Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་རྒྱུན་ཁྱེར་ཡང་ཟབ་སྙིང་པོ། ཡེ་ཤེས་རྡོ་རྗེ།
   
   
   
   
   
   
   
   


 
previousན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་རྒྱུན་ཁྱེར་ཡང་ཟབ་སྙིང་པོ། ཡེ་ཤེས་རྡོ་རྗེ།next

ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་རྒྱུན་ཁྱེར་ཡང་ཟབ་སྙིང་པོ། ཡེ་ཤེས་རྡོ་རྗེ།

ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་རྒྱུན་ཁྱེར་ཡང་ཟབ་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ཤིན་ཏུ་བསྡུས་པའི་ཚུལ་གྱི་ཉམས་སུ་ལེན་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལའང་སྐྱབས་སེམས་གཉིས་ལས། དང་པོ་སྐྱབས་འགྲོ་ནི། མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་སེམས་དཔའ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པར་བསམ་ལ། ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཞེས་སྐྱབས་སུ་འགྲོ་བ་ཀུན་རྫོབ་དང་། མཐར་བླ་མ་རང་ལ་བསྡུས་ཏེ་འཁོར་གསུམ་མི་དམིགས་པའི་ངང་དུ་མཉམ་པར་འཇོག་པ་དོན་དམ་མོ། །གཉིས་པ་སེམས་བསྐྱེད་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གཞན་དོན་དུ་སེམས་བསྐྱེད་པ་ཀུན་རྫོབ་དང་། སེམས་བསྐྱེད་པའི་སེམས་དེ་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བའི་ངང་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་དོན་དམ་མོ། །གཉིས་པ་དངོས་གཞི་ལ་གཉིས། ལྷ་སྒོམ་པ་དང་། སྔགས་བཟླ་བའོ། །དང་པོ་ལྷ་སྒོམ་པ་ནི། ༀ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བའོ། །དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་སྤྲོས། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རིག་ཨ་ཡིག་དཀར་པོ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གསལ་བ་ལས། ཧཱུྃ་གི་སྒྲ་གདངས་ནམ་མཁའ་གང་བར་སྤྲོས་པ་ལས་རྡོ་རྗེའི་ས་གཞིར་གུར་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པའི་སྲུང་པའི་འཁོར་ལོར་གྱུར་པའི་ནང་དུ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཨ་དཀར་པོ་གསལ་བ་བབས། དེ་ཡོངས་སུ་གྱུར་པ་ལས་ཧཱུྂ་ཡིག་སྔོན་པོ་གསལ་ཞིང་འབར་བ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། སླར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། དེ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཐབས་ཀྱི་ཆ་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་རབ་ཏུ་འཛུམ་པའི་མདངས་གསལ་བའི་ཞལ་གྱི་འགྱུར་བ་ཏིང་ངེ་འཛིན་གྱི་རྣམ་པར་རོལ་པའི་ཉམས་ཅན། མཚན་དང་དཔེ་བྱད་ཀྱིས་འབར་བ། ཕྱག་གཡས་རྡོ་རྗེེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། ཞབས་གཉིས་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བརྟན་པར་བཞུགས་པ། ཡབ་ཀྱི་ཐུགས་ཀ་ནས་མཱུྂ་ཆད། འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་དྲིལ་བུ། དེ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཤེས་རབ་ཀྱི་ཆ་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། ཡབ་ཀྱི་གཡོན་ཕྱོགས་ཉེ་བའི་པང་དུ་ཡུམ་རྡོ་རྗེ་དབྱིངས་ཕྱུགས་མ་སྔོན་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་རྡོ་རྗེ་རང་གི་ཐུགས་ཀར་འཛིན་པ། བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀ་འང་ཞི་བའི་རྒྱན་ཆས་བཅུ་གསུམ་གྱི་སྤྲས་ཤིང་། ཞི་བའི་ཉམས་དགུ་རྒྱས་པ། འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེའང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་བའི་ཀློང་ན་བཞུགས་པ། ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་དང་མཱུྂ་ཡིག་སྔོན་པོ་རྟག་ཏུ་འཆར་བཞིན་པ། དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཆུ་ལ་ཆུ་བཞག་པ་ལྟར་རང་ལུས་ལ་དབྱེར་མེད་དུ་འདྲེས། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། རིགས་ལྔ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་མཛད། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས་ལུས་ཐམས་ཅད་གང་། ཉོན་མོངས་པ་ལྔ་སྦྱངས་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བ རྒྱན་པར་བསམ། སླར་ཡང་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་ཉི་མ་ལ་ཧཱུྃ་སྔོན་པོ། དེ་གསུམ་ལས་འཕྲོས་པའི་འོད་ཟེར་ཀྱིས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས་ཏེ་ཡི་གེ་སོ་སོ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་གཉིས་སུ་མེད་པར་གྱུར། ཡི་གེ་སོ་སོ་ཡོངས་སུ་གྱུར་པ་ལས། སྤྱི་བོར་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ། མགྲིན་པར་གསུང་རྗོ་རྗེ་དམར་པོ་པདྨ། སྙིང་གར་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་འཛིན་པ་རྣམས་ཀྱིས་རྒྱས་བཏབ་པར་བསམ། སླར་ཡང་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་མཁའ་ཁྱབ་ཏུ་སད་པ་རང་ལ་དབྱེར་མེད་དུ་འདྲེས་པར་བསམ་ལ་ཡང་ཡང་བཟླ་བ་ནི་ཡེ་ཤེས་སེམས་དཔའ་བསྐྱར་བསྣན་གྱི་སྦྱོར་བ་དང་། དེ་ནས་ལྷ་སྐུའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་བཟུང་ཞིང་། རེས་ཞུ་བདེས་དྲངས་པའི་བདེ་སྟོང་གི་ལྷ་སྐུར་འཆར་བ་ལ་སློབ་པ་དང་། ཡང་རང་སེམས་ལྷག་པ་བདེན་གཉིས་དབྱེར་མེད་ཀྱི་ལྷའི་སྐུར་རྣམ་པར་དག་པའི་ངེས་ཤེས་བསྐྱེད་ལ་བསྐྱང་ངོ་། །གཉིས་པ་སྔགས་བཟླ་བ་ནི། ཐུགས་ཀའི་ཧཱུྃ་ཡིག་གི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་ཁ་དོག་དཀར་པོ་གཡས་བསྐོར་དུ་འཁོར་བ། དེ་ལས་བྱུང་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་བསྐུལ། བདག་དང་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ལས་དང་ཉོན་མོངས་པ་ཐམས་ཅད་སྦྱངས། ན་རག་སོགས་ངན་སོང་གི་གནས་རྣམས་དོང་ནས་སྤྲུགས་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ། འོད་ཟེར་རྣམས་སླར་འདུས་ཏེ་སྔགས་ཕྲེང་ལ་ཐིམ། སྣང་གྲགས་འགྱུ་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་སད་པར་མོས་ལ། ཡིག་བརྒྱའི་ཛཔ྄་ཉེར་གཅིག་ལས་མི་ཉུང་བར་བཟླའོ། །གསུམ་པ་རྗེས་ལ་གཉིས། བསྡུ་ལྡང་དང་། བསྔོ་བའོ། །དང་པོ་ཐུན་བསྡུ་བ་ནི། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་འོད་དུ་ཞུ་བ་རང་ལ་ཐིམ། རང་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ལ། ཧཱུྃ་གྱེན་རྫོགས་ནཱ་དའི་བར་དུ་ཐིམ་ནས་རྣམ་པར་རྟོག་མེད་ལྷུན་གྲུབ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག །ཐུན་ལས་ལྡང་བ་ན། སླར་ཡང་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་གྱུར་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་གིས་མཚན་པ། ལུས་རྡོ་རྗེའི་གོ་ཆས་ཞུ་ལུགས་སུ་གཡོགས་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་བསམ་ཞིང་ང་རྒྱལ་བྱ། སྤྱོད་ལམ་ཐམས་ཅད་ལྷའི་སྐུ་གསུང་ཐུགས་ཀྱི་རོལ་པར་སྤྱད་དོ། །གཉིས་པ་བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བ་བསྔོ། ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་། རྒྱའི་སྔགས་སྟོན་བསོད་ནམས་ཆོས་ཀྱི་རྒྱལ་མཚན་ནས་བསྐུལ་བར་མཛད་པ་ལས་དོང་སྤྲུགས་རྩ་བའི་ཁྲིད་ཡིག་གི་སྙིང་པོ་དོན་གྱི་བཅུད་ཕྱུངས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།


previousན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་རྒྱུན་ཁྱེར་ཡང་ཟབ་སྙིང་པོ། ཡེ་ཤེས་རྡོ་རྗེ།next