Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་དྲུག་པ།


   
   
   
   
   
   
   
   
   
   
   
   
ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ཟབ་དོན་ཉིང་ཁུ། དྷརྨ་ཤྲཱི།
   
   
   
   
   
   
   
   
   


 
previousན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ཟབ་དོན་ཉིང་ཁུ། དྷརྨ་ཤྲཱི།next

ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ཟབ་དོན་ཉིང་ཁུ། དྷརྨ་ཤྲཱི།

ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ཟབ་དོན་ཉིང་ཁུ་ཞེས་བྱ་བཞུགས་སོ། །ན་རག་གདོང་སྤྲུགས་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ཟབ་དོན་ཉིང་ཁུ་ཞེས་བྱ་བ། རྣམ་འགྱུར་སྲིད་ཞིའི་ཆོས་ཀུན་ཟག་མེད་ཀྱི། །ལྷན་སྐྱེས་བདེ་ཆེན་རྡོ་རྗེར་རོ་མཉམ་གང་། །རབ་འབྱམས་ཞི་ཁྲོའི་འཁོར་ལོར་སྣང་མཛད་པའི། །ཁྱབ་བདག་བླ་མར་དངོས་ཀུན་དང་བས་འདུད། །འདིར་རྣལ་འབྱོར་སྤྱིའི་སྐོང་བཤགས་ན་རག་དོང་སྤྲུགས་ཀྱི་སྒྲུབ་ཐབས་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་གཅིག་པའི་སྒོ་ནས་ཉམས་སུ་ལེན་པར་འདོད་པས། ཡིད་དང་མཐུན་ཞིང་ཤིས་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། ཐོག་མར་རྒྱུད་སྦྱང་བ་ནི། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ ཞེས་པས་མཁའ་ཁྱབ་ཏུ་སད་པར་མོས་ཏེ། བདག་དང་མཁའ་མཉམ་སེམས་ཅན་རྣམས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བརྗོད་ལ། ཚོགས་ཞིང་རྣམས་རང་ལ་བསྡུས་ཏེ། སེམས་ཉིད་ནམ་མཁའ་ལྟ་བུའི་ངང་ལ་རྩོལ་བྲལ་བསལ་བཞག་མེད་པར་དར་ཅིག་བཞག་གོ། །དེ་ནས་སྲུང་འཁོར་ནི། སྟོང་ཉིད་དེའི་ངང་ལས། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །ཞེས་བརྗོད་པས། བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དུང་ཁྲག་འཛིན་པ་ཡུམ་དང་བཅས་པའི་སྐུར་གྱུར། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་བརྗོད་པས་ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་ཁྲོ་བོ་འཆོལ་བ་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པ་དཔག་ཏུ་མེད་པ་སྤྲོས། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བསྐུར་བས། ཁྲོ་བོའི་ཚོགས་ནམ་མཁའ་གང་བ་རྣམས་ཀྱིས་བགེགས་ཐམས་ཅད་བསྡིགས་བསྐྲད་བརླག་པར་བྱས། བཛྲ་པཉྩ་ར་རཾ་ཡཾ་ཁཾ། ཁྲོ་བོའི་ཚོགས་རྣམས་སླར་འདུས། ཁྲོ་བོའི་རང་བཞིན་གྱི་རྡོ་རྗེའི་གུར་ཁང་ཆེན་པོས་གཏམས་པའི་ཕྱི་རོལ་ཀུན་ཏུ་བསྐལ་པའི་མེ་དཔུང། དུས་མཐའི་རླུང་ནག །རྒྱ་མཚོའི་རྦ་རླབས་འཁྲུག་པའི་རྭ་བ་གསུམ་རིམ་གྱིས་ཕྱོགས་ཀུན་གང་བས་མཚམས་བཅད་དེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །དེ་དག་ནི་སྔོན་འགྲོའོ། །དངོས་གཞི་ལ་གཉིས་ཀྱི། དང་པོ་སྦྱོར་བ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པ་ལས། ཀུན་རྫོབ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་སྐྱེད་དོ། །དོན་དམ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །དེ་བཞིན་དུ་སྐྱེ་བའི་གནས་སུ་འགག་པ་དང་། གནས་པ་དང་། དམིགས་པ་དང་། འགྲོ་འོང་རྣམས་བཅུག་གོ། །གཉིས་པ་ཏིང་ངེ་འཛིན་གྱི་རིམ་པ་ལ་གཉིས་ཏེ། དངོས་དང་། ཞར་བྱུང་ངོ་། །དང་པོ་ལའང་དྲུག་ལས། དང་པོ་ཏིང་ངེ་འཛིན་གསུམ་བསྒོམ་པ་ནི། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་པའོ། །འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བ་སྟོང་པ་ཉིད་དུ་བསྒོམ་པ་ནི་དེ་ཏིང་ངོ་། །དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །དེ་བཞིན་ཉིད་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་སྒོམ་པ་ནི་ཀུན་སྣང་ངོ་། །དངོས་པོ་མེད་ལས་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །རང་རིག་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ཨ་དཀར་པོའི་རྣམ་པར་བསྒོམ་པ་ནི་རྒྱུའི་ཏིང་ངེ་འཛིན་ནོ། །གཉིས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པར་གསལ་བ་ལས། ཨེ་ཡཾ་ཝཾ་ལཾ་སུཾ་རཾ་རྣམས་ཆད། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྂ། འཕྲོ་འདུས་ཡོངས་སུ་གྱུར་བ་ལས། ཨེ་ལས་ནམ་མཁའ་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་གཡོ་བའི་བ་དན་གྱིས་མཚན་པ། ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། སུཾ་ལས་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྱི་རི་རབ་ཟུར་བཞི། རཾ་ལས་མེའི་ཁོར་ཡུག་ནམ་མཁའི་མཐའ་ཀླས་པར་འབར་བའོ། །རི་རབ་ཀྱི་སྟེང་དུ་རྒྱུའི་ཨ་ལས་བྷྲུྂ་ཆད། སྥ་ར༴ སཾ་ཧ༴ བྷྲུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲུཾ། བྷྲུཾ་ཡིག་ཡོངས་སུ་གྱུར་པ་ལས། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་སྤྱིར་གྲུ་བཞིར་གྱུར་པ། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་སོ་སོ་མ་ཡིན་ཞིང་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་བ། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་གཞི་དང་རྒྱན་དང་ཁ་དོག་དང་། བཀོད་པ་ཚད་མེད་པས་འཕགས་པ། ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ཐམས་ཅད་ཀྱིས་ནམ་མཁའི་མཐའ་ཀླས་པར་གང་བའི་དབུས་སུ། སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ། པཾ་པདྨ་མཎྜལ། མ་སཱུརྱ་མཎྜལ། ཨ་ཙཎྡྲ་མཎྜལ། པད་ཉི་ཟླ་བའི་གདན་ཆ་ཤས་ཡོངས་སུ་རྫོགས་པར་གྱུར། རང་གི་སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པར་གསལ་བ་ཟླ་བའི་གདན་གྱི་སྟེང་དུ་བབས། དེ་ཡོངས་སུ་གྱུར་པ་ལས་ཧཱུྃ་ཡིག་མཐིང་ག་གསལ་ཞིང་འབར་བ། སྥ་ར༴ དེ་ལས་འོད་ཟེར་འཕྲོས་སངས་རྒྱས་ཀྱི་མཛད་པ་བསྒྲུབས། སཾ་ཧ༴ སླར་འདུས་ཧཱུྂ་ལ་ཐིམ། ཧཱུྃ་ཡོངས་སུ་གྱུར་པ་ལས། ཧཱུྃ་བཛྲ་དྷྲྀཾ་ཀ྄ །རང་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་ཨིནྡྲ་ནཱི་ལའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་འོད་ཟེར་རབ་ཏུ་འབར་བ། ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་རབ་ཏུ་འཛུམ་པའི་མདངས་གསལ་བའི་ཞལ་གྱི་འགྱུར་བ་ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པའི་ཉམས་ཅན། མཚན་དང་དཔེ་བྱད་ཀྱིས་འབར་བ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། དབུ་སྐྲ་རལ་བའི་ཐོར་ཚུགས་ཅན། ཞབས་གཉིས་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བརྟན་པར་བཞུགས་པའོ། །ཡབ་ཀྱི་ཐུགས་ཀ་ནས་མཱུཾ་ཆད། སྥ་ར༴ སཾ་ཧ༴ འཕྲོ་འདུས་ཡོངས་སུ་གྱུར་པ་ལས། མཱུཾ་དྷཱ་ཏྭེ་ཤྭ་རཱི། ཡབ་ཀྱི་གཡོན་ཕྱོགས་ཉེ་བའི་པང་དུ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་རྡོ་རྗེ་ཐུགས་ཀར་འཛིན་པ། བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀའང་ལྷ་རྫས་ཀྱི་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་། ཚི་གུའི་སྨད་དཀྲིས། ཁ་དོག་སྣ་ཚོགས་པའི་ཅོད་པན། ཟི་ལྡིར། གར་གྱི་ཕུ་རུང་སྟེ་དར་གྱི་ཆོས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན། སྙན་ཆ། མགུལ་རྒྱན། སེ་མོ་དོ། དོ་ཤལ། སྐ་རགས། ཕྱག་ཞབས་ཀྱི་གདུ་བུ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན་པ་སྟེ། ཞི་བའི་ཉམས་དགུ་རྒྱས་པ། སངས་རྒྱས་ཀྱི་སྤྲིན་ཕུང་མཐའ་ཡས་པར་འཆར་བའི་འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་ཞིང་འབར་བའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པ་ཡབ་ཡུམ་གཉིས་ཀའི་སྲོག་གི་གོར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་མཱུཾ་གྱིས་མཚན་པར་བསམ་མོ། གསུམ་པ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་ནི། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བསྐུལ་བས། དེ་རྣམས་གཉིས་སུ་མེད་པར་སྦྱོར་བ་མཛད། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བར་གྱུར། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་གཤིབས་ནས་བརྐྱང་པ་སྤྱི་བོར་བཞག་ལ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ་མཛུབ་མོ་བརྐྱང་བ་དཔྲལ་བར། ༀ་མ་ཧཱ་ཨཱ་དཪྴ༴ སྲིན་ལག་བརྐྱང་པ་རྣ་ལྟག་གཡས་པར། ༀ་མ་ཧཱ་ས་མ་ཏཱ། མཐེ་བོང་བརྐྱང་པ་ལྟག་པར། ཨོཾ་མ་ཧཱ་པྲ་ཏྱ་བཻ་ཀྵ་ཎ༴ མཐེ་ཆུང་བརྐྱང་པ་རྣ་ལྟག་གཡོན་པར། ༀ་མ་ཧཱ་ཀྲྀ་ཏྱ་ནུཥྛཱ་ན༴ ཞེས་དབང་བསྐུར་བས་ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུའ་ིལྷག་མ་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་བསམ་ལ། ཕུང་པོ་ལྔ་དག་པ་རིགས་ལྔའི་སངས་རྒྱས་སུ་ང་རྒྱལ་བྱའོ། །དེ་ནས་བྱིན་གྱིས་རློབ་པ་ནི། སྤྱི་བོར་ཟླ་བ་ལ་གནས་པའི་ༀ་དཀར་པོ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུ་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ༀ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་གྱུར། ༀ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པས་རྒྱས་བཏབ་པར་བསམ་ལ། རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་གཏུགས་པ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མགྲིན་པར་པདྨ་ལ་གནས་པའི་ཨཱཾ་དམར་པོ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། གསུང་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ཨཱཾ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དང་གཉིས་སུ་མེད་པར་གྱུར། ཨཱཾ་ཡོངས་སུ་གྱུར་པ་ལས་སྣང་མཐའ་དམར་པོ་པདྨ་འཛིན་པས་རྒྱས་བཏབ་པར་བསམ་ལ། རྡོ་རྗེའི་རྒྱ་མགྲིན་པར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་སྦྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་རྡོ་རྗེའི་ལྷ་ཚོགས་ནམ་མཁའ་གང་བར་བྱོན། ཧཱུྃ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པར་གྱུར། ཧཱུྃ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པས་རྒྱས་བཏབ་པར་བསམ་ལ། རྡོ་རྗེའི་རྒྱ་སྙིང་གར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་རྡོ་རྗེ་གསུམ་དུ་ང་རྒྱལ་བྱའོ། །བཞི་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བྱ་བ་ལ་བཞི་ལས། དང་པོ་སྙན་གསན་དབབ་པ་ནི། རང་གི་ཐུགས་ཀར་དྭངས་མའི་སྲོག་ཧཱུྃ་མཐིང་ག་ཡེ་ཤེས་ལྔའི་རང་བཞིན་རྟག་ཏུ་འཆར་བཞིན་པ། དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་བས། ཆོས་སྐུ་འགྱུར་བ་མེད་པའི་ངང་ལས་གཟུགས་སྐུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སད་པར་བསམ་ལ། ལག་གཉིས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་པས། ཧཱུྃ་སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གནས། །བདེ་བཤེགས་བདེ་བར་གཤེགས་མཛད་དགོངས་སུ་གསོལ། །རྡོ་རྗེ་སེམས་དཔའ་ཁྱོད་བདག་སྐལ་བཟང་དཔལ། །ༀ་ཡེ་ཤེས་ཨེ་ཧྱེ་ཚུར་བྱོན་ཧི་ཚུར་བྱོན་བྷ་ག་ཝཱན་བཅོམ་ལྡན་འདས། མ་ཧཱ་ཀཱ་རུ་ཎི་ཀ །ཐུགས་རྗེ་ཆེན་པོ་དང་ལྡན་པ། དྲྀ་ཤྱ་གཟིགས་ཤིག །ཧོཿ ས་མ་ཡ་སྟྭཾཿ དུས་ལ་བབ་པོ་གཉིས་པ་སྤྱན་དྲང་བ་ནི། ༀ། ཐུགས་རྗེ་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉ་གནས་བསྐྱོད་ལ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །དམ་ཚིག་པའི་ཐུགས་ཀ་ནས་སྤྲོས་པའི་ཛཿཧཱུྃ་བཾ་ཧོཿས་ཡེ་ཤེས་པ་དགུག་བཅིངས་བསྡམས་ལ་དགྱེས་པ་སྐྱེད་ནས། དམ་ཚིག་གི་དཀྱིལ་འཁོར་དང་མེ་རི་འདབ་འབྱོར་དུ་བཞུགས་པར་བསམ་མོ། །གསུམ་པ་རིག་པའི་མེ་ཏོག་དོར་བ་ནི། ༀ་བཛྲ་ས་མ་ཡ་ༀ། ཨཱཾ་བཛྲ༴ ཧཱུྃ་བཛྲ༴ སྭཱ་བཛྲ༴ ཧཱ་བཛྲ༴ ཞེས་དོར་བས། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་བསམ་མོ། །བཞི་པ་དངོས་གྲུབ་བསྐུལ་ཞིང་བསྟིམ་པ་ནི། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་ཧཱུྃ། གཉིས་སུ་མེད་པར་བསྡུས་ཤིག །ༀ་བཛྲ་ས་མ་ཡ་སྟྭཾ། བྱིན་གྱིས་རློབས་པའི་དུས་ལ་བབ་བོ། །ཨོཾ་བཛྲ་ས་མ་ཡ་ཧོཿ བདག་ལ་མཉེས་པར་མཛོད་ཅིག །ཅེས་བསྐུལ་ནས། ཛཿཧཱུྃ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་དཀྱིལ་འཁོར་གྱི་འཁོར་ལོ་ཆུ་ལ་ཆུ་བཞགས་པ་བཞིན་དབྱེར་མེད་དུ་གྱུར་པར་བསམ་མོ། །ལྔ་པ་བཟླས་པ་བྱ་བ་ནི། རང་དམ་ཚིག་སེམས་དཔའ་རྡོར་སེམས་སུ་གསལ་བའི་སྲོག་གི་གོར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཟླ་བ་ལ་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ཡིག་གི་མཐར་གཡས་བསྐོར་དུ་ཡི་གེ་བརྒྱ་པའི་སྔགས་ཕྲེང་ཁ་དོག་དཀར་པོ་འོད་འབར་བ། སྥ་ར༴ དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། བདག་དང་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་། ཐུགས་རྗེའི་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ། སཾ་ཧ༴ འོད་ཟེར་རྣམས་སླར་འདུས་ཏེ་རང་ལ་ཐིམ་པས་སྣོད་བཅུད་ཐམས་ཅད་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་སད་པར་མོས་ལ། ༀ་བཛྲ་ས་ཏྭ་ས་མ་ཡ། སོགས་ཡིག་བརྒྱའི་ཛཔ྄་བརྒྱ་སྟོང་ལ་སོགས་པ་སྟེ། ཐ་མ་ཡང་ཉེར་གཅིག་ལས་མི་ཉུང་བཟླའོ། །ཡང་དགོས་པ་ཁྱད་པར་ཅན་གྱི་སླད་དུ་ལས་སྦྱོར་གྱི་བཟླས་པ་བྱེད་པར་སྤྲོ་ན། ཡིག་བརྒྱའི་ཤམ་བུར། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་སོགས་ངན་སོང་སྦྱོང་བའི་སྔགས་སྦྲེལ་བའང་ཅུང་ཟད་རེ་བཟླ་ཞིང་། གནས་ལུང་ལྟ་བུ་དང་འབྲེལ་ན་ཕྱིར་ཟློག་གི་བྲབ་རྫས་ལ་བསྔགས་སོ། །དྲུག་པ་བསྡུ་ཞིང་ལྡང་བ་ནི། ཉལ་བའམ་མཐུན་སྡུ་བའི་ཚེ། སྥ་ར༴ ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་གྱི་སྤྲིན་འཕྲོས་པས་སྣོད་བཅུད་ཐམས་ཅད་དག་ཅིང་འོད་གསལ་བར་བྱས་སཾ་ཧ༴ དག་པའི་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ། དེ་དམ་ཚིག་སེམས་དཔའ་ཡབ་ཡུམ་ལ་ཐིམ། ཡུམ་ཡབ་ལ། དེ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ལ། ཧཱུྃ་གྱེན་རྫོགས་ནཱ་དའི་བར་དུ་ཐིམ་ནས་རྣམ་པར་རྟོག་མེད་ལྷུན་གྲུབ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག །ཉལ་བ་ལས་ལྡང་བའམ། ཐུན་ལས་ལྡང་བ་ནི། ཧཱུྃ་བཛྲ་དྷྲྀཀ྄་ཅེས་བརྗོད་པས། སྐད་ཅིག་གིས་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་ལངས་ཏེ། སྣང་གྲགས་འགྱུ་གསུམ་ལ་ལྷ་སྔགས་འོད་གསལ་གྱི་འཁོར་ལོས་རྒྱས་བཏབ་ནས་ཐུན་མཚམས་ཐམས་ཅད་དོན་ཡོད་པར་སྤྱད། དེ་ཡང་ལངས་མ་ཐག །དེ་ལྟར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་གིས་མཚན་པར་བསམ་ལ། སྤྱི་བོར་ཁུ་ཚུར་གཉིས་མདུད་ཅིང་། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། ཞེས་པས། ལུས་རྡོ་རྗེའི་གོ་ཆས་ཞུ་ལུགས་སུ་གཡོགས་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་བསམ་ཞིང་། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །ཅེས་བརྗོད་ཅིང་ང་རྒྱལ་བྱ། བསྔོ་བ་དང་ཤིས་པ་བརྗོད་པས་མཐའ་བརྒྱན་ནོ། །འདི་ནི་ཡོ་ག་རྣམ་པ་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་སྦྱོང་བའི་སྤྱི་ཁྲུས་རྨད་དུ་བྱུང་བ་ཡིན་པས་ན་རྒྱུན་གྱི་ཉམས་ལེན་ལ་ཕན་ཕྱིར་བྲིས་པ་སྟེ། རྡོ་རྗེ་སེམས་དཔའ་བུམ་པའི་དབང་གིས་ལུས་ཀྱི་དྲི་མ་སྦྱོང་བ་དང་། ལྷ་དབང་གིས་དག་པའི་སྣང་བ་རབ་འབྱམས་སུ་བསྟན་པ་འཐའ་བརྟེན་བཟླས་ལུང་དང་བཅས་པའི་དབང་དང་རྗེས་སུ་འབྲེལ་བའི་ཉམས་ལེན་ནོ། །གཞན་ཡང་མཁའ་འགྲོའི་གཏོར་དབང་དང་འབྲེལ་བར་གཏན་པ་མེད་པའི་མཆོད་སྦྱིན་ལ་བརྟེན་ནས་རང་བཞིན་དབྱིངས་ཀྱི་མཁའ་འགྲོ་དང་གཉིས་སུ་མེད་པར་བྱ་བའི་གདམས་པ་དང་། རྩལ་དབང་དང་རྗེས་སུ་འབྲེལ་བར་ལྷག་པའི་ཡེ་ཤེས་ངོས་བཟུང་ཞིང་བསྐྱང་བའི་གདམས་པ་རྣམས་ཀྱང་ཉམས་སུ་ལེན་པར་སྤྲོ་ན་ཁྲིད་ཡིག་བཀོལ་བྱང་ལྟར་ཤེས་པར་བྱའོ། །ཡང་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་བསྒོམ་པར་མི་ནུས་པའམ་མི་སྤྲོ་བ་དག །ཕྱག་རྒྱ་གཅིག་པ་ཙམ་ལ་བསྙེན་པ་བྱེད་པར་འདོན་ནའང་། འདི་ཉིད་ཐུན་བཞིར་བཅད་ནས་བསྒོམ་ཞིང་ལྷ་སྔགས་འོད་གསལ་གྱི། འཁོར་ལོ་ལས་མི་འདའ་བས། ཡིག་བརྒྱ་འབུམ་ཕྲག་གསུམ་མམ་ཐ་མའང་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་ལས་མི་ཉུང་བ་བཟླ་ཞིང་། དུས་བསྙེན་ནི་ཟླ་དྲུག་མ་ནས་ཟླ་གཅིག་གི་བར་རོ། །གཉིས་པ་ཞར་བྱུང་ནི། ཉེར་མཁོའི་ཆོ་ག་སྦྱར་ཚུལ་ཏེ། དེ་ལ་གནས་ལུང་དང་། སྦྱིན་སྲེག་གཉིས་ལས། དང་པོ་ནི། སྔོན་འགྲོ་བསང་ཆུ་སྒྲུབ་པ་ནས་མཆོད་རྫས་བྱིན་རླབས་ཀྱི་བར་དོང་སྤྲུགས་ཀྱི་ཆོ་ག་རྒྱས་པ་བཞིན་བྱ་བ་ཡིན་མོད། མ་ཁོམ་ན་སྲུང་འཁོར་འདིར་བཤད་པ་དང་། བཤགས་པ་ཡེ་ནས་མཉམ་ཉིད། དམ་བཅའ་ཀུན་ཏུ་བཟང་པོའི་ཤོ་ལོ་ཀ་གཅིག །མཆོད་པ་བསང་སྦྱང་བྱིན་རླབས་ནི་སྔགས་རྣམས་བརྗོད་པ་ཙམ་ལ་བསྡུས་ཀྱང་རུང་ལ། དངོས་གཞི་ཀུན་རྫོབ་སེམས་བསྐྱེད་ནས་བཟླས་པའི་བར་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་འདིར་བསྟན་ལྟར་བྱས་རྗེས། བུམ་པ་བསྐྱེད་སྔགས་ཙམ་གྱིས་ཞི་བ་རིགས་ལྔ་བསྐྱེད་ནས། བསྐུར། རློབ། དབབ། དྲང་། བསྟིམ། བརྟན། མཆོད་ཅིང་བསྟོད་དེ་ཡིག་བརྒྱ་བཟླས་ལ་བཞུ་བརྟུལ་བྱ། དེ་ནས་གནས་ལུང་གི་ཆོ་ག་གཞན་འདྲ་བ་ལས་སྐྱབས་འགྲོའི་རྗེས་སུ་འཇུག་པ་རྒྱས་བསྡུས་ཇི་ལྟར་རིགས་པས་དཀྱིལ་འཁོར་དུ་བཅུག་ནས། ངན་སོང་གནས་འདྲེན་གྱི་དབང་དང་། རྡོར་སེམས་སུ་བསྐྱེད་པ་ལ་ཡེ་ཤེས་ལྔའི་དབང་དང་། སྐུ་གསུང་ཐུགས་དབང་རྣམས་དཀྱུས་ལྟར་རམ། བསྡུ་ན་ཡེ་ཤེས་ལྔ་དང་རྡོ་རྗེ་གསུམ་གྱིས་དབང་སྔགས་རྒྱ་ཙམ་གྱིས་བསྐུར་ཀྱང་ཆད་པའི་སྐྱོན་མེད་དོ། །གཉིས་པ་སྦྱིན་སྲེག་ནི། འདིར་ཉེར་མཁོ་རྒྱུགས་ཆེ་བའི་དབང་དུ་བྱས་ནས་ཞི་བའི་སྲེག་བླུགས་ལ་སྦྱོར་ཏེ། དེ་ཡང་སྔོན་འགྲོ་རྒྱས་བསྡུས་ཀྱི་འདོར་ལེན་བཤད་མ་ཐག་པ་ལྟར་དང་། དངོས་གཞི་བདག་བསྐྱེད་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་བཟླས་པའི་བར་བྱས་རྗེས་དཀྱིལ་འཁོར་བསྡུས་ཏེ་ཐུན་མཚམས་ཀྱི་ལྷར་ལངས་ནས་སྦྱིན་སྲེག་གི་ཆོ་ག་ལ་འཇུག་གོ། །དེ་ལ་འདས་པའི་མེ་ལྷའི་སྐབས། དཀྱིལ་འཁོར་རྒྱས་པ་སྒོམ་པའི་ལུགས་ལ་ཁྲོམ་དཀྲུགས་དང་རིགས་བསྡུས་གང་ལ་བརྟེན་ཀྱང་རུང་སྟེ། ཏིང་འཛིན་གསུམ་བསྒོམ་ན་རྒྱུའི་ཨ་ལས་ས་བོན་སྤྲོས་ཏེ། ཐབ་ཀྱི་མེའི་དབུས་སུ་འབྱུང་བ་རིམ་བརྩེགས་ནས་བརྩམས་ཏེ་བསྒོམ་ཞིང་། ཏིང་འཛིན་གསུམ་མ་སྒོམ་ན། འཇིག་རྟེན་པ་མཆོད་པའི་མཇུག་གི་མེ་ལྷ་འབར་བའི་རྣམ་པར་བསྒྱུར་རྗེས། ཐབ་ཀྱི་མེའི་དབུས་སུ་ཨེ་ལས་ནམ་མཁའ་སོགས་ནས་བསྟོད་པའི་བར་བདག་མདུན་གྱི་ཁྱད་པར་གྱི་ཚིག་བསྒྱུར་ཚུལ་དང་། སྦྱིན་སྲེག་གི་ལས་ཆོག་གང་ལ་བརྟེན་པའི་སྒོས་ཆོས་ཕྲ་མོ་མ་གཏོགས་གཞན་དཀྱུས་ལྟར་བྱ་བ་ཡིན་ཞིང་། བྱོན་ཟན་དང་གཤེགས་སྐྱེམ་ཀྱི་ཚེ། ༀ་བཛྲ་ས་ཏྭ་ཨཱཿ ཞེས་པ་བདུན་གྱིས་བཀང་ནས། ཡིག་བརྒྱ་སྤེལ་ཚིག་དང་བཅས་པས་འབུལ་ཏེ། རྡོར་སེམས་ནི་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་ཡིན་པས་ཁྱབ་བྱ་དཀྱིལ་འཁོར་གྱི་གཙོ་བོའི་སྔགས་ཀྱིས་དགང་པ་དང་། དབུལ་བ་ལས་ཁྱབ་ཆེ་བ་ཡིན་ལ། དེ་བཞིན་དུ་རྫས་གཞན་རྣམས་ལའང་བཅུ་ཚན་རེ་རེའི་ཐོག་མར་ཡིག་བརྒྱ་ཚར་རེ་བརྗོད་པས་འགོ་དྲངས་ནས་རྫས་སྔགས་སོ་སོས་འབུལ་ལོ། །རོ་སྲེག་ལྟ་བུའི་ཚེ་སྤྲོ་ན་རྫས་རྫོགས་རྗེས་ཞུན་མར་གྱི་སྐོང་དག་གྱུར་དང་བཅས་པའང་མཛད་ཅིང་། སྦྱིན་སྲེག་གང་གི་ཚེ་ཡང་ཚོགས་མཆོད་འགྲུབ་ན་བྱ་སྟེ། མ་འགྲུབ་ནའང་ཆད་པའི་སྐྱོན་མེད་དོ། །གལ་ཏེ་འདས་པའི་མེ་ལྷ་ཡང་ཕྱག་རྒྱ་གཅིག་པ་ལ་བརྟེན་པར་སྤྲོ་ན་སྦྱར་བས་ཆོག་སྟེ། དེའི་ཚུལ་ནི་བཤད་མ་ཐག་པའི་འགྲོས་ཀྱིས་ཤེས་མོད། དེ་ལྟར་ནའང་མཆོད་པ་རྒྱས་བསྡུས་ཇི་ལྟ་རིགས་པས་འཁོར་བ་ཀུན་གྲོལ་ལྟ་བུ་ནས་བླངས་རྗེས། མི་རྟོག་རྡོ་རྗེས་བསྟོད་པ་ཙམ་ཁྱད་པར་རོ། །དེ་ལྟར་ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་སྒོ་ནས་ཉམས་སུ་ལེན་ཚུལ་འདི་ཉིད་ལྷ་ཀུན་བཟང་ལ་སྦྱར་ཡང་མི་འགལ་མོད། འདིར་ནི་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་རྡོ་རྗེ་སེམས་དཔའ་ལ་སྦྱར་བ་ཡིན་ཞིང་། བཤགས་རྒྱུད་ཀྱི་དཔེ་ཕལ་ཆེ་བར། གདན་ཡང་བྱང་ཆུབ་སེམས་དཔའ་བརྒྱད་གླང་པོ་ཆེར་སྤྲུལ་པ་བརྒྱད་ཀྱིས། ཞེས་དང་། ལ་ལར། སེང་གེར་སྤྲུལ་པ་བརྒྱད་ཀྱིས་ཞེས་མི་འདྲ་བ་གཉིས་བྱུང་བ་གང་དག་ཁ་ཚོན་ཆོད་དཀའ་ནའང་། འདིར་བརྒྱུད་པའི་མན་ངག་དབང་བཙན་དུ་བྱས་ནས་གདན་སེང་གེར་བྱས་པ་ཡིན་ལ། ཞབས་ཀྱི་བཞུགས་ཚུལ་ཡང་མན་ངག་ལས་རྫོགས་སྐྱིལ་དུ་གསུངས་པ་ལྟར་བཀོད་པ་སྟེ། དེ་ལ་བཤགས་རྒྱུད་དུ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཞེས་འབྱུང་བ་དང་འགལ་ལམ་སྙམ་ན་མི་འགལ་ཏེ། སྒྱུ་འཕྲུལ་མཁན་པོ་རྣམས་ཞབས་གཡས་དང་གཡོན་གང་རིགས་ཅུང་ཟད་བརྐྱང་པའི་ཕྱེད་སྐྱིལ་ལ་སེམས་སྐྱིལ་དུ་མཛད་ནས། ལོང་བུ་གཉིས་མདུད་པའི་ཡོངས་གྲགས་ཀྱི་སེམས་སྐྱིལ་ལ་རྫོགས་པའི་སྐྱིལ་ཀྲུང་ཞེས་ཐ་སྙད་འདོགས་པའི་གནད་ཀྱིས་དོན་ལ་འདྲ་བ་ཡིན་ནོ། །ངག་ཚིག་འདི་ལ་བྱིས་བློའི་དབང་གྱུར་པའི། །ཉེས་ཀུན་ཆོས་ཀྱི་སྤྱན་ལྡན་རྣམས་ལ་བཤགས། །ལེགས་ཆའི་དགེ་བ་ཉིན་བྱེད་དཔལ་འབར་བས། །སྒྲིབ་གཉིས་མུན་པའི་དཔུང་ཚོགས་མཐར་བྱེད་ཤོག །ཅེས་པ་འདི་ཡང་རྗེ་བཙུན་བླ་མ་དམ་པ་བཀའ་དྲིན་མཚུངས་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའི་གནང་བ་ལེགས་པར་ཐོབ་པ་ལ་བརྟེན་ནས། གང་གི་བཀའ་དྲིན་ཁོ་ནས་འཚོ་བའི་གཉོས་བཙུན་དྷརྨ་ཤྲཱིས་ཆུ་ལུག་ནག་ཟླའི་ཆོས་བརྒྱད་ཀྱི་ཉིན་མོ་སྟན་ཐོག་གཅིག་ལ་རྫོགས་པར་སྤེལ་བའོ། །སརྦྦ་དིཀྐཱ་མེའུ་ཤྲཱེ་ཡསྟུ།། །།


previousན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ཟབ་དོན་ཉིང་ཁུ། དྷརྨ་ཤྲཱི།next