་ཆོས་ཀྱི་རྒྱལ་མཚན་གྱི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཞུང་དོན་སྙིང་པོར་དྲིལ་ཏེ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།

གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཐར་པའི་མྱུར་ལམ། འགྱུར་མེད་རྡོ་རྗེ།

གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཐར་པའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཐར་པའི་མྱུར་ལམ་ཞེས་བྱ་བ། དཔལ་ལྡན་བླ་མ་ངན་འགྲོ་ཐམས་ཅད་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ལས་ཉོན་སྒྲིབ་ཚོགས་སྟུག་པོར་འཁྲིགས་པའི་མུན། །ཐུགས་རྗེའི་ཉི་མ་འབར་བའི་འོད་རིས་ཀྱིས། །མཐར་བྱས་བདེ་ཆེན་ལམ་བཟང་གསལ་མཛད་པའི། །ཁྱབ་བདག་རྡོ་རྗེ་སེམས་དཔའ་དེར་ཕྱག་འཚལ། །རྡོ་རྗེ་ཐེག་པའི་སྒོར་སྤྱོད་པའི་རྣལ་འབྱོར་པ་ལྟར་སྣང་གི་བྱ་བས་བློ་མི་ཁྲིད་ཅིང་འགྲོ་ལ་རྗེས་སུ་བརྩེ་བའི་གཞན་དབང་དུ་གྱུར་པ་དག་གིས། སྙིང་རྗེའི་ཡུལ་དུ་གྱུར་པའི་སེམས་ཅན་འཆི་བདག་གི་ལྟོ་བར་ཚུད་ཅིང་ངན་འགྲོའི་འཇིགས་པས་མནར་བ་དེ་དག་རྗེས་སུ་འཛིན་པའི་ཐབས་འདི་ལ་ནན་ཏན་དུ་བྱ་བ་ཡིན་ཏེ། ཞི་ཁྲོ་སྒྱུ་འཕྲུལ་ལ་སོགས་པའི་རྟེན་གྱི་དཀྱིལ་འཁོར་མངོན་པར་འདུ་བྱས་པའི་ཤར་སྒོར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ཁར་ཚེ་འདས་ཀྱི་རོའམ། གཟུགས་མིང་ནྲྀ་ཡིག་བྲིས་པའི་བྱང་བུ་དྲི་རྟེན་བཅས་བཀོད། གཞན་ཡང་སྦྱང་ཆས་དང་ཟས་གཏད་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། གང་ལ་བརྟེན་བྱའི་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་ནས། བདག་ཉིད་འཇུག་པ་སྔོན་དུ་འགྲོ་བས། ཆོ་ག་དངོས་ལ་དམན་མཆོག་གཉིས་ལས། དང་པོ་ལའང་རྟེན་བསྐྱེད་པ། རྣམ་ཤེས་དགུག་པ། བགེགས་དང་སྡིག་པ་སྦྱོང་བ། བཀྲུ་ཞིང་ཕྱི་བ། དུག་དབྱུང་བ། སྐྱབས་སུ་འགྲོར་འཇུག་པ། དབང་བསྐུར་བ། ཟས་གཏད་པ། ལམ་བསྟན་པ། རྣམ་ཤེས་སྤར་བ། བྱང་བུ་སྲེག་པ། ཞར་བྱུང་སཱཙྪ་གདབ་པའི་ལས་དང་བཅུ་གསུམ་མོ། །དང་པོ་ནི། དམིགས་རྟེན་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ་ལ། གཉིས་པ་རྣམ་ཤེས་དགུག་པ་ནི། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་བརྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་བ་ཆེ་གེ་མོའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག །ཧཱུྃ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །འཚོ་བར་བྱེད་པའི་ཚེ་ཟད་ཅིང་། །ལྔ་ཕུང་སྒྱུ་མའི་འཁྲུལ་འཁོར་ཞིག །ཕ་རོལ་གནས་སུ་སོང་བ་ཁྱོད། །རྣམ་ཤེས་རྟེན་མེད་ལས་དབང་གིས། །ཁམས་གསུམ་རིགས་དྲུག་གར་གནས་ཀྱང་། །ལྷ་དང་བླ་མ་དྲན་གྱིས་ལ། །མོས་གུས་གདུང་བས་འདིར་ཤོག་ཅིག །གཟུགས་བརྙན་ལུས་རྟེན་མིང་བྱང་ངག །ནྲྀ་ཡིག་སེམས་རྟེན་དྲི་མར་བཅས། །བག་ཆགས་རྟེན་ཡིན་མྱུར་ཤོག་ལ། །དྲན་པའི་སེམས་ཀྱིས་གནས་པར་གྱིས། །ནྲྀ་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་བརྗོད་པས་རྣམ་ཤེས་ཨ་ཐུང་གི་རྣམ་པས་རྟེན་ལ་ཐིམ་པར་བསམ། གསུམ་པ་སྦྱང་ཆས་བཤམ་ལ། ༀ་སརྦ་བིགྷྣཱན་ན་མཿ སོགས་གསུམ་གྱིས་ཞི་བ། ཏིང་ལོ་བསྐོར་ཞིང་སུམྦྷ་ནི་བཟླ་བས་ཕྱེད་མ། རང་ཉིད་ཧཱུྃ་མཛད་དུ་བསྒོམས་ནས་ཁྲོ་བོ་སྤྱན་དྲངས་མཆོད་ཅིང་བསྟོད། གོང་བཞིན་བདེན་སྟོབས་བརྗོད་པའི་བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་བ་བརྒྱར་འགས་པར་འགྱུར་ཏ་རེ། དྲག་སྔགས་བཟླ་ཞིང་ཡུངས་ཀར་གྱིས་བྲབ་རོལ་མོའི་སྒྲ་དང་བཅས་ཏེ་དྲག་པོས་སྦྱོང་བའོ། །བཞི་པ་མདུན་དུ་ཏིལ་དང་མེ་ཆུ་བཤམ་ལ། ཚེ་ལས་འདས་པའི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཡི་གེ་ཀཾ་ནག་པོའི་རྣམ་པར་གནས་པ་ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེས་དེད། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པས་ཐོན་ནས་མདུན་གྱི་ཏིལ་ལ་ཐིམ་པ་དེ་ཉིད་ཡེ་ཤེས་ཀྱི་མེས་བསྲེགས་ཤིང་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བར་གྱུར། ༀ་སརྦ་པཱ་པཾ་སོགས་བརྗོད་ཅིང གཡས་སུ་མེར་བསྲེགས་གཡོན་དུ་ཆུར་བླུག །ཚེ་ལས་འདས་པས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་རོལ་མོ་དང་བཅས་པས་ཕྱིར་དོར། དེ་ནས་ཡིག་བརྒྱ་དང་ངན་སོང་སྦྱོང་བའི་གཟུངས་བཟླས་པའི་བྱེ་མས་རྟེན་ལ་བྲབ་ཅིང་རེག་པ་ཙམ་གྱིས་སྡིག་སྒྲིབ་ཐམས་ཅད་བ་མོ་ལ་ཉི་མ་ཤར་བ་བཞིན་དག་པར་བསམ་མོ། །ལྔ་པ་མེ་ལོང་དུ་དཀྱིལ་འཁོར་པའི་སྣང་བརྙན་འཆར་བར་ཁྲུས་གསོལ་ཞིང་། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང་། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཀཱ་ཡ་བི་ཤྭ་དྷ་ནི་སྭཱ་ཧཱ། ཞེས་སྐུ་ཕྱིའོ། །ཁྲུས་ཆུ་དེ་ཉིད་བུམ་པར་བླུགས་པས་མིང་བྱང་བཀྲུ་ཞིང་། རྣམ་དག་གཙང་དྭངས་ལྷ་ཡི་ཆུ། །ཡིད་འོང་དྲི་ཞིམ་གངྒཱའི་རྒྱུན། །ཕྱག་རྒྱ་ཡེ་ཤེས་བུ མ་པའི་ཆུས། །ཚེ་འདས་སྒྲིབ་པ་དག་གྱུར་ཅིག །ཡི་གེ་བརྒྱ་བ་བརྗོད་ཅིང་བཀྲུ། གཞན་ཡང་། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སོགས་ཕར་ཕྱིན་དྲུག་གི་ཁྲུས་སྔགས་ཚིགས་རོལ་མོ་བཅས་པས་བཀྲུ། དྲུག་པ་ཀུ་ཤས་རྟེན་ལ་བྱབས་ཤིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །རྫོགས་པའི་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །དེ་བཞིན་དུ་ཆོས་དང་དགེ་འདུན་ལ་ཡང་སྦྱར་རོ། །དེ་ནས་འབྱུང་བ་སོ་སོས་བྱབས་ཤིང་། ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །སངས་རྒྱས་སྤྱན་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཅེས་དང་དེ་བཞིན་དུ། ཆུ་མཱ་མ་ཀཱི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མའི་ཞེས་སྦྱར། རིགས་དྲུག་གནས་སྦྱོང་བྱེད་པར་སྤྲོ་ན་ཟུར་དུ་བྲིས་པ་བཞིན་འདིར་སྦྱར་རོ། །བདུན་པ། ཚེ་འདས་ཉིད་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བསམ་ཞིང་ཚིག་རྣམས་བརྗོད་པར་མོས་ལ། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་སྙིང་ནས་བདག་སྐྱབས་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང་། །འཇིགས་པས་མནར་བ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིངས་པ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲང་དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང་། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ། །ཉོན་མོངས་གདུང་བས་གཟིར་བ་རྣམས། །བྱམས་པའི་ཐུགས་རྗེས་སྐྱོབ་ཏུ་གསོལ། །ཞེས་གསོལ་པ་འདེབས། བརྒྱད་པ་དཀྱིལ་འཁོར་དུ་འཇུག་པ་ནས་བཟུང་གཏང་རག་གི་མཐར་ཐུག་པར་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་དབང་བསྐུར། དགུ་པ། ཚེ་འདས་སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་པའི་མདུན་དུ་བཟའ་བཏུང་སྣ་ཚོགས་བཤམ། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ནས། ཧཱུྃ། ང་ནི་དཔལ་ལྡན་རྡོ་རྗེ་སེམས། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །ཡེ་ཤེས་ཆེན་པོའི་འཕྲོ་འདུ་ལས། །འདོད་པ་ཐམས་ཅད་ཚིམ་བྱེད་པ། །བཅུད་ཆེན་རོ་མཆོག་བརྒྱ་ལྡན་པའི། །བཟའ་དང་བཏུང་བའི་ཚོགས་རྣམས་དང་། །འདོད་རྒུའི་འབྱོར་བ་རྒྱ་མཚོ་ཡིས། །ཁྱོད་ཀྱི་རེ་བ་བསྐང་བར་བྱ། །ཁྱད་པར་བརྩེ་གདུང་གཉེན་རྣམས་ཀྱིས། །གདུང་བའི་སྐད་ཀྱིས་ཁྱོད་བོས་ནས། །འདོད་ཡོན་བཟའ་བཅའ་བཏུང་བའི་ཚོགས། །ཏིང་འཛིན་སྔགས་རྒྱས་སྦར་ཏེ་བསྔོ། །དགའ་དང་སྤྲོ་བའི་སེམས་ཀྱིས་ནི། །ཞེན་པ་མེད་པར་ལོངས་སྤྱོད་ཅིག །བཀྲེས་སྐོམ་གདུང་བ་ཀུན་ཞི་ནས། །འདོད་ཡོན་དཔལ་ལ་སྤྱོད་པར་ཤོག །ཅེས་བསྔོས་པས། དེས་བདག་གིར་བཟུང་ནས་དཀྱིལ་འཁོར་པ་མཆོད་པར་བལྟས་ལ་ཚོགས་མཆོད་བྱ། བཅུ་པ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །རིགས་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་བས་ཟུངས། །འཁོར་བར་མ་ཆགས་པར་གདམས་པའོ། །འོག་མིན་ཆོས་དབྱིངས་ཞིང་ཁམས་ན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །རང་རིག་རྩལ་གྱིས་འགྲོ་བར་གྱིས། །ལམ་བསྟན་ནོ། །དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྙིང་པོ་ཕྱག་རྒྱའི་མཐུས། །ལམ་ལྔ་ས་བཅུ་སྐད་ཅིག་ལ། །ཐོག་པ་མེད་པར་བགྲོད་གྱུར་ཅིག །ཅེས་ལམ་སྦྱོང་ངོ་། །བཅུ་གཅིག་པ། ཚེ་འདས་ཀྱི་རྣམ་ཤེས་ཨ་ཐུང་གི་རྣམ་པར་སྤྱི་བོ་ནས་ཐོན་འོག་མིན་གྱི་ཞིང་དུ་སོང་སྟེ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་པར་བསམ་མོ། །བཅུ་གཉིས་པ། རྣམ་ཤེས་གཤེགས་པའི་བྱང་བུ་སྡིག་སྒྲིབ་དང་མཉམ་དུ་ཡེ་ཤེས་ཀྱི་མེས་བསྲེགས་པར་བསམ་ལ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་སྲེག །འདི་ནི་སྐྱེ་འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་སྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ༀ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་བྱང་བུ་བསྲེག །བཅུ་གསུམ་པ། རུས་བུའམ་བྱང་རོའི་སྟེང་དུ་ཨ་དཀར་པོ་འོད་ཟེར་འཕྲོས་པ་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་ལ། ཡིག་བརྒྱ་བཟླ་ཞིང་དྲིའི་ཆུས་སྦྱངས། དེས་སྦྲུས་པའི་འཇིམ་པ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་ཕུང་པོར་གྱུར། རྣམ་སྣང་གི་ཐུགས་ཀ་ནས་ཡེ་ཤེས་པ་འོད་ཟེར་གྱི་རྣམ་པར་བཀུག །འཇིམ་པར་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་གྱུར། ༀ་ཛི་ན་ཛིཀ྄་སྭཱ་ཧཱ། ལན་ཉེར་གཅིག་བརྗོད། ༀ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། འཇིམ་པ་བཅད། ༀ་བཛྲོད་བྷ་ཝ་ཡ་སྭཱ་ཧཱས་འབི་འབི་བྱ། ༀ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། སྣུམ་བཀུ། ༀ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། བརྐོས་ཕོར་དུ་གཞུག །ༀ་བཛྲ་མུརྒ་ཏེ་ཨ་ཀོ་ཊ་ཡ་ཧཱུྃ་གིས་བརྡུང་། ༀ་སརྦ་བིདྱཱ་སྭཱ་ཧཱ། གཟུགས་སམ་མེ་ཏོག་གཞུག །ༀ་དྷརྨཱ་ར་ཏེ་སྭཱ་ཧཱ། ཕྱིར་འདོན། །ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱས་བཞུགས་སུ་གསོལ། དེ་ཉིད་རྣམ་སྣང་དུ་སྐྱེད་ལ་ཡེ་ཤེས་པ་དགུག་ཅིང་བསྟིམ། མཆོད་ཅིང་བསྟོད་དེ་རང་གཟུགས་སུ་བསྒྱུར་ནས་མེ་ཏོག་འཐོར་ཞིང་བརྟན་ཞུགས་བྱའོ། །གཉིས་པ་ནི། པུར་འཁོར་ལོས་སྒྱུར་བའི་ཆས་སུ་བཅུག །བསང་སྦྱང་དམ་ཚིག་གི་ལྷར་བསྐྱེད། བདེན་སྟོབས་ཀྱིས་ཡེ་ཤེས་པ་སྤྱན་དྲངས། ཁྲུས་གསོལ་དང་མཆོད་བསྟོད་ཅི་རིགས་བྱ། ཚོགས་ཀྱི་འཁོར་ལོས་མཆོད་ནས་དབང་བླང་བ་རྣམས་ཁྱད་པར་རོ། །དེ་ནས་ཚོགས་ཀྱི་དགའ་སྟོན་བྱ་ཞིང་གཏོར་མ་བཏང་། དཀྱིལ་འཁོར་ལྷ་ཚོགས་མཆོད་ཅིང་བསྟོད་ནས་ནོངས་པ་བཤགས། ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་བ་བདག་ལ་བསྡུ། དགེ་བ་བསྔོ་ཞིང་བཀྲ་ཤིས་བདེ་ལེགས་སུ་བྱ་བ་རྣམས་སོ་སོའི་ངེས་པ་བཞིན་བྱའོ། །འདིར་སྨྲས་པ། ལས་ཀྱི་སྒྲིབ་པ་སྦྱོང་བའི་ཐབས་ཀྱི་མཆོག །གང་འདིའི་ཚུལ་ལས་ཡིན་ཞེས་དེ་ཡི་ཕྱིར། །རྒྱུད་གཞུང་ཆུ་གཏེར་གྲུབ་པའི་ཞལ་ལུང་གིས། །བསྲུབས་ལས་སྔོན་མེད་ཉི་མ་འདི་ན་འབར། །ངན་སོང་གདུང་བའི་མུན་རུམ་བརྣག་དཀའ་བ། །ཀུན་བསལ་རྣམས་གྲོལ་ཐར་བའི་ཞིང་རྒྱ་མཚོ། །མངོན་དུ་སྣང་བྱེད་མྱུར་ལམ་གསར་བ་འདིས། །ཕན་བདེའི་འདབ་སྟོང་གྲོལ་བ་གཅིག་ཅར་བྱས། །ཨེ་མ་འདི་འདྲའི་སྒྱུ་ཐབས་ངོ་མཚར་འཕྲུལ། །སྲིད་པར་འཕྱན་པའི་འཇིགས་ཚོགས་བཟོད་དཀའི་དབལ། །སྙིང་རྗེའི་ཆགས་པས་བཅོམ་ནས་སྒྲིབ་བྲལ་གྱི། །དགའ་སྟོན་མཆོག་འདོད་བདེ་ཆེན་གསལ་བ་བྱུང་། །དེ་ཚུལ་ཀུན་རྨོངས་མུན་པའི་ཁང་བུ་རུ། །རང་བཟོའི་རྟོག་པས་བྲིས་མིན་རྒྱུད་གཞུང་གི། །ལེགས་བཤད་ཟླ་བའི་འཛུམ་དཀར་གྱིས་བསུས་པས། །བློ་གྲོས་ཀུནྡའི་ལང་ཚོ་ཅི་ཡང་བཞད། །གང་འདི་བགྱིས་མཐུས་འཁོར་མཚོ་སྡུག་བསྔལ་གྱི། །རླབས་ཕྲེང་མ་དག་གྲོང་ཁྱེར་འཛིན་བསྒྲལ་ནས། །རྣམ་གྲོལ་ཐར་པའི་ཞིང་གི་དགའ་སྟོན་ལ། །སྦྱོར་བའི་ལམ་བཟང་གྲུ་གཟིངས་ཉིད་གྱུར་ཅིག །གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཐར་པའི་མྱུར་ལམ་ཞེས་བྱ་བ་འདི་ནི། སྙིང་རྗེའི་ཡུལ་དུ་གྱུར་པའི་འགྲོ་བ་འཆི་བདག་གི་ལྟོ་བར་ཚུད་ཅིང་ངན་སོང་གི་འཇིགས་པས་མནར་བ་རྣམས་ལ་ཕན་འདོད་ཀྱི་བསམ་པས་རྒྱུ་བྱས། ཚུལ་འདི་ཉིད་ལ་བརྣག་པའི་དོན་གཉེར་ཅན་མང་པོས་བསྐུལ་བ་རྐྱེན་དུ་གྱུར་ཏེ། ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་བག་ཡོད་ཀྱི་ལོ་ལ་ཡོངས་འདུའི་རྒྱལ་ཁབ་ཆེན་པོ་རི་བོ་གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་སྦྱར་བའི་ཡི་གེ་བ་ནི་འདུལ་འཛིན་ངག་དབང་བཟོད་པའོ། །འདིས་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བའི་བྱང་ཆུབ་ཀྱི་གྲོང་དུ་འཇུག་པའི་རྒྱུར་གྱུར་ཅིག། །།

འོ་བྲན་དྲག་དམར་གྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ། འགྱུར་མེད་རྡོ་རྗེ།

འོ་བྲན་དྲག་དམར་གྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་བཞུགས་སོ། །ༀ་སྭ་སྟི། ཆོས་ཉིད་ཞི་ལས་གཡོ་མེད་ཀྱང་། །གདུག་གཏུམ་དྲེགས་པའི་གཉེན་པོ་རུ། །ཆེར་ཁྲོས་དབང་དྲག་ལྷག་པའི་ལྷར། །བཏུད་ནས་སྒྲུབ་ཐབས་མདོ་ཙམ་བཤད། །འདིར་དྲག་དམར་འོ་བྲན་ལུགས་སུ་གྲགས་པའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་ཤོམས། དངོས་གཞི་སྒྲུབ་པའི་ཐབས་དང་། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། སྟེགས་བུའི་ཁར་མཎྜལ་སྒོ་རྫོགས་སྤྱི་མཐུན་གྱི་ལྟེ་བར་ཆོས་འབྱུང་ཟླ་གམ་གསུམ་ལྡན་རྩིབས་བརྒྱད་ཐོད་རས་བསྐོར་བ་རྡུལ་ཚོན་གྱིས་བྲིས་པའམ་རས་བྲིས་བཀྲམ། དེའི་དབུས་སུ་མཉྫི་ལ་བུམ་པ་བཅུད་ལྡན་གྱི་ཁར་ཐོད་པ་བདུད་རྩིས་གང་བ། མེ་ལོང་ལ་སིནྡྷུ་རས་ཆོས་འབྱུང་དང་སྔགས་བྲིས་པས་བཀབ། སྟེང་ནས་དར་དམར་པོས་གུར་ཕུབ། དཀྱིལ་འཁོར་གྱི་ཤར་དུ་རྡོ་རྗེ། ལྷོར་ཐོད་པ་བདུད་རྩི་ཅན། ནུབ་ཏུ་དྲིལ་བུ། བྱང་དུ་སེང་ཕུར། དབུས་སམ་ཤར་དུ་རྡོ་རྗེ་དང་ལྕགས་སྡིག་གི་གཟུགས་རྣམས་བཞག །མདུན་དུ་སྨན་རཀ་གཏོར་གསུམ་དང་། མཐའ་མཆོད་པས་བསྐོར། གཞན་ཡང་ལས་བུམ། མིག་དར་མེ་ཏོག་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་མོ། །གཉིས་པ་སྒྲུབ་ཐབས་ལ། སྔོན་འགྲོ་ནི་བགེགས་བསྐྲད་མཚམས་བཅད། ཧོཿ སྐུ་གསུམ་ལྷ་ཚོགས་ནམ་མཁའ་ཁྱབ་པ་ལ། །ཕྱག་འཚལ་གུས་མཆོད་སྡིག་བཤགས་ཡི་རང་འབུལ། །ཀ་དག་ཆོས་དབྱིངས་ཀློང་དུ་སྐྱབས་སུ་མཆི། །འགྲོ་ཀུན་སྒྲོལ་ཕྱིར་རྡོ་རྗེའི་སེམས་བསྐྱེད་དོ། །ཞེས་ལན་གསུམ། དངོས་གཞི་ནི། ཧཱུཾ། རྡོ་རྗེའི་ས་གཞིར་ར་གུར་བླ་རེ་འཁྲིགས། །ཡེ་ཤེས་མེ་རཾ་ཁ་དོག་རྣམ་ལྔ་འབར། །ཕྱི་རོལ་གསེར་འཁོར་མེ་འཁོར་རྩིབས་སྟོང་འབར། །རྩིབས་སྟེང་སྤྲུལ་པའི་ཕོ་ཉ་ལྕགས་སྡིག་འགྱེད། །དབུས་སུ་འབྱུང་བཞི་རི་རབ་པདྨའི་སྟེང་། །སྣ་ཚོགས་རྡོ་རྗེའི་ལྟེ་བ་གཞལ་ཡས་ཁང་། །མཚན་ཉིད་ཡོངས་རྫོགས་དྲག་པོའི་རྒྱན་གྱིས་སྤྲས། །རྩིབས་བརྒྱད་འཁོར་ལོའི་ལྟེ་བར་ཆོས་འབྱུང་དབུས། །རྡོ་རྗེ་ཧཱུཾ་ཡིག་འབར་བའི་འཕྲོ་འདུ་ལས། །ཁྲོ་རྒྱལ་པདྨ་དྲག་པོ་ཧེ་རུ་ཀ །མེ་དཔུང་ལྟར་དམར་ཁྲོས་འཁྲུགས་རྔམས་པའི་གཟུགས། །ཕྱག་གཡས་རྡོ་རྗེ་རྩེ་དགུ་ནམ་མཁར་འཕྱར། །ཕྱག་གཡོན་ཐུགས་སྤྲུལ་ལྕགས་སྡིག་ནག་པོ་ནི། །མིག་དགུ་བགྲད་ཅིང་ཁ་དགུས་དགྲ་བགེགས་ཟ། །བཅོ་བརྒྱད་རྭ་ཡིས་གདོན་བགེགས་སྙིང་ནས་འཛིན། །ཡང་སྤྲུལ་ཉིང་སྤྲུལ་སྟོང་གསུམ་འགེངས་པ་འཛིན། །ཐོད་སྐམ་དབུ་རྒྱན་མགོ་རློན་དོ་ཤལ་འཕྱང་། །ཞལ་གདངས་མཆེ་གཙིགས་སྤྱན་གསུམ་དམར་ཟླུམ་བགྲད ། །དབུ་སྐྲ་སྨ་ར་སྨིན་མ་མེ་བཞིན་འབར། །དཔལ་གྱི་ཆས་བརྒྱད་གར་གྱི་ཉམས་དགུར་ལྡན། །པང་ན་ཡུམ་ཆེན་རྡོ་རྗེ་མཁའ་འགྲོ་སྔོ། །གྲི་ཐོད་འཛིན་པས་འཁྱུད་ཅིང་གཉིས་མེད་སྦྱོར། །ཐུགས་ཀར་ཕྱག་ན་རྡོ་རྗེ་མཐོན་མཐིང་མདོག །ཕྱག་གཡས་རྡོ་རྗེ་གཡོན་པས་སྡིགས་མཛུབ་མཛད། །གསེར་གྱི་མཆོད་རྟེན་བུམ་པར་སྐུ་བརྟེན་བཞུགས། །གཙོ་བོའི་སྤྱི་བོར་པདྨ་སམྦྷ་ཝ། །མཐིང་ག་རྡོ་རྗེ་ཐོད་པ་ཁ་ཊྭཱཾ་བསྣམས། །འཛུམ་ཞལ་མཛེས་ལྡན་ཟ་འོག་བེར་ཆེན་གསོལ། །ཤ་འུའི་གཉེན་ཞུ་རྒོད་ལྡེམ་རྩེ་སྒྲོས་བརྒྱན། །སྤྱི་བོའི་གཙུག་ན་སྤྲུལ་པའི་མཁའ་ལྡིང་ནི། །སྤུ་གྲིའི་མེ་གཤོག་འབར་བ་གཡོབ་ཅིང་སྡེབ། །ཕྱོགས་བཞིའི་རྩིབས་ལ་རིགས་བཞིའི་མཁའ་འགྲོ་ནི། །དཀར་སེར་དམར་ལྗང་གྲི་ཐོད་ཁ་ཊྭཱཾ་འཛིན། །གར་སྟབས་ཀྱིས་འགྱིང་བདེ་བའི་རོ་ཡིས་གང་། །མཚམས་བཞིར་བཅུད་ལྡན་རིན་ཆེན་བུམ་པས་བརྒྱན། །ཤར་སྒོར་གསང་བདག་ཕྱག་རྡོར་སྔོན་པོ་ནི། །རྡོ་རྗེ་འཕྱར་ཞིང་སྡིགས་མཛུབ་དྲག་པོར་བསྒྲེང་། །ལྷོ་སྒོར་འཇམ་དཔལ་གཤིན་རྗེ་སྐུ་མདོག་སེར། །གཡས་པ་རལ་གྲི་གཡོན་པ་སྡིགས་མཛུབ་ཅན། །ནུབ་སྒོར་རྟ་མགྲིན་དམར་པོ་རྟ་སྐད་འཚེར། །དབྱུག་ཐོ་འཕྱར་ཞིང་སྡིགས་མཛུབ་མེ་ཆེན་འབར། །བྱང་སྒོར་ཡཀྴ་མེ་དབལ་མཐིང་ནག་བརྗིད། །ཐོ་ཆེན་འཕྱར་ཞིང་ལྕགས་ཀྱུ་མེ་འབར་གདེངས། །ཀུན་ཀྱང་རྔམས་བརྗིད་དུར་ཁྲོད་ཆས་ཀྱིས་བརྒྱན། །ཡེ་ཤེས་བསྐལ་པའི་མེ་དཔུང་སྐུ་ལས་འབར། །ལྷ་ཚོགས་ཀུན་གྱི་གནས་གསུམ་ཡིག་འབྲུ་གསུམ། །རྡོ་རྗེ་གསུམ་གྱི་ངོ་བོས་མཚན་པར་གྱུར། །ཞེས་པས་གསལ་བཏབ་ལ། སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་བསམ་ལ། ཧཱུཾ། རྔ་ཡབ་གླིང་དང་ཨོ་རྒྱན་ཡུལ། །ཟངས་མདོག་དཔལ་གྱི་རི་བོ་ནས། །པདྨ་དྲག་པོ་འཁོར་བཅས་རྣམས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཞེས་དང་ཚིག་བདུན་གསོལ་འདེབས་ཀྱང་བརྗོད་པའི་མཐར། ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿ ཕེཾ་ཕེཾ་ཧྲིཾ་ཧྲིཾ་ཧྲིཾ། ཞེས་པས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་བཅིང་མཉེས་བྱས་ཏེ་དམ་ཡེ་དབྱེར་མེད་དུ་བསམ་མོ། །ཧོཿ རྒྱལ་བ་རིགས་ལྔའི་ལྷ་ཚོགས་ཀྱིས། །ཕྱི་ནང་གསང་བའི་དབང་བསྐུར་བས། །ཡོན་ཏན་ཀུན་རྫོགས་འོད་དཔག་མེད། །འཁོར་ལ་གཙོ་བོས་རྒྱས་བཏབ་བོ། །ཞེས་པས་དབང་བསྐུར། ཕྱི་ནང་གི་མཆོད་རྫས་རྣམས་བྱིན་གྱིས་བརླབས་ཏེ། ཧོཿ མེ་ཏོག་ལ་སོགས་ཕྱི་མཚོད་རྫས། །འདོད་ཡོན་ལྔ་པོ་ནང་གི་རྫས། །གཉིས་མེད་འཁྲིལ་སྦྱོར་གསང་བའི་རྫས། །བདུད་རྩི་ལྔ་པོ་དམ་ཚིག་རྫས། །ཤ་ལྔ་ལ་སོགས་གཏོར་མའི་རྫས། །རྩ་བརྒྱད་སྨན་སྦྱོར་བདུད་རྩི་སྨན། །འདོད་ཆགས་དག་པ་རཀྟའི་མཚོ། །སྤྲོས་བྲལ་ཀ་དག་དོན་དམ་སྟེ། །མཆོད་སྤྲིན་རབ་འབྱམས་གཅིག་བསྡུས་པས། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་མཆོད། །ཨརྒྷཾ་ནས་ཤཔྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིངྟ་ཁཱ་ཧི། ཞེས་པས་མཆོད། རྒྱལ་བ་ཀུན་གྱི་དྲག་པོའི་སྐུ། །ནུས་པ་ཐོགས་མེད་ལོག་འདྲེན་འཇོམས། །ཐུགས་རྗེ་རྨད་བྱུང་དཀྱིལ་འཁོར་གཙོ། །པདྨ་ཐོད་ཕྲེང་དྲག་པོར་འདུད། །ཅེས་པ་ཙམ་མམ་སྤྲོ་ན་བསྟོད་པ་གཞན་ཡང་བྱ། ཐུགས་ཀའི་ས་བོན་སྔགས་ཀྱིས་བསྐོར། །དེ་ལས་འོད་འཕྲོས་སྟོང་གསུམ་གང་། །བགེགས་བཅོམ་རྒྱལ་བའི་བྱིན་རླབས་བསྡུས། །རིགས་འདུས་རྒྱལ་བའི་བདག་ཉིད་ངའོ། །ༀ་ཨཱཿཧཱུཾ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུཾ་ཧཱུཾ་ཨཱཿཧཱུཾ་ཧཱུཾ་ཕཊ་ཕཊ། སྙིང་པོའོ། །ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་བཛྲ་ག་རུ་ཌ་ཧཱུཾ་ཕཊ། རཱ་ཛ་གནོད་བྱེད་ཀྱི་སྙིང་ལ་མཱ་ར་ཡ་ཧཱུཾ་ཕཊ། གཙོ་བོའི་འོ། །ༀ་བཛྲ་ཌཱ་ཀི་ནི་ཧཱུཾ་ཕཊ། དེ་བཞིན་དུ། བུདྡྷ། རཏྣ། པདྨ། ཀརྨ། མཁའ་འགྲོ་ལྔའི་འོ། །ༀ་བཛྲ་པཱ་ཎི་ཧཱུཾ་ཕཊ། ༀ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ༀ་པདྨཱནྟ་ཀྲྀ་ཏ་ཧཱུཾ་ཕཊ། ༀ་བཛྲ་ཡཀྴ་ཧཱུཾ་ཕཊ། འཁོར་སྔགས་སོ། །གཙོ་བོའི་ཐུགས་ཀའི་ཕྱག་རྡོར་གྱི། །ཐུགས་སྲོག་ཧཱུཾ་ཡིག་རབ་ཏུ་འབར། །ཧཱུཾ་གི་འབྲུག་སྒྲ་ཆེར་བསྒྲགས་པས། །ཧཱུཾ་གི་སྤྲིན་གྱིས་ཕྱོགས་ཀུན་ཁྱབ། །ཧཱུཾ་ཧཱུཾ་ཞེས་པ་ཧཱུཾ་སྒྲུབ་སྟེ། རིམ་པ་བཞིན་ཅི་ནུས་བཟླས་པའི་མཐར་མཆོད་ཅིང་བསྟོད་ནས་འདོད་དོན་གསོལ་བ་གདབ་བོ། །ཚོགས་མཆོད་དང་མགྲོན་གཞན་གྱི་གཏོར་མ་བསྔོ་བ་སོགས་བྱེད་ན་སྐབས་འདིར་བྱ་ཞིང་། མཐར་ཧཱུཾ་ཧཱུཾ་ཞེས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་འོད་གསལ་དུ་བསྡུ། ཕཊ་ཕཊ་དེ་ལས་ཐུན་མཚམས་ཀྱི་ལྷ་སྐུར་ལངས་ནས་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། ༈ །གསུམ་པ་དབང་གི་ཆོ་ག་ནི། དཀྱིལ་འཁོར་སྒྲུབ་མཆོད་བདག་མདུན་དབྱེར་མེད་ཉིད་ལས། ཁྱད་པར་བུམ་པ་ལ་དམིགས་ནས་བཟླས་པ་ཅི་རིགས་པ་དང་ཏིང་ངེ་འཛིན་གྱིས་དབང་ལེན་པ་རྣམས་བྱའོ། །སློབ་མའི་བྱ་བ་ཁྲུས་བྱས། བགེགས་བསྐྲད། མེ་ཏོག་བཀྱེ་བསྡུ་བྱས་ནས། སྔོན་འགྲོའི་ཆོས་བཤད་ཅི་རིགས་པ་ལས། ཁྱད་པར་གདུལ་བྱ་ཞི་བས་མི་ཐུལ་བ་རྣམས་འདུལ་ཕྱིར་བླ་མ་དྲག་པོའི་སྒྲུབ་ཐབས་དང་ལས་རབ་འབྱམས་ཟབ་འདྲིལ་ཁྱད་པར་ཅན་མང་དུ་གསུངས་པ་ལས། མཆོག་ཏུ་གྱུར་པའི་སྒྲུབ་ཐབས་འདི་ཉིད་ཨོ་རྒྱན་ཆེན་པོས་འོ་བྲན་དཔལ་གྱི་འབྱུང་གནས་ལ་གནང་། དེའི་སྲས་དཔལ་གྱི་དབང་ཕྱུག་སོགས་བདུན་བརྒྱུད་ཟམ་མ་ཆད་པར་བརྒྱུད་པ་ལས་བྱུང་བའི་གདམས་པ་ཟབ་མོ་འདི་ཉིད་ཀྱི་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། ཞེས་མཚསམ་སྦྱར། མཎྜལ་ཕུལ། མིག་དར་བཅིངས། མེ་ཏོག་གཏད། གསོལ་གདབ་པ་ནི། དུས་གསུམ་སངས་རྒྱས་འདུས་པའི་སྐུ། །བླ་མ་རྡོ་རྗེ་འཛིན་པ་ཡིས། །བདག་ནི་འཁོར་བའི་དུ་ཁཿལས། བསྒྲལ་ཕྱིར་བྱིན་གྱིས་རློབ་ཏུ་གསོལ། །ཞེས་ལན་གསུམ། བླ་མས། བུ་ཁྱོད་སུ་ཡིན་ཅི་ལ་དགའ། ཞེས་དྲི། སློབ་མས། བདག་ནི་བསྐལ་བཟང་སྣོད་ལྡན་རིགས། །ལུས་ངག་ཡིད་གསུམ་བྲན་དུ་འབུལ། །གསང་སྔགས་བླ་མེད་དཀྱིལ་འཁོར་དུ། །དབང་དང་བྱིན་རླབས་སྩལ་དུ་གསོལ། །ཞེས་གསོལ། སླར་ཡང་བླ་མས། གསང་སྔགས་བླ་མེད་དཀྱིལ་འཁོར་འདིར། །འཇུག་པར་རབ་ཏུ་དཀའ་བ་ཡིན། །དམེ་དང་དམ་འདོར་དམ་ཉམས་དང་། །ཕ་མས་མ་གནང་མ་ཡིན་ནམ། །ཞེས་དྲི། ལན་དུ། ཁེ་དང་གྲགས་འདོད་དམ་ཉམས་མིན། །རྒྱལ་པོ་ལ་སོགས་མ་གནང་མིན། །འཁོར་བ་དུཿཁའི་རྒྱ་མཚོ་ལས། །བླ་མ་དམ་པས་བསྒྲལ་དུ་གསོལ། །ཞེས་གསོལ། སྐབས་འདིར་སྐྱབས་སེམས་ཡན་ལག་བདུན་པ་གང་འོས་ཤིག་བྱ། དེ་ནས་བླ་མས་ལྷ་ལ་གསོལ་བ་གདབ་པ་ནི། ཧོཿམི་གནས་ཡེ་ཤེས་འགྲོ་བའི་མགོན། །པདྨ་ཐོད་ཕྲེང་དགོངས་སུ་གསོལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །སློབ་མ་རྣམས་ལ་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་ནས་ཡོལ་བ་བསལ་ཏེ་རྡོ་རྗེ་ཁྲིད་ནས་ནང་དུ་བཅུག །འདི་ནི་དམ་ཚིག་ཆུ་ཡིན་ཏེ། །དེ་རིང་ཁྱོད་ཀྱི་སྙིང་ལ་བསྟིམ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། ། བཀའ་ལས་མ་འདའ་དམ་ཚིག་སྲུངས། །ས་མ་ཡ་ཨི་དཾ་ན་ར་ཀན། ཞེས་དམ་ཆུ་བླུད། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི། །གསང་ཆེན་རྡོ་རྗེ་འདི་ཡིན་པས། །ང་ལ་བརྙས་པར་མ་བྱེད་ཅིག །བརྙས་ན་རྡོ་རྗེའི་དམྱལ་བར་ལྟུང་། །ཞེས་རྡོ་རྗེ་སྤྱི་བོར་བཞག་སྟེ་དམ་ལ་བཞག །དཀྱིལ་འཁོར་གྱི་ཤར་སྒོ་ནས། བླ་མ་ཡི་དམ་དབྱེར་མེད་དགོངས། །བྱང་ཆུབ་སྙིང་པོ་འདྲེན་བགྱིད་ཅིང་། །འཁོར་བའི་སྡུག་བསྔལ་ཟློག་པའི་ཐབས། །ལམ་མཆོག་བདག་ལ་སྩོལ་དུ་གསོལ། །ལན་གསུམ་གྱིས་གསོལ་བ་བཏབ། ཡེ་ཤེས་དབབ་པ་ནི། སློབ་མ་སྐད་ཅིག་གིས་དབང་དྲག་འབར་བའི་སྐུར་བསྐྱེད། སྙིང་གར་གཡུང་དྲུང་དམར་པོ་གཡོན་འཁོར་གྱི་དབུས་སུ་རྡོ་རྗེ་ཕག་མོ་དང་ཡན་ལག་བཞི་ལ་རིགས་བཞིའི་མཁའ་འགྲོ་གསལ་བཏབ་གཡོན་དུ་འཁོར་བས་མཁའ་འགྲོ་རྣམས་བདེ་བའི་གར་བྱེད་པ་ལ་སེམས་བཟུང་། དེ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ནས་དབྱེར་མེད་དུ་ཐིམ་པར་བསམ་ལ། རྩ་སྔགས་ལ་ཨ་བེ་ཤ་བཏགས་པ་བཟླ་ཞིང་སྤོས་དང་རོལ་མོའི་སྒྲ་སྦྱར། ཡེ་ཤེས་ཕེབས་ནས་བརྟན་པར་བྱ། ཧོཿ རིན་ཆེན་རྫས་ཀྱི་མེ་ཏོག་འདི། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །སྔོན་སྦྱངས་ལས་འཕྲོ་གང་ཡོད་པའི། །ཡི་དམ་དེ་ལ་འབབ་པར་ཤོག །ༀ་པྲ་ཏི་གྲྀ་ཧྣ་ཧཱུཾ་ཞེས་དོར། རིགས་དང་མཐུན་པའི་མིང་བཏགས་མེ་ཏོག་མགོ་བོར་བཅིངས་ཏེ། པྲ་ཏི་ས་མ་ཡ་སྟྭཾ། བོདྷི་ཙིཏྟ་པུཥྤེ་ཧོཿ ཞེས་བརྗོད། བླ་མ་རྡོ་རྗེ་འཛིན་པ་ཡིས། །བུ་ཁྱོད་མིག་འབྱེད་བརྩོན་པར་འཛད། །དེ་ཕྱིར་མ་རིག་ལིང་ཐོག་ནི། །དེ་རིང་བདག་གི་བསལ་བར་བགྱི། །བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་མིག་དབྱེ། དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །པདྨ་རྒྱལ་པོའི་རིགས་སུ་འཁྲུངས། །དངོས་གྲུབ་ཐམས་ཅད་དེ་རིང་ཐོབ། །ཅེས་དཀྱིལ་འཁོར་དང་ལྷའི་རྣམ་པར་བསྟན། དེ་ནས་དབང་དངོས་གཞིའི་དོན་དུ། དུས་གསུམ་རྒྱལ་བ་འདུས་པའི་སྐུ། །བླ་མ་རྡོ་རྗེ་འཛིན་པ་ཡིས། །ཕྱི་ནང་གསང་བའི་དབང་མཆོག་རྣམས། །སྐལ་ལྡན་བདག་ལ་སྩལ་དུ་གསོལ། །བདག་གི་ལུས་ངག་ཡིད་གསུམ་རྣམས། །སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཐུགས་ཀྱི་གསང་བ་འདི་ཡིན་པས། །ཕྱི་ནང་གསང་བའི་དབང་མཆོག་རྣམས། །སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱའོ། །ཞེས་གནང་བ་སྦྱིན། བུམ་པ་སྤྱི་བོར་བཞག་ལ། ཧཱུཾ། བཀྲ་ཤིས་རྒྱས་བྱེད་བུམ་པའི་ཕོ་བྲང་ནས། །བླ་མ་རིགས་ལྔའི་ལྷ་ཚོགས་འོད་དུ་ཞུ། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆུ། །སྤྱི་བོར་བཞག་པས་དབང་སྐུར་མཆོག་གྱུར་ནས། །ལུས་ངག་ཡིད་གསུམ་སྒྲིབ་པ་ཀུན་བྱང་སྟེ། །བཀྲ་ཤིས་རྣམ་པར་རྒྱལ་བའི་དབང་ཐོབ་ཤོག །ༀ་བུདྡྷ་གུ་རུ་ཨ་བྷི་ཥིཉྩ་ༀ། ཧཱུཾ་བཛྲ༴ སྭཱ་རཏྣ༴ ཧྲིཿཔདྨ༴ ཧཱ་ཀརྨ་གུ་རུ་ཨ་བྷི་ཥིཉྩ་ཧཱ། ཞེས་དབང་བསྐུར་ཞིང་བུམ་ཆུ་བླུད། དབང་དོན་ངོ་སྤྲོད་བུམ་དབང་ངོ་། །ཐོད་པ་མགྲིན་པར་བཞག་ལ། ཧཱུཾ། བཀྲ་ཤེས་མཚན་ལྡན་ཡེ་ཤེས་ཀ་པཱ་ལ། །བདུད་རྩི་འཆི་མེད་ཡེ་ཤེས་ལྔ་ཡི་རྫས། །མ་བཅོས་བདེ་ཆེན་གཉིས་མེད་བྱང་ཆུབ་སེམས། །ཡབ་ཡུམ་གཉིས་མེད་སྦྱར་བའི་བདུད་རྩི་འདིས། །སྐལ་ལྡན་ཁྱོད་གྱི་ངག་ལ་དབང་བསྐུར་བས། །བདེ་ཆེན་ཡེ་ཤེས་གསང་བའི་དབང་ཐོབ་ཤོག །ཅེས་བདུད་རྩི་བླུད། གསང་དབང་ངོ་། མེ་ལོང་སྙིང་གར་བཞག་ལ། ཧཱུཾ། མེ་ལོང་ཟླུམ་པོ་ཆོས་དབྱིངས་ཡེ་ཤེས་ངང་། །དག་ཅིང་གསལ་ལ་དྲི་མ་མེད་པ་འདི། །གསལ་ལ་ངོས་བཟུང་མེད་པར་རང་གི་སེམས། །སེམས་ཉིད་ཀ་དག་ཡེ་ནས་ལྷུན་རྫོགས་དོན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་བསྟན་པས། །ཤེས་རབ་ཡེ་ཤེས་དབང་དང་ལྡན་པར་ཤོག །གུ་རུ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾ། སིནྡྷུ་ར་སྙིང་གར་བྱུག །གསུམ་པའོ། གུ་རུའི་སྐུ་སྤྱི་བོར་གཞག་ལ། ཧཱུཾ། ཆོས་སྐུའི་ངང་ལས་ལོངས་སྤྱོད་རྫོགས་སྐུར་ཤར། །བདུད་འདུལ་སྤྲུལ་སྐུ་པདྨ་འབྱུང་གནས་སྐུ། །སྐུ་ཡི་འོད་ཟེར་ཉི་མ་སྤྲིན་བྲལ་ལྟར། །གདུལ་བྱའི་བློ་ཡི་རྨོངས་འཐིབས་མ་ལུས་འཇོམས། །ཆོས་སྐུའི་ཞིང་ཁམས་ནམ་མཁའི་མཐའ་མཉམ་གྱིས། །གདུལ་བྱ་དཔག་མེད་དབྱིངས་སུ་འདུལ་མཛད་པ། །ཆོས་སྐུ་ཉི་མ་འོད་ཟེར་ཞེས་གྲགས་པ། །དམིགས་མེད་མཁའ་ལྟར་ཁྱབ་ལ་ཕྱག་འཚལ་བསྟོད། །སྐུ་ཡི་དབང་མཆོག་དུས་འདིར་བསྐུར་དུ་གསོལ། །ༀ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཀཱ་ཡ་ཨ་བྷི་ཥཉྩི་ཧཱུཾ། མགྲིན་པར་བཞག །ཨཱཿ ལོང་སྤྱོད་རྫོགས་སྐུ་མཚན་དཔེ་ལྡན། །ཚངས་དབྱངས་ཀ་ལ་པིངྐའི་སྒྲ། །སྟོང་གསུམ་མི་མཇེད་བྱེ་བ་བརྒྱའི། །དཔག་མེད་སེམས་ཅན་ཐམས་ཅན་ཀུན། །དྲི་མེད་གསུང་གིས་རྣམ་གནོན་པ། །སེང་གེ་སྒྲ་སྒྲོག་པདྨའི་གསུང་། །འགག་མེད་གསུང་གི་རྡོ་རྗེར་བསྟོད། །གསུང་གི་དབང་མཆོག་དུས་འདིར་སྩོལ། །ཝཱ་ཀ་ཨཱཿ སྙིང་གར་བཞག །ཧཱུཾ། མངལ་སྐྱོན་མ་གོས་སྤྲུལ་བའི་སྐུ། །གླིང་བཞི་བྱེ་བ་ཕྲག་བརྒྱ་རུ། །སྤྲུལ་པ་དཔག་མེད་སོ་སོར་འགྱེད། །སྣ་ཚོགས་ཐབས་ཀྱིས་འགྲོ་ཀུན་འདྲེན། །མཚན་ལྡན་རིན་ཆེན་ལྟར་མི་ངོམས། །ཤཱཀྱ་སེང་གེའི་སྐུ་ལ་བསྟོད། །ཐུགས་ཀྱི་དབང་མཆོག་དུས་འདིར་སྩོལ། །ཙིཏྟ་ཧཱུཾ། སླར་ཡང་སྤྱི་བོར་བཞག་ལ། ཆོས་སྐུ་འགྱུར་མེད་པད་འབྱུང་སྐུ། །ལོངས་སྐུ་གསལ་རྫོགས་ཐོད་ཕྲེང་རྩལ། །སྤྲུལ་སྐུ་རྡོ་རྗེ་གྲོ་ལོད་ཆེ། །ཀུན་རྫོགས་པདྨ་སམྦྷ་ཝ། །སྔོན་ནས་ཁྱེད་དང་སྨོན་ལམ་གཅིག ། ད་ལྟར་སློབ་མའི་ལྷར་འཛིན་གྱིས། །སྐུ་བཞི་ཡོངས་རྫོགས་དབང་ཐོབ་ཤོག །ཞི་དྲག་གི་སྙིང་པོའི་མཐར། ས་མ་ཡ་ཨ་བྷི་ཥིཉྩ་ཧཱུཾ། དེ་དག་རེ་རེའི་མཐར་སྐུ་སློབ་མ་ལ་ཐིམ། སྐུ་གསུང་ཐུགས་དང་སློབ་མའི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསམ་མོ། །སྔགས་ཀྱི་བཟླས་ལུང་བྱ། བཞི་པའོ། །མེ་ཏོག་གི་ཕྲེང་བ་མགོ་ལ་བཞག །ཧཱུཾ། དབང་དྲག་པདྨ་ཐོད་ཕྲེང་རྩལ། །ཚེ་ལ་དབང་མཛིན་འོད་དཔག་མེད། །རིན་ཆེན་མེ་ཏོག་དབང་བསྐུར་བས། །ཚེ་ཡི་དབང་བསྐུར་ཐོབ་པར་ཤོག །ༀ་བཛྲ་གུ་རུ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཨཱཿ ཤར་གྱི་རྡོ་རྗེ་མགོ་བོར་བཞག་སྟེ། ཐུགས་སྤྲུལ་གསང་བདག་རྡོ་རྗེ་འཛིན། །རྡོ་རྗེ་ཆོས་ཀྱིས་དབང་བསྐུར་བས། །ཉོན་མོངས་ནད་གདོན་རྣམ་རྟོག་བཅོམ། །ཐུགས་མཆོག་ཡེ་ཤེས་དབང་རྫོགས་ཤོག །བཛྲ་པཱ་ཎི་ཧཱུཾ་ཨ་བྷི༴ ལྷོའི་བདུད་རྩི་མགོར་བཞག །སྐུ་སྤྲུལ་འཕགས་པ་འཇམ་དཔལ་ཏེ། །གདུང་སེལ་བདུད་རྩིའི་དབང་བསྐུར་བས། །ཚེ་དཔལ་བསོད་ནམས་ཡེ་ཤེས་རྒྱས། །སྐུ་མཆོག་ལྷུན་གྲུབ་དབང་ཐོབ་ཤོག །མཉྫུ་ཤྲཱི་ཧཱུཾ་ཨ་བྷི༴ ནུབ་ཀྱི་དྲིལ་བུ་མགོར་བཞག །གསུང་སྤྲུལ་རྟ་མགྲིན་རྒྱལ་པོ་སྟེ། །གསུང་དབྱངས་དྲིལ་བུའི་དབང་བསྐུར་བས། མོས་པ་རྣམ་བཞིས་དབང་བསྡུས་ནས། །གསུང་དབྱངས་རྣམ་དག་དབང་ཐོབ་ཤོག །ཧྱ་ཡ་གྲཱི་ཝ་ཧཱུཾ་ཨ་བྷི༴ བྱང་གི་ཕུར་པ་མགོར་བཞག །ཕྲིན་ལས་སྤྲུལ་པ་ཡཀྴ་མེ་དབལ་གྱིས། །ཡེ་ཤེས་རྡོ་རྗེ་ཕུར་པའི་དབང་བསྐུར་བས། །དགྲ་བགེགས་འབྱུང་པོ་མ་ལུས་ཚར་བཅད་ནས། །ཕྲིན་ལས་ལྷུན་གྱིས་གྲུབ་པའི་དབང་ཐོབ་ཤོག །ༀ་བཛྲ་ཀྲོ་དྷ་ཡཀྴ་ཧཱུཾ་ཨ་བྷི༴ ཁྱུང་མགོར་བཞག །ཡོན་ཏན་སྤྲུལ་པ་བྱ་ཁྱུང་རྒྱལ་པོ་སྟེ། །མཁའ་ལྡིང་རྡོ་རྗེ་འཇིགས་བྱེད་དབང་བསྐུར་བས། །གདུག་པའི་ས་བདག་ཀླུ་གཉན་འཇོམས་པ་དང་། །ཡོན་ཏན་ལྷུན་གྱིས་གྲུབ་པའི་དབང་ཐོབ་ཤོག །ག་རུ་ཌ་ཧཱུཾ་ཨ་བྷི༴ རྡོ་རྗེ་ལག་གཡས་སུ་གཏད། རྡོ་རྗེ་རྩེ་དགུས་ས་དགུ་གནོན། །ཧཱུཾ་དགུ་རཾ་དགུས་རབ་ཏུ་བརྒྱན། །ཐོད་ཕྲེང་པདྨ་རྒྱལ་པོ་ཡིས། །ཕྱག་མཚན་འདི་ནི་ཁྱོད་ལ་སྦྱིན། །བཛྲ་ཧཱུཾ། ལྕགས་སྡིག་གཡོན་དུ་གཏད་ལ། ཐུགས་སྤྲུལ་ལྕགས་སྡིག་ནག་པོ་ནི། །མགོ་དགུ་ཁ་དགུ་མིག་དགུ་བགྲད། །རྭ་ཆེན་བཅོ་བརྒྱད་བགེགས་ལ་གཟེངས། །ཐོད་ཕྲེང་རྡོ་རྗེ་གཤོག་རྒོད་ཀྱི། །ཕྱག་མཚན་འདི་ནི་ཁྱོད་ལ་སྦྱིན། །ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས། །ཀྲོ་དྷ་ཡཀྴ་ཨ་བྷི༴ གཏོར་དབང་བསྐུར་ལ། བླ་མ་ཡི་དམ་དབྱེར་མེད་པའི། །དམ་རྫས་གཏོར་མས་དབང་བསྐུར་བས། །སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །གསུང་གི་བྱིན་རླབས་ངག་ལ་ཕོབ། །ཐུགས་ཀྱི་བྱིན་རླབས་སེམས་ལ་སྩོལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །རྩ་སྔགས་ཀྱི་མཐར། བ་ལིངྟ་ཀཱ་ཡ་ཝ་ཀྩིཏྟ་ཨ་བྷི་ཥཉྩ་ཧཱུཾ། ཞེས་དབང་བསྐུར་ནས་གཏོར་མའི་ལྷ་སློབ་མ་ལ་བསྟིམ་ནས་སེམས་སྤྲོས་བྲལ་དུ་བཞག ། དམ་རྫས་དངོས་གྲུབ་ཏུ་སྦྱིན། རྗེས་དམ་ཚིག་ཁས་བླང་བ་དང་མཎྜལ་སོགས་བྱ་ཞིང་། རྗེས་ཆོག་མཆོད་བསྟོད་བཟོད་གསོལ་གཤེགས་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །རྣམ་འགྱུར་ཁྲོ་གཏུམ་དམིགས་མེད་ཐུགས། །སྤྲོས་བྲལ་རྡོ་རྗེ་དྲག་པོ་ཡིས། །སྒྲུབ་ཐབས་བཀའ་མ་འོ་བྲན་གྱི། །གདམས་པའི་རྒྱ་མཚོ་བཅུད་དུ་དྲིལ། །དྲག་དམར་བཀའ་མ་འོ་བྲན་ལུགས་སུ་གྲགས་པའི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ། །གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ཁོལ་དུ་ཕྱུངས་པའོ།། །།

སྔ་འགྱུར་བཀའ་མའི་དྲག་དམར་འོ་བྲན་ལུགས་ཀྱི་བརྒྱུད་འདེབས། པདྨ་མ་ཎི།

སྔ་འགྱུར་བཀའ་མའི་དྲག་དམར་འོ་བྲན་ལུགས་ཀྱི་བརྒྱུད་འདེབས་ནི། ཁྱབ་བདག་གདོད་མའི་མགོན་པོ་འོད་མི་འགྱུར། །འཕགས་མཆོག་སྙིང་རྗེའི་དབང་ཕྱུག་མིག་མི་འཛུམ། །རྩ་གསུམ་ཀུན་འདུས་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །འཕགས་བཞི་བསྐྱེད་ཡུམ་དབྱིངས་ཕྱུག་མཁར་ཆེན་གཟའ། །གྲུབ་པའི་དབང་ཕྱུག་འོ་བྲན་དཔལ་འབྱུང་དང་། །འབྱུང་བཞིར་དབང་བསྒྱུར་འོ་བྲན་དབང་ཕྱུག་ལ། །གསོལ་བ་འདེབས༴ ཐོག་མེད་མཐུ་མངའ་འོ་བྲན་ཆོས་འབྱུང་དང་། །དྲག་རྩལ་ནུས་ཐོབ་འོ་བྲན་གྲགས་པའི་མཚན། །འཁོར་འདས་དབང་བསྒྲུར་འོ་བྲན་དབང་རྒྱལ་ལ། །གསོལ་བ་འདེབས༴ གསང་ཆེན་མཛོད་བརྙེས་འོ་བྲན་རྟ་མཆོག་རྒྱལ། །ལྟ་དགོངས་གདེངས་ལྡན་འོ་བྲན་རི་རབ་བརྟན། །ཉི་མ་རྒྱལ་མཚན་ཀུན་དགའ་བློ་གྲོས་ལ། །གསོལ་བ་འདེབས༴ རིན་ཆེན་ཆོས་རྒྱལ་ཚུལ་ཁྲིམས་དབང་ཕྱུག་དང་། །དཀོན་མཆོག་འབངས་དང་དབང་ཕྱུག་རྡོ་རྗེའི་མཚན། །གཙུག་ལག་རྒྱ་མཚོ་ཀརྨ་ལུང་རིག་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སྔ་འགྱུར་བསྟན་པའི་ཉི་མ་གཏེར་བདག་གླིང་། །ཐེག་མཆོག་བསྟན་འཛིན་ཀུན་བཟང་རྣམ་པར་རྒྱལ། །གསང་སྔགས་བསྟན་འཛིན་མཐུ་སྟོབས་རྣམ་རྒྱལ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མཛོད་ལྔའི་ཤིང་རྟ་བློ་གྲོས་ཕ་མཐའ་ཡས། །ཐུབ་བསྟན་ཉིན་བྱེད་རྒྱལ་མཚན་འོད་ཟེར་ཞབས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྤྱི་དཔལ་ཆེ། །ཆེ་བའི་ཆེ་མཆོག་པདྨ་དྲག་པོ་རྩལ། །གནས་གསུམ་མཁའ་འགྲོ་རྒྱུད་གསུམ་སྲུང་མ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དབང་གི་རྒྱུད་སྨིན་དམ་ཚིག་རྣམ་པར་དག །བསྐྱེད་རྫོགས་དོན་ལ་རང་བྱན་ཚུད་པ་དང་། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་གྲུབ་ནས་ཀྱང་། །མཁའ་མཉམ་འགྲོ་བ་ཀུན་བཟང་སར་འགོད་ཤོག །ཞེས་པའང་པདྨ་མ་ཎིས་སོ།། །།

དྲག་དམར་འོ་བྲན་ལུགས་ཀྱི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས། པདྨ་མ་ཎི།

དྲག་དམར་འོ་བྲན་ལུགས་ཀྱི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་བཞུགས། དྲག་དམར་འོ་བྲན་ལུགས་ཀྱི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་བཞུགས། ༀ་སྭ་སྟི། ཆོས་ཉིད་ཞི་ལས་གཡོ་མེད་ཀྱང་། །གདུག་གཏུམ་དྲེགས་པའི་གཉེན་པོ་རུ། །ཆེར་ཁྲོས་དབང་བྲག་ལྷག་པའི་ལྷར། །བཏུད་ནས་སྒྲུབ་ཐབས་མདོ་ཙམ་བཤད། །འདིར་དྲག་དམར་འོ་བྲན་ལུགས་སུ་གྲགས་པའི་སྒྲུབ་ཐབས་ལ་གསུམ། སྦྱོར་དངོས་རྗེས་སོ། །སྦྱོར་བའི་ཆོས་ལ་དྲུག་གི། དང་པོ་ནི། རྒྱུན་གྱི་རྣལ་འབྱོར་དང་ཚོགས་མཆོད་རྩམ་ལ། སྨན་རག་གཏོར་གསུམ། ཉེར་སྤྱོད་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་མོ། །གཉིས་པ་ཚོགས་བསགས་པ་ནི། ཧོ༔ སྐུ་གསུམ་ལྷ་ཚོགས་ནམ་མཁའ་ཁྱབ་པ་ལ༔ ཕྱག་འཚལ་གུས་མཆོད་སྡིག་བཤགས་ཡི་རང་འབུལ༔ ཀ་དག་ཆོས་དབྱིངས་ཀློང་དུ་སྐྱབས་སུ་མཆི༔ འགྲོ་ཀུན་སྒྲོལ་ཕྱིར་རྡོ་རྗེའི་སེམས་བསྐྱེད་དོ༔ ཞེས་ལན་གསུམ། སྤྲོ་ན། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ཀྱང་བྱའོ། །གསུམ་པ། བགེགས་བསྐྲད་པ་ནི༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ གསང་སྤྱོད་ལྟ་བར་མི་དབང་ཞིང༔ བྱང་ཆུབ་སྒྲུབ་ལ་བར་ཆོད་རྣམས༔ མཆོད་སྤྱིན་བཟང་པོས་ཚིམ་བྱོས་ལ༔ མྱུར་བ་ཉིད་དུ་ཕྱིར་དེངས་ཤིག༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ སྤྲུལ་པའི་ཁྲོ་ཚོགས་མང་པོ་ཡིས༔ རྡུལ་དུ་རློག་པར་གདོན་མི་ཟ༔ དྲགས་སྔགས་བརྗོད་ལ་བསྐྲད། བཞི་བ་མཚམས་བཅད་བ་ནི། ཧཱུྃ༔ ང་ནི་ཡེ་ནས་རང་བྱུང་བའི༔ སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར༔ ཆེ་མཆོག་དྲག་པོ་ཐོད་ཕྲེང་རྩལ༔ ཐུགས་ལས་ཁྲོ་ཆུང་མཚོན་ཆ་དང༔ རབ་འབར་མེ་ཡི་ཚྭ་ཚྭ་འཕྲོ༔ ཕྱོགས་མཚམས་ཀུན་ཏུ་རབ་ཏུ་གཏམས༔ བར་ཆད་ཀུན་གྱིས་མི་ཕྱེད་པའི༔ གཞོམ་མེད་རྡོ་རྗེའི་གུར་དུ་གྱུར༔ བཛྲ་ཀྲོ་དྷ་ཙཀྲ་ཛྭ་ལ་རཾ་ཧཱུྃ་བྷྲུྃ༔ ལྔ་པ་བྱིན་དབབ་པ་ནི༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིག་བྱེད་ཁྲོ་བོའི་སྐུར་སྟོན་པ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གློག་ལྟར་མྱུར་བའི་ཐུགས་རྗེས་བརྩེར་དགོངས་ལ༔ འདིར་གཤེགས་དབང་བསྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོནཿ བཛྲ་གུ་རུ་ཀྲོ་དྷ་རཱ་ཛ་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨ༔ དྲུག་པ་མཆོད་རྫས་བྱིན་རློབས་ནི༔ རྃ་ཡྃ་ཁྃ༔ རྣམ་དག་ཆོས་དབྱིང་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ༀ་བཛྲ་ཨརྒྷཾ་ནས་ཤཔྡ་སརྦ་པཉྩ་ཨ་མྲི་ཏ་རཀྟ་བ་ལིང་ཏ་ཨཱཿ ཧཱུྃ༔ གཉིས་པ་དངོས་གཞི་ལ་བདུན་གྱིས་དང་པོ་ལྷ་བསྐྱེད་པ་ནི༔ སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པས། ཧཱུྃ༔ རྡོ་རྗེ་ས་གཞིར་གུར་བླ་རེ་འཁྲིགས༔ ཡེ་ཤེས་མེ་རི་ཁ་དོག་རྣམ་ལྔ་འབར༔ ཕྱི་རོལ་གསེར་འཁོར་མེ་འཁོར་རྩིབས་སྟོང་འབར༔ རྩིབས་སྟོང་སྤྲུལ་བའི་ཕོ་ཉ་ལྕགས་སྡིག་འགྱེད༔ དབུས་སུ་འབྱུང་བཞི་རི་རབ་པདྨའི་སྟེང༔ སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང༔ མཚན་ཉིད་ཡོངས་རྫོགས་དྲག་པོའི་རྒྱན་གྱིས་སྤྲས༔ རྩིབས་བརྒྱད་འཁོར་ལོའི་ལྟེ་བར་ཆོས་འབྱུང་དབུས། །རྡོ་རྗེ་ཧཱུྃ་ཡིག་འབར་བའི་འཕྲོ་འདུ་ལས༔ ཁྲོ་རྒྱལ་པདྨ་དྲག་པོ་ཧེ་རུ་ཀ༔ མེ་དཔུང་ལྟར་དམར་ཁྲོས་འཁྲུགས་རྔམས་པའི་གཟུགས། །ཕྱག་གཡས་རྡོ་རྗེ་རྩེ་དགུ་ནམ་མཁར་ཕྱར༔ ཕྱག་གཡོན་ཐུགས་སྤྲུལ་ལྕགས་སྡིག་ནག་པོ་ནི༔ མིག་དགུ་བསྒྲད་ཅིང་ཁ་དགུས་དགྲ་བགེགས་ཟ༔ བཅོ་བརྒྱད་རཱ་ཡིས་གདོན་བགེགས་སྙིང་ནས་འཛིན༔ ཡང་སྤྲུལ་ཉིད་སྦྲུལ་སྟོང་གསུམ་འགེངས་པ་འཛིན༔ ཐོད་སྐམ་དབུ་རྒྱན་མགོ་རློན་དོ་ཤལ་འཕྱང༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་དམར་ཟླུམ་བགྲད༔ དབུ་སྐྲ་སྨ་ར་སྨིན་མ་མེ་བཞིན་འབར༔ དཔལ་གྱི་ཆས་བརྒྱད་གར་གྱི་ཉམས་དགུར་ལྡན༔ པང་ན་ཡུམ་ཆེན་རྡོ་རྗེ་མཁའ་འགྲོ་སྔོ༔ གྲི་ཐོད་འཛིན་པས་འཁྱུད་ཅིང་གཉིས་མེད་སྦྱོར༔ ཐུགས་ཀར་ཕྱག་ན་རྡོ་རྗེ་མཐོན་མཐིང་མདོག༔ ཕྱག་གཡས་རྡོ་རྗེ་གཡོན་པས་སྡིགས་མཛུབ་མཛད༔ གསེར་གྱི་མཆོད་རྟེན་བུམ་པར་སྐུ་བརྟེན་བཞུགས༔ གཙོ་བོའི་སྤྱི་བོར་པདྨ་སཾ་བྷ་ཝ༔ མཐིང་ག་རྡོ་རྗེ་ཐོད་པ་ཁ་ཊཱྃ་བསྣམས༔ འཛུམ་ཞལ་མཛེས་ལྡན་ཟ་འོག་བེར་ཆེན་གསོལ༔ ཤེའུའི་སྙན་ཞུ་རྒོད་ལྡེམ་རྩེ་སྒྲོས་བརྒྱན༔ སྤྱི་བོའི་གཙུག་ན་སྤྲུལ་པའི་མཁའ་ལྡིང་ནི༔ སྤུ་གྲིའི་མེ་གཤོག་འབར་བ་གཡོབ་ཅིང་རྡབ༔ ཕྱོགས་བཞིའི་རྩིབས་ལ་རིགས་བཞིའི་མཁའ་འགྲོ་ནི༔ དཀར་སེར་དམར་ལྗང་གྲི་ཐོད་ཁ་ཊཱྃ་འཛིན༔ གར་སྟབས་ཀྱིས་འགྱིང་བདེ་བའི་རོ་ཡིས་གང༔ མཚམས་བཞིར་བཅུད་ལྡན་རིན་ཆེན་བུམ་པས་བརྒྱན༔ ཤར་སྒོར་གསང་བདག་ཕྱག་རྡོར་སྔོན་པོ་ནི༔ རྡོ་རྗེ་ཕྱར་ཞིང་སྡིག་མཛུབ་དྲག་པོར་སྒྲེང༔ ལྷོ་སྒོར་འཇམ་དཔལ་གཤིན་རྗེ་སྐུ་མདོག་སེར༔ གཡས་པ་རལ་གྲི་གཡོན་པ་སྡིགས་མཛུབ་ཅན༔ ནུབ་སྒོར་རྟ་མགྲིན་དམར་པོ་རྟ་སྐད་འཚེར༔ དབྱུག་ཏོ་ཕྱར་ཞིང་སྡིགས་མཛུབ་མེ་ཆེན་འབར༔ བྱང་སྒོར་ཡཀྴ་མེ་འབར་མཐིང་ནག་བརྗིད༔ ཐོ་ཆེན་ཕྱར་ཞིང་ལྕགས་ཀྱུ་མེ་འབར་གདེངས༔ ཀུན་ཀྱང་རྔམ་བརྗིད་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡེ་ཤེས་བསྐལ་པའི་མེ་དཔུང་སྐུ་ལས་འབར༔ ལྷ་ཚོགས་ཀུན་གྱི་གནས་གསུམ་ཡིག་འབྲུ་གསུམ༔ རྡོ་རྗེ་གསུམ་གྱི་ངོ་བོས་མཚན་པར་གྱུར༔ ཞེས་པས་གསལ་གདབ། གཉིས་པ་ནི༔ སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་བསམས་ལ། ཧཱུྃ༔ རྔ་ཡབ་གླིང་དང་ཨོ་རྒྱན་ཡུལ༔ ཟངས་མདོག་དཔལ་གྱི་རི་བོ་ནས༔ པདྨ་དྲག་པོ་འཁོར་བཅས་རྣམས༔ སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ ཞེས་དང་ཚིག་བདུན་གསོལ་འདེབས་ཀྱང་བརྗོད་པའི་མཐར༔ ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛ༔ཕེཾ་ཕེཾ་ཧྲིཾ་ཧྲིཾ་ཧྲིཾ༔ ཞེས་པས་སྤྱན་དྲངས། ཛ༔ཧཱུྃ་བཾ་ཧོ༔ས་དགུག་གཞུག་བཅིང་མཉེས་བྱས་ཏེ་དམ་ཡེ་ཤེས་དབྱེར་མེད་དུ་བསམ་མོ། །གསུམ་པ་ནི། ཧོ༔ རྒྱལ་བ་རིགས་ལྔའི་ལྷ་ཚོགས་ཀྱིས༔ ཕྱི་ནང གསང་བའི་དབང་བསྐུར་བས༔ ཡོན་ཏན་ཀུན་རྫོགས་འོད་དཔག་མེད༔ འཁོར་ལ་གཙོ་བོས་རྒྱས་བཏབ་བོ། །ཞེས་པས་དབང་བསྐུར། བཞི་པ་ནི། ཧོཿ མེ་ཏོག་ལ་སོགས་ཕྱི་མཆོད་རྫས༔ འདོད་ཡོན་ལྔ་པོ་ནང་གི་རྫས༔ གཉིས་མེད་འཁྲིལ་སྦྱོར་གསང་བའི་རྫས། །བདུད་རྩི་ལྔ་པོ་དམ་ཚིག་རྫས༔ ཤ་ལྔ་ལ་སོགས་གཏོར་མའི་རྫས༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ འདོད་ཆགས་དག་པ་རཀྟའི་མཚོ༔ སྤྲོས་བྲལ་ཀ་དག་དག་མཉམ་སྟེ༔ མཆོད་སྤྲིན་རབ་འབྱམས་གཅིག་བསྡུས་པས༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་མཆོད༔ ཨརྒྷཾ་ནས་ཤཔྡའི་བར་དང་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་པས་མཆོད༔ ལྔ་པ་ནི། ཧཱུྃ༔ རྒྱལ་བ་ཀུན་གྱི་དྲག་པོའི་སྐུ༔ ནུས་པ་ཐོགས་མེད་ལོག་འདྲེན་འཛོམས། །ཐུགས་རྗེ་རྨད་བྱུང་དཀྱིལ་འཁོར་གཙོ༔ པདྨ་ཐོད་ཕྲེང་དྲག་པོར་འདུད ༔ ཞེས་པ་ཙམ་མམ་སྤྲོ་ན་བསྟོད་པ་གཞན་ཡང་། ཆོས་ཀྱི་དབྱིངས་ལས་ལོངས་སྤྱོད་རྫོགས་སྐུར་ཤར༔ བདུད་འདུལ་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ སྐུ་གསུམ་བདག་ཉིད་དཀྱིལ་འཁོར་ཀུན་གྱི་གཙོ༔ མཁའ་ལྟར་ཀུན་ཁྱབ་ཁྱེད་ལ་ཕྱག་འཚལ་བསྟོད༔ གཉིས་མེད་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ༔ རིགས་བཞི་མཁའ་འགྲོ་གསང་བདག་གཤིན་རྗེ་དང༔ རྟ་མགྲིན་མེ་དབལ་ལ་སོགས་གྲངས་མེད་འཁོར༔ ཆུ་ཟླའི་རོལ་པར་སྟོན་ལ་ཕྱག་འཚལ་སྟོད༔ དྲུག་པ་ནི། ཐུགས་ཀའི་ས་བོན་སྔགས་ཀྱིས་བསྐོར། །དེ་ལས་འོད་འཕྲོས་སྟོང་གསུམ་གང༔ བགེགས་བཅོམ་རྒྱལ་བའི་བྱིན་རླབས་བསྡུས༔ རིགས་འདུས་རྒྱལ་བའི་བདག་ཉིད་དུའོ། །ༀ་ཨཱཿཧཱུྃ་ཨ་རྩིཀ་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཨཱཿཧཱུྃ་ཧཱུྃ་ཕཊ་ཕཊ༔ སྙིང་བའོ། །ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་བཛྲ་ག་རུ་ཊ་ཧཱུྃ་ཕཊ༔ རཱ་ཛ་གནོད་བྱེད་ཀྱི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔ གཙོ་བོའི་འོ། ༀ་བཛྲ་ཌཱ་ཀི་ནི་ཧཱུྃ་ཕཊ༔ དེ་བཞིན་དུ། བུདྡྷ་རཏྣ་པདྨ་ཀརྨ་མཁའ་འགྲོ་ལྔའི་འོ། ༀ་བཛྲ་པཱ་ཎི་ཧཱུྃ་ཕཊ༔ ༀ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ༀ་པདྨཱནྟ་ཀྲིཏ་ཧཱུྃ་ཕཊ༔ ༀ་བཛྲ་ཡཀྴ་ཧཱུྃ་ཕཊ༔ འཁོར་སྔགས་སོ། །གཙོ་བོའི་ཐུགས་ཀའི་ཕྱག་རྡོར་གྱི་ཐུགས་སྲོག་ཧཱུྃ་ཡིག་རབ་ཏུ་འབར། །ཧཱུྃ་གི་འབྲུག་སྒྲ་ཆེར་སྒྲོག་པའི༔ ཧཱུྃ་གི་སྤྲིན་གྱིས་ཕྱོགས་ཀུན་ཁྱབ༔ ཧཱུྃ་ཧཱུྃ༔ ཞེས་པ་ཧཱུྃ་སྒྲུབ་སྟེ་རིམ་པ་བཞིན་ཅི་ནུས་བཟླས་པའི་མཐར་མཆོད་ཅིང་བསྟོད་ནས། བདུན་པ་འདོད་ཡོན་གསོལ་བ་ནི། ཧཱུྃ༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ གློག་ལྟར་མྱུར་བའི་ཐུགས་རྗེས་བརྩེར་དགོངས་ལ༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་རྩལ་དུ་གསོལ༔ ཀ་ཡ་ཝཱཀ་ཙིཏྟ་སིདྡྷི་ཕ་ལ་ཧོ༔ ཞེས་དངོས་གྲུབ་བླང་ངོ་། །གསུམ་པ་ལ་དྲུག་ལས། དང་པོ་ཚོགས་ཀྱི་མཆོད་པ་ལ་དྲུག་གི་དང་པོ་ནི། ཧཱུྃ༔ ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་པས༔ མ་དག་ཉེས་སྐྱོན་བསྲེགས་གཏོར་སྦྱངས༔ བྷྲཱུཾ་ལས་རིན་ཆེན་སྣོད་ནང་དུ༔ ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ༔ རིགས་ལྔའི་དམ་རྫས་འདོད་ཡོན་རྫས༔ ཟག་མེད་ནམ་མཁའ་གང་བར་གྱུར༔ ༀ་ཨཱཿཧཱུྃ་ཧོཿ ཞེས་བྱིན་གྱིས་བརླབས། གཉིས་པ་ནི། ཧཱུྃ༔ ཨོ་རྒྱན་གླིང་དང་རྔ་ཡབ་གླིང༔ ལངྐ་དཔལ་གྱི་ཕོ་བྲང་ནས༔ ཆེ་མཆོག་པདྨ་དྲག་པོའི་ཚོགས༔ སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ ཛ་ཧཱུྃ་བྃ་ཧོཿས་སྤྱན་དྲངས། གསུམ་པ་ཚོགས་མཆོད་པ་ནི། གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འདི༔ གུས་པའི་བློ་ཡིས་འབུལ་ལགས་ན༔ དགྱེས་པའི་གར་གྱི་བཞེས་སུ་གསོལ༔ ག་ན་ཙཀྲ་པུ་ཛ་ཁཱ་ཱཧི༔ བཞི་པ་བར་བཤགས་ནི། ཐོག་མེད་དུས་ནས་ད་ལྟའི་བར༔ སྒོ་གསུམ་མི་ཤེས་བག་མེད་པས། །ཉམས་ཆགས་འགལ་འཕྲུལ་ཅི་མཆིས་པ༔ དེ་དག་ཐམས་ཅད་བཤགས་པར་བགྱི༔ ཞེས་དང་ཡིག་བརྒྱ་བཟླ། ལྔ་པ་བསྒྲལ་བསྟབ་ནི། ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ གཏུམ་དྲག་རྔམ་པའི་རང་བཞིན་ལ༔ ཡཀྴ་མེ་དབལ་སྐར་ལྟར་འཁྲུག༔ ལས་བྱེད་ཕོ་ཉར་བཅས་པ་རྣམས༔ དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཞིང་བཅུའི་དགྲ་དང་བགེགས་རྣམས་ཀྱི༔ གཟུགས་ཕུང་རྡུལ་ཕྲན་བཞིན་དུ་བཤིག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ ནྲི་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད༔ ཞེས་བསྒྲལ་ཞིང་བསྟབ་ལ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ དོན་སྙིང་ནང་རོལ་བཅས་པ་རྣམས༔ ཡེ་ཤེས་བདུད་རྩིར་བྱིན་རླབས་ནས༔ བཞེས་ཤིག་རོལ་ཅིག་དགྱེས་པར་མཛོད༔ མཾ་ས་རཀྟ་ཀི་ནི་རི་ཏི་ཁཱ་ཱཧི༔ ཚོགས་ལ་རོལ་ཞིང་། དྲུག་པ་ལྷག་མ་ནི། ཧཱུྃ༔ སྔོན་ཚེ་ཞལ་བཞེས་དམ་བཅས་བཞིན༔ དཀྱིལ་འཁོར་ཆེན་པོའི་ཕྱི་ཉུལ་བའི༔ ལྷག་གཏོར་དབང་བའི་སྲུང་མ་རྣམས༔ འདིར་བཞེས་བཅོལ་པའི་ཕྲིན་ལས་མཛོད༔ ༀ་ཨུཙྪིཥྚ་བ་ལིངྟ་ཁཱ་ཧི༔ གཉིས་པ་ཐུགས་དམ་བསྐུལ་པ་ནི། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ དབང་བྲག་འབར་བ་དཔལ་གྱི་ཕོ་ཉར་བཅས༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབས༔ སྙིགས་དུས་གདུག་ཅན་དགྲ་བགེགས་འབྱུང་པོའི་དཔུང༔ བོད་ཁམས་ཕུང་བྱེད་སྡེ་དང་བཅས་པ་རྣམས༔ རྫུ་འཕྲུལ་མཐུ་སྟོབས་ནུས་པས་ཚར་ཆོད་ལ༔ ཡང་དག་ལམ་གྱི་བདེ་ཆེན་རྒྱས་པར་མཛོད༔ གསུམ་པ་ཆད་ཐོ་ནི། ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ དམ་ལ་བཏགས་པའི་སྲུང་མ་རྣམས༔ ཆོས་ཉིད་བདེན་པའི་དཀའ་ལ་ཉོན༔ གདོང་དམར་བོད་ཀྱི་རྒྱལ་ཁམས་སུ༔ ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས༔ བདག་ནི་སློབ་དཔོན་དེ་ཡི་བརྒྱུད༔ ཁྱོད་ནི་ལྷ་འདྲེ་གཡར་དམ་ཅན༔ སྔོན་ཚེ་ཁས་བླང་བཀའ་མ་བཅག༔ ད་ལྟ་རིག་འཛིན་དམ་མ་འདྲལ༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ བཞི་པ་བརྟན་མ་ནི། བྷྱོ༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་མ་མོ་བརྟན་མའི་ཚོགས༔ དམ་རྫས་དཔལ་གྱི་གཏོར་མ་ལོངས༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ ལྔ་པ་བྲོ་མནན་ནི། ཧཱུྃ༔ ང་ནི་འཇིགས་བྱེད་ཆེན་པོ་སྟེ༔ ཁམས་གསུམ་ཐམས་ཅད་སྤྱི་ནས་གནོན༔ དགྲ་བགེགས་སྡིག་ཆེན་འབྱུང་པོ་རྣམས༔ དུས་གསུམ་ལས་ཀྱི་ཁུང་བུར་མནན༔ མནོན་ནོ་བཅིང་པོ་སྟམ་བྷ་ཡ༔ རྡོ་རྗེ་བྲོ་ཡིས་རྒྱས་གདབ་བོ༔ སུས་ཀྱང་འཇིག་པར་ནུས་མ་ཡིན༔ ༀ་ལཾ་ཨཱ་ལཾ་ཧཱུྃ་ལམ་སྟམ་བྷ་ཡ་ནན༔ དྲུག་པ་རྗེས་ཆོག་ལ་ལྔ་ལས། དང་པོ་ནོངས་བཤགས་ནི། སྔར་བཞིན་མཆོད་ཅིང་བསྟོད་ལ། མ་རྙེད་ཡོངས་སུ་མ་ཚང་དང༔ སོགས་དང་ཡིག་བརྒྱ་བརྗོད། གཉིས་པ་རྟེན་བཞུགས་ནི། འདིར་ནི་རྟེན་དང་ལྷ ན་ཅིག་ཏུ༔སོགས་བརྗོད། གསུམ་པ་སྤྲུལ་པ་བསྡུ་བ་ནི། ཧཱུྃ་ཆོས་ཉིད་སྐྱེ་བ་མེད་པ་ལས༔ འགགས་མེད་རྡོ་རྗེ་སྲིན་པོར་ཤར༔ འགགས་པ་ཉིད་ན་འགགས་མེད་པ། །སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ༔ ཧཱུྃ་ཧཱུྃ་ཧཱུྃ་གིས་དཀྱིལ་འཁོར་ཐམས་ཅད་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ༔ཀྱི་ཐུན་མཚམས་ཀྱི་ལྷ་སྐུར་ལྡང་ངོ་། །བཞི་པ་བསྔོ་སྨོན་ནི། དགེ་འདིས་མཐའ་ཡས་སེམས་ཅན་ཀུན༔ ཁྲག་འཐུང་པདྨ་དྲག་པོ་ཡི༔ གོ་འཕང་བྱང་ཆུབ་མྱུར་ཐོབ་ནས༔ བདུད་ལས་རྣམ་པར་རྒྱལ་བར་ཤོག༔ ལྔ་པ་ཤིས་བརྗོད་ནི། ༀ་བྱིན་རླབས་མཆོག་རྩོལ་རིགས་བརྒྱའི་བདག༔ བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ དངོས་གྲུབ་ཆར་འབེབས་ཞི་དང་ཁྲོའི༔ ཡི་དམ་ལྷ་ཚོགས༴ ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི༔ དཔའ་བོ་མཁའ་འགྲོའི༔ གང་ལ་བསམ་པའི་དོན་ཀུན་འགྲུབ༔ དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག༔ ཞེས་བརྗོད་དོ༔ དྲག་དམར་བཀའ་མ་འོ་བྲན་ལུགས་ཀྱི་གཞུང་སྔ་འགྱུར་བསྟན་པའི་ཉི་མ་ཨོ་རྒྱན་གཏེར་བདག་གླིང་པའི་སྒྲུབས་ཐབས་འདོད་འཇོའི་བུམ་བཟང་ལས་འབྱུང་བ་གཞིར་བཞག་གཏེར་ཆེན་ཉིད་ཀྱི་ཟབ་གཏེར་དྲག་དམར་གྱི་རྡོ་རྗེའི་ཚིག་གིས་ཞལ་བསྐང་སྟེ་བཀླག་པས་གྲུབ་པར་ཤཱི་ལ་བྷ་དྲའི་ཞལ་འདོན་དུ་པདྨ་མ་ཎིས་བྲིས་པ་དགེ་ལེགས་འཕེལ།། །།